རྗེ་བཙུན་མ་འཕགས་མ་སྒྲོལ་མ་དཀར་མོ་ཡིད་བཞིནའཁོར་ལོའི་བསྙེན་སྒྲུབ་ཀྱི་ལག་ལེན་མཆོག་ཏུ་གསལ་བ་བདུད་རྩིའི་བུམ་བཟང་།
རྗེ་བཙུན་མ་འཕགས་མ་སྒྲོལ་མ་དཀར་མོ་ཡིད་བཞིནའཁོར་ལོའི་བསྙེན་སྒྲུབ་ཀྱི་ལག་ལེན་མཆོག་ཏུ་གསལ་བ་བདུད་རྩིའི་བུམ་བཟང་ཞེས་བྱ་བ་བཞུགས་སོ། །ན་མོ་ཨཱརྻ་ཏཱ་རེ། རབ་དཀར་ལྷུན་སྡུག་རི་དབང་ཀེ་ལ་ཤར། །རབ་མཛེས་ཟླ་ཞུན་འཁྱིལ་བའི་དཔལ་མངའ་བ། །འཆི་མེད་བདུད་རྩིའི་འབྱུང་གནས་བདུད་རྩིའི་འོད། །འཆི་བདག་གཡུལ་ངོ་བཟློག་མཛད་མྱུར་ཞིང་དཔའ། །འཕགས་མ་སྒྲོལ་མ་དེ་ལ་ནི། །མཆོག་ཏུ་དང་བས་ཕྱག་བགྱིས་ཏེ། །དེའི་སྒྲུབ་ཐབས་ཡན་ལག་བཅས། གོ་བདེ་གསལ་བའི་ཚིག་གིས་བརྗོད། །འདིར་འཆི་མེད་ལྷ་མོ་ཡིད་བཞིན་འཁོར་ལོའི་སྒྲུབ་ཐབས་ཉམས་སུ་ལེན་པ་ལ་གཉིས་ཏེ། མཉམ་པར་བཞག་པའི་རྣལ་འབྱོར་དང༌། ཐུབ་མཚམས་ཀྱི་བྱ་བའོ། །དང་པོ་ལ། ལྷའི་རྣལ་འབྱོར་དང༌། བཟླས་པའི་རྣལ་འབྱོར་དང༌། རྗེས་ཀྱི་བྱ་བའོ། །དང་པོ་ལ། སྔོན་འགྲོ་དང་དངོས་གཞི་གཉིས་ལས། སྔོན་འགྲོ་ལ་ཐུན་མོང་དང་ཐུན་མོང་མ་ཡིན་པའི་སྔོན་འགྲོའོ། །དང་པོ་ནི། སྐྱབས་འགྲོ་སེམས་བསྐྱེད་དེ། བདག་དང་འགྲོ་བ་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་དུས་འདི་ནས་བཟུང་སྟེ། ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ། དཔལ་ལྡན་བླ་མ་དམ་པ་རྣམས་ལ་སྐྱབས་སུ་མཆིའོ། །ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ལ༴ རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ༴ དམ་པའི་ཆོས་རྣམས་ལ༴ འཕགས་པའི་དགེ་འདུན་རྣམས་ལ༴ ལན་གསུམ་ལ་སོགས་པས་སྐྱབས་སུ་འགྲོའོ། །སེམས་ཅད་ཐམས་ཅད་ཀྱི་དོན་དུ་རྣམ་པ་ཐམས་ཅད་མཁྱེན་པ་སངས་རྒྱས་ཀྱི་གོ་འཕང་མྱུར་དུ་ཐོབ་པར་བྱ། དེའི་ཕྱིར་དུ་རྗེ་བཙུན་མ་འཕགས་མ་སྒྲོལ་མ་དཀར་མོ་ཡིད་བཞིན་འཁོར་ལོའི་སྒོམ་བཟླས་ལ་འཇུག་
པར་བགྱིའོ། །ལན་གསུམ་གྱིས་སེམས་བསྐྱེད། སྔར་ཡང་སྐྱབས་འགྲོ་སེམས་བསྐྱེད་མདོར་བསྡུས་སུ་བཟུང་བ་ནི། སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་བཅས་ལ། ཞེས་སོགས་ལན་གསུམ་བརྗོད། གཉིས་པ་ཐུན་མོང་མ་ཡིན་པའི་སྔོན་འགྲོ་ལ། བསོད་ནམས་ཚོགས་བསོག་དང༌། ཡེ་ཤེས་ཚོགས་གསོག་གོ །དང་པོ་ནི། རང་གི་སྙིང་གར་ཟླ་བའི་སྟེང་དུ་ཏཱཾཿདཀར་པོ། དེ་ལས་འོད་ཟེར་འཕྲོས། མདུན་གྱི་ནམ་མཁའི་སྟེང་གི་ཆ་ལ་རྩ་བའི་བླ་མ་འོད་དཔག་ཏུ་མེད་པའི་རྣམ་པ་ཅན་ལ་བརྒྱུད་པའི་བླ་མའི་ཚོགས་ཀྱིས་བསྐོར་བ། འོག་གི་ཆ་ལ་རྗེ་བཙུན་མ་འཕགས་མ་སྒྲོལ་མ་དཀར་མོ་སངས་རྒྱས་བྱང་ཆུབ་སེམས་དཔའི་ཚོགས་ཐམས་ཅད་དང་བཅས་པ་ཨོཾ་བཛྲ་ས་མཱ་ཛཿ པདྨ་ཀ་མ་ལ་ཡ་སྟྭཾ། ན་མོ་གུ་རུ་བྷྱཿ ན་མ་ཨཱཪྱ་ཏཱ་རེ་ས་པ་རི་ཝཱ་ར་མཎྜ་ལ་བྷྱཿ གང་གི་དྲིན་གྱི་བདེ་ཆེན་ཉིད། །ཞེས་པ་ནས། བར་ལ་བདུད་དང༌། དུས་གསུམ་སངས་རྒྱས་བསྐྱེད་པའི་ཡུམ། །འཆི་མེད་ཚེ་ཡི་དཔལ་སྦྱིན་མ། །འདོད་པ་ཐམས་ཅད་རབ་སྩོལ་བའི། །སྒྲོལ་མ་ལྷ་ཚོགས་བཅས་ལ་འདུད། །ཨོཾ་ཨཱཪྱ་ཏཱ་རེ་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱཧཱ། ཨརྒྷཾ་གྱི་སར་པཱདྱཾ་སྦྱར། ཨོཾ་ཨཱཪྱ་ཏཱ་རེ་ས་པ་རི་ཝཱ་ར་བཛྲ་པུཥྤེ་ཨཱཿཧཱུཾ། དེ་བཞིན་དུ། དྷུ་པེ། ཨཱ་ལོ་ཀེ གནྡྷེ། ནཻ་ཝེ་ཏེ། ཤཔྟ་ཨཱཿཧཱུཾ། དོན་ཡིད་ལ་དྲན་བཞིན་པའི་སྒོ་ནས། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །ཞེས་པ་ནས། སངས་རྒྱས་འགྲུབ་པར་ཤོག །ལན་གསུམ། ཨོཾ་བཛྲ་མུཿ ཞེས་གཤེགས་སུ་གསོལ། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་
གྱུར་ཅིག སྡུག་བསྔལ་མེད་པའི་བདེ་བ་དང་མི་འབྲལ་བར་གྱུར་ཅིགཉེ་རིང་ཆགས་སྡང་དང་བྲལ་བའི་བཏང་སྙོམས་ཚད་མེད་པ་ལ་གནས་པར་གྱུར་ཅིག །ཅེས་བརྗོད།གཉིས་པ་ཡེ་ཤེས་ཀྱི་ཚོགས་གསོག་པ་ནི། ཆོས་ཐམས་ཅད་རང་གི་སེམས་ཙམ་དང༌། སེམས་ཉིད་གསལ་སྟོང་ཟུང་འཇུག་ཆུ་ཟླ་ལྟ་བུ་ལ་མཉམ་པ་བཞག་སྟེ། ཨོཾ་ཤཱུ་ནྱ་ཏ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཞེས་བརྗོད། གཉིས་པ་དངོས་གཞི་ལ་ལྔ་སྟེ། དམ་ཚིག་པ་བསྐྱེད་པ། ཡི་གེ་བཀོད་པ། ཡེ་ཤེས་པ་བསྟིམ་པ། དབང་བསྐུར་རྒྱས་བཏབ། མཆོད་ཅིང་བསྟོད་པའོ། །དང་པོ་ནི། སྟོང་པའི་ངང་ལས་མ་བཅོས་པའི་སེམས་སྣང་ཧཱུཾ་གི་སྒྲ་གདངས་ནམ་མཁའ་གང་བ། ཧཱུཾ་ལས་རྡོ་རྗེའི་ས་གཞི། རྭ་གུར། བླ་བྲེ། མེ་དཔུང་འབར་བ་དང་བཅས་པའི་བསྲུང་བའི་འཁོར་ལོར་གྱུར། དེའི་དབུས་སུ་བྷྲུཾ་ལས་སྣོད་ཀྱི་འཇིག་རྟེན་ཟླ་བ་ཆུ་ཤེལ་གྱི་གཞལ་ཡས་ཁང༌། དབུས་སུ་པཾ་ལས་པདྨ་དཀར་པོ་འདབ་མ་སྟོང་ལྡན་ཡལ་ག་ལོ་འདབ་རབ་ཏུ་རྒྱས་པའི་སྡོང་པོ་དང་བཅས་པ། པདྨའི་ལྟེ་བར་ཨ་ལས་ཟླ་བ་ཉ་གང་ཞིང༌། རྙོག་པའི་དྲི་མ་དང་བྲལ་བ། དེའི་སྟེང་དུ་རང་གི་སེམས་ཉིད་ཏཱཾཿཡིག་དཀར་པོ་ལས་ཨུཏྤལ་དཀར་པོའི་སྡོང་པོ་ཟེའུ་འབྲུ་ལ་ཏཱཾཿཡིག་དཀར་པོས་མཚན་པར་གྱུར། དེ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད། སེམས་ཅན་ཐམས་ཅད་ཀྱི་དོན་བྱས། སླར་འདུས་ཤིང་ཐིམ་པ་ཡོངས་སུ་གྱུར་པ་ལས། རང་ཉིད་ལྷ་མོ་སྒྲོལ་མ་ཡིད་བཞིན་འཁོར་ལོ་སྐུ་མདོག་ཟླ་བ་ལྟར་དཀར་བ། ནོར་བུ་ཆུ་ཤེལ་ལྟར་དྭངས་ལ་དྲི་མ་མེད་པ་འོད་ཟེར་ལྔ་ལྡན་དུ་འཕྲོ་བ། རབ་ཏུ་ཞི་བ་ཆེན་པོའི་འཛུམ་ཞལ་ཅན། ཨུཏྤ་ལའི་འདབ་མ་ལྟར་
རབ་ཏུ་རྒྱས་པའི་སྤྱན་བདུན་དང་ལྡན་མ། ཕྱག་གཡས་མཆོག་སྦྱིན་དང༌། གཡོན་པའི་འཐེབ་སྲིན་གྱིས་ཨུཏྤ་ལ་དཀར་པོའི་སྡོང་བུའི་རྩ་བ་ཐུགས་ཀར་འཛིན་ཞིང༌། རབ་ཏུ་རྒྱས་པའི་སྙན་གྱི་ཐད་ཀར་ཁ་ཕྱེ་བ་བསྣམས་པ། སྒེག་ཅིང་ཆགས་པའི་ཉམས་ལྡན་ནུ་འབུར་ཟུང་གིས་མཛེས་པ། མུ་ཏིག་དཀར་པོ་གཙོ་བོར་གྱུར་པ། རིན་པོ་ཆེ་སྣ་ཚོགས་ཀྱི་དབུ་རྒྱན། སྙན་རྒྱན། མགུལ་རྒྱན། དོ་ཤལ། སེ་མོ་དོ། དཔུང་རྒྱན། ཕྱག་གདུབ། སྐེད་རྒྱན། ཞབས་གདུབ། གཡེར་ཁའི་ཕྲེང་བ་དང་བཅས་པ་དང༌། ལྷ་རྫས་ཀྱི་མེ་ཏོག་དུ་མས་མཛེས་པ། དར་དཀར་པོའི་སྟོད་གཡོགས་དང༌། སྣ་ཚོགས་དར་གྱི་སྨད་དཀྲིས་གསོལ་བ། དབུ་སྐྲ་:ཡིབ་[ལི་བ་]ལྟག་པར་བཅིངས་པའི་ཟུང་ཕུད་རྣམ་པར་གཡོ་ཞིང༌། གཞོན་ནུའི་ལུས་ཅན་རྡོ་རྗེའི་སྐྱིལ་ཀྲུང་གིས་འགྱིང་ཚུལ་དུ་བཞུགས་ཤིང༌། རི་བོང་འཛིན་པའི་རྒྱབ་ཡོལ་ཅན་དུ་གྱུར། གཉིས་པ་ནི། དཔྲལ་བར་ཟླ་བ་ལ་ཨོཾ་དཀར་པོ། མགྲིན་པར་པདྨ་ལ་ཨཱཿདམར་པོ། ཐུགས་ཀར་ཉི་མ་ལ་ཧཱུཾ་སྔོན་པོ། ཧཱུཾ་གི་སྟོད་ཙམ་དུ་པད་དཀར་དང་ཟླ་བ་ལ་ཏཱཾཿཡིག་དཀར་པོ། གསུམ་པ་ནི། རང་གི་སྙིང་ག་ནས་འོད་ཟེར་འཕྲོས། རང་བཞིན་གྱི་གནས་ནས་རྗེ་བཙུན་མ་འཕགས་མ་སྒྲོལ་མ་དཀར་མོའི་ལྷ་ཚོགས་ཐམས་ཅད་བཛྲ་ས་མཱ་ཛཿ ཨོཾ་བཛྲ་ཨརྒྷཾ་སྭཱཧཱ། ཨོཾ་བཛྲ་པཱདྱཾ་སྭཱཧཱ། ཨོཾ་བཛྲ་པུཥྤེ་ཨཱཿཧཱུཾ། ནས། ཨོཾ་བཛྲ་ཤཔྟ་ཨཱཿཧཱུཾ། ཞེས་པའི་བར་གྱིས་མཆོད། ཛཿཧཱུཾ་བཾ་ཧོཿ གཉིས་སུ་མེད་པར་ཐིམ། དམ་ཚིག་པ་དང་ཡེ་ཤེས་པ་དབྱེར་མེད་པའི་ངོ་བོར་གྱུར། བཞི་པ་ནི། སླར་ཡང་རང་གི་སྙིང་གའི་ཧཱུཾ་ལས་འོད་ཟེར་འཕྲོས། དབང་གི་ལྷ་རྒྱལ་བ་རིགས་ལྔ་
འཁོར་དང་བཅས་པ་བཛྲ་ས་མཱ་ཛཿ ཨོཾ་པཉྩ་ཀུ་ལ་ས་པ་རི་ཝཱ་ར་ཨརྒྷཾ་ནས། ཤཔྟའི་བར་གྱིས་གོང་བཞིན་མཆོད། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་མངོན་པར་དབང་བསྐུར་བ་སྩལ་དུ་གསོལ། ཞེས་གསོལ་བ་བཏབ་པས། དབང་གི་ལྷ་རྣམས་ཀྱིས། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་སྐུ་ཁྲུས་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཧཱུཾ། ཞེས་གསུངས་ཤིང་བུམ་པའི་ཆུས་དབང་བསྐུར། སྐུ་ལུས་ཐམས་ཅད་གང༌། སྒྲིབ་གཉིས་ཀྱི་དྲི་མ་ཐམས་ཅད་དགཆུའི་ལྷག་མ་ཡར་ལུད་པ་ལས། རིན་ཆེན་འབྱུང་ལྡན་གྱིས་དབུ་བརྒྱན། ལྔ་པ་ནི། ཨོཾ་ཨཱཪྱ་ཏཱ་རེ་ས་པ་རི་ཝཱ་ར་ཨརྒྷཾ་ནས། ཤཔྟའི་བར་གོང་བཞིན། ལྷ་དང་ལྷ་མིན་ཅོད་པན་གྱིས། །ཞབས་ཀྱི་པད་མ་ལ་བཏུད་དེ། །འཕོངས་པ་ཀུན་ལས་སྒྲོལ་མཛད་མ། །སྒྲོལ་མ་ཡུམ་ལ་ཕྱག་འཚལ་ལོ། །གཉིས་པ་བཟླས་པའི་རྣལ་འབྱོར་ནི། རང་གི་སྙིང་གར་པད་ཟླའི་གདན་ལ། འཁོར་ལོ་དཀར་པོ་རྩིབས་བརྒྱད་མུ་ཁྱུད་དང་བཅས་པའི་ལྟེ་བར་ཟླ་བ་ལ་ཏཱཾཿཡིག་དཀར་པོ། མཐའ་སྐོར་དུ་ཨོཾ་བདག་མིང་འདི་ཞེས་བགྱི་བའི་ཚེ་དང་བསོད་ནམས་ཡེ་ཤེས་རྒྱས་པར་མཛོད་ཅིག་ཧཱ། ཞེས་པ་རྣམས་གཡས་བསྐོར་དང༌། རྩིབས་བརྒྱད་ལ། ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ། ཞེས་ཡི་གེ་བརྒྱད་ཀྱིས་བསྐོར་བ་གསལ་བཏབ། ས་བོན་སྔགས་འཕྲེང་དང་བཅས་པ་ལས་འོད་ཟེར་འཕྲོས། ཕྱོགས་བཅུའི་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་ཐམས་ཅད་ལ་མཆོད། སེམས་ཅན་ཐམས་ཅད་ཀྱི་ཚེ་སྤེལ་བ་ལ་སོགས་
པའི་དོན་བྱས། སངས་རྒྱས་ཐམས་ཅད་ཀྱི་ཐུགས་རྗེས་བྱིན་རླབས་རྣམས་ཚུར་བསྡུས། འོད་ཟེར་རྣམས་ས་བོན་སྔགས་འཕྲེང་དང་བཅས་པ་ལ་ཐིམ་པས། བཀྲགས་མདངས་གཟི་བརྗིད་རབ་ཏུ་འབར་བའི་རྣམ་པར་གྱུར། སྤྲོ་བསྡུའི་དམིགས་པ་དེ་ཉིད་ལ་གནས་བཞིན་པའི་སྒོ་ནས། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱཧཱ། ཞེས་པ་ཡི་གེ་བཅུ་པ་སྟེ་སྙིང་པོའོ། །ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་མ་མ་ཨཱ་ཡུར་པུཎྱེ་ཛྙཱ་ན་པུཥྟིཾ་ཀུ་རུ་སྭཱཧཱ། ཞེས་སྤེལ་ཚིག་དང་བཅས་པ་འདི་ནི་ལས་སྔགས་སོ། །བསྙེན་པ་སོགས་ཐུན་བཞིའི་རྣལ་འབྱོར་ལ་འཇུག་པ་ན། བཟླས་པའི་ངོ་བོ་ཡི་གེ་བཅུ་པ་ལ་བྱེད་ཅིང༌། ཐུན་སོ་སོ་རྫོགས་མཚམས་སུ་སྤེལ་ཚིག་དང་བཅས་པ་ཡང་བརྒྱ་རྩ་བརྒྱད་རེ་བཟླ་བར་བྱའོ། །རྒྱུན་གྱི་བཟླས་པ་ལ་ནི། སྤེལ་ཚིག་དང་བཅས་པ་ཁོ་ན་བཟླ་བ་ཡིན་ནོ། །གསུམ་པ་རྗེས་ཀྱི་བྱ་བ་ནི། སྣང་ཞིང་སྲིད་པས་བསྡུས་པའི་ཆོས་ཐམས་ཅད་རྗེ་བཙུན་མ་འཕགས་མ་སྒྲོལ་མ་དཀར་མོ་ཡིད་བཞིན་འཁོར་ལོའི་དཀྱིལ་འཁོར་དུ་གྱུར། དེ་ཐམས་ཅད་བདག་ཉིད་ཀྱིས་བསྒོམས་པའི་བསྲུང་འཁོར་ལ་ཐིམ། རང་ཉིད་རྟེན་དང་བརྟེན་པར་བཅས་པ་ཡང་ཐུགས་ཀའི་ཏཱཾཿཡིག་ལ་ཐིམ། དེ་ཉིད་ཀྱང་ཁོག་པ། མགོ་བོ། ཟླ་ཕྱེད། ཐིག་ལེ། ནཱ་ད་རྣམས་གཅིག་ལ་གཅིག་ཐིམ། ནཱ་ད་ཡང་འོད་གསལ་གྱི་ངང་དུ་ཞུགས་པར་གྱུར། སླར་ཡང་རང་ཉིད་འཕགས་མ་སྒྲོལ་མའི་སྐུར་གྱུར་པའི་དཔྲལ་བར་ཨོཾ། མགྲིན་པ་ཨཱཿ ཐུགས་ཀར་ཧཱུཾ། སྣང་གྲགས་ཀྱི་ཆོས་ཐམས་ཅད་དོན་དམ་པར་རང་བཞིན་མེད་པ། སྣང་ཆ་སྒྱུ་མ་ལྟ་བུ། ཡེ་ཤེས་ལྷའི་ངོ་བོར་རྣམ་པར་དག་གོ །དགེ་བ་འདི་ཡིས་མྱུར་དུ་བདག །སྒྲོལ་མ་དཀར་མོ་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འགོད་པར་ཤོག །
དགེ་བ་འདི་ཡིས་སྐྱེ་བོ་ཀུན། །བསོད་ནམས་ཡེ་ཤེས་ཚོགས་རྫོགས་ཤིང༌། །བསོད་ནམས་ཡེ་ཤེས་ལས་བྱུང་བའི། །དམ་པ་གཉིས་པོ་ཐོབ་པར་ཤོག །བདག་བསྐྱེད་བསྡུས་པ་ལ་མོས་ན། སྐྱབས་འགྲོ་སེམས་བསྐྱེད་བསྡུས་པ་བྱས་ལ། ཚད་མེད་བཞི་བསྒོམས་ཏེ། ཨོཾ་ཤཱུ་ནྱ་ཏ་ཞེས་པ་མན་ཆད་ཀྱིས་ཆོག་ཅིང༌། ཤིན་དུ་བསྡུ་ན། སྟོང་པའི་ངང་ལས་ཧཱུཾ་ལས་བྱུང་བའི་བསྲུང་འཁོར་གྱི་དབུས་སུ། པད་ཟླའི་གདན་ལ། ཏཱཾཿལས་རང་ཉིད་ལྷ་མོ་སྒྲོལ་མ་ཞེས་སོགས་དང༌། རི་བོང་འཛིན་པའི་རྒྱབ་ཡོལ་ཅན། རིན་ཆེན་འབྱུང་ལྡན་གྱིས་དབུ་བརྒྱན་པ། དཔྲལ་བར་ཟླ་བ་ལ་ནས། ཛཿཧཱུཾ་བཾ་ཧོའི་བར་བྱ། དེ་ནས་བཟླས་པ་ལ་འཇུག་གོ །གཉིས་པ་ཐུན་མཚམས་ཀྱི་བྱ་བ་ནི། བྲིས་སྐུ་བགྲམ། མཎྜལ་ལ་རྡུལ་ཚོན་དཀར་པོས་པད་མ་འདབ་བརྒྱད་བྲིས། ལྟེ་བ་ལ་རྡུལ་ཚོན་དཀར་པོའམ། འབྲུ་དཀར་པོའི་ཚོམ་ བུ་བཀོད། དཀར་གཏོར་གཅིག་དང་མཆོད་པ་བཤམས། རང་གི་མདུན་དུ་རྡོ་རྗེ་དྲིལ ་བུ། མེ་ཏོག་གི་གང་པའི་སྣོད། དུང་ཆོས་དྲི་བཟང་གི་ཆུས་གང་བ། ཀུ་ཤའི་འཐོར་ཡབ་དང་བཅས་པ་འདུས་བྱས་ལ། རང་སྐད་ཅིག་གིས་སྒྲོལ་མ་དཀར་མོར་གྱུར། ཨོཾ་ཨ་མྲྀ་ཏེ་ཧཱུཾ་ཕཊ། ལན་ཉེར་གཅིག་གམ། བརྒྱ་རྩ་ཙམ་བཟླ་ཞིང༌། སེམས་མ་རྡོ་རྗེ་མའི་ཕྱག་རྒྱས་ཀུ་ཤའི་འཐོར་ཡབ་བཟུང་ངོ༌། །དེ་ནི་བསང་ཆུ་སྒྲུབ་པ་ཡིན་ནོ། །བསང་ཆུ་དེ་ཉིད་གནས་ཁང་དང་མཆོད་རྫས་སོགས་ལ་གཏོར། ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལི་ཧ་ན་ཧ་ན་ཧཱུཾ་ཕཊ་ཀྱིས་བསངས། ཨོཾ་སྭ་བྷཱ་ཝ་ཤུདྡྷ་སརྦ་དྷརྨ་སྭ་བྷཱ་ཝ་ཤུདྡྷོ྅ཧཾ་གིས་སྦྱངས། སྟོང་པའི་ངང་ལས་གནས་ཁང་བྷྲུཾ་ལས་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་ཐར་པ་ཆེན་པོའི་གཞལ་མེད་ཁང་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་དབུས་སུ། ཨོཾ་ལས་བྱུང་བའི་རིན་
པོ་ཆེ་ལས་གྲུབ་པའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། ཧཱུཾ་ཞུ་བ་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི་མཆོད་ཡོན། ཞབས་བསིལ། མེ་ཏོགབདུག་སྤོས། མར་མེ། དྲི་ཆབ། ཞལ་ཟས། རོལ་མོ་ལ་སོགས་པའི་མཆོད་རྫས་རྣམས་ཡེ་ཤེས་ཀྱི་རང་བཞིན། མཆོད་པའི་རྣམ་པ། ཟག་མེད་བདེ་ཆེན་གྱི་རྒྱུ་བླ་ན་མེད་པའི་མཁའ་དབྱིངས་ཐམས་ཅད་ཡོངས་སུ་ཁྱབ་པར་གྱུར། ཨོཾ་བཛྲ་ཨརྒྷཾ་སྭཱཧཱ། ཨོཾ་བཛྲ་པཱདྱཾ་སྭཱཧཱ། ཨོཾ་བཛྲ་པུཥྤེ་ཨཱཿཧཱུཾ། ཨོཾ་བཛྲ་དྷུ་པེ་ཨཱཿཧཱུཾ། ཨོཾ་བཛྲ་ཨཱ་ལོ་ཀེ་ཨཱཿཧཱུཾ། ཨོཾ་བཛྲ་གནྡྷེ་ཨཱཿཧཱུཾ། ཨོཾ་བཛྲ་ནཻ་ཝེ་ཏེ་ཨཱཿཧཱུཾ། ཨོཾ་བཛྲ་ཤཔྟ་ཨཱཿཧཱུཾ། ཨོཾ་བཛྲ་དྷརྨ་ར་ཎི་ཏ། པྲ་ར་ཎི་ཏ། སཾ་པྲ་ར་ཎི་ཏ། སརྦ་བུདྡྷ་ཀྵེ་ཏྲ་པྲ་ཙ་ལི་ཏེ། པྲཛྙཱ་པ་ར་མི་ཏ་ན་ད་སམྦྷ་ཝེ་ཏེ། བཛྲ་དྷརྨ་ཧྲི་ད་ཡ་ནི། སནྟོ་ཥ་ནི་ཧཱུཾ་ཧཱུཾ་ཧཱུཾ་ཧོ་ཧོ་ཧོ་ཨཱ་ཁཾ་སྭཱཧཱ། ལན་གསུམ་གྱིས་བྱིན་དབབ། མདུད་བསྐྱེད་ཀྱི་དཀྱིལ་འཁོར་ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས། ཧཱུཾ་གི་སྒྲ་གདངས་ནམ་མཁའ་གང་བ་ཞེས་པ་ནས། རྙོག་པའི་དྲི་མ་དང་བྲལ་བ། དེའི་སྟེང་དུ་ཏཱཾཿདཀར་པོ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། སླར་འདུས་ཤིང་ཐིམ་པ་ཡོངས་སུ་གྱུར་པ་ལས། ལྷ་མོ་སྒྲོལ་མ་ཡིད་བཞིན་འཁོར་ལོ་ཞེས་པ་ནས། རིན་ཆེན་འབྱུང་ལྡན་གྱིས་དབུ་བརྒྱན། ཞེས་པའི་བར་བདག་བསྐྱེད་དང་འདྲ། གལ་ཏེ་ཅུང་ཟད་སྤྲོས་པ་ལ་མོས་ན། ཡེ་ཤེས་པ་སྤྱན་འདྲེན་པའི་སྐབས། ཚིགས་བཅད་དང༌། མཆོད་ཡོན་གདན་འབུལ་སོགས་རྒྱས་པར་བྱས་ཀྱང་རུང་ངོ༌། །སླར་ཡང་རང་གི་སྙིང་གའི་འོད་ཟེར་གྱིས། བླ་མ་ཡི་དམ་སངས་རྒྱས་བྱང་སེམས་འཕགས་པ་ཉན་རང་གི་ཚོགས་ཐམས་ཅད་མཆོད་པའི་ཡུལ་དུ་བཛྲ་ས་མཱ་ཛཿ མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང༌། ཞེས་པ་ནས།
ཡོངས་དག་འཁོར་དང་བཅས་ཏེ་གཤེགས་སུ་གསོལ། །ཞེས་གསོལ་བ་བཏབ། ཨོཾ་ཨ་མྲྀ་ཏའི་སྔགས་ཀྱིས་ཕྱིས་འབྲང་གི་བགེགས་བསྐྲད། ཨོཾ་པདྨ་ཀ་མ་ལ་ཡེ་སྟྭཾ། རིན་པོ་ཆེའི་ཁྲི་དང༌། པད་ཟླ་ལ་སོགས་པའི་གདན་ཕུལ་བར་བསམ། དེ་ནས་མཆོད་པ་འབུལ་བ་ནི། སྔགས་ཀྱི་འགོར་པད་སྐོར་དང༌། འཇུག་ཏུ་སེ་གོལ་གཏོགས་ཤིང༌། ཨརྒྷཾ་ཞེས་སོགས་སོ་སོའི་མིང་གི་སྐབས། མཆོད་ཡོན་སོགས་སོ་སོའི་ཕྱག་རྒྱ་བཅའ་བ་ཕྱག་ལེན་ཡིན་ནོ། །ཨོཾ་ཨཱཪྱ་ཏཱ་རེ་གུ་རུ་བུདྡྷ་བོ་དྷི་སཏྭ་ས་པ་རི་ཝཱ་ར་མཎྜ་ལ་བྷྱཿ ཨརྒྷཾ་པྲ་ཏཱིཙྪ་པུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། དེ་བཞིན་དུ། ཨརྒྷཾ་གྱི་གནས་སུ། པཱདྱཾ་ལ་ཡང་སྦྱར་བས། ཞབས་བསིལ་འབུལ། མེ་ཏོག་ལ། ཨོཾ་ཨཱཪྱ་ཏཱ་རེ་ས་པ་རི་ཝ་ར་བྷྱཿ བཛྲ་པུཥྤེ་པྲ་ཏཱིཙྪ་ན་མཿ ཞེས་བརྗོད། དེ་བཞིན་དུ། དྷུ་པེ། བདུག་སྤོས་དང༌། ཨཱ་ལོ་ཀེ མར་མེ་དང༌། གནྡྷེ། དྲི་ཆབ་དང༌། ནཻ་ཝི་ཏེ། ཞལ་ཟས། ཤཔྟ་རོལ་མོ་རྣམས་འབུལ་ལོ། །དེ་ནས་བསྟོད་པ་ནི། འཁོར་བ་ལས་སྒྲོལ་ཏཱ་རེ་མ། །ཏུཏྟཱ་ར་ཡིས་འཇིགས་བརྒྱད་སྒྲོལ། །ཏུ་རེས་ན་བ་ཀུན་ལས་སྐྱོབ། སྒྲོལ་མ་ལ་ནི་ཕྱག་འཚལ་བསྟོད། །པདྨ་དཀར་པོའི་དབུས་གནས་པ། །ཟླ་བའི་གཟུགས་ཀྱི་གདན་སྟེང་དུ། །རྡོ་རྗེ་སྐྱིལ་ཀྲུང་བཅས་མཛད་མ། །མཆོག་སྦྱིན་སྒྲོལ་མ་ལ་ཕྱག་འཚལ། །སྟོན་ཀའི་ཟླ་བའི་གདངས་འདྲ་ཞིང༌། །ཟླ་བ་ལ་ནི་རྒྱབ་བརྟེན་མ། །རྒྱན་རྣམས་ཐམས་ཅད་ཡང་དག་རྫོགས། །ཨུཏྤལ་བསྣམས་ལ་ཕྱག་འཚལ་བསྟོད། །བཅུ་དྲུག་ལོ་ལོན་ལུས་ཅན་མ། །རྫོགས་སངས་རྒྱས་རྣམས་ཁྱོད་ཀྱི་སྲས། །འདོད་སྦྱིན་སྐུ་ནི་འཆང་བའི་ཡུམ། །འཕགས་མ་སྒྲོལ་མ་ཕྱག་འཚལ་བསྟོད། །འཁོར་ལོ་དཀར་པོ་འོད་
ཟེར་འབར། །རྩིབས་བརྒྱད་ལ་ནི་ཡི་གེ་བརྒྱད། །ཡོངས་སུ་བསྐོར་བའི་རྣམ་པ་ཅན། །ཡིད་བཞིན་འཁོར་ལོར་ཕྱག་འཚལ་བསྟོད། །གཏོར་མ། ཨ་མྲྀ་ཏས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས། གཏོར་སྣོད་ཡངས་ཤིང་རྒྱ་ཆེ་བ་རིན་པོ་ཆེ་ལས་གྲུབ་པའི་ནང་དུ། ཨོཾ་ཨཱཿཧཱུཾ། ཞུ་བ་ལས་བྱུང་བའི་གཏོར་མ་འདོད་དགུའི་རྒྱ་མཚོ་ཆེན་པོ་ཁ་དོག་དྲི་རོ་ནུས་མཐུ་ཕུན་སུམ་ཚོགས་པར་གྱུར། ཨོཾ་ཨཱཿཧཱུཾ་ལན་གསུམ་མམ་ལན་བདུན་གྱིས་བྱིན་གྱིས་བརླབས། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ཨི་དམ་བ་ལིང་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་བདུན་གྱིས་རྗེ་བཙུན་མ་དང༌། ཨ་ཀཱ་རོ་ལན་གསུམ་གྱིས་འཁོར་ཚོགས་ཐམས་ཅད་ལ་ཕུལ་བར་མོས། ཚོགས་ཞིང་གི་སྐབས་ལྟར་མཆོད། དགེ་བ་ཅན་མ་གཟི་བརྗིད་ལྡན། །དབྱངས་ཅན་མ་དང་ནོར་གྱི་བདག །དཔལ་མོ་ལ་སོགས་སྤྲུལ་པ་མཛད། །ལྷ་མོ་སྒྲོལ་མ་ལ་ཕྱག་འཚལ། །གང་གི་ཐུགས་རྗེའི་འོད་དཀར་གྱིས། །མ་ལུས་འགྲོ་བའི་དོན་མཛད་ཅིང༌། །མགོན་མེད་རྣམས་ཀྱི་མགོན་དང་སྐྱབས། །རྒྱལ་བ་སྲས་དང་བཅས་ལ་འདུད། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །རྣལ་འབྱོར་བདག་ཅག་འཁོར་བཅས་སོགས་ནས། ཡིད་ལ་འདོད་པ་ཀུན་འགྲུབ་ཤོག་གི་བར་བརྗོད་ཅིང༌། ཁྱད་པར་ཡིད་ལ་འདོད་པའི་དོན་གང་ཡིན་པ་དེ་ཉིད་འགྲུབ་པར་གསོལ་བ་དྲག་ཏུ་བཏབ་བོ། །ཡི་གེ་བརྒྱ་པ་ལན་གསུམ་མམ་བདུན་གྱིས་ལྷག་ཆད་ཁ་བསྐང༌། མ་འབྱོར་པ་དང་ཉམས་པ་དང༌། །ཞེས་སོགས་ཀྱིས་བཟོད་པར་གསོལ། སུ་པྲ་ཏིཥྛས་རྟེན་རྣམས་ལ་མེ་ཏོག་དོར་ཞིང་བརྟན་བཞུགས་བྱ། མཆོད་གཏོར་གྱི་མགྲོན་རྣམས་གཤེགས་སུ་གསོལ་བར་མོས་ཏེ། ཨོཾ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །ཞེས་པ་ནས། ཨོཾ་བཛྲ་མུཿ
ཞེས་བརྗོད། སྨོན་ལམ་དང་བཀྲ་ཤིས་རྒྱས་བསྡུས་གང་འོས་བྱའོ། །འདི་དག་ལ་རྒྱུན་གྱི་ཉམས་ལེན་ལ། མཆོད་ཆོག་སོགས་རྒྱས་པ་མི་ལྕོགས་ན། བདག་བསྐྱེད་རྒྱས་བསྡུས་གསུམ་པོ་གང་རུང་ཞིག་བླངས་ལ། ཡེ་ཤེས་ལྷའི་ངོ་བོར་རྣམ་པར་དག་གོ །ཞེས་པ་ཡན་ཆད་བྱ། དེ་ནས་གཏོར་ཆོག་ཙམ་བྱ་བ་ཡིན་ཏེ། གོང་བཞིན་གཏོར་མ་བྱིན་གྱིས་བརླབས། རང་གི་སྙིང་གའི་ས་བོན་ལས་འོད་ཟེར་འཕྲོས། ལྷོ་ཕྱོགས་པོ་ཊ་ལའི་རི་བོ་ནས། རྗེ་བཙུན་མ་སྒྲོལ་མ་དཀར་མོ་ལ་བླ་མ་ཡི་དམ་སངས་རྒྱས་བྱང་ཆུབ་སེམས་དཔའི་ཚོགས་ཐམས་ཅད་ཀྱིས་བསྐོར་བ་བཛྲ་ས་མཱ་ཛཿ པདྨ་ཀ་མ་ལ་ཡ་སྟྭཾ། ལྷ་རྣམས་ཀྱི་ལྗགས་རྡོ་རྗེའི་སྦུ་གུས་གཏོར་མ་དྲངས་ཏེ་གསོལ་བར་གྱུར། ཨོཾ་ཏཱ་རེ་ཞེས་པ་ནས། བཀྲ་ཤིས་ཀྱི་བར་གཏོར་མ་འབུལ་ཚུལ་གོང་བཞིན་བྱའོ། །དེ་ཡང་སྔ་དྲོ་ལྟ་བུ་བདག་བསྐྱེད་ཀྱི་ཐུན་འཇུག་དེ་ཉིད་དུ་གཏོར་མ་ཕུལ་ཀྱང་རུང༌། བདག་བསྐྱེད་སྔ་དྲོ་བླངས་ནས། སྲོད་ཐུན་སོགས་ལ་གཏོར་མ་ཕུལ་ཀྱང་རུང་ངོ༌། །འདིའི་བསྙེན་པའི་ལག་ལེན་ནི། བྲིས་སྐུ་མཎྜལ་མཆོད་གཏོར་སོགས་ཞལ་ལྷོར་བསྟན་ལ་གོང་ལྟར་བཤམ། བདག་ཉིད་གདོང་བྱང་དུ་ཕྱོགས་པས། གོང་མཆོད་ཆོག་གི་སྐབས་སུ་བཤད་པ་ལྟར། མཆོད་པ་བྱིན་རླབས་ཡན་ཆད་བྱས་པའི་རྗེས་ལ། སྐྱབས་འགྲོ་ནས་བརྩམས་ཏེ། བདག་བསྐྱེད་ཡོངས་སུ་རྫོགས་པ་བྱེད་ལ། བཟླས་པའི་གཙོ་བོ་ཡང་བདག་བསྐྱེད་ཀྱི་སྐབས་འདི་ཉིད་རང་ཡིན་ཞིང༌། བདག་བསྐྱེད་ཀྱི་ཐུན་རྫོགས་པ་ན། རབ་ཏུ་ཐུན་བཞི་ཆར་གྱི་མཐར། གོང་དུ་བཤད་པའི་མཆོད་གཏོར་གྱི་ཆོ་ག་ཡོངས་རྫོགས་ཚར་རེ་བྱ་ཞིང༌། འབྲིང་དུ་ན་སྔ་ཐུན་དང༌། སྲོད་ཐུན་ལ་བདག་མདུན་མཆོད་གཏོར་ཡོངས་རྫོགས་དང་བཅས་པ་རེ་བྱ་ལ། ཐུན་བར་པ་གཉིས་ལ་སྐྱབས་འགྲོ་ནས་དགེ་བ་
བསྔོ་བའི་བར་བདག་བསྐྱེད་ཁོ་ན་བྱའོ། །ཐ་མས་དེ་ཡང་མ་གྲུབ་ན། སྔ་ཐུན་གྱི་མཐར་མཆོད་གཏོར་འབུལ་བ་རྒྱས་པའི་ལས་ལ་བསྔགས་པ་ཡིན་ནོ། །ཡང་ཤིན་ཏུ་རྩོལ་བ་ཆུང་བས་དེ་ཡང་མ་འགྲུབ་ན། སྔ་ཐུན་གྱི་མཐར། གོང་དུ་བསྟན་པ་ལྟར་གྱི་དུས་རྒྱུན་གྱི་ལག་ལེན་གྱི་གཏོར་ཆོག་དེ་བྱ་ཞིང༌། ཚེས་བཅོ་ལྔ་སོགས་དུས་བཟང་རྣམས་ལ། མདུན་བསྐྱེད་གཏོར་མ་དང་བཅས་པ་རྒྱས་པ་དེ་བྱས་པས་ཀྱང་འགྲུབ་པ་ཡིན་ནོ། །སྤྱིར་བསྙེན་པའི་ཚད་ནི། སྔགས་སྤེལ་ཚིག་ཅན་དེ་མི་ཐེ་བའི་ཡི་གེ་བཅུ་པ་ཉིད་ལ་འབུམ་ཕྲག་བཅུ་གྲངས་བསྙེན་ཡིན་ལ་བྱེ་བ་སོང་ན་ལས་དང་དངོས་གྲུབ་རྣམས་སྒྲུབ་པ་ལ་དབང་བ་ཡིན་ནོ། །འོན་ཀྱང་ཞག་བདུན་ཙམ་ལ་བཟླས་པ་གང་སོང་བྱས་པས་ཀྱང་ཕན་ཡོན་དཔག་ཏུ་མེད་པ་ཡོད་པས་དེ་ཡང་ནན་ཏན་དུ་བྱ་བ་ཁོ་ནའོ། །སྤྱིར་ཁ་བ་ཅན་གྱི་ཕྱོགས་འདིར་སྒྲོལ་དཀར་གྱི་ཆོས་སྐོར་ལུགས་ལྔ་ཙམ་བྱོན་པར་གྲགས་ཏེ། ཇོ་བོ་རྗེའི་ལུགས་དང༌། གཉན་ལོཙྪ་བའི་ལུགས་དང༌། བ་རི་ལོཙྪ་བའི་ལུགས་དང༌། ཉེ་བརྒྱུད་པཎ་ཆེན་ནགས་རིན་གྱི་ལུགས་ཏེ། བཞི་པོ་དེ་སློབ་དཔོན་ངག་དབང་གྲགས་པའི་གདམས་པ་དང་འབྲེལ་བ་ཡིན་ལ། ལྔ་པ་ནི་པཎ་ཆེན་ཤཱཀྱ་ཤྲཱི་ལུགས་ཏེ། ལྷ་སྔགས་ཀྱང་རྣམ་པ་གཞན་དུ་གནས་པ་ཡིན་ནོ། །དེ་དག་ལས་འདི་ནི་སྔ་འགྱུར་ཇོ་བོ་ལུགས་གཙོ་བོར་བྱས་པ་སྟེ། ཕྱིས་ཇོ་བོ་ལུགས་ཀྱི་སྒྲོལ་དཀར་གྱི་སྒྲུབ་མཆོད་དུ་གྲགས་པའི་ཡིག་ཆ་གསར་པ་རྣམས་ནི་རང་ལུགས་ཀྱི་ཐོབ་ཐང་མ་ཚང་ཞིང༌། ཏིང་ངེ་འཛིན་གྱི་དབང་གི་བདག་འཇུག་སོགས་གཞན་གྱི་བསྲེ་ལྷད་དང༌། རང་བཟོ་དུ་མ་བྱས་པ་དག་ཀྱང་མཐོང་ངོ༌། །འདིར་སྐྱོན་དེ་དག་ཐམས་ཅད་འབད་པས་སྤངས་ཤིང༌། རང་ལུགས་ཀྱི་སྙིང་པོ་ཚང་ལ་མ་འཁྲུགས་པ་ལེགས་པར་བརྗོད་པའོ། །བསམ་གྱི་མི་ཁྱབ་ཟབ་མོའི་ཕྱོགས་གྲོལ་ལ། །བློ་དམན་བྱུང་དུས་དོར་བྱིར་མི་ནུས་མོད། །མན་ངག་ལ་
བརྟེན་ཅུང་ཟད་སྦྱར་བ་འདི། །བློ་ལྡན་ལམ་འདིར་མོས་ལ་ཡིད་བདེའི་གནས། །འདི་བྲིས་རྣམ་པར་དཀར་བ་དེས། །འགྲོ་ཀུན་འཆི་མེད་རྡོ་རྗེའི་གནས། །རྒྱལ་བའི་ཡུམ་གྱུར་སྒྲོལ་མ་ཡི། །གོ་འཕང་མྱུང་དུ་ཐོབ་པར་ཤོག །ཅེས་པ་སྒྲོལ་དཀར་ཇོ་བོ་ལུགས། བརྒྱུད་པའི་བཀའ་སྲོལ་གཉིས་ལ་བརྟེན་པའི་མན་ངག་བསྙེན་སྒྲུབ་ཀྱི་ལག་ལེན་གསལ་བར་བཀོད་པ་བདུད་རྩིའི་བུམ་བཟང་ཞེས་བྱ་བ་འདི་ཡང༌། འཇིག་རྟེན་མགོན་པོ་སྟག་ལུང་ཐང་པའི་བྱིན་རླབས་ཀྱིས་འཚོ་འདི་ག་ཞེས་པ། དབང་ཕྱུག་དམ་པའི་མངའ་བདག་མི་དབང་ཚེ་བརྟན་རྡོ་རྗེའི་གསུང་གིས་བསྐུལ་བའི་ངོར། རྒྱལ་ཁམས་པ་ཏཱ་ར་ནཱ་ཐའམ། མིང་གཞན་ཀུན་དགའ་སྙིང་པོ་ཞེས་བྱ་བས་གཉན་ཐོག་གི་གཙུག་ལག་ཁང་དུ་སྦྱར་བའོ།། །།བཀྲ་ཤིས། །