མངོན་པར་རྟོགས་པའི་རྒྱན་གྱི་འགྲེལ་པ་མདོ་ལུགས་མའི་དོན་ཁོལ་བུར་ཕྱུང་བ།
མངོན་པར་རྟོགས་པའི་རྒྱན་གྱི་འགྲེལ་པ་མདོ་ལུགས་མའི་དོན་ཁོལ་བུར་ཕྱུང་བ་བཞུགས།
སྭཱ་སྟི། རྟག་བདུན་ཆོས་ཉིད་རྟ་བདུན་དཀྱིལ་འཁོར་གྱིས། །གློ་བུར་སྒྲིབ་པའི་སྤྲིན་མཚོ་སྟུག་པོ་རྣམས། །ཐེག་ཆེན་དམ་ཆོས་དྲི་བཞོན་གྱིས་གསལ་བའི། །དག་པ་གཉིས་ལྡན་ཆོས་དབྱིངས་འོད་གསལ་རྒྱལ། །རབ་བྱུང་བསྟན་པ་ཆུ་ཡི་གཏེར་ཆེན་ལས། །ངེས་གསང་ཤེས་རབ་ཆོས་ཉིད་ཡིད་བཞིན་ནོར། །ངེས་དོན་བསྟན་པའི་རྒྱལ་མཚན་ཚུགས་སླད་དུ། །ངེས་པར་ལེན་མཛད་རྟོན་པ་བཞི་ལྡན་རྒྱལ། །ཀུན༵་མཁྱེན་བསྟན་པ་ཆུ་སྐྱེས་མཛེས་པ་དེ། །འགྲོ་རྣམས་དག༵འ་བའི་མཁྱེན་བརྩེའི་འོད་ཟེར་གྱིས། །ལེགས་པར་ཕྱེ་མཛད་སྐྱེ་དགུའི་སྙིང༵་གཅིག་པོ༵། །བཀའ་དྲིན་མཉམ་མེད་སྒྲོལ༵་བ༵འི་མགོ༵ན་པོ༵་མཆོད། །ཞེས་མཆོད་པར་བརྗོད་ནས། འདིར་མངོན་པར་རྟོགས་པའི་རྒྱན་གྱི་འགྲེལ་པ་མདོ་ལུགས་མ་ལས་གཞུང་གི་ས་བཅད་དང་འབྲུ་
གནོན་ཁོལ་བུར་ཕྱུང་སྟེ་བཤད་པ་ལ་སེམས་ཏེ། རྒྱལ་བ་སྲས་བཅས་ཐམས་ཅད་ལའོ། །གང་ཟག་གང་གིས་ན་ལོ་ཙཱ་བས། ཚུལ་ཇི་ལྟར་ན་སྒོ་གསུམ་གུས་པས་འདུད་པ་ནི་ཕྱག་འཚལ་བའོ། །དེ་ལྟར་ཡུལ་དམ་པ་ལ་ཕྱག་འཚལ་བའི་བསོད་ནམས་ཀྱིས་རྩོམས་བསྒྱུར་འཆད་ཉན་མཐར་ཕྱིན་པར་འགྲུབ་བོ། །གཉིས་པ་བཤད་པ་ཉིད་ཉེ་བར་དགོད་པ་ལ། རང་ཉིད་བསྟན་བཅོས་རྩོམས་ལ་འཇུག་པའི་རྒྱུ་མཆོད་བརྗོད་བཤད་པ་བརྩམས་པའི་བསྟན་བཅོས་ལ་གཞན་འཇུག་པའི་དགོས་འགྲེལ་བཤད་པ། འཇུག་བྱ་བསྟན་བཅོས་ཀྱི་རང་བཞིན་མངོན་རྟོགས་བཤད་པའོ། །དང་པོ་ལ་བསྟོད་པ་དང་ཕྱག་འཚལ་བའོ། །དང་པོ་ལ་བསྟོད་བྱ་མཁྱེན་གསུམ་ངོས་བཟུང་བ་དང༌། དེས་འཕགས་བཞིའི་བཞེད་དོན་མཛད་ཚུལ་ལོ། །དང་པོ་ལ་མཁྱེན་པ་གསུམ་གྱི་ངོས་འཛིན་ནི། སེམས་
བསྐྱེད་ཀྱི་སྐབས་སུ་གསུངས་པས་ནི་གང་ཟག་སོ་སོའི་རྒྱུད་ལ་ཡོད་པའི་མཁྱེན་གསུམ་ངོ་བོ་ཐ་དད་པ་རྣམས་བསྟན་ཏེ། མཁྱེན་གསུམ་ངོ་བོ་གཅིག་པ་གཞི་འབྲས་དབྱེར་མེད་ཀྱི་ཤེར་ཕྱིན་དེ་བཞིན་ཉིད་ནི་བསྟན་ལ། གཞི་དེ་ལ་སློབ་པ་གང་ཟག་སོ་སོའི་རྒྱུད་ལ་ཡོད་པའི་མཁྱེན་གསུམ་ངོ་བོ་ཐ་དད་པ་རྣམས་བསྟན་ཏེ། མཁྱེན་གསུམ་ངོ་བོ་གཅིག་པ་གཞི་འབྲས་དབྱེར་མེད་ཀྱི་ཤེར་ཕྱིན་དེ་བཞིན་ཉིད་ནི་བསྟན་ལ། གཞི་དེ་ལ་སློབ་པ་ན་གང་ཟག་སོ་སོའི་རྒྱུད་ཀྱི་མཁྱེན་གསུམ་ངོ་བོ་ཐ་དད། དེ་ལ་བསྟན་པར་གྱུར་ཚུལ་ཡང༌། སེམས་བསྐྱེད་ཀྱི་སྐབས་སུ་གནོད་འཇོམས་ལས་བཤད་དོ། །དེ་ལྟར་ན་གཞིར་ཤེར་ཕྱིན་འཕགས་པའི་ཆོས་ཐམས་ཅད་ཀྱི་རྒྱུ་ཆོས་དབྱིངས་དེ་བཞིན་ཉིད་མཁྱེན་པ་གསུམ་ངོ་བོ་གཅིག་ཏུ་གྱུར་པ་གང་ཡིན་པ་དེ་ཉིད་དང༌། གང་ཟག་སོ་སོའི་རྒྱུད་ལ་ཡོད་པ་ངོ་བོ་ཐ་དད་པའི་མཁྱེན་གསུམ་གང་ཡིན་པ་དེ་གཉིས་རྟེན་དང་བརྟེན་པ་དང༌། སྔ་མ་ནི་གང་ལ་བསླབ་པར་བྱེད་པའི་གཞིའི་མཁྱེན་གསུམ་ཡིན་ལ། ཕྱི་མ་ནི་དེ་ལ་སློབ་པ་བྱེད་པའི་ཐབས་མཁྱེན་པ་གསུམ་ཡིན་ནོ། །དེ་ལྟ་བས་ན། ཉན་ཐོས་ཞི་བ་ཚོལ་རྣམས་ཞེས་སོགས་ཀྱིས་ཀྱང་མཁྱེན་གསུམ་ངོ་བོ་ཐ་དད་པ་སོ་སོའི་རྒྱུད་ལ་ཡོད་པ་ལམ་བསྟན་གྱིས་བསྡུས་པའི་ཡེ་ཤེས་དང༌། ཚོགས་བཅས་སངས་རྒྱས་ཀྱི་ནི་ཡུམ་དེ་ཞེས་པས་མཁྱེན་པ་གསུམ་ངོ་བོ་གཅིག་པ་གཞི་འབྲས་དབྱེར་མེད་པའི་ཡེ་ཤེས་ཏེ་གཉིས་ཀ་བསྟན་ཏོ། །གཉིས་པ་བཞེད་དོན་མཛད་ཚུལ་ལ། ཀུན་ཤེས་ཀྱིས་ཉན་རང་ནི་ལམ་ཤེས་ཀྱི་བྱང་སེམས་ཀྱི་རྣམ་མཁྱེན་གྱི ་སངས་རྒྱས་ཀྱི་
བཞེད་དོན་མཛད་པའོ། །དང་པོ་ནི། ཉན་ཐོས་ཞེས་པ་ནས། འཁྲིད་མཛད་ཀྱི་བར་རོ། །འདི་ལ་གསུམ་གང་ཟག་གང༌། ཐབས་གང་གིས་འབྲས་བུ་གང་དུ་འཁྲིད་པར་མཛད་པའོ། །དང་པོ་ནི། ཉན་ཐོས་ཞེས་པ་ནི། བྱང་སེམས་ཀྱི་སྡེ་སྣོད་ལས། ཉན་ཐོས་རྣམས་ནི་རྣམ་གྲོལ་སྒྲ་ཕྱིར་འགྲོ། །ཞེས་པའི་ཚུལ་གྱིས་ཉན་ཐོས་ཏེ། སྲིད་པ་ཐ་མ་པའི་ཚེ་ཡང་གཞན་གྱི་སྒྲ་ཕྱིར་འབྲང་བའི་ཕྱིར། ཐོས་སྒྲོགས་ཏེ། ཉན་ཐོས་སོ། །ཐེག་པ་དམན་པ་ཉིད་དུ་མཚུངས་པའི་རང་སངས་རྒྱས་ཀྱང་དེའི་ཕྱོགས་སུ་བསྡུའོ། །རང་སངས་རྒྱས་ཞེས་པ་ནི། སྲིད་པ་ཐ་མ་པའི་ཚེ། སློབ་དཔོན་མེད་པར་སྔོན་གོམས་པའི་དབང་གིས། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་པོ་རྣམས་སྒོམས་པས་ཉོན་མོངས་པ་ཐམས་ཅད་སྤངས་པའི་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱེད་དེ། དེ་བས་ན་རང་སངས་རྒྱས་ཞེས་བྱའོ། །ཉན་རང་དེ་རྣམས་ཞི་བ་མྱང་འདས་ཚོལ་བས་ན། ཞི་ཚོལ་བ་རྣམས་སོ། །མྱང་འདས་ཀྱང་ཕུང་པོའི་ལྷག་མ་དང་བཅས་པ་དང༌། ཕུང་པོའི་ལྷག་མ་མེད་པ་གཉིས་ལས། ཉན་རང་དེ་དག་གི་ལུགས་ནི། ཚེ་ཕྱི་མའི་ཕུང་པོ་བསྐྱེད་པའི་རྒྱུ་ཉོན་མོངས་པའི་ཀུན་འབྱུང་ཀྱང༌། སྔ་མའི་ལས་ཉོན་གྱི་འབྲས་བུ། ཚེ་འདིའི་ཕུང་པོ་མ་སྤང་བ་ནི་ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པ་སྟེ། ཟད་དུ་ཉེ་བས་དངོས་པོ་ལ་ལྷག་མ་ཞེན་པ་བཞིན་ནོ། །དེ་ཉིད་ཚེའི་དུས་བྱས་པ་ན་སྔ་མའི་འབྲས་བུའི་སྡུག་བསྔལ་སྤང་བའི་ཕྱིར་
ཕུང་པོ་ལྔ་ཟད་པ་ནི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའོ། །རྣམས་ཞེས་པ་ནི་མང་པོའི་ཚིག་སྟེ་དེ་ལས་དེ་དག་གི་དབྱེ་བར་འགྱུར་བའི་ལྟ་བ་སྟེ། ལྟ་བ་ཁས་ཅན་པའི་དང༌། སྤྲུལ་པའི་དང༌། རིགས་མ་ངེས་པའི་དང༌། ངེས་པའི་ཉན་ཐོས་སོ། །དང་པོ་ནི་སེམས་བསྐྱེད་དང་ལྡན་ལ། ཉན་ཐོས་དང་ལྟ་བ་མཐུན་པ་ཕྱིན་གྱི་གཟུང་འཛིན་བདེན་པར་འདོད་པའོ། །གཉིས་པ་ནི་གདུལ་བའི་དོན་སྤྲུལ་པ་གནས་བརྟན་རབ་འབྱོར་ལྟ་བུ་རྣམས་སོ། །རང་སངས་རྒྱས་ལ་ཡང༌། བསེ་རུ་ལྟ་བུ་དང༌། ཚོགས་ན་སྤྱོད་པ་ལ་སོགས་པའི་དབྱེ་བའོ། །ཐེག་པ་བླ་ན་མེད་པའི་སྐབས་ལྟར་ན། གནས་སྐབས་ཐེག་པ་གསུམ་གྱི་ངེས་པར་འབྱུང་ཞིང་ཐམས་ཅད་ཀྱང་མཐར་ཐུག་ཡིན། ཐེག་པ་གཅིག་གི་འབྲས་བུ་གནས་པར་བཞེད་པ་ནི་ངེས་པའོ། །གཉིས་པ་ནི། ཀུན་ཤེས་ཉིད་ཅེས་པ་ནི་འདུས་བྱས་ཐམས་ཅད་མི་རྟག་པའོ། །ཟག་པ་དང་བཅས་པ་ཐམས་ཅད་སྡུག་བསྔལ་བའོ། །ཆོས་ཐམས་ཅད་བདེན་པ་མེད་པའོ། །ཞེས་པ་གསུམ་དང༌། བདེན་པ་བཞིའི་སྒོ་ནས། ཆོས་ཐམས་ཅད་ལ་རྨོངས་པ་མེད་པའི་ཤེས་པ་ནི་ཉན་རང་གི་ཡེ་ཤེས་ཏེ་ཀུན་ཤེས་དེ་ཉིད་ཀྱིས་སོ། །གསུམ་པ་ནི། འདུ་བྱེད་ཉེ་བར་ཞི་བའི་མྱ་ངན་ལས་འདས་པར་འཁྲིད་པར་མཛད་པ་གང་ཡིན་པའོ། །དེ་ནི་བསྡུད་པའི་དོན་ཏོ། །གཉིས་པ་ལམ་ཤེས་ཀྱི་བྱང་སེམས་ཀྱི་བཞེད་དོན་མཛད་པ་ལ། གང་ཟག་གང་གིས་ཐབས་གང་གིས། འབྲས་བུ་གང་སྒྲུབ་པར་
མཛད་པའོ། །དང་པོ་ནི། འགྲོ་ལ་ཕན་པར་འགྱུར་བའི་དོན་དངོས་པོ་བརྒྱད་ཀྱི་གནས་པའི་ཤེར་ཕྱིན་བརྗོད་པར་བྱ་བའོ། །འདི་སྟོན་པར་བྱེད་པའི་ལེའུའི་ཚོགས་ཀྱི་མདོ་རྣམས་ནི་བརྗོད་པར། བརྗོད་བྱ་དང་རྗོད་བྱེད་འདི་དག །ཕན་ཚུན་བརྗོད་བྱ་རྗོད་བྱེད་ཀྱི་མཚན་ཉིད་ནི་འབྲེལ་བའོ། །དེ་ནས་ཆོས་སྤྱོད་བཅུའི་རིམ་པས་ལམ་ལ་འཇུག་ཅིང་སློབ་པ་ནི་དགོས་པའོ། །སྦྱོར་བ་བཞིའི་ངོ་བོ་ཤེར་ཕྱིན་ཟབ་མོའི་རྣལ་འབྱོར་རྣམ་པར་མི་རྟོག་པའི་ཡེ་ཤེས་ལ་བརྟེན་ནས་སྒྲིབ་པ་ཐམས་ཅད་བྲལ་བའི་འབྲས་བུ་ཆོས་སྐུ་ཐོབ་ཅིང༌། མཛད་པ་འཕྲིན་ལས་དང་བཅས་པ་ནི་དགོས་པའི་དགོས་པའོ། །རྩོད་ལན་ནི། རྣམ་པ་མཁྱེན་པའི་ལམ་མཁྱེན་ཉིད་ལམ་བྱ་བ་ལ་སོགས་པ་གསུངས་ཏེ། མེད་པ་ནི་མ་ཡིན་ཏེ་གང་གི་ཕྱིར། བདེ་བླག་ཏུ་ནི་རྟོག་པ་ཞེས་བྱ་བ་རྩོམ་པའི་དགོས་པ་ཡིན། ཞེས་འགྲེལ་ལོ། །ཚུལ་ཇི་ལྟར་ཞེ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ལམ། སྐྱོབ་པ་ཉིད་གཟིགས་ལམ་གསུངས་པ་དང༌། སྟོན་པ་སངས་རྒྱས་ཀྱི་ཡུམ་རྒྱས་འབྲིང་བསྡུས་གསུམ་འདི་ལས་བཤད་པ་གང་ཡིན་པའི་དོན་བྱང་སེམས་ལས། གཞན་མཚན་མ་ལ་སྤྱོད་པ་ཉན་རང་སོགས་ཀྱི་རྟོགས་ཤིང་མྱོང་བ་མ་ཡིན་པ་དེ་གང་ཡིན་ན། ཆོས་སྤྱོད་བཅུའི་བདག་ཉིད་ཀྱི་མདོའི་དོན་ནི། ཚིག་ལེའུར་བྱས་པ་འདི་ཐོས་པ་ལས། དཀའ་ཚོགས་ཚེགས་ཆུང་ངུས་མདོའི་དོན་མི་བརྗེད་པའི་དྲན་པ་ལ་བཞག་ནས། མདོ་རྒྱན་ལས། བྱང་ཆུབ་
སེམས་དཔའ་སེམས་དཔའ་ཆེ། །བློ་ལྡན་ཉིད་དང་གསལ་བའི་མཆོག །ཞེས་པ་ལ་སོགས་པའི་མཚན་གྱི་རྣམ་གྲངས་བཅུ་དྲུག་དང་ལྡན་པའི་བློ་དང་ལྡན་པ། བྱང་ཆུབ་སེམས་དཔའ་མདོ་རྣམས་མཐོང་བ་ཙམ་གྱིས་མདོའི་དོན་རྟོགས་པར་འགྱུར་བའི་ཕྱིར་རོ། །གསུམ་པ་འཇུག་བྱ་བསྟན་བཅོས་ཀྱི་རང་བཞིན་གྱི་མངོན་རྟོགས་བཤད་པ་ལ་གསུམ། བསྡུས་དོན་ལུས་རྣམ་གཞག་དང༌། ཚིག་དོན་ཡན་ལག་རྒྱས་བཤད་དང༌། བསྡུས་དོན་གཞན་དང་གཞན་བཤད་པའོ། །དང་པོ་ལ་གཉིས། ལུས་མདོར་བསྟན་པ་དང༌། ལུས་རྒྱས་པར་བཤད་པའོ། །དང་པོ་ནི། ཤེས་རབ་ཀྱི་ཕ་རོལ་ཕྱིན་པ་ནི་ཞེས་པ་ནས་ཆོས་ཀྱི་སྐུ་དང་དེ་རྣམས་བརྒྱད་ཀྱི་བར་རོ། །དེ་ལྟར་དངོས་པོ་བརྒྱད་ཀྱི་ཤེར་ཕྱིན་འཆད་པ་ལ། སོ་སོའི་དོན་དང་དེ་དག་གི་ངེས་པ་བསམ་པའོ། །དང་པོ་ལ་བརྒྱད། དང་པོ་རྣམ་མཁྱེན་ལ་གསུམ། མཚན་ཉིད་དབྱེ་བ་ས་མཚམས་སོ། །དང་པོ་ནི་ཆོས་ཐམས་ཅད་ཀྱི་རྣམ་པ་སྟེ། རང་བཞིན་ནམ་ཆོས་ཉིད་མངོན་སུམ་གྱི་རྟོགས་པ་གང་ཞིག་དོན་གཉིས་མཐར་ཐུག་པའོ། ། གཉིས་པ་ནི་སྟོབས་བཅུའོ། །ཡེ་ཤེས་བཞི་ལ་སོགས་པའོ། །གསུམ་པ་ནི་རྣམ་མཁྱེན་དང༌། ཆོས་སྐུ་དང༌། ཤེར་ཕྱིན་ལ་སོགས་པ། ཆོས་ཉིད་ཀྱི་ཚུལ་གྱིས་འཁོར་འདས་ཀྱི་ཆོས་ཐམས་ཅད་ལ་ཁྱབ་པའོ། །གཉིས་པ་ལམ་ཤེས་ལ་མཚན་ཉིད་དབྱེ་བ་ས་མཚམས་སོ། །དང་པོ་ནི། ལམ་གསུམ་རང་བཞིན་མེད་པར་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་གང་ཞིག་
སྨིན་རྫོགས་མ་སྦྱངས་པར་ཡང་དག་པའི་མཐའ་མངོན་དུ་མི་བྱེད་པར་གཞན་དོན་བྱེད་པའོ། །གཉིས་པ་ནི། ཇི་ལྟ་བ་མཁྱེན་པ་མཉམ་བཞག་དང༌། ཇི་སྙེད་པ་མཁྱེན་པ་རྗེས་ཐོབ་ཀྱི་ཡེ་ཤེས་སོ། །གསུམ་པ་ནི། བྱང་སེམས་ཀྱི་ས་ཁོ་ན་ཡོད་པ་ལ། རྗེས་མཐུན་པ་མཁྱེན་པ་གཞན་གཉིས་ནའང་ཡོད་དོ། །གསུམ་པ་ཀུན་ཤེས་ལ། མཚན་ཉིད་དབྱེ་བ་ས་མཚམས་སོ། །དང་པོ་ནི། གང་ཟག་གི་བདག་མེད་མངོན་སུམ་གྱི་རྟོགས་པ་གང་ཞིག་སྤངས་པ་ཉེ་ཚེ་བར་འགྱུར་རོ། །གཉིས་པ་ནི། ཉན་རང་གི་ལམ་གཉིས་སམ། ཐེག་དམན་གྱི་ལམ་ལྔའོ། །གསུམ་པ་ནི་ཉན་རང་གི་ས་ཁོ་ན་ནི་ཡོད་ཅིང་རྗེས་མཐུན་པ་མཁྱེན་ནས་གཞན་གཉིས་ནའང་ཡོད་དོ། །བཞི་པ་རྣམ་རྫོགས་ལ་གསུམ་ལས། མཚན་ཉིད་ནི། སྤྱིར་འདིར་སྨོས་སྦྱོར་བ་ཙམ་ནི་མཁྱེན་གསུམ་ཐོས་བསམ་གྱི་ ཤེས་པའི་དོན་བསྡུས་དེ་སྒོམ་པ་ཡིན་ལ ཁྱད་པར་རྣམ་ཀུན་ནི། མཁྱེན་གསུམ་གྱི ་རྣམ་པ་བསྡུས་ནས་སྒོམ་པ་གང་ཞིག །དབང་དུ་བྱེད་པའི་སྦྱོར་བའོ། །དབྱེ་བ་ནི་ལམ་ལྔའོ། །མཚན་ཉིད་པ་དང་བཏགས་པ་བ་གཉིས་སོ། །ས་མཚམས་ནི། རྟག་པར་སྦྱོར་བ་ནི། ཚོགས་ལམ་ནས་རྒྱུན་མཐའི་བར་ན་ཡོད་ཅིང༌། རྣམ་རྫོགས་དངོས་ནི། སངས་རྒྱས་ཀྱི་ས་ན་ཡོད་དོ། །ལྔ་པ་རྩེ་སྦྱོར་ལ། མཚན་ཉིད་དབྱེ་བ། ས་མཚམས་སོ། །དང་པོ་ནི། མཁྱེན་གསུམ་བསྡུས་སྒོམས་རབ་
ཏུ་གྱུར་པའོ། །གཉིས་པ་ནི། འོག་ནས་འཆད་པའི་དོན་ལྔའོ། །གསུམ་པ་ནི། སྦྱོར་ལམ་ནས་རྒྱུན་མཐའི་བར་ན་ཡོད་དོ། །རྩེ་མོར་ཕྱིན་པ་དང༌། ལུང་བསྟན་པ་དང༌། ཕྱིར་མི་ལྡོག་པ་གསུམ་དོན་གཅིག་པའི་ཕྱིར་རོ། །དྲུག་པ་སྦྱོར་བ་དེ་ཆོས་སྐུ་རིམ་གྱིས་རྫོགས་པ་དེའི་གོ་རིམ་མཐར་གྱིས་པ་ལ་མཚན་ཉིད་དབྱེ་བ་ས་མཚམས་སོ། དང་པོ་ནི། མཁྱེན་གསུམ་བསྡུས་སྒོམ་གོ་རིམ་དུ་སྒོམས་པའོ། །གཉིས་པ་ནི། བཅུ་གསུམ་ཡོད་དོ། །གསུམ་པ་ནི། སྦྱོར་ལམ་ནས་རྒྱུན་མཐའི་བར་ན་ཡོད་དོ། །རྒྱུད་མཐའ་མཐར་ཐུག་པར་རིམ་སྒོམས་མེད་པའི་ཕྱིར་རོ། །བདུན་པ་སྐད་ཅིག་མའི་སྦྱོར་བ་ལ། མཚན་ཉིད་དབྱེ་བ། ས་མཚམས། དང་པོ་ནི། མཁྱེན་གསུམ་བསྡུས་སྒོམས་མཐར་ཐུག་པའོ། །གཉིས་པ་ནི་རྟོགས་ཚུལ་གྱི་དབྱེ་བས་བཞི་ཡོད་དོ། །གསུམ་པ་ནི། ས་བཅུའི་རྒྱུན་མཐའ་ན་ཡོད་དོ། །བརྒྱད་པ་ཆོས་ཀྱི་སྐུ་ལ་མཚན་ཉིད། མཚོན་བྱ་དང༌། མཚན་གཞིའོ། །དང་པོ་ནི་སྦྱོར་བའི་འབྲས་བུ་མཐར་ཐུག་གང་ཞིག །ཟག་མེད་ཆོས་ཀྱི་ཡན་ལག་དང་ལྡན་པའོ། །གཉིས་པ་ནི། ཟག་པ་མེད་པའི་ཆོས་མ་ལུས་པ་བསགས་པའི་ཕུང་པོའམ། ལུས་ཡིན་པས་ན། ཆོས་སྐུ་ཡིན་ཏེ། ལུས་དང༌། འདུས་པ་དང༌། ཚོགས་པ་དང༌། བསྡུས་པ་རྣམས་རྣམ་གྲངས་སོ། །གསུམ་པ་ལ། མ་རྫོགས་པ་དང་རྫོགས་པ་གཉིས་ཏེ། མདོ་སྡེ་རྒྱན་ལས། རྒྱུ་མེད་པ་དང་བཅས་
དང་སྐུ་ཐོབ་པ་དང༌། ཞེས་སོ་སོར་མཁྱེན་གསུམ་གྱི་འབྲས་བུ་ལ་རྟོགས་པ་བསྐྱེད་པའི་ཕྱིར། མཁྱེན་གསུམ་དང་པོར་བསྟན། དེ་ཉིད་ལམ་སྒོམས་པ་ལས་བྱུང་བས་དེ་ནས་ལམ་ཤེས་བསྟན། དེ་ཉིད་སྤངས་བྱའི་སྙིང་པོ་ཡིན་པས། སྤངས་བྱ་ཤེས་པར་བྱ་བའི་ཕྱིར། དེ་ནས་ཀུན་ནས་བསྟན་ཏེ་བཤད་པའི་གོ་རིམ་མོ། །གཉིས་པ་འཆད་བྱེད་དོན་བདུན་ཅུ་ལ། ཚན་པ་བརྒྱད་ལས། དང་པོ་རྣམ་མཁྱེན་གྱི་ཆོས་བཅུ། གཉིས་པ་ལམ་ཤེས་ཀྱི་ཆོས་བཅུ་གཅིག །གསུམ་པ་ཀུན་ཤེས་ཀྱི་ཆོས་དགུ། བཞི་པ་རྣམ་རྫོགས་ཀྱི་ཆོས་བཅུ་གཅིག །ལྔ་པ་རྩེ་སྦྱོར་གྱི་ཆོས་བརྒྱད། དྲུག་པ་མཐར་གྱིས་པའི་ཆོས་བཅུ་གསུམ། བདུན་པ་སྐད་ཅིག་མའི་ཆོས་བཞི། བརྒྱད་པ་ཆོས་སྐུའི་ཆོས་བཞི་སྟེ་བརྒྱད་ལས། དང་པོ་ནི། སེམས་བསྐྱེད་པ་དང་གདམ་ངག་དང༌། །ཞེས་སོགས་ཚིགས་བཅད་གཉིས། གཉིས་པ་ནི་མོག་མོག་པོར་བྱེད་པ་སོགས་དང༌། ཞེས་སོགས་ཚིགས་བཅད་གསུམ། གསུམ་པ་ནི། ཤེས་པས་སྲིད་ལས་མི་གནས་ཤིང༌། །ཞེས་སོགས་ཚིགས་བཅད་གཉིས། བཞི་པ་ནི། རྣམ་པ་སྦྱོར་བ་བཅས་རྣམས་དང་ཞེས་སོགས་ཚིགས་བཅད་གཉིས། ལྔ་པ་ནི། དེའི་རྟགས་དང་རྣམ་འཕེལ་དང་ཞེས་པ་ནས། རྩེ་མོའི་མངོན་རྟོགས་ཞེས་པའི་བར་གྱིས་བསྟན། དྲུག་པ་མཐར་གྱིས་པ་རྣམ་གསུམ་རྣམ་བཅུ་ཞེས་པས་བསྟན། བདུན་པ་ནི། སྐད་ཅིག་མ་ཞེས་སོགས་ཀྱིས་བསྟན། བརྒྱད་པ་ནི། ངོ་བོ་
ཉིད་ལོངས་རྫོགས་བཅས་དང༌། ཞེས་པ་ཚིགས་བཅད་གཅིག་གིས་བསྟན། གཉིས་པ་ཚིག་དོན་ཡན་ལག་རྒྱས་པར་བཤད་པ་ལ་གསུམ། བསླབ་བྱ་ཡུལ་མཁྱེན་པ་གསུམ་དང༌། བསླབ་འབྲས་ཆོས་སྐུའི་ཡན་ལག་རྒྱས་པར་བཤད་པའོ། །དང་པོ་ལ་གསུམ། འབྲས་བུ་རྣམ་མཁྱེན་དང༌། རྒྱུ་ལམ་ཤེས་དང༌། རྒྱུའི་བླང་དོར་ཀུན་ཤེས་ཀྱི་ཡན་ལག་རྒྱས་པར་བཤད་པའོ། །དང་པོ་ལ་བཞི། ལམ་གྱི་རང་བཞིན་བྱང་ཆུབ་ཏུ་སེམས་བསྐྱེད་པ། དེ་རྣམ་པར་དག་བྱེད་གདམ་ངག་ནོད་པ། དེ་སྒོམས་པའི་འབྲས་བུ་ངེས་འབྱེད་ཡན་ལག་གདམ་པའི་དོན་ཕྱིན་ཅི་མ་ལོག་པར་སྒྲུབ་པའོ། །དང་པོ་སེམས་བསྐྱེད་ལ། སེམས་བསྐྱེད་ཀྱི་མཚན་ཉིད་དང༌། སྨོན་འཇུག་གཉིས་པོ་དེ་བསྡུས་པ་དང་རྒྱས་པའི་སྒོ་ནས་ཡུམ་གྱི་མདོ་བཞིན་དུ་བརྗོད་པ་དང་དེ་དཔེ་ཉི་ཤུ་རྩ་གཉིས་ལྡན་པའི་སེམས་བསྐྱེད་ཀྱི་དབྱེ་བ་མདོ་གཞན་དང་སྦྱར་ཏེ་བཤད་པའོ། །དང་པོ་ནི། ཐེག་ཆེན་གྱི་སེམས་བསྐྱེད་པའི་མཚན་ཉིད་ནི། ཡོན་ཏན་གསུམ་དང་ལྡན་པ་གང་ཞིག་གཞན་དོན་གྱི་ཕྱིར། ཡང་དག་རྫོགས་པའི་བྱང་ཆུབ་འདོད་པའོ། །གཉིས་པ་ནི། སྨོན་འཇུག་སེམས་བསྐྱེད་ཀྱི་ངོ་བོ་གཞན་དོན་དང༌། བྱང་ཆུབ་ཏུ་འགྲོ་བར་འདོད་པ་དེ་དང༌། འཇུག་པ་སེམས་བསྐྱེད་ཀྱི་ངོ་བོ་བྱང་ཆུབ་འདོད་པ་དང་དེར་འགྲོ་བཞིན་པ་དང༌། དེ་ནི་ཤེར་ཕྱིན་གྱི་མདོ་རྒྱས་འབྲིང་བསྡུས་གསུམ་ཇི་ལྟ་བ་བཞིན་དུ་བསྡུས་པ་དང་རྒྱས་པའི་སྒོ་ནས་བརྗོད་དོ། །
གསུམ་པ་ནི། གཞན་དོན་ཕྱིར་བྱང་ཆུབ་འདོད་པ་དེ་ཡང༌། འཕགས་པ་བློ་གྲོས་མི་ཟད་པས་བསྟན་པའི་མདོ་ལས་བྱུང་བས། བྱང་སེམས་རྣམས་ཀྱི་སེམས་བསྐྱེད་པ་དང་པོ་ནི། ས་དང་འདྲ་སྟེ་སངས་རྒྱས་ཀྱི་ཆོས་ཐམས་ཅད་དང་དེའི་ཚོགས་འཕེལ་བའི་རྟེན་དུ་གྱུར་པའི་ཕྱིར་རོ། །གཉིས་པ་མན་ཆད་ལ་བསམ་པ་སོགས་དང་ལྡན་པའི་སེམས་བསྐྱེད་ནི་ཞེས་པ་ལྷག་མ་ཉེར་གཅིག་པ་ཐམས་ཅད་ལ་སྦྱར་རོ། །གཉིས་པ་བསམ་པ་ནི་གསེར་བཟང་པོ་དང་འདྲ་སྟེ། ཕན་པ་དང་བདེ་བའི་བསམ་པ་གཞན་དུ་མི་འགྱུར་བའི་ཕྱིར་རོ། །གསུམ་པ་སྦྱོར་བ་དང་ཡར་ངོའི་ཚེས་པའི་ཟླ་བ་དང་འདྲ་སྟེ་དགེ་བའི་ཆོས་འཕེལ་བའི་ཕྱིར་རོ། །བཞི་པ་ལྷག་པའི་བསམ་པ་ནི། མེ་དང་འདྲ་སྟེ་ཤིང་མནན་པའི། མེ་བཞིན་དུ་རྟོགས་པ་གོང་ནས་གོང་དུ་ཁྱད་པར་རྟོགས་ཤིང་འགྲོ་བས་ལྷག་པའི་བསམ་པ་ཡིན་པའི་ཕྱིར་རོ། །ལྔ་པ་སྦྱིན་པའི་ཕར་ཕྱིན་དང་གཏེར་ཆེན་པོ་འདྲ་སྟེ་ཟང་ཟིང་གི་ལོངས་སྤྱོད་ཀྱི་སེམས་ཅན་དཔག་ཏུ་མེད་པ་ཚིམ་པར་བྱེད་པ་དང་མི་ཟད་པའི་ཕྱིར་རོ། །དྲུག་པ་ཚུལ་ཁྲིམས་ཀྱི་ཕར་ཕྱིན་དང་རིན་ཆེན་གྱིས་བྱང་ཆུབ་དང་འདྲ་སྟེ། དེ་ལས་ཡོན་ཏན་རིན་པོ་ཆེ་འབྱུང་བའི་ཕྱིར་རོ། །བདུན་པ་བཟོད་པའི་ཕར་ཕྱིན་དང་རྒྱ་མཚོ་དང་འདྲ་སྟེ། ཉམས་བདེ་བ་འབྱུང་བ་ཐམས་ཅད་ཀྱིས་མི་འཁྲུགས་པའི་ཕྱིར་རོ། །བརྒྱད་པ་བརྩོན་འགྲུས་དང་རྡོ་རྗེ་དང་འདྲ་སྟེ། མི་ཤིགས་པ་ཉིད་ཀྱི་སྲ་བའི་ཕྱིར་རོ། །དགུ་པ་བསམ་
གཏན་དང༌། རིའི་རྒྱལ་པོ་དང་འདྲ་སྟེ་གཡེང་བས་མི་གཡོ་བའི་ཕྱིར་རོ། །བཅུ་པ་ཤེར་ཕྱིན་དང༌། སྨན་གྱི་རྒྱལ་པོ་དང་འདྲ་སྟེ། སྒྲིབ་པ་གཉིས་ཀྱི་ནད་རབ་ཏུ་ཞི་བར་བྱེད་པའི་ཕྱིར་རོ། །བཅུ་གཅིག་པ་ཚད་མེད་བཞི་དང་དགེ་བའི་བཤེས་གཉེན་དང་འདྲ་སྟེ། གནས་སྐབས་ཐམས་ཅད་དུ་སེམས་ཅན་ཐམས་ཅད་ཡལ་བར་མི་འདོར་བའི་ཕྱིར་རོ། །བཅུ་གཉིས་མངོན་ཤེས་ལྔ་དང༌། ཡིད་བཞིན་གྱི་ནོར་བུ་དང་འདྲ་སྟེ། ཇི་ལྟར་མོས་པ་བཞིན་དེའི་འབྲས་བུས་འབྱོར་བའི་ཕྱིར་རོ། །བཅུ་གསུམ་པ་བསྡུ་བའི་དངོས་པོ་བཞི་དང༌། ཉི་མ་དང་འདྲ་སྟེ་གདུལ་བྱའི་ལོ་ཐོག་ཡོངས་སུ་སྨིན་པར་བྱེད་པའི་ཕྱིར་རོ། །བཅུ་བཞི་པ་སོ་སོ་ཡང་དག་པར་རིག་པ་བཞི་དང༌། དྲི་ཟའི་གླུ་དབྱངས་སྙན་པ་དང་འདྲ་སྟེ། གདུལ་བྱ་འདུལ་བར་བྱེད་པའི་ཆོས་སྟོན་པའི་ཕྱིར་རོ། །བཅོ་ལྔ་པ་སྙོམས་པ་བཞི་དང༌། འཁོར་ལོས་བསྒྱུར་བའི་རྒྱལ་པོ་དང་འདྲ་སྟེ། ཆུད་མི་ཟ་བའི་རྒྱུ་ཡིན་པའི་ཕྱིར་རོ། །བཅུ་དྲུག་པ་ཚོགས་གཉིས་བང་མཛོད་དང་འདྲ་སྟེ། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་མང་པོའི་མཛོད་ཀྱི་གནས་ཡིན་པའི་ཕྱིར་རོ། །བཅུ་བདུན་པ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་དང་ལམ་པོ་ཆེ་དང་འདྲ་སྟེ། འཕགས་པའི་གང་ཟག་ཐམས་ཅད་གཤེགས་ཤིང་རྗེས་སུ་གཤེགས་པའི་ཕྱིར། བཅོ་བརྒྱད་པ་ཞི་གནས་དང་ལྷག་མཐོང་བཞོན་པ་དང་འདྲ་སྟེ། བདེ་བླག་ཏུ་འཁྱེར་བའི་ཕྱིར། བཅུ་དགུ་པ་ཆོས་ཀྱི་དོན་འཛིན་པའི་གཟུངས་དང༌། གཞན་ལ་
སྟོན་པའི་སྤོབས་པ་དང༌། བཀོད་མའི་ཆུ་དང་འདྲ་སྟེ། ཆུ་འཛིན་ཞིང་མི་ཟད་པར་འབྱིན་པ་དང་འདྲ་བར་ཐོས་པ་དང་མ་ཐོས་པའི་ཆོས་ཀྱིས་དོན་འཛིན་ཞིང་མི་ཟད་པར་འབྱིན་པའི་ཕྱིར་རོ། །ཉི་ཤུ་པ་ཆོས་ཀྱི་སྡོམ་བཞི་དང༌། ཀུན་དགའི་སྒྲ་སྙན་དང་འདྲ་སྟེ། ཐར་པ་འདོད་པའི་གདུལ་བྱ་རྣམས་ལ་སྙན་པ་ཐོས་པར་བྱེད་པའི་ཕྱིར་རོ། །ཉེར་གཅིག་པ་བསྒྲོད་པ་གཅིག་པའི་ལམ་དང༌། ཆུ་བོའི་རྒྱུན་དང་འདྲ་སྟེ། མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པ་ན་རང་གི་ངང་གིས་འབྱུང་བའི་ཕྱིར་རོ། །བསྒྲོད་པ་གཅིག་པ་ཉིད་ནི། ས་དེར་གཏོགས་པའི་བྱང་སེམས་རྣམས་ཀྱིས་བྱ་བ་བྱེད་པ་ཐ་མི་དད་པའི་ཕྱིར་རོ། །ཉེར་གཉིས་པ་ཐབས་མཁས་པ་དང༌། སྤྲིན་དང་འདྲ་སྟེ། ཇི་ལྟར་འཇིག་རྟེན་གྱི་འབྱོར་བ་ཐམས་ཅད་སྤྲིན་ལས་བྱུང་བ་ལྟར། དགའ་ལྡན་གྱི་གནས་ན་བཞུགས་པ་ལ་སོགས་པ་སྟོན་པའི་སྒོ་ནས་དེ་ཐམས་ཅད་ཀྱི་དོན་བྱ་བ་རྣམས་དེ་ལ་རག་ལས་པའི་ཕྱིར་རོ། །གཉིས་པ། དེ་རྣམ་པར་དག་བྱེད་གདམ་ངག་ནོད་པ་ལ། གདམ་ངག་བཅུ་སྤྱིར་བསྟན་པ་དང༌། ཐེག་དམན་གྱི་དགེ་འདུན་བྱེ་བྲག་ཏུ་བཤད་པའོ། །དང་པོ་ལ་བཞི། བསྒྲུབ་པ་རང་གི་ངོ་བོ། དམིགས་ཡུལ་བདེན་པ་བཞི། རྟེན་དཀོན་མཆོག་གསུམ། སྒྲུབ་པ་ཕུན་སུམ་ཚོགས་པའི་རྒྱུ་ལ་གདམས་པའོ། །དང་པོ་ལ། སྒྲུབ་པའི་ངོ་བོ་མི་རྟོག་ཡེ་ཤེས་སུ་བསྟན་པ་
དེ་རྣམ་རྟོག་བཅུའི་གཉེན་པོ་བྱེད་ཚུལ་མདོ་དང་སྦྱར་བ་གཉིས་ལས། དང་པོ་སྒྲུབ་པའི་ངོ་བོ་ནི། ཤེར་ཕྱིན་ཟབ་མོའི་རྣལ་འབྱོར་རྣམ་པར་མི་རྟོག་པ་ཡིན་ནོ། །གཉིས་པ་ནི། མདོ་སྡེ་རྒྱན་ལས། རྒྱལ་བའི་སྲས་རྣམས་ཀྱིས་ནི་མེད་དང་ཡོད་པ་དང༌། །ཞེས་གསུངས་སོ། །དེས་ན་རྣམ་རྟོག་བཅུ་པོ་དེའི་གཉེན་པོར་མི་རྟོག་པའི་རྣལ་འབྱོར་ནི་སྒྲུབ་པ་ཡིན་པའི་ཕྱིར། ཡང་གཉེན་པོ་དག་སྟོན་པའི་ངག་ནི་སྒྲུབ་པ་ལ་གདམས་པའོ། །གཉིས་པ་ལ་དམིགས་ཡུལ་བདེན་པ་བཞི་ལས་གདམ་པ་ལ་བཞི་ལས། དང་པོ་སྡུག་བསྔལ་བདེན་པ་ལ་གདམས་པ་ནི། ཕུང་པོ་དང༌། ཁམས་དང༌། སྐྱེ་མཆེད་དང༌། འཕགས་པའི་བདེན་པ་དང༌། རྟེན་འབྲེལ་དང༌། འདུས་བྱས་དང་འདུས་མ་བྱས་ཏེ་ཆོས་བདུན་པོ་དེའི་སྟོང་ཉིད་ལ་བརྩོན་ན་ཤེར་ཕྱིན་ལ་བརྩོན་པ་ཡིན་ཞེས་པའི་དོན་ནོ། །ཀུན་འབྱུང་ལ་གདམས་པ་ནི། གཟུགས་སོགས་ཡང་དག་པར་སྐྱེ་བ་དང༌། འགག་པ་དང༌། ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་ཆོས་ཅན་དུ་མཐོང་ངོ༌། །དེ་ཅིའི་ཕྱིར་ཞེ་ན། རང་བཞིན་སྟོང་པ་ཉིད་ཀྱི་ཕྱིར་ཞེས་པ་ལ་སོགས་པའི་ངག་གོ །འགོག་བདེན་ལ་གདམ་པ་ནི། རང་བཞིན་སྟོང་པ་ཉིད་ཀྱི་འགོག་བདེན་ཟབ་མོ་དེ་ལ་ནི་སྐྱེ་འགག་དང་གཟུགས་སོགས་ནས་བྱང་ཆུབ་ཀྱི་བར་གྱིས་བརྟགས་པའི་ཆོས་ཐམས་ཅད་མེད་དོ་ཞེས་སྟོན་པའི་ངག་གོ །སྐབས་འདིར་བྱང་ཆུབ་དང་སངས་རྒྱས་སོགས་མེད་ཅེས་པའི་ཚིག་གིས་བརྟགས་
པའི་ཆོས་རྣམས་འགོག་པར་ཤེས་དགོས་ཀྱི་གཤིས་ལུགས་ཀྱི་སངས་རྒྱས་དང་བྱང་ཆུབ་དང་ཆོས་དབྱིངས་བཀག་པར་མི་བསམ་མོ། །ལམ་གྱི་བདེན་པ་ལ་གདམས་པ་ནི། གཟུགས་སོགས་ལ་ཡང་དག་པར་བརྩོན་ཞེས་བྱ་བའོ། །མི་བརྩོན་ཞེས་བྱ་བ་མི་མཐོང་བ་དེས་ནི་བྱང་སེམས་ཤེར་ཕྱིན་ལ་དེ་ལྟར་བརྩོན་པ་ནི་བརྩོན་ཞེས་བྱ་བར་རིག་པར་བྱའོ། །གསུམ་པ་རྟེན་དཀོན་མཆོག་གསུམ་ལ་གདམས་པ་ནི། སངས་རྒྱས་དཀོན་མཆོག་ལ་གནོད་པ་ནི། ཡང་དག་པར་དུས་གསུམ་མ་མཐོང་བས། རྣམ་མཁྱེན་དང་དུས་གསུམ་མི་སྦྱོར་བ་དང༌། གཟུགས་སོགས་ཡང་དག་པར་མ་མཐོང་བས་གཟུགས་སོགས་དང་རྣམ་མཁྱེན་ཉིད་དུ་མི་སྦྱོར་རོ། །དེ་ལྟར་བརྩོན་པ་ནི་ཤེར་ཕྱིན་ལ་བརྩོན་པར་ཞེས་བྱའོ། །ལ་སོགས་པའི་སྒྲས་ཆོས་དཀོན་མཆོག་ལ་སྦྱོར་བ་ནི། གཟུགས་སོགས་ཆོས་རྣམས་འབྱུང་བ་དང་འཛིན་པ་དང་རྟག་མི་རྟག་དང༌། བདེ་སྡུག་དང་བདག་ཡོད་མེད་དང་ཞི་མ་ཞི་སྟོང་མི་སྟོང༌། མཚན་མ་དང་སྨོན་པ་ཡོད་མེད་དང༌། སྐྱེ་འགག་དང་དུས་གསུམ་ཞེས་བྱ་བ་ལ་སོགས་པར་མི་སྦྱོར་བ་དེ་ལྟར་བརྩོན་པ་ནི་ཤེར་ཕྱིན་ལ་བརྩོན་ཞེས་བྱའོ། །བཞི་པ་བསྒྲུབ་པ་ཕུན་སུམ་ཚོགས་པའི་རྒྱུ་ལ་གདམས་པ་ལ་བཞི་སྟེ། སྒྲུབ་པའི་མི་མཐུན་ཕྱོགས་སྤོང་པའི་རྒྱུ་བརྩོན་འགྲུས། སྒྲུབ་པ་ལ་གཞན་གྱི་གྲངས་མི་འཇོག་པའི་རྒྱུ་སྤྱན་ལྔ་སྒྲུབ་པའི་ཡོན་ཏན་ཐམས་ཅད་རྫོགས་པའི་རྒྱུ་མངོན་ཤེས་དྲུག །སྒྲུབ་པ་མཐར་ཐུག་པའི་རྒྱུ་
ལམ་ལ་གདམས་པའོ། །དང་པོ་ལ་བརྩོན་འགྲུས་རྣམ་པ་གསུམ་སྟེ། མ་ཞེན་པ་ལ་གདམས་པ་ནི། འདིར་ལུས་དང་ངག་དང་ཡིད་དུ་ཞེན་ཅིང་དམིགས་པ་ནི། བྱང་སེམས་ཀྱི་གནས་ངན་ལེན་ནོ། ། ལུས་སོགས་མི་དམིགས་པ་ས་དང༌། ཉན་རང་གི་སེམས་སྤངས་ནས་དུས་ཐམས་ཅད་དུ། སེམས་ཅན་ལ་སྙིང་རྗེ་ཉེ་བར་གནས་པས། གནས་ངན་ལེན་སྦྱོང་ཞེས་པ་ཉིད་ལུས་སོགས་ལ་མ་ཞེན་པར་གདམས་པའོ། །ཡོངས་སུ་མི་ངལ་བ་ལ་གདམས་པ་ནི། ཆོས་ཐམས་ཅད་ལ་དམིགས་པའི་འདུ་ཤེས་ཀྱི་རློམས་སེམས་སུ་བྱེད་པ་ནི་ངལ་ཞིང་དུབ་པར་གྱུར་པ་ལས་དེ་མི་བྱེད་པ་ནི་སུས་ཀྱང་མི་ཐུབ་ཅིང་མི་ངལ་ཞེས་གདམས་སོ། །ལམ་ཡོངས་སུ་འཛིན་པ་ལ་གདམས་པ་ནི། ས་བརྒྱད་པའི་ཡེ་ཤེས་ཀྱི་ཐེག་པ་འོག་མ་འདིའི་སྤངས་རྟོག་ཀྱང་བསྡུས་པས་ཡེ་ཤེས་དེ་དག་ལྡན་པ་ནི་ཐེག་པ་ཐམས་ཅད་ཀྱི་ལམ་ཡོངས་སུ་འཛིན་པ་སྟེ། ཡེ་ཤེས་དེ་དང་ལྡན་པ་དུས་ངན་སོང་ལ་སོགས་པའི་སྐྱོན་ཐམས་ཅད་མི་འཛིན་ནོ་ཞེས་གདམས་པའོ། །གཉིས་པ་ནི། བདག་རྐྱེན་རྫུ་འཕྲུལ་རྐང་པ་བཞི་ལ་བརྟེན་ཡུལ་མཐོང་བ་ནི་མཚན་ཉིད་ཡིན་ནོ། །ཡུལ་ལ་ལྟ་བར་བྱེད་པ་དང་གསལ་བར་བྱེད་པས་ན་མིག་ཅེས་བྱའོ། །གནོད་འཇོམས་ལས། གཟུགས་ཐམས་ཅད་ལ་འཇུག་པའི་ཤེས་པ་ནི་ཤའི་མིག་གོ །ཏིང་ངེ་འཛིན་དང་སྙོམས་པར་འཇུག་པ་ཐམས་ཅད་ཤེས་པ་ནི་ལྷའི་མིག་གོ །ཐམས་ཅད་མཁྱེན་པའི་ཡེ་ཤེས་ནི་ཤེས་རབ་ཀྱི་མིག་གོ །གནས་དང་གནས་མ་ཡིན་པ་མཁྱེན་པ་
རྟོགས་པའི་ཤེས་པ་དགུ་པོ་དེ་དག་ནི་ཆོས་ཀྱི་མིག་གོ །རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱི་ཡེ་ཤེས་ནི་སངས་རྒྱས་ཀྱི་མིག་གོ་ཞེས་གསུངས་སོ། །འདོད་ཁམས་ཚུལ་ནི། དེ་ལྟར་བྱང་ཆུབ་སེམས་དཔའ་མིག་ལྔ་ཡོངས་སུ་དག་པ་དང༌། ཐོབ་པར་འདོད་པའི་ཕར་ཕྱིན་དྲུག་ལ་བརྩོན་པར་བྱའོ། །ཞེས་གདམས་སོ། །གསུམ་པ་ལ། རྒྱུ་ངོ་བོ། འབྲས་བུ་གསུམ་ལས། དང་པོ་ནི་མདོ་སྡེ་རྒྱན་ལས། བསམ་གཏན་བཞི་པ་ཤིན་ཏུ་དག་ཐོབ་ནས། །ཞེས་སོགས་སོ། །གཉིས་པ་ནི། བདག་བསྐྱེད་བསམ་གཏན་ལ་བརྟེན་ནས་ཡུལ་མངོན་སུམ་དུ་གྱུར་པའི་རིག་པ་ནི་སྤྱིར་མངོན་ཤེས་ཙམ་གྱི་མཚན་ཉིད་དོ། ཁྱད་པར་རྫུ་འཕྲུལ་གྱི་རྣམ་འཕྲུལ་སྣ་ཚོགས་སྟོན་པ་དང༌། སྒྲ་སྣ་ཚོགས་ཐོས་པ་དང༌། སེམས་ཅན་གྱི་སེམས་ཀྱིས་སྤྱོད་པ་ལ་འཇུག་པ་དང༌། སྔོན་གྱི་མཐའ་སྤྱོད་པ་རྗེས་སུ་དྲན་པ་དང༌། གཞན་གྱི་སྐྱེ་བ་དང་འཆི་འཕོ་སོགས་ཤེས་པ་དང༌། སྐྱེ་བ་ལས་ངེས་པར་འབྱུང་བའི་ཐབས་ཤེས་པ་རྣམས་ཡུལ་གྱི་ཐད་དུ་བཅུག་པ་ནི། མངོན་ཤེས་ཀྱི་ཡོན་ཏན་དྲུག་གི་མཚན་ཉིད། ཡུལ་སྔོན་དུ་གྱུར་པའི་ཚུལ་གྱིས་ཤེས་པས་མངོན་ཤེས་དང༌། ཡུལ་དུས་ཐམས་ཅད་དུ་བྱ་བ་ཐོག་མེད་དུ་བྱེད་པས་མཐུའོ། །དེ་རྣམས་ཀུན་རྫོབ་ཀྱི་ཤེས་པས་ཡོངས་སུ་རྫོགས་པ་དང་དོན་དམ་པར་མི་དམིགས་པས་རྣམ་པར་དག་པ་སྟེ་གཉིས་བསྟན་ཏོ། །བཞི་པ་སྒྲུབ་པ་མཐར་ཕྱིན་པའི་རྒྱུ་ལམ་ལ་གདམས་པ་ལ་གཉིས་ལས། དང་པོ་མཐོང་ལམ་ལ་གདམས་པ་ནི། ཆོས་ཐམས་ཅད་གྲག་པ་
ཙམ་དུ་ཟད་པས། གཟུགས་སོགས་མིང་དང་བརྡར་བཏགས་པ་ལ་བསླབ་པ་དང༌། སེམས་ཅན་གཏན་མེད་ཅིང་མི་དམིགས་པས་གཟུགས་སོགས་བྱང་སེམས་ཀྱི་འགྱུར་བ་མེད་པ་དེ་ལྟར་ཤེར་ཕྱིན་ལ་བསླབ་པ་དང༌། གཟུགས་སོགས་རྟེན་མེད་ཅིང་མི་དམིགས་པས་བྱང་ཆུབ་སེམས་དཔའ་གཟུགས་སོགས་ཀྱི་ཚིག་བླ་དྭགས་སུ་འགྱུར་བ་མེད་པར་དེ་ལྟར་ཤེར་ཕྱིན་ལ་བསླབ་པར་བྱའོ། །ཞེས་གདམས་པའོ། །གཉིས་པ་སྒོམ་ལམ་ལ་གདམས་པ་ནི། ཆོས་ཐམས་ཅད་མི་དམིགས་ཤིང་མ་མཐོང་བའི་ཕྱིར་ཆོས་ཐམས་ཅད་ལ་སེམས་མི་བཀྲན་པ་དེ་ལྟར་ཤེར་ཕྱིན་ལ་བསླབ་པར་བྱའོ་ཞེས་ཆོས་ཐམས་ཅད་མི་དམིགས་པས་གདམས་པ་མཛད་དོ། །གཉིས་པ་ཐེག་དམན་གྱི་དགེ་འདུན་བྱེ་བྲག་ཏུ་བཤད་པ་ནི། ཐེག་པ་འོག་མ་གཉིས་ལ་སློབ་པའི་གང་ཟག་ཀུན་ཤེས་ཉིད་ཀྱིས་ཉེར་ཞིར་ཁྲིད་པར་བྱ་རྒྱུ་མདོའི་གོང་འོག་བར་གསུམ་དུ་བྱུང་བ་རྣམས་བདེ་བླག་ཏུ་རྟོགས་པའི་ཕྱིར། བསྟན་བཅོས་ཀྱིས་ཕྱོགས་གཅིག་ཏུ་བསྡུས་ནས་ཐེག་དམན་གི་དགེ་འདུན་ཉི་ཤུ་པོ་དེ་ཡང་གང་ཞེ་ན། དབང་པོ་བརྟུལ་པོ་དང༌། དབང་པོ་རྣོན་པོ་སྟེ་གཉིས་དང༌། དེའི་སྟེང་དུ་བར་མ་སྟེ་མྱ་ངན་ལས་འདའ་བ། དེའི་སྟེང་དུ་དད་པས་མོས་པ་དང༌། མཐོང་བས་ཐོབ་པ་གཉིས་ཏེ་བཞིའོ། །དེའི་སྟེང་དུ་ལྷའི་རིགས་ནས་རིགས་སུ་སྐྱེ་བ་དང༌། མིའི་རིགས་ནས་རིགས་སུ་སྐྱེ་བ་དང་དྲུག་གོ །དེའི་སྟེང་དུ་ཚེ་གཅིག་བར་ཆད་གཅིག་པ་སྟེ་བདུན་ནོ། །དེའི་སྟེང་དུ་བར་མ་དོར་མྱ་ངན་ལས་འདའ་བ་དང༌། སྐྱེས་ནས་འདའ་བ་དང༌།
མངོན་པར་འདུ་བྱེད་པ་དང་བཅས་པས་འདའ་བ་དང༌། མངོན་པར་འདུ་བྱེད་པ་མ་ཡིན་པར་འདའ་བ་དང་བཞི་སྟེ་བཅུ་གཅིག་གོ །དེའི་སྟེང་དུ་འོག་མིན་དུ་འགྲོ་བ་དང་བཅུ་གཉིས་སོ། །དེའི་སྟེང་དུ་འཕར་བ་གསུམ་སྟེ་བཅོ་ལྔའོ། །དེའི་སྟེང་དུ་སྲྀད་རྩེའི་མཐར་ཐུག་འགྲོ་དང་བཅུ་དྲུག་གོ །དེའི་སྟེང་དུ་གཟུགས་ཀྱི་ཆགས་བཅོམ་དང་བཅུ་བདུན་ནོ། །དེའི་སྟེང་དུ་མཐོང་བའི་ཆོས་ལ་ཞི་བ་ཐོབ་པ་དང་བཅོ་བརྒྱད་དོ། །དེའི་སྟེང་དུ་ལུས་ཀྱི་མངོན་སུམ་དུ་བྱེད་པ་དང་བཅུ་དགུའོ། །དེའི་སྟེང་དུ་བསེ་རུ་ལྟ་བུ་སྟེ་རང་སངས་རྒྱས་དང་ཉི་ཤུའོ། །གསུམ་པ་དེ་སྒོམ་པའི་འབྲས་བུ་ངེས་འབྱེད་ཡན་ལག་ལ། ཆོས་དྲུག་མདོར་བསྟན་པའི་སྒོ་ནས་ཁྱད་པར་གྱི་ཆོས་བཞིས་ཉན་རང་ལས་འཕགས་པར་བསྟན། ངོ་བོ་ངོས་བཟུང་བའི་སྒོ་ནས་དྲུག་པོ་སོ་སོར་ཕྱེ་སྟེ་རྒྱས་པར་བཤད་པའོ། ། དང་པོ་ནི། དམིགས་པ་དང་ཞེས་པ་ནས་ཁྱད་པར་འཕགས་པ་ཞེས་པ་འདིས། བྱང་སེམས་ཀྱི་སྦྱོར་ལམ་ཉན་རང་གི་སྦྱོར་ལམ་ལས། ཆོས་བཞིའི་ཁྱད་པར་དུ་འཕགས་པ་བསྟན་ཏེ། འདི་ལྟར་བྱང་ཆུབ་སེམས་དཔའ་འགྲོ་བ་ཐམས་ཅད་སྐྱོབ་པའི་བསམ་པ་ཅན་དེའི་སྦྱོར་ལམ་དྲོད་དང་སོགས་པའི་སྒྲས་བསྡུས་པ་རྩེ་མོ་དང་བཟོད་པ་དང་ཆོས་མཆོག་གི་བདག་ཉིད་བཞི་པོ་གོ་རིམ་ཇི་ལྟ་བ་བཞིན་དུ་ཟློག་པའི་གཟུངས། སྲོག་དང་འཇུག་པའི་གཟུངས་རྟོག་དང༌། རྫས་འཛིན་རྟོག་པ་དང་རྟག་པར་འཛིན་པའི་རྣམ་རྟོག་བཞི་པོ་སྤང་བྱར་ལྡན་ཞིང་དེའི་གཉེན་པོ་བྱང་སེམས་ཀྱི་རྒྱུད་ལ་བརྟན་པ་དྲོད་སོགས་རེ་རེ་ཡང་
ཆུང་དང་འབྲིང་དང་ཆེན་པོར་ཕྱེ་བ་བཅུ་གཉིས་པོ་རྣམས་གཞན་ནས་སོ། །ཁྱད་པར་གྱི་ཆོས་དམིགས་པ་དང་རྣམ་པ་དང༌། རྒྱུ་དང་ཡོངས་སུ་འཛིན་པ་བཞི་པོ་དེ་ཡིས་སོ། །གཉིས་པ་ངོ་བོ་ངོས་བཟུང་བའི་སྒོ་ནས་དྲུག་པོ་སོ་སོར་ཕྱེ་སྟེ། རྒྱས་པར་བཤད་པ་ལ་དྲུག་སྟེ། དམིགས་པ་དང་རྣམ་པ་དང་རྒྱུ་དང་ཆེ་འབྲིང་ཆུང་གསུམ་དུ་དབྱེ་བ་དང༌། རྣམ་རྟོག་བཞི་པོ་དང༌། ཡོངས་འཛིན་རྒྱས་པར་བཤད་པའོ། །དང་པོ་ནི། དམིགས་པའི་ངོ་བོ་གང་ཞེ་ན། དྲོད་སོགས་བཞི་པོའི་དམིགས་པ་གཟུགས་སོགས་མི་རྟག་པ་དང་ལ་སོགས་པའི་སྒྲས་བསྡུས་པ་སྡུག་བསྔལ་བ་དང༌། བདག་མེད་པ་དང༌། མི་སྡུག་པ་དང༌། ཞི་བ་དང༌། སྟོང་པ་དང༌། མཚན་མ་མེད་པ་དང༌། སྨོན་པ་མེད་པ་སྟེ། འཕགས་པའི་བདེན་པ་བཞིའི་བཏགས་ཅན་གྱི་ཆོས་རྣམས་སོ། །གཉིས་པ་ནི། རྣམ་པའི་ངོ་བོ་གང་ཞེ་ན་བདེན་པའི་ཆོས་མ་རིག་པ་ལ་སོགས་པ་དེས་ནི་རྣམ་པ་མ་རིག་པ་སོགས་ལ་མངོན་པར་ཞེན་པ་དང་ལ་སོགས་པའི་སྒྲས་བསྡུས་པ་གནས་པ་དང་ཀུན་དུ་ཤེས་པ་སྟེ། རིམ་པ་ལྟར་ལྟ་བ་ཕྱིན་ཅི་ལོག་པ་དང༌། འདུ་ཤེས་ཕྱིན་ཅི་ལོག་གསུམ་པོ་ཡིན་པས། དེ་གསུམ་འགོག་ཅིང་མེད་པའི་རྣམ་པ་གང་ཡིན་པ་དེ་ཡིན་ནོ། །གསུམ་པ་ནི། ཐེག་པ་གསུམ་ཆར་ཐོབ་པའི་རྒྱུ་ཞེས་པ་འདིས། ངེས་འབྱེད་ཡང་དག་རྣམ་པ་བཞི་པོ་ཐམས་ཅད་ཐེག་པ་གསུམ་ཆར་ཐོབ་པའི་རྒྱུ་ཡིན་པར་བསྟན་ཏོ། །བཞི་པ་ཆུང་འབྲིང་ཆེ་གསུམ་གྱི་དབྱེ་བ་བཤད་པ་ལ། དྲོད་
ཆུང་འབྲིང་ཆེ་གསུམ་དུ་བཤད་པ། རྩེ་མོ་ཆུང་འབྲིང་ཆེ་གསུམ་དུ་བཤད་པ། བཟོད་པ་ཆུང་འབྲིང་ཆེ་གསུམ་དུ་བཤད་པ། ཆོས་མཆོག་ཆུང་འབྲིང་ཆེ་གསུམ་དུ་བཤད་པའོ། །དང་པོ་དྲོད་ཆུང་ངུ་ནི། གཟུགས་སོགས་ཡང་དག་པར་ཡོད་པ་ལ་མིང་ཙམ་གྱི་བསྐུར་བ་འདེབས་པ་ནི། འདུན་པ་སྟེ་འགྲིབ་པ་དང་ཡང་དག་པ་མེད་པ་ལ་མིང་ཙམ་གྱི་སྒྲོ་འདོགས་པ་ནི་འགོད་པ་སྟེ་འཕེལ་བའོ། །ཡང་དག་པར་དྲོད་ཆུང་ངུའི་ཡེ་ཤེས་དེ་བརྟགས་པའི་ཆོས་ཐམས་ཅད་མ་མཐོང་ཞིང་མིང་དེ་ཡང་མེད་པའི་ཕྱིར། གཟུགས་སོགས་གནོད་བྲལ་བ་དང༌། མི་གནས་པ་དང་བྲལ་བའི་ཡེ་ཤེས་དྲོད་ཆུང་ངུ་ཡིན་ནོ། །དེས་ན་དྲོད་ཆུང་ངུ་ནི་གཟུགས་སོགས་ལ་སྒྲོ་བསྐུར་མེད་ཅིང་མིང་ཐམས་ཅད་གནས་པ་མེད་པའི་ཡེ་ཤེས་ཞེས་པའི་དོན་ནོ། །གཉིས་པ་དྲོད་འབྲིང་པོ་ནི། ཕྱིར་མི་ལྡོག་པའི་ས་ལ་མི་གནས་པའི་ཚུལ་གྱིས་གནས་པ་དང༌། ཕུང་པོ་ཁམས་ནས། མ་འདྲེས་པའི་བར་ཆོས་སུ་བཏགས་པ་ཙམ་དང༌། དེ་ལྟར་འདོགས་པའི་མིང་ནི་དགེ་མི་དགེ་ལ་སོགས་ཆོས་གང་གིས་ཀྱང་བརྗོད་དུ་མེད་པའི་ཡེ་ཤེས་སོ། །ཞེས་པའི་དོན་ཏེ། གསུམ་པ་དྲོད་ཆེན་པོའི་གནས་སྐབས་ཀྱི་བྱང་སེམས་ནི། ཀུན་བཏགས་དང་གཞན་དབང་གིས། གཟུགས་སོགས་ལ་གཟུགས་པའི་རྣམ་རྟོག་གིས་མི་གནས་དེ། ཀུན་བརྟགས་དང་གཞན་དབང་གིས་གཟུགས་སོགས་དེ་དག་ནི། ཆོས་ཉིད་ཀྱི་གཟུགས་སོགས་དེའི་ངོ་བོར་གྱུར་པ་ཡོངས་སུ་གྲུབ་པའི་རང་བཞིན་དང་
གཅིག་ཉིད་མེད་པའི་ཕྱིར་རོ། །དེ་ལྟར་ན་ཆོས་དང་ཆོས་ཉིད་ངོ་བོ་ཐ་དད་དུ་འགྱུར་རོ་ཞེ་ན། ཆོས་ཅན་གཟུགས་སོགས་དེ་དག་གཅིག་གིས་ཆོས་ཉིད་དང་རང་བཞིན་སྟོང་པ་ཉིད་ནི་གཅིག་པ་ཉིད་དོ། །གཉིས་པ་རྩེ་མོ་ཆུང་ངུའི་གནས་སྐབས་ཀྱིས་བྱང་སེམས་སྟོང་ཉིད་ཀྱིས་རྣལ་འབྱོར་ལ་སྤྱོད་པ་དེ་གཟུགས་སོགས་དེ་མ་རིག་པ་དང་སོགས་པའི་སྒྲས་སྡུག་བསྔལ་བ་དང༌། བདག་མེད་པ་དང༌། ཞི་བ་དང༌། སྟོང་པ་དང༌། མཚན་མ་མེད་པ་དང༌། སྨོན་པ་མེད་པ་དང༌། དབེན་པ་དང༌། གཟུང་བའི་རྣམ་རྟོག་གིས་མི་གནས་ཏེ། སྟོང་པ་ཉིད་ཀྱིས་གཟུགས་མི་རྟག་ལ་སོགས་པ། དེ་རྣམས་བརྟགས་པའི་གཟུགས་མི་རྟག་པ་ལ་སོགས་པ། དེ་རྣམས་བརྟགས་པའི་གཟུགས་མི་རྟོག་པ་སོགས་དེའི་ངོ་བོས་སྟོང་པའི་ཕྱིར་དང༌། གཟུགས་མ་རིག་པ་སོགས་དེ་དག་གཅིག་གིས་ཆོས་ཉིད་དང༌། རང་བཞིན་སྟོང་པ་ཉིད་གཅིག་པ་ཉིད་ཀྱི་ཕྱིར་རོ། །གཉིས་པ། རྩེ་མོ་འབྲིང་ནི། གཟུང་བའི་རྣམ་རྟོག་གིས་ཆོས་རྣམས་མི་འཛིན་པ་གང་ཡིན་པ་དེ་ཡིན་ཏེ། ཆོས་དེ་དག་མཚན་མར་མི་མཐོང་བའི་ཡེ་ཤེས་ཡིན་པའི་ཕྱིར་དང༌། ཡོངས་གྲུབ་ཀྱི་གཟུགས་སོགས་ནི། གཟུང་བ་མེད་ཅིང༌། མཚན་མ་ཡང་མ་ཡིན་པའི་ཕྱིར་རོ། །གསུམ་པ་རྩེ་མོ་ཆེན་པོ་ནི། བརྟགས་པ་བཞིས་ཤེར་ཕྱིན་ཉིད་ལ་ཡོངས་སུ་རྟོག་པ་ནི། ཆོས་ཐམས་ཅད་དམིགས་སུ་མེད་པར་མཐོང་བའི་ཡེ་ཤེས་སོ། །བརྟགས་པ་བཞི་ནི། ཤེར་ཕྱིན་འདི་གང༌། འདི་ནི་གང་གི་
འདི་ནི་ཅིའི་ཕྱིར་འདི་ནི་ཅི་ཞིག་ན། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་ཞེས་པ་ལྟ་བུའོ། །གསུམ་པ་བཟོད་པ་ཆེ་འབྲིང་ཆུང་གསུམ་ལས། དང་པོ་ཆོས་ཉིད་ཀྱི་གཟུགས་སོགས་དངོས་པོ་ངོ་བོ་ཉིད་མེད་པ་གང་ཡིན་པ་དེ་ནི། བརྟགས་པའི་མཚན་ཉིད་མེད་པ་ཉིད་ཀྱིས་ངོ་བོ་ཉིད་དུ་གྱུར་པའི་ཡེ་ཤེས་སོ། །གཉིས་པ་ནི། ཤེས་པ་མེད་པའི་ཕྱིར་བརྟགས་པའི་ཆོས་དེ་དག་སྐྱེ་བ་མེད་ཅིང༌། དེ་ལ་ངེས་པར་འགྱུར་བ་མེད་པ་དང༌། རང་བཞིན་གྱི་རྣམ་པར་དག་པའི་ཕྱིར། ཆོས་ཉིད་ཀྱི་གཟུགས་སོགས་དེ་དག་དྲི་བཅས་ཀྱི་གནས་སྐབས་ན་སྐྱེ་བ་མེད་ཅིང༌། དྲི་མེད་ཀྱི་གནས་སྐབས་ན་གློ་བུར་གྱི་ངེས་པར་འབྱུང་བ་མེད་པས་མི་དམིགས་པར་སྤྱོད་པའི་བྱང་སེམས་ཏེ། ལུས་ངག་སེམས་མཚན་མ་ཡོངས་སུ་དག་པ་དང༌། ལས་ཀྱི་དབང་གིས་ངན་སོང་དུ་མི་སྐྱེའོ། །གསུམ་པ་ནི་ཆོས་ཉིད་ཀྱི་གཟུགས་སོགས་དེ་དག་གཟུགས་སོགས་ལ་ཏིང་ངེ་འཛིན་རྟོག་པའི་སྤྱོད་པའི་མཚན་མ་མེད་ཅིང་སེམས་ཕྱིན་ཅི་ལོག་གིས་སོ། །ཀུན་དུ་ཤེས་པར་བྱ་བ་ནི་འདུ་ཤེས་ཕྱིན་ཅི་ལོག་གིས་སོ། །མོས་ཞེས་བྱ་བ་ནི་ལྟ་བ་ཕྱིན་ཅི་ལོག་གིས་སོ། །བཞི་པ་ཆོས་མཆོག་ཆེ་འབྲིང་ཆུང་གསུམ་ལས། དང་པོ་ནི་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་དང༌། ཏིང་ངེ་འཛིན་དེའི་བྱེད་པ་ཉིད་ཡིན་ནོ། །ཏིང་ངེ་འཛིན་དེ་ལ་དབྱེ་ན། ཆོས་ཐམས་ཅད་སྐྱེ་བ་མེད་པ་དང༌། དཔའ་བར་འགྲོ་བ་ལ་སོགས་པ་བརྒྱ་དང་ཉེར་གཅིག་གོ །ཏིང་ངེ་འཛིན་གྱི་བྱེད་པ་ནི། དེ་
དང་དེས་གནས་པའི་བྱང་ཆུབ་སེམས་དཔའ་མྱུར་དུ་འཚང་རྒྱ་བ་ཡིན་ནོ། །གཉིས་པ་ནི་བྱང་སེམས་ཏིང་ངེ་འཛིན་དེ་དག་གིས་སྨྲ་བ་དེ་དེ་བཞིན་གཤེགས་པས་གང་བླ་ན་མེད་པའི་བྱང་ཆུབ་ཏུ་ལུང་སྟོན་པ་དང༌། བདག་ནི་དུས་གསུམ་དུ་སྙོམས་པར་ཞུགས་སོ། །འཇུག་གོ །འཇུག་པར་འགྱུར་རོ། །སྙམས་སུ་ཏིང་ངེ་འཛིན་དེས་རློམ་སེམས་སུ་འགྱུར་བ་ཟད་པ་ཡིན་ནོ། །གསུམ་པ་ནི། གནས་སྐབས་འདིར་གཉིས་འཛིན་ནུབ་པས་ཡུལ་དང་ཡུལ་ཅན་མཉམ་པ་ཉིད་ཀྱི་ཕྱིར་ཤེར་ཕྱིན་དང་ཏིང་ངེ་འཛིན་དང༌། བྱང་སེམས་གསུམ་པོ་ཕན་ཚུན་གཞི་མཐུན་པ་ཡིན་པའི་ཚུལ་གྱིས་ངོ་བོ་གཅིག་གོ །དེ་ཅིའི་ཕྱིར་ཞེ་ན། ཏིང་ངེ་འཛིན་རྣམ་པར་མི་རྟོག་པ་ཡིན་པའི་ཕྱིར་རོ། །ཆུང་འབྲིང་ཆེ་གསུམ་གྱི་དོན་བསྡུ་བ་ནི། གོང་དུ་བཤད་པ་དེ་ལྟར་ཐམས་ཅད་ཀྱི་མཇུག་བསྡུ་བ་ངེས་འབྱེད་ཆ་མཐུན་དྲོད་རྩེ་བཟོད་ཆོས་མཆོག་བཞི་པོ་ནི་རེ་རེ་ཡང་ཆུང་དང་འབྲིང་དང་ཆེན་པོ་གསུམ་གསུམ་ཕྱེ་ནས་རྣམ་པ་བཅུ་གཉིས་ཡིན་ནོ། །ལྔ་པ་རྣམ་རྟོག་ལ་དབྱེ་ན་གཟུང་རྟོག་དང་འཛིན་རྟོག་གཉིས་སོ། །རིམ་པ་ལྟར་གང་ཞིག་གཟུང་བར་འཛིན་པ་དང༌། གང་ཞིག་འཛིན་པར་འཇིགས་པ་ནི་མཚན་ཉིད་དོ། །དང་པོ་གཟུང་རྟོག་ནི་གཞི་ཀུན་ནས་ཉོན་མོངས་སྐྱོན་ཅན་དུ་འཛིན་པ་དང༌། ཉོན་མོངས་དེའི་གཉེན་པོ་རྣམ་པར་བྱང་བ་ཡོན་ཏན་ཅན་དུ་འཛིན་པའི་ཁྱད་པར་རིམ་པ་ལྟར་ལྡོག་པའི་གཟུང་བར་རྟོག་པ་དང༌། འཇུག་པའི་གཟུང་བར་རྟོག་པ་རྣམ་པ་གཉིས་བསྟན་ཏོ། །དེ་དག་རེ་རེའང་
རྨོངས་པ་མ་རིག་པ་དང༌། སྲིད་པ་ལ་སོགས་པ་དང༌། ཕུང་ཁམས་སྐྱེ་མཆེད་ལ་སོགས་པའི་བྱེ་བྲག་གིས་གཟུང་རྟོག་གཉིས་པོ་རེ་རེ་ནི་སོ་སོར་ཕྱེ་བ་རྣམ་པ་དགུ་དགུ་ཡིན་ནོ། །གང་ཞིག་འཇུག་བྱའི་ཡུལ་སྐྱོན་ཅན་དུ་མཐོང་ཞིང་དེར་ཞེན་པ་བློ་ལྡོག་པ་གཟུང་རྟོག་དང༌། གང་ཞིག་གཟུང་བྱའི་ཡུལ་ཡོན་ཏན་དུ་མཐོང་ཞིང་དེར་ཞེན་པའི་བློ་འཇུག་པ་གཟུང་རྟོག གཉིས་པ་འཛིན་རྟོག་ལ་གང་ཞིག་སེམས་རྫས་སུ་ཡོད་པར་ཞེན་པའི་བློ་རྫས་འཛིན་རྟོག་པ་དང༌། གང་ཞིག་སེམས་རྟག་པ་བར་ཡོད་པར་ཞེན་པའི་བློ་རྟག་འཛིན་རྟོག་པར་ལྟ་སྟེ། སེམས་ཅན་རྫས་སུ་ཡོད་པའི་རྟེན་ཅན་ཏེ་ཡུལ་ཅན་དང༌། སེམས་ཅན་རྟག་པར་ཡོད་པའི་རྟེན་ཅན་ཏེ། ཡུལ་ཅན་གྱིས་འཛིན་པའང་རྣམ་པ་གཉིས་སུ་འདོད་དེ་གང་གི་སྒྲས་ནི་སྔ་མ་གཉིས་སུ་ཕྱེ་བ་ལྟར་རོ། །འཛིན་རྟོག་དེ་དག་རང་དབང་ཅན་དུ་བདག་དང་སོགས་པའི་སྒྲས། སེམས་ཅན་དང་སྐྱེས་བུ་སོགས་ངོ་བོ་རྟེན་གྱི་དབྱེ་བ་དགུ་དང༌། ཕུང་པོ་དང་སོགས་པའི་སྒྲས་ཁམས་དང་སྐྱེ་མཆེད་སོགས་རྟེན་གྱི་དབྱེ་བ་དགུ་ལས། རྟེན་ཅན་འཛིན་རྟོག་གཉིས་པོ་ཡང་དགུ་དགུར་དབྱེ་བ་ནི། ཇི་ལྟར་གཟུང་རྟོག་ནི་དབྱེ་བ་བཞིན་ནོ། །དྲུག་པ་ཡོངས་འཛིན་བཤད་པ་ནི། གང་གི་ཕྱིར་དེ་ལྟར་ཡིན་པ་དེའི་ཕྱིར་ཐབས་ལ་མཁས་པའི་ངོ་བོ་ཡོངས་འཛིན་ནི། སེམས་མི་འགོངས་པ་སྟེ། སྐྲག་པ་ཉིད་དང་སོགས་པའི་སྒྲས་སྔངས་པ་དང༌། སྔངས་པར་གྱུར་པ་ནི་རིམ་པ་ལྟར་
སྐྲག་པ་ཆུང་དང་འབྲིང་དང་ཆེན་པོ་ངོ་བོར་གནོད་འཇོམས་ལས་གསུངས། རྒྱུ་གཞན་ཡང་མེད་པ་ནི་མ་ཡིན་ཏེ། མདོ་རྒྱན་དུ། འགྲོ་བ་དེ་གནས་མིན་ལ་བསྐྲག་པ་གདུང་བྱེད་འགྱུར། ཞེས་སོགས་གསུངས། རང་བཞིན་སྟོང་པ་ཉིད་ཀྱིས་ཤེར་ཕྱིན་སྟོན་པ་འདི་ཐོས་ན། སེམས་མི་འགོངས་པ་ཉིད་ལ་སོགས་པའི་རྒྱུ་ཐབས་ལ་མཁས་པ་ནི། ཆོས་ཐམས་ཅད་ལ་ངོ་བོ་ཉིད་མེད་པར་སོ་སོར་རྟོག་པའི་དང་སོགས་པའི་སྒྲས་ཕར་ཕྱིན་དྲུག་རྫོགས་པར་བྱ་བ་དང༌། ཐེག་ཆེན་ཕྱིན་ཅི་མ་ལོག་པར་སྟོན་བྱེད་ཀྱི་དགེ་བའི་བཤེས་གཉེན་ལ་བརྟེན་པའི་དང་བཤེས་གཉེན་དེའི་མི་མཐུན་ཕྱོགས་སྡིག་པའི་གྲོགས་པོ་བོར་བའི་ཐབས་ལ་མཁས་པ་སྟེ། དུས་དང་རྣམ་པ་ཀུན་དུ་ཡོངས་འཛིན་གྱི་ངོ་བོར་གྱུར་པ་ནི། བཞི་པ་གདམ་པའི་དོན་ཕྱིན་ཅི་མ་ལོག་པའི་སྒྲུབ་པ་ལ་བཞི་སྟེ་སྒྲུབ་པ་ལ་འཇུག་པའི་རྟེན་རིགས་ཀྱི་རང་བཞིན། སྒྲུབ་པ་པོས་ཤེས་པར་བྱེད་པའི་ཡུལ་དམིགས་པ། སྒྲུབ་པ་པོ་བྱང་སེམས་ལ་སེམས་དཔའ་ཆེན་པོ་ཞེས་པའི་རྒྱུ་མཚན་ཆེད་དུ་བྱ་བ། སྒྲུབ་པ་དང་ནི་ངོ་བོའོ། །དང་པོ་ནི། གལ་ཏེ་ཆོས་ཀྱི་དབྱིངས་ལ་དབྱེར་མེད་ཕྱིར། དོན་དམ་པའི་དབང་གིས་རིགས་ནི་ཐ་དད་དུ་དབྱེ་བར་རུང་བ་མ་ཡིན་ནོ་སྙམ་ན། དོན་དམ་པ་ཉིད་ལ་དེ་ལྟ་ཡིན་ཡང༌། ཀུན་རྫོབ་ཀྱི་དབང་གིས་ཆོས་སྒྲུབ་པ་ཐ་དད་པ་ཉིད་ཀྱི་བྱེ་བྲག་རྟོགས་པའི་ཆོས་དག་འཇུག་པའི་རྟེན་གཉེན་པོ་འཇུག་པའི་བརྟན། སྤོང་བ་འཇུག་པའི་བརྟན་
ཞེས་པའི་ཚུལ་དག་གིས། བསྟན་ཆོས་ཉིད་དེའི་དབྱེ་བ་ཡོངས་སུ་བརྗོད་པ་ནི་འགལ་བ་མེད་དོ། །དཔེར་ན་ནམ་མཁའ་ལ་དབྱེ་བ་མེད་ཀྱང༌། ཤར་ཕྱོགས་ཀྱི་ནམ་མཁའ་དང་ཞེས་པ་ལ་སོགས་པ་ལྟར་རོ། །གཉིས་པ་སྒྲུབ་པ་པོས་ཤེས་པར་བྱ་བའི་ཡུལ་དམིགས་པ་ལ། སྤྱིར་བསྟན་པ་དང༌། སོ་སོར་བཤད་པ་གཉིས་ལས། དང་པོ་ནི། དམིགས་པ་ཆོས་ཐམས་ཅད་སྟེ། དེ་ཡང་དགེ་ལ་སོགས་པ་ཡིས། གཉིས་པ་སོ་སོར་བཤད་པ་ནི། འཇིག་རྟེན་པའི་རྟོགས་པ་སྟེ། ཆོས་ནི་ཕུང་པོ་ཁམས་སྐྱེ་མཆེད་དགེ་བ་བཅུ། བསམ་གཏན་ཚད་མེད། གཟུགས་མེད་དང༌། མངོན་ཤེས་ལྔའོ། །གང་དག་འཇིག་རྟེན་ལས་འདས་པར་འདོད་པའི་ཆོས་ནི། དྲན་པ་ཉེར་བཞག་ནས། མ་འདྲེས་བཅོ་བརྒྱད་ཀྱི་བར་རྣམས་སོ། །ཟག་བཅས་ཀྱི་ཆོས་ནི། ཕུང་པོ་ཁམས་སྐྱེ་མཆེད་དང་བསམ་གཏན་ཚད་མེད་གཟུགས་མེད་རྣམས་སོ། །ཟག་པ་མེད་པའི་ཆོས་ནི་དྲན་པ་ཉེར་བཞག་ནས། མ་འདྲེས་པའི་བར་དག་གོ །གང་དག་འདུས་བྱས་ནི། ཁམས་གསུམ་དང་འདུས་བྱས་སུ་གཏོགས་པའི་མ་འདྲེས་པའི་བར་དག་གོ །འདུས་མ་བྱས་ནི་དུས་གསུམ་ཟད་པ་དང་དེ་བཞིན་ཉིད་ལ་སོགས་པའི་ཡོངས་གྲུབ་རྣམས་སོ། །སློབ་པ་ཉན་རང་དང༌། ཐུན་མོང་པའི་ཆོས་ནི། བསམ་གཏན་བཞི། ཚད་མེད་བཞི། གཟུགས་མེད་བཞི། མངོན་ཤེས་ལྔ་རྣམས་སོ། །གང་དག་ཐུབ་
པའི་ཐུན་མོང་མ་ཡིན་པ་བྱང་ཕྱོགས་སོ་བདུན་དང༌། སྟོབས་སོགས་ནས་མ་འདྲེས་བཅོ་བརྒྱད་ཀྱི་བར་དུ་འབྱུང་ངོ༌། །གསུམ་པ་སྒྲུབ་པ་པོ་བྱང་སེམས་ལ་སེམས་དཔའ་ཆེན་པོ་ཞེས་པའི་རྒྱུ་མཚན་ཆེད་དུ་བྱ་བ་ནི་སེམས་ཅན་ཀུན་མཆོག་ཅེས་སོགས་ཏེ། དེ་ལ་ཕྱེད་ནི་གང་བྱ་བ་ནི་གང་ཞེ་ན་ཆེན་པོ་གསུམ་ནི་ཕྱེད་དོ། །སེམས་དཔའ་ཆེན་པོ་ནི་བྱ་བའོ། ། བྱང་སེམས་ལ་དོན་གང་གི་ཆེད་དུ། སེམས་དཔའ་ཆེན་པོ་ཞེས་ཟེར་བའི་རྒྱུ་ནི། སེམས་ཅན་ཀུན་གྱི་མཆོག་ཉིད་དུ་གྱུར་པའི་སེམས་ཆེན་པོ་དང༌། སྤོང་བ་ཆེན་པོ་དང༌། རྟོགས་པ་ཆེན་པོ་སྟེ། གསུམ་པོ་དེ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་གསུམ་གྱི་རང་བྱུང་སྟེ། རང་བཞིན་གྱི་ཆེད་དུ་བྱ་བ་སེམས་དཔའ་ཆེན་པོ་ཞེས་སྨོས་པ་འདི་ཤེས་པར་བྱའོ། །བཞི་པ་སྒྲུབ་པའི་ངོ་བོ་ལ། གོ་ཆ་དང༌། འཇུག་པ་དང༌། ཚོགས་དང་ངེས་པར་འབྱུང་བའི་སྒྲུབ་པའོ། །དང་པོ་ནི། བསམ་གཏན་རྒྱ་ཆེན་པོས་ཀུན་ནས་བླངས་པའི་སྒྲུབ་པ་རྒྱ་ཆེན་པོ་ཡང་ཕར་ཕྱིན་གཅིག་གི་ནང་དུ་ཕར་ཕྱིན་ཐམས་ཅད་རྫོགས་པར་སྒྲུབ་པ་ནི། སྦྱིན་པ་ལ་སོགས་པ་ཕར་ཕྱིན་རྣམ་པ་དྲུག་ལ། སྦྱིན་པའི་སྦྱིན་པ་ལ་སོགས་ལ་རེ་རེ་ལའང་དྲུག་དྲུག་ཏུ་ཡོད་པ་རྣམས་དེ་དག་རང་རང་སོ་སོར་བསྡུས་པ་ཡིས། གོ་ཆའི་སྒྲུབ་པ་གང་ཡིན་པ་དེ་ཕ་རོལ་དུ་ཕྱིན་པ་དྲུག་ཚན་དྲུག་ནི་མདོ་ལས་གསུངས་པ་ཇི་ལྟ་བ་བཞིན་དུ་བཤད་པར་བྱ་བ་ཡིན་ནོ། །གཉིས་པ་འཇུག་སྒྲུབ་ལ། ངོ་བོ་དང༌། དེ་ཡུལ་གང་ལ་འཇུག་པ་དང་གསུམ།
དང་པོ་ནི་བྱང་ཆུབ་སེམས་དཔའ་སྦྱིན་སོགས་ཕྱིན་དྲུག་ལ་སྤྱོད་པའི་བསམ་གཏན་བཞི། ཚད་མེད་བཞི། གཟུགས་མེད་བཞི་ལ་སྙོམས་པར་འཇུག་ཅིང་ལྡང་བ་ན་དགེ་བ་དེ་དག་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ནས། བླ་མེད་བྱང་ཆུབ་ཏུ་བསྔོ་བ་ནི། བསམ་གཏན་གཟུགས་མེད་ཀྱི་འཇུག་པའི་སྒྲུབ་པ་དང༌། དེ་དག་སྙོམས་པར་འཇུག་པའི་ངང་ནས་ཕར་ཕྱིན་དྲུག་རྫོགས་པར་བྱེད་པ་ནི། སྦྱིན་སོགས་ཀྱིས་འཇུག་པའི་སྒྲུབ་པ་དང༌། དྲན་པ་ཉེར་བཞག་ནས་མ་འདྲེས་བཅོ་བརྒྱད་ཀྱི་བར་དག་སྒོམ་པ་ནི་ལམ་འཇུག་པའི་སྒྲུབ་པ་དང༌། སེམས་ཅན་ཐམས་ཅད་སྐྱབས་པར་གཞོལ་བ་བྱམས་པའི་ཏིང་ངེ་འཛིན་དང༌། སེམས་ཅན་ཐམས་ཅད་ལ་སྙིང་བརྩེ་བར་གཞོལ་བ་སྙིང་རྗེའི་ཏིང་ངེ་འཛིན་དང༌། སེམས་ཅན་ཐམས་ཅད་བསྒྲལ་བར་བྱའོ་ཞེས་གཞོལ་བ་དགའ་བའི་ཏིང་ངེ་འཛིན་དང༌། སེམས་ཅན་ཐམས་ཅད་ཀྱི་ཟག་པ་ཟད་པར་བྱ་བ་ལ་གཞོལ་བ་བཏང་སྙོམས་ཀྱི་ཏིང་ངེ་འཛིན་ནི་བྱམས་པ་ལ་སོགས་པའི་འཇུག་པའི་སྒྲུབ་པ་དང༌། ནང་སྟོང་པ་ཉིད་ལ་སོགས་པའི་ཆོས་ཐམས་ཅད་ལ་དམིགས་པའི་ཤེས་པ་འཇུག་པ་མེད་པ་དང་ལྡན་པའི་ཚུལ་གྱིས་ཆོས་ཐམས་ཅད་ཤེས་པ་དང༌། འཁོར་གསུམ་རྣམ་པར་དག་པའི་ཕར་ཕྱིན་དྲུག་དང༌། འདོད་པ་བརྒྱད་པའི་ཕྱིན་དྲུག་རྒྱུ་གནོད་འཇོམས་སུ་གསུངས་སོ། །སྐབས་འདིའི་ཆེད་དུ་བྱ་བ་བཞི་སྙོམས་པ་རྣམ་པར་སྒོམ་པའི་ཆེད་དུ་བྱ་བ་ནི་མི་དམིགས་པའི་ཚུལ་གྱིས་ནང་
སྟོང་པ་ཉིད་ནས་མ་འདྲེས་པའི་བར་དག་སྒོམས་པ་ཡིན་ནོ། །སྒོམ་པ་རྣམ་པར་སྒོམས་པ་ནི་དམིགས་པའི་སྒོམས་པ་ཐམས་ཅད་བཞིན་པའི་དོན་ཡིན་པའི་ཕྱིར་རོ། །མངོན་ཤེས་རྣམས་རྫོགས་པའི་ཕྱིར་སེམས་དང་པོ་བསྐྱེད་པ་ནས་བཟུང་སྟེ། བྱང་ཆུབ་སྙིང་པོའི་བར་དུ་སེམས་ཅན་སྨིན་པར་བྱེད་པ་དང༌། སངས་རྒྱས་ལ་མཆོད་པ་བྱས་པ་ནི་མངོན་ཤེས་དྲུག་གིས་འཇུག་པའི་སྒྲུབ་པ་སྟེ་རྣམ་པ་བརྒྱད་དོ། །གཉིས་པ་ནི། གང་ལ་འཇུག་པས་སྒྲུབ་པ་ཞེས་བྱ་ཞེ་ན། རྣམ་ཀུན་མཁྱེན་པའི་ཚུལ་ཏེ། ཆོས་ཐམས་ཅད་དངོས་པོའི་ངོ་བོ་ཉིད་ཡོད་པ་ལ་སློབ་ཅིང་འཇུག་པའི་སྒྲུབ་པ་ཡིན་པའི་ཕྱིར་རོ། །གསུམ་པ་ནི་ལས་ཅི་ཞིག་བྱེད་པར་ཤེས་པར་བྱ་ཞེ་ན། ཐེག་ཆེན་ལ་འཇུག་པ་ཡིན་པར་ཤེས་པར་བྱའོ། །གསུམ་པ་ཚོགས་སྒྲུབ་ལ། ཚོགས་སྒྲུབ་ཀྱི་ངོ་བོ། ཚོགས་སྒྲུབ་ལ་བཞུགས་པ། ཚོགས་སྒྲུབ་ཀྱི་བྱེད་ལས་སོ། །དང་པོ་ནི། གོ་ཆ་དགོད་པ་རྣམས་ཀྱི་ནང་ནས། རྣམ་པར་སྨིན་པ་ལས་བྱུང་བའི། རྫུ་འཕྲུལ་གྱི་ཕྱོགས་བཅུའི་ངན་འགྲོ་ཞི་བར་བྱེད་པ་སྒྱུ་མ་ལྟ་བུ་ནི་བརྩེ་བ་དང༌། སྒྱུ་མའི་ཆོས་ཉིད་ཉེ་བར་གཟུངས་ནས། ཕར་ཕྱིན་དྲུག་ལ་རང་ཉིད་གནས་སྟེ་གཞན་ཡང་དེ་དག་ལ་དགོད་པ་སྒྱུ་མ་ལྟ་བུ་ནི་སྦྱིན་སོགས་དྲུག་དང༌། རྣམ་མཁྱེན་དང་ལྡན་པའི་སེམས་རྩེ་གཅིག་པས་གནས་ཤིང༌། སྒྱུ་མའི་ཆོས་ཉིད་གཟུང་ནས་ཕྱོགས་བཅུའི་སེམས་ཅན་སྦྱིན་སོགས་ལ་དགོད་པ་སྒྱུ་མ་ལྟ་བུ་ནི་ཞི་གནས་དང༌། སྒྱུ་མའི་ཆོས་ཉིད་
སྒྲུབ་པ་ཡོངས་སུ་གྲུབ་ཀྱི་གཟུགས་སོགས་ཏེ། ཀུན་བཏགས་པའི་ངོ་བོ་དངོས་པོའི་གཟུགས་སོགས་ཀྱི་སྟོང་པའི་ཡེ་ཤེས་ནི་ལྷག་མཐོང་སྟེ། དེ་དང་བཅས་པ་དང༌། ཡོངས་གྲུབ་ཀྱི་གཟུགས་སོགས་མ་བཅིངས་མ་གྲོལ་བར་མཐོང་བའི་ཡེ་ཤེས་ནི་ཞི་ལྷག་གི་ཐབས་ཤེས་ཟུང་དུ་འབྲེལ་བའི་ལམ་གང་ཡིན་པ་དེ་ཉིད་ཡིན་ནོ། །དེ་ལ་དམིགས་པའི་ཚུལ་གྱིས་ཕར་ཕྱིན་དྲུག་ལ་རང་ཉིད་གནས་ཤིང་གཞན་ཡང་འགོད་པ་ནི་ཐབས་ལ་མཁས་པ་གང་ཡིན་པ་དང༌། ཡེ་ཤེས་དང་ནི་ཞེས་པ་ནི་ནང་སྟོང་པ་ཉིད་ལ་སོགས་པ་སྟོང་ཉིད་རྣམས་ཡིན་ཏེ་སྟོང་ཉིད་ཟབ་མོ་རྣམས་རང་སྟོང་མ་ཡིན་པར་གཞན་སྟོང་ཡིན་པ་ལ་སོགས་པར་བསྟན་པའོ། །བསོད་ནམས་དང་ཞེས་པ་ནི་དཔའ་འབར་འགྲོ་བ་ལ་སོགས་པའི་ཏིང་ངེ་འཛིན་རྣམས་སོ། །ལམ་དང་ཞེས་པ་ལ་བཅོ་ལྔ་སྟེ། བྱང་ཕྱོགས་སོ་བདུན་དང་རྣམ་ཐར་སྒོ་གསུམ་ལ་སོགས་པའོ། །གཟུང་དང་ཞེས་པ་ནི། འཛིན་པར་བྱེད་པས་ན་གཟུངས་སོ། །དེ་ལ་བཟོད་པ་ཐོབ་པའི་རྒྱུར་འགྱུར་བའི་གཟུངས་དང༌། གསང་སྔགས་ཀྱི་གཟུངས་དང༌། ཆོས་ཀྱི་གཟུངས་དང་དོན་གྱི་གཟུངས། གཉིས་པ་ཚོགས་སྒྲུབ་ལ་ཞུགས་པའི་རང་བཞིན་བསྟན་པ་ནི། ཡོངས་སུ་སྦྱོང་བའི་ཆོས་རྣམ་པ་བཅུ་ཐམ་པ་ཡིས། ས་ནི་དང་པོ་ཐོབ་པར་འགྱུར་ཏེ། རྣམ་མཁྱེན་དང་ལྡན་པའི་ཡིད་ལ་བྱ་བས་དགེ་བ་ཐམས་ཅད་སྒྲུབ་པ་ནི་ལྷག་པའི་བསོད་ནམས་མི་དམིགས་པའི་ཕྱིར་ཕན་པའི་དངོས་པོ་ཡོངས་སུ་སྦྱོང་བ་ཉིད་དང༌། རྣམ་མཁྱེན་
དང་ལྡན་པའི་ཡིད་ལ་བྱ་བས་ཚད་མེད་བཞི་སྒྲུབ་པ་ནི་སེམས་ཅན་མི་དམིགས་པའི་ཕྱིར། སེམས་ཅན་རྣམས་ལ་སེམས་མཉམ་པ་ཡོངས་སུ་སྦྱོང་བ་ཉིད་དང༌། སེམས་ཅན་རྣམས་ལ་རྣམ་རྟོག་མེད་པར་སྦྱིན་པ་ཡོངས་སུ་བསྐོང་བ་དང༌། རྣམ་མཁྱེན་ཉིད་ལ་བསྐུལ་ཞིང་འཇོག་པར་བྱེད་པའི་བཤེས་གཉེན་བསྟེན་པ་དང༌། རྣམ་མཁྱེན་དང་ལྡན་པའི་སེམས་ཀྱིས་ཆོས་འཚོལ་ལ། ཉན་རང་གི་སར་མི་ལྟུང་བ་ནི། ཆོས་ཐམས་ཅད་མི་དམིགས་པའི་ཕྱིར། དམ་ཆོས་དམིགས་པ་འཚོལ་བ་ཡོངས་སུ་སྦྱོང་བ་དང༌། སངས་རྒྱས་ཀྱི་སྐུ་མཐོང་ན་རྣམ་མཁྱེན་མ་ཐོབ་བར་སངས་རྒྱས་ཡིད་ལ་བྱེད་པ་དང༌། མི་འབྲལ་བ་ནི་མཚན་དཔེ་མི་དམིགས་པའི་ཕྱིར། སངས་རྒྱས་ཀྱི་སྐུར་འདོད་དགའ་བ་ཡོངས་སུ་སྦྱོང་བ་དང༌། གསུང་རབ་ཡན་ལག་བཅུ་གཉིས་སེམས་ཅན་རྣམས་ལ་ཕྱིན་ཅི་མ་ལོག་པར་སྟོན་པ་ནི། ཆོས་ཀྱི་དབྱེ་བ་མི་དམིགས་པའི་ཕྱིར། ཆོས་སྟོན་པ་ཡོངས་སུ་སྦྱོང་བ་དང༌། ཇི་སྐད་སྨྲ་བ་དེ་བཞིན་དུ་བྱེད་པ་ནི། ཚིག་མི་དམིགས་པའི་ཕྱིར། བདེན་པའི་ཚིག་ཡོངས་སུ་སྦྱོང་བ་ནི་བཅུ་པ་ཡིན་པར་འདོད་དེ། དེ་དག་རྣམས་ཀྱང་རང་བཞིན་མི་དམིགས་པའི་ཚུལ་གྱིས་སྤྱོད་པ་ཡོངས་སུ་སྦྱོང་བར་ཤེས་པར་བྱ་སྟེ་ཚུལ་ནི་ཀུན་ལ་འདྲེས་སོ། །ས་གཉིས་པའི་ཡོངས་སྦྱོང་ནི། ཉན་རང་གི་སེམས་དང༌། ཚུལ་ཁྲིམས་དང༌། བྱང་ཆུབ་ལ་བར་ཆད་བྱེད་པའི་ཆོས་ཡིད་ལ་མི་བྱེད་པ་ནི་ཚུལ་ཁྲིམས་ཡོངས་སུ་དག་པ་དང༌། བྱང་ཆུབ་སེམས་
དཔའ་སྤྱད་པ་སྤྱོད་པ་ན། བྱས་པ་ཆུང་ཡང་ཆུད་མི་གསོན་ན། ཆེན་པོ་ལྟ་ཅི་སྨོས་པ་ནི་བྱས་པ་བཟོ་བ་དང༌། སེམས་ཅན་ཐམས་ཅད་ལ་གནོད་འཚེའི་སེམས་མེད་པ་ནི་བཟོད་པ་དང༌། ཐེག་པ་གསུམ་ལ་སེམས་ཅན་སྨིན་པར་བྱེད་པ་ནི་དགའ་ཞིང་རབ་ཏུ་དགའ་བ་དང༌། སེམས་ཅན་ཐམས་ཅད་ཡོངས་སུ་སྐྱོབས་པ་ནི་སེམས་ཅན་མི་གཏོང་བ་དང༌། སེམས་ཅན་རེ་རེའི་ཕྱིར་ཡང་བསྐལ་པ་དུ་མར་གྱུར་པའི་སྡུག་བསྔལ་མྱོང་བར་བྱའོ་སྙམ་པས་སེམས་ཅན་ཐམས་ཅད་ཀྱི་ཕྱིར་སྤྲོ་ཞིང་མི་སྐྱོ་བ་ནི་སྙིང་བརྩེ་ཆེ་བ་དང༌། བླ་མ་རྣམས་ལ་སྟོན་པའི་འདུ་ཤེས་བསྐྱེད་པ་ནི་བཀུར་བསྟི་བླ་མ་ལ་གུས་མཉམ་པ་དང༌། སེམས་ཅན་ཐམས་ཅད་སྨིན་པར་བྱ་བའི་ཕྱིར་ལས་གཞན་མི་བྱེད་པར། ཕར་ཕྱིན་རྣམས་ཡོངས་སུ་སྦྱོང་བ་ནི་བརྒྱད་པ་སྦྱིན་པ་ལ་སོགས་པ་ལ་བརྩོན་པ་ཡིན་ནོ། །ས་གསུམ་པ་ནི། རྣམ་པ་ལྔས་སྦྱོང་སྟེ། ཕྱོགས་བཅུའི་རྒྱལ་བ་རྣམས་ཀྱིས་གང་ཅི་གསུངས་པ་ཐམས་ཅད་གཟུང་བར་བྱའོ་སྙམ་དུ་ཆོག་མི་ཤེས་པ་ནི་ཐོས་པས་མི་ངོམས་པ་ཉིད་དང༌། ཆོས་སྟོན་ཀྱང་ཆོས་ཀྱིས་སྦྱིན་པའི་དགེ་བ་དེ། ཐ་ན་བྱང་ཆུབ་ལ་ཡང་རེ་བ་མེད་པ་ནི་ཟང་ཟིང་མེད་པར་ཆོས་ཀྱི་སྦྱིན་པ་དང༌། རང་གཞན་གྱི་སེམས་ཀྱི་ཞིང་དག་པར་བྱེད་པའི་དགེ་བ་བསྒྲུབ་པ་ནི། སངས་རྒྱས་ཀྱི་ཞིང་ཀུན་ཡོངས་སུ་སྦྱོང་བ་དང༌། སྤྱད་པ་སྤྱོད་པ་ནི། རྣམ་མཁྱེན་མ་རྫོགས་ཀྱི་བར་དུ་ནམ་ཡང་སྐྱོ་བར་མི་
འགྱུར་བ་ནི་དཔག་ཏུ་མེད་པའི་འཁོར་བས་ཡོངས་སུ་མི་སྐྱོ་བ་དང༌། ཉན་རང་གི་སེམས་ལ་གནོད་པ་ནི་ངོ་ཚ་ཤེས་ཤིང་ཁྲེལ་ཡོད་པ་ལ་གནས་ཞེས་བྱ་བ་དེ་དག་ཀྱང་རློམས་སེམས་མེད་པའི་བདག་ཉིད་དེ་རྣམ་པ་ལྔས་སོ། །བཞི་པ་ནི་རྣམ་པ་བཅུ་གཉིས་ཀྱི་དག་པ་ཡིན་ཏེ། ཉན་རང་གི་ས་ལས་ཤིན་ཏུ་འདའ་བ་ནི། ནགས་སུ་གནས་པ་དང༌། བླ་ན་མེད་པའི་བྱང་ཆུབ་ཀྱང་མི་འདོད་པ་ནི་འདོད་པ་ཆུང་བ་དང༌། རྣམ་མཁྱེན་ཐོབ་ཀྱང་རློམས་སེམས་མི་བྱེད་པ་ནི་ཆོག་ཤེས་པ་དང༌། ཆོས་ཟབ་མོ་ལ་ངེས་པར་སེམས་པའི་བཟོད་པ་ནི། སྦྱང་བ་ཡང་དག་སྡོམ་བསྟན་དང༌། གང་ལ་བསླབ་པ་ཐམས་ཅད་རྒྱུ་མེད་པ་ནི་བསླབ་པ་ཡོངས་སུ་མི་གཏོང་བ་དང༌། འདོད་སེམས་མི་སྐྱེ་བ་ནི། འདོད་པའི་ཡོན་ཏན་རྣམས་ལ་སྨོད་པ་དང༌། ཆོས་ཐམས་ཅད་ལ་མངོན་པར་འདུ་བྱེད་པ་མེད་པ་ནི། མྱ་ངན་ལས་འདས་པའི་སེམས་དང༌། ནང་དང་ཕྱྀ་རོལ་གྱི་ཆོས་རྣམས་འཛིན་པ་མེད་པ་ནི་བདོག་པ་ཀུན་གཏོང་བ་དང༌། རྣམ་ཤེས་ལ་གནས་པ་རྣམས་ལ་སེམས་མི་སྦྱོར་བ་ནི། སེམས་མི་ཞུམ་པ་དང༌། དངོས་པོ་ཐམས་ཅད་ཡིད་ལ་མི་བྱེད་པ་ནི། དངོས་པོ་ཐམས་ཅད་ལ་ལྟ་བ་མེད་པ་ཡིན་ཏེ། དེ་ལྟར་བཅུ་པོ་དག་པས་སོ། །ས་ལྔ་པ་ནི་བཅུ་སྤངས་པས་ཐོག་སྟེ། འདི་ལྟར་རྫུས་ཏེ་སྐྱེ་བ་དང༌། སྐྲ་བྲེགས་ཤིང་གོས་ངུར་སྨྲིག་གྱོན་པ་ནི། ཁྱིམ་པ་དང་འགྲོགས་པ་སྤངས་པ་དང༌། སེམས་ཅན་འདི་དག་བདག་གི་བསོད་ནམས་
ཀྱི་བདེ་བར་འགྱུར་བ་ལ། སེར་སྣའི་སེམས་བསྐྱེད་པར་མི་བྱའོ་སྙམ་པ་ནི། རང་གི་ཁྱིམ་ལ་འཁྲེས་པ་སྟེ་སེར་སྣ་བྱེད་པ་སྤོང་བ་དང༌། ཉན་རང་གི་སེམས་ནི་འདུ་འཛིན་ཏེ། དེར་སྐྱེ་བའི་གནས་སྤོང་བ་དང༌། ནང་དང་ཕྱིའི་ཆོས་རྣམས་ཡང་དག་པར་མི་མཐོང་བ་ནི། རིམ་པ་ལྟར་བདག་ལ་བསྟོད་པ་དང༌། ཕྱིའི་ཆོས་རྣམས་ཡང་དག་པར་རྗེས་སུ་མི་མཐོང་བ་ནི་གཞན་ལ་བརྙས་པ་སྟེ། སྨོད་པ་སྤོང་བ་དང༌། སྲོག་གཅོད་པ་ལ་སོགས་པ་ནི། བདེ་འགྲོ་ལ་ཡང་བར་དུ་གཅོད་པར་བྱེད་ན་འཕགས་པའི་ལམ་དང་བྱང་ཆུབ་ལ་ལྟ་ཅི་སྨོས་ཏེ། མི་དགེ་བའི་ལས་ཀྱི་ལམ་བཅུ་སྤོངས་བ་དང༌། རློམ་སེམས་དང་ཁེངས་པ་སྐྱེ་བའི་ཆོས་ཅི་ཡང་མ་མཐོང་བ་ནི་རློམ་སེམས་སྤོངས་པ་དང༌། ཁེངས་པ་སྤོངས་པ་དང༌། དངོས་པོ་རྣམས་མི་དམིགས་པ་ནི་ཕྱིན་ཅི་ལོག་སྤོང་བ་དང༌། བློ་ངན་སྟེ་ཐེ་ཚོམ་སྤོང་བ་དང༌། དུག་གསུམ་གྱི་དངོས་པོ་མ་མཐོང་བ་ནི་ཉོན་མོངས་བཟོད་པ་སྟེ། རང་དགར་འཇོག་པ་སྤོང་བ་དང༌། དེ་ལྟར་བཤད་པའི་སྤང་བྱའི་ཆོས་བཅུ་པོ་འདི་ནི་རྣམ་པར་སྤངས་ནས་ས་ལྔ་པ་ཡང་དག་པར་འཐོབ་པ་ཡིན་ནོ། །ས་དྲུག་པ་ནི། གཉེན་པོ་དུ་ཞིག་རྫོགས་ཤིང༌། སྤང་བྱའི་ཆོས་ཡོངས་སུ་སྤངས་པས། ས་དྲུག་པ་ཐོབ་ཅེ་ན། གཉེན་པོ་དྲུག་རྫོགས་ཤིང༌། སྤང་བྱ་དྲུག་སྤངས་པས་འཐོབ་སྟེ། རྫོགས་པར་བྱ་བ་གཉེན་པོའི་ཆོས་ནི་ཕར་ཕྱིན་དྲུག་གོ །བྱང་ཆུབ་ཀྱི་ལམ་མ་ཡིན་པའི་ཕྱིར། སློབ་མ་ཉན་
ཐོས་ལ་དགའ་བའི་སེམས་སྤངས་པ་དང༌། བྱང་ཆུབ་ཀྱི་ལམ་ལ་ཡིན་པའི་ཕྱིར། བསེ་རུ་རང་སངས་རྒྱས་ལ་དགའ་བའི་སེམས་དཔའ་དང༌། བྱང་ཆུབ་ཀྱི་ལམ་མ་ཡིན་པའི་ཕྱིར། གཞན་དོན་ལ་སྐྲག་པའི་སེམས་སྤངས་པ་དང༌། བྱང་ཆུབ་ཀྱི་སེམས་མ་ཡིན་པའི་ཕྱིར། སློང་བ་པོས་བསླངས་ན་སེམས་མི་ཞུམ་པ་དང༌། བྱང་ཆུབ་ཀྱི་ལམ་མ་ཡིན་པའི་ཕྱིར་བདོག་པ་ཀུན་གཏང་ཡང༌། སེམས་མི་དགའ་བ་མེད་པ་དང༌། རང་ཉིད་དབུལ་ཡང་སློང་མོ་བ་མི་སྤོངས་བ་སེམས་དང་པོ་བསྐྱེད་ཕྱིན་ཆད་དྲག་ཏུ་སྦྱིན་པ་གཏོང་བ་དང༌། སེམས་ཅན་དུ་མི་བྱེད་པས་ས་དྲུག་མངོན་དུ་གྱུར་པ་ཡང་དག་པ་ཐོབ་པ་ཡིན་ནོ། །ས་བདུན་པ་ལ་གཉིས་ཏེ། ཉེས་པ་སྤོང་ཚུལ་དང༌། ཡོན་ཏན་རྫོགས་ཚུལ་ལོ། །དང་པོ་ནི། ཉི་ཤུ་སྟེ། བདག་དང་སེམས་ཅན་དུ་འཛིན་པ་དང༌། སྲོག་ཏུ་འཛིན་པ་དང༌། གང་ཟག་ཏུ་འཛིན་པར་མི་བྱ་སྟེ། བདག་ལ་སོགས་པ་དེ་དག་ནི་དངོས་པོ་རྟེན་མེད་པའི་ཕྱིར་རོ། །ཆད་པར་འཛིན་པ་དང་རྟག་པར་འཛིན་པར་མི་བྱ་སྟེ། ཆོས་གང་ཡང་མི་སྐྱེ་བ་དེ་རྟག་ཆད་དུ་མི་འགྱུར་བའི་ཕྱིར་རོ། །མཚན་མའི་འདུ་ཤེས་མི་བྱ་སྟེ། ཀུན་ནས་ཉོན་མོངས་རྟེན་མེད་པའི་ཕྱིར་རོ། །རྒྱུར་ལྟ་བར་མི་བྱ་སྟེ་ལྟ་བ་དེ་ཡང་དག་པར་རྗེས་སུ་མི་མཐོང་བའི་ཕྱིར་རོ། །ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམས་ལ་ཞེན་པར་མི་བྱ་སྟེ། ཆོས་དེ་དག་རང་བཞིན་གྱིས་མེད་པའི་ཕྱིར་རོ། ཁམས་གསུམ་ལ་ཞེན་པས་གནས་པ་དང་
ཆགས་པར་མི་བྱ་སྟེ། དེ་དག་དངོས་པོར་མེད་པའི་ཕྱིར་རོ། །སེམས་ནི་ཀུན་དུ་ཞུམ་ཤིང་སྒྱིད་ལུགས་པར་མི་བྱ་སྟེ། ཀུན་བཏགས་དངོས་པོའི་ཆོས་ཐམས་ཅད་གཟུགས་སུ་རུང་བ་ལ་སོགས་པའི་རང་གི་མཚན་ཉིད་ཀྱི་སྟོང་པ་ནི་ཡོངས་སུ་གྲུབ་པའི་ངོ་བོ་སྟོང་པ་ཉིད་ཀྱི་མི་སྟོང་པའི་ཕྱིར་རོ། །དཀོན་མཆོག་གསུམ་གྱིས་དངོས་པོར་དམིགས་པའི་ལྟ་བས་དཀོན་མཆོག་གསུམ་མི་མཐོང་བས། དཀོན་མཆོག་གི་དངོས་པོ་དེར་ལྟ་བའི་མངོན་པར་ཞེན་པར་མི་བྱ་སྟེ། མི་དམིགས་པའི་ཡེ་ཤེས་ཀྱི་མཐོང་བའི་ཕྱིར་རོ། །ཚུལ་ཁྲིམས་དེར་ལྟ་བའི་མངོན་པར་ཞེན་པར་མི་བྱའོ། །ཆོས་ཐམས་ཅད་སྟོང་པ་ཉིད་ཞེས་པ་འདི་དང༌། སྟོང་ཉིད་ཀྱི་མཚན་ཉིད་འདི་འགལ་ལོ་ཞེས་སྟོང་པ་ཉིད་ལ་རྩོད་པ་དང༌། ཆོས་ཐམས་ཅད་སྟོང་པ་ཉིད་དེ་དང༌། སྟོང་ཉིད་ཀྱི་མཚན་ཉིད་འདི་འགལ་བའི་ཉེས་པ་ཆད་ཅིང་མེད་པ་ཡིན་ནོ། །དེ་ལྟར་ཉི་ཤུ་པོ་ས་བདུན་པའི་བྱང་ཆུབ་སེམས་དཔའ་གང་ལ་རྣམ་པར་ཆད་པའི་རྒྱུ་དེའི་ས་བདུན་པ་རིང་དུ་སོང་བ་འཐོབ་བོ། གཉིས་པ་ཡོན་ཏན་རྫོགས་ཚུལ་ནི་ཉི་ཤུ་སྟེ། སྟོང་པ་ཉིད་ཀྱི་དངོས་པོ་དངོས་པོས་ཀྱང་སྟོང་པ་ཉིད་སྟོང་གིས་སྟོང་པ་ཉིད་ལ་སྟོང་པ་ཉིད་གཉིས་པ་རྟོགས་པར་བྱེད་པར་ཤེས་པ་ནི་སྟོང་པ་ཉིད་ཀྱི་དང་ཆོས་ཐམས་ཅད་ཡིད་ལ་མི་བྱེད་པར་ཤེས་པ་ནི་མཚན་མ་མེད་པའི་དང་ཁམས་གསུམ་སེམས་ཅན་ལ་མི་གནས་པར་ཤེས་པ་ནི་སྨོན་པ་མེད་པའི་རྣམ་པར་
ཐར་པའི་སྒོ་ཤེས་པ་སྟེ། རྣམ་ཐར་སྒོ་གསུམ་ཤེས་པ་དང༌། དགེ་བ་བཅུའི་ལས་ཀྱི་ལམ་ཡོངས་སུ་རྫོགས་པ་ནི་ལུས་ངག་ཡིད་ཀྱི་འཁོར་གསུམ་རྣམ་པར་དག་པ་ཉིད་དང༌། སེམས་ཅན་ཐམས་ཅད་ལ་སྙིང་རྗེ་ཆེན་པོ་ཐོབ་པ་ནི་སྙིང་རྗེ་དང༌། སེམས་ཅན་གྱི་ཞིང་ཡོངས་སུ་དག་པ་ནི་སེམས་ཅན་ཐམས་ཅད་ལ་རློམ་པ་སྟེ་བརྙས་པ་མེད་པ་དང༌། ཆོས་ཐམས་ཅད་ལ་སྒྲོ་བསྐུར་མེད་པ་ནི་ཆོས་ཐམས་ཅད་མཉམ་པ་ཉིད་དང༌། ཆོས་ཐམས་ཅད་ཤིན་ཏུ་རྟོག་པ་མེད་པའི་ཡེ་ཤེས་ནི་ཡང་དག་པའི་ཚུལ་གཅིག་ཤེས་པ་དང༌། མིང་དང་གཟུགས་མི་སྐྱེ་བ་ཤེས་པ་ནི་མི་སྐྱེ་བ་ཤེས་པ་དང༌། འདུ་བྱ་བ་མེད་པར་བཟོད་པ་ནི་མི་སྐྱེ་བ་བཟོད་པ་དང༌། ཆོས་ཉིད་ཀུན་དུ་སྤྱོད་པ་མེད་པ་ཉིད་ནི། ཆོས་རྣམས་དངོས་པོ་གཉིས་མེད་ཀྱི་རྣམ་པ་གཅིག་ཏུ་སྟོན་པ་དང༌། ཆོས་ཐམས་ཅད་ལ་རྟོག་པ་མེད་པ་ནི། རྟོག་པ་ཀུན་དུ་འཇོམས་པ་དང༌། ཉན་རང་ལྟ་བ་ཐམས་ཅད་ལྡོག་པ་ནི། ཐེག་དམན་གྱི་འདུ་ཤེས་ཉན་རང་གི་ལྟ་བ་སྤོངས་པ་དང༌། བག་ཆགས་དང་མཚམས་སྦྱོར་བ་དང༌། ཉོན་མོངས་པ་ཐམས་ཅད་འདོར་བ་ནི། ཉོན་མོངས་པ་སྤོངས་པ་དང༌། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་ནི། ཞི་གནས་ངེས་པར་སེམས་པའི་ས་དང༌། དེ་ཉིད་ལྷག་མཐོང་ལ་མཁས་པའི་ས་ཡང་ཡིན་པའི་དེ་དང༌། ཁམས་གསུམ་ལ་དགའ་བ་མེད་པ་ནི་སེམས་དུལ་བ་དང༌། སངས་རྒྱས་ཀྱི་སྤྱན་ཐོབ་པ་ནི། ཐམས་
ཅད་ལ་ཐོགས་པ་མེད་པའི་ཡེ་ཤེས་དང༌། སྐྱེ་མཆེད་དྲུག་ལ་བཏང་སྙོམས་སུ་གནས་པའི་ཡེ་ཤེས་ནི་ཆགས་པའི་ས་མ་ཡིན་པ་དང༌། གར་འདོད་པའི་ཞིང་གཞན་དང་གཞན་དུ་ན་ཆར་དུ་འགྲོ་བ་ནི། གང་འདོད་པའི་ཞིང་གཞན་དུ་ནི་སྙམ་འགྲོ་བ་དང༌། འཁོར་གྱི་དཀྱིལ་འཁོར་དེ་དང་དེར་ལུས་སྟོན་པ་ནི། འཁོར་གྱི་དཀྱིལ་འཁོར་ཀུན་དུ་བདག་གི་ངོ་བོ་ནི་སྟོང་པ་ཉིད་དང་ཉི་ཤུས་སོ། །ཉི་ཤུ་པོ་དེ་ཡོངས་སུ་རྫོགས་པ་ནི་བསྒྲོད་པ་གཅིག་པའི་ལམ་ས་བརྒྱད་པ་དང༌། འབྲེལ་བའི་ཕྱིར་ས་བདུན་པ་རིང་དུ་སོང་བའོ། །ས་བརྒྱད་པ་ནི། ཡོངས་སྦྱོང་བརྒྱད་ཀྱི་སྟེ། ཕ་རོལ་གྱི་སེམས་ཤེས་པའི་མངོན་ཤེས་ཀྱི་སེམས་ཅན་གྱི་སེམས་དང་སེམས་ལས་བྱུང་བ་རྣམས་ཤེས་པ་ནི་སེམས་ཅན་ཀུན་གྱི་ཡིད་ཤེས་པའི་ལས་དང༌། སངས་རྒྱས་ལྟ་བའི་ཕྱིར་རྫུ་འཕྲུལ་གྱི་མངོན་ཤེས་ཀྱི་རྩེ་ཞིང་སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་འགྲོ་བ་ནི་མངོན་པར་ཤེས་པ་བརྩེ་བའི་ལས་དང༌། འཁོར་ལོས་སྒྱུར་བའི་ས་ལ་གནས་པའི་སེམས་ཅན་སྨིན་པར་བྱ་བའི་ཕྱིར། འཇིག་རྟེན་གྱི་ཁམས་དེ་གཏོང་ཞིང་དེས་རློམས་སེམས་སུ་མི་བྱེད་པ་ནི་ཇི་ལྟར་མཐོང་བའི་སངས་རྒྱས་ཀྱི་ཞིང་བཟང་པོ་སྒྲུབ་པའི་ལས་དང༌། ཆོས་ཀྱི་སྐུ་ལ་ཡང་དག་པའི་ལྟ་བ་བཞིན་དུ་ཡོངས་སུ་བརྟགས་པའི་ཕྱིར། ཆོས་ལ་བསྙེན་བཀུར་བྱེད་པ་ནི། སུས་ཆོས་མཐོང་བ་དེས་སངས་རྒྱས་མཐོང་ངོ་ཞེས་གསུངས་པའི་ཚུལ་གྱིས་སངས་རྒྱས་བསྟན་པའི་ལས་
དང༌། སྟོབས་བཅུ་ལ་གནས་ནས། སེམས་ཅན་ཐམས་ཅད་ཀྱི་དབང་པོ་རྫོགས་པ་ཤེས་པ་ནི། མཆོག་དང་མཆོག་མ་ཡིན་མ་ཤེས་པའི་ལས་དང༌། མི་དམིགས་པའི་ཚུལ་གྱིས་སེམས་ཅན་ཐམས་ཅད་ཀྱིས་སེམས་དགའ་བར་བྱེད་པ་ནི་རྒྱལ་བའི་ཞིང་སྦྱོང་པའི་ལས་དང༌། སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ལ་གནས་པར་བྱ་བ་ཐམས་ཅད་བྱེད་ལ། དེའི་སེམས་ཆོས་གང་ལ་ཡང་ཞེན་པས་མི་བརྫུན་པ་ནི་སྒྱུ་མ་ལྟ་བུར་གནས་པ་སྟེ་འཇུག་པའི་ལས་དང༌། ཇི་ལྟ་ཇི་ལྟ་བུས་སེམས་ཅན་སྨིན་པར་འགྱུར་བ་དེ་ལྟ་དེ་ལྟ་བུའི་ལུས་བསམ་བཞིན་དུ་ཡོངས་སུ་འཛིན་པ་ནི་སྲིད་པར་སྐྱེ་བ་ལེན་པའི་ལས་ཏེ་ལས་རྣམ་པ་འདི་བརྒྱད་བཤད་སྦྱངས་རྫོགས་པ་ནི། མཚན་མ་དང་རྩོལ་བའི་འདུ་ཤེས་གཉིས་ཀྱི་གཡོ་བའི་ཕྱིར། ས་བརྒྱད་པ་མི་གཡོ་བ་དག་ཡིན་ནོ། །ས་དགུ་པ་ནི་ཡོངས་སྦྱོང་བཅུ་གཉིས་ཀྱི་དག་སྟེ། ཕར་ཕྱིན་དྲུག་རྫོགས་པར་བྱ་བའི་ཕྱིར། སྨོན་ལམ་ཇི་ལྟ་ཇི་ལྟར་བུར་འགྲུབ་པར་འགྱུར་བ་ནི། སྨོན་ལམ་དག་ནི་མཐའ་ཡས་དང༌། ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་པ་ནི། ལྷ་ལ་སོགས་པའི་སྐད་ནས་ཀླུ་ནས་མིའམ་ཅིའི་བར་ལ་སོགས་པའི་སྐད་ཐམས་ཅད་ཤེས་པ་དང་སྤོབས་པ་སོ་སོ་ཡང་དག་པར་རིག་པ་ནི་སྤོབས་པའི་རྒྱུན་ཆུ་བོ་ལྟ་བུ་མི་ཟད་པ་དང༌། སེམས་ཅན་དོན་དུ་སྟོན་ཙམ་མ་གཏོགས་པ་ས་བརྒྱད་པ་ཡན་ཆད་མངལ་ན་གནས་པ་མེད་ཅིང༌། ཚེ་རབས་ཐམས་ཅད་དུ་རྫུས་ཤིང་སྐྱེས་པ་ནི། མངལ་དུ་འཇུག་
པ་མཆོག་གི་ཕུན་སུམ་ཚོགས་པ་དང༌། བྱང་ཆུབ་ཆེན་པོའི་རིགས་ཆེན་པོར་སྐྱེ་བ་ནི་རིགས་ཕུན་སུམ་ཚོགས་པ་དང༌། སེམས་ཅན་རྣམས་བྱང་ཆུབ་ཏུ་བཀོད་ནས་རིགས་གང་ལས་སྔོན་གྱི་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་འབྱུང་བར་གྱུར་བའི་རིགས་དེར་སྐྱེ་བ་ནི་དུས་ཕུན་སུམ་ཚོགས་པ་དང༌། རྒྱལ་རིགས་དང་བྲམ་ཟེའི་རིགས་ཆེན་པོ་སྐྱེ་བ་ནི། ཆོ་འབྲང་སྟེ་ཆོ་རིགས་ཕུན་སུམ་ཚོགས་པ་དང༌། སེམས་ཅན་རྣམས་བྱང་ཆུབ་ཏུ་བཀོད་ནས་བྱང་སེམས་ཀྱི་འཁོར་ཉིད་དང་ལྡན་པ་ནི་འཁོར་ཕུན་སུམ་ཚོགས་པ་དང༌། སྐྱེས་མ་ཐག་ཏུ་འཇིག་རྟེན་གྱི་ཁམས་ཐམས་ཅད་སྣང་བས་ཁྱབ་པ་དང༌། དེ་དག་རྣམ་པ་དྲུག་ཏུ་གཡོ་བར་འགྱུར་བ་ནི་སྐྱེ་བ་ཕུན་ཚོགས་པ་དང༌། སེམས་ཅན་བྱེ་བ་ཕྲག་ཁྲིག་འབུམ་ཕྲག་དུ་མ་དང༌། ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ཞིང་སེམས་ཅན་དེ་དག་ཀྱང་ཐེག་པ་གསུམ་ལ་ངེས་པར་འབྱུང་བ་ཕུན་ཚོགས་དང༌། བྱང་ཆུབ་ཀྱི་ཤིང་རིན་པོ་ཆེ་སྣ་བདུན་ལས་གྲུབ་པ་དང་ཡལ་ག་ལོ་འདབ་དེ་དག་གིས་འཇིག་རྟེན་གྱིས་ཁམས་མཐའ་ཡས་པའི་བར་དུ་སྣང་བས་ཁྱབ་པ་ནི། བྱང་ཆུབ་ཀྱི་ཤིང་གི་བཀོད་པའི་རྒྱན་ཕུན་སུམ་ཚོགས་པ་དང༌། སེམས་ཡོངས་སུ་སྨིན་པར་བྱས་ནས་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་ནི་བྱང་སེམས་ཀྱི་ཡོན་ཏན་ཕུན་སུམ་ཚོགས་པ་རྫོགས་པ་དང༌། སོ་སོ་ཡང་དག་པར་རིགས་པའི་བློ་གྲོས་བཟང་བའི་ས་དགུ་པ་ལེགས་པའི་བློ་གྲོས་རྫོགས་པར་ཐོབ་པ་ཡིན་ནོ། །ས་བཅུ་པ་ནི། ས་དགུ་འདས་
པའི་རྗེས་ནས་ཀྱི་ཡེ་ཤེས་ཏེ་ཉན་ཐོས་ཀྱི་ས་བདུན་དང༌། རང་རྒྱལ་གྱི་གཅིག་དང༌། བྱང་སེམས་ཀྱིས་དགུ་པོ་ས་ཞེས་གཅིག་ཏུ་བགྲངས་པས་ན་ཐེག་པ་གསུམ་ཀས་བསྡུས་པའི་ས་དགུའོ། །ཉན་ཐོས་ཀྱི་ས་བདུན་དཀར་པོ་རིགས་བརྒྱད་མཐོང་བ་སྲབ། འདོད་ཆགས་བྲལ་དང་བྱས་རྟོག་པ། ས་དགུ་བོ་དེ་འདས་ནས་བྱང་ཆུབ་སེམས་དཔའི་ས་བཅུ་པ་ལ་གནས་པ་ལ། དེ་བཞིན་གཤེགས་པ་ཞེས་བརྗོད་པའི་རྒྱུ་མཚན། ས་བཅུའི་ཡེ་ཤེས་དེས་ནི། ཕར་ཕྱིན་བཅུ་ནས་རྣམ་མཁྱེན་གྱི་བར་ཡོངས་སུ་རྫོགས་པ་དང༌། བག་ཆགས་དང་མཚམས་སྦྱོར་བ་དང་ཉོན་མོངས་པ་ཐམས་ཅད་སྤངས་ཏེ། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པའི་རྒྱུ་གང་གིས་སངས་རྒྱས་ཀྱི་སར་གནས་པ་སྟེ། དེ་བཞིན་གཤེགས་པ་ཞེས་བརྗོད་པ་དེ་ནི་བྱང་ཆུབ་སེམས་དཔའ་ས་བཅུ་པ་ཆོས་ཀྱི་སྤྲིན་ཡིན་པར་ཤེས་པར་བྱའོ། །གསུམ་པ་ཚོགས་སྒྲུབ་ཀྱི་བྱེད་ལས་ནི། སྒྲུབ་པ་དེ་ཡང་གཉེན་པོ་དུ་ཞིག་ཏུ་འགྱུར་ཞེ་ན། མཐོང་ལམ་གྱི་གནས་སྐབས་ལ། སྤངས་བྱ་གཟུང་རྟོག་གཉིས་དང༌། འཛིན་རྟོག་གཉིས་སྟེ་བཞི་དང༌། སྒོམས་པའི་ལམ་གྱིས་གནས་སྐབས་དག་ལ་སྤངས་བྱ་གཟུང་རྟོག་གཉིས་དང༌། འཛིན་རྟོག་གཉིས་སྟེ་བཞིའོ། །དེ་ལྟ་ལམ་གཉིས་ཀ་ལ་གཟུང་བ་དང་འཛིན་པར་བསྡུས་པའི་རྣམ་པར་རྟོག་པ་བརྒྱད་པོ་རྣམས་ལམ་སོ་སོ་ལ་ཉེ་བར་ཞི་བར་བྱ་བའི་ཕྱིར། དེ་རྣམས་ཀྱི་གཉེན་པོ་ཡང་རྣམ་པ་བརྒྱད་ཅེས་བྱ་བ་ཉིད་དུ་འགྱུར་རོ། །
བཞི་པ་ངེས་པར་འབྱུང་པའི་སྒྲུབ་པ་ནི། དེ་ལ་ཆེད་དུ་བྱ་བའི་ཆེད་དང་བྱ་བ་ནི་གང་ཞེ་ན། འཇིག་རྟེན་ཟིལ་གྱིས་མནན་ནས་ངེས་པར་འབྱུང་བ་ནི་ཕྱེད་ཡིན་ལ་བྱ་བ་ནི་ཐེག་པ་ཆེན་པོའོ། །དེས་ན་ཟིལ་གྱིས་མནན་ནས་ངེས་པར་འབྱུང་བ་འདིའི་ཆེད་དུ། ངེས་འབྱུང་སྒྲུབ་པའི་ངོ་བོ་ཐེག་པ་ཆེན་པོ་བྱ་བ་ཡིན་ནོ། །མཉམ་ཉིད་ནི་ཐེག་ཆེན་ལ་ཕྱོགས་བཅུ་དང་དབྱིབས་དང༌། ཁ་དོག་ལ་སོགས་པ་དངོས་པོའི་ཆོས་ཐམས་ཅད་མེད་པ་ཉིད་ཀྱི། དོན་དམ་པའི་ཆོས་ཐམས་ཅད་ནམ་མཁའ་དང་མཉམ་པ་ཉིད་དོ། །སེམས་ཅན་གྱི་དོན་ནི་དངོས་པོ་ཐམས་ཅད་མེད་པའི་ཕྱིར། ནམ་མཁའ་བཞིན་དུ་ཐེག་ཆེན་ནི་སེམས་ཅན་ཐམས་ཅད་ཀྱིས་གཅིག་ཆར་ལྷག་ནས་མཁྱེན་གསུམ་ལ་འཁོད་ནས་གནས་ཀྱང༌། དེ་དོགས་པ་མེད་པ་སེམས་ཅན་གྲངས་མེད་པ་རྣམས་ཀྱི་གོ་འབྱེད་པ་ཡིན་ནོ། །འབད་མེད་ནི་ཐེག་ཆེན་དེའི་ངང་དུ་སེམས་ཅན་ཡང་དམིགས་སུ་མེད་པ་དང༌། ཐེག་ཆེན་འདི་ལ་ཀུན་བྱང་གི་ཆོས་ཐམས་ཅད་གང་ནས་ཀྱང་འོང་བའི་སྐྱེ་བ་མེད་པ་དང༌། གང་དུ་ཡང་འགྲོ་བའི་འགག་པ་མེད། གང་ན་ཡང་གནས་པའི་དངོས་པོ་མེད་པའི་གཡོ་བ་མེད་པའི་ཕྱིར། འགྲོ་འོང་གནས་པའི་འབད་པ་མེད་པ་ཡིན་ནོ། །མཐའ་འདས་ནི་ཐེག་ཆེན་འདི་ལ་སྔོན་དང་ཕྱི་མའི་མཐའ་དང་དབུས་དངོས་པོ་མེད་ཅིང་མི་དམིགས་པའི་དོན་དམ་པའི་དུས་གསུམ་མཉམ་པ་ཉིད་ཡིན་པའི་ཕྱིར། མཐའ་ཐམས་ཅད་ལས་འདས་པའི་ངེས་པར་འབྱུང་བའི་བདག་ཉིད་
ཡིན་ནོ། །ཐོབ་པ་ནི་འདས་པ་དང་མ་འོངས་པ་དང༌། ད་ལྟར་བྱུང་བའི་སངས་རྒྱས་དང་བྱང་སེམས་རྣམས་ཀྱི་དུས་གསུམ་མཉམ་པ་ཉིད་ཀྱི་ཐེག་ཆེན་འདི་བསླབ་ནས་རྣམ་མཁྱེན་ཐོབ་པ་དང༌། འཐོབ་པར་འགྱུར་བ་དང༌། ཐོབ་པར་བགྱིད་པ་ནི་ཐོབ་པའི་མཚན་ཉིད་དུ་གྱུར་པའི་ངེས་པར་འབྱུང་བའི་བདག་ཉིད་དོ། །རྣམ་མཁྱེན་ནི། ངེས་འབྱུང་སྒྲུབ་པའི་ངོ་བོ་ཐེག་ཆེན་གྱི་བདག་ཉིད་ཀྱི་གཟུགས་སོགས་ཆོས་ཐམས་ཅད་ཤེས་པ་ནི། གཟུགས་སོགས་ཀྱི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡིན་ནོ། །ལམ་གྱི་ཡུལ་ཅན་སྒྲུབ་པ་ལ་ལམ་ནི་སྔར་ཐེག་ཆེན་གྱི་ངོ་བོར་བསྟན་པ་གཟུངས་ཀྱི་སྒོ་ནས་མ་འདྲེས་བཅོ་བརྒྱད་ཀྱི་བར་གང་ཡིན་པ་དེ་ཉིད་ཡིན་ཞིང་ལམ་དེའི་ངོ་བོར་གྱུར་པའི་ཕྱིན་དྲུག་ལ་འཁོར་གསུམ་དུ་རྣམ་པར་མི་རྟོག་པའི་ཡེ་ཤེས་ནི། ལམ་གྱི་ཡུལ་ཅན་ངེས་འབྱུང་སྟེ། འཁོར་གསུམ་མི་དམིགས་པའི་ཡེ་ཤེས་དེ་ཉིད་བྱང་ཆུབ་ཀྱི་ལམ་ལ་འཁོར་གསུམ་དུ་རྟོག་པའི་དྲི་མ་ཡོངས་སུ་སྦྱོང་བར་བྱེད་པའི་ཕྱིར་ཏེ། དེ་ལྟར་རྣམ་པ་བརྒྱད་ཀྱི་བདག་ཉིད་དུ་གྱུར་པའི་ཐེག་ཆེན་འདི་ངེས་པར་འབྱུང་བའི་སྒྲུབ་པ་ཡིན་པར་ཤེས་པར་བྱའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་གྱི་འགྲེལ་པ་མདོ་ལུགས་མ་ཞེས་བྱ་བ་ལས། སྐབས་དང་པོའི་འགྲེལ་བའོ།། །། ༈ གཉིས་པ་ལམ་ཤེས་ཀྱི་ཡང་དག་རྒྱས་པར་བཤད་པ་ལ། ལམ་ཤེས་ཀྱི་ཡན་ལག་དང༌། ཡན་ལག་ཅན་གྱི་ལམ་ཤེས་སོ། །དང་པོ་ནི། སངས་
རྒྱས་ཀྱི་འོད་ཀྱི་ལྷ་རྣམས་ཀྱི་འོད་ཟིལ་གྱིས་མནན་པའི་དགོས་པ་ནི། འཁོར་དུ་འདུས་པའི་ལྷ་རྣམས་བླ་མེད་བྱང་ཆུབ་ཏུ་སེམས་བསྐྱེད་པའི་སྣོད་དུ་རུང་བར་བྱ་བའི་ཕྱིར་རོ། །དེའི་ཕྱིར་དེ་བཞིན་གཤེགས་པའི་རང་བཞིན་གྱི་འོད་ཀྱིས་ལྷ་རྣམས་ཀྱི་ལུས་ཀྱི་འོད་མོག་མོག་པོར་ཟིལ་གྱིས་མནོན་པར་མཛད་དོ། །དེ་བཞིན་གཤེགས་པའི་འོད་ནི་བཅོས་མ་མ་ཡིན་པའི་ཕྱིར་རང་བཞིན་གྱི་འོད་དོ། །ལྷ་རྣམས་ཀྱི་འོད་ནི་སྔོན་གྱི་ལས་ཀྱིས་སྒྲུབ་པ་བཅོས་མའི་རང་བཞིན་ནོ། །བྱང་ཆུབ་སེམས་དཔའ་པའི་ལམ་ཤེས་སུ་གྱུར་པའི་ཤེར་ཕྱིན་ཉན་པ་དང་སྒོམ་པའི་སྣོད་དུ་རུང་བའི་ཡུལ་ནི་བླ་མེད་བྱང་ཆུབ་ཏུ་སེམས་བསྐྱེད་པ་ཉིད་དུ་ངེས་པའོ། །ལམ་ཤེས་པ་ཉིད་ཀྱི་ཐེག་པ་གསུམ་ཆར་གྱི་ཡོན་ཏན་བསྡུས་པའི་ཕྱིར་ཐེག་པ་གསུམ་ཆར་ལ་ཁྱབ་པ་ཡིན་ནོ། །ལམ་ཤེས་དེའི་ངོ་བོའི་རང་བཞིན་ནི། ཉོན་མཽངས་རྟག་དང་མཚན་མ་དང༌། ཞེས་སོགས་ངོ་བོ་ཉིད་ཀྱི་མཚན་ཉིད་དུ་བསྟན་པ་གང་ཡིན་པ་དེ་སྐབས་འདི་ཉིད་དུའང་མོས་སྤྱོད་ཀྱི་ས་ནས་བཟུང་སྟེ་མཐོང་སྒོམས་ཀྱི་ལམ་རིམ་གྱིས་སྟོན་པར་འགྱུར་བ་དག་གོ །ལམ་ཤཻས་དེའི་བྱེད་ལས་ནི། ཕན་པ་དང་བདེ་བ་དང་སྐྱོབ་པ་དང༌། ཞེས་སོགས་བྱེད་པའི་མཚན་ཉིད་འཇིག་རྟེན་གྱི་དོན་སྒྲུབ་པར་མཛད་པ་གང་ཡིན་པ་དེ་ཉིད་ཡིན་ནོ། །གཉིས་པ་ལ་གསུམ། ཉན་ཐོས། རང་རྒྱལ། བྱང་སེམས་ཀྱི་ལམ་ཞེས་སོ། །དང་པོ་ལ་གཉིས། འབྲས་བུ་ལམ་ཤེས་ཀྱི་རང་བཞིན། རྒྱུ་ངེས་འབྱེད་ཆ་མཐུན་ནོ། །དང་པོ་ནི་
དེ་ལྟ་བུའི་ཐེག་དམན་གྱི་ལམ་དེ་དག་ཀྱང་ཐེག་གསུམ་གྱི་ལམ་ལ་མཁས་པར་བྱ་བའི་ཕྱིར། སྦྱོར་བ་སེམས་བསྐྱེད་ཀྱི་ཀུན་ནས་བླངས། དངོས་གཞི་ཅིར་ཡང་མི་དམིགས་པར་རྟོགས་པའི་ཤེས་རབ་ཀྱིས་ཟིན་པ། རྗེས་དགེ་བ་བྱང་ཆུབ་ཏུ་བསྔོ་བ་དང་བཅས་པའི་སྒོ་ནས་ཉན་རང་གི་ལམ་ཡོན་ཏན་ཡར་ལྡན་དུ་ཤེས་པར་བྱའོ། །དེ་ཡང་བྱང་ཆུབ་སེམས་དཔའི་ལམ་ཤེས་པ་ཉིད་ཀྱི་ངང་ཚུལ་ལམ་བདག་ཉིད་གང་ཡིན་པ་དེ་ལ་ནི་འཕགས་པའི་བདེན་པ་བཞི་དག་གི་རྣམ་པ་རྣམས་དངོས་པོར་མི་དམིགས་པའི་སྒོ་ནས་ནི། ཉན་ཐོས་ཀྱི་ལམ་འདི་བསྡུས་པར་ཤེས་པར་བྱའོ། །གཉིས་པ་ནི། དེ་ཡང་འཕགས་པ་ཉན་ཐོས་ཀྱི་ལམ་བྱང་ཆུབ་སེམས་དཔའ་ལམ་ཤེས་ཀྱི་བསྡུས་པ་ལ་གཟུགས་ལ་སོགས་པ་སྟོང་པའི་ཕྱིར་རོ། ། གཟུགས་ནས་བྱང་ཆུབ་སེམས་དཔའི་བར་གྱིས་སྟོང་པ་ཉིད་གང་ཡིན་པ་དེ་ནི་གཉིས་སུ་མེད་ཅིང་གཉིས་སུ་བྱར་མེད་དེ། ཞེས་པ་ནི་སྟོང་པ་ཉིད་རྣམ་དབྱེར་མེད་པ་ཡིན་ནོ། །དེ་ལྟར་གསུངས་པ་དེས་དྲོ་བ་བསྟན་ཏེ། ཀུན་བཏགས་པའི་གཟུགས་ནི་གཟུགས་ལ་སོགས་པའི་ངོ་བོ་ཉིད་དུ་མེད་ཅིང༌། དེ་དག་གི་སྟོང་པ་ཉིད་གཅིག་པའི་ཆོས་དབྱིངས་ཉིད་དུ་གནས་པའི་ཡེ་ཤེས་ནི་དྲོད་ཡིན་ནོ། ། གཟུགས་སོགས་དེ་དག་མི་དམིགས་པར་བསྟན་པས་རྩེ་མོར་གྱུར་པ་དག་ཏུ་འདོད་པ་དེ་བསྟན་ནོ། །དེ་ཉིད་ནི་དངོས་པོའི་གཟུགས་སོགས་མི་དམིགས་པའི་ཚུལ་གྱིས། དེ་བཞིན་ཉིད་དུ་གནས་པའི་ཡེ་ཤེས་སོ། །གཟུགས་སོགས་དེ་ལ་བརྟགས་ཞེས་བྱ་བ་ལ་སོགས་
པའི་ཚུལ་གྱིས་གནས་པ་བཀག་པས་བཟོད་པ་ཆུང་འབྲིང་ཆེན་པོ་རྣམས་བསྟན་ཏེ། དེ་ཉིད་ནི་རྟག་པ་ལ་སོགས་པའི་ངོ་བོར་མི་གནས་པའི་ཚུལ་གྱིས་ཡོངས་སུ་གྲུབ་པ་ཉིད་དུ་གནས་པའི་ཡེ་ཤེས་སོ། །ས་ཆུ་དག་ལས་བརྩམ་ནས་ནི། མི་དམིགས་པའི་ཚུལ་གྱིས་མི་གནས་པ་རྒྱས་པར་བསྟན་པ་ཡིན། ཆོས་ཀྱི་མཆོག་ཏུ་གྱུར་པ་གང་ཡིན་པ་དེ་ཉིད་བཤད་དོ། །དེ་ཉིད་སྤྱི་ལ་ཡང་ངོ་བོར་མི་རྟོག་པའི་ཚུལ་གྱིས། ཆོས་ཀྱི་དབྱིངས་ཉིད་དུ་གནས་པའི་ཡེ་ཤེས་སོ། །དམིགས་མེད་ཀྱི་སྤྱོད་པ་ལ་སློབ་པའི་བྱང་ཆུབ་སེམས་དཔའ་དམིགས་པའི་ཚུལ་གྱིས་ཅི་ལ་ཡང་གནས་སུ་མི་རུང་བ་ཅིའི་ཕྱིར་ཞེ་ན། ཤེས་བྱ་ཐམས་ཅད་ཀྱི་གནས་ལུགས་ཇི་ལྟར་ཡིན་པ་ལྟར་རྟོགས་པ་བརྗོད་པའི་སངས་རྒྱས་ཀྱི་བླ་མེད་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པ་སྟེ། ཐུགས་སུ་ཆུད་ཅིང་མཁྱེན་ནས་དམིགས་པའི་ཚུལ་གྱི་གནས་སུ་རུང་བའི་ཆོས་རྣམས་གཤིས་ལ་མ་གྲུབ་པ་ཉིད་ཀྱིས་རྣམ་པར་མ་གཟིགས་པ་དེའི་ཕྱིར་རོ། །གཉིས་པ་རང་རྒྱལ་གྱི་ལམ་ཤེས་ལ། ཉན་ཐོས་ལས་ཟབ་པར་བསྟན་པ། དེ་བྱང་སེམས་ཀྱི་ལམ་གྱི་བསྡུས་ཚུལ་དངོས་སོ། །དང་པོ་ལ་དངོས་དང༌། དེའི་རྟགས་གྲུབ་པ་གཉིས་ལས། དང་པོ་ནི། དཔེ་བཞིའི་སྟོན་པ་པོ་དང༌། ཉན་པ་པོ་ལ་སོགས་པར་ཡེ་ཤེས་ལ་སྣང་ཡང་དེ་དང་དེའི་དངོས་པོ་མེད་པས་སུས་ཀྱང་བཤད་པ་དང༌། ཉན་པ་དང་ཐོས་པ་དང༌། ཤེས་པ་མེད་པའི་ཕྱིར་རང་བྱུང་
བདག་ཉིད་ཀྱིས་སྲིད་པ་ཐ་མ་ལ་སློབ་དཔོན་མེད་པར་སྔོན་གོམས་པའི་དབང་གིས་སྤྲུལ་པ་དང༌། རྨི་ལམ་ལ་སོགས་པའི་སྣང་བ་ལྟར་སྟོན་པ་པོ་ལ་སོགས་པར་ཡེ་ཤེས་ལ་ཤར་བའི་ཚུལ་གྱིས་རྟོགས་པའི་ཕྱིར་སྲིད་པ་ཐ་མའི་ལུས་ཐོབ་ཅིང༌། དགྲ་བཅོམ་པ་མངོན་དུ་བྱེད་པ་ན། སློབ་དཔོན་གཞན་གྱི་དགྲ་བཅོམ་པ་དང་བཅས་པའི་ཆོས་སྟོན་པ་ཡང་མི་དགོས་པར་རྟོགས་པ་ཡིན་པས། བསེ་རུ་ལྟ་བུའི་ཡེ་ཤེས་ནི། ཉན་ཐོས་ཀྱི་སློབ་དཔོན་གཞན་གྱི་སྒྲའི་རྐྱེན་ལ་ལྟོས་པའི་ཡེ་ཤེས་ལས་ཟབ་པ་ཉིད་དུ་སྟོན་པར་བརྗོད་ཅིང་བསྟན་ཏེ། དེ་ལ་དྲན་པ་ཉེར་བཞག་ལ་སོགས་པ་གང་དང་གང་ཡིན་པའི་ཆོས་ཀྱི་དོན་ནི་རྨི་ལམ་བཞིན་དུ་སྟོན་པ་པོར་སྣང་བའི་གང་ཟག་གང་དང་གང་ལ་དེས་ཇི་ལྟ་ཇི་ལྟ་བུར་ཉན་པ་པོའི་གང་ཟག་ཏུ་འདོད་པར་བྱེད་བྱ་བ་ནི། སྟོན་པ་པོར་སྣང་བའི་གང་ཟག་དེ་དང་དེ་ལ་ཆོས་ཀྱི་དོན་དེ་དང་དེ་སྟོན་པའི་སྒྲའི་དངོས་པོ་མེད་ཀྱང༌། སྟོན་པ་དང་ཉན་པར་སྣང་བ་དེ་སྒྱུ་མའི་སྐྱེས་བུ་དང་སྤྲུལ་པ་ལྟ་བུར་བསམ་དུ་ལྟ་བུའི་ཡེ་ཤེས་ལ་སྣང་བའི་ཚུལ་གྱིས་རྟོགས་སོ། །སྒྲ་མེད་ཀྱང་དེ་དེ་ལྟར་སྣང་ཞེས་གསུངས་པའི་ཕྱིར་རོ། །གཉིས་པ་ནི། དེ་བས་ན་ཕྱི་གཟུང་བ་རང་བཞིན་མེད་པར་མངོན་སུམ་གྱི་རྟོགས་པས་གཟུང་དོན་གྱི་རྟོགས་པ་སྤོང་པའི་ཕྱིར་དང༌། ཕྱིའི་ཡུལ་གཟུང་བར་བྱས་པར་འཛིན་པའི་འཛིན་པ་མེད་ཀྱང༌། ནང་གི་སེམས་ཉིད་ཐོག་མེད་ནས་རྒྱུན་མ་ཆད་པར་གནས་པ་དེ་ཉིད་སྣ་ཚོགས་སུ་འཆར་བའི་སྒོ་ནས་དེ་མེད་པར་མ་རྟོགས་པའི་འཛིན་པའི་རྟོགས་པ་མི་
སྤོངས་པའི་ཕྱིར་རང་གི་བརྟེན་བྱང་ཆུབ་སེམས་དཔའི་ལམ་གྱི། བསེ་རུ་ལྟ་བུའི་ལམ་དེ་གདམ་པར་གཟུགས་སོགས་སྟོང་པར་རྟོགས་པས་གཟུང་དོན་རྟོག་པ་སྤོངས་ཕྱིར་དང༌། ཀུན་རྫོབ་ཏུ་ཐེག་གསུམ་བསྟན་ཞིང་ཐེག་པ་སོ་སོའི་སྒོ་ནས་བྱེད་པ་པོའི་ཆོས་སུ་འཛིན་པ་ཡོད་པའི་འཛིན་པ་མི་སྤོངས་བ་མི་དམིགས་པའི་ཚུལ་གྱིས་ཡང་དག་པར་བསྡུས་པར་ཤེས་པར་བྱའོ། །གསུམ་པ་ལ་གཉིས། མཐོང་ལམ་ཤེས་པ་ཕན་ཡོན་དང་བཅས་པ་དང༌། སྒོམ་ལམ་ཤེས་པ་བྱེད་ལམ་དང་བཅས་པའོ། །དང་པོ་ལ་གཉིས། རྒྱུ་ངེས་འབྱེད་ཆ་མཐུན་དང༌། འབྲས་བུ་མཐོང་ལམ་དངོས་སོ། །དང་པོ་ནི། བརྟགས་པ་ཀུན་རྫོབ་དང་ཆོས་ཉིད་དོན་དམ་གཉིས་ལ་སྒྲོ་བསྐུར་དང་བྲལ་བས། དེ་དག་བརྟགས་པ་ཙམ་དང་ཆོས་ཉིད་གཉིས་མི་འགལ་བར་སྟོན་པའི་རྣམ་པ་ནི་གྲོལ་བར་འགྱུར་བ་བསྟན་ཏོ། །རྩེ་མོར་གྱུར་པ་ནི། གཟུགས་ལ་སོགས་པ་དོན་དམ་པར་འཕེལ་འགྲིབ་མེད་པས་འཕེལ་འགྲིབ་ཀྱི་ཕྱིར་དུ། མི་སློབ་པ་ཕྱིར་ཆེ་བ་བསྟན་ཏོ། ། གཟུགས་སོགས་ནང་སྟོང་པ་ཉིད་ཀྱི་དོན་དང་ལས་སོགས་པའི་སྒྲས་ཕྱི་སྟོང་པ་ཉིད་ཀྱི་ཕྱིར། ཞེས་སོགས་དང༌། གཟུགས་སོགས་མི་འཛིན་པའི་ཕྱིར་རོ་ཞེས་པས་བཟོད་པ་བསྟན་ཏེ། གཟུགས་སོགས་ངོ་བོ་ཉིད་མེད་པའི་ཕྱིར་གཟུགས་སོགས་སྐྱེ་བ་དང་སོགས་པའི་སྒྲས་འགགས་པ་དང༌། བླང་དོར་ཉོན་མོངས་རྣམ་བྱང་དང༌། འཕེལ་འགྲིབ་མེད་པའི་རྣམ་པ་ཅན་གྱི་ཡེ་ཤེས་བསྟན་པ་ནི་ཆོས་ཀྱི་མཆོག་གོ །མདོར་བསྡུ་
ནི། དྲོད་སོགས་བཞི་པོའི་དོན་ཡང༌། བདེན་གཉིས་ལ་སྒྲོ་བསྐུར་མེད་པའི་ཡེ་ཤེས་དང་ཞེས་སོ། །གཉིས་པ་ལ་མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དང་པོ་ནི་སྡུག་བསྔལ་གྱི་བདེན་པ་དང༌། འགོག་ལམ་གྱི་བདེན་པ་ལ། ཆོས་ཤེས་པའི་བཟོད་པ་དང༌། ཆོས་ཤེས་པ་དང༌། རྗེས་སུ་ཤེས་པའི་བཟོད་པ་དང༌། རྗེས་སུ་ཤེས་པ་སྐད་ཅིག་མའི་རྣམ་པ་བཞི་བཞིའི་བསྟན་པ་ཡིས། ལམ་ཤེས་པ་ཉིད་ཀྱི་བདག་ཉིད་ལ་མཐོང་བའི་ལམ་སྐད་ཅིག་སྐད་ཅིག་མའི་བཅུ་དྲུག་ཕན་ཡོན་དང་བཅས་པ་འདི། ཚེ་འདི་དང་ཕྱི་མའི་ཡོན་ཏན་དེ་ལྟ་བུ་དག་ཐོབ་པར་འགྱུར་བའི་བར་གྱིས་བཤད་དོ། །གཉིས་པ་ལ། སྡུག་བསྔལ་ཆོས་ཤེས་པའི་བཟོད་པ་ནི། དེ་བཞིན་ཉིད་དང་ཡང་དག་ཕན་ཚུན་གཅིག་ལ་གཅིག་གཉིས་སུ་མེད་པ་ལ་བརྟེན་པ་དང༌། བརྟེན་པའི་དངོས་པོ་མེད་པའི་ཕྱིར། ངོ་བོ་ཐ་དད་པའི་རྣམ་གྲངས་ཁས་མི་ལེན་པའི་ཡེ་ཤེས་དང༌། ཡུལ་ཆོས་ཉིད་ཀྱི་གཟུགས་སོགས་ཕྱེ་བའི་ཕྱིར། ཡུལ་ཅན་སྡུག་བསྔལ་ལ་ཆོས་ཤེས་པ་ནི་ཆེ་བའི་ཡེ་ཤེས་དང༌། ཡུལ་ཆོས་ཉིད་ཀྱི་གཟུགས་སོགས་ཚད་མེད་པའི་ཕྱིར། ཡུལ་སྡུག་བསྔལ་ལ་རྗེས་སུ་ཤེས་པའི་བཟོད་པ་ཚད་མེད་པ་དང༌། ཡུལ་ཆོས་ཉིད་ཀྱི་གཟུགས་སོགས་དཔག་ཏུ་མེད་པའི་ཕྱིར། ཡུལ་ཅན་སྡུག་བསྔལ་ལ་རྗེས་སུ་ཤེས་པ་དཔག་ཏུ་མེད་པའི་ཡེ་ཤེས་དེ་དེ་ལྟར་སྡུག་བསྔལ་བདེན་པའི་སྐད་ཅིག་མ་བཞིས་སོ། །ཡུལ་ཆོས་ཉིད་ཀྱི་གཟུགས་སོགས་མཐའ་དང་དབུས་
མེད་པའི་ཕྱིར། ཡུལ་ཅན་ཀུན་འབྱུང་ལ་ཆོས་ཤེས་པའི་བཟོད་པ་མཐའ་མེད་པ་དང༌། ཀུན་འབྱུང་ལ་ཆོས་ཤེས་པ་ནི། ཆོས་སྐུའི་བདག་ཉིད་ཀྱི་སྦྱིན་སོགས་ནས། རྣམ་མཁྱེན་གྱི་བར་གྱི་ངོ་བོར་གྱུར་པའི་ཤེར་ཕྱིན་དེར་གནས་ཤེས་སློབ་པའི་བྱང་སེམས་གཟུགས་སོགས་ཕུང་པོ་ལ་སངས་རྒྱས་ཉིད་དུ་ངེས་པར་འཛིན་པའི་སྐབས་ཀྱི་ཡེ་ཤེས་སོ། །ཀུན་འབྱུང་ལ་རྗེས་སུ་ཤེས་པའི་བཟོད་པ་ནི། བཟང་ངན་གྱི་དངོས་པོ་མེད་པས་གཟུགས་སོགས་ལ་བླང་བ་དང་དོར་བ་མེད་པ་དང༌། སོགས་པའི་སྒྲས་གཟུགས་སོགས་མི་འཛིན་མི་འདོར་བའི་ཚུལ་གྱིས་རྣམ་མཁྱེན་ཉིད་ཡོངས་སུ་འཛིན་པའི་ཡེ་ཤེས་དང༌། ཀུན་འབྱུང་ལ་རྗེས་སུ་ཤེས་པའི་སེམས་ཅན་ཐམས་ཅད་ལ་བྱམས་སོགས་ཚད་མེད་བཞི་མི་དམིགས་པའི་ཚུལ་གྱི་སྒོམ་པས་མི་དང་མི་མ་ཡིན་གྱི་གླགས་མི་རྙེད་པའི་ཡེ་ཤེས་སོ། །འགོག་པ་ཆོས་ཤེས་པའི་བཟོད་པ་ནི། མི་དམིགས་པའི་ཚུལ་གྱིས་སྟོང་ཉིད་ཐམས་ཅད་སྒོམ་པས། གང་དུ་འདུག་ཀྱང་བག་ཚ་བའམ་འཇིགས་པ་གང་ཡང་མེད་པའི་ཡེ་ཤེས་དང། འགོག་པ་ཆོས་ཤེས་ནི། ཚེ་འདིའི་ཡོན་ཏན་གྱི་ཕན་ཡོན་སེམས་ཅན་སྨིན་པ་དང༌། སངས་རྒྱས་ཀྱི་ཞིང་དག་པར་བྱེད་པ་ལ་སོགས་པ་དང༌། བདུད་རིགས་རྣམས་ཀྱི་བསམ་ངན་ཞི་བར་བྱེད་པ་དང༌། ཚེ་ཕྱི་མ་ལ་ཡང་སངས་རྒྱས་ཉིད་ནི་ཐོབ་པར་བྱེད་པའི་ཡེ་ཤེས་དང༌། འགོག་པ་རྗེས་བཟོད། སྦྱིན་སོགས་སངས་རྒྱས་ཀྱི་ཆོས་རྣམས་ཡོངས་སུ་འཛིན་པས་རྣམ་པར་བྱང་བའི་ཆོས་ཀུན་ཡོངས་སུ་བསྡུས་
པའི་ཡེ་ཤེས་དང༌། འགོག་པ་ལ་རྗེས་སུ་ཤེས་པ་ནི། མུ་སྟེགས་ཅན་ལ་སོགས་པས་བྱས་པའི་ཉམས་ང་བའི་གནོད་པ་ཀུན་དང༌། དུག་ནི་ནད་ལ་སོགས་པ་ནད་ཀུན་སེལ་བའི་ཡེ་ཤེས་སྟེ་བཞིའོ། །ལམ་ལ་ཆོས་ཤེས་པའི་བཟོད་པ་ནི། གཟུགས་ནས་རྣམ་མཁྱེན་གྱི་བར་ངོ་བོར་འཛིན་པ་དང༌། མྱ་ངན་ལས་འདས་པའི་ངོ་བོར་འཛིན་པ་ཞི་བར་བྱེད་པའི་ཡེ་ཤེས་གང་ཡིན་པ་ཉིད་དང༌། ལམ་ཆོས་ཤེས་ནི་ཕྱོགས་བཅུའི་སངས་རྒྱས་རྣམས་ཀྱི་བསྲུང་བ་ལ་སོགས་པའི་སྒྲས། ཕྱི་རོལ་གྱི་གནོད་པ་དང༌། ནང་གི་ནད་ལ་སོགས་ལས་སྐྱབས་པ་དང༌། ལུས་ཀྱི་བདེ་བ་སྒྲུབ་པ་དང༌། ལམ་གྱི་རྗེས་བཟོད་ནི་སྲོག་མི་གཅོད་པ་ལ་སོགས་པ་དགེ་བ་བཅུ་དང༌། སྦྱིན་པ་ལ་སོགས་པ་རྣམ་པ་ཀུན་མཁྱེན་པའི་ཚུལ་ལ་ནི་བདག་ཉིད་གནས་ཏེ་སེམས་གཞན་དག་ཀྱང་དེ་ལ་འགོད་པའི་ཡེ་ཤེས་དང༌། ལམ་རྗེས་ཤེས་ནི། ཕར་ཕྱིན་དྲུག་ལ་སྤྱོད་པའི་ཚེ། སྦྱིན་པ་གཏོང་བ་ལ་སོགས་པ་དང༌། ཤེས་རབ་སྒོམ་པ་ཡང༌། དེ་དག་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ཤིང་མི་དམིགས་པའི་ཚུལ་གྱིས་རྫོགས་པའི་བྱང་ཆུབ་ཏུ་བསྔོ་བའི་ཡེ་ཤེས་སོ། །དེ་ལྟར་ལམ་ཤེས་པ་ཉིད་ཀྱི་བདག་ཉིད་ལ། མཐོང་བའི་ལམ་སྐད་ཅིག་ལ་བཅུ་དྲུག་གནས་སྐབས་ཚེ་དང་གཞན་མཐར་ཐུག་གི་ཕན་ཡོན་ཆེན་པོ་དང་བཅས་པ་ནི་ངེས་པར་འབྱེད་པའི་ཆ་དང་བཅས་མཐུན་པ་སྔོན་དུ་སོང་བ་དེ་ནས། འཇིག་རྟེན་ལས་འདས་པའི་ཡེ་ཤེས་གཟུང་འཛིན་གཉིས་དང་བྲལ་བ་རྣམ་པར་མི་
རྟོག་པ་དང་པོ་ཐོབ་པ། གཉིས་པ་ལ། སྒོམ་ལམ་གྱི་བྱེད་པ་དང༌། བྱེད་པ་ཅན་གྱི་སྒོམ་ལམ་མོ། །དང་པོ་ནི། འདི་ལྟར་ཤེར་ཕྱིན་གྱི་བྱང་སེམས་ཞི་ཞིང་དུལ་བ་དང༌། ཐམས་ཅད་ནས་ཐམས་ཅད་དུ་གཞན་ལ་འདུད་ཅིང༌། ང་རྒྱལ་དང་རློམ་སེམས་མེད་པ་དང༌། བག་ཆགས་སོགས་ཉོན་མོངས་པ་ལས་རྒྱལ་བ་དང༌། དུག་དང་མཚོན་ལ་སོགས་པའི་གནོད་པས་མི་རྫི་བ་དང༌། བྱང་ཆུབ་ཐོབ་པར་བྱེད་པ་དང་ནི་ཤེར་ཕྱིན་སྒོམ་པའི་ལམ་ཡོངས་སུ་རྫོགས་པའི་ཚེ་སྙིང་པོ་རྡོ་རྗེ་གདན་དུ་བཞུགས་ནས་སངས་རྒྱས་པའི་རྒྱུས་ས་ཕྱོགས་དེ། སེམས་ཅན་ཐམས་ཅད་ཀྱི་མཆོད་རྟེན་ཉིད་དུ་བྱེད་པས། མེ་ཏོག་ལ་སོགས་པས་མཆོད་པར་གྱུར་ཏེ། གཉིས་པ་ལ་ལྔ་སྟེ། མོས་པ་དང་བསྔོ་བ་དང་རྗེས་སུ་ཡི་རང་བ་དང༌། སྒྲུབ་པ་དང༌། ཤིན་ཏུ་རྣམ་དག་སྒོམ་ལམ་མོ། །དང་པོ་ནི། དེ་རྣམས་ཀྱི་དོན་ནི། འདི་ལྟར་མོས་པ་རང་གི་དོན་དང་ནི། རང་གཞན་དོན་ཏེ་གཉིས་དོན་དང་རྣམ་པ་གསུམ་དུ་ཤེས་པར་བྱ་ཞིང༌། གསུམ་དེ་རེ་རེར་ཡང་ནི་ཆུང་དང་འབྲིང་དང་ཆེན་པོ་གསུམ་གསུམ་དུ་ཕྱེ་ཏེ། སོ་སོར་རྣམ་པ་གསུམ་གསུམ་དུ་འདོད་དོ། ། དེ་དག་ཆུང་ངུ་ལ་ཡང༌། ཆུང་ངུའི་ཆུང་ངུ་དང༌། ཆུང་ངུའི་འབྲིང་ནས་ཆེན་པོའི་ཆེན་པོའི་བར་དབྱེ་བ་ཡིས་ཆུང་སོགས་དེ་ཡང༌། སོ་སོར་རྣམ་པ་གསུམ་གསུམ་དུ་ཕྱེ་བ་དེ་ལྟར་ན། རང་དོན་དགུ་དང༌། གཉིས་དོན་དགུ་དང༌། གཞན་དོན་དགུ་སྟེ། སྡོམ་ལས་ཉི་ཤུ་རྩ་
བདུན་དུ་འདོད་དོ། །རང་དོན་མོས་པའི་གནས་སྐབས་དགུ་པོ་རྣམས་ལ་ནི་ཤེར་ཕྱིན་ལ་བསྟོད་པ་དགུ་ཚན་གཅིག་དང༌། གཉིས་དོན་མོས་པའི་གནས་སྐབས་དགུ་པོ་རྣམས་ལ་ནི། ཤེར་ཕྱིན་ལ་བཀུར་བ་དགུ་ཚན་གཅིག་དང༌། གཞན་དོན་མོས་པའི་གནས་སྐབས་དང་དགུ་པོ་རྣམས་ལ་ནི། ཤེར་ཕྱིན་ལ་བསྔགས་པ་དགུ་ཚན་གཅིག་སྟེ། དེ་ལྟར་ན་ཤེར་ཕྱིན་ལ་དགུ་ཚན་གསུམ་གྱི་བསྟོད་པ་དང་བཀུར་བ་དང་ནི་བསྔགས་པར་འདོད་ཅིང་བསྟན་ཏོ། །གཉིས་པ་ཐེག་ཆེན་གྱི་བསྔོ་བ་ལ། བསྔོ་བའི་ངོ་བོ་ནི་གང་བྱེད་པ་ནི་གང༌། རྣམ་པ་ནི་གང༌། མཚན་ཉིད་ནི་གང༌། དུག་མེད་ཅིང་བདུད་རྩིའི་མཆོག་ཏུ་གྱུར་པའི་བསྔོ་ཚུལ་ནི་གང༌། ཁམས་གསུམ་ལས་འདས་པའི་ཚུལ་ནི་གང༌། བསོད་ནམས་ཆེན་པོ་འབྱུང་བ་ཅན་དབྱེ་བ་ནི་གང་ཞེ་ན། དང་པོ་ནི་བསྔོ་བ་འདིའི་ངོ་བོ་ཁྱད་ཆོས་གསུམ་གྱི་ཉན་རང་གི་བསྔོ་བ་ལས། ཡོངས་སུ་བསྔོ་བའི་ཁྱད་པར་ཅན་ཡིན་ཏེ། སེམས་ཅན་ཐམས་ཅད་མྱ་ངན་ལས་འདའ་བའི་ཕྱིར་དང༌། མི་དམིགས་པའི་ཚུལ་གྱི་དང༌། བླ་མེད་བྱང་ཆུབ་ཏུ་བསྔོ་བ་ཁྱད་པར་ཅན་ནོ། །གཉིས་པ་ནི། བསྔོ་བ་དེའི་བྱེད་པ་མཆོག་ནི། སངས་རྒྱས་ཐོབ་པར་བྱེད་པ་ཡིན་ནོ། །གསུམ་པ་བསྔོ་བ་དེ་ནི། དམིགས་པ་མེད་པའི་རྣམ་པ་ཅན་ནོ། །བཞི་པ་ནི། འདུ་ཤེས་དང༌། སེམས་དང༌། ལྟ་བ་ཕྱིན་ཅི་མ་ལོག་པ་ནི་བསྔོ་བ་དེའི་མཚན་ཉིད་དོ། །ལྔ་པ་ནི། བསྔོ་བྱའི་བསོད་ནམས་
དེ་དངོས་པོ་ཐམས་ཅད་ཀྱི་དབེན་པར་ཤེས་པའི་ཚུལ་དང༌། མྱ་ངན་ལས་འདས་པའི་སངས་རྒྱས་ཀྱི་བསོད་ནམས་ཀྱི་ཚོགས་ཡོངས་སུ་བསྔོ་ན། སངས་རྒྱས་དེ་དག་ལྟར་དེ་དག་གི་དགེ་བའི་ཚོགས་དང༌། མྱ་ངན་ལས་འདས་པའི་རང་བཞིན་དྲན་པའི་སྤྱོད་ཡུལ་ཅན་བསྔོ་བའི་སེམས་དེ་ཡང༌། མྱ་ངན་ལས་འདའ་བར་ཤེས་པའི་ཚུལ་དང༌། ཤེར་ཕྱིན་ལ་བརྟེན་ནས་མཚན་མེད་དང༌། བསྔོ་བ་མི་འགལ་བའི་ཐབས་ལ་མཁས་པ་དང་བཅས་པའི་ཚུལ་དང༌། བསྔོ་བྱའི་དགེ་བ་མི་དམིགས་ཤིང་མཚན་མ་མེད་པའི་ཚུལ་སངས་རྒྱས་ཀྱི་དགེ་བ་དེ་དག་ནི་རང་བཞིན་ཇི་ལྟར་ཐུགས་སུ་ཆུད་པ་དེ་ལྟར་བསྔོས་པ་ནི་སངས་རྒྱས་ཀྱི་རྗེས་སུ་ཡི་རང་བའི་ཚུལ་གྱི་བསྔོས་པའོ། །དྲུག་པ་ནི། ཁམས་གསུམ་དང་དུས་གསུམ་མ་གཏོགས་པའི་གཟུགས་སོགས་ཆོས་ཐམས་ཅད་རང་བཞིན་མེད་པས་དངོས་པོ་མེད་པ་ནི། དངོས་པོ་མེད་པས་དམིགས་པའི་ཚུལ་གྱིས་བསྔོ་བར་མི་ནུས་སོ། །ཞེས་བྱ་བར་ཤེས་ནས་བསྔོ་བ་དུག་མེད་ཅིང་བདུད་རྩིར་འགྱུར་བ་ནི་ཁམས་གསུམ་ལས་འདས་པའི་ཚུལ་ལོ། །བདུན་པ་ནི། བསྔོ་བ་ཁྱད་པར་ཅན་དེ་ཉིད་ཆུང་འབྲིང་ཆེ་གསུམ་དུ་ཕྱེ་ནས་བསོད་ནམས་ཆེན་པོ་འབྱུང་བ་ནི། སྟོང་གསུམ་གྱི་སེམས་ཅན་ཐམས་ཅད་ཀྱི་དགེ་བ་བཅུ་བསམ་གཏན་སོགས་བསོད་ནམས་ཆེན་པོ་འབྱུང་བའི་བདག་ཉིད་ནི་ཆགས་པ་མེད་པའི་བསྔོ་བ་ཆུང་ངུ་དང༌། སྟོང་གསུམ་གྱི་སེམས་ཅན་ཐམས་ཅད་ཉན་རང་འཕགས་
པར་གྱུར་པ་ལ། གང་ཟག་ལ་ལས་ནི་མཚོའི་བར་དུ་གོས་བསོད་སྙོམས་མལ་ཆ་ནད་ཀྱི་རྐྱེན་ཇི་རྩ་སྟེ་རྐྱེན་བཞི་མཆོད་པ་ལས། བསོད་ནམས་ཆེན་པོ་འབྱུང་བའི་བདག་ཉིད་ནི། ཆགས་པ་མེད་པའི་བསྔོ་བ་འབྲིང་པོ་དང༌། སྟོང་གསུམ་གྱི་སེམས་ཅན་ཐམས་ཅད་བྱང་སེམས་སུ་གྱུར་པ་ལ། ཕྱོགས་བཅུའི་སེམས་ཅན་ཐམས་ཅད་ཀྱི་བྱང་སེམས་རེ་རེ་ལ་ཡང་རྐྱེན་བཞིས་མཆོད་པ་བྱས་པ་ལས་ཀྱང་བསོད་ནམས་ཆེན་པོ་འབྱུང་བའི་བདག་ཉིད་ནི། ཆགས་པ་མེད་པའི་བསྔོ་བ་ཆེན་པོ་སྟེ། ཆུང་དང་འབྲིང་དང་ཆེན་པོ་ཡིས། རང་བཞིན་གསུམ་དུ་ཕྱེ་བའི་བསྔོ་བ་མཆོག་ནི་རྣམ་པ་གསུམ་པོ་དེ། བསོད་ནམས་ཆེན་པོ་འབྱུང་བའི་བདག་ཉིད་དོ། །གསུམ་པ་རྗེས་སུ་ཡི་རང་བའི་ངོ་བོ་ནི། ཆོས་ཐམས་ཅད་དངོས་པོའི་རང་བཞིན་དུ་མེད་པ་དང༌། རྗེས་སུ་ཡི་རང་བ་མི་འགལ་བར་སྒྲུབ་པ་ནི་བྱང་སེམས་ཀྱིས་ཐབས་ལ་མཁས་པ་དང༌། མཚན་མ་ཐམས་ཅད་མི་དམིགས་པ་དག་གི་དགེ་བའི་རྩ་བ་ཐམས་ཅད་ལ་ཡི་རང་བ་ནི། དེ་བཞིན་ཉིད་ཇི་ལྟ་བ་བཞན་དུ་རྗེས་སུ་ཡི་རང་བ་ཡིད་ལ་བྱེད་པའི་དམ་པ་སྒོམ་པའི་ཚུལ་ཡིན་པར་སྐབས་འདིར་བརྗོད་ཅིང་བསྟན་པ་ཉིད་དོ། །བཞི་པ་བསྒོམ་ལམ་གྱི་ངོ་བོར་གྱུར་པའི་ཤེར་ཕྱིན་སྒྲུབ་པ་ནི། ཤེར་ཕྱིན་ཟབ་མོ་འདིའི་ངོ་བོ་ནི། སྐྱོན་དང་མུན་པ་ཐམས་ཅད་བསལ་ནས་ཤིན་ཏུ་རྣམ་པར་དག་ཅིང་སྣང་བར་བྱེད་པའི་ངོ་བོ་ཉིད་ཤེར་ཕྱིན་དེ་ཕར་ཕྱིན་གཞན་རྣམས་དང༌། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ཀྱི་ནང་ནས་མཆོག་ཉིད་གཟུགས་སོགས་སྒྲུབ་པ་མེད་པ་ནི།
གཟུགས་སོགས་ཀུན་ལ་མངོན་པར་འདུ་མི་བྱེད་ཅིང༌། ཆོས་གང་ཡང་ཐོབ་པར་མི་བྱེད་པའི་ཕྱིར། ཤེར་ཕྱིན་ཏེ་སྒྲུབ་པ་དང༌། ཤེར་ཕྱིན་དེས་དམིགས་པའི་ཚུལ་གྱིས། ཆོས་གང་ཡང་ཐོབ་པར་མི་བྱེད་ཀྱི། ཆོས་རྣམས་དམིགས་སུ་མེད་པར་རྣལ་འབྱོར་པའི་རྒྱུད་གང་ཡིན་པ། དེ་ལ་ནི་བསྟོད་ཅིང་ཐོབ་པར་བྱེད་པ་དང༌། བྱང་ཆུབ་སེམས་དཔའ་ཤེར་ཕྱིན་ལ་ཡིད་ཆེས་པས། གཟུགས་སོགས་བཏགས་པའི་ཆོས་ཐམས་ཅད་ལ་ཡིད་མ་ཆེས་ཤིང་བརྟགས་པའི་ཆོས་ཐམས་ཅད་ལ་དམིགས་པས་ཤེར་ཕྱིན་ལ་ཡིད་ཆེས་པའི་ཕྱིར། དེ་ནི་དོན་ཆེན་པོ་ཉིད་ཡིན་ནོ། །དེ་ལྟར་ཤིན་ཏུ་ཟབ་པས་མོས་པར་དཀའ་བའི་ཤེར་ཕྱིན་དེ་ལ་མོས་པའི་རྒྱུ་གང་ཞེ་ན། སེམས་དང་པོ་བསྐྱེད་ཕྱིན་ཆད། དགེ་བའི་བཤེས་གཉེན་སངས་རྒྱས་གྲངས་མེད་པ་བསྟེན་ཞིང་བསྙེན་བསྐུར་བ་དང༌། ཕྱིན་དྲུག་ལ་སྤྱད་པ་ནི་བསྐལ་བ་གྲངས་མེད་པ་ནས། བླ་མེད་བྱང་ཆུབ་ཏུ་ཞུགས་པའི་བྱང་སེམས་ཤེར་ཕྱིན་ཟབ་མོ་འདི་ལ་མོས་པའི་རྒྱུ་དང་སྦྱིན་སོགས་ལ་མི་དམིགས་པའི་ཚུལ་གྱིས་བརྩོན་ཞིང༌། ཆོས་ཐམས་ཅད་ཀྱི་འཕེལ་འགྲིབ་མ་མཐོང་བའི་ཐབས་ལ་མཁས་པ་གང་ཡིན་པ་དེ་ནི། བྱང་སེམས་དབང་རྣོན་ལ་ལ་སེམས་དང་པོ་བསྐྱེད་མ་ཐག་ནས་ཤེར་ཕྱིན་ཟབ་མོ་འདི་ལ་མོས་པའི་རྒྱུ་གང་ཡིན་ནོ། །འོ་ན་མ་མོས་ཤིང་ཤེར་ཕྱིན་ཟབ་མོའི་ཆོས་ཀྱི་འཕོངས་པའི་རྒྱུ་གང་ཞེ་ན། བདུད་ཀྱི་གྲིབ་ཀྱིས་ནོན་ཞིང་བྱིན་གྱིས་བརླབས་
པ་དང༌། དེ་བཞིན་ཉིད་ལ་བདེན་པ་ཡོངས་གྲུབ་ཟབ་མོའི་ཆོས་ལ་ཡིད་མ་ཆེས་ཤིང་མ་མོས་པ་དང༌། ཕུང་པོ་ལ་སོགས་པ་ལ་བདེན་པའི་དངོས་པོར་མངོན་པར་ཞེན་པ་དང༌། སྡིག་པའི་གྲོགས་པོས་ཡོངས་སུ་ཟིན་པ་དང་བཞིའོ། །ལྔ་པ་སྒོམ་ལམ་གྱི་དག་པ་ལ་གསུམ། གཞི་འབྲས་ཀྱི་ཆོས་ཉིད་ངོ་བོ་གཅིག་པ་དེ་ཉིད་ཡེ་ནས་རང་བཞིན་གྱི་གློ་བུར་དྲི་མ་དག་ཚུལ། དེ་ལ་ཀླན་ཀ་སྤང་ཚུལ་ལོ། དང་པོ་ནི། འབྲས་བུ་མྱང་འདས་ཀྱི་ཆོས་ཉིད་རང་བཞིན་དག་པ་སྟེ། ཆོས་སོགས་རང་བཞིན་དག་པ་དེ་ཉིད་ཡིན་ཏེ། གང་གི་ཕྱིར་དེ། གཉིས་གཅིག་པའི་ཕྱིར་གཉིས་སུ་མེད་ཐ་དད་དུ་དབྱེ་བར་མི་ནུས་པའི་ཕྱིར། གཉིས་སུ་བྱར་མེད་བྱེ་བྲག་མེད་པའི་ཕྱིར་དངོས་པོ་མ་ཡིན་པ་མ་ཆུད་ཅིང་དྲག་པའི་ཕྱིར། ཐ་མི་དད་པའི་སྒོ་ནས། དེ་གཉིས་ཐ་དད་མ་ཡིན་ཞིང༌། བཅད་དུ་མེད་གཞོམ་དུ་མེད་བཤིག་ཏུ་མེད་པས། དེའི་ཕྱིར་དག་པའི་ཆོས་ཉིད་དེ་གཉིས་ངོ་བོ་གཅིག་པར་བརྗོད་ཅིང་བསྟན་ཏེ། གཉིས་པ་ལ། འཕགས་བཞིའི་ཆོས་ཉིད་དག་ཚུལ་དང༌། སྒོམ་ལམ་ཆུང་འབྲིང་སོགས་དགུའི་ཆོས་ཉིད་དག་ཚུལ་ལོ། །དང་པོ་ནི་སློབ་མ་རྒྱུན་ཞུགས་ནས། དགྲ་བཅོམ་བར་གྱི་ཆོས་ཉིད་དེར་རང་རང་གི་ངོ་སྐལ་གྱི་སྤང་བྱས་དག་པ་ཡིན་ཏེ། རང་རང་གི་ངོ་སྐལ་གྱི་སྤང་བྱའི་ཉོན་མོངས་ཉམས་ཤིང་མེད་པའི་ཕྱིར་རོ། །བསེ་རུ་རང་རྒྱལ་གྱི་ཆོས་ཉིད་དེ། རང་རང་གི་ངོ་སྐལ་གྱི་སྤང་བྱ་དག་པ་ཡིན་ཏེ། རང་རང་གི་ངོ་སྐལ་གྱི་སྤང་བྱ་ཉོན་མོངས་དང་ཤེས་
བྱའི་སྒྲིབ་པ་གཟུངས་རྟོག་ཉམས་ཤིང་སྤངས་པའི་ཕྱིར་རོ། །སར་གནས་ཀྱི་རྒྱལ་སྲས་ཀྱིས། ཆོས་ཉིད་དེ་རང་རང་གི་ངོ་སྐལ་གྱི་སྤངས་བྱས་དག་པ་ཡིན་ཏེ། རང་རང་གི་ངོ་སྐལ་གྱི་སྤང་བྱ་ལམ་གསུམ་གྱི་སྒྲིབ་པ་ཉམས་ཤིང་དག་པའི་ཕྱིར་རོ། །སངས་རྒྱས་ཀྱི་དེ་བཞིན་ཉིད་དུས་དང་རྣམ་པ་ཀུན་དུ་ཤིན་དུ་རྣམ་པར་དག་པ་མ་ཡིན་ཏེ། སྒྲིབ་གཉིས་བག་ཆགས་དང་བཅས་པ་བརྟེན་ནས་སྤངས་པའི་ཕྱིར་རོ། །གཉིས་པ་ནི། ཁམས་གསུམ་ས་དགུ་ལ་ནི། སྒོམ་སྤངས་ཆེན་པོའི་ཆེན་པོ་ལ་སོགས་པའི་དྲི་མ་གཉེན་པོ་ཆུང་ངུའི་ཆུང་ངུ་ལ་སོགས་པའི་སྒོམ་ལམ་གྱི་ཆོས་ཉིད་ནི་རང་རང་གི་ངོ་སྐལ་གྱི་སྤང་བྱའི་དྲི་མས་དག་པ་ཡིན་ཏེ། རང་རང་གི་སྤང་བྱའི་གཉེན་པོས་དག་ཅིང་གསལ་བའི་ཕྱིར་རོ། །གསུམ་པ་ཀླན་ཀ་སྤོང་ཚུལ་ནི། གལ་ཏེ་གཉེན་པོ་ཆུང་ངུས་སྤང་བྱ་ཆེན་པོ་དང༌། སྤང་བྱ་ཆུང་ངུ༌། གཉེན་པོ་ཆེན་པོས་སེལ་བར་མི་འོས་པའི་ཕྱིར་རོ། ཁམས་གཅིག་ན་ཡོད་པའི་གཉེན་པོས། ཁམས་སུམ་ཆར་གྱི་སྒྲིབ་པ་སེལ་པ་ཡང་མི་འཐད་པའི་ཕྱིར། སྒོམ་ལམ་དེ་དག་ནི་གང་ཞེ་ན། དྲི་མ་སེལ་ཚུལ་དང་གཉེན་པོར་གྱུར་ཚུལ་གཉིས་ཡོད་པ། དེ་ལ་སྐྱོན་བརྗོད་པའི་ལན་བཏབ་དགོས་པ། གླེན་དོགས་སྣང་བ་ཆུང་ངུས་མུན་པ་ཆེན་པོ་དང༌། མུན་པ་ཆུང་ངུ་ནི་སྣང་བ་ཆེན་པོས་སེལ་བ་ལ་སོགས་པའི་དཔེའི་སྤངས་པས་སྐྱོན་མེད་ལ། ཁམས་གཅིག་གཅིག་ན་ཡོད་པའི་ལམ་ནི་འཇལ་བྱེད་
ཡུལ་ཅན་གྱི་ཡེ་ཤེས་དང༌། གཞལ་བྱ་འོད་གསལ་ཆོས་ཀྱི་དབྱིངས་དང་ཡུལ་ཡུལ་ཅན་གཅིག་ཏུ་གྱུར་ཞིང་གཉིས་སུ་མེད་པར་མཉམ་པ་ཉིད་དུ་གོམས་པ་ཉིད་ཀྱི་ཁམས་གསུམ་ཆར་གྱི་སྒྲིབ་པ་སེལ་བའི་ཕྱིར། ཁམས་གསུམ་ཆར་གྱི་གཉེན་པོ་ཉིད་དུ་འདོད་ཅིང་བསྟན་པ་ཡིན་ནོ། །རྣམ་དག་ནི་ཐད་འདིར་གཞན་དག་གིས་ནི་གཞུང་དོན་སྒྲིབ་པའི་བཤད་པ་མང་པོ་བྱས་ཡོད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་གྱི་ཚིག་ལེའུར་བྱས་པའི་འགྲེལ་བ་མདོ་ལུགས་མ་ཞེས་བྱ་བ་ལས་སྐབས་གཉིས་པའི་འགྲེལ་བའོ།། །། ༈ གསུམ་པ་བླང་དོར་ཀུན་ཤེས་ཀྱི་ཡན་ལག་རྒྱས་པར་བཤད་པ་ལ། དངོས་དང༌། མཁྱེན་གསུམ་གྱི་དོན་བསྡུ་བ་གཉིས་སོ། །དང་པོ་ལ་ཀུན་ཤེས་ཀྱི་དངོས་པོ་དགུ་ཡོད་པས། སྲིད་ཞི་ལ་མི་གནས་ཚུལ། ཡུམ་ལ་ཉེ་རིང་གི་ཁྱད་པར། རིང་བའི་རྒྱུ་མི་མཐུན་ཕྱོགས་མཚན་འཛིན། དེའི་གཉེན་པོ་ཡུམ་ལ་ཉེ་བའི་ལམ། དེ་ལྟ་བུའི་ཤེར་ཕྱིན་གྱི་རྣལ་འབྱོར། སྦྱོར་བ་དེའི་ཕན་ཡོན། ཆོས་རྣམས་མཉམ་པ་ཉིད། ཀུན་ཤེས་མཐོང་ལམ་གང་ཡིན་བཤད་པ་དང་བདུན་ནོ། །དང་པོ་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྲིད་ཞི་དང་དུས་གསུམ་མཉམ་ཉིད་ཀྱི་ཤེར་ཕྱིན་ནི། ཟབ་ཟབ་ཚུ་རོལ་སྲིད་པའི་མཐའ་དང་ཕ་རོལ་ཞི་བའི་མཐའ་དང༌། སྲིད་ཞི་དེ་དག་གི་བར་ན་ཡང་རྟོགས་པ་དང་དམིགས་པའི་ཚུལ་གྱིས་མི་གནས་དེ། དུས་གསུམ་པོ་རྣམས་ཅིག་ཅར་གྱི་རྣམ་པ་
ཉིད་དུ་ཤེས་པའི་ཕྱིར། དེ་ནི་སྲིད་ཞི་དང་དུས་གསུམ་མཉམ་ཉིད་ཀྱི་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཡིན་པར་འདོད་ཅྀང་བསྟན་ཏོ། །གཉིས་པ་ནི། མིང་དང་མཚན་མ་ལ་ཆགས་པའི་བྱང་ཆུབ་སེམས་དཔའ་དེ་ནི་ཤེར་ཕྱིན་ལ་མཚན་མར་འཛིན་པའི་སྒོ་ནས་ཐབས་མི་མཁས་པས་དུས་གསུམ་མཉམ་པ་ཉིད་ཀྱི་ཤེར་ཕྱིན་དེ་རང་དུ་སྤོང་བ་ཡིན་ཏེ་ཤེར་ཕྱིན་དེའི་མི་མཐུན་ཕྱོགས་ལ་ཞུགས་པའི་ཕྱིར་རོ། །སྤྱིར་ཡང་མི་ཞེན་ཞིང་མི་རྟོག་པའི་ཚུལ་གྱིས་དུས་གསུམ་ཅིག་ཆར་དུ་ཤེས་པའི་བྱང་སེམས་དེ་ནི་སྲིད་ཞི་དང་དུས་གསུམ་མཉམ་ཉིད་དུ་ཤེས་པའི་ཕྱིར་དང༌། ཐབས་ལ་མཁས་པ་ཡིས་ཤེར་ཕྱིན་དེ་ཡང་དག་པར་ཉེ་བ་ཉིད་དུ་བཤད་དོ། །གསུམ་པ་ནི། མཚན་མ་དང་དམིགས་པ་ལ་ཞེན་པའི་ཚུལ་གྱིས་གཟུགས་སོགས་ཕུང་པོ་སྟོང་པ་ཉིད་བྱ་བར་འདུ་ཤེས་པ་དང༌། ཆགས་ཤིང་ཞེན་པའི་ཚུལ་གྱིས་དུས་གསུམ་དུ་རྟོག་པའི་ཆོས་རྣམས་ལ་འདས་པའི་ཆོས་དང་མ་འོངས་པའི་ཆོས་དང༌། ད་ལྟར་བྱུང་བའི་ཆོས་ཞེས་བྱ་བར་འདུ་ཤེས་པ་དང༌། དམིགས་པའི་ཚུལ་གྱིས་སྦྱིན་པ་དང༌། ཚུལ་ཁྲིམས་ལ་སོགས་པ་དང༌། དྲན་པ་ཉེར་བཞག་སོགས་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ལ་སྤྱོད་པའི་འདུ་ཤེས་ནི་ཆགས་ཞིང་ཞེན་པའི་སྒོ་ནས་འདུ་ཤེས་ཕྱིན་ཅི་ལོག་ཡིན་པའི། དུས་གསུམ་མཉམ་པ་ཉིད་ཀྱི་ཤེར་ཕྱིན་ཟབ་མོའི་མི་མཐུན་པའི་ཕྱོགས་ཡིན་ནོ། །བཞི་པ་དངོས་པོ་དང་སྤང་གཉེན་བསྡུ་བ་གཉིས་ལས་དང་པོ་ནི། འཁོར་གསུམ་དུ་
རྟོག་ཅིང་ཆགས་པས་ནི་ཆགས་པ་མེད་པའི་ཤེར་ཕྱིན་ལ་སྤོང་བར་མི་ནུས་པའི་ཕྱིར། སྦྱིན་དང་ཚུལ་ཁྲིམས་ལ་སོགས་པ་ལ་འཁོར་གསུམ་དུ་རྟོག་པ་ངར་འཛིན་ཞིང་ཆགས་པ་དང༌། གཞན་དུ་འཛིན་པ་སོགས་ཀྱི་ཆགས་པ་མེད་པ་ནི་ཆགས་པ་ཐམས་ཅད་ཀྱི་གཉེན་པོ་ཡིན་ནོ། །དེ་ཉིད་སྦྱིན་སོགས་ལ་དེ་ལྟར་སྤྱོད་ཅིང༌། གཞལ་བྱ་གཞན་དག་ཀྱང་འཁོར་གསུམ་དུ་རྣམ་པར་མི་རྟོག་པའི་སྦྱིན་སོགས་ཀྱི་སྤྱོད་པ་དེ་ལ་འཇུག་པར་བྱེད་པའི་བྱང་ཆུབ་སེམས་དཔའ་དེ་ནི་ཆགས་པའི་མཐའ་ཐམས་ཅད་འགོག་པར་བྱེད་པ་ཡིན་པས་ཆགས་པ་ཕྲ་ཞིང་ཕྲ་བ་ཡང་སྤོང་བ་ཡིན་ནོ། །ཆགས་པ་ཕྲ་མོ་དེ་གང་ཞེ་ན། ཇི་ཙམ་དུ་མཚན་མར་ཡིད་ལ་བྱེད་པ་དེ་ཙམ་དུ་ཆགས་པ་ཡིན་པའི་ཕྱིར། རྒྱལ་བ་སངས་རྒྱས་མཚན་མར་ཡིད་ལ་བྱས་པ་དང༌། སངས་རྒྱས་ཀྱི་དགེ་བ་མཚན་མར་ཡིད་ལ་བྱས་པ་དང་སངས་རྒྱས་དེ་དག་གི་ཉན་ཐོས་ཀྱི་དགེ་བ་ལ་སོགས་པ་མཚན་མར་ཡིད་ལ་བྱས་ནས་བྱང་ཆུབ་ཏུ་བསྔོ་བ་ནི་ཆགས་པ་ཕྲ་མོ་ཡིན་ནོ། །ཆགས་པ་དེ་ལྟ་བུས་ཀྱང་མ་གོས་པའི་ཕྱིར་ཤེར་ཕྱིན་དེ་ནི་ཟབ་པ་ཡིན་ནོ། །གང་གིས་ཕྱིར་ཆོས་ཀྱི་སྐུའི་ལམ་དུ་འགྱུར་བའི་ཆོས་ཐམས་ཅད་རང་བཞིན་གྱི་སྤོབས་པ་དང་ཆགས་པས་དབེན་པའི་ཕྱིར་ན་དུས་གསུམ་མཉམ་ཉིད་ཀྱི་ཤེར་ཕྱིན་ཟབ་པ་ཡིན་ནོ། །ཤེས་ལུགས་དོན་དམ་ཡོངས་གྲུབ་ཀྱི་ཆོས་རྣམས་འདུས་མ་བྱས་ཤིང་རང་བཞིན་འོད་གསལ་དུ་གཅིག་པ་ནི་མི་རྟོག་པའོ། །ཤེས་རབ་
ཀྱི་མངོན་སུམ་དུ་སོ་སོ་རང་རིག་པའི་ཡེ་ཤེས་ཀྱི་ཤེས་པས་ཆགས་པའི་རྣམ་པ་ཐམས་ཅད་སྤོང་བ་ཡིན་ནོ། །མཚན་འཛིན་གྱི་བློས་ཤེར་ཕྱིན་ནི་དེ་མཐོང་བ་དང༌། རྟོག་པ་དང་ཤེས་པ་ལ་སོགས་བཀག་པ་ཡིས། ཤེར་ཕྱིན་ཟབ་མོ་དེ་ནི་དམིགས་པ་ལ་ཆགས་པའི་གང་ཟག་གི་རྟོགས་པར་དཀའ་བར་བཤད་པ་ཡིན་ནོ། །རྟོག་པར་དཀའ་བ་ཙམ་དུ་མ་ཟད། མཚན་འཛིན་ཅན་གྱི་བསམ་པའི་ཡུལ་ལས་ཀྱང་འདས་ཏེ། མཚན་འཛིན་གྱི་བསྡུས་པའི་གཟུགས་དང༌། རྣམ་པར་ཤེས་པ་ལ་སོགས་པས་མི་ཤེས་པའི་ཕྱིར། ཤེར་ཕྱིན་ཟབ་མོ་དེ་ནི་དམིགས་པ་ཅན་གྱི་བསམ་གྱིས་མི་ཁྱབ་པར་འདོད་ཅིང་བསྟན་ཏོ། །གཉིས་པ་ནི། གོང་དུ་བཤད་པ་དེ་ལྟར་ཀུན་ཤེས་པ་ཉིད་ཀྱི་ལུགས་སོ། །སྐབས་ལ་དུས་གསུམ་མཉམ་པ་ཉིད་ཀྱི་ཤེར་ཕྱིན་དེའི་མི་མཐུན་པའི་ཕྱོགས་འཁོར་གསུམ་དུ་རྟོག་པའི་ཆགས་པ་དང༌། དེའི་གཉེན་པོ་འཁོར་གསུམ་དུ་རྣམ་པར་མི་རྟོག་པའི་ཤེས་རབ་ཡིན་ལུགས་ཀྱི་ཆོས་ཀྱི་རང་བཞིན་གཅིག་པར་ཤེས་པར་ཕྱོགས་དག་གིས་རྣམ་པར་དབྱེ་བ་མ་ལུས་པ་སྔར་ཇི་ལྟར་བཤད་པ་འདིར་མཐའ་དག་ཤེས་པར་བྱའོ། །ལྔ་པ་དེ་ལྟ་བུའི་ཤེར་ཕྱིན་གྱི་རྣལ་འབྱོར་ནི། གཟུགས་སོགས་སྙན་མི་སྙན་ལ་སོགས་པ་དང༌། སློབ་པའི་ཚེ་ཆོས་ཉིད་ཀྱི་གཟུགས་སོགས་མ་བརྗོད་པ་དང༌། མི་སློབ་པ་འབྲས་བུའི་ཚེ་རྫོགས་པ་དང༌། གཟུགས་སོགས་དེ་ལ་ཆགས་པ་དང༌། ཆགས་པ་མེད་པ་ཉིད་ལ་དམིགས་པའི་ཚུལ་གྱིས་སྤྱོད་
ཅིང་རྣལ་འབྱོར་དུ་བྱེད་པ་བཀག་པས། མི་དམིགས་པའི་ཚུལ་གྱིས་ཆོས་ཉིད་ཡོངས་གྲུབ་ཀྱི་གཟུགས་སོགས་རྣལ་འབྱོར་དུ་བྱེད་ཅིང་སྦྱོར་བ་དང་སྤྱོད་པ་ནི་ཤེར་ཕྱིན་ཟབ་མོའི་རྣལ་འབྱོར་དངོས་ཡིན་ནོ། །གཉིས་པ་བསྒོམ་བྱའི་ཤེར་ཕྱིན་ཆོས་དབྱིངས་བསྟན་དང་མ་བསྟན་པས་འཕེལ་འགྲིབ་ཏུ་མི་འགྱུར་བ་དང༌། གསུམ་པ་དེ་ལ་ལེགས་ཉེས་བརྗོད་པ་ལ། ཆགས་སྡང་གི་བྱེད་པ་པོ་མེད་པ་ཉིད་དང༌། བཞི་པ་ནམ་མཁའ་ལྟ་བུའི་ཤེར་ཕྱིན་དེ་བསྟན་པའི་ཚེ་མི་ཞུམ་པ་བྱ་དཀའ་བ་དང༌། ནམ་མཁའ་ལྟ་བུ་དེ་ལ་བརྩོན་པ་བྱ་དཀའ་བ་དང༌། ནམ་མཁའ་ལྟ་བུའི་བྱང་ཆུབ་ལས་མི་ཟློག་པ་བྱ་དཀའ་བ་སྟེ། བྱ་དཀའ་བ་གསུམ་པོ་དེ་ལ་བྱང་སེམས་སྦྱོར་ཞིང་གོ་ཆ་བསྒོས་པའོ། །ལྔ་པ་དེ་ལྟར་འདུས་པའི་དགེ་སློང་གཅིག་འདི་སྙམ་དུ་སྐྱེ་འགག་མེད་པའི་ཤེར་ཕྱིན་གང་ལ་བསླབ་ན། སྐལ་པ་ཇི་ལྟ་བ་བཞིན་དུ་འབྲས་བུ་ཐོབ་པར་འདུག་པས། ཚུལ་ཁྲིམས་ལ་སོགས་པའི་ཕུང་པོ་ལྔ་དང༌། རྒྱུན་ཞུགས་ལ་སོགས་པའི་འབྲས་བུ་བཞི་དང༌། དཀོན་མཆོག་གསུམ་དང༌། ཆོས་ཀྱི་འཁོར་ལོ་བསྐོར་བའི་འབྲས་བུ་ཡང་ཡོད་པའི་བཅོམ་ལྡན་འདས་མ་ཤེར་ཕྱིན་ལ་ཕྱག་འཚལ་ལོ། །སྙམ་དུ་འདོད་པ་དེ་དང་ནི། དྲུག་པ་ཤེར་ཕྱིན་དེ་ལ་གནས་པའི་བྱང་སེམས་བརྒྱ་བྱིན་ལ་སོགས་གང་ཟག་གཞན་གྱི་བསྲུང་བ་ལ་རག་ལས་པ་མ་ཡིན་ཏེ། རྒྱུ་གང་གིས་ཕྱིར་དང༌། དཻས་ཇི་ལྟར་ཞེ་ན། ཤེར་ཕྱིན་ལ་གནས་པ་དེ་ཉིད་ཆོས་རྣམས་སྒྱུ་མ་ལ་སོགས་པར་ཤེས་པས། དེ་ཉིད་དེའི་བསྲུང་བའི་
མཆོག་ཡིན་པའི་ཕྱིན་པའི་ཕྱིར་རོ། །བདུན་པ་ནི། སྒྱུ་མ་སྨིག་རྒྱུ་རྨི་ལམ་སྒྲ་བརྙན་མི་གཡོར་ཆུ་ཟླ་སྤྲུལ་པའི་སྣང་བ་རྣམ་པ་རྣམས་བདུན་ལ་བསྲུང་བ་དང༌། སྐྱོབས་པར་མི་ནུས་པ་དང་མི་དགོངས་པ་བཞིན་ཤེས་བྱེད་ཀྱི་དེས་བཀོད་པ་ཉིད་དོ། །དྲུག་པ་སྦྱོར་བའི་ཕན་ཡོན་ཆོས་རྣམས་མཉམ་པ་ཉིད་ནི་གཟུགས་སོགས་བྱེད་པའི་མཚན་ཉིད་ལ་སོགས་པའི་དངོས་པོར་རློམ་སེམས་མེད་པ་དང༌། གཟུགས་སོགས་བདག་གི་ཞེས་བྱ་བ་རྗེ་ཁོལ་གྱི་དངོས་པོར་རློམ་སེམས་མེད་པ་དང༌། གཟུགས་སོགས་ལ་ཞེས་བྱ་རྟེན་བརྟེན་པའི་དངོས་པོར་རློམ་སེམས་མེད་པ་དང༌། གཟུགས་སོགས་ཀྱི་མཚན་མར་ཞེས་པ་བརྡར་བརྟགས་པའི་དངོས་པོར་རློམ་སེམས་མེད་པ་སྟེ། རྣམ་པ་བཞི་པོ་དེ་ནི་སྦྱོར་བ་དེའི་ཕན་ཡོན་ཆོས་ཐམས་ཅད་རྨི་ལམ་ལ་སོགས་པ་ནས་སྤྲུལ་པ་ལྟ་བུར་མཉམ་པ་ཉིད་དུ་ཡོངས་སུ་ཤེས་པ་ཡིན་ནོ། །བདུན་པ་ཀུན་ཤེས་ཚུལ་མཐོང་བའི་ལམ་ལ་གཉིས། བདེན་བཞིའི་སྒོ་ནས་མདོར་བསྟན། སྐད་ཅིག་མའི་སྒོ་ནས་རྒྱས་བཤད། དང་པོ་ནི་སྡུག་བསྔལ་ལ་སོགས་པ་ཀུན་འབྱུང་དང་འགོག་པ་དང་ལམ་གྱི་བདེན་པ་བཞི་པོ་རེ་རེ་ལ་ཡང་ཆོས་ཤེས་པའི་བཟོད་པ་དང༌། ཆོས་ཤེས་པ་དང་རྗེས་སུ་ཤེས་པའི་བཟོད་པ་དང་རྗེས་སུ་ཤེས་པ་སྟེ་བཞི་བཞིའོ། །དེ་ལྟར་ཤེས་པའི་སྐད་ཅིག་བཞི་བཞི་བཅུ་དྲུག་གི་བདག་ཉིད་འདི་ཀུན་ཤེས་པ་ཉིད་ཀྱི་ལམ་རང་བཞིན་ལ། མཐོང་བའི་ལམ་ཡིན་ནོ། །
གཉིས་པ་ནི། སྡུག་བསྔལ་ལ་ཤེས་པའི་བཟོད་པ་ནི། ཡུལ་ཆོས་ཉིད་ཀྱི་གཟུགས་སོགས་རྟག་མི་རྟག་གི་སྤྲོས་པ་མ་ཡིན་པའི་ཕྱིར། ཡུལ་ཅན་སྡུག་བསྔལ་ཆོས་ཤེས་པའི་བཟོད་པ་རྟག་མི་རྟག་སོགས་ཀྱི་སྤྲོས་པ་དང་བྲལ་བའི་ཡེ་ཤེས་དང༌། ཡུལ་ཆོས་ཉིད་ཀྱི་གཟུགས་སོགས་དུས་གསུམ་གྱི་མཐའ་ལས་འདས་པའི་ཕྱིར་ཡུལ་ཅན་སྡུག་བསྔལ་ལ། ཆོས་ཤེས་པ་མཐའ་ལས་འདས་པའི་ཡེ་ཤེས་དང༌། ཡུལ་ཆོས་ཉིད་ཀྱི་གཟུགས་སོགས་ཤིན་ཏུ་རྣམ་པར་དག་པའི་ཕྱིར། ཡུལ་སྡུག་བསྔལ་ལ་རྗེས་སུ་ཤེས་པའི་བཟོད་པ་རྣམ་པར་དག་པའི་ཡེ་ཤེས་དང༌། ཡུལ་ཆོས་ཉིད་ཀྱི་གཟུགས་སོགས་མ་སྐྱེས་ཤིང་མ་འགག་པ་དང༌། ཉོན་མོངས་རྣམ་བྱང་སོགས་མེད་པའི་ཕྱིར་ཡུལ་ཅན་སྡུག་བསྔལ་ལ་རྗེས་སུ་ཤེས་པ་མ་སྐྱེས་པ། མ་འགག་པ་ལ་སོགས་པའི་ཡེ་ཤེས་ཏེ། དེ་ལྟར་སྡུག་བསྔལ་གྱི་བདེན་པའི་སྐད་ཅིག་མ་བཞིའོ། །ཡུལ་དོན་དམ་གྱི་གཟུགས་སོགས་ནམ་མཁའ་དང་འདྲ་བར་དག་པའི་ཕྱིར། ཡུལ་ཅན་ཀུན་འབྱུང་ལ་ཆོས་ཤེས་པའི་བཟོད་པ་ནམ་མཁའ་ལྟར་དག་པའི་ཡེ་ཤེས་དང༌། ཡུལ་དོན་དམ་གྱི་གཟུགས་སོགས་ཆགས་པ་སྤང་བའི་ཕྱིར། ཡུལ་ཀུན་འབྱུང་ལ་ཆོས་ཤེས་པ་ཆགས་པ་ཐམས་ཅད་སྤངས་པའི་ཡེ་ཤེས་དང༌། ཡུལ་དོན་དམ་གྱི་གཟུགས་
སོགས་གཟུང་དུ་མེད་པའི་ཕྱིར། ཡུལ་ཀུན་འབྱུང་ལ་རྗེས་སུ་ཤེས་པའི་བཟོད་པ་ཡོངས་སུ་འཛིན་པ་ཐམས་ཅད་ལས་གྲོལ་བའི་ཡེ་ཤེས་དང༌། ཡུལ་དོན་དམ་གྱི་གཟུགས་སོགས་ངོ་བོ་ཉིད་ཀྱི་བརྗོད་པའི་བདག་ཉིད་དུ་མེད་པའི་ཕྱིར། ཡུལ་ཅན་ཀུན་འབྱུང་ལ་རྗེས་སུ་ཤེས་པ་བརྗོད་པའི་ངོ་བོར་མེད་པའི་ཡེ་ཤེས་ཏེ། དེ་ལྟར་ཀུན་འབྱུང་གི་བདེན་པའི་སྐད་ཅིག་མ་བཞིའོ། །གང་གི་ཕྱིར། ཡུལ་འགོག་བདེན་ཟབ་མོ་དང་ཡུལ་འགོག་པ་ཆོས་ཤེས་པའི་བཟོད་པ་དག་ཚིག་ནི་སྤྱོད་ཡུལ་ལས་འདས་པ་དེའི་ཕྱིར། ཡུལ་དང་ཡུལ་ཅན་འདི་དག་གི་དོན་བརྗོད་པ་ཙམ་གྱིས་གཞན་གྱི་རྒྱུད་ལ་མངོན་སུམ་དུ་སྦྱིན་དུ་མེད་པ་དང༌། ཡུལ་འགོག་བདེན་ཟབ་མོ་དམིགས་སུ་མེད་པའི་ཕྱིར། ཡུལ་ཅན་འགོག་པ་ལ་ཆོས་ཤེས་པ་ཐམས་ཅད་མེད་པར་བྱེད་པའི་ཡེ་ཤེས་དང༌། ཡུལ་ཅན་འགོག་བདེན་ཟབ་མོ་ཤིན་ཏུ་རྣམ་པར་དག་པའི་ཕྱིར། ཡུལ་ཅན་འགོག་པ་ལ་རྗེས་སུ་ཤེས་པ་བཟོད་པ་ཤིན་ཏུ་རྣམ་པར་དག་པའི་ཡེ་ཤེས་དང༌། འགོག་པ་ལ་རྗེས་སུ་ཤེས་པ་ནི་མིག་གི་ནད་ལ་སོགས་པ་ནད་ཐམས་ཅད་སེལ་ཞིང་མི་འབྱུང་བའི་ཡེ་ཤེས་ནི། དེ་ལྟར་འགོག་པའི་བདེན་པའི་སྐད་ཅིག་མ་བཞིའོ། །ལམ་ལ་ཆོས་ཤེས་པའི་བཟོད་པ་ནི་ངན་སོང་ཆད་ཅིང༌། ལེགས་པ་ཐམས་ཅད་འབྱིན་པར་བྱེད་པའི་ཡེ་ཤེས་དང༌། ལམ་ལ་ཆོས་ཤེས་པ་ནི། ཤེར་ཕྱིན་རིན་པོ་ཆེ་མངོན་མཐོ་དང་ངེས་ལེགས་ཀྱི་འབྲས་བུ་ནི་མངོན་སུམ་དུ་བྱས་པ་ལ་ཡང་རྣམ་པར་མི་རྟོག་པའི་ཡེ་ཤེས་ཉིད་དང༌། ཡུལ་ཆོས་ཀྱི་དབྱིངས་མཚན་མ་དག་དང་མ་འབྲེལ་བའི་ཕྱིར། ཡུལ་ཅན་ལམ་ལ་རྗེས་སུ་ཤེས་པའི་བཟོད་པ་མཚན་མ་དག་དང་
མ་འབྲེལ་བའི་ཡེ་ཤེས་དང་ལམ་ལ་རྗེས་སུ་ཤེས་པ་ན་དངོས་པོ་བརྗོད་བྱ་དང་མིང་བརྗོད་བྱེད་དང་དེ་གཉིས་ལ་དམིགས་པའི་མཚན་འཛིན་གྱི་ཤེས་པ་སྐྱེ་བ་མེད་པའི་ཡེ་ཤེས་ཏེ། དེ་ལྟར་ལམ་གྱི་བདེན་པའི་སྐད་ཅིག་མ་བཞི། གཉིས་པ་ནི། སྔར་བཤད་པ་དེ་ལྟར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་འདི་དང་ཡང་ལམ་ཤེས་པ་ཉིད་འདི་དང་ཡང་ཐམས་ཅད་ཤེས་པ་ཉིད་འདི་ཡིན་ཏེ། མཁྱེན་པ་རྣམ་པ་གསུམ་པོ་ཡོངས་སུ་བསྟན་པ་འདིས་ནི་མཁྱེན་པའི་གནས་སྐབས་གསུམ་པོ་དག་ཀྱང་རྫོགས་པར་ཡོངས་སུ་བསྟན་པའི་ཕན་ཡོན་རྫོགས་སོ། །ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་ཅེས་བྱ་བའི་འགྲེལ་བ་མདོ་ལུགས་མ་ཞེས་བྱ་བ་ལས་སྐབས་གསུམ་པའི་འགྲེལ་པའོ།། །། ༈ གཉིས་པ་སློབ་བྱེད་སྦྱོར་བ་བཞིའི་ཡན་ལག་རྒྱས་པར་བཤད་པ་ལ། གཞི་མཁྱེན་གསུམ་གྱི་རྣམ་པ་ཀུན་བསྡུས་ནས་སྒོམ་པ། རྣམ་རྫོགས་སྦྱོར་བ་དང༌། དེ་རབ་ཏུ་གྱུར་པ་རྩེ་མོའི་སྦྱོར་བ་དང༌། དེ་གོ་རིམ་དུ་སྒོམ་པ་མཐར་གྱིས་པའི་སྦྱོར་བ་དང༌། དེ་སྒོམ་པ་མཐུན་པའི་སྐད་ཅིག་མའི་སྦྱོར་བའི་ཡན་ལག་རྒྱས་པར་བཤད་པའོ། །དང་པོ་ལ་ཡན་ལག་སོ་སོ་བ་བཅུ་ཐམ་པ་དང༌། ཀུན་ལ་ཁྱབ་པ་ཐབས་མཁས་བཤད་པའོ། །དང་པོ་སྒོམ་བྱ་རྣམས་རང་བཞིན་རྣམ་དག་དང༌། དེ་སྒོམ་བྱེད་སྦྱོར་བ་ཡུམ་གྱི་ཆོས་སྤྱོད་ཀྱི་ཡོན་ཏན་དེའི་མི་མཐུན་ཕྱོགས་སྐྱོ་སྔར་གྱི་རྣམ་པ་ཉིད་གློ་བུར་དྲི་བྲལ་གྱི་རྣམ་པའོ། །མཚན་ཉིད། ཐར་པ་ཆ་
མཐུན། ངེས་འབྱེད་ཆ་མཐུན་ཕྱིར་མི་ཟློག་པའི་ཚུལ། སྲིད་ཞི་མཉམ་ཉིད། ཞིང་དག་བཤད་པའོ། །དང་པོ་ལ་མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དང་པོ་ནི། དེས་ན་གཞི་ཤེས་པའི་བྱེ་བྲག་རྣམས་ཞེས་སོགས་ཀྱི་དོན་ནི། སློབ་པ་ལམ་གྱི་གནས་སྐབས་དང་མ་འདྲེས་པ། གཞི་ཤེར་ཕྱིན་གྱི་བྱེ་བྲག་རྣམས་སྟོན་པ་ལ་འདིར་རྣམ་པར་པ་ཞེས་བྱ་བའི་མིང་གི་བྱེ་བྲག་དེ་རྣམས་ཀྱི་མཚན་ཉིད་ངོ་བོ་བསྟན་ཏོ། །དེ་རྣམས་ཀྱང་ཀུན་མཁྱེན་པ་ཉིད་ནི་རྣམ་པ་གསུམ་དུ་ཕྱེ་བའི་ཕྱིར་རྣམ་པ་དེ་རྣམས་ནི་མཁྱེན་པའི་རྣམ་པ་ཚན་པ་གསུམ་དུ་འདོད་ཅིང་སྟོན་ནོ། །གཉིས་པ་རྒྱས་པར་བཤད་པ་ལ་མཁྱེན་གསུམ་ལས། དང་པོ་ཐམས་ཅད་ཤེས་པ་ཉིད་ཀྱི་རྣམ་པ་ཉེར་བདུན་ནི་ཀུན་ཤེས་པ་ལ། མེད་པའི་རྣམ་པ་མཉམ་ཉིད་དང༌། །དེན་དང་མཐུན་མེད་སྡུག་བསྔལ་བཞི། ། གནས་མེད་ནམ་མཁའ་བརྗོད་མེད་དང༌། །མིང་གཞི་མིང་མེད་ཀུན་འབྱུང་བཞི། ། འགྲོ་མེད་མི་འཕྲོག་སྐད་ཅིག་མེད། །སྐྱེ་མེད་འགོག་པའི་རྣམ་པ་བཞི། །བྱར་མེད་འཕོ་མེད་ཤེས་མེད་དང༌། །འཇིགས་མེད་རྨི་ལམ་སྒྲ་བརྙན་དང༌། །མིག་ཡོར་སྨིག་རྒྱུ་སྒྱུ་མའི་ངང༌། །རྨོངས་དང་ཉོན་མོངས་རྣམ་བྱང་མེད། །དམིགས་མེད་སྤྲོས་མེད་རློམ་སེམས་མེད། །མི་གཡོ་ལམ་གྱི་བཅོ་ལྔའོ། །གཉིས་པ་ལམ་ཤེས་པ་ཉིད་ཀྱི་རྣམ་པ་སོ་དྲུག་ནི། ལམ་ཤེས་ཀྱི་རྣམ་པ་སོ་དྲུག་གི་སྡོམ་ནི། འདོད་ཆགས་བྲལ་དང་ཀུན་ལྡང་མེད། །ཞི་དང་ཆགས་དང་ཞེ་
སྡང་མེད། །རྨོངས་དང་ཉོན་མོངས་སེམས་ཅན་མེད། །འདི་དག་ཀུན་འབྱུང་རྣམ་པ་བརྒྱད། །ལམ་གྱི་རྣམ་པ་བདུན་ནི། སྤངས་དང་མི་འགྱུར་ཐ་མི་དད། །ཉམས་མེད་རྟོགས་མེད་ཚད་མེད་པ། །ནམ་མཁའི་ཕ་རོལ་ཕྱིན་ཏེ་བདུན། །སྡུག་བསྔལ་བདེན་པའི་རྣམ་པ་ལྔ་ནི། མ་རིག་སྡུག་བསྔལ་བདེན་མེད་སྟོང༌། །མཚན་ཉིད་མེད་དེ་རྣམ་ལྔའོ། །འགོག་བདེན་རྣམ་པ་བཅུ་དྲུག་ནི། །སྟོང་ཉིད་བཅུ་དྲུག་དམིགས་མེད་པའོ། །བརྒྱད་ནི་རྒྱུ་ཀུན་འབྱུང་གི་རྣམ་པའོ། །བདུན་ནི་ལམ་གྱི་རྣམ་པའོ། །ལྔ་ནི་སྡུག་བསྔལ་གྱི་རྣམ་པའོ། །བཅུ་དྲུག་ནི་འགོག་པའི་རྣམ་པར་གྲགས་སོ། །གསུམ་པ་རྣམ་མཁྱེན་གྱི་རྣམ་པ་བརྒྱ་དང་བརྒྱད་ནི། དྲན་པ་ཉེར་བཞག་ནས་བཟུང་སྟེ་སངས་རྒྱས་ཀྱི་རྣམ་པའི་མཐར་ཐུག་པ་རྣམས་ཀྱི་བདེན་པའི་རྗེས་སུ་མཐུན་པར། ཀུན་མཁྱེན་གསུམ་དུ་ཕྱེ་བས་ན། དང་པོ་སློབ་མ་ཀུན་ཤེས་ཀྱི་རྣམ་པ་དང༌། རྗེས་སུ་མཐུན་པ་ཡུམ་ཤེར་ཕྱིན་ཆོས་དབྱིངས་ཀྱི་རྣམ་པ་སུམ་ཅུ་སོ་བདུན་ནི། བྱང་ཕྱོགས་སོ་བདུན་ཀུན་ཤེས་སོ། །གཉིས་པ་བྱང་སེམས་ཀྱི་ལམ་ཤེས་པ་ཉིད་རྣམ་པ་དང་རྗེས་སུ་མཐུན་པ། ཡུམ་ཤེར་ཕྱིན་ཆོས་དབྱིངས་ཀྱི་རྣམ་པ་སུམ་ཅུ་བཞི་ནི། རྣམ་ཐར་སྒོ་གསུམ་རྣམ་ཐར་བརྒྱད། །སྙོམས་འཇུག་དགུ་དང་བདེན་པ་བཞི། །ཕར་ཕྱིན་བཅུ་སྟེ་ལམ་ཤེས་སོ། །དེ་ལྟར་སུམ་ཅུ་རྩ་བཞིའོ། ། གསུམ་པ་སངས་རྒྱས་ཀྱི་རྣམ་མཁྱེན་གྱི་རྣམ་པ་དང༌། རྗེས་སུ་མཐུན་པ་ཡུམ་
ཤེར་ཕྱིན་ཆོས་དབྱིངས་ཀྱི་རྣམ་པ་སོ་དགུ་ནི། སྟོབས་བཅུ་མི་འཇིགས་སོར་རིག་བཞི། །མ་འདྲེས་བཅོ་བརྒྱད་དེ་བཞིན་གཤེགས། །རང་བྱུང་སངས་རྒྱས་རྣམ་མཁྱེན་ནོ། །དེ་ལྟར་ན་སུམ་ཅུ་རྩ་དགུ་དག་ཏུ་བཞེད་དོ། །ད་ནི་གཉིས་པ་རྣམ་བརྒྱ་དོན་གསུམ་པོ་ཀུན་མངོན་པར་རྫོགས་པར་རྟོག་པའི་རྣལ་འབྱོར་ཉིད་སྟོན་ཏེ། དེ་ལ་གཉིས། སྒོམ་པ་པོ་གང་ཟག་གི་ཁྱད་པར་དང༌། སྒོམ་བྱ་སྦྱོར་བའི་ཁྱད་པར་རོ། །དང་པོ་ནི། སྔོན་གྱི་སངས་རྒྱས་རྣམས་ལ་ལྷག་པར་བསྙེན་བཀུར་བྱས་པ་དང༌། སངས་རྒྱས་དེ་དག་ལས། དགེ་བའི་རྩ་བ་ཀུན་བསྐྲུན་ཞིང་བསྐྱེད་པ་དང༌། དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་ཟིན་པའི་སྒོ་ནས་མགོན་དང་བཅས་པ་ནི། ཤེར་ཕྱིན་ཟབ་མོ་འདི་ཉན་པའི་སྣོད་ལྡན་གྱི་གང་ཟག་ཡིན་ནོ། །ཤེར་ཕྱིན་ཐོས་པས་མི་སྐྲག་ཅིང་སྣོད་དུ་རུང་བའི་རྒྱུ་གང་ཞེ་ན། སྔོན་གྱི་སངས་རྒྱས་རྣམས་དགེ་བའི་བཤེས་གཉེན་དུ་བསྟེན་པ་དང༌། དེ་དག་ལ་ནི་ཤེར་ཕྱིན་གྱི་དོན་ཀུན་མ་ཤེས་པར་མི་འདྲི་ཞིང་ཞུས་པའི་སྒོ་ནས་ཤེས་པ་དང༌། བསྐལ་པ་མངོན་པར་སྦྱིན་པ་དང་སྦྱིན་པ་ལ་སོགས་པ་ཕར་ཕྱིན་རྣམས་ལ་སྔར་སྤྱད་པའི་རྒྱུས་དེ་ལྟ་མི་བཀྲན་ཅིང་དད་པས་དང་དུ་ལེན་པ་དང༌། ཚིག་དོན་འཛིན་པ་དང༌། ལས་སོགས་པ་དོན་ཁོང་དུ་ཆུད་པར་བྱེད་པ་དང་སྒོམ་པའི་སྣོད་དུ་རུང་བར་དམ་པ་སངས་རྒྱས་ལ་སོགས་པ་རྣམས་བཞེད་དོ། །གཉིས་པ་སྒོམ་བྱ་སྦྱོར་བའི་ཁྱད་པར་ནི། དེས་ན་འདིར་དོན་ཚན་
དགུ་བསྟན་པ་ཡིན་ཏེ། ཇི་ལྟར་གཟུགས་ལ་སོགས་པ་མི་གནས་ཞེས་སོགས་རྐང་པ་གཉིས་ཀྱི་སྦྱོར་བའི་ངོ་བོ་གཅིག་པ་དང༌། དེའི་དེ་བཞིན་ཞེས་སོགས་རྐང་པ་གསུམ་གྱིས་སྒོམ་བྱ་རྣམ་པ་ཤེར་ཕྱིན་དེ་ཟབ་པ་དང༌། གཏིང་དཔག་དཀའ་བ་དང༌། ཚད་མེད་པ་དང༌། ཚེགས་ཆེན་ཞེས་པ་རྐང་པ་གཅིག་ནི་ཤེར་ཕྱིན་ཟབ་མོ་སྣོད་མིན་ལ་བསྟན་པའི་ཉེས་དམིགས་དང་ལུང་བསྟན་ཞེས་པ་ནས་གཞན་དོན་ཞེས་པའི་བར་གྱི་སྣོད་ལྡན་གྱི་ཉམས་སུ་བླང་པའི་ཕན་ཡོན་དང༌། འཕེལ་མེད་ནས་མི་མཐོང་གི་བར་གྱི་ཤེར་ཕྱིན་སྒོམ་པ་ཡོངས་སུ་རྫོགས་པར་བྱེད་པའི་ཚད་དང་གཟུགས་སོགས་ནས་རྣམ་པར་མི་རྟོག་གི་བར་གྱི་ཡུལ་ཅན་དང་པོ་ནས་ཕྱིན་དྲུག་ལ་སྤྱོད་པའི་རྟགས་དང༌། འབྲས་བུ་རིན་ཆེན་སྦྱིན་བྱེད་ཀྱི་ཤེར་ཕྱིན་དེ་འབྲས་བུ་སངས་རྒྱས་ཀྱི་ཆོས་རིན་པོ་ཆེ་སྦྱིན་པར་བྱེད་པ་དང༌། དེ་ནི་དག་པ་ཞེས་པའི་ཤེར་ཕྱིན་དེ་ཆོས་དག་པ་ཐམས་ཅད་ཀྱི་ཕུང་པོ་ཡིན་པ་དང༌། མཚམས་དང་བཅས་ཞེས་པས། ཤེར་ཕྱིན་ལ་ཆོས་སྤྱོད་ཀྱི་རིམ་པ་འདྲི་བ་ལ་སོགས་པའི་དུས་མཚམས་རྣམ་པ་བསྟན་པ་ཡིན་ནོ། །གཉིས་པ་ལ་དགུ་ལས། དང་པོ་ནི་དམིགས་པའི་ཚུལ་གྱི་གཟུགས་ལ་སོགས་པ་ཆོས་ལ་ཡང་མི་གནས་པའི་ཕྱིར་དང༌། མཚན་མ་དང་རྣམ་རྟོག་ནི་རང་གི་སྒྲུབ་པ་ལ་སྦྱོར་བ་ཡང་དཀོན་པའི་ཕྱིར། བྱང་སེམས་ཀྱི་ལམ་ཤེས་ཤེར་ཕྱིན་ཟབ་མོའི་རྣལ་འབྱོར་རོ། །གཉིས་པ་ནི་གཟུགས་སོགས་དེའི་རང་བཞིན་ཟབ་པའི་ཕྱིར་ཤེར་ཕྱིན་ཟབ་པ་དང༌། ཆོས་ཉིད་ཀྱི་
གཟུགས་སོགས་དེ་རྣམས་གཏིང་དཔག་དཀའ་བའི་ཕྱིར། ཤེར་ཕྱིན་དེའི་གཏིང་དཀའ་བ་དང༌། ཆོས་ཉིད་ཀྱི་གཟུགས་སོགས་དེ་དག་ཚད་མེད་པའི་ཕྱིར་ཤེར་ཕྱིན་ཚད་མེད་པ་ཡིན་ནོ། །གསུམ་པ་ནི། ཤེར་ཕྱིན་འདི་སྣོད་མིན་ལ་བཤད་པར་མི་བྱ་སྟེ། བཤད་ན་སྐྲག་ཅིང་མ་དད་པས་ཆོས་སྤང་གི་ལས་བསགས་པའི་རྒྱུས་ཕྱིས་ཚེགས་ཆེན་པོས་ཀྱང་བྱང་ཆུབ་ཡུན་རིང་པོར་རྟོགས་པར་དཀའ་བའི་ཕྱིར། བཞི་པ་ནི་སྣོད་ལྡན་སངས་རྒྱས་རྣམས་ལ་ལྷག་པར་བྱ་བ་བྱས་པའི་བྱང་སེམས་ནི། བྱང་ཆུབ་ཏུ་ལུང་བསྟན་པར་འགྱུར་བ་དང༌། ཤེར་ཕྱིན་འདི་ལ་དད་ཅིང་དེ་བཞིན་ཉིད་དུ་ནན་ཏན་བྱེད་པ་དེ་བླ་མེད་བྱང་ཆུབ་ལས་ཕྱིར་མི་ལྡོག་པ་ཉིད་དང༌། ཤེར་ཕྱིན་ལ་དད་ཅིང་སློབ་པ་དེ་འཁོར་བའི་འབྲོག་དགོན་པ་ནས་ངེས་པར་འབྱུང་ཞིང་ས་གཉིས་ཀྱི་བར་ཆད་མེད་པ་དང་བཅས་པར་འཚང་རྒྱ་བར་འགྱུར་བ་དང༌། དཔྱིད་ཀྱི་དཔེས་དགེ་བ་སྨིན་ཞིང་ཤེར་ཕྱིན་ལ་སློབ་པ་དེ་བླ་མེད་བྱང་ཆུབ་ཏུ་ཉེ་བར་འགྱུར་བ་དང༌། སྦྲུམ་མ་མྱུར་དུ་བཙའ་བའི་དཔེས། ཤེར་ཕྱིན་ལ་རབ་ཏུ་དད་ཅིང་སློབ་པ་དེ་མྱུར་བར་བྱང་ཆུབ་ཏུ་ལུང་བསྟན་པར་འགྱུར་བ་དང༌། དེ་ལྟར་ཤེར་ཕྱིན་ལ་སློབ་ཅིང་བྱང་སེམས་ཀྱི་སྤྱད་པ་སྤྱོད་པའི་ཚེ་བསྡུ་བ་བཞི་ཡིས་སེམས་ཅན་གཞན་གྱི་དོན་རྒྱ་ཆེན་པོ་བྱེད་པའོ། །ལྔ་པ་ནི། གཟུགས་སོགས་ཀྱི་འཕེལ་བ་མཐོང་བ་མེད་པ་དང༌། འགྲིབ་པ་མཐོང་བ་མེད་པ་དེའི་ཚེ་ཤེར་ཕྱིན་སྒོམ་པ་ཡོངས་སུ་རྫོགས་པར་འགྱུར་བའི་
ཕྱིར་དང༌། ཆོས་དང་ཆོས་མིན་པ་དང༌། དུས་གསུམ་ལ་སོགས་པའི་དངོས་པོ་ཐམས་ཅད་མི་མཐོང་བ་དང༌། གཟུགས་སོགས་བསམ་མི་ཁྱབ་པར་བཏགས་པ་ཐམས་ཅད་ཀྱང་མི་མཐོང་བ་དེའི་ཚེ། ཤེར་ཕྱིན་རྫོགས་པར་བྱེད་པའོ། །དྲུག་པ་ནི། བྱང་སེམས་ཡུན་རིང་པོ་ནས་ཕྱིན་དྲུག་ལ་སྤྱད་ཅིང་དགེ་བའི་བཤེས་གཉེན་གྱིས་ཟིན་པའི་རྟགས་ནི། གཟུགས་སོགས་གཞན་དབང་དེའི་མཚན་མ་ཀུན་བརྟགས་དང༌། གཟུགས་སོགས་དེའི་ངོ་བོ་ཡོངས་གྲུབ་ལ་དངོས་པོ་མི་རྟོགས་ཅིང་རྗེས་སུ་རྣམ་པར་མི་རྟོགས་པ་ཡིན་ནོ། །བདུན་པ་ནི་ཤེར་ཕྱིན་ནི་འདོད་དགུ་ཐམས་ཅད་འབྱུང་བའི་འབྲས་བུའི་ཆོས། རིན་པོ་ཆེ་དགེ་བ་བཅུ་དང་ལྡན་པ་ལ་སོགས་པ་དང༌། དྲན་པ་ཉེར་བཞག་ནས་རྣམ་མཁྱེན་གྱི་བར་བྱང་སེམས་ལ་སྒྲུབ་ཅིང་སྦྱིན་པར་བྱེད་པ་དང༌། བརྒྱད་པ་ནི་དོན་དམ་གྱི་ཆོས་གཟུགས་སོགས་ཆོས་ཐམས་ཅད་དག་པའི་སླད་དུ་ཤེར་ཕྱིན་དེ་ནི་དག་པའི་ཕུང་པོའོ། །དགུ་པ་ནི། ཤེར་ཕྱིན་འགྲིབ་ལ་སོགས་པ་མྱུར་དུ་བྱ་བ་དང༌། ཤེར་ཕྱིན་གྱི་ཆོས་སྤྱོད་ཀྱི་དུས་མཚམས་ངེས་པ་དང་བཅས་པ་མདོ་ལས་གསུངས་སོ། །གསུམ་པ་ཡུམ་གྱི་ཆོས་སྤྱོད་ཀྱི་ཡོན་ཏན་ནི་བདུད་ཀྱི་མཐུ་བཅོམ་པས་ཆོས་སྤྱོད་ལ་བར་ཆད་མེད་པ་དང་ལ་སོགས་པའི་སྡོམ་ནི། བཅོམ་དང་དགོངས་དང་སྤྱན་གཟིགས་དང༌། །ཉེ་དང་མི་ལྡོག་སངས་རྒྱས་དང༌། །ཟག་མེད་རྣམས་དང་མི་འབྲེལ་དང༌། །སྤོང་དགེས་ཡོངས་རྫོགས་སྤྲོ་བ་དང༌། །བརྟེན་དང་དགོངས་དང་རྣམ་སྨིན་འབྲས། །སེམས་ཅན་དོན་སྟེ་བཅུ་བཞིའོ། །བཞི་པ་ཐེག་
པ་ལ་གསར་དུ་ཞུགས་པ་ཆོས་ཀྱི་རོ་མ་མྱོང་བས་ཡུམ་གྱི་ཆོས་སྤྱོད་ལ་བར་ཆད་ཀྱི་སྐྱོན་འབྱུང་བ་ནི། བཅུ་ཚན་མོའི་[མཚམས་འདི་ནས་མ་དཔེ་ལྡེབ་མ་གཅིག་མ་ཡིག་ལ་ཆད། དཔེ་ཁྲོད་ནས་མ་སྙེད་ཅེས་མ་ཡིག་སོགས་ལ་མཆན།]མོའི་དེ་ནི་སྒྲོ་འདོགས་དང༌། བསྐུལ་བའི་མཐའ་ལས་གྲོལ་བ་ཉིད་དོ། །གཉིས་པ་ནི། དེས་ན་ངེས་འབྱེད་ཡན་ལག་གི་གནས་སྐབས་ཉིད་ནས་ཟབ་མོ་དེ་དག་ལ་ཡང་ནས་ཡང་དུ་སེམས་པ་དང༌། མཐོང་ལམ་གྱི་གནས་སྐབས་སུ་ཟབ་མོ་དེ་དག་ཉིད་ལ་ཡང་དང་ཡང་དུ་འཇལ་བ་དང༌། སྒོམ་ལམ་གྱི་གནས་སྐབས་སུ་ཟབ་མོ་དེ་དག་ཉིད་ལ་ཡང་ཡང་དུ་ངེས་པར་རྟོགས་པར་བྱེད་པ་ནི། གནས་སྐབས་དེ་དག་ཏུ་ཚུལ་ཇི་ལྟར་སྒོམ་ན་དེ་ལྟར་སྒོམ་པའི་ལམ་ཡིན་ནོ། །གསུམ་པ་ནི། བརྟག་གཉིས་ལས། ཆུ་བོའི་རྒྱུན་ནི་རབ་འབབ་དང་ཞེས་སོགས་གསུངས་པ་ལྟར། སྒོམ་པའི་ལམ་དེ་ནི་བྱང་ཆུབ་མ་ཐོབ་ཀྱི་བར་དུ་རྒྱུན་ཆགས་སུ་སྒོམ་པ་ཡིན་པའི་ཕྱིར། རྒྱུན་གཅིག་པོ་དེ་ཉིད་ཆུང་ངུ་དང༌། འབྲིང་དང་ཆེན་པོ་གསུམ་དུ་ཕྱེ་བ་རྣམས་ཀྱང་ཆུང་ངུའི་ཆུང་ངུ་དང༌། འབྲིང་དང་ཆེན་པོ་གསུམ་དུ་ཕྱེ་བ་རྣམས་ཀྱང་ཆུང་ངུའི་ཆུང་ངུ་དང༌། ཆུང་ངུའི་འབྲིང་དང༌། ཆུང་ངུའི་ཆེན་པོ་ལ་སོགས་པ་རེ་རེ་ཡང་གསུམ་གསུམ་དུ་དབྱེ་བའི་རྣམ་པས་སྒོམ་ལམ་རྣམ་པ་དགུར་བཅོམ་ལྡན་འདས་ཀྱི་བཞེད་པའི་དགོངས་པ་ཉིད་དོ། །བཞི་པ་ནི། དོན་དམ་པ་སྟོང་པ་ཉིད་ཟབ་མོ་དབྱིངས་ནི་གྲངས་མེད་པའི་དོན་ཡང་དེ་ཡིན་ནོ། ། དཔག་ཏུ་མེད་པའི་དོན་ཡང་དེ་ཡིན། ཚད་མེད་པའི་དོན་ཡང་དེ་ཡིན་པས། གྲངས་མེད་སོགས་མདོ་ལས་
བསྟན་པ་རྣམས་སོ། །དོན་དམ་པ་ནས་སྟོང་ཉིད་ཟབ་མོའི་དོན་དེ་ཁོ་ན་ཉིད་དུ་གཅིག་པ་ལ་ནི་ཐ་དད་དུ་དབྱེ་བར་བཟོད་པ་མ་ཡིན་ཏེ། བརྗོད་དུ་མེད་པའི་ཕྱིར་རོ། །ཀུན་རྫོབ་ཏུ་འདུས་མ་བྱས་འདུས་མ་བྱས་བསྒྲང་བར་མི་ནུས་པ་ནི་གྲངས་མེད་པ་དང༌། དུས་གསུམ་གྱི་ཆོས་རྣམས་ཚད་མི་དམིགས་པ་ནི་དཔག་ཏུ་མེད་པ་དང༌། གཞལ་བར་མ་ནུས་པ་ནི་ཚད་མེད་པའོ། །སེམས་ཅན་ལ་ཕན་པ་ཐུགས་བརྩེ་བ་ཆེན་པོའི་འབྲས་བུ་ཡིན་པའི་ཕྱིར། དེ་བཞིན་གཤེགས་པའི་ཐུགས་བརྩེ་བ་ཆེན་པོའི་རྒྱུ་མཐུན་རྒྱུད་དང་འདྲ་བའི་འབྲས་བུ་གྲངས་མེད་ལ་སོགས་ཐ་དད་དུ་ཕྱེ་ནས་བསྟན་པ་དེ་དག་ཐུབ་པ་བཞེད་དོ། །ལྔ་པ་ལ། ཞུས་ལེན་གཉིས་ལས། དང་པོ་ནི། རྣམ་མཁྱེན་མེད་ན་སུ་ཞིག་འཚང་རྒྱ་བར་འགྱུར་ཞེས་ཞུས་པ་ནི། སྟོང་ཉིད་ཟབ་མོ་རང་དངོས་པོར་བརྗོད་དུ་མེད་ཅིང་མ་གྲུབ་པ་ལ་ཆོས་ནག་པོའི་དབང་གིས་ཉམས་པ་དང་ནི། དཀར་པོའི་དབང་གིས་འཕེལ་བར་ཡང་མི་རུང་བས། དེས་གཟུང་བའི་སྦྱིན་སོགས་ཡང་འཕེལ་འགྲིབ་མེད་ན་འོ་ན་སྟོང་ཉིད་དེ་སྒོམ་པ་ཞེས་བྱ་བའི་ལམ་གྱིས་ནི་སྤངས་བྱ་ཅི་ཞིག་ཉམས་ཤིང་གཉེན་པོ་ཅི་ཞིག་འཕེལ་བའི་སྒོ་ནས་བླ་མེད་བྱང་ཆུབ་ཅི་ཞིག་འཐོབ་ཅེས་ཞུ་བ་དང༌། གཉིས་པ་དེའི་ལན་ནི། འདིའི་བསྔོ་བ་ནི་སྒོམ་ལམ་གྱི་ངོ་བོ་ཡིན་པའི་ཕྱིར་ཐབས་མཁས་པས་རྨི་ལམ་ལྟ་བུའི་དེ་དག་བྱང་ཆུབ་ཇི་ལྟ་བ་དེ་བཞིན་དུ་བསྔོ་བའི་སྒོམ་ལམ་དེ་ནི་འདོད་པའི་དོན་གྱི་མཆོག་བླ་མེད་བྱང་ཆུབ་སྒྲུབ་ཅིང་ཐོབ་པར་བྱེད་པ་ཡིན་ནོ། །བྱང་ཆུབ་ཇི་ལྟ་བུ་ཞེ་ན་བྱང་ཆུབ་
ནི་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ཀྱི་མཚན་ཉིད་དེ་ངོ་བོ་ཡིན་ཞིང༌། དེ་བཞིན་ཉིད་དེ་ཡང་བྱང་ཆུབ་དེའི་མཚན་ཉིད་དོ་ངོ་བོ་ཡིན་པར་བཅོམ་ལྡན་འདས་ཀྱིས་བཞེད་དོ། །དྲུག་པ་ཟབ་མོའི་ཆོས་ཉིད་བཤད་པ་ལ་ཞུས་ལེན་གཉིས་ལས། དང་པོ་ནི། སེམས་བསྐྱེད་པ་དང་པོ་ནི་ཕྱི་མ་དང་མི་འགྲོགས། ཕྱི་མ་ནི་སྔ་མ་དང་མི་འགྲོགས་ལ། མ་འགྲོགས་ན་དགེ་བའི་ཚོགས་སུ་མི་འགྱུར་ཞིང༌། དགེ་བ་མ་བསགས་ན་བྱང་ཆུབ་ཐོབ་པར་མི་ནུས་སོ། །སེམས་བསྐྱེད་པ་རེ་རེའི་སྒོ་ནས་ཀྱང་སེམས་བསྐྱེད་པ་སྔ་མ་གཅིག་པུས་བྱང་ཆུབ་ཐོབ་པར་རིགས་པ་མིན་ཞིང༌། སེམས་བསྐྱེད་པ་ཕྱི་མ་གཅིག་པུས་ཀྱང་ཐོབ་པར་རིགས་པ་མ་ཡིན་ནོ། །ཞེས་ཞུས་པ་དང༌། གཉིས་པ་དེའི་ལན་ལ། དཔེའི་སྒོ་ནས་མདོར་བསྟན་པ་དང༌། དོན་གྱི་སྒོ་ནས་རྒྱས་པར་བཤད་པའོ། །དང་པོ་ནི། མེ་ལྕེ་སྐད་ཅིག་ལྷན་དུ་མི་འགྲོགས་ཤིང༌། མེ་ལྕེ་ཕྲད་པ་དང་པོ་གཅིག་པུས་ཀྱང༌། སྙིང་པོ་མ་ཚིག་ཕྱི་མ་གཅིག་པུས་ཀྱང༌། མི་ཚིག་ཕྲད་པ་སྔ་ཕྱི་ལ་མ་བརྟེན་པར་ཡང་མ་ཚིག་ཀྱང༌། འོན་ཀྱང་སྙིང་པོ་དེ་ཚིག་ཅེས་བྱ་མར་མེ་འཕྲད་པའི་སྐད་ཅིག་གིས། སྙིང་པོ་ཚིག་པ་ཟབ་པའི་དཔེས་ཚུལ་གྱིས། སེམས་བསྐྱེད་པ་སྔ་ཕྱི་བག་ཆགས་བཏུད་པས་བྱང་ཆུབ་ཐོབ་པར་བྱེད་པའི་རྟེན་འབྲེལ་ཟབ་མོ་ནི། ཟབ་མོའི་ཆོས་ཉིད་རྣམ་པ་བརྒྱད་ཀྱིས་སྟོན་ཏོ། ། གཉིས་པ་ནི། སེམས་བསྐྱེད་པ་སྔ་མ་འགགས་པ་ནི་ཕྱིས་མི་སྐྱེ་ཡང་སྔ་མ་འགགས་པ་ལ་བརྟེན་ནས་སེམས་
བསྐྱེད་པ་ཕྱི་མ་སྐྱེ་བ་ཟབ་པ་དང༌། འགག་པ་འགག་པ་ལ་འགག་པ་གཉིས་པ་མེད་པས་འགག་པ་དེ་མི་འགག་པའི་ཕྱིར་འགག་པ་ཟབ་པ་དང༌། ཤིན་ཏུ་ཕྲ་ཞིང་རྟོགས་དཀའ་བས་དེ་བཞིན་ཉིད་ཟབ་པ་དང༌། སེམས་ཀུན་རྫོབ་དང་སེམས་ཀྱི་ཆོས་ཉིད་དོན་དམ་གང་དེ་ཉིད་དང་གཞན་དུ་བརྗོད་དུ་མེད་པས་ཤེས་བྱ་བདེན་པ་གཉིས་ཟབ་པ་དང༌། མཐོང་བྱ་མཐོང་བྱེད་གཉིས་མེད་པས་དེ་བཞིན་ཉིད་ཀྱི་དེ་བཞིན་ཉིད་ཤེས་པ་ཟབ་པ་དང༌། ཅི་ཡང་མི་བརྗོད་པའི་ཚུལ་གྱི་ཤེར་ཕྱིན་ལ་སྤྱོད་པ་ཟབ་པ་དང༌། དེ་བཞིན་ཉིད་ལ་གནས་པ་ལ་གནས་བྱ་གནས་བྱེད་གཉིས་སུ་མེད་པས་ཟབ་པ་དང་མཚན་མ་དང་མཚན་མེད་གཉིས་ཀྱི་འགྱུ་བ་ཐམས་ཅད་མེད་ཀྱང་སངས་རྒྱས་ཀྱི་ཆོས་མ་རྫོགས་པར་འཚང་མི་རྒྱ་བ་ནི་བྱང་སེམས་ཀྱི་ཐབས་མཁས་པ་ལ་ཟབ་པ་ཉིད་བཤད་པ་ཡིན་ནོ། །དེ་ལྟར་སྐྱེ་འགག་ལ་སོགས་པའི་ཡིན་ལུགས་ཟབ་མོའི་ཆོས་ཉིད་རྨི་ལམ་དང་མཚུངས་པ་ནི་དངོས་པོར་ཞེན་པའི་བློ་ལས་འདས་པའི་ཕྱིར་ཟབ་པ་འདི་ཉིད་དུ་བསྟན་ཏོ། །དགུ་པ་སྲིད་ཞི་མཉམ་ཉིད་ཀྱི་ཏིང་ངེ་འཛིན་ནི། སད་པ་དང་རྨི་ལམ་ཁྱད་མེད་པའི་བྱང་སེམས་སྲིད་ཞིས་བསྡུས་པའི་ཆོས་ཐམས་ཅད་དངོས་པོ་མེད་པ་རྨི་ལམ་དང་འདྲ་བར་མཐོང་བའི་ཕྱིར། སྲིད་པ་དང་ཞི་བའི་དངོས་པོ་ཐ་དད་པར་མི་རྟོག་པ་ནི་སྲིད་ཞི་མཉམ་ཉིད་ཡིན་ནོ། །གལ་ཏེ་ཆོས་ཐམས་ཅད་རྨི་ལམ་དང་འདྲ་ན་ལས་མེད་པ་དང་ལ་སོགས་པ་ཤེར་ཕྱིན་སྒོམ་པ་དང་བྱང་ཆུབ་ཏུ་བསྔོ་བ་མེད་པར་འགྱུར་རོ་ཞེས་པའི་ཀླན་ཀའི་ལན་ནི། ཤཱ་རིའི་བུས་སད་ནས་རྟོག་ན་ནི་དེ་ལ་སོགས་པའི་འདྲི་བར་ཡང་
འདྲ་ཞེས་སོགས་མདོ་ལས་ཇི་སྐད་བཤད་པར་ཟད་དོ། །བཅུ་པ་སྲིད་ཞི་མཉམ་ཉིད་དུ་རྟོགས་པའི་བྱང་སེམས་རང་ཉིད་འཚང་རྒྱ་བར་འགྱུར་བའི་སངས་རྒྱས་ཀྱི་ཞིང་དག་པ་བླ་ན་མེད་པ་ཉིད་དུ་སྒྲུབ་པ་ནི། བྱང་སེམས་ཕར་ཕྱིན་དྲུག་ལ་སྤྱོད་པའི་ཚེ། སེར་སྣ་ལ་སོགས་པའི་མི་གཙང་བའི་ཉེས་པས་མ་དག་པ་འབྲས་བུ་ལ་སྤྱོད་པའི་ཉེས་པ་དབུལ་བ་སྡུག་འཕོང་སྣ་ཚོགས་ཀྱི་སེམས་ཅན་གྱི་འཇིག་རྟེན་མ་དག་པ་མཐོང་བ་དེ་བཞིན་དུ། སྣོད་ཀྱི་འཇིག་རྟེན་མ་དག་པའི་རྒྱུ་ལས་གྲུབ་པ་གསེར་དངུལ་ལ་སོགས་པ་དང་མི་ལྡན་པ་གཡེངས་པ་དང༌། སྡོང་དུམ་ལ་སོགས་པའི་མི་གཙང་པའི་ཉེས་པས་མ་དག་པ་མཐོང་བ་དེ་ལ་མ་བཟོད་ནས་རང་གི་སངས་རྒྱས་ཀྱི་ཞིང་དུ་སྣོད་བཅུད་ཀྱི་ཉེས་པ་དེ་དག་མེད་ཅིང་སྣོད་བཅུད་དག་པར་སྒྲུབ་པའི་སླད་དུ་བྱང་ཆུབ་སེམས་དཔའ་ཡི་རང་གི་སངས་རྒྱས་ཀྱི་ཞིང་དུ་བཅུད་ཀྱི་ཉེས་པ་དེ་དག་མེད་ཀྱི་སྟེང་དུ་མངོན་ཤེས་སོགས་ཡོན་ཏན་ཕུན་སུམ་ཚོགས་པ་དང༌། སྣོད་ཀྱི་ཉེས་པ་དེ་དག་མེད་ཀྱི་སྟེང་དུ་གཞི་བཻ་ཌཱུརྱ་སྔོན་པོའི་རྒྱུ་ལས་གྲུབ་ཅིང་ལག་མཐིལ་ལྟར་མཉམ་པ་གསེར་གྱི་ཕྱེ་མ་བརྡལ་བ་རྒྱ་ཁྱོན་ཚད་མེད་པ་བདེ་བ་ཅན་ལ་སོགས་པ་ལྟར་སྒྲུབ་པའི་ཕྱིར། ཕྱིན་དྲུག་ལ་སྤྱོད་པ་དེས་རང་གི་སངས་རྒྱས་ཀྱི་ཞིང་གི་དག་པ་བླ་ན་མེད་པ་ཉིད་དུ་འགྲུབ་པར་འགྱུར་རོ། །ད་ནི་གཉིས་པ་ཐོག་མར་སྒོམ་པ་ནས། སྲིད་ཞི་སྒོམ་པ་མཐར་ཐུག་བར་དུ་སྦྱོར་བ་འདིའི་ལུས་ལ་ཁྱབ་བྱེད་དུ་འཇུག་པ་བྱང་སེམས་ཀྱི་ཐབས་ལ་མཁས་པའི་ངོ་བོ་ཡོངས་སུ་གྲུབ་པ་ཤེས་པའི་
ཡེ་ཤེས་ནི། གཞི་ཤེར་ཕྱིན་ཆོས་དབྱིངས་ཀྱི་ཡུལ་མཁྱེན་པ་གསུམ་པ་དང༌། ཤེར་ཕྱིན་ཟབ་མོ་རྣལ་འབྱོར་གཉིས་སྦྱོར་ཞིང་ཉམས་སུ་ལེན་པ་ཙམ་གྱི་ཐབས་ལ་མཁས་པ་དང་བཅས་པ་འདི་ནི་སྐྱེས་བུ་དཔའ་བོ་དགྲ་རྣམས་བཅོམ་ནས་གཉེན་བཤེས་དང་བཅས་པ་འབྲོག་དགོན་པ་ནས་ཐར་པའི་དཔེས། སྙིང་རྗེ་ཞི་བའི་དགྲ་དང༌། ཤེས་རབ་ཀྱི་སྲིད་པའི་དགྲ་ལས་ནི་འདས་པའི་ཐབས་མཁས་པ་དང༌། བྱ་བར་སྣང་རྒྱུའི་དཔེའི་སྟོང་ཉིད་ལ་སྤྱོད་ཀྱང་དེས་མི་གནས་ཤིང་འགྲིག་པར་བྱེད་པའི་ཐབས་མཁས་དང༌། ཇི་ལྟར་འདོད་པ་བཞིན་དུ་མདའ་འཕེན་པའི་དཔེའི་དགེ་བ་རྣམས་བླ་མེད་བྱང་ཆུབ་ཏུ་མ་སྨིན་པ་དེ་སྲིད་ཡང་དག་མཐའ་མངོན་དུ་མི་བྱེད་ཅིང༌། སྨིན་པ་ན་མངོན་དུ་བྱེད་པ་ཐབས་མཁས་པ་ཇི་ལྟ་བ་བཞིན་དུ། ཤིན་ཏུ་གོམས་པའི་ཤུགས་ཀྱི་ཐབས་མཁས་དང་ནི་ཤེས་རབ་ཀྱིས་ཡང་དག་པའི་མཐའ་ལ་སློབ་ཀྱང༌། བར་མ་དོར་ཞི་བར་མི་ལྟུང་བའི་རྒྱུ་སྙིང་རྗེས་སེམས་ཅན་བཏང་བ་ནི། ཉན་རང་དང་ཐུན་མོང་མིན་པའི་མཚན་ཉིད་ཀྱི་ཐབས་མཁས་དང༌། གང་ཟག་གི་བདག་དང༌། ཕྱིན་ཅི་ལོག་བཞི་ལ་མ་ཆགས་པའི་ཐབས་མཁས་དང༌། གང་ཟག་གི་བདག་དང༌། ཆོས་ཀྱི་བདག་མི་དམིགས་པའམ། སྟོང་པའི་ཐབས་མཁས་དང་སྐྱེས་པ་བུད་མེད་དང་ཕུང་པོ་ལ་སོགས་པའི་མཚན་མ་ཟད་པའི་ཐབས་མཁས་དང༌། བརྒྱ་བྱིན་ལ་སོགས་པ་ལ་དགའ་བའི་སྨོན་ལམ་ཟད་པའི་ཐབས་མཁས་དང༌། ཐབས་ལ་མཁས་པའི་བྱང་སེམས་དེ་ཡིས་སངས་རྒྱས་ཀྱི་བླ་མེད་བྱང་ཆུབ་ཏུ་ལུང་
བསྟན་པའི་དྲང་སྲོང་ཉིད་མ་འགྲིགས་པར་བྱེད་པ་སྟོན་པའི་ཐབས་མཁས་དང༌། ལུང་བསྟན་པ་དང་མ་བསྟན་པ་དང་ཕྱིར་མི་ལྡོག་པའི་རྣམ་གྲངས་ཚད་མེད་པ་ཤེས་པའི་ཐབས་ལ་མཁས་པ་དང༌། དེ་ལྟར་ཐབས་ལ་མཁས་པ་རྣམ་པ་བཅུ་ནི། རྣམ་རྫོགས་སྦྱོར་བའི་རང་བཞིན་འདྲེས་པ་ཤེས་པའི་ཡེ་ཤེས་སྲིད་ཞི་མཉམ་པ་ཉིད་ཡིན་ནོ། །སྐབས་བཞི་པའི་འགྲེལ་པའོ།། །། ༈ གཉིས་པ་སྦྱོར་བ་དེ་རབས་སམ་རྩེ་མོར་ཕྱིན་པའི་དངོས་པོ་ཤེར་ཕྱིན་ཡང་དག་པར་བཤད་པ་ལ། རྩེ་མོར་དེའི་རྟགས་དང༌། དེའི་བསོད་ནམས་རྣམ་པར་འཕེལ་བ་དང༌། དེའི་སེམས་ཅན་གྱི་དོན་མི་གཏོང་པ་བསྟན་པ་དང༌། དེའི་བསོད་ནམས་མང་པོ་ཅན་གྱི་ཏིང་ངེ་འཛིན་ནི་སེམས་ཀུན་གནས་པ་དང༌། མཐོང་སྤངས་དང༌། སྒོམ་སྤངས་གཉེན་པོ་དང་བཅས་པ་དང༌། ལམ་དེ་ཉིད་ཀྱི་བྱེད་ལས་སྤང་བྱ་རྣམ་རྟོག་དེ་རྣམས་ཟད་པའི་འབྲས་བུ་བཤད་པ་དང༌། ལམ་དེ་དག་གི་བྱེད་ལས་དང༌། བར་ཆད་མེད་ལམ་ལོག་པར་སྒྲུབ་པ་གསལ་བ་དང་བཅས་པ་བཤད་པ་དང་བདུན་ནོ། །དང་པོ་འདི་ལ་བཅུ་གཉིས་ཏེ། རྩེ་མོར་ཐོབ་པའི་བྱང་སེམས་སད་དུས་སུ་ཆོས་རྣམས་རྨི་ལམ་དང་འདྲ་བར་ལྟ་བར་མ་ཟད་རྨི་ལམ་ན་ཡང་ཆོས་རྣམས་ཀུན། རྨི་ལམ་དང་སྒྲ་སྙན་ལྟ་བུ་ལ་སོགས་པར་ལྟ་བ་དང༌། ཡང་རྨི་ལམ་ན་དེ་བཞིན་གཤེགས་པ་དགེ་སློང་སོགས་དང༌། ལྷ་ཀླུ་ལ་སོགས་པ་འཁོར་ཚད་མེད་པ་མངའ་བ་ཆོས་སྟོན་པ་མཐོང་བ་ལ་སོགས་པ་རྩེ་མོར་ཕྱིན་པའི་སྦྱོར་བ་ཐོབ་པའི་རྟགས་ནི།
རྣམ་པ་བཅུ་གཉིས་དག་ཏུ་འདོད་དོ། ། གཉིས་པ་ནི། འཛམ་བུ་གླིང་གི་སྐྱེ་བོ་ཇི་ལྟར་སངས་རྒྱས་སུ་གྱུར་པ་ལ་འགའ་ཞིག་གིས་ནམ་འཚོའི་བར་དུ་མཆོད་པའི་དགེ་བ་དང་ལ་སོགས་པས་སྟོང་གསུམ་གྱི་སྐྱེ་བོ་ཇི་སྙེད་སངས་རྒྱས་སུ་གྱུར་པ་ལ་ནམ་འཚོའི་བར་དུ་མཆོད་པའི་དགེ་བ་སྟེ་གཉིས་དང༌། འཛམ་བུ་གླིང་གི་སེམས་ཅན་ཇི་སྙེད་པ་མིར་གྱུར་ལ་དེ་དག་ལ་ལ་ཞིག་གིས་དགེ་བ་བཅུ་བསམ་གཏན་ཚད་མེད་མངོན་ཤེས་ལྔ་ཏེ་འཇིག་རྟེན་པའི་ཕུན་ཚོགས་དང་རྒྱུན་ཞུགས་ནས་བླ་མེད་བྱང་ཆུབ་ལ་བཀོད་དེ། དེ་དག་གི་དགེ་བ་ཡང་རང་རང་གི་སྐབས་སུ་སངས་རྒྱས་སུ་བསྔོས་པ་དང་བཅས་པའི་དགེ་བ་བདུན་དང༌། སྟོང་གསུམ་གྱི་སེམས་ཅན་ཇི་སྙེད་པ་མིར་གྱུར་ལ། དེ་དག་ལ་ལ་ཞིག་གིས་ཞེས་པ་ནས་བསྔོས་པ་དང་བཅས་པའི་བསོད་ནམས་བདུན་ནོ། །ཞེས་པའི་བར་གོང་བཞིན་ནོ། །དེ་ལྟར་བདུན་ཚན་གཉིས་ཀྱི་སྟེང་དུ་སྔ་མ་གཉིས་ཏེ་དགེ་བ་བཅུ་དྲུག་གི་རྣམ་པ་མང་དུ་བསྟན་པ་ནི་དཔེར་མཛད་ནས། རྩེ་སྦྱོར་ལ་གནས་པའི་བྱང་སེམས་ཆོས་ཐམས་ཅད་རྨི་ལམ་ལྟ་བུར་ཡིད་ལ་བྱེད་པ་དང་མ་བྲལ་བས་ཤེར་ཕྱིན་ལ་སྤྱོད་ཅིང་གཞན་ལ་སྟོན་པ་ནི། དགེ་བ་སྔ་མ་ལས་དགེ་བའི་རྣམ་པ་ཆེས་མང་དུ་འཕེལ་བ་བཅུ་དྲུག་གི་བདག་ཉིད་དོ། །གསུམ་པ་ནི་ཀུན་མཁྱེན་ཉིད་གསུམ་གྱི་རང་བཞིན་སངས་རྒྱས་ཀྱི་ཆོས་རྣམས་ཀྱི་རྣམ་པ་མ་ལུས་པ་ཡོངས་སུ་རྫོགས་པར་བྱེད་པ་བླ་ན་མེད་པའི་དགེ་བ་དང༌། སེམས་ཅན་ཐམས་ཅད་ཀྱི་དོན་ཡོངས་སུ་བློས་མི་གཏོང་བ་ཉིད། ཉན་རང་དུ་མི་བཟློག་པས་དེ་ཉིད་བྱང་ཆུབ་ཀྱི་སེམས་བརྟན་པ་ཞེས་
ནི་མངོན་པར་བརྗོད་ཅིང་བསྟན་ཏོ། །བཞི་པ་ནི། ཏིང་ངེ་འཛིན་འདིའི་ངོ་བོ་རྩེ་གཅིག་ཏུ་རྗེས་སུ་ཡི་རང་བ་དང་བསྔོ་བ་འདི་ཡིན་ལ། དེ་དང་གླིང་བཞི་པ་དང་སྟོང་གི་འཇིག་རྟེན་དང༌། སྟོང་གཉིས་དང༌། སྟོང་གསུམ་གྱི་འཇིག་རྟེན་གྱི་ཁམས་ནི་སྐྲའི་རྩེ་ཙམ་དུ་སིལ་བའི་ཚད་ཀྱང་གཟུང་དུ་རུང་སྲིད་ཀྱི། རྗེས་སུ་ཡི་རང་དང་ལྡན་པའི་སེམས་བསྐྱེད་པའི་བསོད་ནམས་ལ་ནི་ཚད་མེད་དོ་ཞེས་བྱ་བ་དག་དཔེར་མཛད་ནས། བསོད་ནམས་མང་པོ་ཚད་མེད་པ་གསུངས་པ་ཉིད་ཀྱི་ནི། བྱང་སེམས་དེ་དག་གིས་སེམས་བསྐྱེད་ལ་རྗེས་སུ་ཡི་རང་བ་རྩེ་གཅིག་པ་དང༌། དེ་དང་བླ་མེད་བྱང་ཆུབ་ཏུ་བསྔོ་བའི་ཏིང་ངེ་འཛིན་འདི་ནི་ཡོངས་སུ་བསྒྲགས་ཤིང་བསྟན་པ་ཡིན་ནོ། །ལྔ་པ་ལ་མདོར་བསྟན་པ་དང་རྒྱས་པར་བཤད་པ་གཉིས། དང་པོ་ནི། གཟུང་རྟོག་གི་ཡུལ་ཡོན་ཏན་ཅན་དུ་མཐོང་བ་ལ་འཇུག་པའི་རྣམ་པར་རྟོག་པ་དང་ནི། ཡུལ་སྐྱོན་ཅན་དུ་མཐོང་བ་ལ་བཀྱོན་པའི་རྣམ་པར་རྟོག་པ་ལ། གཟུང་བའི་རྣམ་པར་རྟོག་པ་གཉིས་ཏེ། སོ་སོར་གཉིས་པོ་དེ་དག་རེ་རེ་ཡང་དགུ་དགུའི་བདག་ཉིད་དུ་ཡུལ་གྱི་སྒོ་ནས་ཕྱེ་བ་དེ་རྣམས་ཀྱི་གཟུང་བ་ཇི་ལྟ་བ་བཞིན་དུ་ཡུལ་རྣམས་བདེན་པར་ཡོད་པ་མིན་པའི་བདག་ཉིད་དུ་ཤེས་པར་བྱའོ། །འཛིན་རྟོག་ནི། སོ་སོའི་སྐྱེ་བོ་དང༌། འཕགས་པའི་འཛིན་རྟོག་གཉིས་སུ་དབྱེ་བ་སེམས་རྗེས་སུ་ཡོད་པར་རྟོག་པ་སོ་སོའི་སྐྱེ་བོའི་འཛིན་རྟོག་དང༌། སེམས་ཅན་བརྟགས་པ་ཙམ་དུ་ཡོད་པ་རྣམ་པར་རྟོག་པ་འཕགས་
པའི་འཛིན་པའི་རྟོག་པ་དག་ཏུ་འདོད་དོ། །གཉིས་པོ་དེ་དག་ཀྱང་ཡུལ་གྱི་སྒོ་ནས་སོ་སོར་དགུ་དགུའི་བདག་ཉིད་དུ་འཆད་པར་འགྱུར་རོ། །གལ་ཏེ་གཟུང་བའི་དོན་འཛིན་རྟོག་གི་གཟུང་བ་དེ་བཞིན་དུ་རྫས་དང་རྟག་པའི་དངོས་པོར་གྲུབ་པ་མེད་ན་དེ་དག་དངོས་པོར་གྲུབ་པ་གང་གིས་འཛིན་པ་མ་འཁྲུལ་བའི་ངོ་བོར་འདོད་དེ་མི་འགྲུབ་བོ། །གཟུང་དོན་དངོས་པོར་མེད་པ་དེ་ལྟར་འཛིན་པ་དེ་དག་འཛིན་པའི་ངོ་བོ་མ་འཁྲུལ་པས་སྟོང་པའི་མཚན་ཉིད་དུ་གྲུབ་པ་ཉིད་དོ། ། གཉིས་པ་ལ་མཐོང་སྤང་གཉེན་པོ་དང་བཅས་པ་དང༌། སྒོམ་སྤང་གཉེན་པོ་དང་བཅས་པ་ལ་གཉིས། དང་པོ་ལ་མཐོང་སྤང་རྟོག་པ་དང་གཉེན་པོ་མཐོང་ལམ་མོ། ། དང་པོ་ལ་གཟུང་རྟོག་དང་འཛིན་རྟོག་གོ །དེ་ལ་ཡུལ་ཡོན་ཏན་ཅན་དུ་མཐོང་ནས་འཇུག་པ་ལ། རྟོག་པའི་འཇུག་པ་གཟུང་རྟོག་དང༌། ཡུལ་སྐྱོན་ཅན་དུ་མཐོང་བས་བཟློག་པ་ལ། རྟོག་པའི་བཟློག་གཟུང་རྟོག་གཉིས་ལས། དང་པོ་རྣམ་བྱང་ནི་ཆོས་ཐམས་ཅད་བརྟག་པ་པའི་ཆོས་ཀྱི་དབེན་པའི་ངོ་བོ་ཉིད་དང༌། ཐེག་ཆེན་གྱིས་རིགས་བྱང་ཆུབ་སེམས་དཔའ་དང་ནི། དེས་ལམ་ནི་ཡང་དག་པར་འགྲུབ་པ་དེ་དང༌། ལམ་ཤེས་པའི་དམིགས་པ་མ་འཁྲུལ་བ་དང༌། མི་མཐུན་ཕྱོགས་དང༌། གཉེན་པོ་ཆད་པ་དང༌། བྱང་ཆུབ་སེམས་དཔའ་རང་མི་རྟོགས་པ། བྱེད་པ་ལམ་ཤེས་དང༌། ལམ་ཤེས་དེའི་བྱེད་ལས་དང༌། བྱ་བའི་འབྲས་བུས་ཚོགས་གཉིས་སྟེ། དེ་རྣམས་ལ་འཇུག་བྱར་འཛིན་པ་རྟེན་རྣམ་པར་བྱེད་པ་ལ་
བརྟེན་པའི་ཕྱོགས་ཀྱི་རྟེན་ཅན་ཏེ། ཡུལ་ཅན་གྱི་གཟུང་བས་རྣམ་པར་རྟོག་པ་དེ་ནི་རྣམ་པ་དགུར་འདོད་དོ། །གཉིས་པ་ནི། ཐབས་མེད་ཤེས་རབ་བྲལ་བས་སྲིད་དང་ཞི་བར་རྟོག་པའི་མཚན་འཛིན་དུ་ལྟུང་བའི་ཕྱིར་ཉན་རང་གི་རྟོག་པ་དམན་པ་ཉིད་དང་ནི་ཐབས་མཁས་ཀྱི་ཤེར་ཕྱིན་གྱི་ཡོངས་སུ་འཛིན་པ་མེད་པ་དང༌། སངས་རྒྱས་སྒྲུབ་པའི་ལམ་གྱི་རྣམ་པ་ཐབས་ཤེས་མ་ཚང་པ་དང༌། དམན་པའི་ལམ་ལ་བརྟེན་པ་དེ་དག་རྣམ་མཁྱེན་དུ་སྤྲོ་བ་ཐེག་པ་གཞན་ཤེར་ཕྱིན་གྱི་རྐྱེན་གྱི་འགྲོ་དགོས་པ་དང༌། ཆེད་དུ་གཉེར་བྱའི་འབྲས་བུ་རྣམ་མཁྱེན་ལས་ལོག་པ་དང༌། གང་ཟག་གི་བདག་མེད་ཙམ་ལས་མ་རྟོགས་པའི་ཡེ་ཤེས་ཉེ་ཚེ་བ་དང་གཟུགས་སོགས་དངོས་པོའི་སྟོང་ཉིད་དང༌། སྦྱིན་སོགས་ལ་དམིགས་པའི་མཚན་འཛིན་སྣ་ཚོགས་པ་ཉིད་དང༌། རྣམ་མཁྱེན་དུ་གནས་པ་དང༌། དེར་འཇུག་པའི་ལམ་ལ་རྨོངས་པ་དང་སྦྱིན་སོགས་ལྔ་ཤེར་ཕྱིན་གྱི་རྗེས་ལ་འབྲང་འབྲང་ནས་རྣམ་མཁྱེན་དུ་འགྲོ་ཞེས་བྱ་བ་དེ་རྣམས་ལ་རྣམ་པར་རྟོག་པར་བྱེད་པ་དགུའི་བདག་ཉིད་འདི་དམན་པའི་ལམ་སྐྱོན་ཅན་དུ་མཐོང་བས་བཟློག་པའི་ཕྱོགས་ཀྱི་རྟེན་ཅན་ཏེ། བཟློག་པའི་གཟུགས་རྟོག་འདི་རྣམས་ཉན་ཐོས་དང་ལ་སོགས་པ་རང་སངས་རྒྱས་ཀྱི་ལམ་དམན་པ་ལ་དམིགས་པའི་ཡིད་ལས་འབྱུང་ངོ༌། །གཉིས་པ་འཛིན་རྟོག་ལ་སེམས་ཅན་རྫས་སུ་ཡོད་པར་འཛིན་པ་སོ་སྐྱེའི་རྟོག་པ་དང༌། སེམས་ཅན་རྟག་པར་ཡོད་པར་འཛིན་པ་འཕགས་པའི་རྟོག་པ་གཉིས་སོ། །
དང་པོ་གཟུགས་སོགས་འཛིན་པ་དང་མདོར་བ་དང༌། གཟུགས་སོགས་ཡིད་ལ་བྱེད་པ་དང༌། ཡིད་ལ་བྱེད་པས་ཁམས་རྣམས་ནི་གསུམ་པོ་དག་དང་ཉེ་བར་འབྲེལ་ཞིང་འབྲི་བ་དང༌། གཟུགས་སོགས་ལ་གནས་པ་དང༌། གཟུགས་སོགས་ལ་མངོན་པར་ཞེན་པ་དང༌། ཞེན་བྱའི་ཆོས་ཀྱི་དངོས་པོ་བརྟགས་པ་དང༌། འཁོར་གསུམ་དུ་ཞེས་པའི་ཆགས་པ་དང༌། དེའི་གཉེན་པོ་ཤེར་ཕྱིན་གྱི་སྤྱོད་པ་དང་ཤེར་ཕྱིན་དུ་འདུ་ཤེས་ཤིང་ཆགས་ན་ཡང་ཇི་ལྟར་འདོད་པ་བཞིན་འགྲོ་བར་འདོད་པའི་ཤེར་ཕྱིན་ལས་ཉམས་པ་སྟེ། དེ་རྣམས་ལ་རྫས་སུ་འཛིན་པ་ནི་འཛིན་པ་གཉིས་ཀྱི་དང་པོ་ཤེས་པར་བྱའོ། གཉིས་པ་ནི་ཉན་རང་གི་ལམ་གྱི་གང་གི་ཕྱིར་དུ་དམིགས་པ་བཞིན་རྣམ་མཁྱེན་དུ་ངེས་པར་མི་འབྱུང་བ་དང༌། ཤེར་ཕྱིན་གྱི་ཟིན་པའི་ཕྱིན་དྲུག་བྱང་ཆུབ་སེམས་དང་རྣམ་མཁྱེན་དུ་འགྲོ་བའི་ལམ་ཡིན་པ་དང༌། ཉན་རང་གི་ལམ་ནི་བྱང་ཆུབ་སེམས་དཔའི་ལམ་མ་ཡིན་པ་ཉིད་དུ་ངེས་པར་འཛིན་པ་དང༌། ཆོས་རྣམས་འགག་པ་དང་བཅས་པའི་སྐྱེ་བ་དང༌། གཟུགས་སོགས་ཀྱི་དངོས་པོ་ལྡན་པ་ཡང་མ་ཡིན། མི་ལྡན་པ་ཡང་མ་ཡིན། གཟུགས་སོགས་ལ་གནས་པ་འཛིན་པ་དང༌། གནས་བྱ་གཟུགས་ཀྱི་རང་བཞིན་གྱི་གང་ལ་ཡང་གནས་པ་འཛིན་པ་དང་འཚང་རྒྱ་བར་འདོད་པས་ཕྱིན་དྲུག་དོན་དུ་གཉེར་བ་དང༌། ཐམས་ཅད་ལ་དབང་བསྒྱུར་བའི་རྒྱུའོ། །སྒོ་ཤེར་ཕྱིན་ལས་གཞན་མེད་པ་དང༌། བྱང་ཆུབ་སེམས་དཔའ་ཤེར་ཕྱིན་ལ་སྤྱོད་པ་ལ་བདུད་ཀྱི་ཕྱིར་རྒོལ་བ་རྣམས་ནི་དམིགས་པ་སྟེ། དེ་རྣམས་ལ་རྟག་པའི་དངོས་པོར་
འཛིན་པར་བྱེད་པའི་རྣམ་རྟོག་ནི་རྫས་འཛིན་ལས་གཞན་རྟག་འཛིན་ཡིན་ནོ། །ད་ནི་གཉིས་པ་གཉེན་པོ་མཐོང་ལམ་འཆད་དེ་འདི་ལ་གསུམ། བྱང་ཆུབ་གཏན་ལ་དབབ་པ་དང༌། མཐོང་ལམ་ཉིད་བཤད་པ་དང༌། དེ་ནས་ཏིང་ངེ་འཛིན་གཉིས་བཤད་པའོ། །དང་པོ་ནི། བྱང་ཆུབ་ལ་གཞན་ཤེར་ཕྱིན་ལ་སྤྱོད་པ་དམ་པས་རྣམ་པར་སྤྱོད་པའི་དགེ་སློང་བརྒྱ་དྲུག་ཅུ་བསྐལ་པ་སྐར་མ་ལྟ་བུ་ལ་བླ་མེད་བྱང་ཆུབ་ཏུ་འཚང་རྒྱ་སྟེ་མེ་ཏོག་སིལ་བ་ཞེས་བྱ་བའི་དེ་བཞིན་གཤེགས་པ་ཤ་སྟག་འཇིག་རྟེན་དུ་འབྱུང་བར་ལུང་བསྟན་པ་དང༌། བྱང་ཆུབ་དེ་ཐོབ་པའི་དོན་དུ་ཤེར་ཕྱིན་ལ་སྤྱོད་དགོས་ཤིང་སྤྱད་པ་ཡང་ཤེར་ཕྱིན་ཚིག་དོན་མ་ཉམས་པར་ཐོས་པ་ལ་རག་ལས་པས་བྱང་ཆུབ་དེ་ཐོབ་པར་བྱེད་པའི་རྒྱུ་ཤེར་ཕྱིན་གྱི་ཚིག་དོན་ཆུད་མ་ཟོས་པར་གཟུང་ཤིང་ཁོངས་སུ་ཆུད་པར་བྱས་ནས་གཞན་ལ་སྟོན་ཞིང་རྒྱ་ཆེར་སྤེལ་ཞིག་ཅེས་ཀུན་དགའ་བོ་ལ་ཡོངས་སུ་བསྟོད་པ་དང༌། དེ་ལྟར་བཏང་བ་ལས་ཚིག་དོན་མ་ཉམས་པ་དེ་ཆོས་མཆོག་ཆེན་པོ་ལ་གནས་པའི་བྱང་སེམས་ཀྱི་སྒོམ་པ་ལ་བརྟེན་ནས་བྱང་ཆུབ་དེ་ཐོབ་པ་ལ་བར་ཆད་མེད་པའི་རྒྱུ་བསོད་ནམས་ཚད་མེད་དུ་འཕེལ་བའི་མདོ་ནི་མཐོང་ལམ་བར་ཆད་མེད་ལམ་གང་ཡིན་པ་དེའི་མཚན་ཉིད་དོ། །མཐོང་ལམ་དུ་ཆོས་སྐུ་ཐོབ་པ་དང༌། ས་ལྷག་མ་རྣམས་ཀྱི་ཆོས་སྐུ་རྫོགས་པ་གསུངས་པའི་ཕྱིར། ས་དང་པོར་ཐོབ་པའི་ཆོས་སྐུ་བྱང་ཆུབ་དེའི་ངོ་བོ་གང་ཞེ་ན། ཡེ་ནས་ཡོད་པའི་དྲི་མ་གློ་བུར་དུ་ལམ་གྱི་ཟད་པར་བྱས་པ་མིན་གྱི་གདོད་མ་ཉིད་ནས་དྲི་མ་ཟད་པ་དང༌། གདོད་མ་ཉིད་ནས་
མི་སྐྱེ་བའི་གཉིས་མེད་ཡེ་ཤེས་ནི་བྱང་ཆུབ་དེའི་ངོ་བོ་ཡིན་ཞེས་བརྗོད་ཅིང་བསྟན་ཏེ། གང་གི་ཕྱིར་དྲི་མ་སྔར་ཡོད་གློ་བུར་དུ་ཟད་པ་མེད་པའི་ཕྱིར་དྲི་མ་ཟད་པའི་ཞེན་པ་སྐྱེ་བ་སྔར་ཡོད་གློ་བུར་སྐྱེ་མེད་དུ་སོང་བ་མེད་པའི་ཕྱིར་མི་སྐྱེ་བའི་ཡེ་ཤེས་ཞེས་དེ་དག་གོ་རིམ་བཞིན་དུ་སྦྱར་ནས་ཤེས་པར་བྱ་རྒྱུ་ཡིན་ནོ། །གལ་ཏེ་བྱང་ཆུབ་ཀྱི་རང་བཞིན་ཟད་པ་དང་མི་སྐྱེ་བའི་ངོ་བོ་ནི་མཐོང་ལམ་གྱི་བར་དང་གློ་བུར་དུ་བྱས་པ་རིགས་སོ་ཞེ་ན་མ་ཡིན་ཏེ་རྣམ་རྟོག་དང་དེའི་སྐྱེ་བ་ཡེ་ནས་ཡོད་མ་མྱོང་བའི་བྱང་ཆུབ་འདུས་མ་བྱས་ལ་རྣམ་རྟོག་དང༌། དེའི་སྐྱེ་བ་ཡེ་ནས་ཡོད་པ་མཐོང་ལམ་གྱི་གློ་བུར་འགོག་པ་མེད་པའི་བྱང་ཆུབ་རང་བཞིན་རྣམ་དག་འདི་ལ་མཐོང་ཞེས་བྱ་བའི་ལམ་གྱིས་ནུས་པས་ནི་སྔར་ཡོད་ཀྱི་རྣམ་པར་རྟོག་པའི་རིགས་ནི་ཅི་ཞིག་གློ་བུར་ཟད་པར་བྱས་རྣམ་རྟོག་དེའི་སྐྱཻ་བ་སྔར་ཡོད་བཀག་ནས། གློ་བུར་དུ་སྐྱེ་མེད་ཀྱི་རྣམ་པ་བྱང་ཆུབ་ཀྱང་སྔར་མེད་གལ་ཏེ་ཡིན་ན་གཞན་གྱིས་སྒྲིབ་པའི་ཆོས་རྣམས་ཀྱང་བྱང་ཆུབ་ལྟར་རང་བཞིན་པར་ཡོད། ཤེས་བྱ་ལ་ཡང་སྟོན་པ་བྱང་ཆུབ་འདི་ཡིས་སྒྲིབ་པ་གདོད་ནས་ཡོད་པ་རྣམས་ལམ་གྱི་གློ་བུར་དུ་ཟད་པར་བྱས་པ་ཡིན་ཞེས་བརྗོད་པ་གང་ཡིན་པ་འདི་སྔོན་མེད་པ་རྨད་དུ་བྱུང་བ་ཆེན་པོ་ཞིག་འདུག་པ་ལ་ཞེས་བོས་ནས་ངོ་མཚར་དུ་རྩིས་ཏེ་བཞད་གད་དུ་བྱས་སོ། །རང་བཞིན་རྣམ་དག་ནི་བྱང་ཆུབ་འདི་ལ་གདོད་ནས་སྔར་ཡོད་ཀྱི་སྒྲིབ་པ་དང༌། དེའི་སྐྱེ་བ་ལམ་གྱི་གློ་བུར་དུ་བསལ་བྱ་ཅི་ཡང་མེད་ཅིང་གློ་བུར་དུ་ལམ་གྱི་བཞག་པར་བྱ་བ་སྔར་མེད་ཀྱི་དྲི་མ་ཟད་ཅིང་སྐྱེ་བ་མེད་པའི་ཟག་མེད་ཀྱི་ཡོན་ཏན་དུ་མའི་ཡེ་ཤེས་ཀྱི་རྣམ་པ་ཅུང་ཟད་
མེད་དོ། །དེས་ན་བསལ་བཞག་མེད་པའི་བྱང་ཆུབ་ཡང་དག་པ་ཉིད་ལ་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་གྱི་དགག་སྒྲུབ་ལ་སོགས་པའི་སྤྲོས་པ་མེད་པར་ཡང་དག་པར་ལྟ་ཞིང་སྒོམ་མོ། །དེ་ལྟར་སྒོམ་པ་ལས་ས་དང་པོར་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་ཡང་དག་མཐོང་བའི་ལམ་ཐོབ་ནས། འཇིག་རྟེན་གྱི་འཆི་བ་གློ་བུར་བ་ལས་རྣམ་པར་གྲོལ་ཞིང་འཇིག་རྟེན་ལས་འདས་པ་ཡིན་ནོ། ། གཉིས་པ་ནི་སྦྱིན་པར་གཞན་ལྔ་པོ་བསྡུས་པ་དང་ལ་སོགས་པས་ཚུལ་ཁྲིམས་ནས་ཤེས་རབ་རྣམས་རེ་རེ་ནི། དྲུག་པོ་དེ་དག་རེ་རེས་ལྔ་ལྔ་བསྡུས་པའི་ཚུལ་གྱིས། ཕན་ཚུན་ཐམས་ཅད་ཀྱི་ཐམས་ཅད་བསྡུས་པའི་ཡེ་ཤེས་གང་ཡིན་པ་མཐོང་ལམ་གྱི་སྐད་ཅིག་མ་གཅིག་གིས་བསྐུལ་ཆོས་ཤེས་པའི་བཟོད་པ་ཡིས་བསྡུས་པ་དེ་སྐབས་འདིར་མཐོང་བའི་ལམ་དུ་བསྟན་ཏོ། །གསུམ་པ་ནི་བསམ་གཏན་སོགས་ཕྱིན་ལྔས་བསྡུས་ཚུལ་བསྟན་པའི་རྗེས་དེ་ནས། ཤེར་ཕྱིན་དུ་གཞན་ལྔ་བསྡུས་པའི་ནང་ནས་བསམ་གཏན་བསྡུས་ཚུལ་ལ། སེང་གེ་རྣམ་པར་འགྱིང་བའི་ཏིང་ངེ་འཛིན་ནི་བྱང་ཆུབ་སེམས་དཔའ་བསམ་གཏན་དང་པོ་ལ་སྙོམས་པར་འཇུག་གོ ། དེ་ལས་ལང་ནས་གཉིས་པ་ལ་སོགས་རིམ་པ་བཞིན། འདུ་ཤེས་མེད་མིན་སྐྱེ་མཆེད་ལའོ། དེ་ནས་ལང་སྟེ་འགོག་པ་ལའོ། །དེ་ལས་ལངས་ནས་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ནས་བཟུང་སྟེ་ལུགས་ལས་བཟློག་པས། རིམ་པ་ལྟར་བསམ་གཏན་དང་པོའི་བར་དུ། སྙོམས་པར་འཇུག་
པ་ནི་སེང་གེ་རྣམ་པར་འགྱིངས་པའི་ཏིང་ངེ་འཛིན་ཡིན་ནོ། །དེ་ལྟར་སྙོམ་པར་ཞུགས་ནས་རྗེས་ཐོབ་ཏུ་མ་རིག་པའི་རྐྱེན་གྱིས་འདུ་བྱེད་ཅེས་བྱ་བ་ནས། སྐྱེ་བའི་རྐྱེན་གྱིས་རྒ་ཤིའི་བར་དུ་རྟེན་ཅིང་འབྲེལ་བར་འབྱུང་བ་ལུགས་དང་མཐུན་པ་དང༌། རྒ་ཤི་ནས་མ་རིག་པའི་རྐྱེན་གྱིས་ཤེས་པའི་བར་དུ་ལུགས་དང་མི་མཐུན་ཅན་དུ་མཐོང་བའི་འཇུག་པ་གཟུང་བའི་རྣམ་པར་རྟོག་པར་བྱེད་པ་འདི་གཟུང་རྟོག་གཉིས་ཀྱི་དང་པོ་གཟུང་རྟོག་གཅིག་སྟེ། ཤེར་ཕྱིན་ལ་སྦྱོར་བའི་རྣམ་པ་དེའི་ཡུལ་དུ་བྱས་པའི་ཡུལ་ཅན་ཡིན་ནོ། གཉིས་པ་བཟློག་པའི་གཟུང་རྟོག་ནི། སེམས་དང་སེམས་བྱུང་རྣམས་ཡུལ་ལ་འཕྲོ་ཞིང་འཇུག་པ་ཡུལ་དུ་བྱང་བའི་ཡུལ་ཅན་ཡིན་པར་ཐུབ་པས་བཞེད་དོ། །ཡུལ་གྱི་སྒོ་ནས་དགུ་ནི། བྱང་ཆུབ་ཀྱི་སེམས་མི་བསྐྱེད་པ་དང༌། བླ་མེད་བྱང་ཆུབ་ཀྱི་སྙིང་པོ་ཡིད་ལ་མི་བྱེད་པའི་སེམས་སེམས་བྱུང་རྒྱུ་བ་དང༌། ཐེག་པ་དམན་པ་ཡིད་ལ་བྱེད་པའི་སེམས་སེམས་བྱུང་རྒྱུ་བ་དང་རྫོགས་པའི་བྱང་ཆུབ་ཡིད་ལ་མི་བྱེད་པའི་སེམས་སེམས་བྱུང་རྒྱུ་བ་དང༌། ཤེར་ཕྱིན་སྒོམ་པས་རྣམ་མཁྱེན་ཐོབ་བམ་མཉམ་པའི་སེམས་སེམས་བྱུང་རྒྱུ་བ་དང༌། སྒོམ་པ་མེད་པས་ཐོབ་བམ་སྙམ་པའི་སེམས་སེམས་བྱུང་རྒྱུ་བ་དང༌། དེ་དག་ལ་ནི་བཟློག་པ་སྒོམ་ཀྱང་སྒོམ་ལ་མ་སྒོམ་ཀྱང་མ་སྒོམ་པས་ཐོབ་བམ་སྙམ་པའི་དེ་རྒྱུ་བ་དང༌། སྒོམ་པ་ཡང་མ་ཡིན་མ་སྒོམ་པ་ཡང་མ་ཡིན་ཞེས་སོགས་དང༌། དེ་བཞིན་ཉིད་ལ་དེ་ཁོ་ན་ཉིད་ཇི་ལྟ་བ་བཞིན་གྱི་དོན་མ་ཡིན་པར་འཇུག་པའི་སེམས་སེམས་བྱུང་རྒྱུ་བ་རྣམས་ལ་སྐྱོན་
ཅན་དུ་མཐོང་བས་བཟློག་པའི་རྣམ་པར་རྟོག་པར་བྱེད་པ་ནི་སྒོམ་པའི་ལམ་གྱི་གནས་སྐབས་ལ་སྤངས་བྱར་ཤེས་པར་བྱའོ། །དེ་ཡན་གཟུང་རྟོག་གསུམ་འཛིན་རྟོག་དང་པོ་ནི་སེམས་ཅན་བརྟགས་པའི་དངོས་པོར་འཛིན་ཞིང་སྤྱོད་པའི་ཡུལ་ཅན་དང༌། ཆོས་ཐམས་ཅད་རྟག་པའི་དངོས་པོ་དང༌། སེམས་ཅན་དམྱལ་བ་ལ་སོགས་པ་བརྟགས་པའི་དངོས་པོ་སྟོང་པ་མ་ཡིན་པ་ཉིད་དང༌། ཅི་ཙམ་དུ་དམིགས་པའི་ཚུལ་གི་སྤྱོད་པ་དེ་ཙམ་དུ་གཟུང་འཛིན་གཉིས་ལ་ཆགས་པ་དང༌། གཟུགས་སོགས་ཆོས་རྣམས་སོ་སོར་རབ་ཏུ་འབྱེད་པའི་བདག་ཉིད་དང༌། ཆོས་ཐམས་ཅད་རང་གི་མཚན་ཉིད་ཀྱི་སྟོང་པར་མ་མཐོང་བས་དངོས་པོར་འདུ་བྱེད་པ་དང༌། ཐེག་པ་གསུམ་རྣམ་པར་དགོད་པ་དང་དེ་བཞིན་གཤེགས་པའི་སྤྲུལ་པ་ལ་ཡོན་ཕུལ་བ་ནི་དག་པ་ཡིན་པ་དང༌། ཆོས་ཅན་སོ་སོར་ཆོས་ཉིད་རྣམ་པར་འཁྲུལ་པ་སྟེ། དེ་རྣམས་ལ་དངོས་པོར་འཛིན་པར་བྱེད་པ་ནི་འཛིན་རྟོག་དང་པོར་སྟེ་ཤེས་པར་བྱའོ། །བཞི་འཛིན་རྟོག་གཉིས་པ་ནི། སེམས་ཅན་བཏགས་པའི་དངོས་པོ་དང༌། དངོས་པོ་དེའི་རྒྱུ་ནི་ཡུལ་ཅན་གྱི་འཛིན་རྟོག་གི་སྒོམ་ལམ་དེའི་རྣམ་པར་འཇོམས་ན་གཉེན་པོ་སྒོམ་པའི་ལམ་དང༌། དེའི་སྤང་བྱར་འདྲིས་པ། ལམ་དེའི་མི་མཐུན་ཕྱོགས་འཛིན་རྟོག་སྔ་མ་ལས་གཞན་རྣམ་པ་དགུ་སྟོན་པ་ནི་མཁྱེན་གསུམ་གྱི་སྤང་བའི་བདག་ཉིད་ཇི་ལྟ་བ་བཞིན་དུ་ཀུན་མཁྱེན་ནི་གསུམ་གྱི་རང་རང་གི་སྤང་བྱའི་སྒྲིབ་པ་རྣམ་གསུམ་སྤངས་མ་སྤངས་ཀྱི་བྱེ་བྲག་གསུམ་དང༌། ཆོས་ཐམས་ཅད་ཞི་བའི་རྣམ་པ་རྣམ་
མཁྱེན་གྱི་ལམ་དང༌། དེ་བཞིན་ཉིད་ཡང་དག་པའི་མཐའ་ལ་སོགས་པ་དང༌། ཤེར་ཕྱིན་དང་མཚུངས་པར་ལྡན་པ་དང་མི་ལྡན་པ་མ་ཡིན་པ་དང༌། ཤེར་ཕྱིན་ནི་ཉན་རང་དང་བདུད་ཀྱི་རིགས་གང་གིས་ཀྱང་མི་ཐུབ་པས་སུ་དང་ཡང་མི་སྙམ་པ་དང་སྡུག་བསྔལ་སོགས་བདེན་པ་བཞི་དང་ཉོན་མོངས་རྣམས་ཀྱི་རང་བཞིན་ཆགས་སོགས་ཀྱི་དེ་བཞིན་ཉིད་དང་གཉིས་སུ་མེད་པའི་དོན་ཏེ་དེ་རྣམ་པ་ལ་ཀུན་ཏུ་རྨོངས་པ་རྣམས་ལ་རྣམ་པར་རྟོག་ཅིང་འཛིན་པར་བྱེད་པ་ནི་སྒོམ་སྤང་གི་འཛིན་རྟོག་གཉིས་ཀྱི་ནང་ནས་ཐ་མ་རྟོག་འཛིན་ཡིན་པར་མདོ་ལས་བཞེད་དོ། །དྲུག་པ་ལམ་དེ་གཉིས་ཀྱི་བྱེད་ལས་སྤང་བྱ་རྟོག་པ་དེ་རྣམས་ཟད་པའི་འབྲས་བུ་བཤད་པ་ནི་དཔེར་ན་ཡམས་ནད་དང་འདྲ་བའི་གཟུང་འཛིན་གྱི་རྣམ་པར་རྟོག་པ་འདི་རྣམས་སྨན་དང་འདྲ་བའི་ལམ་གྱི་ཤེར་ཕྱིན་ཟད་པར་བྱས་ནས་ནི་སྔར་ཐོག་མ་མེད་པ་ནས་འཁོར་བའི་ནད་ཀྱི་ངལ་ཞིང་དུབ་པ་ལས་ཡུན་རིང་ཞིག་ལོན་ནས་ནད་པ་ཡམས་ནད་ལས་གྲོལ་ཞིང་དབུགས་ཕྱིན་ནས་བདེ་བའི་གནས་ཐོབ་པ་ལྟར་གྱུར་པ་དེའི་ཚེ་དུས་དང་རྣམ་པ་ཀུན་ཏུ་འགྲོ་བའི་བདེ་བ་མཐའ་དག་སྒྲུབ་པར་བྱེད་པའི་ཡོན་ཏན་ཕུན་སུམ་ཚོགས་པ་ཟད་མི་ཤེས་པ་ཀུན་དཔེར་ན་རྒྱ་མཚོ་ཆེན་པོར་ཆ་ལུགས་སྟོང་ཕྲག་ཇི་སྙེད་བབས་ནས་ཆུ་བོ་ཆེན་པོ་ཚད་མེད་པ་བསྟན་པ་དེ་བཞིན་དུ་འབྲས་བུ་སངས་རྒྱས་རྣམས་ཀྱི་མཆོག་ཐོབ་པ་བདག་གིས་མཛེས་ཤིང་དཔའ་བའི་བྱང་ཆུབ་སེམས་དཔའ་ཆེན་པོ་དེ་ལ་ནི་དུས་དང་རྣམ་པ་ཀུན་ཏུ་བརྟེན་པར་བྱེད་པ་ཡིན་ནོ། །བདུན་པ་བར་ཆད་མེད་པའི་ཏིང་ངེ་འཛིན་ནི་ལོག་སྒྲུབ་བསལ་བ་དང་
བཅས་པ་ལ་ཏིང་ངེ་འཛིན་དངོས་དང་དེ་ཉིད་ལ་ལོག་རྟོག་རྒྱུད་མར་དགོས་པ་གསལ་བའོ། །དང་པོ་སྟོང་གསུམ་གྱི་སྐྱེ་བོ་ཐམས་ཅད་ཉན་ཐོས་ཀྱི་རྟོག་པ་ལ་བཀོད་པའི་དགེ་བ་དང༌། སྐྱེ་བོ་དེ་རྣམས་བསེ་རུ་ལྟ་བུའི་རང་རྒྱལ་གྱི་རྟོགས་པ་ཕུན་ཚོགས་བཀོད་པའི་དགེ་བ་དང༌། དེ་བས་ཀྱང་སྐྱེ་བོ་དེ་རྣམས་བྱང་ཆུབ་སེམས་དཔའ་སྐྱོན་མེད་པ་ས་དང་པོ་ལ་བཀོད་པའི་དགེ་བ་རྣམས་ཀྱིས་ཏིང་ངེ་འཛིན་འདིའི་བསོད་ནམས་ཀྱི་བརྒྱའི་ཆར་ཡང་ཉེ་བར་མི་འགྲོ་ཞེས་དཔེར་མཛད་ནས་བསོད་ནམས་ཚད་མེད་མང་པོ་གསུངས་པ་ཉིད་ཀྱི་བསྟན་པའི་ཏིང་ངེ་འཛིན་འདི་དང་ནི་སངས་རྒྱས་ཉིད་ཀྱི་བར་ན་སྒྲིབ་པས་ཆོད་པ་མེད་དོ། །དེ་བས་ན་སངས་རྒྱས་དང་བར་ཆད་མེད་པའི་ཏིང་ངེ་འཛིན་གང་ཡིན་པ་དེ་ནི་རྣམ་པ་ཀུན་མཁྱེན་པའི་ཡེ་ཤེས་ཉིད་ཡིན་ནོ། །རྣམ་མཁྱེན་འདིའི་དམིགས་པ་ནི་དངོས་པོ་མེད་པ་ཡིན་ནོ། །རྣམ་མཁྱེན་འདི་སྒྲུབ་པར་བྱེད་པའི་རྒྱུ་ལ་དབང་བྱེད་པའི་བདག་པོ་ནི་རྟེན་པའི་དབང་པོ་ཡིན་པར་མདོ་ལས་བཞེད་དེ། རྣམ་མཁྱེན་འདིའི་རྣམ་པ་ནི་སྡུག་བསྔལ་ཉེ་བར་ཞི་བ་ཉིད་ཡིན་ནོ། །གཉིས་པ་ནི། རྣམ་མཁྱེན་གྱི་ཡེ་ཤེས་ཆོས་ཐམས་ཅད་དངོས་པོ་མེད་པར་མཁྱེན་པ་འདི་ལ་ནི་དངོས་པོར་ཞེན་པའི་གྲུབ་མཐའ་སོ་སོར་རབ་ཏུ་འཛིན་པའི་དངོས་སྨྲ་བ་རྣམས་ཆོས་ཐམས་ཅད་དངོས་པོ་མེད་ན་རྣམ་མཁྱེན་ལ་བརྟེན་པའི་ཆོས་དམིགས་པ་ལ་སོགས་པའི་ཆོས་བཅུ་དྲུག་པོ་འདི་རྣམས་མི་འཐད་པར་འགྱུར་རོ་ཞེས་རྒྱུད་མར་རྒོལ་པར་བྱེད་པའི་རྩོད་གཞི་བཅུ་དྲུག་པོ་རྒྱུད་མར་བྱུང་བའི་ལན་རིམ་པར་བཏབ་པ་ནི། ཁྱབ་པ་མ་གྲུབ་སྟེ་ཤེས་ལ་གཟུགས་སོ། །ཆོས་
ཐམས་ཅད་ལ་འདུས་བྱས་ཀྱི་ངོ་བོ་མེད་པའི་ཕྱིར། རྣམ་མཁྱེན་དམིགས་པ་དངོས་པོར་མེད་པར་འཐད་པ་དང༌། ཆོས་ཐམས་ཅད་ཆོས་དབྱིངས་ཀྱི་ངོ་བོ་ཉིད་ཡིན་པའི་ཕྱིར་དམིགས་པ་དེའི་ངོ་བོ་དངོས་པོ་མེད་པ་ཉིད་དུ་ངེས་པར་གཟུང་བ་འཐད་པ་དང༌། ཆོས་ཐམས་ཅད་དངོས་པོ་མེད་པའི་ངོ་བོ་ཉིད་དུ་འདྲིས་པར་བྱེད་པ་སྦྱིན་སོགས་སྤྱོད་པ་ཉིད་བྱང་ཆུབ་ཀྱི་ལམ་ཡིན་པའི་ཕྱིར་ལམ་དེས་རྣམ་པ་ཀུན་མཁྱེན་པ་ཉིད་ཀྱི་ཡེ་ཤེས་ཐོབ་པ་འཐད་པ་དང༌། དངོས་པོ་མེད་པའི་ངོ་བོ་ཉིད་ལ་བདེན་གཉིས་གཞན་དང་གཞན་དུ་གྲུབ་པ་མེད་ཀྱང་དངོས་པོའི་འདུ་ཤེས་ཅན་དག་གི་དོན་དམ་པ་དངོས་པོ་མེད་པའི་ངོ་བོ་ཉིད་དེ་ཤེས་པར་བྱ་བའི་དོན་དུ་དངོས་པོ་ཡོད་མེད་ཀྱི་ཐ་སྙད་འདོགས་པ་ནི་རྩ་ཤེར་བཤད་དོ། །ཀུན་རྫོབ་ཀྱི་ཐ་སྙད་ལ་བརྟེན་པའི་ཕྱིར། དམ་པའི་དོན་དང་ཀུན་རྫོབ་ཀྱི་དབྱེ་བ་འཐད་པ་དང༌། བྱང་ཆུབ་ཀྱི་དོན་དུ་སྤྱོད་པ་ཡིན་པའི་ཕྱིར། བྱང་ཆུབ་སེམས་དཔའི་སྤྱོད་པ་ཡིན་པའི་ཕྱིར་བྱང་ཆུབ་སེམས་དཔའི་སྤྱོད་པ་འཐད་པ་དང༌། དངོས་པོ་ཡང་མེད་པ་ཡང་དག་པའི་དོན་རབ་ཏུ་རྟོགས་ཤིང་སྟོན་པའི་ཕྱིར་སངས་རྒྱས་དཀོན་མཆོག་འཐད་པ་དང་དངོས་པོ་མེད་པ་ནི་དེ་བཞིན་ཉིད་ཀྱི་ངོ་བོ་ཉིད་བྱང་ཆུབ་ཡིན་པའི་ཕྱིར་ཆོས་དཀོན་མཆོག་འཐད་པ་དང༌། བྱང་སེམས་རྣམས་དངོས་པོར་མི་དམིགས་པའི་ཚུལ་གྱི་བྱང་ཆུབ་དེ་ལ་སློབ་པའི་ཕྱིར་དགེ་འདུན་དཀོན་མཆོག་འཐད་པ་དང༌། ཆོས་ཐམས་ཅད་དངོས་པོ་མེད་པའི་རྟོགས་པའི་ཐབས་མཁས་དང་བྲལ་ན་རྣམ་མཁྱེན་མི་ཐོབ་པའི་ཕྱིར་ཆོས་ཐམས་ཅད་རང་གི་མཚན་ཉིད་ཀྱི་སྟོང་པར་ཤེས་ཤིང་འཇུག་པའི་ཐབས་
མཁས་དང་བཅས་པ་འཐད་པ་དང༌། དངོས་པོ་མེད་པའི་ངོ་བོ་ཉིད་ལ་མི་གཡོ་བའི་ཡེ་ཤེས་ལ་དངོས་པོ་ཡོད་མེད་ཀྱི་སྤྲོས་པ་མེད་པའི་ཕྱིར་ཐུབ་པ་མི་མངོན་པར་རྟོགས་པ་འཐད་པ་དང༌། དངོས་པོའི་ངོ་བོ་ཉིད་མེད་པའི་གཟུགས་སོགས་ལ་རྟག་མི་རྟག་སོགས་སུ་ཞེན་པ་ནི་ཕྱིན་ཅི་ལོག་ཏུ་སྤྲོས་པ་ཡིན་པའི་ཕྱིར་ཕྱིན་ཅི་ལོག་འཐད་པ་བྱང་སེམས་ནི། ངོ་བོ་ཉིད་མེད་པའི་ལམ་ཐམས་ཅད་ལ་སློབ་པའི་ཕྱིར་རྣམ་མཁྱེན་ཐོབ་བྱེད་ཀྱི་ལམ་དང་བཅས་པ་འཐད་པ་དང༌། ལམ་ཐམས་ཅད་ལ་སློབ་ཀྱང་ཤེས་པ་མཐོང་བས་དམན་པའི་ས་བརྒྱད་ལས་འདའ་བའི་ཕྱིར་གཉེན་པོ་ལམ་ཤེས་འཐད་པ་དང་བྱང་སེམས་རྒྱུན་ཞུགས་སོགས་ཉན་རང་གི་འབྲས་བུ་མངོན་དུ་བྱེད་པ་སྤོང་བའི་ཕྱིར་ལམ་ཤེས་ཀྱི་མི་མཐུན་ཕྱོགས་ཉན་རང་གི་ས་དག་འཐད་པ་དང༌། དངོས་པོའི་མཚན་ཉིད་མེད་པའི་དབྱིངས་ནི་སུས་ཀྱང་གློ་བུར་གནས་པར་མ་བྱས་ཤིང་ཡེ་ནས་དེ་བཞིན་དུ་གནས་པའི་ཕྱིར། ཆོས་ཐམས་ཅད་མཚན་ཉིད་གཅིག་པར་འཐད་པ་དང་དངོས་པོ་རྟོག་པའི་སྒོམ་པ་རྣམ་པར་ཞིག་ནས་མཚན་ཉིད་མེད་པ་སྒོམ་པ་ཉིད་ཤེར་ཕྱིན་སྒོམ་པ་ཡིན་པའི་ཕྱིར། ཤེར་ཕྱིན་སྒོམ་པ་འཐད་པ་སྟེ། དེ་རྣམས་ཀྱི་ཆོས་ཐམས་ཅད་དངོས་པོར་མེད་པ་ཡིན་ན་རྣམ་མཁྱེན་གྱི་དམིགས་པ་ནས་ཤེར་ཕྱིན་སྒོམ་པའི་བར་མི་འཐད་དོ་སྙམ་པའི་ལོག་པར་རྟོག་པས་ཀུན་ནས་སླང་བའི་རྩོད་པ་རྣམ་པ་ཀུན་མཁྱེན་པ་ཉིད་ལ་བརྟེན་པ་ཅན་གྱི་ཆོས་ལ་དངོས་སྨྲ་བ་རྣམས་ཀྱི་བསྒོམ་པའི་རྣམ་པ་བཅུ་དྲུག་དག་ཏུ་བྱུང་བ་རྣམས་གསལ་བར་བཞེད་པ་ཡིན་ནོ། །སྐབས་ལྔ་པའི་འགྲེལ་
བའོ།། །། ༈ གསུམ་པ་སྦྱོར་བ་དེའི་གོ་རིམ་མཐར་གྱི་དངོས་པོས་ཤེར་ཕྱིན་ཡང་དག་པར་བཤད་པ་ནི། སྦྱིན་པ་ནས་ཤེས་རབ་ཀྱི་བར་གྱི་ཕར་ཕྱིན་དག་ལ་དངོས་པོ་མེད་པའི་ཚུལ་གྱིས་རིམ་པ་ཡོད་ཚུལ་ནི་སེམས་དང་པོ་བསྐྱེད་པ་ནས་བཟུང་སྟེ། ཆོས་ཐམས་ཅད་རྨི་ལམ་ལྟ་བུ་དངོས་པོ་མེད་པའི་ངོ་བོར་ཤེས་པས་མི་དམིགས་པའི་ཚུལ་གྱིས་སྦྱིན་པ་ནས་ཤེར་ཕྱིན་གྱི་བར་རྣམས་ལ་སྤྱོད་པ་ནི་དངོས་པོ་མེད་ཀྱང་རིམ་གྱི་ཉན་རང་གི་ས་ལས་འདས་པ་ནས་བྱང་སེམས་ཀྱི་སྐྱོན་མེད་པ་ལ་འཇུག་གོ །དེར་ཞུགས་ནས་མཐར་གྱི་སངས་རྒྱས་ཀྱི་ཞིང་དག་པ་དང༌། སེམས་ཅན་སྨིན་པར་བྱས་ནས་རྣམ་མཁྱེན་ཐོབ་པར་བྱེད་དོ། །དེ་ལྟར་ན་ཕར་ཕྱིན་དྲུག་གིས་དངོས་པོའི་ངོ་བོ་ཉིད་མེད་ཀྱང་མཐར་གྱིས་སྤྱོད་པ་ཡོད་པ་ཡིན་ནོ། །སངས་རྒྱས་གཟུགས་སོགས་ཕུང་པོ་ལྔ་དང་གཟུགས་སྐུ་དང་ཚུལ་ཁྲིམས་སོགས་ཕུང་པོ་ལྔ་དང་སྟོབས་བཅུ་ལ་སོགས་པ་དང་རྟེན་འབྲེལ་གྱི་དངོས་པོ་དྲན་པ་མེད་ཅིང་ཡིད་ལ་བྱ་བའི་དངོས་པོ་མེད་པ་སྒྱུ་མ་ལྟ་བུ་ནི་སངས་རྒྱས་རྗེས་སུ་དྲན་པ་སྒོམས་པའོ་ལ་སོགས་པའི་སྒྲས་དགེ་མི་དགེ་ལ་སོགས་པ་འཁོར་འདས་ཀྱི་ཆོས་ཐམས་ཅད་དྲན་པ་མེད་ཅིང་ཡིད་ལ་བྱ་བ་མེད་པ་རྨི་ལམ་ལྟ་བུ་ནི་ཆོས་དང༌། དགེ་འདུན་སྐྱེས་བུ་ཟུང་བཞིའམ། ས་བརྒྱད་པོ་དྲན་པ་མེད་ཅིང་ཡིད་ལ་བྱ་བ་མེད་པ་སྤྲུལ་པ་ལྟ་བུ་ནི་དགེ་འདུན་དང་ཚུལ་ཁྲིམས་དྲི་མ་མེད་པ་ལ་གནས་ཏེ་ཚུལ་ཁྲིམས་དེ་དྲན་པ་མེད་ཅིང་ཡིད་ལ་བྱ་བ་མེད་པ་ཆུ་ཟླ་ལྟ་བུའི་ཚུལ་ཁྲིམས་དང༌། ལུས་དང་ཟང་ཟིང་དང་ཆོས་ཀྱི་སྦྱིན་
གཏོང་ཡང་དངོས་པོ་གསུམ་དུ་དྲན་པ་མེད་ཅིང་ཡིད་ལ་བྱ་བ་མེད་པ་དྲི་ཟའི་གྲོང་ཁྱེར་གྱི་ལུས་དང་ལོངས་སྤྱོད་ལྟ་བུ་ནི་གཏོང་བ་དང༌། འདོད་ལྷ་དང་གོང་མ་གཉིས་ན་སྤྱོད་པའི་ཕྱིར་མི་འོང་གི་ལྷ་དེ་དག་དངོས་པོར་དྲན་པ་མེད་ཅིང་ཡིད་ལ་བྱ་བ་མེད་པ་གཟུགས་བརྙན་ལྟ་བུར་དྲན་ཞིང་ཡིད་ལ་བྱེད་པ་ནི་ལྷ་རྗེས་དྲན་སྒོམ་པའོ། །སེམས་དང་པོ་བསྐྱེད་པ་ནས་བཟུང་སྟེ་ཆོས་ཐམས་ཅད་དངོས་པོ་མེད་པའི་ངོ་བོ་ཉིད་ཀྱི་ཚུལ་གྱིས་སྦྱིན་སོགས་ནས་རྣམ་མཁྱེན་བར་ལ་སློབ་པས་ཆོས་སྐུ་རིམ་གྱིས་རྣམ་མཁྱེན་གྱི་བར་དུ་རྫོགས་པ་སྟེ། མཐར་གྱི་འཇུག་པའི་བྱ་བ་ཡོངས་སུ་རྫོགས་པར་བཞེད་དོ། །སྐབས་དྲུག་པའི་འགྲེལ་བའོ།། །། ༈ བཞི་པ་སྦྱོར་བ་སྒོམ་པ་མཐར་ཐུག་པ་སྐད་ཅིག་གིས་མངོན་པར་རྫོགས་པར་བྱང་ཆུབ་པའི་དངོས་པོའི་ཤེར་ཕྱིན་ནི། ཡེ་ཤེས་འདི་ནི་ངེས་འབྱུང་སྒྲུབ་པའི་གནས་སྐབས་བར་ཆད་མེད་པའི་ཏིང་ངེ་འཛིན་རྒྱུན་མཐའི་སྐད་ཅིག་མ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ནམ་མཁའི་ཁམས་ཀྱི་མཐར་ཐུག་པ་ཡོངས་སུ་གང་བའི་འོད་གསལ་ཆོས་ཀྱི་སྔ་ཕྱི་མེད་པར་ཅིག་ཅར་དུ་རྟོགས་པར་བྱེད་པ་ཡིན་ནོ། །ཏིང་ངེ་འཛིན། གཅིག་པོ་འདི་ཉིད་རྟོགས་ཚུལ་གྱི་བཟློག་པའི་སྒོ་ནས་བཞིར་འཆད་པ་ལ། དང་པོ་ཟག་མེད་ཀྱི་ཆོས་ཀུན་ཅིག་ཅར་དུ་རྟོགས་པའི་སྐད་ཅིག་མ་ནི་སྦྱིན་པ་དང་ལ་སོགས་པའི་ཚུལ་ཁྲིམས་སོགས་ཀྱི་ཡེ་ཤེས་རེ་རེས་ཀྱང་ཟག་མེད་ཀྱི་ཆོས་ནམ་མཁའ་གང་བ་ཀུན་བསྡུས་པའི་ཕྱིར། ཐུབ་པ་རྣམ་མཁྱེན་ཐོབ་པའི་ཡེ་ཤེས་སྐད་མ་གཅིག་གིས་འོད་གསལ། ཆོས་ཉིད་ཀྱི་སྐུ་གསུམ་རྫོགས་
པར་ཅིག་ཅར་དུ་མཁྱེན་པའི་རྟོགས་པ་མཐར་ཐུག་གི་རྟོགས་ཚུལ་འདི་ནི་ཤེས་པར་བྱའོ། །ཇི་ལྟར་སྐྱེས་བུས་ཟོ་ཆུན་གྱི་རྒྱུན་ལྡོག་པ་བསྣུན་པའི་ཐབས་གཅིག་གིས་སྤྱོད་ཅིང་འགུལ་བ་ན་ཟོ་བ་ཐམས་ཅད་སྔ་ཕྱི་མེད་པར་ཅིག་ཅར་དུ་འགུལ་བ་དེ་ལྟར་ཡེ་ཤེས་སྐད་ཅིག་མ་གཅིག་གིས་ཅིག་ཅར་དུ་ཤེས་པ་དེ་ནི་དཔེ་དེ་བཞིན་ནོ། །གཉིས་པ་ཟག་མེད་རྣམ་པར་སྨིན་པའི་ཆོས་ཀུན་སྐད་ཅིག་གཅིག་ལ་ཤེས་པའི་སྐད་ཅིག་མ་ནི། ས་བཅུ་པའི་མཐར་བར་ཆད་མེད་པའི་ཏིང་ངེ་འཛིན་ཐོབ་པ་གང་གི་ཚེ་རྣམ་བྱང་དཀར་པོའི་ཆོས་ཐམས་ཅད་ཀྱི་རང་བཞིན་དུ་གྱུར་པ་ནམ་མཁའ་གང་བའི་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཆོས་སྐུར་རྣམ་པར་སྨིན་པ་ལྷུན་གྱིས་གྲུབ་པའི་གྲུབ་འབྲས་ཆོས་ཉིད་ཀྱི་གནས་སྐབས་སུ་རྫོགས་པར་སྒྲུབ་པ་མཐའ་དག་དང་བྲལ་བར་སྐྱེས་པ་དེའི་ཚེ། ཆོས་ཀྱི་སྐུ་རྫོགས་པར་སྐད་ཅིག་མ་གཅིག་གི་ཅིག་ཅར་དུ་རྟོགས་པའི་ཡེ་ཤེས་སོ། །གསུམ་པ་མཚན་ཉིད་མེད་པར་རྟོགས་པའི་སྐད་ཅིག་མ་ནི་བྱང་ཆུབ་སེམས་དཔའི་དུས་དེར་ཡང་སྦྱིན་པ་ལ་སོགས་པའི་སྤྱོད་པ་མི་འདོར་བ་ཡིས་ཆོས་སྐུ་རྨི་ལམ་དང་འདྲ་བར་རྟོགས་པའི་ཡེ་ཤེས་ལ་གནས་ནས་གཤིས་ལུགས་དོན་དམ་གྱི་ཆོས་རྣམས་དངོས་པོའི་མཚན་ཉིད་མེད་ལ་སྒྱུ་མ་དང་འདྲ་བ་ཉིད་དུ་རྫོགས་པར་ཡེ་ཤེས་སྐད་ཅིག་མ་གཅིག་གིས་ཅིག་ཅར་དུ་རྟོགས་སོ། །བཞི་པ་གཉིས་མེད་པར་རྟོགས་པའི་སྐད་ཅིག་མ་ནི། ཇི་ལྟར་རྨི་ལམ་དང་རྨི་ལམ་དེ་མཐོང་དེ་དག་ཉིད་དངོས་པོ་གཉིས་ཀྱི་ཚུལ་དུ་མི་མཐོང་བ་དང༌། དེ་ལྟར་དོན་དམ་འོད་གསལ་ངོ་བོ་ཉིད་སྐུའི་ཆོས་རྣམས་གཟུང་འཛིན་གཉིས་སུ་
མེད་པའི་ཡེ་ཤེས་དེ་ཁོ་ན་ཉིད་ཀྱི་ཆོས་ཀྱི་རྫོགས་པར་ས་བཅུ་རྒྱུན་མཐའི་ཡེ་ཤེས་སྐད་ཅིག་མ་ནི་གཅིག་གིས་ཅིག་ཅར་དུ་མཐོང་བ་དེས་ན། ས་བཅུའི་མཐར་ཐུག་པའི་ཡེ་ཤེས་སྐད་ཅིག་མ་གཅིག་གིས་མངོན་པར་རྫོགས་པར་བྱང་ཆུབ་པ་ཡིན་ནོ། །སྐབས་བདུན་པའི་འགྲེལ་བའོ།། །། ༈ གསུམ་པ་རྒྱུ་སྦྱོར་བ་བཞི་པོས་གཞི་ཆོས་ཉིད་ཀྱི་མཁྱེན་པ་གསུམ་གྱི་རྣམ་པ་རྣམས་ལས་བསླབ་པས་གློ་བུར་དྲི་མ་འདུས་པ་དག་པ་གནས་གྱུར་པ་ལ། ངོ་བོ་ཉིད་ཀྱི་སྐུ་དང༌། ལོངས་སྤྱོད་རྫོགས་པའི་སྐུ་དང༌། སྤྲུལ་པའི་སྐུ་དང༌། འཕྲིན་ལས་བཤད་པའོ། །དང་པོ་ལ་རང་བཞིན་པའི་སྐུ་སྤྱིར་བསྟན་པ་དང༌། ཟག་མེད་ཀྱི་ཆོས་བརྒྱ་བཞི་བཅུ་སོ་སོར་བཤད་པ་དང༌། ཉོན་མོངས་མེད་པ་དང༌། སྨོན་ནས་མཁྱེན་པ་དམིགས་ཀྱི་ཕྱེ་བ་དང་ཁྱབ་པ་དང་རྟག་པའི་དོན་བསྟན་པའོ། །དང་པོ་ནི་ཐུབ་པ་ཡང་ཡིན་ལ་ངོ་བོ་ཉིད་ཀྱི་སྐུ་ཡང་ཡིན་པས་ན་ཐུབ་པའི་ངོ་བོ་ཉིད་ཀྱི་སྐུ་གང་ཡིན་པ་དེ་ནི་ཟག་པ་མེད་པའི་ཆོས་སམ། ཡོན་ཏན་མཐར་ཐུག་མ་ཁྱབ་གསར་དུ་བསྐྱེད་པ་མིན་པར་གདོད་ནས་རང་ཆས་སུ་ཡོད་པ་གང་དག་ཐོབ་པར་འགྱུར་བའི་ངོ་བོ་སྒྲིབ་གཉིས་བག་ཆགས་དང་བཅས་པ་སྤངས་པས་རྣམ་པ་ཀུན་དུ་རྣམ་པར་དག་པ་དེ་དག་བཅོས་མ་གློ་བུར་བ་མ་ཡིན་གྱི་རང་བཞིན་པའི་སྐུ་གཉུག་མའི་མཚན་ཉིད་ཅན་ཡིན་ནོ། །གཉིས་པ་ནི་མཐར་ཐུག་འབྲས་བུའི་ཆོས་སྐུ་བསྡུས་པའི་དྲན་པ་ཉེར་བཞག་ལ་སོགས་པའི་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་སུམ་ཅུ་རྩ་བདུན་པ་ཆོས་ཀྱི་སྐུའི་བར་གྱི་ཡེ་ཤེས་
བརྒྱ་བཞི་བཅུ་པོ་རྣམས་སོ། །ཚད་མེད་བཞི་དགོངས་པ་ནི་སྐབས་འདིར་སེམས་ཅན་ཐམས་ཅད་ལ་བརྩེ་བ་སྟེ། བྱམས་པ་བདེ་བ་དང་འཕྲད་པ་དང༌། སྙིང་རྗེ་སྡུག་བསྔལ་དང་བྲལ་བ་དང༌། དགའ་བ་བདེ་བ་དང་མི་འབྲལ་བ་དང༌། བཏང་སྙོམས་ཉེ་རིང་མེད་པར་ཐམས་ཅད་ལ་ཕན་པར་དགོངས་པ་ཉིད་དེ། སེམས་ཅན་རྣམས་ལ་བརྩེ་བ་ཅན་ཞེས་སོགས་སྒྲིབ་པ་ཐམས་ཅད་ལས་ངེས་པར་གྲོལ་བ་ནི། རྣམ་པར་ཐར་པ་དང༌། ཉིད་ཀྱི་ཐུགས་ལ་མངའ་བསྒྱུར་བས་ཇི་ལྟར་བཞེད་པ་བཞིན་དུ་བྱིན་གྱིས་རློབས་པ་ནི། འཇིག་རྟེན་ཐམས་ཅད་ཟིལ་གྱིས་གནོན་པ་དང༌། ཤེས་བྱ་ཐམས་ཅད་ལ་ཡེ་ཤེས་ཀྱི་ཁྱབ་པ་ནི་ཟད་པར་སེམས་བསྐྱེད་དེ་ཐུབ་པས་སྒྲིབ་ཀུན་ངེས་པར་གྲོལ་ཞེས་སོགས། མཐར་གྱིས་གནས་པའི་སྙོམས་འཇུག་དགུའི་བདག་ཉིད་ནི་བསྟན་ཟིན་ཏོ། །ཟད་པར་གྱི་དབྱེ་བ་དང་བཅུའི་བདག་ཉིད་ནི་མཐའ་དག་པ་ནས། ནམ་མཁའི་བར་སྟེ་ལམ་དུས་སུ་ཡང་བསྟན་པ་སེམས་ལ་དབང་ཐོབ་པས། ཟད་པར་འདི་དག་ཇི་ལྟར་མོས་པ་བཞིན་དུ་འཆར་བ་ནི་སྲོག་གཟུགས་གྲུབ་པའི་མཐུ་ལས་སོ། །ཟིལ་གྱིས་གནོན་པའི་སྐྱེ་མཆེད་ཀྱི་བར་དུ་དབྱེ་བ་བརྒྱད་ནི། ནང་གཟུགས་སུ་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་ཕྲ་མོ་ཁ་དོག་འདུག་མི་འདུག་མཐོང་ཡང་ཟིལ་གྱིས་མནན་ཏེ་ཤེས་ཤིང་མཐོང་བ་དང༌། དེ་བཞིན་དུ་ནང་གཟུགས་སུ་ཞེས་པ་ནས་ཕྱི་རོལ་གྱི་གཟུགས་རགས་པ་ཞེས་སོགས་ནས་ཤེས་ཤིང་མཐོང་བ་སྟེ་ཞེས་པ་རིགས་འགྲེ། ནང་གཟུགས་མེད་པར་ཞེས་པ་ནས་
ཕྱི་རོལ་གྱི་གཟུགས་ཕྲ་བ་དང༌། རགས་པ་གཉིས་སྔ་མ་བཞིན་མཐོང་བ་སྟེ་བཞི་དང༌། དེ་བཞིན་དུ་ནང་གཟུགས་མེད་པར་ཞེས་པ་ནས་ཕྱི་རོལ་གྱི་གཟུགས་སྔོན་པོ་ནས་དཀར་པོ་མཐོང་བའི་བར་ཡང་དེ་དག་ཟིལ་གྱི་མནན་ཏེ་ཤེས་ཤིང་མཐོང་བ་སྟེ་དེ་ལྟར་བརྒྱད་དོ། །ཉོན་མོངས་མེད་དང་རྣམ་མཁྱེན་གཉིས་འོག་ཏུ་བསྟན་ཏེ། འདིར་མངོན་ཤེས་དྲུག་གི་གདམས་ངག་འདོམ་པ་ནི་རྫུ་འཕྲུལ་གྱི་མངོན་ཤེས་ཀྱི་གདུལ་བྱའི་སར་གཤེགས་པ་དང༌། གཞན་སེམས་ཤེས་པས་སེམས་ཀྱི་སྤྱོད་པ་མཁྱེན་པར་མཛད་དེ་ལྷའི་རྣ་བས་དེ་དག་གི་སྐད་མཁྱེན་པ་དང༌། སྔོན་གྱི་གནས་རྗེས་སུ་དྲན་པས་སྔོན་གྱི་གནས་ནས་འདིར་འོང་པ་དང༌། ལྷའི་མིག་གི་ཕྱི་མའི་མཐར་འགྲོ་བ་དང༌། ཟག་ཟད་ཀྱི་འཁོར་བ་ལས་ངེས་པར་ཇི་ལྟར་འབྱུང་བ་མཁྱེན་པ་དེ་བཞིན་དུ་ལེགས་པར་འདོམས་པ་སྟེ། གཤེགས་ནས་སྤྱོད་པ་མཁྱེན་མཛད་ཅིང༌། གང་ལ་ཡང་བློ་གྲོས་སྟན་དུ་ཐོག་པ་མི་མངའ་བས་སོ་སོར་ཡང་དག་པར་རིག་བཞིའི་རྟེན་ཆོས་དང་བརྟེན་པ་དོན་གཉིས་ཀ་བཤད་པར་བྱ་བ་དང་གསུང་དང་མཁྱེན་པས་འཆད་བྱེད་ཡིན་ལ། དེ་དག་ལེགས་པར་སྟོན་ཏེ། རྟེན་དང་བརྟེན་པར་བྱ་དང་ཞེས་སོགས་རྣམ་པ་ཐམས་ཅད་ཡོངས་སུ་དག་པ་དང༌། བཞི་ལུས་ལེན་པ་དང་གནས་དང་གཏོང་བ་ལ་མངའ་བརྙེས་པས་ལུས་ཡོངས་སུ་དག་པ་དང༌། སྤྲུལ་པ་དང༌། བསྒྱུར་བ་ལ་མངའ་བརྙེས་པས་དམིགས་པ་ཡོངས་སུ་དག་པ་དང༌། ཏིང་ངེ་འཛིན་ལ་མངའ་བརྙེས་པས་ཐུགས་ཡོངས་སུ་དག་པ་དང༌།
ཡེ་ཤེས་ལ་མངའ་བརྙེས་པས་མཁྱེན་པ་ཡོངས་སུ་དག་པ་སྟེ་བཞིའོ། །ལེན་དང་གནས་དང་གཏོང་བ་དང་དབང་བཅུ་དང་ནི་ཞེས་པ། ཚེས་སེམས་ལས་དང་ཡོ་བྱད་སྐྱེ། མོས་སྨོན་རྫུ་འཕྲུལ། ཡེ་ཤེས་ཆོས་འདི་དག་ལ་ཇི་ལྟར་འདོད་པ་བཞིན་དུ་དབང་བསྒྱུར་ནུས་པས་ན་དབང་ངོ༌། །སྟོབས་བཅུས་སེམས་ཅན་རྣམས་བསླུ་བའི་བདུད་འཇོམས་པ་ན་སྟོབས་དང་པོས་བདེ་འགྲོ་དང་ངན་འགྲོའི་ཐབས་ལ་བླུ་བསླ་བ་དང༌། གཉིས་པས་ལྷ་ལ་སོགས་པ་སྐྱབས་མིན་ལ་སྐྱབས་སུ་བླུ་བ་དང༌། དྲུག་པས་ཟག་བཅས་ཀྱི་དག་པ་ཙམ་གྱིས་རབ་ཏུ་དག་པར་བླུ་བ་དང༌། ལྷག་མ་བདུན་པོས་ཐེག་ཆེན་གྱི་ངེས་པར་འབྱུང་བ་ལ་རབ་ཏུ་བསླུ་བའི་བདུད་འཇོམས་པ་སྟེ། ཐབས་དང་སྐྱབས་དང་དག་པ་དང༌། མི་འཇིགས་པ་བཞི་ནི་རིམ་པ་ལྟར་རང་དོན་དུ་ཡེ་ཤེས་དང་སྤངས་པ་དང༌། གཞན་དོན་དུ་ངེས་པར་འབྱུང་བ་དང་གེགས་སྟོན་པར་མཛད་པ་ལ་གཞན་དག་གི་མི་རྫི་པའི་ཕྱིར་མི་འཛིན་པར་ཏེ། རང་གཞན་དོན་དུ་ཡེ་ཤེས་དང༌། དེ་བཞིན་གཤེགས་པའི་སྐུ་གསུང་ཐུགས་ཀྱི་སྤྱོད་པ་མ་དག་པ་གཞན་གྱི་ཤེས་ཀྱི་དོགས་ནས་བསྲུང་བ་སྟེ་མེད་པའི་ཕྱིར། འཁོར་གྱི་ནང་ན་བག་ཀྱང་དེ་གསུངས་པ་ནི། བསྲུང་བ་མེད་པ་རྣམ་པ་གསུམ་མོ། །ཆོས་ཉན་པ་ལ་གུས་པ་དང༌། མ་གུས་པ་དང༌། ཆ་མཉམ་པའི་འཁོར་གསུམ་ལ་གོ་རིམ་ལྟར་ཆགས་པ་དང་ཁོང་ཁྲོ་བ་དང་ཆ་སྙོམ་པའི་གཡེངས་བ་གསུམ་གྱིས་རྟེན་པ་མི་སྙེལ་བའི་ཕྱིར་བཏང་སྙོམས་ཀྱི་དྲན་པ་ཉེ་བར་བཞག་པ་གསུམ་སྟེ། བསྲུང་མེད་སྙེལ་བ་མི་མངའ་
བ། སྙེལ་བས་སེམས་ཅན་གྱི་དོན་དུས་ལས་འདའ་བ་མི་སྲིད་པས་མཛད་པ་རྟག་ཏུ་འབྲས་བུ་ཡོད་པ་ནི་སྙེལ་བ་མི་མངའ་བའི་ཆོས་ཉིད་དེ། སེམས་ཅན་ཀུན་གྱི་བྱ་བ་ལ། དེ་བཞིན་གཤེགས་པ་ལ་གནས་དང་རྒྱུ་བ་ལ་རྟག་ཏུ་ཀུན་མཁྱེན་མིན་པའི་སྤྱོད་པ་ནམ་ཡང་མི་མངའ་བ་ནི་བག་ཆགས་ཡང་དག་པར་བཅོམ་པ་སྟེ། ཀུན་མཁྱེན་ཁྱོད་ལ་རྒྱུ་བ་དང༌། སུ་ནི་དར། སུ་ནི་རྒུད་ཅེས་པའི་ཚུལ་གྱི་འཇིག་རྟེན་ཐམས་ཅད་ལ་ཉིན་ལན་གསུམ་མཚན་ལན་གསུམ་སོ་སོར་གཟིགས་པ་ནི་སྐྱེ་བོ་ལ་ཐུགས་རྗེ་ཆེན་པོ་སྟེ། འཇིག་རྟེན་ཀུན་ལ་ཉིན་མཚན་དུ། སྤྱོད་པ་མ་འདྲེས་པ་དྲུག །རྟོགས་པ་མ་འདྲེས་པ་དྲུག །ཡེ་ཤེས་མ་འདྲེས་གསུམ། འཕྲིན་ལས་མ་འདྲེས་གསུམ་སྟེ། བཅོ་བརྒྱད་ནི་ཐུབ་པ་ཁོ་ནའི་མ་འདྲེས་པའི་ཆོས་བཅོ་བརྒྱད་དེ། སྤྱོད་པ་དང་ནི་རྟོགས་པ་དང༌། སྐུ་གསུམ་གྱི་བྱང་ཆུབ་ཆེན་པོ་བརྙེས་ནས། སེམས་ཅན་ཐམས་ཅད་ཀྱི་ཐེ་ཚོམ་གཅོད་པའི་ཕྱིར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དེ། སྐུ་གསུམ་དག་གི་བྱང་ཆུབ་ཆེ། མཐར་ཐུག་འོད་གསལ་ཡེ་ཤེས་སམ་ཆོས་ཀྱི་ཕུང་པོ་ནི་ཆོས་ཀྱི་སྐུ་ཞེས་བྱ་བ་སྟེ། ཟག་མེད་ཀྱི་ཆོས་བརྒྱ་དང་བཞི་བཅུ་པོ་དེ་རྣམས་ངོ་བོ་ཉིད་ཀྱི་བསྡུས་པའི་ཆོས་ཡིན་པར་བརྗོད་པ་ཡིན་ནོ། །གསུམ་པ་ཉོན་མོངས་མེད་པ་ནི་ཉན་ཐོས་ཉོན་མོངས་མེད་པ་ནི། ཉོན་མོངས་པ་སྐྱེ་བའི་སྐྱོན་སྤོངས་པ་ཙམ་དང༌། ཉོན་མོངས་སྐྱེ་བ་རྣམས་ཀྱི་གཉེན་པོ་མི་བྱེད་པ་ཉིད་དོ་མི་ལ་སོགས་པའི་གདུལ་བྱ་མང་པོའི་ཉོན་མོངས་རྣམས་ཡོངས་སུ་སྤོང་བ་ཉིད་དང༌། གྲོང་ལ་སོགས་པ་རྣམས་སུ་སེམས་
ཅན་ཕ་རོལ་པོ་དེ་དང་དེའི་ཉོན་མོངས་རྣམས་སྐྱེས་པ་དང་སྐྱེས་འགྱུར་རྒྱུན་སྤྱོད་པའི་མཐུ་སྤྱོད་ཏིང་ངེ་འཛིན་དེ་ནི་རྒྱལ་པའི་ཉོན་མོངས་མེད་པའོ། །སེམས་ཅན་རྣམས་ནི་ཐམས་ཅད་ཀྱི། སྤྱིར་སྨོན་ནས་ཙམ་ཤེས་པ་ནི་བདེན་གཉིས་ཀྱི་བསྡུས་པའི་ཤེས་བྱ་གང་ཡང་རུང་བ་འགའ་ཞིག་ཤེས་པར་སྨོན་ནས་དེ་ཤེས་པ་ནི་སྨོན་ལམ་སྔོན་དུ་སོང་བས་སྨོན་པ་ཤེས་པའོ། །སངས་རྒྱས་ཀྱི་སྨོན་ནས་མཁྱེན་པ་ནི་ལྷུན་གྱིས་གྲུབ་པར་མངོན་དུ་གྱུར་པ་དང༌། ཆགས་པ་སྤངས་པ་དང༌། ཤེས་བྱ་ལ་ཐོག་པ་མེད་པ་དང༌། རྟག་ཏུ་མཉམ་པར་གཞག་པ་ལ་གནས་པ་དང༌། མཐའ་ཡས་པའི་ཐེ་ཚོམ་གྱི་དྲི་བ་འདྲི་བ་ཀུན་གྱི་ལན་དུས་སྐད་ཅིག་མ་གཅིག་ལ་འདེབས་པར་ནུས་པ་སྟེ། ཆོས་ལྔས་ཁྱད་པར་དུ་འཕགས་པར་བཞེད་དེ། ལྷུན་གྱིས་གྲུབ་ཅིང་ཆགས་མི་མངའ། །བཞི་པ་ནི། གལ་ཏེ་སངས་རྒྱས་སེམས་ཅན་གྱི་དོན་ལ་བསྙེལ་བ་མེད་པར་ཀུན་ཁྱབ་ཏུ་རྟག་པར་བཞུགས་ན་སེམས་ཅན་ཐམས་ཅད་ལ་མི་སྣང་བ་ཅི་ཞེ་ན། སངས་རྒྱས་མཐོང་བའི་རྒྱུ་དད་པ་ལ་སོགས་པའི་དགེ་བ་ནི་ཡོངས་སུ་སྨིན་པར་གྱུར་པ་དེ་ནས། སྐུ་ལ་སོགས་པའི་འཕྲིན་ལས་གང་གདུལ་བྱ་གང་ལ་འདུལ་བའི་རྣམ་པ་གང་དང་གང་གི་དུས་གང་གི་དུས་གང་གི་ཚེ་འདུལ་བའི་བྱ་བ་གདུལ་བྱ་ལ་ཕན་པར་གྱུར་པ་དེའི་ཚེ་འཇིག་རྟེན་དུ་བྱོན་པའི་སངས་རྒྱས་དེ་སྣང་བ་དང་གདུལ་བྱ་དེ་ལ་འདུལ་པའི་རྣམ་པ་སྐུ་དང་གསུང་གི་རྣམ་འགྱུར་སྣ་ཚོགས་པ་དེ་ལ་སྣང་ངོ༌། །གལ་ཏེ་སངས་རྒྱས་འཇིག་རྟེན་དུ་བྱོན་པ་སེམས་ཅན་ཡིན་ཅོག་ལམ་ལ་འགོད་དོ་ཞེ་ན། དེ་ལྟ་མ་ཡིན་ཏེ།
དཔེར་ན་ལྷའི་རྒྱལ་པོས་ཕྱོགས་རིས་མེད་པར་ཆར་ཕབ་ཀྱང༌། མེས་ཚིག་པ་ལྟ་བུ་ས་བོན་དུ་མི་རུང་བ་ལ་འདོད་པའི་འབྲས་བུ་མི་འཁྲུངས་པ་ལྟར། སངས་རྒྱས་རྣམས་ཀྱིས་འཇིག་རྟེན་དུ་བྱོན་ནས་དམ་ཆོས་བདུད་རྩིའི་ཆར་པ་ལྟོས་མེད་དུ་ཕབ་ཀྱང་ཆོས་ཀྱི་སྐལ་བ་མེད་པས་བསྟན་པ་མེད་པས་བསྟན་པ་བདུད་རྩིའི་བཟང་པོ་མི་མྱོང་སྟེ། བྱམས་པས་ཇི་ལྟར་ཆུའི་སྣཽད་ཆག་ན། །ཞེས་སོགས། སྐལ་མེད་ལ་མི་སྣང་ཡང་སངས་རྒྱས་ཀྱི་འཕྲིན་ལས་ཡུལ་དུས་ཀུན་ཁྱབ་ཏུ་འཇུག་པར་གོང་དུ་བསྟན་པ་དེ་ལྟར་སྐུ་གསུང་ཐུགས་ཀྱི་མཛད་པ་རྒྱ་ཆེ་བ་ནམ་མཁའ་དང་མཚུངས་པའི་སངས་རྒྱས་ནི་བྱང་ཆུབ་ཉིད་ཡིན་ལ་བྱང་ཆུབ་ནི་ནམ་མཁའ་དང་མཉམ་པ་སྟེ། བྱང་ཆུབ་ནམ་མཁའི་ཁམས་བཞིན་ནོ། །སངས་རྒྱས་ཀྱི་ནམ་མཁའ་ཁྱབ་པར་ངེས་པར་བརྗོད་དོ། །སངས་རྒྱས་དེ་ཉིད་གཉུག་མའི་རང་བཞིན་ཡིན་པའི་ཕྱིར་དང༌། དེའི་མཛད་པ་དུས་ནམ་ཡང་ཟད་པ་མེད་པའི་ཕྱིར། དེ་བཞིན་གཤེགས་རང་བཞིན་པ་དེ་རྟག་པ་ཞེས་ཀྱང་བརྗོད་པ་ཡིན་ནོ། །གཉིས་པ་ལོངས་སྤྱོད་རྫོགས་པའི་སྐུ་ལ་བསྟན་བཤད་གཉིས། དང་པོ་ནི། སྐུ་གསུང་ཐུགས་ལ་སྟེ་ཡེ་ཤེས་ཀྱིས་ངོ་བོར་གྱུར་པའི་མཚན་ནི་སུམ་ཅུ་རྩ་གཉིས་དང༌། དཔེ་བྱད་བརྒྱད་ཅུའི་བདག་ཉིད་དུ་ཆོས་སྟོན་པ་འདི་ཐེག་ཆེན་གྱི་ཆོས་རྫོགས་པར་ཉེ་བ་ལོངས་སྤྱོད་པའི་སྐུ་ཡིན་པའི་ཕྱིར་ཐུབ་པའི་ལོངས་སྤྱོད་རྫོགས་པའི་སྐུ་ཡིན་པར་མདོ་ལས་བཞེད་དོ། །གཉིས་པ་ལ་མཚན་བཟང་བཤད་པ་དང༌། དཔེ་བྱད་བཤད་པ་གཉིས།
དང་པོ་ནི། དེ་ལ་སྔོན་གྱི་ལས་སྨོས་པས་ནི་མཚན་འདི་དག་ཏུ་གྲུབ་པའི་རྒྱུ་དང༌། སྔ་ལྟས་ཀྱིས་ནི་མཚན་འདི་དག་གི་འབྲས་བུ་བསྟན་པར་ཤེས་པར་བྱའོ། །བླ་མ་བསུ་སྐྱེལ་དང་ཆོས་ཉན་པ་ལ་བསྟོད་པ་དང༌། མཆོད་རྟེན་ལ་སོགས་པ་ལ་བསྟི་སྟང་བྱས་པས་ཕྱག་དང་ཞབས་རྩིབས་སྟོང་གི་འཁོར་ལོ་མཚན་པ་དང་ལྡན་པ་སྟེ་འཁོར་ཤིན་ཏུ་མང་བའི་སྔ་ལྟས་སོ། །ཡི་དམ་ལ་བརྟེན་པས་ཞབས་རུས་སྦལ་བཞིན་དུ་གནས་པ་སྟེ། དེ་ནི་མི་གཡོ་ཞིང་བརྟན་པའི་ལྟས་སོ། །ཞེས་སྔ་ལྟས་སོ་ཞེས་པ་ཀུན་ལ་སྦྱར་རོ། །བསྡུ་བ་བཞི་གོམས་པར་བྱས་པས། ཕྱག་དང་ཞབས་ཀྱི་སོར་མོ་ངང་བའི་རྒྱལ་པོ་ལྟར་དྲ་བས་འབྲེལ་བ་སྟེ། དེ་ནི་འཁོར་མྱུར་དུ་འདུ་བའི༴ བཟའ་བཏུང་ཞིམ་ཞིང་ཉམས་སུ་བདེ་བ་བྱིན་པས་ཕྱག་ནི་ཞབས་དང་བཅས་པ་འཇམ་ཞིང་གཞོན་ཤ་ཆགས་པ་དང༌། ཐུབ་པ་འདིའི་སྐུ་ནི་ཞབས་གཉིས་དང༌། ཕྱག་གཉིས་དང༌། ཕྲག་པ་གཉིས་དང༌། ལྟག་པ་སྟེ་བདུན་དག་མཐོ་བ་དང༌། མཚན་དེ་གཉིས་ནི། བཟའ་བ་དང་བཅའ་བ་དང་བཏུང་བ་ཞིམ་ཞིང་ཉམས་སུ་བདེ་བ་ཐོབ་པའི༴ བཅིང་བ་བཀྲོལ། སྲོགས་བསྐྱབས། སྲོག་གཅོད་སྤངས་པ་ཕྱག་ཞབས་ཀྱི་སེན་མོ་རིང་བ་དང་རྟིང་པ་ཡངས་པ་སྐུ་ཆེ་ཞིང་དྲང་བ་སྟེ། དེ་ནི་ཚེ་རིང་བའི༴ དགེ་བའི་ཆོས་བླང་བ་དང་གཟུངས་བ་སྤེལ་ཞིང་མི་འགྲིབ་པར་བྱས་པས་ཞབས་ཀྱི་འབུར་སྐྱོད་མི་མངོན་པ་དང༌། བ་སྤུའི་རྩེ་མོ་ནི་གྱེན་དུ་ཕྱོགས་པ་སྟེ། དེ་ནི་མི་མཉམ་པའི་ཆོས་དང་ལྡན་པའི༴ རིག་པ་དང་བཟང་པོའི་ལས་ནི་བླང་བ་དང༌།
གཞན་ལ་བྱིན་པས་རི་དྭགས་ཨེ་ནྱེ་ཡེ་ཤ་བའི་བྱིན་པ་འདྲ་བ་སྟེ། དེ་ནི་མྱུར་དུ་འཛིན་པའི༴ ནོར་ལ་སེར་སྣ་མ་བྱས་པས་མ་བཏུད་ཀྱང་བརླ་དྲང་པོ་པུས་མོའི་ལྷ་ངར་སླེབ་པའི་ཕྱག་རིང་ཞིང་མཛེས་པ་སྟེ་དེ་ནི་ཡོ་བྱད་ལ་མངའ་བརྙེས་པ་དང་དལ་བའི་མཛའ་བ་མ་ཕྱེ་བ་དང་བྱེ་མའི་སེམས་ཅན་རྣམས་ཚངས་སྤྱོད་ལ་བསྐུལ་བ་དང༌། གསང་ཚིག་བསྲུང་བས་འདོམ་གྱི་གསང་ཞིང་སྦ་བར་བྱ་བ་གླང་པོ་ཆེ་བཞིན་ཏུ་སྦུབས་སུ་ནུབ་པའི་མཆོག་ཏེ་བུ་མང་བའི༴ གོས་གདན་དང་གཞལ་མེད་ཁང་དང་གནས་བཟང་པོ་བྱིན་བས་པགས་པ་གསེར་ལ་སོགས་པའི་མདོག་ལྟར་སྣུམ་པ་དང་པགས་པ་སྲབ་པ་སྟེ། དེ་དག་ནི་གདན་ན་བཟའ་གཞལ་མེད་ཁང་དང་གནས་བཟང་པོ་ཐོབ་པའི༴ འདུ་འཛིན་སྤངས་པ་དང་མཁན་སློབ་ཕ་མ་ལ་སོགས་ལ་ཚུལ་བཞིན་བཀུར་སྟི་སོགས་བྱས་པ་བ་སྤུ་རྣམས་བུ་ག་ནི་རེ་རེ་ནས་གཡས་སུ་ལེགས་པར་འཁྱིལ་བ་འཁྲུངས་པ་དང༌། ཞལ་གྱི་སྨིན་མའི་དབུས་སུ་དཀར་ཞིང་ཤིན་ཏུ་ཕྲ་བས་སུམ་ཅུ་རྩ་གཉིས་ཀྱི་མཛོད་སྤུ་གཡས་སུ་འཁྱིལ་བ་ཟླུམ་པོས་བརྒྱན་པ་སྟེ་དེ་ནི་སྙམ་པ་མེད་པའི༴ མི་སྨོད་ལ་སྙན་པར་སྨྲས་ཤིང་ལེགས་བཤད་མཐུན་པར་འཛིན་པས་རོ་བསྟོད་སེང་གེའི་རོ་བསྟོད་འདྲ་བ་དང༌། ཐུབ་པའི་སྐུ་དེ་དེའི་དཔུང་པའི་མགོ་ལྷུན་མཛེས་ཤིང་ཟླུམ་པ་སྟེ་ཐུབ་པ་མེད་པའི༴ ནད་པ་རྣམས་ལ་སྨན་སྤྱད་རིམ་གྲོ་དང་རྩི་དང་ཕན་པའི་ཟས་བྱིན་པས་ཐལ་གོང་མགྲིན་པ་ཟླུམ་ཞིང་ཐོང་ཀ་རྒྱས་པ་དང་ཐུབ་པ་འདི་ལ་རླུང་མཁྲིས་བད་ཀན་གྱི་མ་ཉམས་པའི་རྩའི་
མཆོག་རྣམས་མངའ་བས་རོ་མི་ཞིམ་པ་ཡང་རོ་མཆོག་ཏུ་སྣང་བ་སྟེ་ནད་ཉུང་བའི༴ སྐྱེད་མོས་ཚལ་སོགས་སྦྱིན་བས་སྐུ་ནི་ཆུ་ཞིང་མཉམ་པ་སྟེ་ནྱཻ་གྲོ་དྷ་ལྟར་ཆུ་ཞིང་གབ་པ་དང་༴ དབུ་གཙུག་ཏོར་དང་ལྡན་པ་སྟེ་དེ་ནི་མངའ་ཐང་ཆེན་པོ་མངའ་བའི་ཡུན་རིང་པོར་ཚིག་སྙན་ཞིང་འཇམ་ལ་ཉམས་སུ་བདེ་བ་སྨྲས་པས་ལྗགས་དབུ་སྐྲ་དང་སྙན་གྱི་བར་དུ་སློབ་ལ་དཔྲལ་བ་ཡང་ཁེབ་པས་རིང་ལ་ཡང་ཤིང་མཛེས་པ་དང༌། ཚངས་པའི་དབྱངས་ནི་ནང་དུ་ཇི་ལྟ་བ་བཞིན་དུ་ཕྱི་རོལ་དུ་ཡང་ཐོབ་པ་སྟེ་དེ་གཉིས་ནི་ཡན་ལག་ལྔ་ལྡན་གྱི་གསུང་མངའ་བའི༴ ཡན་ལག་ལྔ་ནི། ཡོངས་སུ་ཤིས་ཤིང་ཤེས་པར་འགྱུར་བ་དང༌། སྙན་ན་དགའ་བ་དང༌། ཟབ་ཅིང་དབྱངས་རྗེས་སུ་འབྱུང་བ་དང༌། བཏང་མི་བྲ་བ་དང༌། མ་འཁྲུགས་ཤིང་གསལ་བའོ། །ཡུན་རིང་མོ་ནས་ཚིག་འཁྱལ་བ་སྤངས་ཞིང་དུས་སུ་སྨྲས་པས་འགྲམ་པ་སེང་གེ་དང་འདྲ་བ་སྟེ། དེ་ནི་ཚིག་ཀུན་གྱི་ཉན་པའི༴ འཚོ་བ་ཡོངས་སུ་དག་པས་ཚེམས་ཤིན་ཏུ་དཀར་བ་དང༌། ཚེམས་མཉམ་པ་སྟེ་དེ་ནི་འཁོར་སྔ་ནས་བསགས་པའི༴ ཡུན་རིང་པོ་ནས་བདེ་ཞིང་ཕྲ་མ་མེད་པའི་ཚིག་སྨྲས་པས་ཚེམས་ཐགས་བཟང་བ་དང་གྲང་ནི་བཞི་བཅུ་ཐམ་པ་ཚང་བ་སྟེ། དེ་ནི་དབྱེར་མི་ཕྱེད་པའི༴ ཆགས་སྡང་རྨོངས་པ་མེད་པའི་མིག་གི་བལྟས་པས་སྤྱན་ནི་དཀར་ནག་ཤས་ཕྱེད་པ་དཀར་བའི་ས་ནི་ཤིན་ཏུ་དཀར་བ་དང་ནག་པོའི་ས་ནི་མཐོན་མཐིང་ཅན་དང༌། སྤྱན་གྱི་རྫི་མ་བ་ཁྱུ་མཆོག་གི་རྫི་མ་འདྲ་བ་སྟེ་དེ་ནི་ཀུན་ནས་མཛེས་པའི་སྔ་ལྟས་སོ། །
བཤད་མ་ཐག་པ་འདི་དག་གྲངས་སུམ་ཅུ་རྩ་གཉིས་ཚང་བའི་མཚན་བཟང་པོ་སྟེ། འདི་ལ་མཚན་ནི་གང་དང་གང་གིས་སྒྲུབ་པར་བྱེད་པའི་རྒྱུ་གང་ཡིན་པའི་དགེ་བ་དེ་དང་དེ་ནི་རབ་ཏུ་རྫོགས་པས། འབྲས་བུའི་མཚན་ཉིད་འདི་དག་ཡང་དག་པར་འགྲུབས་སོ། །རྒྱུ་དགེ་བ་དེ་ཡང་བླ་མ་བསུ་སྐྱེལ་ལ་སོགས་པ་དང༌། དམ་བཅའ་ཡང་དག་བླང་བ་བསྟན་པ་དང༌། བསྡུ་བ་བརྟེན་པ་དང༌། གྱ་ནོམ་པའི་དངོས་པོ་སྦྱིན་པར་བྱེད་པ་དང་བསད་པར་བྱ་བ་ཐར་པར་བྱེད་པ་དང་དགེ་བ་ནི་ཡང་དག་པར་བླང་བ་སྤེལ་ལ་སོགས་པ་ནི་འབྲས་བུ་མཚན་རྣམས་ཀྱི་སྒྲུབ་བྱེད་ནི་རྒྱུའི་མཚན་ཉིད་ཡིན་ཏེ། མདོ་ལས་ཇི་སྐད་འབྱུང་བ་བཞིན་ཤེས་པར་བྱའོ། །གཉིས་པ་ནི། བཅོམ་ལྡན་འདས་རྣམས་ནི་མངོན་པར་འདུ་བྱ་བ་ཐམས་ཅད་ལས་དབེན་ཏེ། ཐུབ་པའི་སེན་མོ་ཟངས་ཀྱི་མདོག་ཟླུམ་པ་དང༌། སེམས་ཅན་ལ་ཕན་པ་བདེ་བ་ཐུགས་མངའ་བས་སེན་མོའི་མདོག་སྣུམ་པ་དང༌། རིགས་བརྒྱུད་མཐོན་པོར་བྱུང་བས་སེན་མོ་མཐོ་བ་དང་ཁ་ན་མ་ཐོ་བ་མེད་པས་སོར་མོ་རྣམས་ཟླུམ་པ་དང༌། དགེ་བ་ཤིན་ཏུ་ཚོགས་པས་སོར་མོ་རྒྱས་པ་དང༌། རིམ་གྱི་གྲུབ་པས་སོར་མོ་བྱིན་གྱིས་ཕྲ་བ་དང་ཕྲིས་དང་འཚེ་བ་ཤིན་ཏུ་དབེན་པ་རྩ་མི་མངོན་པ་དང༌། ཉོན་མོངས་ཀྱི་མདུད་པ་གྲོལ་བས་རྩ་ལ་མདུད་པ་མེད་པ་དང༌། དབེན་པའི་མཆོག་མངའ་བས་ལོང་བུ་མི་མངོན་པ་དང༌། མཉམ་པ་ཐམས་ཅད་ལས་འདས་པའི་ཞབས་མཉམ་པ་དང༌། མིའི་སེང་གེའི་ཡིན་པས་སེང་གེའི་
སྟབས་སུ་གཤེགས་པ་དང༌། མིའི་གླང་ཆེན་ཡིན་པས་གླང་ཆེན་གྱི་སྟབས་སུ་གཤེགས་པ་དང༌། ནམ་མཁའ་ལ་བཞུགས་པས་བྱ་ངང་པའི་རྒྱལ་པོའི༴ མིའི་ཁྱུ་མཆོག་ཡིན་པས་ཁྱུ་མཆོག་གི༴ མཐུན་པའི་ལམ་མངའ་བས་གཡས་ཕྱོགས་སུ༴ ལྟ་མཛེས་པས་མཛེས་པར༴ ཐུགས་ཡོན་པོར་མི་མངའ་བས་དྲང་པོར་གཤེགས་པ་དང༌། དག་པའི་ཡོན་ཏན་སྟོན་པས་སྐུ་ཤིན་ཏུ་ལེགས་པ་ནི་འཁྱིལ་བའི་འཁྲིལ་བག་ཆགས་པ་དང༌། སྡིག་པ་ཤིན་ཏུ་སྦྱངས་པས་སྐུ་བྱི་དོར་བྱས་འདྲ་བ་དང༌། ཆོས་རིམ་གྱིས་སྟོན་པས་སྐུ་རིམ་ནས་རིམ་པར་འཚམས་པ་དང༌། སྐུ་གསུང་ཐུགས་གཙང་བས་སྐུ་ཤིན་ཏུ་གཙང་བ་དང༌། རང་བཞིན་གྱི་ཐུགས་འཇམ་པས་སྐུ་ཤིན་ཏུ་འཇམ་པ་དང༌། རང་བཞིན་གྱི་ཐུགས་དག་པས་སྐུ་ཤིན་ཏུ་དག་པའི་སྐུ་དང༌། ཆོས་དང་འདུལ་བ་ཤིན་ཏུ་རྫོགས་པས་དཔེ་བྱད་ཡོངས་སུ་རྫོགས་པ་དང༌། ཡོན་ཏན་ཡངས་ཤིང་བཟང་བ་སྟོན་པས་སྐུའི་ཁོ་ལག་ཡངས་ཤིང་བཟང་བ་དང༌། སེམས་ཅན་ཐམས་ཅད་མཉམ་པའི་ཐུགས་མངའ་པས་གོམ་པ་སྙོམས་པ་དང༌། གཟིགས་པ་ཤིན་ཏུ་དག་པས་སྤྱན་གཉིས་ནི་དག་པ་དང༌། འཇམ་པའི་ཆོས་སྟོན་པས་སྐུ་གཞོན་ཤ་ཅན་ཉིད་དང༌། རྟག་ཏུ་ཞུམ་པ་མེད་པའི་ཐུགས་མངའ་བས་སྐུ་ཞུམ་པ་མེད་པ་དང༌། མི་དགེ་བའི་རྩ་བ་ཐམས་ཅད་བྱང་བས་སྐུ་ཤིན་ཏུ་རྒྱས་པ་དང༌། ཡང་སྲིད་བཅོམ་ཞིང་ཟད་པས་ཤིན་ཏུ་གྲིམས་ཤིང་འཁྲེགས་པའི་སྐུ་ཉིད་དང་རྟེན་འབྲེལ་གྱི་ཡན་ལག་ལེགས་
པར་སྟོན་པས་ཡན་ལག་དང་ཉིང་ལག་ཤིན་ཏུ་རྣམ་པར་འབྱེས་ཏེ་སྦ་བར་རྣམ་པར་མཛེས་པ་དང་གཟིགས་པ་ཤིན་ཏུ་དགེས་པས་གཟིགས་པ་རབ་རིབ་ཀྱི་སྒྲིབ་པ་མེད་ཅིང་དག་པ་དང༌། ཚུལ་དང་ལྡན་པའི་སློབ་མ་མངའ་བས་སྐུའི་ཕྱག་ཟླུམ་པ་དང༌། འཁོར་བའི་ཉེས་པ་ཐམས་ཅད་ཤིན་ཏུ་སྦྱངས་པས་ཕྱལ་སྐབས་ཕྱིན་པ་དང༌། ང་རྒྱལ་གྱི་དེའུ་བཅོམ་པས་ཕྱལ་མི་རྙིང་བ་དང༌། ཆོས་ཟད་བཟློག་པས་ཕྱལ་ཕྱལ་བ་དང༌། ཆོས་ཟབ་མོ་ཤིན་ཏུ་ཐུགས་སུ་ཆུད་པས་ལྟེ་བ་ཟབ་པ་དང༌། མཐུན་པར་འཛིན་པའི་སློབ་མ་མངའ་བས་ལྟེ་བ་གཡས་ཕྱོགས་སུ་འཁྱིལ་བ་དང༌། སློབ་མ་ཀུན་ནས་མཛེས་པའི་དགེ་འདུན་མངའ་བས་ཀུན་ནས་ལྟ་ན་སྙིང་དུ་སྡུག་པ་དང༌། ཐུགས་ཤིན་ཏུ་གཙང་བས་ཀུན་སྤྱོད་ཤིན་ཏུ་གཙང་བ་དང༌། ཆོས་ནག་པོ་དང་བྲལ་བའི་ཆོས་དང་འདུལ་བ་མངའ་བས་སྐུ་ལ་དམེ་ནག་བག་མེད་པ་དང༌། ཤིང་བལ་ལྟར་ཡངས་པ་ཐོབ་པའི་ཆོས་སྟོན་པས་ཕྱག་ཤིང་བལ་ལྟར་འཇམ་པ་དང༌། དགེ་སྦྱོང་ཆེན་པོ་བརྙེས་པས་ཕྱག་གི་རི་མོ་སྣུམ་པའི་མདངས་ཡོད་པ་དང༌། ཟབ་ཅིང་བརྟན་པར་བཞུགས་པས་ཕྱག་གི་རི་མོ་ཟབ་པ་དང༌། བཟོད་པའི་ཆོས་སྟོན་པས་ཕྱག་གི་རི་མོ་རིང་བ་དང༌། བསླབ་པའི་གནས་ཧ་ཅང་མི་རིང་བ་དང༌། གཟུགས་བརྙན་འཇིག་རྟེན་དུ་སྐྱེ་བས་མཆུ་ནི་བིམ་པ་ལྟར་དམར་ཞིང་གཟུགས་བརྙན་སྣང་བ་དང༌། འཇམ་ཞིང་དུལ་བས་ལྗགས་མཉེན་པ་དང་ཡོན་ཏན་ཕྲ་བའི་ཚོགས་དང་ལྡན་པས་ལྗགས་ཤིན་ཏུ་སྲབ་པ་
དང༌། བྱས་པའི་སྐྱེ་བོ་འདོད་ཆགས་ཅན་གྱི་ཆོས་དང་འདུལ་བ་གཏིང་དཔག་དཀའ་བས་ལྟ་ཤིན་ཏུ་དམར་བ་དང༌། གླང་པོ་དང་འབྲུག་གི་སྒྲ་ལྟར་སྙོངས་པ་མི་མངའ་བས་འབྲུག་གི་སྒྲ་དབྱངས་དང་ལྡན་པ་ཉིད་དང༌། སྙན་ཞིང་འཇམ་པར་སྨྲ་བའི་སློབ་མ་མངའ་བས་གསུང་སྙན་ཞིང་འཇམ་པ་དང༌། སྲིད་པ་ཀུན་དུ་སྦྱོར་བ་ལས་འདས་པའི་ཚེམས་མཆེ་བ་ཟླུམ་པ་དང༌། སྐྱེ་བོ་རྣོ་བ་རྣམས་སུ་འདུལ་བས་མཆེ་བ་རྣོ་བ་དང༌། ཆོས་དང་འདུལ་བ་ཤིན་དུ་དཀར་བས་ཚེམས་མཆེ་བ་ཤིན་ཏུ་དཀར་བ་དང༌། སའི་ཕྱོགས་མཉམ་པ་ལ་བཞུགས་པས་མཆེ་བ་མཉམ་པ་དང་རིམ་གྱིས་རྟོགས་པའི་ཆོས་སྟོན་པས་མཆེ་བ་བྱིན་གྱིས་ཕྲ་བ་དང༌། ཤེས་རབ་ཀྱི་རི་བོ་ཆེན་པོ་ལ་ཞུགས་པས་ཤངས་མཐོ་བ་དང༌། འདུལ་བའི་སྐྱེ་བོ་གཙང་མ་མངའ་བས་ཤངས་མཆོག་ཏུ་དག་ཅིང་གཙང་བ་དང༌། སངས་རྒྱས་ཀྱི་ཆོས་ཡངས་པ་མངའ་བས་སྤྱན་རིང་ཞིང་ཡངས་པ་དང༌། སེམས་ཅན་གྱི་ཚོགས་ཤིན་ཏུ་བསགས་པས་རྫི་མ་སྡུག་པ་དང༌། ལྷ་དང་ལྷ་མིན་དང་ན་ཆུང་མཆོག་རྣམས་ཀྱིས་དགའ་བར་བྱ་བ་ཡིན་པས་སྤྱན་པདྨའི་འདབ་མ་འདྲ་བ་དང༌། རྟག་ཏུ་ཡངས་པ་གཟིགས་པས་སྨིན་མའི་ཚུགས་རིང་བ་དང༌། འཇམ་པོས་འདུལ་བ་ལ་མཁས་པས་སྨིན་མ་འཇམ་པ་དང༌། དགེ་བའི་སྣུམ་གྱི་སྣུམ་པའི་སྐྱེ་བོ་འདུལ་བས་སྨིན་མ་སྣུམ་པ་དང༌། སྐྱོན་ཐམས་ཅད་མཁྱེན་པས་སྨིན་མའི་སྤུ་ནི་མཉམ་པ་དང༌། ཆོས་ཡངས་ཤིང་དོན་དང་ལྡན་པ་མངའ་བས་སྙན་ཤལ་རིང་ཞིང་ལེགས་པར་རྒྱས་པ་དང༌། ཉོན་
མོངས་པའི་རྒྱུད་ལས་རྒྱལ་བས་སྙན་མཉམ་པ་དང༌། སེམས་ཅན་བསམ་པ་མཉམ་པ་འདུལ་བས་སྙན་གྱིས་དབང་པོ་ཉམས་པ་རྣམ་པར་སྤངས་པ་དང་ལྟ་བའི་རྣམ་པ་ཐམས་ཅད་བྱང་བས་དཔྲལ་བ་ལེགས་པར་འབྱེས་ཏེ་ཐུབ་པ་དང༌། ཕས་ཀྱི་རྒོལ་བ་ཤིན་ཏུ་འདུལ་བའི་དཔྲལ་བ་དབྱེས་ཕྱེ་བ་སྟེ་ཡངས་པ་དང༌། སྨོན་ལམ་དམ་པ་རྫོགས་པས་དབུ་རྒྱས་པ་དང་ཡུལ་གྱི་བུང་བ་བཟློག་པས་དབུ་སྐྲ་བུང་བ་ལྟར་གནག་པ་དང༌། མཐོང་སྒོམ་གྱི་སྤངས་བྱའི་བག་ལ་ཉལ་ཟད་པས་དབུ་སྐྲ་སྟུག་པ་ད་ང༌། ཐུགས་འཇམ་པོས་བསྟན་པའི་སྙིང་པོར་ཐུགས་སུ་ཆུད་པས་དབུ་སྐྲ་འཇམ་པ་དང༌། རྟག་ཏུ་མ་འཁྲུགས་པའི་ཐུགས་དང་ལྡན་པ་དབུ་སྐྲ་མ་འཛིངས་པ་དང༌། བརླང་བའི་གསུངས་དང་བྲལ་བས་དབུ་སྐྲ་མི་ཤོར་བ་སྟེ། མི་རྩུབ་པ་དང༌། བྱང་ཆུབ་ཀྱི་ཡན་ལག་སྤོས་ཀྱི་མེ་ཏོག་གིས་སྐྱེ་བོ་མཐུན་པར་སྒྲུབ་པས་དབུ་སྐྲ་དྲི་ཞིམ་ཞིང་སྐྱེས་བུའི་ཡིད་ནི་འཕྲོག་པར་བྱེད་པ་དང༌། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཕྱག་དང་ཞབས་དཔལ་གྱི་བེའུ་དང་བཀྲ་ཤིས་དང་དགའ་བ་གཡུང་དྲུང་འཁྱིལ་བས་བརྒྱན་པ་སྟེ་དེ་དག་གི་སངས་རྒྱས་ཀྱི་དཔེ་བྱད་བཟང་པོ་བརྒྱད་ཅུར་མདོ་ལས་བཞེད་པ་ཡིན་ནོ། །ད་ནི་གསུམ་པ་སྤྲུལ་པའི་སྐུ་བཤད་པར་བྱ་སྟེ། དེ་ལྟར་སངས་རྒྱས་དང་བྱང་སེམས་དང་ཉན་ཐོས་རང་རྒྱལ་ལ་སོགས་པའི་སྣ་ཚོགས་པའི་སྤྲུལ་པ་དག་གིས་སྲིད་པ་ཇི་སྲིད་གནས་ཀྱི་བར་དུ་འགྲོ་བ་སེམས་ཅན་ཐམས་ཅད་ལ་གང་ལ་གང་འདུལ་དེ་ལ་
དེར་སྟོན་པའི་ཚུལ་གྱིས་གནས་སྐབས་དང་མཐར་ཐུག་གི་ཕན་པའི་རྣམ་པ་སྣ་ཚོགས་པ་དག་པ་གཉིས་ཏེ་ཅིག་ཅར་དུ་མཛད་པའི་སྐུ་གང་ཡིན་པ་དེ་ནི་ཐུབ་པའི་གཟུགས་སྐུ་གཉིས་ལས་སྤྲུལ་པའི་སྐུ་ཡིན་ནོ། །ད་ནི་བཞི་པ་འཕྲིན་ལས་བཤད་པར་བྱ་སྟེ། སྐུ་གསུང་ཐུགས་ཀྱི་ལས་ཐམས་ཅད་སེམས་ཅན་གྱི་དོན་འབའ་ཞིག་ཏུ་ལྷུན་གྱིས་གྲུབ་པར་འཇུག་པ་ནི་འཕྲིན་ལས་ཏེ་དེ་ཡང་སྤྲུལ་པའི་སྐུ་སྣ་ཚོགས་པས་འཁོར་བ་ཇི་སྲིད་དུ་ཅིག་ཅར་གཞན་དོན་མཛད་པ་དེ་བཞིན་དུ་ཕན་ཚུན་འཁོར་བ་ཇི་སྲིད་གནས་ཀྱི་བར་དུ་ཐུབ་པ་འདིའི་སྐུ་གསུང་ཐུགས་ཀྱི་མཛད་པ་འཕྲིན་ལས་ནི་རྒྱུན་མི་འཆད་པར་འདོད་ཅིང་ལུགས་ཏེ། སྐབས་འདིར་ཉི་ཤུ་རྩ་བདུན་དུ་ཕྱེ་ནས་གསུངས་པ་འདི་ལྟ་སྟེ། འདིར་དེ་ལ་འགོད་པ་དང་དེ་ལ་སྦྱོར་བ་དང༌། དེ་ལ་དཀྲི་བ་དང༌། དེ་ལ་འདྲེན་པ་དང༌། དེ་ལ་བསྐུལ་བ་དང༌། དེ་ལ་གཞུག་པ་དང༌། དེ་ལ་གདམས་པ་རྣམ་གྲངས་སུ་རིག་པར་བྱའོ། །ངན་སོང་དང་ལྷའི་འགྲོ་བ་རྣམས་རིམ་གྱིས་ཞི་བ་ཐེག་པ་གསུམ་གྱི་མྱ་ངན་ལས་འདས་པ་ལ་གནོད་པའི་འཕྲིན་ལས་དང༌། མིའི་འགྲོ་བ་རྣམས་བསྡུ་བའི་དངོས་པོ་རྣམ་པ་བཞི་ལ་འགོད་པ་དང༌། ཀུན་ནས་ཉོན་མོངས་པ་དང་བཅས་པའི་རྣམ་པར་བྱང་བའི་ཆོས་དག་སྒྱུ་མ་ལྟ་བུར་རྟོགས་པ་ལ་འགོད་པ་དང༌། སེམས་ཅན་རྣམས་ཀྱི་དོན་ཡང་དག་པ་ནི་མཐའ་ཇི་ལྟ་བ་བཞིན་གྱི་དོན་ལ་འགོད་པ་དང༌། སྒྱུ་མ་ལྟ་བུའི་ཕ་རོལ་དུ་ཕྱིན་པ་དྲུག་གི་སྤྱོད་པ་ལ་འགོད་པ་དང༌། སངས་རྒྱས་ཀྱི་ལམ་རྣམ་པ་མཁྱེན་པ་ཉིད་ལ་འགོད་པ་དང༌། ཆོས་ཐམས་
ཅད་རང་བཞིན་གྱི་སྟོང་པ་ཉིད་དུ་ཤེས་པ་ལ་འགོད་པ་དང༌། གཉིས་ཆོས་ཐམས་ཅད་གདོད་ནས་ཟད་པར་ཁོང་དུ་ཆུད་པ་ལ་འགོད་པ་དང༌། རང་བཞིན་གྱིས་སྟོང་ཡང་ཆོས་ཀྱི་རྣམ་དབྱེ་བྱེད་པའི་ཚེ་བཏགས་པ་ཐ་སྙད་འཇིག་རྟེན་གྱི་བརྡ་ཉེ་བར་གཟུང་བ་མ་གནོད་པ་དང༌། སྦྱིན་སོགས་ཀྱི་སྤྱོད་པ་ལ་འཁོར་གསུམ་དུ་དམིགས་པ་མེད་པ་ལ་འགོད་པ་དང༌། ལུས་ཅན་རྣམས་དགེ་བའི་རྩ་བ་ཡོངས་སུ་སྨིན་པ་ལ་འགོད་པ་དང༌། རྒྱལ་སྲས་ཀྱི་མི་བསླབ་པའི་ཆོས་གང་ཡང་མེད་པས་ཆོས་ཐམས་ཅད་བྱང་ཆུབ་སེམས་དཔའ་ལམ་དུ་ཤེས་པ་ལ་འགོད་པ་དང༌། སེམས་ཅན་རྣམས་དངོས་པོར་མངོན་པར་ཞེན་པའི་རློམ་སེམས་བཟློག་པ་ལ་འགོད་པ་དང༌། བྱང་ཆུབ་སེམས་དཔའི་སླད་པས་མ་འདྲེས་པའི་བར་རྫོགས་ནས་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་བྱང་ཆུབ་ཐོབ་པ་ལ་འགོད་པ་དང༌། རང་བཞིན་གྱི་ལུས་ངག་ཡིད་ཀྱི་གནས་ངན་ལེན་དག་པ་ནི་སངས་རྒྱས་ཀྱི་ཞིང་རྣམ་པར་དག་པ་ལ་འགོད་པ་དང༌། སེམས་དང་པོ་བསྐྱེད་ནས་བྱང་ཆུབ་སེམས་དཔའི་སངས་རྒྱས་ཀྱི་ཕུང་པོར་ངེས་པ་ལ་འགོད་པ་དང༌། བྱང་ཆུབ་སེམས་དཔའ་སེམས་ཅན་གྱི་དོན་ནི་ཚད་མེད་པ་འགྲུབ་པ་ལ་འགོད་པ་དང༌། བྱང་ཆུབ་སེམས་དཔའ་ཕྱོགས་བཅུའི་སངས་རྒྱས་བསྟེན་པ་དང༌། བསྙེན་བཀུར་དང་ཆོས་ཉན་པ་དང་མངོན་ཤེས་ཀྱི་ཕར་ཕྱིན་དྲུག་ལ་སོགས་པའི་ཡོན་ཏན་ལ་འགོད་པ་དང༌། བྱང་ཆུབ་སྒྲུབ་པའི་ལམ་སྦྱིན་སོགས་ཀྱི་ཡན་ལག་འཁོར་གསུམ་མ་གཏོགས་པའི་དགེ་བ་ལ་འགོད་པ་དང༌།
སངས་རྒྱས་ཀྱི་དོན་བྱས་པའི་སེམས་ཅན་གྱི་དགེ་བ་ཕྱིས་ཆུད་ཟོས་ཤིང་འཁོར་བར་ལྟུང་བ་མིན་པའི་ལས་དགེ་བ་རྣམས་ནི་ཆུད་མི་ཟ་བ་ལ་འགོད་པ་དང༌། འཕགས་པའི་བདེན་པ་བཞི་མཉམ་པ་ཉིད་དུ་མཐོང་བ་ལ་འགོད་པ་དང༌། སེམས་ཅན་རྣམས་རྟག་པ་དང་བདེ་བ་དང་བདག་དང་སྡུག་པ་མིན་པའི་ཆོས་རྣམས་རྟག་པ་སོགས་སུ་འཛིན་པའི་ཕྱིན་ཅི་ལོག་བཞི་པོ་སྤངས་པ་ལ་འགོད་པ་དང༌། ཕྱིན་ཅི་ལོག་དེའི་གཞིའམ་གནས་སུ་གྱུར་པའི་དངོས་པོ་མེད་པའི་དཔེའི་ཚུལ་ཆོས་ཐམས་ཅད་རྨི་ལམ་ལྟ་བུར་མཐོང་བ་ལ་འགོད་པ་དང༌། རྣམ་པར་བྱང་བ་ཆོས་ཐམས་ཅད་ཀྱི་མཉམ་པ་ཉིད་ལ་འགོད་པ་དང༌། སྒྱུ་མ་ལྟ་བུའི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ལ་འགོད་པ་དང༌། འདུས་བྱས་དང་འདུས་མ་བྱས་ཀྱིས་མཉམ་པ་ཉིད་གང་ཡིན་པ་དོན་དམ་པ་དེ་ལ་ཐ་དད་པ་ཡོངས་སུ་མི་ཤེས་པ་ལ་འགོད་པ་དང༌། གང་གིས་ཀྱང་མ་སྤྲུལ་པའི་སྟོང་པ་ཉིད་སྐྱེ་བ་དེ་འགག་མེད་མི་མཉམ་པའི་མྱ་ངན་ལས་འདས་པ་ལ་འགོད་པའི་འཕྲིན་ལས་ཏེ། དེ་ལྟར་ན་ཆོས་ཀྱི་སྐུའི་མཛད་པ་འཕྲིན་ལས་བཤད་མ་ཐག་པ་འདི་སྐབས་འདིར་དབྱེ་བ་ཉི་ཤུ་རྩ་བདུན་དུ་བཅོམ་ལྡན་འདས་ཀྱིས་བཞེད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་གྱིས་ཚིག་ལེའུ་བྱས་པའི་འགྲེལ་པ་མདོ་ལུགས་མ་ཞེས་བྱ་བའི་དོན་ཁོལ་བུར་ཕྱུང་བ་སྟེ་[ཤཱཀྱའི་དགེ་སློང་ཡེ་ཤེས་རྒྱ་མཚོས་]བྲིས་པའོ།། །།དགེའོ། །མངྒ་ལཾ། །