འཁྱོག་པོ་རི་ཁྲོད་ཀྱི་གནས་བཤད།
འཁྱོག་པོ་རི་ཁྲོད་ཀྱི་གནས་བཤད་བཞུགས། །
ཨོཾ་སྭཱ་སྟི། རྡོ་རྗེ་འཆང་དབང་དཔལ་ལྡན་དུས་འཁོར་དང༌། །ཞེས་པ་ནས། རི་ཁྲོད་ཆེན་པོ་ཇོ་མོ་ནང་ཞེས་ཡོངས་སུ་གྲགས་པ་འདིའི་གནས་ཀྱི་ཡང་དབེན་རྒྱལ་མཚན་གྱི་ཏོག་ལྟ་བུར་གྱུར་པ་ནི། སྒྲུབ་གནས་མཁའ་སྤྱོད་བདེ་ལྡན་ཞེས་བྱ་བ་འདི་ཡིན་ལ། སའི་མཐིལ་ཆོས་འབྱུང་གྲུ་གསུམ་ལྟ་བུ། ལུང་པ་པདྨ་འདབ་བརྒྱད་ཁ་ཕྱེ་བ་འདྲ་བ། གནམ་འཁོར་ལོ་རྩིབས་བརྒྱད་ཀྱི་དབྱིབས་ཅན། མདུན་རི་འབྲུའི་ཕུང་པོ་ལ་རིན་པོ་ཆེའི་འཕྲཻང་བ་ལན་གསུམ་དུ་གཡོགས་པ་འདྲ་བ། ལྷོའི་རི་རྒྱལ་བ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་མཉམ་གཞག་གི་ཕྱག་རྒྱ་མཛད་པ་ལས། བདུད་རྩིའི་ཆུ་རྒྱུན་འབབས་པ་ལྟ་བུ། ལྷོ་ནུབ་ཀྱི་ཕྱོགས་ན་རྒྱལ་བ་ཐམས་ཅད་སྐྱེད་པའི་ཡུམ་རྡོ་རྗེ་ཕག་མོའི་སྐུའི་རྣམ་པ་ཅན་གྱི་རི་མཐོན་པོ། ཆུ་སྐྱེས་ཀྱི་ཟེའུ་འབྲུ་རྒོད་པའི་དབུས་ནས་
བདུད་རྩིའི་ཆུ་རྒྱུན་འབབ་པ། དེའི་དྲུང་ན་དངོས་གྲུབ་འབྱུང་བ་ཕག་མོའི་དུར་ཁྲོད་དང་བཅས་པ། དེ་དང་ཉེ་བའི་གཡས་ཀྱི་རི་ལ་དུང་དང་རྒྱལ་མཚན་ལ་སོགས་པ་བཀྲ་ཤིས་ཀྱི་རྟགས་བརྒྱད་ཚང་བ། རྒྱབ་རི་བདུད་རྩི་ཅན་གྱི་ཤིང་གི་ནགས་ཚལ་གྱིས་ཁེབས་པ། སྐུ་གསུང་ཐུགས་རྣམ་པར་དག་པའི་རི་བོ་རྩེ་མོ་གསུམ་པ་རིགས་གསུམ་མགོན་པོའི་ཚུལ་དུ་བཞུགས་ཤིང༌། གཡོན་གྱི་ཕྱོགས་ན་བྲག་རྒྱལ་པོ་ཆེན་པོ་སྡེ་བཞི་ཆོས་ཉན་པའི་རྣམ་པ་ཅན་དང༌། མཁའ་འགྲོ་གསང་བའི་བྲག་ཕུག་པདྨ་རཱ་ག་ལ་སོགས་པ་སྒྲུབ་གནས་དགེ་མཚན་ཅན་དུ་མའི་དབུས་ན། བྲག་རི་རྡོ་རྗེ་རྩེ་ལྔ་པ་ལྟ་བུའི་སྟེང་དུ། རིགས་ལྡན་སྤྲུལ་པའི་སྐུ་ཀུན་སྤངས་ཀུན་ཏུ་བཟང་པོས་སྒྲུབ་གནས་ཆེན་པོ་མཛད། བྱང་སེམས་ཆེན་པོ་དང་མཁས་བཙུན་ཆེན་པོས་ཀྱང་རིམ་ཅན་དུ་བཞུགས། ཆོས་རྗེ་ཀུན་
མཁྱེན་ཆེན་པོས་ཀྱང་ལོ་གཉིས་ངོ་གསུམ་བཞུགས། སོར་སྡུད་བསམ་གཏན་སྲོག་རྩོལ་གསུམ་མཐར་ཕྱིན་པའི་ཚུལ་སྟོན་ས་ཡང་འདི་ལགས། དེ་རྗེས་དམ་པ་དེ་ཉིད་ཀྱི་ཐུགས་སྲས་བླ་མ་སངས་རྒྱས་བཟང་པོ་ཞེས་བྱ་བ། འཁྲུངས་ཡུལ་དབུ་རུ་སྟོད་པ་ཡིན། དགོན་པ་སྤྲིན་ཆེན་དུ་རབ་བྱུང་མཛད། མཁས་བཙུན་ཡོན་ཏན་རྒྱ་མཚོའི་ཡང་ཞབས་ལ་ཐུག །ཆོས་རྗེ་ཀུན་མཁྱེན་ཆེན་པོའི་དྲུང་དུ་རྣལ་འབྱོར་ཡན་ལག་དྲུག་པའི་འཁྲིད་ཞུས་ནས། གནས་འདིར་སྒྲུབ་པ་ཡུན་རིང་དུ་མཛད་པས་བླ་མ་མཁའ་སྤྱོད་པར་གྲགས། སྲོག་རྩོལ་གྱི་གེགས་བྱུང་བ་ཡང་ཀུན་མཁྱེན་ཆེན་པོས་སེལ་བར་མཛད། དེ་ནས་མངོན་ཤེས་ཁྱད་པར་ཅན་འཁྲུངས་ཏེ། མཁའ་སྤྱོད་ཀྱི་མུན་ཁང་དུ་བཞུགས་བཞིན་པ་ནས། དགོན་པ་ནགས་ཕུག་གི་གཙུག་ལག་ཁང་གི་གསུང་རབ་པོ་ཏི་ཐམས་ཅད་ཆོས་འདོན་བྱེད་པ་བཞིན་དུ་ཀློག་ཐུབ་པ་དང༌། གཞན་ཡང་མངོན་ཤེས་ཐོགས་མེད་མངའ་སྟེ། འོན་ཀྱང་ཡོན་ཏན་ཐམས་ཅད་སྦས་པའི་ཚུལ་དུ་མཛད། ཀུན་མཁྱེན་ཆེན་པོ་སྐུ་བཞུགས་པའི་རིང་ལ་འཛིན་པའི་ཉམས་རྟོགས་མཐར་ཕྱིན་ཕྱིས་གཟིམས་ཁང་དུ་ཁོང་རང་གཅིག་པུ་བཞུགས་པ་ལ། ཕྱི་ནས་ཉན་དུས་རོལ་མོའི་སྒྲ་གྲག་པ་ཡང་ཡང་བྱུང༌། ནང་གཅིག་རོལ་མོའི་སྒྲ་ཤིན་ཏུ་ཡུན་རིང་བ་ཞིག་བྱུང་ནས། གཞན་རྣམས་ཀྱིས་ལྟ་བར་ཕྱིན་པས། ན་བཟའ་ཤུལ་ཧར་རེ་ལུས་འདུག་སྟེ། གནས་
སྐབས་དེ་ཉིད་དུ་འཇའ་ལུས་རྡོ་རྗེའི་སྐུ་བརྙེས་པས། སྔར་བླ་མ་མཁའ་སྤྱོད་པ་ཞེས་མཚན་ཐོགས་པ་ཡང་དོན་དང་ལྡན་པར་སོང་ངོ༌། །དེ་ལྟར་ན་སྐྱེས་བུ་དམ་པ་དེ་མཁའ་སྤྱོད་དུ་གཤེགས་པའི་གནས་འདི་ཡིན་ཅིང༌། དེ་རྗེས་སུ་སྐྱེས་བུ་དམ་པ་བསམ་གྱིས་མི་ཁྱབ་པ་བྱོན་པ་ལགས་སོ། །སྒྲུབ་གནས་ལས་ཀྱང་སྒྲུབ་གནས་མཆོག་གི་ཕུལ། །དབེན་གནས་ལས་ཀྱང་ཡང་དབེན་འཁྱོག་པོའི་བྲག །ངོ་མཚར་ལས་ཀྱང་ངོ་མཚར་རྨད་བྱུང་གནས། །ཉམས་དགའ་ལས་ཀྱང་ཉམས་དགའི་ཏིང་འཛིན་འཕེལ། །ལུང་པའི་མཐིལ་གྱི་རི་དང་ས་གཞི་དང༌། །ཆུ་རྣམས་འདུས་པ་ཨེ་ཡིག་ཆོས་འབྱུང་འདྲ། །བར་གྱི་ཆ་ནི་པདྨ་རྒྱས་པ་བཞིན། །དྲི་མེད་ནམ་མཁའི་ངོས་ནི་འཁོར་ལོ་འདྲ། །ཤར་རི་རིན་ཆེན་འབྲས་བུའི་ཕུང་པོ་དང༌། །ལྷོ་ཡི་རི་ནི་རྒྱལ་བ་ཚེ་དཔག་མེད། །ནུབ་དང་བདེན་བྲལ་རྣལ་འབྱོར་མ་དཔལ་དབྱིབས། ། བྱང་གི་ཕྱོགས་ན་མཁའ་འགྲོ་གསང་བའི་ཕུག །རྒྱབ་རི་རིགས་གསུམ་མགོན་པོ ་ལྟ་བུ་ལ། །གཡོན་ནས་རྒྱལ་ཆེན་བཞི་ཡི་ཆོས་ཉན་ཚུལ། །གནས་ཀྱི་ལྟེ་བ་རྡོ་རྗེ་རྩེ་ལྔ་འདྲ། །བྲག་རི་རིན་ཆེན་རྡུལ་མང་བརྩེགས་པའི་སྟེང༌། །བླ་མའི་གཟིམས་ཁང་མཁའ་སྤྱོད་བདེ་ལྡན་ཞེས། །གྲུབ་རིགས་བྱེ་བ་ཕྲག་བརྒྱས་བརྟེན་པ་ཡོད། །རྩ་གསུམ་རྣམ་པར་དག་པ་མཚོན་བྱེད་དུ། །བདུད་རྩི་ལྟ་བུའི་ཆུ་རྒྱུན་གསུམ་
ཡང་འབབ། །བསིལ་དང་དྲོ་དང་བསིལ་དྲོད་སྙོམས་པ་སྟེ། །ནུས་པའི་ཁྱད་པར་རྩ་དང་མཚུངས་པ་ཡིན། །གནས་མཆོག་འདི་རུ་ཕྱག་དང་བསྐོར་བ་དང༌། །བྱིན་རླབས་སྒྲུབ་ཆུ་འཐུངས་དང་ཁྲུས་བྱས་པ། །དེ་དག་ཐམས་ཅད་བདེ་འགྲོ་བཟང་པོར་འགྲོ །ལན་གཅིག་ཙམ་གྱིས་བར་ཆད་སེལ་བ་དང༌། །ལན་མང་བསྐོར་བས་སྡིག་སྒྲིབ་ཐམས་ཅད་འབྱང༌། །གནས་མཆོག་འདི་ཡང་རྒྱལ་བའི་སྤྲུལ་པ་སྟེ། །འབྲེལ་ཚད་དོན་དང་ལྡན་པ་ཨེ་མ་ཧོ། །གནས་ཀྱི་སྲུང་མ་གནོད་སྦྱིན་རྫུ་འཕྲུལ་ཅན། །ཆེ་བཙན་དཔའ་བོ་བྲག་རྗེ་ཞེས་བྱ་བར། །མིང་འདོགས་བསྒྱུར་ནས་བཀའ་ཡི་སྲུང་མ་མཛད། །ལྟ་བ་རྣམ་དག་དབུ་མ་ཆེན་པོ་ལ། །ངེས་པ་རྙེད་ནས་ཟབ་ལམ་མཐར་ཐུག་པ། །རྡོ་རྗེའི་རྣལ་འབྱོར་རྩེ་གཅིག་བསྒོམ་པ་ལ། །རྟག་ཏུ་གཡེལ་བ་མེད་པར་འཕྲིན་ལས་སྒྲུབ། །ལྟ་གྲུབ་གཞན་དང་ཟོག་པོ་ཚུལ་འཆོས་མཁན། །ལོག་སྤྱོད་ཅན་ལ་ཆད་པས་གཅོད་པའི་ཕྱིར། །གནས་འདི་ཤིན་ཏུ་གཉན་ཞེས་གྲགས་པ་བྱུང༌། ཆོས་བཞིན་སྤྱོད་པ་དགེ་བའི་ངང་ཚུལ་ཅན། །བསྡད་པ་ཙམ་གྱིས་ཏིང་འཛིན་ངང་གིས་སྐྱེ། །ཅུང་ཟད་གོམས་ན་ལྷག་པར་བོགས་བསྐྱེད་ཆེ། །ཕྱི་ནང་གསང་བ་དེ་ཁོ་ན་ཉིད་ཀྱི། །དགེ་མཚན་རྟེན་འབྲེལ་ཐམས་ཅད་འདུས་པ་ཡིན། །བླ་མ་ཡི་དམ་མཁའ་འགྲོའི་བྱིན་རླབས་ཀྱིས། །གནས་
འདིར་བཞུགས་དང་གནས་འདི་བསྐོར་བ་སོགས། །རྣམ་དག་ལེགས་ལམ་འབྲེལ་པ་འཇོག་པ་རྣམས། །བདེ་སྐྱིད་ཕུན་ཚོགས་སངས་རྒྱས་འགྲུབ་པར་ཤོག །དེ་དག་ནི་ཕྱིའི་གནས་བཤད་ཡིན་ལ། ནང་གི་རྟེན་བཤད་སོགས་ཇི་ལྟར་འོས་པ་སྦྱར་ཏེ་བཤད་དོ། །འཁྱོག་པོ་རི་ཁྲོད་ཀྱི་གནས་བཤད་དགེའོ། ཞུས་དག། །།
ཤོག་སྟོང་།