རྒྱལ་བའི་སྐུ་གཟུགས་ཀྱི་ཆ་ཚད་བསྟན་པ་བདེ་སྐྱིད་འབྱུང་གནས།
རྒྱལ་བའི་སྐུ་གཟུགས་ཀྱི་ཆ་ཚད་བསྟན་པ་བདེ་སྐྱིད་འབྱུང་གནས་ཞེས་བྱ་བ་བཞུགས།
ཨོཾ་སྭཱ་སྟི། རྒྱལ་བའི་སྐུ་གཟུགས་ཀྱི་ཆ་ཚད་བསྟན་པ་བདེ་སྐྱིད་འབྱུང་གནས་ཞེས་བྱ་བ། སངས་རྒྱས་ལ་ཕྱག་འཚལ་ལོ། །ཕུན་ཚོགས་དགེ་ལེགས་ཀུན་གྱི་གཞིར་གྱུར་པ། །རྒྱལ་བ་སྲས་དང་བཅས་ལ་ཕྱག་འཚལ་ནས། །སྐུ་གཟུགས་ཆ་ཚད་རྣམ་པར་དབྱེ་བ་གང༌། །མདོ་རྒྱུད་རྣམས་ལས་ལེགས་གསུངས་མདོ་ཙམ་བྲི། །དེ་ལྟར་ཡང་དཔལ་འཁོར་ལོ་བདེ་མཆོག་གི་བཤད་རྒྱུད་སྡོམ་པ་འབྱུང་བ་ཞེས་བྱ་བའི་ལེའུ་སུམ་ཅུ་པ་ལས་འདི་སྐད་ཅེས་གསུངས་ཏེ། ལྷ་ཡི་རི་མོ་གཟུགས་དག་གི ཁྱོན་དང་གཟུགས་ཀྱི་མཚན་ཉིད་དོ། །ཚངས་པའི་རི་མོ་གཟུགས་ཀྱི་སྔགས། །ཆ་ལྔ་དག་ནི་གདན་ཡིན་ནོ། །སྐུ་ནི་དུམ་བུ་གསུམ་ཅན་གྱི། །ཞལ་དང་སྙན་དང་ཕྲག་པའོ། །ཞལ་ནི་བཅུ་གཉིས་ཆ་དག་གི །སོར་མོ་བཞི་ནི་མགྲིན་པའོ། །དབུ་དང་སྐྲ་མཚམས་དེ་ཉིད་ལྟར། །སྙན་གཉིས་དག་ལའོ་ལེགས་པར་མཚན། །དཔྲལ་བ་ཤངས་དང་ཞལ་རྣམས་ཀྱིས། །གདོང་ནི་ཆ་གསུམ་རྣམས་ཀྱི་སྟེ། །སྨིན་མའི་མཐའ་དང་ཞལ་སྟེང་གི །སྤྱན་ནི་སོར་གཉིས་དག་གིས་སོ། །དེ་དག་གིས་ནི་དཀྱུས་ཀྱི་ཚད། །སོར་མོ་བཞི་རུ་བཅད་པའོ། །དབུས་ཀྱི་མགྲིན་པ་ཞེས་དབུས་ཀྱིས། །
ནོར་ལྷའི་ཆ་ལས་ཐལ་མོ་གཉིས། །སྙིང་ག་དང་ནི་ལྟེ་བའི་གནས། །ཐལ་མོ་གཅིག་ཅེས་ཐམས་ཅད་དོ། །ནུ་མའི་བར་ནི་ཐལ་མོ་སྟེ། ནུ་མ་དག་ལས་བྲང་མཐིལ་བཞིན། །ཕྱག་ནི་ཐལ་མོ་གསུམ་པ་སྟེ། །འདིའི་ཕྱག་མགོ་གཉིས་ཐལ་མོ། །སོར་མོ་བཞི་དང་ལྡན་པ་ཡི། །བརླ་དང་བྱིན་པ་ཡང་དག་ལྡན། །ཆ་ཤས་སོར་མོ་བཞི་ཡིན་ཏེ། །དེ་བཞིན་ཉིད་དུ་ཞབས་ཐལ་མོ། །མཐིལ་དང་ཐལ་མོ་བཅུ་གཉིས་ཀྱི། །ལྷ་ཡི་གཟུགས་ནི་བྲི་བ་ལ། །སོར་མོ་བཞི་ཡི་ལྷག་མ་ནི། །གདན་ནི་སོར་མོ་བརྒྱད་ཀྱིས་སོ། །གདན་དང་གདན་གྱི་འབྲེལ་བ་ཡིས། །གཉིས་ཀྱི་སོར་དང་སོར་མོའོ། །སྙིང་པོ་ཟླ་བའི་དཀྱིལ་འཁོར་ཏེ། །མཚོན་ཆ་ན་བཟའ་ལ་སོགས་བྱ། །ཟབ་མོ་རྡོ་རྗེའི་ལྷ་དག་ནི། །ཐལ་མོ་བཅུ་གཉིས་མཚན་ཉིད་དོ། །དམའ་པའི་ཆ་ལ་སོགས་པའི་ཆ། །ཉེ་བར་མཛེས་ཤིང་མཛེས་པ་བྲི། །དེ་ཡང་ཁྱོན་ནི་ཐལ་མོ་སྟེ། །ཕྱག་གཉིས་དག་ནི་མཚུངས་པ་ཡིས། །སྤང་བར་བྱ་བ་སོར་མོ་གཉིས། །ཞི་བའི་ལྷ་ནི་བྲི་བ་ལའོ། །རྟག་ཏུ་གསུས་པ་དགའ་བར་བྱ། །དོར་བར་བྱ་བ་སོར་མོ་གཉིས། །མཚམས་དང་མཚམས་ལ་ཐམས་ཅད་དུ། ཁྲོ་བོ་ཁྲོ་མོ་དབང་ལྷ་མོ། །བྲན་དང་བྲན་ནི་ཅི་བགྱི་མ། །དྲག་ཅིང་འཇིགས་
སུ་རུང་བའི་གཟུགས། །ཐལ་མོ་བཅུར་ནི་མངོན་པར་བྲི། །གཟུགས་མཛེས་ཡིད་དུ་འོང་བ་ནི། །ཐལ་མོ་དགུ་པར་མངོན་པར་བྲི། །ཞེས་གསུངས་ཤིང༌། མཛེས་ཤིང་ཉེ་བར་མཛེས་པ་བྲི། །ཞེས་པའི་རྒྱས་བཤད་དུ། རིང་བ་གསུམ་ནི་སྐྱོན་ཆེ་སྟེ། །ཨོས་ཀོ་མགྲིན་པ་བྱིན་པའོ། །སྣ་དང་རྣ་བ་སོར་མོ་སོགས། །གསུམ་པོ་ཐུང་བ་ཉེས་པ་ཆེ། །བྱིན་པ་ཞབས་སོགས་མཁུར་བ་དག །གསུམ་པོ་སྦོམ་པ་སྐྱོན་ཆེན་ཏེ། །འགྲམ་པ་བྲང་དང་རྩིབ་ལོགས་གསུམ། །ཞོམ་པ་ཉེས་པ་ཆེན་པོའོ། །ནུ་མ་རྣ་བ་དཔྲལ་བ་གསུམ། །མཁྱོག་པ་ཉེས་པ་ཆེན་པོ་སྟེ། །བརླ་དང་དཀུ་དང་ནང་ཚོམས་གཉིས། །གསུམ་པོ་ཞོམ་པ་སྐྱོན་ཆེའོ། །མིག་གཡོན་སྣ་དང་རྣ་བ་དང༌། །མཆུ་དང་དཔྲལ་བ་དག་ཉམས་ན། །ཞེས་སོགས་དང༌། རྒྱབ་ཡོལ་དང་ནི་གདུགས་དང་གདན། །གསུམ་པོ་ཆུང་ཞིང་དོག་པའི་སྐྱོན། །ཞེས་ཀྱང་གསུངས་ལ། དེ་བཞིན་དུ། མཚན་ཉིད་ཐམས་ཅད་ཡང་དག་རྫོགས། །གཟུགས་མཛེས་ཆོ་ག་མཐོང་བ་སྟེ། །ཞི་བ་ལ་ནི་ཞི་བའི་གཟུགས། །དྲག་ཅིང་འཇིགས་རུང་དྲག་པོ་སྟེ། །དཔའ་ཞིང་ང་རྒྱལ་སྐུ་དཔའ་བོ། །བཞད་པའི་ཞལ་ནི་སྒེག་པ་སྟེ། །ཞེས་གསུངས་སོ། །དེ་ལ་ཚིག་རྐང་དང་པོ་གཉིས་མདོར་བསྟན་ཏེ། ཁྱོན་ཞེས་བྱ་བ་ནི་དཀྱུས་དང་ཞེང་ངོ༌། །ཚངས་པའི་རི་མོ་ནི། ཚངས་ཐིག་སྟེ། སྐུ་གཟུགས་འདྲི་བའི་སྔོན་ལ་འདེབས་དགོས་ཞེས་པ་ཡིན་ནོ། །ཆ་ལྔ་གདན་ཞེས་པ་ནི། སྐུ་གཟུགས་བཞུགས་པ་རྣམས་ཀྱི་དབང་དུ་བྱས་པའི་གདན་གྱི་ཆུང་མཐའ་བཤད་པ་ཡིན་ལ། སྐུ་དུམ་བུ་གསུམ་ཞེས་བྱ་བ་ནི། གཙུག་ཏོར་ནས་ལྐོག་མའི་མཐའ་དང༌། དེ་ནས་བྲང་ཞོལ་གྱི་མཐའ་དང༌། དེ་ནས་གསང་བའི་བར་ཆ་མཉམ་པའོ། །ཞལ་དང་མཉམ་པ་ཕྲག་པ་
ཞེས་པ་ནི། མགྲིན་པའི་མས་སྣ་ནས་གཡས་ གཡོན་དུ ་དཔུང་པའི་རྩེ་མོའི་བར་ལ། ཞལ་རས་ཀྱི་ཁྱོན་དང་མཉམ་པའི་ཚད་ཅེས་པ་སྟེ་རགས་རྩིས་སོ། །ཞལ་གང་གི་བཅུ་གཉིས་ཆ་ལ་སོར་ཞེས་བྱ་སྟེ། མགྲིན་པ་དང་ཐོད་དཔངས་དང༌། སྙན་གྱི་དཀྱུས་དང༌། དཔྲལ་བ་དང་ཤངས་དང༌། ཞལ་གྱི་ས་རྣམས་ནི་སོར་བཞིའོ། །ཞལ་རྣམས་ཀྱི་ཞེས་པའི་སྐབས་འདིར་ཞལ་ཞེས་བྱ་བ་ནི་ཁ་ཏེ། ཞལ་གྱི་ས་ནི་སྣ་རྩེའི་འོག་ནས་སྐོས་སྐོའི་རྩེ་མོའི་བར་རོ། །དབུ་དང་སྐྲ་མཚམས་ཞེས་བྱ་བའི་དོན་ནི། དབུ་དང་སྐྲའི་གནས་ཞེས་སྒྱུར་ཏེ། དབུའི་གནས་སམ་སྐྲའི་གནས་ནི། ཐོད་ངས་དཔངས་ཡིན་ལ། བོད་སྐད་དང་བསྟུན་ན། དབུའི་སྐྲ་མཚམས་སམ་དབུའི་སྐྲ་གནས་ཞེས་སྒྱུར་ན་ལེགས་སོ། །སྤྱན་གྱི་ཞེང་ནི་སོར་གཉིས་ཞེས་བཤད་པ། སྨིན་མའི་མཐའ་ཏེ་སྨིན་རུས་ཀྱི་འོག་དང༌། ཞལ་རས་ཏེ་མཁུར་ཚོས་ཀྱི་རུས་པའི་སྟེང་དུ་ཞཻས་པ་སྟེ། དེ་གཉིས་ཀྱི་བར་ཡས་བྱིབས་ཀྱི་ཞེང་རགས་རྩིས་སུ་སྟོན་པ་ཡིན་གྱི། སྤྱན་གདངས་པའི་བར་གྱི་ཞེང་སྟོན་པ་མ་ཡིན་ནོ། །སྨིན་མའི་མཐའ་ཞེས་པའི་མཐའ་ནི་འོག་གི་མཐའ་ཡིན་ལ། སྨིན་མ་དང་སྤྱན་དེ་དག་གི་དཀྱུས་ནི་སོར་བཞིའོ། །དབུས་ཀྱི་མགྲིན་པ་ཞཻས་དབུས་ཀྱི་ཞཻས་པ་ནི། མགྲིན་པའི་མཐིལ་གྱི་དབུས་ནས་ནི་ཞེས་བསྒྱུར་ན་བདེ་སྟེ། མཐིལ་དང་དབུས་སྐད་དོད་གཅིག་ཅིང༌། མཐིལ་གྱི་དོན་ཡང༌། ས་གཞི་དམའ་བ་ལ་ས་མཐིལ་ཞེས་བརྗོད་པ་ལྟར་འོག་གི་ཆའི་མིང་ངོ༌། །ནོར་ལྷ་ནི་བརྒྱད་དེ་མགྲིན་པ་ལུས་མ་གཞི་དང་འབྲེལ་མཚམས་ཀྱི་སྦོམ་སར་དབུས་ནས་ཕྱེད་གཤགས་སུ་གཞལ་ན་ཆ་ཆུང་བརྒྱད་ཡོད་དོ་ཞེས་པའི་དོན་ནོ། །དེ་བཞིན་དུ་ཐལ་མོ་གཉིས་ནི་རིམ་པ་བཞིན། མགྲིན་པ་ནས་སྙིང་ཁའི་
བར་དང་སྙིང་ག་ནས་ལྟེ་བའི་བར་རོ། །ཐམས་ཅད་ཅེས་པ་ནི་གསང་བ་སྟེ། ལྟེ་བ་ནས་དེའི་བར་ལའང་ཐལ་མོ་གཅིག་གོ །ནུ་མ་གཉིས་ཀྱི་ས་གཞིའི་བར་ནི། ཐལ་མོ་གཉིས་ཏེ་ནུ་མ་ལས་གཡས་ གཡོན་དུ ་བྲང་གི་མཐིལ་དང་མཉམ་པར་ཐལ་མོ་རེ་རེས་གཞལ་བ་ནི། རགས་པར་ན་རྩིབ་ལོགས་ཀྱི་ཚད་ཡིན་པས་གཡས་ གཡོན་དུ ། རྒྱབ་ཀྱི་རུས་པ་ལ་རེག་པར་འགྱུར་རོ་ཞེས་དགོངས་སོ། །དཔུང་པའི་ཚིགས་ནས་འཁྲིག་མའི་བར་དུ་ཕྱག་ཐལ་མོ་གསུམ་གྱི་ཚད་ཡིན་ལ། ཕྱག་མགོ་ཡང་ཐལ་མོ་གཅིག་ཡིན་ནོ། །པུས་མོའི་མཚམས་སུ་སོར་མོ་བཞི་དང་ལྡན་པ་བྱས་ནས། དེ་བོར་བའི་ལྷག་མ་བརླ་དང་བྱིན་པ་སྡོམས་པ་ཡང༌། ཕྱག་དང་རིང་ཐུང་མཉམ་པར་ལྡན་པའི་དོན་ཏེ། ཕྱག་ལ་ཞལ་ཚད་བཞི་ཡོད་པ་བཞིན་དུ། བརླ་ལ་གཉིས་དང༌། བྱིན་པ་ལ་གཉིས་ཡོད་པ་སྡོམས་ན་ཡང་བཞི་ཡོད་པས་སོ། །ཆ་ཤས་སོར་མོ་བཞི་ཞེས་པ་ནི་གསང་བའི་ཡས་མཐའ་ན་བརླའི་བར་ལ། སོར་བཞིའི་ས་ཡོད་པ་ལ། དབུས་སུ་གསང་གནས་ཀྱི་དབྱིབས་དང༌། གཡས་ གཡོན་དུ ་དཔྱི་མཚམས་འབྱུང་བའི་གནས་སོ། །འདི་ནི་དབུས་སུ་སྐུ་གཟུགས་མ་མོའི་ཆ་ཤས་དང༌། གཡས་ གཡོན་དུ ་ཞབས་ཀྱི་ཆ་ཤས་ཡོད་པས་ཆ་ཤས་ཞེས་བཏགས་སོ། །དེ་བཞིན་ཉིད་དུ་ཞབས་ཞེས་པས། ལོང་བུའི་ཚིགས་མཚམས་ནས་བཅལ་ན་ཞབས་མགོའི་སྤངས་ལ་སོར་བཞི་ཡིན་ལ། ཞབས་ཐལ་མོ་ཞཻས་པ་ནི་ཞབས་མཐིལ་གྱི་དཀྱུས་ཚད་སྟོན་པ་སྟེ། རྟིང་པའི་ཕྱོགས་སོར་གཉིས་འཕགས་པ་ཡིན་ལ། རྟིང་པ་དོར་བའི་ཐལ་མོའོ་ཞེས་ཁ་ཅིག་བཞེད་ལ། གཞན་དག་སོར་མོ་མི་ཐེ་བའི་དབང་དུ་བྱས་སོ་ཞེས་བཞེད་པ་གཉིས་ཀ་དུས་འཁོར་དང་བསྟུན་པར་སྣང་བ་འདོད་པ་གཉིས་པོ་དག་གི་ཕྱི་མ་
ལེགས་ལ། འོན་ཀྱང་འདི་ནི་ཞབས་མགོའི་དཀྱུས་ཡོངས་རྫོགས་སོ། །རྟིང་པ་སོར་བཞི་ཕྱིར་འཕགས་པར་གཞན་ལས་བཤད་པ་ནི་སེགས་ལ་ཡོད་པའི་དབང་དུ་བྱས་ལ། ཞབས་མཐིལ་གྱི་ངོས་ནས་བརྩམས་ན་སོར་གཉིས་ཡིན་ཅིང༌། འོན་ཀྱང་སོར་མོ་བརྒྱ་ཉི་ཤུ་པའི་ཕྱོགས་ལ་སོར་གཉིས་སུ་མ་ལོངས་ཙམ་གྱི་ཚད་དུ་བྱས་ན་ལེགས་པར་མངོན་ནོ། །དེ་ཡན་ཆད་ཆ་ཚད་སྤྱི་ལྡོག་ནས་བཤད་པ་ཡིན་ལ། མཐིལ་དང་ཐལ་མོ་བཅུ་གཉིས་ཀྱི་ཞེས་པ་ནས། ཉེ་བར་མཛེས་ཤིང་མཛེས་པ་བྲི། །ཞེས་པའི་བར་ནི་གདན་དང་ཐོར་ཚུགས་ཀྱང་བསྣན་པའི་དབང་དུ་བྱས་ནས་ཐལ་མོ་བཅུ་གཉིས་པའི་མཚན་ཉིད་སྟོན་བྱེད་དོ། །འདི་ཡང་ལོ་ངོ་ལོ་གྲངས་སུ་རྩིས་པ་དང་འདྲ་བའི་རྣམ་གྲངས་ཙམ་གྱི་སྒོ་ནས་བཤད་པ་ཡིན་གྱི། ཡང་དག་པར་ན་གདན་དང་ཐོར་ཚུགས་སྦྲགས་པ་ལ་ཐལ་མོ་བཅུ་གཅིག་དང་སོར་བརྒྱད་རིང་མཐའ་ཡིན་ནོ། །སོར་མོ་བཞི་སོགས་ནི། སོར་མོ་བཞི་ཡིས་ལྷག་པ་ཡི། །སོར་མོ་བརྒྱད་ནི་གདན་ཡིན་ནོ། །ཞེས་བསྒྱུར་ན་བདེ་སྟེ། སོར་བརྒྱད་འཇིགས་བྱེད་དུས་མཚན་སོགས་རོ་གདན་གྱི་དཔངས་དང་སོར་བཞི་པད་ཉིའོ། །གདན་དང་སོགས་ཀྱི་དོན་ནི་གདན་དངོས་ཉི་གདན་དང་པདྨའི་གེ་སར་སྦྲགས་པ་ལ་སོར་གཉིས་དང༌། པདྨའི་འདབ་མ་ལ་སོར་གཉིས་ཀྱི་དཔངས་སོ། །སྙིང་པོ་ཟླ་བའི་དཀྱིལ་འཁོར་ཞེས་པ་ནི། ཉི་མ་ལ་ཡང་འདྲ་སྟེ། ཉི་ཟླ་གང་རུང་དང་པདྨའི་སྙིང་པོ་སྟེ་གེ་སར་ལ་སོར་རེ་རེ་ཞེས་པའི་དོན་ཏེ། རྒྱུད་འདི་ལས། དངོས་བསྟན་ལ་ཐོར་ཚུགས་ཀྱི་ཚད་གསལ་བར་མ་གསུངས་སོ། །པད་ཉིའི་གདན་གྱི་དཔངས་ནི། ཆུང་མཐའ་ནས་ཚད་བཟུང་བ་ཡིན་པས། འདི་བས་ཀྱང་ཆེ་བ་བྱར་
རུང་ངོ༌། །ཟབ་མོ་རྡོ་རྗེའི་ལྷ་ཞེས་བྱ་བ་ནི་སྔགས་ཀྱི་དཀྱིལ་འཁོར་གྱི་གཙོ་བོ་རྣམས་སོ། །དེས་ན་རྒྱུད་འདིའི་དངོས་བསྟན་ལ། སོར་མོ་བརྒྱ་ཉི་ཤུ་པའི་ལྷ་ཉིད་གཙོ་བོར་གསུངས་པ་ཡིན་གྱི། བརྒྱ་ཉེར་ལྔ་པ་གསུངས་པ་མེད་དོ། །དམའ་བའི་ཆ་ལ་སོགས་པ་ཞཻས་པ་ནི། དམའ་བ་དང་མཐོ་བ་ཕྲ་བ་དང་སྦཽམ་པ་སོགས་ཏེ་མདོར་ན་གོ་བ་ཆགས་པས་དོན་དང་མཐུན་པའི་ཀ་བ་སྐྱེད་གཏོང་བ་དང༌། གྲིམས་ལྷོད་དང་འགྱིང་ཁུགས་སོགས་ཤིན་ཏུ་ཉམས་དོད་པར་བྱའོ་ཞཻས་པའི་དོན་ནོ། །ཕྱག་གཉིས་དག་ནི་སོགས་ཕྱག་གཡས་གཡོན་གཉིས་ལ་སྔར་གྱི་ཚད་ལས་སོར་མོ་གཉིས་གཉིས་ཕྲི་བ་དང༌། དེ་ཡང་ཐལ་མོ་ཞེས་སོགས་ལ་གསུངས་པ་དགའ་བ་ནི་གསུས་པ་འཕྱང་བའི་རྒྱས་པའོ། །དོར་བར་བྱ་བ་སོར་མོ་གཉིས་ཞེས་པ་གསུས་པའི་མཚམས་སུ་ཡང་སོར་གཉིས་ཕྲིའོ། །ཞེས་པའི་ཚིག་ཏུ་སྣང་བས། སོར་མོ་བརྒྱ་ཉི་ཤུ་པ་ལས་ཕྲི་ནས་ཞི་བ་ལ་སོར་བརྒྱ་རྩ་བརྒྱད་པ་དང༌། ཁྲོ་བོ་ལ་སོར་དགུ་བཅུ་རྩ་དྲུག་པ་སྟོན་བྱེད་ཡིན་པར་མངོན་ཏེ། འབྲིད་འབྲི་ཚུལ་ཕྱོགས་མཚོན་ཙམ་གསུངས་པ་ཡིན་ནོ། །དེ་ལས་གཞན་དུ་སྤངས་བར་བྱ་བ་སོར་མོ་གཉིས་ཞེས་དང་དོར་བར་བྱ་བ་སོར་མོ་གཉིས་ཞེས་སོགས་ཀྱིས་སོར་བརྒྱ་ཉེར་ལྔ་པ་ནས་བརྒྱ་ཉི་ཤུ་པར་ཇི་ལྟར་འབྲི་བའི་ཚུལ་སྟོན་པ་ཡིན་ན། འོག་ཏུ་ཐལ་མོ་བཅུ་པ་དང་ཐལ་མོ་དགུ་པར་འབྲི་ཞེས་པ་ཙམ་ལས། ཇི་ལྟར་འདྲི་བའི་ཚུལ་མ་བསྟན་པར་འགྱུར་རོ། །དེས་ན། དེ་ཡང་ཁྱོན་ནི་ཐལ་མོ་སྟེ་ཞེས་སོགས་ཤོ་ལོ་ཀ་གཅིག་དང༌། གཟུགས་མཛེས་ཡིད་དུ་འོང་བ་ནི། ཐལ་མོ་དགུ་པར་མངོན་པར་འདྲི། ཞེས་པ་སྦྱར་ནས་ཞི་བ་འགའ་ཞིག་དང༌། ཡིད་ཙམ་ཁྲོ་བ་ལ་སོགས་པ་
རྣམས་དང༌། དེ་ཡང་ཐལ་མོ་ཞལ་བྱས་ནས་ཞེས་སོགས་ཤོ་ལོ་ཀ་གཉིས་ཀྱིས་ཆེས་ཁྲོས་པ་དྲག་པོའི་སྐུའི་མཚན་ཉིན་བཤད་ལ། འདིར་ཁྲོ་བོ་ཁྲོ་མོ་ཞལ་ཚད་མཉམ་པར་བཤད་པས། སེམས་དཔའ་ཡབ་ཡུམ་ཡང་ཞལ་ཚད་འདྲ་བར་རིགས་པ་དང༌། གཟུགས་མཛེས་ཡིད་དུ་འོང་བ་ནི། ཞེས་པ་འདི་ཞི་བ་ཕོ་ལའང་ཚང་དགོས་པས། ལྷ་མོ་ཁོ་ན་ལ་མི་གཟུང་སྟེ། དེ་ལྟར་ན་མཛེས་པའི་མཐར་ཐུག་དང་ཡིད་དུ་འོང་ཤོས་སོར་བརྒྱ་ཉེར་ལྔ་པ་དང་ཉི་ཤུ་པ་ཡིན་ཀྱང༌། འདིར་མཛེས་པ་སྨོས་པ་ནི་ཐལ་མོ་བརྒྱད་པ་སོགས་མི་སྡུག་པ་ཤས་ཆེ་བ་ཡིན་པས། ཞི་བ་འགའ་ཞིག་དང་རོལ་པའི་ཁྲོ་བོ་མཛེས་ཆ་ཆེ་བ་བྱེད་ན་དགུ་པ་ལས་ཐུང་བ་མི་རུང་ངོ་ཞེས་གོ་བའི་ཕྱིར་རོ། །དེ་ཡང་ཁྱོན་ནི་ཐལ་མོ་སྟེ་ཞཻས་པ་དང༌། དེ་ཡང་ཐལ་མོ་ཞལ་བྱས་ཏེ་ཞཻས་པའི་དོན་ནི། རང་རང་གི་ལུས་ཀྱི་བརྒྱད་ཆ་དང་དགུ་ཆ་ལ་ཞལ་གྱི་ཐ་སྙད་དུ་བཞག་ཅེས་པའི་དོན་ཡིན་ལ། མཚམས་དང་མཚམས་ལ་ཐམས་ཅད་དུ། ཞཻས་པ་ནི་སྔར་གྱི་ཆ་ཚད་ཀྱི་སྟེང་ནས། སྐུའི་ཆ་སོ་སོའི་མཚམས་ཐམས་ཅད་ནས་ཕྲི་ཏེ་བྲི་བར་བྱ་ཞེས་པ་སྤྱིར་སྟངས་མདོར་བསྟན་ཡིན་གྱི། སོ་སོའི་ངེས་བཟུང་རྣམས་སྐབས་འདིར་གསལ་བར་མ་བསྟན་ཏོ། །དེས་ན་རི་མོ་མཁན་ཚུགས་སྦྱོང་བ་ལ། ཚད་གསུམ་པོ་དེ་དག་ལྷ་རིགས་སོ་སོ་ལ་སྦྱོར་ན་ནི། ཧེ་རུ་ཀ་ལ་སོགས་པ་དེ་བཞིན་གཤེགས་པ་ཁྲོ་བོ་རྣམས་དང༌། སངས་རྒྱས་སྤྱན་མ་ལ་སོགས་པ་དེ་བཞིན་བཤེགས་མ་རྣམས་ཀྱང་དེ་བཞིན་གཤེགས་པ་ཞི་བ་རྣམས་དང་རགས་ཚད་ཕལ་ཆེར་འདྲ་བས། ཞེང་དུ་སོར་བརྒྱ་ཉི་ཤུ་པ་དང༌། རྡོ་རྗེ་ཁྲོ་མོ་རྣམས་ཀྱང་རྡོ་རྗེ་ཁྲོ་བོ་བཞིན་དུ་སོར་དགུ་བཅུ་གོ་དྲུག་པ་དང༌། རོལ་པའི་ཁྲོ་མོ་ཕལ་པ་དང༌། བྱང་ཆུབ་སེམས་
མ་རྣམས་ཀྱང༌། རོལ་པའི་ཁྲོ་བོ་ཕལ་པ་དང༌། བྱང་ཆུབ་སེམས་དཔའ་རྣམས་བཞིན་དུ། སོར་བརྒྱ་ཉི་ཤུ་པ་ནས་སོར་བརྒྱ་རྩ་བརྒྱད་པའི་བར་ཇི་ལྟར་འོས་འོས་སུ་སྦྱར་ན་དོན་དང་མི་འགལ་ཞིང་རྣམ་གྲངས་ཙམ་དུ་ལེགས་པར་འགྱུར་མོད། སྤྱིར་ནི་སོ་སོ་ལ་མི་སྦྱོར་བར་ཞི་བ་རྣམས་ཐལ་མོ་བཅུ་པའམ་ཐལ་མོ་དགུ་པ་གང་རུང་འབྲི་ལ། མིའུ་ཐུང་གི་རྣམ་པ་མ་ཡིན་པའི་ཁྲོ་བོ་རྣམས་ཀྱང༌། ཐལ་མོ་བཅུ་པ་ནས་བརྒྱད་པའི་བར་གང་ཡང་རུང་བར་བྲི་བར་བྱའོ། །ཞེས་པ་ནི་རྒྱུད་ཀྱི་དགོངས་དོན་ནོ། །གདན་བཞིའི་བཤད་རྒྱུད་མནྡྲ་ཨཾ་ས་ལས་གསུངས་པའང་འགྱུར་ཁྱད་མ་གཏོགས་ཕལ་ཆེར་འདི་དང་འདྲ་ལ། ཞལ་ཚད་དགུ་པ་གསལ་པོར་མ་གསུངས་སོ། །སྐབས་འདིར་དཔྱད་པར་བྱ་བའི་གནས་ནི་སྡོམ་འབྱུང་གི་འབྲེལ་པ་པདྨ་ཅན་ཞེས་བྱ་བ་སློབ་དཔོན་རཏྣ་རཀྵི་ཏས་མཛད་པ་ལས་ནི། ཆ་ལྔ་དག་ནི་གདན་ཞེས་པ། ཞབས་གཡས་བརྐྱང་གཡོན་བརྐྱང་གི་སྟབས་ཁོ་ན་ལ་འཆད་པ་དང༌། དུམ་བུ་གསུམ་ཅན་ཞེས་པའང་འགྱིང་སུམ་འཁྱོགས་ལ་འཆད་པ་དང༌། ཞལ་དང་མཉམ་པའི་ཕྲག་པ་ཞེས་པ། ཞལ་དང་ཕྲག་པ་གཉིས་ལ་ཡང་ཞེས་སྟོན་ནས། འགྱིང་དེའི་རྣམ་འགྱུར་དུ་འཆད་པ་དང༌། ཐལ་མོ་བཅུ་གཉིས་ས་བཅུ་གཉིས་རྣམ་པར་དག་པ་དང༌། གདན་དང་གདན་གྱི་འབྲེལ་བ་ཞེས་པའི་དོན་གྱི་རྣམ་གྲངས་གཅིག་ལ། རལ་པའི་ཅོད་པན་དུ་འཆད་པ་དང༌། སྙིང་པོར་ཟླ་བའི་དཀྱིལ་འཁོར་ཞེས་པ་ཟླ་ཕྱེད་ལ་འཆད་པ་དང༌། དབུ་དང་སྐྲ་མཚམས་དེ་ཉིད་ལྟར་ཞེས་སོགས་ལ། དུས་འཁོར་ནས་གསུངས་པ་ལྟར་སོར་ཕྱེད་བཅུ་པོ་བསྣོན་པའི་ལུགས་མཛད་པ་དང༌། དེ་བཞིན་ཉིད་དུ་ཞབས་ཐལ་མོ་ཞེས་པ་ཡན་ཆད། སངས་རྒྱས་ཆགས་བྲལ་གྱི་ཆ་ལུགས་ཅན་དང༌།
འཁོར་ལོས་སྒྱུར་བ་དང༌། ཧེ་རུ་ཀ་སོགས་ཐམས་ཅད་ཀྱི་སྤྱིའི་མཚན་ཉིད་སྟོན་བྱེད་དུ་མི་མཛད་པར། ཧེ་རུ་ཀའི་རིགས་ཁོ་ན་ལ་སྦྱོར་བ་དང༌། དེ་ཡང་ཁྱོན་ནི་ཐལ་མོ་སྟེ་སོགས་སོར་བརྒྱ་ཉི་ཤུ་རྩ་ལྔ་པའི་ལྷ་ལས། སོར་ཕྱེད་བཅུ་སྤོང་ཚུལ་བསྟན་པས། སོར་བརྒྱ་ཉི་ཤུ་པ་སྟོན་གསུང་བ་དང༌། ཐལ་མོ་དགུ་པ་ནི་ལྷ་མོ་ཁོ་ན་ཡིན་ཅིང༌། ལྷ་མོ་ཞི་བ་ཡིན་ཕྱིན་ཆ་ཚད་གཅིག་ཁོ་ནར་བྱས་པས། དེ་བཞིན་གཤེགས་མ་དང་བྱང་ཆུབ་སེམས་མ་ལ་ཁྱད་པར་མེད་པར་བཞེད་པ་དང༌། ཉེ་བར་མཛེས་ཤིང་མཛེས་པ་བྲི། ཞེས་པ་ཡན་ཆད་ཀྱི་གཞུང་རྣམས་སོར་བརྒྱ་ཉེར་ལྔ་པ་ཁོ་ནར་སྐྱོགས་བཤད་མཛད་པ་རྣམས་ནི། སྤྱིར་རི་མོ་མཁན་ལག་ལེན་བྱེད་པའི་སྐབས་སུ་འགལ་བ་ཆེར་མེད་པ་སྲིད་ནའང༌། རྒྱུད་ཀྱི་གཞུང་དོན་ལ་ཞུགས་པའི་བཤད་པར་ཡེ་མི་སྣང་ངོ༌། །འགྲེལ་པ་དེའི་ནག་འབྱམས་ཀྱི་སྐབས་སུ། སོར་བརྒྱ་ཉི་ཤུ་རྩ་དྲུག་པའང་བཤད་པ་ལ་ཁ་ཅིག་ནོར་བར་སེམས་མོད་ཀྱི། དེ་ཙམ་དང་རགས་རྩིས་ཀྱི་དབང་དུ་མཛད་པ་ཡིན་པས་བརྒྱ་ཉེར་ལྔ་དང་མི་འགལ་ལ། བདེ་མཆོག་གི་ཞལ་བཞི་ལ་དབྱིབས་དང་ཉམས་ཐ་དད་སྦྱོར་བ་དང༌། ཕྱོགས་སྐྱོང་དང་དྲག་པོའི་གཟའ་ལ་སོགས་པ་རྣམས་ལ། ཐལ་མོ་དགུ་པ་དང་བརྒྱད་པ་བགོ་བཤའ་མཛད་པ་དང༌། རོ་ལངས་ཞལ་ཚད་བཅུ་གཉིས་པར་མཛད་པ་སོགས་ནི། རྣམ་གྲངས་དེ་ལྟར་བྱས་ན། ཚུལ་དང་མི་མཐུན་པ་མེད་ལ། དེ་ཕྱིན་རི་མོ་མཁན་རྣམས་ཚུགས་སྦྱོང་བ་ལ་མཁོ་བར་དགོངས་ནས་དེ་ལྟར་བཤད་པ་ཡིན་གྱི། མཐའ་ཅིག་ཏུ་ངེས་པར་སློབ་དཔོན་དེའི་བཞེད་པ་ཡང་མ་ཡིན་ནོ། །འགྲེལ་པ་འདི་དང༌། ཀྲྀ་ཡ་ས་མུཙྩ་ནས་བཤད་པའི་ཆ་ཚད་རྣམས་ཕལ་ཆེར་འདྲ་ཞིང༌། སྔ་མའི་འབྲུ་
བཤད་རྒྱུད་ཀྱི་ཚིག་དོན་ལ་མ་ཞུགས་པའང༌། པཎྜི་ཏ་རང་ཉིད་མི་མཁས་པའི་སྐྱོན་མ་ཡིན་གྱི། དུས་དེ་ཙམ་ན་མ་ག་དྷ་དང༌། བལ་པོའི་ཡུལ་གྱི་རི་མོ་མཁན་རྣམས་ལ་ཇི་ལྟར་གྲགས་པ་དེ་ལྟར་དཔྱད་པ་མེད་པར་བཀོད་པ་ཡིན་ནོ། །ལུགས་དེ་ཤེས་པར་འདོད་ན་འགྲེལ་པ་དེ་ཉིད་དང་ཀྲི་ཡ་ས་མུཙྩར་ཤེས་པར་བྱ་དགོས་མོད། ཁོ་བོ་ཅག་ནི་དེ་དག་གི་འདོད་པ་ཇི་ལྟ་བ་བཞིན་ཏེ། རང་ལུགས་ལ་མི་འདོད་པས་ལུགས་དེ་རྒྱས་པར་མི་འཆད་དོ། །ད་ནི་དཔལ་དུས་ཀྱི་འཁོར་ལོ་ལས་ཇི་ལྟར་འབྱུང་བ་དགོད་པར་བྱ་སྟེ། རྒྱལ་བའི་བདག་པོའི་གཙུག་ཏོར་ནས་ནི་མཛོད་སྤུའི་དབུས་སུ་བྱེད་དང་བཅས་པ་ཉི་མའི་སོར་དུ་འགྱུར། །དེ་ནས་མགྲིན་པའི་ཆུ་སྐྱེས་དེ་བཞིན་སྙིང་ག་དང་ནི་དེ་ནས་ལྟེ་གསང་ཆུ་སྐྱེས་དེ་བཞིན་ནོ། །ཞབས་ཀྱི་མཐིལ་དང་རྗེ་ངར་བརླ་དང་དཔྱི་ཡང་མ་ནུ་དེ་ཉིད་དེ་ཉིད་རིག་བྱེད་རྣམས་ཀྱི་སྟེ། །བྲང་ཕྱེད་ཕྱེད་བཅས་ཉི་མས་རང་དཔུང་དཔུང་ལག་རྣམས་ནི་མཁའ་མིག་རྒྱལ་པོ་ཉི་མའི་ཚད་ཀྱིས་སོ། །ཉི་ཤུ་རྩ་ལྔ་ལྷག་པའི་བརྒྱ་ཕྲག་གང་ཞིག་དུས་དང་དགུ་ཡི་མི་རྣམས་ཀྱི་ནི་འཇིག་རྟེན་ཚད། །རིག་བྱེད་ཕྱེད་དང་བཅས་པའི་གཞི་དང་ཆུ་གཏེར་ཆུ་གཏེར་ཕྱེད་དང་བཅས་པའི་རིག་བྱེད་རིག་བྱེད་ཀྱིས། །གཙུག་ཏོར་མགོ་བོ་འོག་ཏུ་འགྱུར་ཏེ་རྒྱལ་བའི་བདག་པོའི་དཔལ་ལྡན་དཔྲལ་བ་དག་དང་ཤངས་དང་ནི། །ཤངས་ཀྱི་འོག་ཏུ་སྐོས་སྐོའི་མཐའ་དང་དེ་ནས་མགྲིན་པ་དག་ཏེ་མགྲིན་པའི་རྩ་བའི་ཆུ་སྐྱེས་དབུས། །དེ་ནས་སྙིང་ག་ལྟེ་བ་གསང་བར་མིའི་བདག་པོ་བྱེད་བཅས་ཉི་མ་རྣམས་ཀྱི་རིམ་པས་འགྱུར། །ཞེས་གསུངས་ཏེ། འདིར་ཉི་མ་ཞེས་པ་བཅུ་གཉིས་དང་དེ་ཉིད་ཅེས་པ་ཉི་ཤུ་རྩ་ལྔ་དང༌། མ་ནུ་ཞེས་པ་བཅུ་བཞི་དང༌། རྒྱལ་པོ་ནི་བཅུ་དྲུག་དང༌། མཁའ་མིག་ཅེས་པ་ཉི་ཤུ་
དང༌། དུས་དང་དགུ་ནི་དགུ་བཅུ་གོ་དྲུག་དང༌། རིག་བྱེད་དང་ཆུ་གཏེར་ནི་བཞིའི་མིང་ཡིན་པར་ཤེས་པར་བྱས་ལ། རྒྱལ་བའི་བདག་པོའི་སོགས་ཀྱི་དོན་ནི། མཛོད་སྤུའི་དབུས་ཞེས་པ་མཛོད་སྤུའི་ས་གཞིའི་མས་མཐའ་སྟེ། གཙུག་ཏོར་ནས་མཛོད་སྤུའི་མཐའ་དང༌། དེ་ནས་མགྲིན་པའི་མཐའ་དང༌། དེ་ནས་སྙིང་གའི་མཐའ་དང༌། དེ་ནས་གསང་བའི་འཁོར་ལོའི་བར་རྣམས་ལ་རེ་རེ་བཞིན་སོར་ཕྱེད་བཅས་བཅུ་གཉིས་ཏེ་ཕྱེད་དང་བཅུ་གསུམ་རེའོ། །ཞབས་མཐིལ་སོར་བཅུ་བཞི་སྟེ། འདི་སྐུའི་དཔངས་ལ་མི་བགྲོང༌། རྗེ་ངར་དང་བརླ་ལ་སོ་སོར་ཉེར་ལྔ་རེ་དང༌། ཞབས་མགོ་དང་དཔྱི་ལ་སོར་བཞི་རེ་རྣམས་གཞུང་ཚིག་གིས་གསལ་བར་བསྟན་ཅིང༌། འགྲེལ་པས་ཁ་བཀང་བ་ལ། ཞབས་མགོའི་དཔངས་ལ་སོར་ཕྱེད་བསྣན་ཅིང༌། པུས་མོ་ལ་སོར་བཞི་ཡང་ཁ་བཀང་ནས། དེ་ལྟར་ན་སོར་མོ་བརྒྱ་དང་ཉི་ཤུ་རྩ་ལྔའོ། །ཐད་ཀར་ཕྱག་བརྐྱང་བའི་འདོམ་གྱི་དབང་དུ་བྱས་ན། ཐུགས་ཀའི་དབུས་ནས་དཔུང་པའི་མཚམས་སུ་ཕྱེད་བཅས་བཅུ་གཉིས། བར་ལྷུ་ལ་ཉི་ཤུ། ཕྱག་དར་ལ་བཅུ་དྲུག །ཕྱག་མགོ་ལ་བཅུ་གཉིས། འཁྲིག་མ་དང་གྲུ་མོའི་ཚིག་ལ་སོར་རེ་རེ་བསྣན་ཅིང༌། དེ་ཉིད་གཡས་ གཡོན་དུ ་ཉིས་འགྱུར་གྱི་བསྒྲེས་པས་བརྒྱ་དང་ཉི་ཤུ་རྩ་ལྔའོ། །རིག་བྱེད་ཕྱེད་དང་བཅས་པ་ཞེས་སོགས་ཀྱི་དོན་ནི། གཙུག་ཏོར་ལ་བཞི། མགོ་བོའི་འོག་སྟེ་ཐོད་དཔངས་ལ་ཕྱེད་བཅས་བཞི། དཔྲལ་བར་བཞི། ཤངས་ལ་བཞི། ཤངས་འོག་ནས་སྐོས་སྐོའི་བར་དུ་ཕྱེད་བཅས་བཞི། མགྲིན་པ་ལ་བཞི། དེ་ནས་སྙིང་ག་མན་ལ་གོང་དུ་བཤད་པ་ལྟར་རོ། །དུས་དང་དགུ་ཡིས་མི་རྣམས་ཀྱི་ནི་ཞེས་པ། མི་ཕལ་པའི་ཚད་ནི། དཔངས་
སུ་སོར་མོ་བརྒྱད་ཅུ་རྩ་བཞི་དང༌། འདོམ་བརྐྱང་བ་ལ་དགུ་བཅུ་གོ་དྲུག་གོ །འདི་ནི་མཆུ་དང་ཞེང་དུ་མི་མཉམ་ལ། དེ་བཞིན་གཤེགས་པའི་སྐུ་ནི་དཀྱུས་དང་ཞེང་དུ་མཉམ་མོ། །ཞེས་པ་སྟེ་རྒྱུད་ཀྱི་རྒྱལ་པོ་འདི་ལས། ལྷ་སྐུ་ལ་སོར་བརྒྱ་ཉི་ཤུ་རྩ་ལྔ་པ་ཁོ་ན་གསལ་བར་གསུངས་ཤིང༌། དེ་ཉིད་དཀྱིལ་འཁོར་སོགས་ཕྱི་ནང་གི་དག་སྦྱོར་རྒྱས་པ་དང་བཅས་ཏེ་གསུངས་སོ། །གཤིན་རྗེ་གཤེད་དམར་ནག་གི་རྒྱུད་ལས་ཀྱང་ཞལ་ཚད་བརྒྱད་པ་གསུངས་ཤིང༌། གཞན་ཡང་ཤཱ་རིའི་བུས་ཞུས་པའི་མདོར་གྲགས་པ། བལ་པོའི་དཔེ་ལས་བསྒྱུར་ངེས་པ་ཕྱིས་འགྱུར་བ་འདི་ལས་ཀྱང༌། ཕལ་ཆེར་དུས་འཁོར་གྱི་འདི་དང་མཐུན་པར་གསུངས་ལ། ཀྲི་ཡ་ས་མུཙྩར་ཡང་མདོ་འདིའི་ལུང་ཅི་རིགས་པ་དྲངས་སོ། །ཤཱ་རིའི་བུས་ཞུས་པའི་མདོ་སྔ་འགྱུར་དུ་གྲགས་པ་དང་དྲང་སྲོང་རྒྱུན་ཤེས་བུའི་བསྟན་བཅོས་སུ་གྲགས་པ་སོགས། སྔོན་དར་པ་རྣམས་ཀྱང་དུས་འཁོར་སྡོམ་འབྱུང་གཉིས་ལས་འབྱུང་བ་དང་ཕལ་ཆེར་མཐུན་ལ་ཅུང་ཟད་མི་མཐུན་པ་ཕྲ་མོ་ཡོད་པ་ལ། ཕྱིས་ཀྱི་མཁས་པར་གྲགས་པ་རྣམས་ཀྱིས་མགྲིན་གཅིག་ཏུ་འགོག་པར་བྱེད་དོ། །འོན་ཀྱང་དེ་བཞིན་གཤེགས་པའི་སྐུ་རྣམས་ཐམས་ཅད་པ་ཡིན་པའི་ཕྱིར། ཚད་གཅིག་ཁོ་ནར་ངེས་པའང་དཀའ་ལ། དེ་དག་རྒྱ་གར་ནས་བསྒྱུར་བ་མིན་ཡང་བླ་སྟེ། ཚད་ཀྱི་དབྱེ་བ་དེ་དག་ལ་བརྟེན་ནས་ཀྱང༌། བཟོ་ཉེས་འགོག་ནུས་ཤིང༌། ཕྱོགས་འདིར་སྔོན་གྱི་དུས་བསྟན་པ་དང་འགྲོ་ཕན་གྱི་བྱ་བ་རྒྱ་ཆེར་བྱས་པའི་ཕྱིར། རྒྱལ་བའི་ཐུགས་རྗེའི་འཇུག་པར་ངེས་པས། གཞུང་ལུགས་དེ་དག་སྨོད་ཅིང་འགོག་པར་བྱེད་པ་ཡང་དགོས་པ་ཤིན་ཏུ་ཆུང་སྟེ། བཏང་སྙོམས་སུ་བཞག་ན་ལེགས་སོ། །འདིར་
སྨྲས་པ། བཟོ་ཡི་གནས་དང་སྨན་གྱི་སྦྱོར་བ་དང༌། །སྔགས་ཀྱི་ཆོ་ག་ཆོས་ཉིད་ཟབ་མོ་སྟེ། །འདི་དག་རྟོག་གེའི་རིགས་པས་བརྟག་བྱ་མིན། །བདག་ཉིད་སྒྲོག་དང་ང་རྒྱལ་སྤང་བར་རིགས། །ད་ནི་དེ་དག་གི་ལག་ལེན་གྱི་རིམ་པ་ཅུང་ཟད་བཤད་པར་བྱ་སྟེ། འདིར་སྨྲས་པ། གདོང་གི་དཀྱུས་ལ་སོར་མོ་བཅུ་གཉིས་སམ། །གཞན་དུ་སོར་མོ་ཕྱེད་དང་བཅུ་གསུམ་མོ། །ཞལ་ཚད་བཅུ་གཉིས་དགུ་དང་བརྒྱད་དྲུག་སོགས། །རང་རང་ལུས་ཀྱི་དེ་དེའི་ཆ་དག་ལ། །ཞལ་ཚད་ཅེས་བྱ་སྐྲ་མཚམས་སྐོས་སྐོའི་བར། །ཡིན་ཕྱིར་དེ་ལ་གདོང་དང་ཞལ་ཚད་ཟེར། །མཐོ་གང་ཡིན་ཕྱིར་མཐོ་དང་ཐལ་མོར་གྲགས། །ཆ་ཆེན་ཞེས་པའང་འདིའོ་སོར་མོ་ལ། །ཆ་ཆུང་ཞེས་གྲགས་གཞན་གྱི་རིགས་འགྲེ་ཡིན། །སོར་མོའི་བརྒྱད་ཆ་ནས་ཏེ་བཞི་ཆ་ནི། །རྐང་པ་ཞཻས་གྲགས་མཁས་པས་བརྡ་འདི་སྦྱར། །དང་པོ་སོར་མོ་བརྒྱ་དང་ཉེར་ལྔ་ལ། །ཐལ་མོ་བཅུ་པའི་ཚད་ནི་འདི་ཡིན་ཏེ། །གཙུག་ཏོར་སོར་བཞི་སྐྲ་གནས་ཕྱེད་དང་ལྔ། །དཔྲལ་བ་ཤངས་དང་མགྲིན་པ་བཞི་བཞི་སྟེ། །ཞལ་གྱི་ས་ལ་ཕྱེད་དང་ལྔ་རུ་འདོད། །མགྲིན་པའི་མཐའ་ནས་ཐུགས་ཀའི་བར་དག་དང༌། །དེ་བཞིན་ལྟེ་བ་གསང་བར་མཐོ་རེའོ། །དཔྱི་དང་པུས་མོ་སོ་སོར་ཆ་ཆུང་བཞི། །བརླ་དང་ཞབས་ནི་སོ་སོར་ཞལ་ཚད་གཉིས། །ཞབས་མགོ་ཕྱེད་བཅས་སོར་མོ་བཞི་རུ་བཤད། །གཙུག་ནས་གསང་དང་གསང་ནས་ཞབས་མཐིལ་བར། །ཕྱེད་བཅས་དྲུག་ཅུ་རེ་གཉིས་མཉམ་པའི་ཕྱིར། །སྐུ་ཡི་དཔངས་ལ་བརྒྱ་དང་ཉི་ཤུ་ལྔ། །ཐུགས་ཀའི་དབུས་ནས་མཆན་རྩེར་ཞལ་གང་སྟེ། །བར་ལྷུར་ཉི་ཤུ་ཕྱག་ངར་བཅུ་དྲུག་དང༌། །ཕྱག་མགོ་བཅུ་གཉིས་འཁྲིག་མ་གྲུ་མོ་ཡི། །ཚིགས་ལ་སོར་རེ་བསྣན་ཅིང་ཕྱོགས་གཞན་
ལའང༌། །དེ་ལྟར་སྦྱར་བས་བརྒྱ་དང་ཉི་ཤུ་ལྔ། །རགས་རྩིས་ཡིན་ཏེ་བར་ལྷུ་ཕྱག་ངར་གཉིས། །ཕྱེད་དང་ཉེར་གཅིག་ཕྱེད་དང་བཅུ་དྲུག་སྟེ། །ཕྱག་མགོ་ཕྱེད་བཅས་བཅུ་གཉིས་ཚིགས་ལ་ཕྱེད། །དཔུང་པའི་ཚིགས་ལ་སོར་གང་བསྣན་པར་བྱ། །ད་ནི་ཉེ་བའི་ཚད་རྣམས་བཤད་པར་བྱ། །གཙུག་གི་ནོར་བུ་རྒྱ་དཔངས་སོར་མོ་གཉིས། །བསྐོར་བ་གསུམ་འགྱུར་ཡིན་ཏེ་ཟླུམ་པོ་རྣམས། །ཐད་ཀའི་གསུམ་འགྱུར་བསྐོར་བ་ཡིན་པར་འདོད། །གཙུག་ཏོར་རྩ་བ་ཆ་ཕྲན་བཅུ་གཉིས་བསྐོར། །འབྲུའི་ཕུང་པོ་བཞིན་དུ་རྩེ་མོ་ཞུམ། །བོད་རྣམས་ལྷུང་བཟེད་ཁ་བུབ་འདྲ་བར་འདོད། །དེ་འདྲ་འཕགས་ཡུལ་བྲིས་འབུར་གང་ལའང་མེད། །དབུ་ཁྱིམ་ཟླུམ་པོ་བཞི་བཅུ་ཞེ་ལྔས་འཁོར། །དཔྲལ་བའི་སོར་གསུམ་འོག་ཏུ་མཛོད་སྤུ་བྲི། །དེ་འོག་ནས་བཞི་གཡས་གཡོན་ནས་དྲུག་ནས། །སྨིན་མའི་རྩེ་མོ་འདྲི་སྟེ་དེའི་ཚད། །དཀྱུས་ལ་སོར་བཞི་སྦོམ་པར་ནས་གཉིས་སོ། །མཛོད་སྤུའི་འོག་ནས་སོར་གཉིས་སྤངས་པ་ཡི། །གཡས་གཡོན་ཐད་ཀར་སྤྱན་གྱི་ཡས་མཐའ་སྟེ། །སྤྱན་གྱི་གྲྭ་གཉིས་སོར་ཕྱེད་དབུས་སོར་གསུམ། །ནག་པོ་སོར་གཅིག་མཐོང་མིག་ལྔ་ཆ་ཟེར། །སྤྱན་བཞུག་སྙན་གྱི་བུ་གར་གཏད་ཅེས་འདོད། །སྤྱན་གཉིས་བར་དུ་སོར་མོ་གཉིས་ཡིན་ཏེ། །དེ་དབུས་ཤངས་ཀྱི་རྩ་བར་སོར་མོ་གཅིག །ཤངས་དཀྱུས་ཕྱེད་བཞི་ཤངས་གཤོག་ནས་གཉིས་དང༌། །ཤངས་རྩེའི་རྒྱ་ནི་སོར་མོ་ཕྱེད་དང་གཉིས། །ཀ་བ་སོར་ཕྱེད་ཡིན་ཏེ་བུག་པ་དང༌། །ཤངས་ཀྱི་འཕྱར་ནི་ཇི་ལྟར་འོས་པ་བྱ། །འཕྱར་དང་མཐུན་པའི་བུག་པའི་ཚད་བྱེད་པས། །བོད་རྣམས་ཚད་ངེས་བྱེད་ཀྱང་ངེས་པར་དཀའ། །ཤངས་ནས་མཆུ་གཉྀས་འབྱར་མཚམས་ཕྱེད་དང་གཉིས། །དེ་ནས་སྐོས་
སྐོའི་རྩེ་ལའང་ཕྱེད་གསུམ་ལྷག ཁྲོ་དང་འཛུམ་པའི་ཞལ་ལ་དེ་གཉིས་ཕྲི། །ཡས་ཆུའི་པདྨ་དཀྱུས་ལ་སོར་མོ་གཉིས། །ཞེང་ལ་ནས་གསུམ་དེ་དབུས་ནས་ཕྱེད་དམའ། །ཡས་མཆུ་དང་ནི་ཞལ་པད་སོར་རེའི་དཔངས། །མ་མཆུ་ནས་ལྔ་མཆུ་དཀྱུས་ནས་རེས་རིང༌། །གྲྭ་གཉིས་འཛུམ་སྐྱོང་སོར་རེ་ནས་ཕྱེད་ཞེང༌། །གྲྭ་འཛུམ་གྱེན་དུ་ཅུང་ཟད་ཕྱོགས་པར་བྱ། །སྐོས་སྐོ་སོར་གཉིས་འཕྱར་ནི་སོར་མོ་བཞི། །དཔྲལ་བའི་དཀྱུས་ནི་སོར་མོ་བརྒྱད་དམ་བཅུ། །སྙན་ཞེང་སོར་གཉིས་སྙན་དཀྱུས་ཕྱེད་དང་ལྔ། །སྨིན་དབུས་སྙན་གྱི་རྩེ་མོ་མཉམ་ཞེས་འདོད། །སྙན་ཤལ་སོར་བཞི་ལས་ནི་མི་ཐུང་སྟེ། །སྙན་གྱི་ཐད་ཀའི་ཞལ་ཞེང་སོར་བཅུ་གཉིས། ཁ་ཅིག་བཅུ་གཅིག་འདོད་སྟེ་ཉམས་དང་སྦྱར། །སྙན་གཉིས་བར་དུ་མདུན་ལ་ཉི་ཤུ་དང༌། །རྒྱབ་ལ་བཅུ་བཞི་སྙན་འཕྱར་ཕྱེད་དང་གཉིས། །མགྲིན་པ་ཟླུམ་རྒྱས་ཞེང་ནི་སོར་བརྒྱད་ཡིན། །རི་མོ་དང་པོ་སོར་གྱི་བཞི་གསུམ་ལ། །གཉིས་པ་ཆ་ཆུང་རྐང་བཅས་གསུམ་པ་ནི། །དེ་བས་ལྷག་པ་ཇི་ལྟར་མཛེས་པ་བྲི། །མགྲིན་འཁོར་སོར་མོ་ཉི་ཤུ་རྩ་བཞི་ཡིན། །མགྲིན་པའི་མཐའ་ནས་ཕྲག་པ་ཐལ་མོ་གཅིག །སེགས་ལ་དཔུང་པའི་མགོ་ནས་མཆན་རྩེར་དྲུག །དེ་ནས་ནུ་བར་དྲུག་སྟེ་ཕྲག་གོང་ནས། །མཚན་རྩེའི་བར་ལ་སོར་མོ་དགུ་རུ་འདོད། །མཐུར་ཕྱག་རྣམས་ལ་དཔུང་མགོའི་ས་ལ་བཞི། །དཔུང་ལྷུ་ཕྱག་ངར་དཀྱུས་ཚད་སྦོམ་སར་སྐོར། །འཁྲིག་མར་ཕྱེད་དང་བཅུའི་བཅུ་གཅིག་སྟེ། །བྲི་ཆ་སྐོར་བའི་གསུམ་ཆ་ཡིན་པར་འདོད། །ཕྱག་མཐིལ་དཀྱུས་དང་སྨད་ཞེང་བདུན་ཡིན་ཏེ། །སྟོད་ཞེང་ཆ་ཆུང་ལྔ་རུ་བྱ་བ་ཡིན། །གུང་མོའི་ཚད་ནི་སོར་མོ་ལྔ་ཡིན་ནོ། །མཛུབ་མོ་
དེ་ཡི་སེན་རྩར་སླེབ་པ་དང༌། །སྲིན་ལག་དེ་ལས་སོར་ཕྱེད་ཀྱིས་རིང་ཞིང༌། །གསུམ་པོ་སྐྱེ་ས་མཐོ་དམན་ཕལ་ཆེར་མཉམ། །མཐེ་ཆུང་སྲིན་ལག་དེ་ལས་སོར་ཕྱེད་དམའ། །རྩེ་མོས་སྲིན་ལག་ཚིགས་གསུམ་པ་རུ་སླེབ། །མཐེ་བོང་མཛུབ་མོ་ལས་ནི་སོར་གསུམ་གྱི། །སྐྱེ་ས་དམའ་ཞིང་མཛུབ་མོའི་སུམ་ཆར་སླེབ། །འཐེབ་ཚིགས་དང་པོ་འཁྲིག་མཚམས་ནས་སོར་གཅིག །ཚིགས་གསུམ་རིམ་པས་ནང་མའི་སུམ་ཆ་དག །ཕྱི་མ་ཕྱི་མ་རྣམས་ལ་རིམ་བཞིན་དམན། །སོར་མོ་རྣམས་ལ་དཀྱུས་ཀྱི་སུམ་ཆ་ནི། །སྤངས་པས་རྩ་བ་སྐོར་ཞིང་རྩེ་མོ་ནི། །སུམ་ཆ་སྤངས་པ་དེ་ཡི་ཕྱེད་ཀྱིས་སྐོར། །འཁྲིག་མ་ནས་ནི་མཐེ་བོང་སྐྱེ་མཚམས་བར། །སོར་བཞི་ཡིན་ཏེ་རྩ་སྐོར་སྲིད་ཀྱང་བཞི། །གུང་མོའི་རུས་ཚིགས་འོག་མའི་ཕྱེད་ དུ་སླེབ། །མཆན་ཁུང་རྩེ་ནས་རྩེ་བར་མདུན་རྒྱབ་གཉིས། །ཉེར་བཞི་མཆན་འོག་གཡས་གཡོན ་སོར་མོ་བརྒྱད། །ནུ་རྡོག་ནས་བཞི་ནུ་བར་མཐོ་རེ་ཡིན། །དེ་ཐད་མདུན་རྒྱབ་གཉིས་ལ་ཉི་ཤུ་གཅིག །གཡས་གཡོན་ལོགས་ལ་བཅུ་གཉིས་དེ་འོག་ཏུ། །སོར་བཞིའི་མཚམས་ན་ཤར་ནུབ་ཉི་ཤུ་དང༌། །ལྷོ་བྱང་བཅུ་སྟེ་སྐེད་མཚམས་ཆོས་ཀྱི་སོར། །ལྟེ་བའི་ས་ཆའི་རྩེ་ནས་སོར་བཞིའི་འོག །ལྟེ་ཁུང་གཡས་འཁྱིལ་ཟླུམ་པོ་སོར་གཅིག་གོ །གཡས་གཡོན་སྟ་ཟུར་རྩེ་མཉམ་བཅུ་དགུ་སྟེ། །གསང་བའི་ས་ལ་ཉི་ཤུ་བཞིའམ་ལྔ། །འདོམ་བར་གྲུ་གསུམ་ངོས་རེ་སོར་བཅུ་སྟེ། །ཐད་ཀར་གཞལ་ན་དཀྱུས་ལ་སོར་བརྒྱད་དོ། །སྐེད་མཚམས་འོག་ནས་ཞལ་གང་གསང་བར་རེག །དེ་ནས་སོར་གསུམ་བོར་བར་རྡོ་རྗེ་སྐྱེ། །གསང་རྡོར་དཀྱུས་དང་སྐོར་བ་སོར་དྲུག་ཡིན། །ནོར་བུ་སོར་གཉིས་ཡུ་བ་སོར་བཞིའོ། །
ཆགས་བྲལ་སྐུ་དང་ཞི་བ་ཡབ་ཀྱང་ལ། །སྦུབས་སུ་ནུབ་ཕྱིར་ཡིད་ཀྱིས་བསམ་པར་ཟད། །ལས་སུ་རུང་ན་བརྒྱད་དགུ་བཅུ་ལ་སོགས། ཁྲོ་བོ་འགའ་ལ་བཅུ་གཉིས་དགོས་པའང་ཡོད། །འབྲས་བུའི་ཞེང་ལ་བཞི་སྟེ་འཕྲེད་དཀྱུས་ལྔ། །དཔྱི་དང་འདོམས་ཀྱི་དཔངས་གཉིས་ཕན་ཚུན་མཉམ། །འཕོངས་ཚོས་སོར་བརྒྱད་ཟླུམ་པོ་དཔངས་ལ་གསུམ། །བརླའི་རྩ་བ་ཟླུམ་པོ་ཆ་ཆེན་གཅིག །གུང་ལ་ཕྱོགས་ཏེ་དབུས་ཐད་བུ་གའི་གྲངས། །རྗེ་ངར་སྦོམ་སར་ཐུབ་པའི་གྲངས་ཡིན་ཏེ། །ལོང་བུར་མདའ་དང་ཞབས་མཐིལ་བཅུ་བཞིའོ། །མཐིལ་གྱི་མགོར་དྲུག་དབུས་སུ་དབང་པོ་དང༌། །རྟིང་པར་རིག་བྱེད་འདི་གསུམ་ཞེང་དུ་ཡིན། །འོན་ཀྱང་ཕྱེད་ཕྱེད་ཕྲི་ན་ལེགས་པར་མཐོང༌། །མཐེབ་མཛུབ་གཉིས་མཉམ་ཆ་ཆུང་མིག་གི་གྲངས། །སྐྱེ་མཚམས་དབང་གིས་མཛུབ་མོ་ཅུང་ཟད་རིང༌། །གཞན་གསུམ་མི་བདག་ནོར་དང་ཀླུ་ཆས་དམན། །མཐེ་བོང་སྦོམས་སུ་སོར་མོ་ལྔ་ཡིས་སྐོར། །གཞན་རྣམས་སྦོམ་ས་རང་རང་དཀྱུས་ཀྱི་སྐོར། །འོན་ཀྱང་ཕྱག་དང་ཞབས་ཀྱི་སོར་མོ་རྣམས། །སྦོམས་སུ་ངེས་པ་མེད་པས་ཅི་མཛེས་བྱ། །མཐེ་བོང་སྐྱེ་མཚམས་ཞབས་དཔངས་སོར་གཉིས་ཏེ། །རྟིང་པ་འཕགས་པ་ཕྱེད་ཀྱིས་དམན་པའི་མིག །ཞབས་མགོ་སྐྱེས་པའི་མཚམས་ལས་ཕྱེད་ཀྱིས་དམའ། །ཕྱག་ཞབས་མཐིལ་རྣམས་འཁོར་ལོས་མཚན་པ་དང༌། །རུས་ཚིགས་རྩ་ཕྲན་འབར་འབུར་མི་མངོན་པ། །བྱིན་གྱིས་ཕྲ་ཞིང་བྱིན་གྱིས་སྦོམ་པ་སྟེ། །ཆ་ཆེན་ཆ་ཆུང་ཚད་དུ་ངེས་པ་ཡི། །ཐུར་མའི་ཤིང་གིས་གཞལ་ནས་སྙོམས་པར་བྲི། །བུད་མེད་རྒྱ་དཔངས་མཉམ་པའི་ངེས་པ་མེད། །འདི་དང་མཚུངས་པ་ལྷ་མོའི་ཁྱད་པར་ནི། །གཙུག་ཏོར་
སྤངས་ཤིང་ཐོར་དཔངས་སྐོས་སྐོ་དང༌། །ཐུགས་ཀ་ལྟེ་བའི་སོར་ཕྱེད་བཞི་ཕྲི་ནས། །སོར་གཉིས་པོ་དེ་ལྟེ་བ་མན་ལ་བསྣན། །མཆན་རྩེའི་རྒྱ་ལ་སོར་མོ་ཉེར་གཉིས་བྱ། །ནུ་མའི་ཐད་དུ་སོར་མོ་བཅུ་དགུ་བྱ། །ནུ་འོག་བཅོ་བརྒྱད་སྐེད་པ་ཞལ་གང་ངམ། །ཡང་ན་བཅུ་གསུམ་ཙམ་བྱ་ལྟེ་བའི་ཐད། །ཉེར་གཅིག་གསང་བའི་ཐད་ཀར་ཉེར་དྲུག་སྟེ། །གསང་བའི་འཁོར་ལོའི་མཚམས་ནས་སོར་གསུམ་ན། །ཆུ་སྐྱེས་དཀྱུས་སུ་སོར་བཞི་མཆུ་ལ་གཅིག །ཤ་འབུར་དཔངས་སུ་སོར་གཅིག་ཞེང་དུ་གསུམ། །བརླ་ཤའི་སྦོམ་ས་སྐེད་པར་མཉམ་པ་སྟེ། །དེ་ཉིད་དབུས་སུ་སོར་མོ་དྲག་པོའི་གྲངས། །འཕོངས་ཚོས་རྒྱ་དཔངས་སོར་གང་ཙམ་རེ་སྐྱེད། །ནུ་ཕྲག་སོར་གཅིག་ནུ་མའི་དཀྱིལ་འཁོར་ནི། །གཟའ་འམ་དབྱིག་གམ་རྩ་ཡི་གྲངས་རྣམས་སོ། །ཞལ་ཚད་བཅུ་གཉིས་པ་ཞེས་བྱ་བ་ལ། །གདན་དང་ཐོར་ཚུགས་ཞལ་ཚད་རེ་རེ་བསྣན། །ཟེར་ཡང་ཐོར་ཚུགས་གཙུག་ཏོར་སྟེང་དུ་ནི། །མཐོ་གང་བསྣན་ན་ཧ་ཅང་རིངས་པར་འགྱུར། །གཙུག་ཏོར་ནང་དུ་ཆུད་པའི་མཐོ་གང་ནི། །སོར་མོ་བརྒྱད་ལས་ལྷག་པ་མེད་ན་ཡང༌། །ལོ་ཟླའི་ངོ་ལ་ལོ་ཟླར་བགྲོང་པ་བཞིན། །བཅུ་གཉིས་ཡིན་ཞེས་ཐ་སྙད་གསུངས་པར་ཟད། །སོར་བརྒྱད་ནས་རྩམས་སོར་ནི་བཅུ་གཉིས་པར། །ཐོར་ཚུགས་དཀྱུས་ནི་ཇི་ལྟར་འོས་པ་དང༌། །གདན་གྱི་དཔངས་ལའང་གཅིག་ཏུ་ངེས་པ་མེད། ༩༣ ༈ ད་ནི་ཆ་ཚད་གཉིས་པ་བཤད་པ་ལ། །སོར་མོ་བརྒྱ་དང་ཉི་ཤུ་པ་ཡི་ཚད། །དཀྱུས་དང་ཞེང་ལ་སོར་ཕྱེད་བཅུ་བཅུ་བོར། །གཞན་ནི་སྔར་བཤད་ཁོ་ན་ཡིན་པར་ཤེས། །ཚད་འདིས་ལྷ་མོ་འདྲི་ན་ཐོད་ཁྱིམ་དང༌། །མགྲིན་པ་སྙིང་ག་སྐེད་པའི་གནས་དག་ལས། །སོར་ཕྱེད་རེ་རེ་ཕྲི་ནས་ལྟོ་བར་བསྣན། །འདི་ཡང་གཞན་
ནི་ཐམས་ཅད་སྔར་དང་མཚུངས། །ཆ་ཆེན་བདུན་པའི་ལྷ་ཞེས་གྲགས་པ་ནི། །ཐལ་མོ་བཅུ་པ་གདན་ལ་བཞུགས་ན་ཡིན། །གདན་ལ་ཆ་ཆེན་ཕྱེད་དང་གཉིས་དང་ནི། །དཔྱི་སོར་བཞི་དང་གཙུག་གི་ནོར་བུ་བསྣན། །ཟེར་མོད་འཕོངས་ཚོས་དཔངས་ལ་སོར་མོ་གཉིས། །སྐྱེ་བར་འགྱུར་བ་བསྣན་པའི་ཚད་དུ་ངེས། །རྡོ་རྗེའི་སྐྱིལ་ཀྲུང་རྟིང་བར་སོར་བཞི་སྟེ། །པུས་མོའི་མཐའ་ལ་ཆ་བཞི་སོར་བརྒྱད་དོ། །སྟ་ཟུར་མཚམས་བཅས་ནས་པུས་རྩེའི་ཐུར་ཤིང་བར། །བཅུ་བདུན་ཙམ་ཡིན་ལྷ་ངའི་དཔངས་ལ་བདུན། །དེ་ཡིས་མས་མཐའ་ནས་བཟུང་བརླ་རྩ་ཡི། །ཡས་མཐའི་ཐུར་ཤིང་བར་ལ་བཅོ་ལྔ་ཡོད། །སྐྱིལ་ཀྲུང་འཕྲད་མཚམས་ནས་ནི་གཙུག་ཏོར་མཐར། །མཐོ་ལྔ་སོར་དྲུག་འདི་དག་རི་མོའི་དཔང༌། །བརླ་ཤ་སྐྱེ་མཚམས་ལྟ་ཟུར་ཉི་ཤུ་དྲུག །སེམས་སྐྱིལ་རོལ་སྟབས་ལ་སོགས་ཉམས་དང་སྦྱར། །འགྱིང་དང་བརྐྱང་བསྐུམ་སྐྱིལ་ཀྲུང་ཞེང་ཚད་སོགས། །འཕེལ་འགྲིབ་ཇི་ལྟར་དགོས་པའང་རིགས་པས་དཔྱད། །༈ ཆ་ཚད་གསུམ་པ་འདི་ལྟར་ཤེས་བྱ་སྟེ། །ཐལ་མོ་དགུ་པ་ཞལ་རས་ཐུགས་ཀ་དང༌། །ལྟེ་བ་གསང་གནས་བར་དུ་ཆ་ཆེན་རེ། །ཐོད་དཔངས་མགྲིན་པ་བོལ་གོང་པུས་མོར་གསུམ། །དཔྱི་བཞི་བརླ་དང་བྱིན་པར་ཉེར་གཉིས་རེ། །དེ་ལྟར་ཐལ་མོ་ཕྱེད་དང་ལྔ་ལྔར་འགྱུར། །བྲང་གི་དབུས་ནས་མཆན་ཁུང་སོར་མོ་བཅུ། །བར་ལྷུ་བཅོ་བརྒྱད་ཕྱག་ངར་བཅུ་བཞི་སྟེ། །བཅུ་གཉིས་ཕྱག་མགོ་དེ་ལྟར་ལྔ་བཅུ་བཞི། །གཡས་གཡོན་དབྱེ་བས་སོར་མོ་བརྒྱ་དང་བརྒྱད། །ཐོར་ཚུགས་དཔངས་སུ་སོར་མོ་བརྒྱད་པར་བྱ། །བྲང་ཞེང་སོག་མིག་གཉིས་པར་སོར་བཅུ་དགུ། །ཐོད་ཞེང་བཅུ་དགུ་སྙན་གཉིས་བར་བཅུ་གཅིག །
ཤངས་ཞེང་སོར་གཉིས་ཞལ་དཀྱུས་ཕྱེད་དང་བཞི། །སྙན་ཞེང་ཕྱེད་གཉིས་མགྲིན་ཞེང་སོར་མོ་བདུན། །མཆན་ཁུང་རྩེ་ནས་ཕྲག་དཔངས་དེ་དང་མཉམ། །དཔུང་པའི་ཞེང་དུ་སོར་ལྔ་ནས་ཚད་གཉིས། །ཕྱག་ངང་སྦོམ་སར་སོར་བཞི་ནས་གཉིས་ཏེ། །ཆ་ཤས་ཕྲ་མོ་རྣམས་ནི་རིགས་པས་དཔྱད། །ཐུགས་ཀ་བཅུ་དྲུག་སྐེད་པར་བཅུ་བཞི་དང༌། །ལྟེ་བར་བཅོ་བརྒྱད་གསང་བར་ཉེར་གཉིས་ཙམ། །བཞུགས་ཚེ་དཔྱི་མིག་སོར་ཚད་དྲུག་གམ་བརྒྱད། །ཞབས་ནི་བརླ་རྩ་ཞེང་དུ་བཅུ་གཅིག་སྟེ། །པུས་མོའི་སྟེང་བརྒྱད་བྱིན་དབུས་ཕྱེད་དང་དྲུག །ཞབས་མཐིལ་དཀྱུས་ལ་བཅུའམ་ཕྱེད་དང་བཅུ། །དེ་དག་ཡབ་སྟེ་ལྷ་མོ་རྣམས་ལ་ནི། །བྲང་ཞེང་བཅོ་ལྔ་ནུ་བར་སོར་གཅིག་སྟེ། །ནུ་འབུར་ནུ་རྡོག་དབུས་ནས་ཕྱེད་བཞིས་སྐོར། །ནུ་མའི་དཔངས་ནི་སོར་བཞིར་བྱ་བ་ཡིན། །ཐུགས་ཀ་བཅོ་ལྔ་སྐེད་པར་བཅུ་གཉིས་ཏེ། །སྟ་ཟུར་རྩེ་ལ་བཅུ་བདུན་སྨད་ཉེར་བཞི། །གསང་བའི་ཐད་ཀར་ཞེང་ལ་ཉེར་ལྔར་འདོད། །བརླའི་རྩ་བར་ཞེང་དུ་བཅུ་གཉིས་སོ། །བྲང་དང་སྐེད་དཔངས་སོར་མོ་བཅུ་གཅིག་རེ། །ལྟོ་བའི་དཔངས་ནི་སོར་མོ་བཅུ་བཞིར་བྱ། །འོན་ཀྱང་འདི་དང་གོང་མ་ཕན་ཚུན་བསྲེས། །ཇི་ལྟར་འོས་པར་སྦྱར་ན་ལྷ་མོའི་ཚད། །སྔོན་མེད་ངོ་མཚར་ཆེ་བ་ལེགས་པར་འཆར། །༈ ཆ་ཚད་བཞི་པ་ཤིན་ཏུ་ཁྲོས་པའི་སྐུ། །ཐལ་མོ་བརྒྱད་པར་ཡོངས་སུ་གྲགས་པ་ནི། །དབུ་སྐྲ་གྱེན་དུ་བརྫེས་དང་གདན་གྱི་དཔངས། །བགྲངས་པས་ཐལ་མོ་བཅུ་པར་ཐ་སྙད་མཛད། །ཞབས་མགོ་པུས་མོ་ཐོང་དཔངས་རྣམས་ལ་བཞི། །བརླ་དང་རྗེ་ངར་རང་སོར་བཅོ་བརྒྱད་ཡིན། །བརླའི་སུམ་ཆ་ལྟོ་བས་བཀབ་པོ་ཞེས། །ཟེར་ཡང་ཚད་ལྡན་བཟོ་ལས་འདི་མི་འབྱུང༌། །ཞལ་ཐུགས་ལྟེ་
གསང་རྣམས་ལ་ཆ་ཆེན་རེ། །ཕྱག་ངར་མྱོས་བྱེད་ཕྱག་མགོ་དྲག་པོ་སྟེ། །དཔུང་ལྷུ་སོར་མོ་བཅུ་བཞིར་བྱ་བ་ཡིན། །བྲང་ཕྱེད་སོར་མོ་བཅུ་སྟེ་འདི་ལ་ཡང༌། །མཆུ་ཞེང་གབ་པའི་ཐ་སྙད་ཕལ་ཆེར་འདོད། ཤིན་ཏུ་ཁྲོས་པའི་སྐུ་ལ་མཚན་དཔེ་དག །ཚངས་པ་མིན་པས་ཆུ་ཞེང་གབ་པ་ཡང༌། །ཅིག་ཏུ་གོས་པའི་ངེས་པ་མ་མཐོང་ངོ༌། །སྤྱན་ཞེང་ཆུང་ཚད་སོར་གཉིས་དཀྱུས་སོར་གསུམ། །ཞལ་དཀྱུས་རིང་ཚད་སོར་དྲུག་ཡིན་ཞེས་ཟེར། །སྙན་ཞེང་སོར་གཉིས་མགྲིན་ཞེང་སོར་མོ་དགུ། །མཆན་འོག་ཕྲག་གོང་སོར་དགུ་དཔུང་པའི་དབུས། །ཕྱེད་བཅས་བདུན་དང་ཕྱག་ངང་ཕྱེད་དང་བདུན། །སྐུ་ཡི་སྦོམ་ནི་ཞལ་ཚད་དགུ་པ་ལས། །གཡས་གཡོན་གཉིས་སུ་སོར་རེ་སྐྱེད་པར་བྱ། །བརླ་རྩར་བཅུ་གཉིས་བྱིན་པར་སོར་བརྒྱད་དོ། །བཞུགས་ཚེ་དཔྱི་མིག་གདན་སྟེང་བརྒྱད་དམ་བཅུ། ཁྲོ་མོ་རྣམས་ཀྱང་འདི་ལས་སྤགས་ནས་ནི། །ཞལ་ཚད་དགུ་པའི་སྐབས་ཀྱི་རིགས་འགྲེའོ། །གཤིན་རྗེ་གཤེད་དང་ཕྱག་རྡོར་ཁྲོ་བོ་སོགས། །དཀྱིལ་འཁོར་གཙོ་བོའི་ཁྲོ་རྒྱལ་རྣམས་ལ་ནི། །ཧ་ཅང་ཐུང་བ་མི་ལེགས་འདི་ཉིད་བསྔགས། ༈ ཆ་ཚད་ལྔ་པ་མཐོ་དྲུག་ལྡན་པ་ནི། །ཐོད་དཔངས་སོར་གསུམ་ཞལ་རས་ཐལ་མོ་གཅིག །མགྲིན་པ་སོར་གསུམ་ལུས་ལ་ཐལ་མོ་གཉིས། །བརླ་དང་བྱིན་པ་ཞལ་གང་པུས་ཚིགས་དང༌། །ཞབས་མགོའི་དཔངས་ལ་སོར་གསུམ་བྱེད་པར་འདོད། །གསུས་པ་འཕྱང་པས་བརླའི་ཆ་ཤས་དག །རན་པར་སྒྲིབ་པའང་ཇི་ལྟར་མཛེས་པར་བྲི། །ཕྱག་མགོ་ཕྱེད་བརྒྱད་ཕྱག་ངར་ཕྱེད་དང་བཅུ། །དཔུང་ལྷུ་བཅུ་གཉིས་བྲང་ཕྱེད་སོར་བདུན་ནོ། །ཞལ་ཚད་དྲུག་པ་ཕོ་ཉ་སྲིན་པོའི་གཟུགས། །ནག་པོ་ཆེན་པོ་ལ་སོགས་ཚད་འདི་ཡིས། །
འབྲི་བར་བྱ་ཞེས་ཕྱིས་ཀྱི་བོད་རྣམས་འདོད། །འདི་ལའང་གཅིག་ཏུ་ངེས་པ་མ་མཐོང་ངོ༌། །དེ་ལྟར་ཁྲོ་བོ་ཞལ་ཚད་དྲུག་པ་དང༌། །ཚོགས་ཀྱི་བདག་པོ་དེ་བཞིན་བ་ཌུ་ཀ །ཟེར་བའི་མུ་སྟེགས་ལྷ་དབང་ཞལ་ཚད་ལྔ། །རཏྣ་རཀྵི་ཏ་སོགས་རྒྱ་གར་དང༌། །བལ་པོའི་མཁས་པ་འགའ་ཡིས་བཤད་པ་དང༌། །བོད་རྣམས་ཞལ་ཚད་གསུམ་པའི་ཁྲོ་བོ་ཡང༌། །ཡོད་ཅེས་འདོད་པ་རྣམ་གཞག་འདི་དག་ནི། །བོད་དུ་འགྱུར་པའི་མདོ་རྒྱུད་རྣམས་ལ་མེད། །ལུང་དུ་དྲངས་པའང་གསལ་པོ་མ་མཐོང་ངོ༌། །སོར་མོ་བརྒྱ་དང་ཉེར་ལྔ་དེ་བཞིན་དུ། །བརྒྱ་དང་ཉི་ཤུ་ཐལ་མོ་དགུ་པ་དང༌། །ཐལ་མོ་བརྒྱད་པ་ཞཻས་ཏེ་ལྷ་ཡི་ཚད། །བཞི་པོ་འདི་རྣམས་མདོ་རྒྱུད་ལས་གསུངས་པས། །བློ་ལྡན་མཁས་པས་སྒྲིམས་ཏེ་འབད་པར་བྱ། །རིན་ཆེན་སྲུང་དང་དར་པན་ཨ་ཙཱརྱའི། །ཚིག་འབྲུ་ལ་རྟེན་དགོངས་དོན་མ་ལོངས་པས། །ཕྱི་དུས་བོད་དུ་བྱུང་བའི་དཔྱོད་ལྡན་ཀུན། །དང་པོ་ལོངས་སྤྲུལ་གཉིས་པ་བྱང་སེམས་དང༌། །གསུམ་པ་ལྷ་མོ་ཡིན་ཞེས་རྣམ་དབྱེ་འདི། །ངེས་པ་ཁོ་ནར་དགོས་ཀྱི་གཞན་མིན་ཟེར། །སངས་རྒྱས་བྱང་སེམས་ཆ་ཚད་སོ་སོ་རུ། །ངེས་པར་ཁས་ལེན་གཤེགས་མ་སེམས་མ་གཉིས། །ཆ་ཚད་གཅིག་ཏུ་འདོད་པ་ནང་འགལ་བློ། །འཁོར་ལོ་སྡོམ་པ་ཞལ་ཚད་བཅུ་པ་ལ། །ཕག་མོ་ཞལ་ཚད་དགུ་པས་འཁྱུད་པ་ནི། །ངེས་པར་དགོས་ཀྱི་གཞན་དུ་མི་རུང་ཟེར། །རེས་འགའ་གཙོ་འཁོར་སྐུ་ཚད་མཉམ་པའང་འདོད། །འདི་ལ་ཡང་ན་ཡུམ་གྱི་སྐུ་གཟུགས་ཐུངས། །ཡང་ན་ཞལ་གདོང་ཆེས་པའི་སྐྱོན་དུ་འགྱུར། །མོ་གཟུགས་སྦོམ་ཞིང་ཐུང་པ་མཐའ་ཅིག་ཏུ། །དགོས་པའི་རྒྱུ་མཚན་ཅི་ཡང་ཡོད་མ་ཡིན། །དེ་བཞིན་གཤེགས་པ་ཡབ་ཡུམ་ཕྱོགས་མཚུངས་ཤིང༌། །བྱང་ཆུབ་
སེམས་དཔའ་ཡབ་ཡུམ་ཕྱོགས་མཚུངས་ལ། །རྒྱལ་བའི་རིགས་འཁྲུངས་རྒྱལ་བའི་སྲས་ཡིན་པས། །བྱང་ཆུབ་སེམས་དཔའ་འང་སངས་རྒྱས་དང་མཚུངས་ཕྱིར། །ཆ་ཚད་གསུམ་པོ་འདི་དག་སངས་རྒྱས་དང༌། །བྱང་སེམས་ཡབ་ཡུམ་ཀུན་ལ་གང་འོས་སྦྱོར། །ཅི་སྟེ་སོ་སོར་སྦྱོར་བ་ལ་དགའ་ནའང༌། །ཕྲ་སྦོམ་ཁྱད་པར་ཞེ་ཁྲོ་ལ་རིགས་པས། །བརྒྱ་དང་ཉེར་ལྔ་སངས་རྒྱས་ཞི་བ་དང༌། །བརྒྱ་དང་ཉི་ཤུ་ཧེ་རུ་ཀ་ལ་སྦྱར། །ཧེ་རུ་ཀ་དཔལ་སྐུ་ཡི་ཁྱད་པར་འགའ། །ཐལ་མོ་བརྒྱད་པ་བྱེད་པའི་སྐབས་ཀྱང་ཡོད། །སྤྱན་མ་སྒྲོལ་མ་ལ་སོགས་ཞི་བ་མཚུངས། །རྡོ་རྗེ་ཕག་མོ་ཧེ་རུ་ཀར་མཚུངས་ཤིང༌། །གཙུག་ཏོར་མེད་ཀྱང་གཙུག་གི་ནོར་བུ་ནི། །དེ་ཡི་ཚབ་ཏུ་སྦྱར་བས་མི་རུང་མེད། །གཙུག་ཏོར་བྲལ་ཞིང་ནུ་མ་བྷ་ག་དང༌། །སྐེད་ཕྲ་སྟོད་ཞུམ་བརླ་དང་རོ་སྨད་རྒྱས། །དཔྲལ་བའི་ཟུར་ཞུམ་མིག་རྒྱས་ཟེར་མིག་སོགས། །མོ་གཟུགས་ཡིན་ཕྱིར་ལྷ་མོ་རྣམས་ལ་དགོས། །ཡབ་རྣམས་དེ་ལས་བཟློག་པའི་ཚུལ་དུ་ཡོད། །ལྷག་མ་ཆ་ཚད་རགས་པ་མཚུངས་པར་བྱ། །སེམས་དཔའ་ཆེན་པོ་རྣམས་ཀྱང་དེ་དག་མཚུངས། །མཐོ་དགུ་པ་ནི་སེམས་དཔའ་ཕལ་པ་དང༌། །བརྒྱ་བྱིན་ལ་སོགས་འཇིག་རྟེན་ཞི་བའི་ལྷ། །རོལ་པའི་ཁྲོ་བོ་ཧེ་རུ་ཀ་ལས་གཞན། །དེ་རྣམས་སོ་སོར་རིགས་ཀྱི་ལྷ་མོར་བཅས། །དེ་དག་ཚད་དེས་ལེགས་པར་བྲིས་གྱུར་ན། །རྣམ་གྲངས་ཚུལ་གྱི་ལེགས་པར་འགྱུར་བའང་ཡོད། །དུས་འཁོར་ལས་གསུངས་མི་ཡི་ཆ་ཚད་ནི། །ཞལ་རས་མཐོ་གང་བྲང་དང་སྐེད་པ་དང༌། །གསུས་པ་སོར་དགུ་བརླ་དང་རྗེ་ངར་ལ། །བཅུ་དྲུག་རེ་དང་ཐོད་དཔངས་མགྲིན་པ་ལ། །ཕྱེ་དང་བཞི་དང་པུས་
མོ་རྐང་མགོ་ནི། །སོར་གསུམ་ཡིན་ནོ་བྲང་ཕྱེད་སོར་དགུ་དང༌། །ཕྱེད་བཅས་དཔུང་པར་བཅོ་ལྔ་ལག་ངར་ལ། །བཅུ་གསུམ་ལག་མགོ་ཕྱེ་དང་བཅུ་གཅིག་གོ །སྦོམ་ཕྲག་ཕལ་ཆེར་ཐལ་མོ་དགུ་པར་མཚུངས། །མི་ལ་ཅིག་ཏུ་ངེས་པ་མེད་ན་ཡང༌། །ཉན་ཐོས་དགྲ་བཅོམ་སོགས་ལ་དེ་ལྟར་བྱ། །རང་རྒྱལ་ཐལ་མོ་དགུ་པར་བྲིས་ན་ལེགས། །སོ་སོའི་འདྲ་འབག་རྣམས་ནི་ཆ་ཚད་དང༌། །མཐུན་པ་མི་དགོས་རང་རང་དབྱིབས་བཞིན་བྱ། །གཟོ་ཉེས་འགོག་ཕྱིར་ཆ་ཚད་མཛད་པ་སྟེ། །སྐྱེས་བུ་དམ་པས་མཛད་ཅིང་བཟོ་གནད་ཀྱི། །འཕྲུལ་ལ་ལེགས་པར་བྱང་ན་ངེས་པ་མེད། །ཐུབ་པ་ཆུ་ལོན་མ་ཞེས་གྲགས་པ་བཞིན། །རྡོ་རྗེ་གདན་གྱི་བྱང་ཆུབ་ཆེན་པོ་ཡང༌། །མགུལ་ཐུང་དཔུང་པ་སྦོམ་ཞིང་ཞལ་སྟོད་རྒྱས། །ལྷ་སའི་ཇོ་བོ་ཤཱཀྱ་མུ་ནེ་ལའང༌། །ཆ་ཚད་སྟོན་པའི་གཞུང་ལུགས་རྣམས་དང་ནི། །རྣམ་འགྱུར་ཆ་ཤས་འདྲ་མིན་དུ་མ་མཐོང༌། །སྙན་ལའང་དབྱིབས་དང་རྣམ་འགྱུར་གཞན་དུ་ཡོད། །འཕགས་པའི་ཡུལ་དུ་མཁས་པས་བཞེངས་པ་ཡི། །ལུགས་མ་རྐོས་མ་སྐུ་ཚད་ཆུང་ངུ་རྣམས། །ཕལ་ཆེར་ཕྱག་སོར་སྦོམ་སྟེ་མི་མཛེས་མེད། །མིག་སྔར་མཛེས་ཤིང་མཐོང་ན་དང་བ་འདྲེན། །ལྷུན་བག་ཆགས་ཤིང་གཟི་སྦྱིན་རྒྱས་གྱུར་པའི། །སྐུ་གཟུགས་དེ་ནི་ཆ་ཤས་ཕྲ་མོ་དག ཆ་ཚད་གཞུང་དང་མཐུན་པ་མིན་ཡང་བླ། །ལྷ་མིའི་མཆོད་འོས་འཇིག་རྟེན་ཕན་བདེའི་རྒྱུ། །བཟོ་རིག་རྣམ་འགྱུར་ལྷུན་གྱིས་གྲུབ་པ་ཡི། །བློ་གྲོས་ཉིན་བྱེད་ཁོ་ནས་མ་ཤར་བར། །ཆ་ཚད་ཅུང་ཟད་སྦྱངས་པའི་ང་རྒྱལ་གྱིས། །མཁས་པའི་ལག་རྗེས་ཁྱད་དུ་གསད་མི་བྱ། །ཚུགས་བཟང་འཕྲུལ་ཆགས་རྣམ་འགྱུར་ཟད་པ་མེད། །ཚོན་ལེགས་ལྷ་ཡུལ་མེ་ཏོག་མདངས་འཕྲོག་ཅན། །འདྲི་བ་གང་དེ་རྒྱལ་
བའི་འཕྲིན་ལས་ཏེ། །ས་ལ་བི་ཤྭ་ཀརྨ་གཉིས་པ་བཞིན། ༩༢ །ཡང་འདི་སྐད་ཅེས། ཁྱིམ་བྱའི་སྒོ་ང་ཏིལ་རྣམ་པ། །གྲུ་བཞི་དང་ནི་ཟླུམ་པོར་བཅུས། །ཐུན་མོང་སྐུ་ནི་ཐམས་ཅད་ཀྱི། །ཞལ་གྱི་དབྱིབས་ནི་རྣམ་པ་བཞི། །སྐྱེས་བུ་ཆེ་དང་ལྷ་མོ་ཡི། ཁྱིམ་བྱའི་སྒོ་ང་ཏིལ་གྱི་དབྱིབས། །ཞེས་དང༌། ཁྲོ་བོ་རྣམས་ཀྱི་རྣམ་འགྱུར་དབྱིབས། །ཟླུམ་པོ་དག་དང་གྲུ་བཞི་སྟེ། །ཞེས་གསུངས་པའི་དོན། ཀྲི་ཡ་ས་མུཙྩ་སོགས་ལས་ཀྱང་གཞན་དང་གཞན་དུ་བཤད་མོད་ཀྱི། འདི་ལ་མཐའ་གཅིག་ཏུ་ངེས་པ་མེད་ནའང༌། འདི་ལྟར་བྱ་བར་འདོད་པ་ལ། བོད་རྣམས་ཞལ་གང་གྲུ་བཞིའི་ཟུར་ནས་གཅོད་པ་སོགས་ལ་ངེས་པ་ཆེར་མི་སྣང་སྟེ། སྒོ་ངའི་དབྱིབས་ཞེས་བྱ་བ། སྟེང་འོག་ནས་ཅུང་ཟད་ཞུམ་ཞིང་དབུས་རྒྱས་པའི་མིང་ཡིན་ལ། ཏིལ་གྱི་དབྱིབས་ནི་ཞལ་སྟོད་རྒྱས་ཤིང་ཞལ་སྨད་ཅུང་ཟད་པ་ཞུས་པ་ཡིན་པས། ཞི་བ་ཕོ་ལ་ཏིལ་དབྱིབས་པ་ཙམ་ཡིན་གྱི། མདོ་རྒྱུད་ལས་གསལ་བར་གསུངས་པ་མེད་པས། ཅུང་ཟད་ཅུང་ཟད་རིག་པས་དཔྱད་ཀྱི་ན་སྦྱར་རོ། འཁོར་ལོ་སྡོམ་པའི་ཞལ་བཞི་ལ། སོ་སོར་ཉམས་ཐ་དད་བྱེད་པ་སྡོམ་འབྱུང་འབྲེལ་པ་སོགས་ལས་བཤད་པ་ནི། ལྷ་སྐུ་གཅིག་འདྲི་བ། བསླབས་པས་ཉམས་ཐ་དད་པའི་ཞལ་བཞིན་བཞི་ཤེས་པར་འགྱུར་པའི་ཕྱིར། རྒྱ་བལ་གྱི་བཟོ་བོ་འགའ་ཞིག་གི་དེ་ལྟར་བྱས་པ་ལྟར་བཀོད་པ་ཡིན་པ་སྤྱིར་མི་འགལ་མོད་ཀྱང༌། འདི་ཁོ་ན་ལྟར་དགོས་
པ་མ་ཡིན་ནོ། །དུས་འཁོར་ལ་སོགས་པ་ཞལ་ཐ་དད་པ་ལ་ཉམས་སོ་སོ་རྒྱུད་ནས་གསུངས་པ་རྣམས་ནི་དེ་ཁོ་ན་ལྟར་ངེས་པར་དགོས་ལ། དམིགས་བསལ་མེད་པ་རྣམས་ལ་ཅི་བདེར་བྱར་རུང་ཡང༌། ཕལ་ཆེར་ཉམས་འགྱུར་མཚུངས་པར་བྱེད་པ་མང་ངོ༌། །སྤྱན་གྱི་ལྟ་སྟངས་ལ་འདི་སྐད་ཅེས་བྱ་སྟེ་ཞེང་དུ་ནས་བཅུ་དཀྱུས་ལ་བཅུ་བཞི་སྟེ། འདི་ནི་པདྨའི་འདབ་མའི་དབྱིབས་ཞེས་བྱ། །ཞེང་དྲུག་དཀྱུས་ལ་ཉི་ཤུ་ཡང་ན་ནི། །བཅོ་བརྒྱད་ཉའི་ལྟོ་བ་འདྲ་བར་འདོད། །ཞེང་ལ་སོར་གཅིག་དཀྱུས་ལ་སོར་མོ་གཉིས། །ཨུཏྤལ་འདབ་མ་རྒྱས་པ་ལྟ་བུར་འདོད། །ཐུབ་པ་ཆེན་པོ་མཉམ་གཞག་ལ་བཞུགས་ན། །ཞེང་དུ་ནས་གཉིས་དཀྱུས་ལ་ནས་ཉེར་བཞི། །གཞུའི་རྣམ་པ་ལྟ་བུའི་སྤྱན་ཞེས་ཟེར། །འདི་དག་ཐམས་ཅད་རང་གར་བཞག་པའི་སྤྱན། །རབ་ཏུ་ཕྱེ་ནས་གཟིགས་ན་འདི་བས་ལྷག །འདི་དག་ལྷ་ཡི་སྤྱན་གྱི་དབྱེ་བ་ཡིན། །དེ་དག་ལས་ཨུད་པ་ལ་ཡི་འདབ་མ་ལྟ་བུ་ནི། སྤྱན་གྱི་གྲྭ་བཞུག་གཉིས་ཀར་ཕྲ་ཞིང་དབུས་གདངས་པ་སྟེ། འདི་ལ་སྔོན་དུས་ཀྱི་བོད་པའི་ལྷ་བཟོ་བ་རྣམས་མགྲོན་བུ་ལྟ་བུ་ཞེས་ཟེར་རོ། །པད་འདབ་ལྟ་བུ་ནི་སྤྱན་བཞུག་དང་གྲྭ་ཟུར་གྱི་རྩེ་མ་གཏོགས་ཆ་མཉམ་དུ་སྦོམ་པ་དང༌། ཉའི་ལྟོ་བ་ལྟ་བུ་ནི། རིང་ཞིང་སྦོམ་པ་སྟེ། དེ་ཉིད་མིག་འཛུམ་དུ་བྱེད་ན་འོད་མའི་གཞུ་ལྟ་བུའོ། །ཐུབ་པ་སངས་རྒྱས་མཉམ་གཞག་གི་སྤྱན། གཞུ་ལྟ་བུའོ་ཞེས་པའི་གཞུ་སྤྱན་ནི་རྭ་གཞུ་ལྟ་བུའོ། །དེ་ཉིད་གདངས་པ་ནི་ཕོ་ཞི་བ་རྣམས་ལའོ། །ཉ་ལྟ་བུ་ནི་ལྷ་མོ་ཞི་བ་རྣམས་ལ་འོས་ཤིང༌། འོད་མའི་གཞུ་ལྟ་བུ་གཡེམ་མ་རྣམས་ཀྱི་མིག་སྟེ་མཆོད་པའི་ལྷ་མོ་སོགས་ལ་སྦྱར་བ་ཡིན་ནོ། །པདྨ་དང་ཨུཏྤལ་ལྟ་བུ་ནི་ཞི་མ་ཁྲོ་རྣམས་ལའོ། །ཤིན་ཏུ་
ཁྲོས་པའི་ཁྲོ་བོ་དང་ཁྲོ་མོའི་སྤྱན་ཡང་རྣམ་པ་གཉིས་སུ་ཡོད་དེ། ཟླུམ་པོ་དང་གྲུ་བཞིའི་རྣམ་པའོ། ཁྲོ་ཆེན་རྣམས་ཞལ་ཆེས་ཆེར་བགྲད་ཅིང་གདངས་པ། གཡལ་བ་ལྟར་བྱེད་པ་ནི། རྒྱ་གར་བལ་པོ་ལ་སོགས་པའི་བཟོ་རྒྱུན་ཁུངས་མ་རྣམས་ལ་མེད་པས། བོད་ཡུལ་དུ་ཕྱིས་བྱུང་བའོ། །དེ་ལྟར་ན་དུས་འཁོར་གྱི་ཡེ་ཤེས་མཆོད་རྟེན་མ་གཏོགས་སྤྱིར་སྟངས་སུ་མཆོད་རྟེན་ལ་ཆ་ཚད་ངེས་པ་ཅན་གསུངས་པ་ཉུང་ཞིང༌། སྐུ་གཟུགས་ལ་མདོ་རྒྱུད་གཉིས་ཀ་ནས་ནན་ཏན་དུ་གསུངས་པས། གནས་སྐབས་ཕལ་ཆེར་དུ་ཚད་དང་མི་འགལ་བ་ལ་ནན་ཏན་དུ་བྱའོ། །འདིར་སྨྲས་པ། སངས་རྒྱས་སྐུ་གཟུགས་རི་མོར་བྲིས་པ་དང༌། །འབུར་མའི་ཁྱད་པར་ཕུན་ཚོགས་ལེགས་སྦྱར་ན། །ཚེ་འདིར་གྲགས་པ་ཐོབ་ཅིང་ནད་མེད་ལ། །ཕུན་སུམ་ཚོགས་པའི་འབྱོར་པ་ཐོབ་པ་དང༌། །གནོད་བྱེད་གདོན་གྱི་ཚོགས་རྣམས་བྱེར་བར་འགྱུར། །ལོ་ལེགས་ཕྱུགས་ཀྱང་འཕེལ་བར་འགྱུར་བ་དང༌། །འཁྲུག་པ་ཞི་ཞིང་ཚེ་རིང་དགའ་བ་ཐོབ། །ཕྱོགས་དེར་བསྟན་པ་དར་ཞིང་ཡུན་རིང་གནས། །སྐྱེ་བ་གཞན་དུ་རིགས་བཟང་གཟུགས་མཛེས་ཅིང༌། །དབང་པོ་གསལ་ལ་ཤེས་རབ་བཟང་པོར་འགྱུར། །རིམས་ཀྱིས་རྒྱལ་བའི་སྐུ་མཆོག་ངེས་པར་ཐོབ། །མཐོང་ན་གཞན་དག་དད་པ་སྐྱེ་བ་དང༌། །ཐོས་པ་ཙམ་གྱི་རྗེས་སུ་ཡི་རང་འབྱུང༌། །ཕྱག་དང་བསྐོར་བ་མཆོད་པ་སྨོན་ལམ་སོགས། །བྱང་ཆུབ་བར་གྱི་ཚོགས་གཉིས་སྤེལ་བའི་ཕྱིར། །སེམས་ཅན་གཞན་དོན་བླ་ན་མེད་པར་འགྲོ། །གསང་སྔགས་སྒྲུབ་པ་རྣམས་ཀྱི་གྲུབ་པའི་རྫས། །སྐུ་གཟུགས་མཐོང་བས་ཏིང་འཛིན་མཆོག་ཀྱང་ཐོབ། །མཆོད་དང་བཟླས་པའི་ཞིང་དུ་འགྱུར་བ་སྟེ། །འཛམ་གླིང་ནོར་གྱི་ཁོངས་
པ་སྦྱིན་པ་ཡང༌། །བླ་མེད་བྱང་ཆུབ་རྒྱུ་རུ་མ་ངེས་ལ། །ཡུངས་འབྲུ་ཙམ་གྱི་རྒྱལ་བའི་སྐུ་བཞེངས་ནས། །རིམས་ཀྱིས་བྱང་ཆུབ་མཆོག་ཏུ་ངེས་པར་གཞོལ། །དེ་ལྟར་རྒྱལ་བའི་སྐུ་གཟུགས་བཞེངས་པ་ནི། །བསོད་ནམས་ཚོགས་ཀྱི་ནང་ན་མཆོག་རབ་གཙོ། །བསྟན་པ་འདི་ལས་ཕྱི་རོལ་གྱུར་པ་ལ། །སྐུ་གཟུགས་མཚན་ཉིད་རྣམ་པར་དག་པ་མེད། །ཆ་ཚད་ཕུན་ཚོགས་ནང་པའི་ཁྱད་ཆོས་ཡིན། །ཀླ་ཀློ་རྣམས་ནི་སྐུ་གཟུགས་མཐོང་ན་ཁྲོ། །མུ་སྟེགས་བྱེད་ཀྱང་མཆོག་ཏུ་བཀུར་བ་མེད། །སྐུ་གཟུགས་མཆོད་དང་རི་མོར་བགྱིས་པ་ལས། །བསོད་ནམས་རྒྱ་ཆེན་ཐོབ་པར་རྒྱལ་བས་གསུངས། ༈ ད་ནི་རི་མོ་ལ་མཁོ་བའི་རྣམ་གྲངས་འགའ་ཞིག་བཤད་པར་བྱ་སྟེ། དེང་སང་ཕལ་ཆེར། སངས་རྒྱས་རབ་བྱུང་གི་ཆ་བྱད་ལ་སྤྲུལ་སྐུ་དང༌། འཁོར་ལོས་སྒྱུར་བའི་ཆ་བྱད་ལ་ལོངས་སྐུ་ཞེས་ཟེར་མོད། གཉིས་ཀ་ལ་གཉིས་ཀ་ཡོད་པས་བརྡ་ཆད་དེ་མི་ལེགས་ལ། བདེ་མཆོག་སོགས་དྲང་སྲོང་ཁྲོས་པ་ཡིན་ཟེར་ནས་ཤིན་ཏུ་སྐེམ་པར་འདོད་པ་ཡང་མི་ལེགས་སོ། །དེས་ན་རབ་བྱུང་གི་རྣམ་པ་ལ་ཆགས་བྲལ་གྱི་སྐུ་དང༌། ཞི་བ་རྒྱན་ཅན་ལ་འཁོར་ལོས་སྒྱུར་བའི་ཆ་བྱད་དང༌། ཞི་བ་རྒྱན་མེད་ལ་དྲང་སྲོང་གི་ཆ་བྱད་དང་རིགས་ངན་གྱི་ཆ་བྱད་གཉིས་ཡོད་ཅིང༌། བདེ་དགྱེས་དུས་འཁོར་སོགས་ཧེ་རུ་ཀ་སངས་རྒྱས་ཁྲོ་བོ་དང༌། ཐལ་མོ་དགུ་པའི་ཁྲོ་བོ་ལ་རོལ་པའི་ཁྲོ་བོ་ཕལ་པའམ། སེམས་དཔའི་ཁྲོ་བོ་ཞེས་བྱ་བ་དང༌། འཇམ་དབྱངས་དང་སྤྱན་རས་གཟིགས་དང་ཀུན་ཏུ་བཟང་པོ་སོགས་ཉེ་བའི་སྲས་བརྒྱད་ལྟ་བུ་སེམས་དཔའ་མཆོག་དང༌། དེ་དག་གི་སྒོས་ཀྱི་འཁོར་ཞི་བ་ཕོ་མོ་ལ་བྱང་སེམས་ཕལ་པ་དང༌། དམར་ནག་འཇིགས་གསུམ་རྟ་མགྲིན་ལ་སོགས་པ་ཁྲོ་བོའི་རྒྱལ་པོ་དང༌།
ནག་པོ་ཆེན་པོ་དང༌། ལྷ་མོ་རེ་མ་ཏི་ལ་སོགས་པ་ཕོ་ཉ་ཕྱག་བརྙན་ཞེས་ཐ་སྙད་སྦྱོར་དགོས་ལ། དྲང་སྲོང་ཁྲོས་པ་ཞེས་པ་གཞུང་ཚད་ལྡན་ལས་མ་བཤད་ཀྱང༌། དྲང་སྲོང་ནི་སངས་རྒྱས་ཀྱི་མཚན་གྱི་རྣམ་གྲངས་ཡིན་པས། སངས་རྒྱས་ཁྲོ་བོ་ཟེར་བའི་དོན་ཡིན་ལ། གཞན་ཁྲོ་བོ་ལ་གནོད་སྦྱིན་ཁྲོས་པ་དང༌། སྲིན་པོ་ཁྲོས་པ་དང༌། གཤིན་རྗེ་ཁྲོས་པ་སོགས་ཀྱི་དབྱེ་བ་བྱས་ནས་ཉམས་ཐ་དད་པར་དགོས་པར་བོད་རྣམས་འདོད་ཀྱང་ངེས་པ་མ་མཐོང་ངོ༌། །གཞན་ཡང་རྡོ་རྗེའི་སྐྱིལ་ཀྲུང་ནི་ཞབས་བརླ་སྟེང་ དུ་བསྣོལ་བ་གཡོན ་པ་གཡས་པས་མནན་པ་ཡིན་ལ། སེམས་དཔའི་སྐྱིལ་ཀྲུང་ནི། གཅིག་གི་བྱིན་པའི་སྟེང་དུ་གཅིག་ཤོས་ཀྱི་ཞབས་མགོ་བཞག་པ་དང༌། པདྨའི་སྐྱིལ་ཀྲུང་ནི་ཞབས་མཐིལ་མཉམ་པར་སྦྱར་བ་དང༌། གཡས་བརྐྱང་དང་གཡོན་བརྐྱང་ནི་མཐོ་ལྔར་བརྐྱང་པ་ཞེས་འདོད་ཀྱང་འདི་ལ་ངེས་པ་མེད་དེ། སྔོན་དུས་བཞེངས་པའི་རྒྱ་བལ་གྱི་ལྷ་ཁུང་མ་འགའ་ཞིག་མཐོ་བདུན་དུ་བརྐྱང་བ་ཡང་མཐོང་ངོ༌། །གང་བསྐུམ་པའི་ཕྱོགས་འགྲེང་ཐབས་སུ་འདྲི་བར་མི་བྱ་སྟེ། བརླ་ནི་ཐད་ཀའམ་སེགས་སུ་འདྲི་གོས་ལ། རྗེ་ངར་ནི་ཐུར་ལྟས་སུ་བྲིས་ན་ལེགས་སོ། །མཉམ་པའི་སྟབས་ནི། ཞབས་མགོ་གཉིས་ལ་བར་མཚམས་མེད་པ་ལྟར་བཤད་ཀྱང་ངེས་པ་མེད་མོད། བར་མཐོ་གང་ལས་ཆེ་བ་མི་བྱ་ཞིང་མཉམ་པར་བཞེངས་པ་ཡིན་ལ། ས་གའི་སྟབས་ནི་བར་ཐག་ཁྲུ་གང་ཙམ་བཞག་ནས། ཞབས་མགོ་གཡས་གཡོན་ཏུ་བསྟན་པ་དང༌། རོལ་སྟབས་ལ་གཉིས་ལས་བཞེངས་པ་ནི་ཞབས་གཅིག་དྲང་པོར་བཙུགས་པའི་བོལ་གོང་ལ། གཅིག་ཤོས་ཀྱི་རྟིང་པ་གཏད་པ་ཡིན་ཅིང་བཞུགས་པ་ནི་སྐྱིལ་ཀྲུང་ཕྱེད་པ་དང་ཕལ་ཆེར་འདྲ་བ་
ལས། ཞབས་གཅིག་གི་སོར་མོ་ལ་གཅིག་ཤོས་ཀྱི་རྟིང་པ་དང་བྱིན་པའི་མཚམས་གཏད་པ་ཙམ་མོ། །བཞེངས་བཞུགས་གཉིས་ཀ་ལ་ཡང་གཡས་ གཡོན་གྱི་རོལ་སྟབས་གཉིས་ཀ་ཡོད་དོ། །ཟླུམ་པོའི་སྟབས་ནི་རྟིང་པ་གཉིས་ཀྱི་བར་དུ ་མཐོ་གང་སོགས་ཇི་ལྟར་འོས་པ་བཞག་ནས། པུས་མོ་གཉིས་གཡས་ གཡོན་དུ ་འབུར་འབུར་པོ་ངང་བའི་གཤོག་པ་ལྟར་བྱས་པའོ། །དེ་ཉིད་ལ་འཕོངས་ས་ལ་མ་རེག་ཙམ་དུ་སྨད་པ་ནི་རུས་སྦལ་གྱི་རྐང་སྟབས་སོ། །དེ་ཉིད་ལས་པུས་མོ་གཉིས་མདུན་དུ་ཅུང་ཟད་ཕྱོགས་པ་ནི་བྱ་རོག་གི་འདུག་སྟངས་སོ། །རྐང་པ་ཕྱོགས་གཅིག་པུས་མོ་འབུར་བ་དང༌། ཕྱོགས་གཅིག་རྒྱབ་ཏུ་བཏེགས་ནས་ལུས་ཅུང་ཟད་མདུན་དུ་འདུད་པ་ནི། བུང་བའི་རྐང་སྟབས་སོ། །ཏཎྜ་བའི་རྐང་སྟབས་ནི། དེང་སང་གར་སྟབས་སུ་གྲགས་པ་སྟེ། འདི་ལ་གཅིག་བརྐྱང་པའི་བརླ་ལ་གཅིག་ཤོས་ཀྱི་རྐང་མཐིལ་སྦྱོར་བར་བཤད་པ་ནི། མི་རྣམས་གར་བྱེད་པའི་དབང་དུ་བྱས་པ་ཡིན་ཏེ། རྡེག་འཆོས་པར་གྱུར་གྱི་དོགས་པས་སོ། །ལྷ་སྐུ་འདྲི་བ་ལ་དེ་ལྟར་མི་མཛེས་ཏེ། དེས་ན་སྔོན་བྲིས་འབུར་ཁུངས་མ་རྣམས་ལས་འབྱུང་བ་བཞིན། ཞབས་གཅིག་གི་སོར་རྩེའམ་བྲང་པས་གདན་མནན་ཅིང༌། ཅིག་ཤོས་ཀྱི་ཞབས་སོར་བྱིན་པའི་དབུས་དང༌། རྟིང་པ་བརླའི་ཕྱོགས་ལ་བསྟན་ཀྱང༌། བརླ་དང་རྟིང་པ་མ་རེག་པར་བྱ་ཞིང༌། ཞབས་གཉིས་ཀར་ལྷོད་ཉམས་སུ་བྱས་པས་ཤིན་ཏུ་མཛེས་ཤིང་བག་ཆགས་པར་འགྱུར་རོ། །བུང་བའི་དྲ་བ་དང་རྐང་གཅིག་པ་ཞེས་གར་གྱི་གཞུང་ཚད་ལྡན་ལས་ཐ་དད་པར་གསུངས་ཀྱང༌། འདིར་འཕགས་ཡུལ་དང་བལ་པོའི་བཟོ་བོ་རྣམས་ལ་སྔོན་དུས་གྲགས་པ་ལྟར་བཀོད་ཅིང༌། གཞན་ཡང་མིའི་ལུས་ཀྱི་གར་བྱེད་ཚུལ་དང༌།
ལྷའི་རྣམ་པ་འགོད་ཚུལ་མི་འདྲ་བའི་སྐབས་ཡོད་པས། མཐའ་གཅིག་ཏུ་གང་ཡིག་དང་བསྟུན་མི་དགོས་སོ། །ཤེར་ཕྱིན་སེར་མོ་ཕྱག་བཞི་མ་དང༌། ཁྲོ་གཉེར་སྤྱན་མ་སོགས་དམིགས་བསལ་གསུངས་པའི་སྐབས་མ་གཏོགས། ལྷ་མོ་རྣམས་ལ་རལ་ལྕོག་དང་གར་ཞྭ་ལྟ་བུའི་ཐོར་ཚུགས་ཀྱི་དཔྲོག་ཞུ་མི་བྱ་སྟེ། དབུ་སྐྲ་གཡས་སམ་ གཡོན་དུ ་བཅིངས་པ་དང་གཉིས་ཀར་བཅིངས་པ་དང༌། ལྟག་པར་བཅིངས་པ་དང་ཕྱེད་བཅིངས་ཕྱེད་གྲོལ་ལ་སོགས་པ་བྱ་ལ། དཔངས་སུ་ཇི་ལྟར་རིང་ཡང་སོར་ལྔ་ལས་ལྷག་པ་མི་བྱ་ཞིང༌། རྒྱ་ཁྱོན་ཆེར་སྐྱེད་དེ་ཟླུམ་ཟླུམ་པོ་དང་སྒོར་སྒོར་པོར་བྱའོ། །ཡང་ན་འཕྱང་ཞིང་བཅིངས་པ་ཞེས་བྱ་བ། རྩ་བ་མ་བཅིངས་ཤིང་རྩེ་མོ་རྣམས་རྒྱབ་ཏུ་བཅིངས་པ། རིན་པོ་ཆེའི་ཏོག་གིས་སྤྲས་པ། མཐོང་ཆའི་དབང་ དུ་བྱས་ནས། དཔུང་པ་གཡས་གཡོན ་གྱི་མཐར་མངོན་པ་སྟེ། སྔོན་གྱི་མཁས་པའི་ལག་རྗེས་ལ་བལྟའོ། །གསང་འདུས་འཇམ་རྡོར་ལ་སོགས་པ་རང་འདྲའི་ཡུམ་དུ་བཤད་པ་རྣམས་ལ། རང་འདྲ་ཡིན་པའི་ཕྱིར་ཐོར་ཚུགས་དགོས་སམ་སྙམ་ན་མི་དགོས་ཏེ། བུད་མེད་ཀྱི་རྟགས་ཡིན་པའི་ཕྱིར། ནུ་འབུར་དང་འདྲའོ། །གཞན་ཡང་ལྷ་རྒྱན་ལྡན་རྣམས་ལ། ཕྱིས་ཀྱི་བོད་རྣམས་འདྲི་བ་རྒྱན་སྦོམ་ཞིང་རགས་ལ་མང་བས་ཐག་ཐུག་ཏུ་འགྱུར་བ་མི་འདྲི་སྟེ། སྦོམ་ཕྲ་དང་མང་ཉུང་འཚམ་པར་བྲིའོ། །དེ་ལ་རིན་པོ་ཆེའི་དཔྲཽག་ཞུ་ནི། བང་རིམ་རིམ་པ་གསུམ་མམ་བཞི་དང་ལྡན་པ། བང་རིམ་རེ་རེ་བཞིན་རྩེ་ཕྲན་མང་དུ་ཡོད་པ། རྩེ་མོ་རྡོ་རྗེའམ་རིན་པོ་ཆེས་བརྒྱན་པ། མགོ་ལ་ཞྭ་ལྟར་གོན་རྒྱུ་ཡིན་པས། རྩེ་ཕྲན་ཅན་ལ་དབུ་སྐྲ་ཐོར་ལྕོག་མི་མཐོང་ཞིང༌། དབུ་སྐྲ་གྲོལ་བའི་ཟར་བུ་དཔུང་པར་
འཕྱང་བ་སོགས་ནི་མ་བཀག་གོ །རལ་པའི་ཐོར་ཚུགས་ཅན་ལ་དབུ་རྒྱན་མ་གཏོགས་དཔྲཽག་ཞུ་འདི་མེད་ལ། དབུ་རྒྱན་ཡང་རྩེ་ཕྲན་གྱི་རྣམ་པ་མ་འཆུགས་པ་དགོས་ཀྱི། པ་ཏྲ་དང་ནོར་བུ་ལ་སོགས་པའི་ཅི་ཡིན་མེད་པའི་ཟར་ཟིར་མི་འདྲི་ཞིང༌། ཕྱག་གདུབ་དཔུང་གདུབ་སྙན་རྒྱན་མགུལ་རྒྱན་སོགས་གོ་བར་ཟད་ལ། སེ་མོ་དོ་ནི་སྐུའི་སྐེད་པ་ཙམ་དུ་སླེབ་པའི་འཕྲེང་བ་ཡིན་ལ། འདི་ལ་དོ་ཤལ་བྱེད་པ་ཟེར། རིན་པོ་ཆེའི་དོ་ཤལ་ལ་ཕལ་ཆེར་ཕྲག་ཤལ་དུ་བྱ་བ་དང༌། སྐེ་ལ་དཀོན་པའང་ཡོད་ལ། རྐང་གདུབ་བྱིན་པར་འཆིང་བ་དང༌། བོལ་གོང་དུ་འཆིང་བ་གཉིས་ཡོད་པ་ལ་ལྷ་མོ་རྣམས་ལ་གཡེར་ཀའི་ཕྲེང་བ་ཅན་དུ་བྱེད། འོག་པག་ཞེས་པ་སྐ་རགས་ཀྱི་རྒྱན་ཡིན་ཅིང༌། དེ་ལས་དྲ་ཕྱེད་འཕྱང་བ་སྨད་རྒྱན་དུ་གྲགས་པ་ཡིན་ནའང༌། བལ་པོ་དང་བོད་པ་རྣམས་གར་བྱེད་པའི་སྨད་རྒྱན་ཁྲོམ་ཤོགས་རྒྱང་རྒྱག་ལྷུར་ལེན་པ་ལྟར་དྲ་ཕྱེད་མཐུག་ལ་རིང་པ་འདི་ལྟ་བུ་མི་བྱ་སྟེ། དཀྱིལ་འཁོར་གྱི་དྲ་ཕྱེད་འདྲ་བ་བྱ་ལ། རུས་རྒྱན་ཡིན་ན་སྲོག་ཤིང་རུས་འཕྲེང་རིང་བ་རྩེ་མོ་ལ་དྲིལ་བུ་གཡེར་ཁ་དཔྱངས་པ་དང༌། རིན་པོ་ཆེའི་རྒྱན་ལ་ནི་འོག་པག་ཉིད་ལ་དྲིལ་ཆུང་འཕྱང་བ་ཡིན་ནོ། །དེ་ལ་སྔོན་གྱི་རི་མོ་བ་རྣམས་ན་རེ། རྣ་རྒྱན་མགུལ་རྒྱན་ལག་གདུབ་གསུམ། །བརྗི་བརྗི་འདྲ་ཅིག་འདོད་པ་ཡིན། །དབུ་རྒྱན་དཔུང་རྒྱན་རྐང་གདུབ་སྐྱེད། །ཡང་ཡང་འདྲི་ཅིག་འདོད་པ་ཡིན། །ཞེས་སོ། །ཕྱག་མཚན་གྱི་ཁྱད་པར་ལ། རལ་གྲི་ཁྲུ་གང་བ་སོགས་ཆ་ཚད་ངེས་པ་ཅན་རྒྱ་གཞུང་འགའ་རེ་ནས་བཤད་པ་ཡོད་ཀྱང༌། ངེས་པར་དགོས་པ་མ་ཡིན་ལ། ངོས་འཛིན་ཅུང་ཟད་བཤད་ན། དང་པོའི་རྡོ་རྗེ་ནི་རྡོ་རྗེ་དམར་པོ་ཕྱོགས་ཀྱི་རྭ་བཞི་དབུས་རྭ་ལ་ཨེན་མ་རེག་
ཙམ་ཡིན་ལ། ཁྲོ་བོའི་རྡོ་རྗེ་ནི་རྭ་བཞི་པོ་ཤིན་ཏུ་ཁ་འགྱེས་པ་ཡིན་ཅིང༌། གང་ནི་དབྱུག་པ་དཀར་པོ་རིང་པོ་རྩེ་མོ་ཏོག་ཅན་རྩེ་སྦོམ་པོ་ཞིག་ཡིན་ལ། སྐྱེ་བ་ལྔ་པའི་དུང་ནི་དུང་དཀར་གཡས་འཁྱིལ་ལོ། །མདུང་དང་རལ་གྲི་ལ་སོགས་པ་མང་པོ་ཞིག་རྒྱ་བོད་གཉིས་བཀོད་པ་མི་མཐུན་ཡང༌། རང་རང་ལུགས་བཞིན་བྱས་པས་འགལ་བ་མེད། ཆུ་གྲི་ཞེས་པ་གྲི་ཐུང་ཡིན་པ། སོ་གཅིག་པ་དང་སོ་གཉིས་པ་སྟེ་རིགས་གཉིས་རྒྱ་གར་ནས་འབྱུང་ལ། བོད་ལུགས་ལྟར་ན། རྐང་གྲིའོ། །ཤཀ་ཏི་ནི་མདུང་སོ་དགྲ་སྟ་ཁ་ཡོད་པའི་མདུང་ཐུང་ཡིན་ལ། བི་རྡི་པ་ལའི་འཕང་མདུང་ནི་རྩེ་མོ་རྣོ་བ་མདུང་སོ་འདྲ་བ། ཡུ་བ་ལ་རྨ་བྱའི་སྒྲོ་ཕོན་ཅན་ནོ། །གཏུན་ཤིང་ནི་ཤིང་སྐེད་ཉག་རྩེ་གཉིས་ཟླུམ་པ་འབྲས་བརྡུང་བ་སོགས་བྱེད་པའོ། །རྡོ་རྗེ་རྩེ་གཅིག་པ་ཞེས་པ་ལ་རིགས་གཉིས་ཏེ་ཨེ་ཀ་སཱུ་ཙི་ཀ་བཛྲ་ཞེས་པ་ནི། རྡོ་རྗེ་རྩེ་ལྔ་པའི་ཕྱོགས་ཀྱི་རྭ་བཞི་བཅད་པ་ལྟ་བུ་དང༌། ཀ་ཎཱ་ཡ་ཞེས་པ་མདུང་ཐུང་ངམ་མདུངམ་ཕྱེད་པའམ། ལྕགས་མདུང་རྡོ་རྗེ་རྩེ་གཅིག་པ་ཞཻས་བསྒྱུར་བ་རྣམས་དོན་གཅིག་ལ། གཡུལ་འཐབ་པའི་ཚེ་གླང་པོ་ཆེའི་མགོ་བོར་བསྣུན་པ་ལ་དགོས་པ་སྟེ། ཡུ་བ་འདོ་གང་ཙམ་ལ་སྟོད་སྨད་གཉིས་ཀར་དུ་ཟླུམ་པོ་འཁོར་ལོ་འདྲ་བའི་དཀྱིལ་ནས་མདུང་སོ་ཁྲུ་གང་ཙམ་པ། རྩ་བ་སྦོམ་ཞིང་རྩེ་མོ་བྱིན་གྱིས་ཕྲ་བ། གཟོང་ཁ་ཡོད་པའོ། །ཐོད་ཚལ་གྱི་ཁ་ཕོར་དང༌། ཙ་ཤ་ཀ་དང༌། བཤོར་ཐོད་རྣམས་དོན་གཅིག་སྟེ། །རྩེ་ཐོད་བྲེགས་པ་སྔགས་རྙིང་མ་པའི་བྷན་དྷ་འདྲ་བའོ། ཁ་ཊྭཱཾ་ག་ལ། ལྷ་དབང་ཕྱུག་ཆེན་པོའི་ཕྱག་མཚན་ལ་རྩེ་གསུམ་གྱིས་མཚན་པའང་བཤད། གཞན་སྤྱི་ལྡོག་ནས་རྡོ་རྗེ་དང་མི་མགོ་སོགས་ཀྱིས་མཚན་པའི་
དབྱུག་པ་ཡིན་པས། སྔགས་པ་བླུན་པོ་དང༌། རྟོགས་ལྡན་བླུན་པོ་འགའ་རེའི་རྗེས་སུ་འབྲངས་ནས། ཐུག་ལྕགས་རྩེ་གསུམ་ལ་འདོད་པ་ཤིན་ཏུ་འཁྲུལ་ལོ། །ཌ་མ་རུ་ནི་སྐེད་གཡོགས་དང་དྲ་བ་མེད་པའི་ཡུ་བ་ཅན་ནམ། དྲ་བ་ཅན་ལ་སྐེད་གཡོགས་རྒྱབ་པ་ཡུ་བ་མེད་པ་སྟེ། དར་འཕན་འདོགས་པ་ནི་བོད་ཀྱི་མཛེས་ཆོས་ཏེ། ཡི་དམ་གྱི་ལྷ་ཆེན་པོའི་སྐུ་བརྙན་གྱི་ཕྱག་མཚན་ལ་ནི་མི་དགོས་ལ། བཟོ་རྩེད་དང་བོད་ཀྱི་བླ་མ་སོགས་ལ་བྱའོ། །རྫ་རྔ་ནི་ཟོ་དཔངས་ཁྲུ་གཉིས་ཙམ་ཡོད་ན། དབུས་ཀྱི་ལྡིར་བའི་ཆ་ལ་བསྐུམ་ཁྲུ་ཙམ། ཁ་གཉིས་ཀྱི་རྒྱ་ལ་རྐང་གང་ངམ། དེ་ལས་ཆུང་ཙམ་ཡོད་པ། ཟོ་དཔངས་ལ་ཆ་གསུམ་དུ་བཏང་བའི་མཚམས་ནས། ཐི་གུ་བཏགས་ཏེ་སྐེ་ལ་གོན་པའོ། །རྔ་ཟླུམ་ནི་ཀུ་ཕོར་ལ་རྔ་ལྤགས་གཡོགས་པ་ལྟ་བུ་བཤམ་དུ་བུ་ག་ཅུང་ཟད་ཡོད་པ། རྔ་བོ་ཆེ་ནི་བོད་ཀྱི་མཆོད་ལྔ་འདྲ་བ་ལས་ཟོད་དཔངས་མཐོ་བ་ཞིག་གོ །རྔ་པ་ཊ་ཧ་ནི་ཌ་མ་རུ་ལྟར་སྐེད་ཉག་ལ་དྲ་བ་གཡོགས་པ་ཟོ་དཔངས་ཀྱི་ཕྱེད་ཁའི་རྒྱ་ལ་ཡོད་པའོ། །རྔ་ཌྷ་ཀ་ཞེས་བྱ་བ་ནི་ཟོམ་གྱི་ཁ་ལ་རྔ་ལྤགས་ཕུབ་པ་འདྲ་བ། འོག་ཏུ་བུ་ག་ཅུང་ཟད་དང་བཅས་པ། གཡས་ གཡོན་དུ ་ལུང་ཡོད་པ་སྟེ། ཟངས་ལས་བྱས་པའོ། །ཕེ་ཊ་ཀ་ཞེས་བྱ་བ་ནི། རལ་གྲི་སོ་གཉིས་མ་འདྲ་རུང་ལ་འཁྱོག་པོའོ། །ཕུབ་ཟླུམ་ནི་བསེ་ཕུབ་ཏུ་གྲགས་པ་ཡིན་ལ། ཕུབ་ཟླུམ་ཡུ་བ་ཅན་ནོ། །ལྷུང་བཟེད་ཁ་བྲེགས་པ་འདྲ་བའི་ལག་ཕུབ་སྟེ། ནང་དུ་ཡུ་བ་འཕྲེང་ཀ་ལྟ་བུ་ཡོད་པའོ། །ཕུབ་རིང་ནི་གྲུ་བཞི་ནར་ཐབས་ཅན་ནི། བྷོ་ཀང་ནི་ཟངས་དུང་ངོ༌། །དེ་དག་ལ་སོགས་པ་མཁས་པ་ལ་འདྲི་ཞིང་མཁས་པའི་ལག་རྗེས་ལ་བལྟ་བར་བྱ་སྟེ། མཐའ་དག་བརྗོད་ཀྱི་མི་ལང་ངོ༌། །ཡང་དེ་དག་ལ་སངས་རྒྱས་བྱང་
སེམས་ཆགས་བྲལ་གྱི་རྣམ་པ་ཅན་དང་བྱ་སྤྱོད་ལུགས་ཀྱི་སྐུ་གཟུགས་འདྲི་བའི་ཚེ། གཙང་སྦྲ་དང་བཅས་ཤིང༌། བསྙེན་གནས་ཡང་དག་པར་བླང་བ་དང༌། གསང་སྔགས་ནང་གི་ལྷ་འདྲི་བ་ནི། རི་མོ་མཁན་དབང་བསྐུར་བ་ཐོབ་ཅིང་དམ་ཚིག་གི་མ་ཉམས་པ་གལ་ཆེ་ཞིང༌། རྒྱུད་ནས་བཤད་པའི་དངོས་གྲུབ་སྒྲུབ་པའི་རྟེན་བྲིས་སྐུའི་ཆོ་ག་བཞིན་དུ་འགྲུབ་ན་ཆེས་ལེགས་ལ། དེ་ལྟར་མ་འགྲུབ་ཀྱང་མཚམས་བཅད་དེ། སྐྱེ་བོ་ཕལ་ཆེར་གྱིས་མི་མཐོང་བ་དང༌། མཆོད་གཏོར་དམ་རྫས་དང་བཅས་པ་ཡང་ཡང་ཕུལ་ན་ཤིན་ཏུ་ལེགས་པར་འགྱུར་རོ། །མཐའ་དག་སྲིད་དང་ཞི་བའི་བདེ་སྐྱིད་ནི། །མ་ལུས་སངས་རྒྱས་རྗེས་སུ་དྲན་ལས་བྱུང༌། །གང་ན་རྒྱལ་བའི་སྐུ་གཟུགས་ལེགས་བཞེངས་པ། །དེ་ནས་སངས་རྒྱས་རྗེས་སུ་དྲན་པ་ཡོད། །ཆ་ཚད་རྣམ་པར་བཞག་པ་མདོར་བསྡུས་ཙམ། །དག་གསལ་བཟུང་དུ་བདེ་བ་བརྗོད་འདི་ཡིན། །ཆོས་ཀྱི་དབྱིངས་དང་མཉམ་པའི་འགྲོ་བ་རྣམས། །ཆོས་ཉིད་ཟབ་མོ་གནས་ལ་གཞོལ་བར་ཤོག །དཔལ་སྡོམ་པ་འབྱུང་པ་དང༌། དུས་ཀྱི་འཁོར་ལོ་རྒྱུད་དོན་ཕྱིན་ཅི་མ་ལོག་པ་ལ་བོད་ཕལ་པ་རྣམས་ཀྱི་ཟེར་སྒྲོས་མ་སླད་པར། སྐུ་གཟུགས་ཀྱི་ཆ་ཚད་མདོ་ཙམ་བརྗོད་པ་བདེ་སྐྱིད་འབྱུང་གནས་ཞེས་བྱ་བ་འདི་ཡང༌། རྒྱལ་ཁམས་པ་ཏཱ་ར་ནཱ་ཐ་ལ། རི་མོའི་འདུ་བྱེད་པ་འགའ་ཞིག་སྔ་མོ་ནས་བསྐུལ་བ་ཡོད་པ་དང༌། ཉེ་བར་ལྷ་བཟོ་སྙིང་སྙིང་གིས་བསྐུལ་ནས་ནགས་རྒྱལ་གྱི་དབེན་གནས་སུ་ངེས་པར་བརྗོད་པའོ། །བཀྲ་ཤིས་པར་ཤོག། །