དཔལ་ལྡན་བླ་མའི་རྣམ་ཐར་འཕྲིན་ལས་རྒྱ་མཚོ་རྣམ་པར་རྒྱས་པ།
དཔལ་ལྡན་བླ་མའི་རྣམ་ཐར་འཕྲིན་ལས་རྒྱ་མཚོ་རྣམ་པར་རྒྱས་པ་ཞེས་བྱ་བ་བཞུགས།
ཨོཾ་སྭཱ་སྟི་པྲ་ཛ་བྷྱཿ དཔལ་ལྡན་བླ་མ་དམ་པ་མགོན་པོ་སྟག་ལུང་བ་ཆེན་པོ་དོན་གྱི་སླད་དུ་མཚན་ནས་སྨོས་ཏེ་རྗེ་བཙུན་ཀུན་དགའ་བཀྲ་ཤིས་རྒྱལ་མཚན་དཔལ་བཟང་པོའི་ཞབས་ཀྱི་རྣམ་པར་ཐར་པ་འཕྲིན་ལས་རྒྱ་མཚོ་རྣམ་པར་རྒྱས་པ་ཞེས་བྱ་བ། བླ་མ་མཆོག་གི་ཞབས་ལ་གུས་པས་ཕྱག་འཚལ་ལོ། །དུས་ཐམས་ཅད་དུ་བརྩེ་བ་ཆེན་པོས་རྗེས་སུ་བཟུང་དུ་གསོལ། དཔལ་ལྡན་མཆོག་ཏུ་རྟག་བརྟན་གཞོམ་མེད་སྐུ། །བརྗོད་བྲལ་སྒྲ་དབྱངས་ཀུན་ལ་འཇུག་འགྱུར གསུང༌། །ལྷུན་འགྲུབ་བདེ་སྟོང་ཇི་སྙེད་གཟིགས་པའི་ཐུགས། །འཕྲིན་ལས་རྒྱུན་མི་འཆད་ཁྱོད་ཕྱག་གི་གནས། །རབ་བརྟན་བྱང་ཆུབ་སེམས་ཀྱི་གཞིར། །རྨད་བྱུང་ཕན་བདེའི་ལོ་ཏོག་དག །མཐའ་ཡས་བསྐལ་བར་མི་ཟད་པ། །བསྐྲུན་མཛད་བླ་མ་མཆོག་འདི་རྒྱལ། །ཨེ་ཡིག་ཀུན་ལྡན་སྟོང་པའི་ཁྲིར། །ཝཾ་ཡིག་བདེ་ཆེན་རང་རྒྱལ་པོ། །ཟུང་འཇུག་ལྷན་སྐྱེས་རང་བཞིན་དངོས། །བླ་མ་རྡོ་རྗེ་ཅན་ཞབས་འདུད། །ཐོག་མེད་རྫུ་འཕྲུལ་བསྒྲོད་པ་ཅན། །མཚན་དཔེའི་གཟི་བྱིན་དཔག་ཡས་ཀྱི། །འཕྲིན་ལས་ཀུན་ཁྱབ་གར་
ཡང་སོན། །སྒྱུ་འཕྲུལ་སྐུ་ལ་ཕྱག་འཚལ བསྟོད། །འགགས་མེད་གཞོམ་དུ་མེད་པའི་ཚུལ། །བརྗོད་བྲལ་སྒྲ་དབྱངས་ཐམས་ཅད་པ། །སེམས་ཅན་བསམ་པ་ཇི་བཞིན་འཇུག །འགྲོ་མགོན་གསུང་ལ་ཕྱག་བགྱིའོ། །རང་བཞིན་དག་པ་རྣམ་མི་རྟོག །ལྷུན་འགྲུབ་འབད་རྩོལ་བྲལ་བའི་དབྱིངས། །ཇི་ལྟ་ཇི་སྙེད་ཇི་བཞིན་གཟིགས། །རྗེ་བཙུན་ཐུགས་ལ་ཕྱག་འཚལ ལོ། །གང་ཞིག་འགྲོ་ཀུན༵་དག༵འ་བའི་བཀྲ༵་ཤིས༵་ཆོས་སྒོ་རབ་གསལ་ཐར་པའི་རྒྱལ༵་མཚ༵ན་དཔ༵ལ་ལྡན་སྙིང་རྗེ་བཟ༵ང་པོ༵་ཅན། །ཀུན༵་ནས་དག༵འ་བས་མཐའ་བྲལ་སྟོང་ཉིད་བཀྲ༵་ཤི༵ས་ལམ་མཆོག་རྒྱ༵ལ་བའི་མཚ༵ན་གྱི་དཔ༵ལ་འབར་ཀུན་ཏུ་བཟང་པོའི་ལམ། །སྐལ་ལྡན་ཀུན་ལ་དགའ་བཞིའི་ལམ་སྟོན་བཀྲ་ཤིས་བདུད་ལས་རྒྱལ་བའི་མཚན་མཆོག་སྲིད་ཞིའི་དཔལ་ཡོན་བཟ༵ང་པོ༵་པ། །ཀུ༵ན་ཏུ་རབ་དག༵འ་བཀྲ༵་ཤི༵ས་རྩིབས་སྟོང་རབ་བཀྲ་ཞབས་བཟུང་ཆོས་ཀྱི་རྒྱལ༵་མཚ༵ན་སྐྱེ་འགྲོའི་དཔ༵ལ་གྱུར་བཟ༵ང་པོ༵ར་འདུད། །ཆད་པ་མེད་པའི་དུས་ཀྱི་མཐའ་ཡང་མངོན་པར་བྱང་ཆུབ་ཟག་བྲལ་འགྱུར་མེད་དུས་ཀྱི་ངེས་པ་སྟེ། །སླར་ཡང་ངེས་པར་
མཐའ་ཡས་ཁམས་སུ་ངོ་མཚར་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་མཛད་པ་རྒྱ་ཆེན་དང༌། །གཞན་དུ་ཆོས་ཀྱི་འཁོར་ལོ་བསྐོར་དང་ཁ་ཅིག་ཏུ་ནི་ཉན་ཐོས་དེ་བཞིན་རང་བྱང་ཆུབ་པའི་ཚུལ། །འཕྲོག་བྱེད་མེས་པོ་སྲེད་མེད་བུ་དང་མི་སྦྱིན་རྒྱས་པ་དཔག་བསམ་ཤིང་དང་འདོད་འཇོ་བུམ་པ་བཟང༌། །ཐ་དད་ཡི་གེ་དང་ནི་རིགས་བྱེད་སྣ་ཚོགས་རིགས་སྔགས་གཞན་ཡང་ཆུ་བོ་གཟིང་དང་ཟམ་པ་སོགས། །འབྱུང་བ་འབྱུང་འགྱུར་སེམས་ཅན་ཁམས་ཏེ་མཐའ་དག་གཟུགས་ཀྱིས་སྤྲུལ་པ་སྒྱུ་མའི་དྲྭ་བ་མཛད་པ་འདིར། །རྟོག་གེའི་བློ་གྲོས་སྣ་ཚོགས་ཚིག་གིས་འཇུག་པའི་གོ་སྐབས་ནམ་ཡང་མ་མཆིས་ཚངས་སོགས་ལྷ་རྣམས་ཀྱང༌། །བྱོལ་སོང་ཉིད་བཞིན་ལུང་དང་རིག་པའི་ཁེངས་ལྡན་དག་ཀྱང་མུ་ཅོར་རང་བཞིན་བྱས་པའི་བརྟུལ་ཞུགས་འཛིན། །དེ་སླད་བླ་མ་མཆོག་རྗེས་བཟུང་གང་ཁེངས་བཏང་སྟེ། །རབ་ཏུ་ཡེ་ཤེས་བདུད་རྩི་ཅུང་ཟད་རྙེད་གྱུར་ན། །གནས་འདི་ཡོན་ཏན་རྒྱ་མཚོ་ཡིན་ཞེས་ཤེས་གྱུར་གྱི། །རང་བཟོར་དཔྱད་པས་ཉམས་པའི་རི་བོ་འདི་དག་རྨོངས། །གང་གི་དྲིན་གྱིས་བསྐྱེད་པའི་ཆུ་སྐྱེས་དགའ། །ཚིག་སྙན་ཟེའུ་འབྲུ་རྒྱས་པས་ཉེར་བརྒྱན་མོད། །ལོག་པའི་ཀུན་རྟོག་གེ་སར་རྡུལ་རྒྱས་པའི། །ཐུགས་མཚོ་རྙོག་བྱེད་དེ་ཡང་མགོན་ཁྱོད་ཀྱི། །ཐུགས་རྗེས་བྱང་ཆུབ་བར་དུ་རྗེས་བཟུང ནས། །གནོད་པ་ལས་ཀྱང་བདེ་བའི་འབྲས་འདིར་མཚར། །བློ་ཞན་ཕན་ཆེན་བཏགས་པའང་འབྲས་མེད་དེ། །དམ་པར་གནོད་པའི་ལན་ཡང་ཕན་པར་སྤྱོད། རྒྱལ་བ་རྒྱལ་བའི་སྲས་
ཀྱི་ཚུལ་འཛིན་པ། །འདྲེན་པ་འདྲེན་མཆོག་རྣམས་ཀྱིས་གུས་བཏུད་ཅིང༌། །བློ་ལྡན་བློ་གྲོས་ཆེན་པོའི་ལམ་སྟོན་པ། །གསུང་མཆོག་གསུང་གི་བདག་པོ་ཁྱེད་ལ་བསྟོད། ཁྱོད་ཀྱི་ཡོན་ཏན་འཕྲིན་ལས་ནི། །བསམ་མི་ཁྱབ་ཅེས་འདིར་སྟོན་གྱི། །རེ་རེ་ནས་བརྗོད་ངལ་བ་ནི། །དཔྱོད་ལྡན་རྣམས་ཀྱིས་ཅི་ཕྱིར་བརྟེན། །དེ་ལ་ཁོ་བོ་ཅག་གི་བླ་མ་དམ་པ་དོན་གྱིས་སླད་དུ་མཚན་ནས་སྨོས་ཏེ་རྗེ་བཙུན་དམ་པ་ཨ་ནནྡ་མངྒ་ལ་ཞེས་མཚན་ཡོངས་སུ་གྲགས་པ་འདི་ཉིད་ནི། ཤེས་དང་ཤེས་བྱ་གཅིག་པུའི་སྐུ། ཐབས་དང་ཤེས་རབ་གཉིས་ཀྱི་བདག་ཉིད། རྡོ་རྗེ་གསུམ་གྱི་རང་བཞིན་སྐུ་བཞིའི་ངོ་བོར། ཡེ་ཤེས་ལྔའི་རྣམ་རོལ། རྒྱུ་དྲུག་གི་འགྲོ་བ་སྒྲོལ་བར་མཛད་པ། འཇིག་རྟེན་བདུན་ལས་ཡོངས་སུ་འདས་པའི་ཞིང་ཁམས་ཅན་འཕགས་པའི་ལམ་ཡན་ལག་བརྒྱད་སྟོན་པ། ཡན་ལག་དགུ་དང་ལྡན་པའི་གསུངས་རབ་ཀྱི་སྒྲ་སྒྲོག་པ། ས་བཅུ་རྣམ་པར་གནོན་པའི་དབང་ཕྱུགབདེན་དོན་རྣམ་པ་བཅུ་གཉིས་དང༌། དེ་ཉིད་རྣམ་པར་བཅུ་དྲུག་ཟུང་དུ་འཇུག་པ། རྣམ་པ་ཉི་ཤུས་མངོན་པར་བྱང་ཆུབ་པ། མཚན་སུམ་ཅུ་རྩ་གཉིས་དང་དཔེ་བྱད་བརྒྱད་ཅུས་ཉེ་བར་བརྒྱན་པ། རིགས་བརྒྱའི་དཀྱིལ་འཁོར་སྤྲོ་བ། བསམ་གྱིས་མི་ཁྱབ་པ་མི་ཟད་རྒྱན་གྱི་འཁོར་ལོའི་སྣང་བརྙན་ཆད་པ་མེད་པའི་ཞིང་རྣམས་སུ་མུ་མཐའ་མེད་པའི་བསྐལ་པར་བརྗོད་དུ་མེད་པའི་ཚུལ་གྱིས་འཇུག་པར་བྱའོ། ཞེས་བརྗོད་པར་བྱའོ། །ཐ་སྙད་
ཀྱི་ཚད་མས་ནི་གཞལ་མི་སྤྱོད་དོ། །འོན་ཀྱང་ཅུང་ཟད་ཐོས་པ་དག་ཅིག་གླེང་ན། གྲུབ་མཆོག་སྟོང་གིས་ཞབས་ཟུང་ཉེར་མཆོད་པ། །མཆོག་གྱུར་མཁས་པ་ལྔ་བརྒྱས་གུས་པས་མཆོད། །ཕྱོགས་བཞིས་མུ་སྟེགས་ཕམ་མཛད་མཁའ་ལ་གཤེགས། །སངས་རྒྱས་བསྟན་པའི་རྒྱལ་མཚན་ལེགས་པར་བཟུང༌། །འཇམ་དབྱངས་རང་ཉིད་འཇམ་དབྱངས་སྲས་པོའི་ཚུལ། །སྲིད་གསུམ་སྡུག་བསྔལ་ཞི་བར་མཛད་པའི་ལྷ། །བྱང་ཆུབ་སེམས་དཔའ་ལམ་བཟང་སྤྱོད་པའི་མཆོག །སྲིད་གསུམ་ཕྱོགས་བཅུར་གསལ་བར་མཛད་ཅེས་ཐོས། །ཞེས་པ་ལྟར། འཕགས་པ་འཇམ་དཔལ་གྱི་ཐུགས་ཀྱི་སྲས་འཇམ་དཔལ་ཉིད་ཀྱིས་སྤྲུལ་པར་གྲགས་པ་སློབ་དཔོན་ཆེན་པོ་ཞི་བ་ལྷ་ཞེས་བྱ་བ། རྫུ་འཕྲུལ་གྱིས་མུ་སྟེགས་ཐམས་ཅད་བཏུལ་ཞིང༌། མཁས་པའི་བྱ་བ་རྣམ་པ་གསུམ་གྱིས་ཐེག་ཆེན་གྱི་བསྟན་པ་ཉིན་མོ་ལྟར་མཛད་ཅིང༌། རིག་པ་བརྟུལ་ཞུགས་ཀྱི་སྤྱོད་པ་སྤྱད་དེ་ཟུང་འཇུག་འཇའ་ལུས་ཀྱི་སྐུ་བརྙེས་པ་དེས། གངས་རིའི་ཁྲོད་དུ་ཡང་སྲིད་བཟུང་བའི་ཚུལ་མཛད་པ་ནི། རྒྱལ་བའི་སྲས་པོ་ཐོགས་མེད་བཟང་པོ་དཔལ་ཡིན་ཏེ།༈ དལ་འབྱོར་ནོར་འཛིན་ལྷག་བསམ་ལྗོན་པའི་བརྒྱན། །བྱང་ཆུབ་སེམས་ཀྱི་ཡལ་འདབ་ཕྱོགས་བཅུ་རྒྱས། །དོན་གཉིས་འབྲས་བཟང་མངོན་པར་བརྡོལ་བ་འདིས། །སྲིད་པའི་འགྲོ་བ་ཐམས་ཅད་མགྲོན་དུ་གཉེར། །དམ་པ་འདི་ནི་བདག་བས་གཞན་གཅེས་ཀྱྀ་ཐུགས་བཅོས་མ་མ་ཡིན་ལ་
ཆུང་ངུའི་དུས་ནས་མངའ་ཞིང༌། གཞན་གྱིས་མ་བསྟན་པར་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་འཇུག་པ་ལ་སོགས་པ་བྱང་སེམས་འཕགས་པའི་ཆོས་མ་འདྲེས་པ་བཅོ་བརྒྱད་ལ་སོགས་པ་སོ་སོ་སྐྱེ་བོ་ཕལ་གྱི་མཐུན་སྣང་དུ་གྲུབ་པར་མངའ་བ། ལུང་རིག་སྨྲ་བའི་དབང་ཕྱུག་ཡིན་ཞིང༌། རྩེ་གཅིག་ཏུ་སྒྲུབ་པ་ལ་གཞོལ་བའི་ཚུལ་མཛད་དེ། ལོ་རྒྱུས་རྒྱས་པར་གངས་རིའི་ཁྲོད་འདིར་ཡོངས་སུ་ཁྱབ་པའི་རྣམ་ཐར་རྣམས་སུ་ཤེས་པར་བྱའོ། གཞན་ཡང་ཐེག་ཆེན་ཆོས་ཀྱི་རྒྱལ་པོ་ཡང༌། དམ་པ་འདི་ཉིད་དང་ཐུགས་རྒྱུད་གཅིག་པའི་རྒྱུ་མཚན་དོན་རྟགས་དང་བཅས་པ་མང་དུ་སྣང་ངོ༌། །གང་འདི་ས་ཆེན་དམ་ཆོས་དང༌། །སྲིད་ཀྱི་ཕུན་སུམ་ཚོགས་མཛད་པ། །འདི་ལྟ་གཞན་ནི་མ་མཆིས་ཏེ། ཐེག་ཆེན་ཆོས་ཀྱི་རྒྱལ་པོར་གྱུར། །དེ་ཚེ་འཇུངས་ལྡན་ཆེན་པོ་འགས། །རང་གི་རྫས་ཀྱིས་རང་ཉིད་བཅོམ། །གང་འདི་ཆོས་འབྱོར་འཕེལ་བ་དང༌། །ཡུན་རིང་འཚོ་ཞིང་བཞེས་པ་ལགས། །དེ་ལྟར་རིམ་པར་བརྒྱུད་དེ་སླར་ཡང་དབུ་རུ་བྱང་ཕྱོགས་འདིར། རྟོགས་ལྡན་བསོད་ནམས་དབང་ཕྱུག་ཅེས་བྱ་བར་སྐྱེ་བ་བཞེས་ཏེ། མགུལ་གྱི་ངོས་ལ་དཔའ་བོའི་རྟགས་མཚན་རྨེ་བ་དམར་པོས་མཚན་པ་ལས་དཔག་ཏེ། སྐྱེ་བོ་རྣམས་ཀྱིས་བྱུ་རུ་སྐེ་ཞེས་བླ་དྭགས་སུ་མཚན་གསོལ་བ་ཞིག་སྟེ། དེ་ནི་གྲུབ་ལུང་གི་རི་ཁྲོད་དུ་གཙོ་བོར་བཞུགས་པ། ཤངས་པ་བཀའ་བརྒྱུད་ཀྱི་སྒྲུབ་པའི་རྒྱལ་མཚན་འཛིན་ཞིང༌། མྱུར་མཛད་མགོན་པོ་དང་མི་ལབ་པ་བཞིན་ཡོད་པ། རིག་པ་བརྟུལ་ཞུགས་ཀྱི་སྤྱོད་པ་སྤྱོད་ཅིང༌། སྒྲིབ་པ་
མེད་པའི་མངོན་ཤེས་ཀྱིས་ལུང་སྟོན་པ་སེམས་ཅན་གྱི་དོན་མཛད་པ། ཤེས་ཆེར་མགོན་པོས་བྱིན་གྱིས་བརླབས་པའི་བྱ་རོག་དང་ལྷན་ཅིག་རྩེད་མོ་མཛད་ཅིང༌། ཉིད་ཀྱིས་མདའ་ཆུང་ངུ་འཕེན་པར་མཛད་པར་བྱ་རོག་གིས་གཤོག་པ་བརྐྱངས་ནས་ལེན་པར་མཛད་པ་སོགས་ངོ་མཚར་གྱིས་རོལ་བ་མཐའ་ཡས་པ་སྟོན་པ་ཡོད་པར་སྣང་ངོ༌། དཔག་ཡས་རྫུ་འཕྲུལ་རོལ་རྩེད་ལ། །ཤིན་ཏུ་ངོ་མཚར་འགྱུར་བ་ཅི། །སྒྲོན་མེ་གཏམས་ལ་འོད་གསལ་བ། །སྤྱི་ལུགས་འདི་ལ་ཅི་ཞིག་དཔྱོད། འོན་ཀྱང་ཐུགས་རྗེའི་རི་མོ་རྣམ་བཀྲ་བ། །ཇི་བཞིན་ལྟ་བྱེད་དག་པའི་མིག་འདི་མཚར། རྒྱལ་བའི་ཡེ་ཤེས་ཡིས་ཀྱང་གཞལ་དཀའ་བའི། །རྣམ་ཐར་མཐོང་བ་འདི་ཡང་དེ་ཡིས་མཐུ། ༈ །དེ་ཉིད་ནས་སྐུ་ཡི་སྐྱེ་བ་བར་མ་ཆད་པ་བྱོན་པ་ནི་རྗེ་བཙུན་འདི་ཡིན་ནོ། །རྣམ་འདྲེན་གསེར་གྱི་འདབ་རྒྱས་སྟོང་གིས་རབ་བརྒྱན་པའི། །ཞིང་བཟང་བདུད་རྩིའི་རོལ་མཚོ་མི་མཇེད་ཅེས་གྲགས་པ། །གང་འདིའི་རྒྱུན་གྱུར་གོ་ཏམ་རིགས་འཁྲུངས་ཤཱཀྱའི་སྲས། །ལེགས་འཁྲུངས་འཛམ་བུའི་སྒྲ་ལྡན་དབྱིག་འཛིན་སྙིང་པོ་འདི། །ཤེས་བྱའི་གནས་ལ་ཐོགས་མེད་མཐུ་ལྡན་དང༌། །དངོས་གྲུབ་ལང་ཚོ་རྒྱས་པའི་སྐལ་བཟང་ཅན། །རྒྱུ་སྐར་གྲངས་ཀྱིས་ཉེ་བར་མི་དཔོག་པས། ལན་བརྒྱར་ཕྱག་བྱས་སྲིད་གསུམ་མ་ལུས་པ། །ཀུན་གྱི་གཙུག་གི་ནོར་བུར་མངོན་མཆོད་ཅིང༌། །རིག་སྔགས་འཆང་གི་འཁོར་ལོ་བསྒྱུར་གཅིག་པུ། །བདེ་ཆེན་ལམ་གྱིས་མངོན་པར་བྱང་ཆུབ་
པ། །ས་བདག་མི་དབང་ཨིནྜ་བྷུ་ཏི་སྟེ། །མ་རིག་སྤྱོད་པའི་འདམ་རྫབ་ལས་རིང་དུ། །རབ་གྲོལ་བསོད་ནམས་གཟི་འོད་བརྒྱ་འབར་འདི། །རྒྱལ་སྲིད་ལེགས་བྱས་དབང་གི་རིང་མོ་ནས། །སྲིད་པའི་ནགས་སུ་འབད་རྩོལ་བྲལ་བས་རྙེད། །རྒྱལ་པོ་ཆོས་བཞིན་སྤྱོད་པའི་ཚེ། ཁང་བཟང་རྩེ་མོ་ཉེར་བརྟེན་པས། །དགྲ་བཅོམ་དགེ་སློང་མཆོད་འོས་རྣམས། །བླ་གོས་འཆར་ཀའི་སྣང་བ་ཡི། །ཞིང་འདིའི་མུན་པ་ཀུན་འཇོམས་ཤིང༌། །ཕྱོགས་གྲོལ་བདེ་བའི་ལམ་ཡངས་ལས། །འོང་ཞིང་འགྲོ་བ་མཐོང་བ་ན། །སྔོན་བསགས་ལེགས་བྱས་ཤིང་རྟ་ཡིས། །ཡིད་མཁར་དད་པའི་འོད་སྟོང་དྲངས། །དེ་ནས་རྒྱལ་ལ་དད་པ་ཡིས། མཆོད་བཅས་གསོལ་བ་བཏབ་པར་གྱུར། །མངོན་ཤེས་དྲུག་གི་སྤྱན་ལྡན་གང༌། སྲིད་འདིའི་ཕུན་ཚོགས་ཐམས་ཅད་ཀྱིས། །ཉེར་བརྒྱན་འཁོར་བཅས་ལྷ་ཡི ལམ། །གོ་སྐབས་དམན་པས་ཉེར་བྱོན་ཚེ། །མཆོད་པའི་ཡ་མཚན་ཅི་ཡང་སྤྲུལ། གཉིས་མེད་གསུངས་ལ་མི་དབང་གིས། །བྱང་ཆུབ་མཆོག་གི་རྒྱུ་ཞེས་པས། །ས་བདག་རབ་ཏུ་བྱུང་ནས་ནི། །བསླབ་གསུམ་རིན་ཆེན་ཟུང་ཞིག་གསུངས། །དེ་ཞུས་བསྐལ་པ་བརྒྱ་ཡིས་ནི། །དོན་ཆེན་འགྲུབ་ལ་ངོ་མཚར་ཅི། །བཅོམ་ལྡན་གྱིས་ནི་འབད་གྱུར་ན། །རི་རྒྱལ་ཐལ་བར་བྱེད་ཅེས་མཆི། །ཟས་གཅོད་བསྙུན་དང་གཏར་དཔྱད་སོགས། །ངལ་བ་འབུམ་གྱིས་ནད་བསལ་ཡང༌། །གྲགས་པའི་འབྱོར་པ་དམན་པ་དེས། །སྨན་དང་སྨན་པ་ཉིད་ཚོར་བྱས། །
འབད་མེད་བཅིངས་པ་ཙམ་གྱིས་ནི། །བདུད་རྩིས་འབྲས་བུ་ནད་འཕྲོག་བྱེད། །རིགས་སྔགས་ཁོ་ནས་ནད་འཇོམས་སོགས། །སྔགས་དང་སྨན་འདི་ཡ་མཚན་རྨད། །གོམས་པའི་སེམས་ནི་བཟློག་དཀའ་བས། །རྒྱལ་བ་ཁྱེད་ནི་ཐམས་ཅསད་མཁྱེན། །དེ་ཕྱིར་འདོད་པས་བྱང་ཆུབ་མཆོག །ཐོབ་འགྱུར་གང་ཡིན་བདག་ལ་གསུངས། །དེ་ནས་ངུར་སྨྲིག་ཐུན་མཚམས་ཀྱི། །དམར་འོད་རྣམ་པར་ཉམས་ལས་སླར། །དཔག་ཡས་དཀྱིལ་འཁོར་འོད་དཀར་བརྒྱ། །རབ་སྤྲོས་གང་སྐུའི་ཟླ་བ་ནི། །རིག་མ་རི་བོང་མཚན་མས་འཁྱུད། །རིག་འཛིན་རྒྱུ་སྐར་ཚོགས་བཅས་ཤར། །དེས་དེར་མི་བདག་དབང་བསྐུར་ནས། །རྒྱལ་བའི་ཡེ་ཤེས་ཟེའུ་འབྲུ་རྒྱས། །མཐའ་དག་གསང་སྔགས་མདངས་བཀྲ་བའི། །རིག་འཛིན་འདབ་རྒྱའི་གཡོགས་པའི་སྐུ། །རྡོ་རྗེ་འཆང་བ་དེ་ཡིས་ནི། །མ་ལུས་རྒྱལ་བའི་གསང་སྔགས་མཛོད། །མཐའ་དག་བཟུང་ཞིང་མངོན་བསྟན་པས། །མི་དང་མི་མིན་ཀུན་གྲོལ་ཏེ། །གྲོག་སྦུར་རྡོ་རྗེ་འཛིན་ཐོབ་ན། །དེ་ལས་གཞན་པ་ཅི་ཞིག་གཏམ། །ཕྱི་ནས་ཡུན་རིང་འདས་པའི་འོག །ཨོ་རྒྱན་ཞེས་པའི་ཡུལ་མཆོག་དེར། །དཔལ་ལྡན་གསང་བའི་བདག་པོ་སྟེ། །སླར་ཡང་མི་བདག་ཚུལ་བཟུང་ནས། །ལྭ་བའི་ཞབས་དང་མཚོ་སྐྱེས་ཞབས། །ལྷན་ཅིག་སྔགས་ཀྱི་ལམ་སྟོན་ཞིང༌། །མཐའ་ཡས་སྐྱེ་བོས་དངོས་གྲུབ་ཐོབ། །དེ་ནས་ཕྱྀ་མའི་དུས་ཀྱི་ཚེ། །སླར་ཡང་མཁའ་འགྲོའི་གླིང་མཆོག་དེར། ས་བདག་དབང་པོའི་
བློན་གྱུར་ནས། །རྡོ་རྗེ་ཐེག་པ་རྒྱས་བསྟན་ཏེ། །སྔགས་རྒྱུད་མཁའ་དང་མཉམ་པར་བྱས། །དེ་ལྟར་ན་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཀྱི་གསང་བའི་མཛོད་འཛིན་པ། གསང་བའི་བདག་པོ་རྡོ་རྗེ་འཆང་བ་གསང་སྔགས་ཀྱི་བསྟན་པ་སྤེལ་བའི་སླད་དུ། མི་ཡི་བདག་པོའི་ཚུལ་བཟུང་ཨིཎྜ་བྷུ་ཏི་ཞེས་པའི་མཚན་འཆང་བ་ལན་གསུམ་བྱོན་པ་ལགས་ཏེ། དེ་ཉིད་ཤིན་ཏུ་སྙིགས་མའི་དུས་སུ་འགྲོ་བ་དམུ་རྒོད་རྣམས་འདུལ་བའི་སླད་དུ། འགྲོ་བའི་མགོན་པོ་རྡོ་རྗེ་རྒྱལ་པོ་ཞེས་གྲགས་པ། དགེ་སློང་རྡོ་རྗེ་འཛིན་པ་ཆེན་པོའི་སྐུར་ཉེ་བར་བསྟན་པ་སྟེ། འགྲོ་བའི་མགོན་པོ་ཉིད་ཀྱིས། རྗེས་ཐང་པ་རིན་པོ་བཀྲ་ཤིས་དཔལ་ལ་བཀའ་བསྩལ་པར་ཡང༌། ཨིཎྜ་བྷུ་ཏི་གསུམ་བྱུང་བ་ལ་ཐོག་མཐའ་གཉིས་ང་ཡིན། བར་མ་ཁྱོད་ཡིན། ལར་གསུམ་ཀ་ངོ་བོ་གཅིག་ཅེས་གསུངས་ཏེ། དེའི་ཕྱིར་འགྲོ་བའི་མགོན་པོ་འདིའི་རྣམ་པར་སྤྲུལ་བ་ནི། ཇི་སྐད་དུ། རྒྱུད་ལས། འཆད་པ་པོ་ང་ཆོས་ཀྱང་ང༌། །རང་གི་ཚོགས་ལྡན་ཉན་པ་ང༌། །ཞེས་པ་ལྟར། བདག་ཉིད་ཀྱི་དྲུང་དུ་གནས་པ་ཆོས་ལས་འཁྲུངས་པའི་སྲས་ཀྱི་ཐུ་བོར་མངོན་པར་དབང་བསྐུར་བ་འགྲོ་མགོན་སྟག་ལུང་ཐང་པ་ཆེན་པོ་བཀྲ་ཤིས་དཔལ་ཞེས་མཚན་ཡོངས་སུ་གྲགས་པ་འདི་ཉིད་ཡིན་ཏེ། འདི་ཉིད་གཅིག་པུར་མ་ཟད། དཔལ་སྟག་ལུང་ཐང་གི་སེང་གེའི་ཁྲི་ལ་མངོན་པར་འཁོད་པའི་རྡོ་རྗེ་འཆང་གི་གནས་བརྙེས་པ་མཐའ་དག་ཀྱང་སྤྲུལ་པ་དང་ཡང་སྤྲུལ་དང་སུམ་སྤྲུལ་དང་བསམ་གྱིས་མི་ཁྱབ་པའི་སྤྲུལ་པའི་ཚུལ་གྱི་སྐུ་ཐ་དད་པར་བསྟན་པ་ཙམ་མ་གཏོགས་ངོ་བོ་ཐ་དད་པར་མི་བསམ་མོ། །
དེ་ཡང་ཡེ་ཤེས་ཆེན་པོ་གཅིག་པུ་གཉིས་སུ་མེད་པའི་ཟློས་གར་ལས། འགྲོ་བའི་དོན་རྒྱ་ཆེར་སྤྱོད་པའི་བཤེས་གཉེན་དམ་པ་མཆོག་གི་ཚུལ་བཟུང་བ། སོ་སོའི་སྐྱེ་བོ་རྣམས་ཀྱི་སྣང་ངོར་ཞིང་དང་གདུལ་བྱ་ཐ་དད་པར་སྣང་བ་ཅན། གཞལ་བར་མི་སྤྱོད་པའི་སྣང་བརྙན། བརྒྱུད་པ་ནས་བརྒྱུད་པར་རང་བྱུང་བར་ལུང་བསྟན་པ་བཞིན་ལགས་ཏེ། ནམ་མཁའ་ཟླ་བ་གཅིག་པུ་ཤར་བའི་ཚེ་ཡུལ་དང་གནས་ཐ་དད་པའི་ཆུ་བོ། རྒྱ་མཚོ་རྫིང་བུ། ལྡེང་ཀ་སྣོད་ཀྱི་ཆུ་ཐ་དད་པ་རྣམས་དང༌། སྒྲིབ་གཡོགས་དང་བྲལ་བའི་ཆུ་ཐིགས་གཅིག་ཚུན་ཆད་ལ་ཡང་དེ་ཉིད་ཀྱིས་གཟུགས་བརྙན་འཆར་བ་བཞིན་ནོ། །དེས་ན་བདག་ཅག་གི་རྗེ་བཙུན་བླ་མ་དམ་པ་འདི་ཡང༌། མཉམ་མེད་ཐང་པ་ཆེན་པོ་ཉིད་དང་ཐུགས་གཉིས་སུ་མེད་པར་ངེས་ཤིང༌། དེ་ཉིད་གསང་བའི་བདག་པོ་ཕྱག་ན་རྡོ་རྗེའམ། རྒྱལ་པོ་ཆེན་པོ་ཨིཎྜ་བྷུ་ཏི་དང་མི་གཉིས་པའི་རང་བཞིན་ཅན་དང༌། ཡང་གཅིག་ཏུ་ན། སྐལ་བཟང་གི་འདྲེན་པ་སྟོང་གི་ཐོག་མ་བདེ་བར་གཤེགས་པ་འཁོར་བ་འཇིག་ཉིད་ཡིན་པར་ཡང་གྱུར་ཏེ། འགྲོ་བའི་མགོན་པོ་ཕག་མོ་གྲུབ་པ་ཉིད་ཀྱི་བཀའ་ཡང་དག་པའི་ཚད་མས་གྲུབ་པ་ཉིད་ཡིན་ནོ། །དེར་མ་ཟད་རྒྱལ་སྲས་ཞི་བ་ལྷ་ནི་འཕགས་པ་འཇམ་དཔལ་གྱིས་རྣམ་པར་སྤྲུལ་པ་ཡིན་པ་དང༌། དཔལ་སྟག་ལུང་ཐང་པ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་ཀྱིས་རྣམ་འཕྲུལ་ཏེ། རྒྱལ་བའི་སྲས་པོ་ཆེན་པོ་ཐོགས་མེད་བཟང་པོ་དཔལ་དེ་ཉིད་ཀྱང༌། འཕགས་པ་སྤྱན་རས་གཟིགས་ཀྱི་ཡེ་ཤེས་ཆེན་པོའི་རྣམ་འཕྲུལ་དུ་གྲགས་ཤིང་གྲུབ་པའི་ཕྱིར་ཁོ་བོ་ཅག་གི་འདྲེན་པ་དམ་པ་འདི་ནི།
དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་སྤྱིའི་གཟུགས་རྒྱལ་བའི་སྲས་པོ་གཞོན་ནུའི་སྐུ་འཆང་བ་འཕགས་པ་འཇམ་དཔལ་དང༌། ཐུགས་རྗེ་ཆེན་པོ་ཕྱག་ན་པདྨོ་ཅན་དང༌། གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་གསུམ་ཆར་གྱི་ཡེ་ཤེས་ཀྱི་རྣམ་འཕྲུལ་གཅིག་པུ་སྟེ། དེ་དག་མི་འགལ་བའི་རྒྱུ་མཚན་ཡང༌། རིགས་གསུམ་གྱི་སེམས་དཔའ་འདི་རྣམས་ལྷས་སྦྱིན་དང་མཆོད་སྦྱིན་ལྟར་རྒྱུད་ཐ་དད་པ་ནི་མ་ཡིན་ཏེ། དུས་གསུམ་གྱི་བདེ་བར་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་སྤྱི་གཟུགས་ཆེན་པོ་ཡིན་ལ། སངས་རྒྱས་རྣམས་ཀྱི་སྐུ་རྡོ་རྗེ་གང་ཡིན་པ་དེ་ཉིད་གསུང་དང་ཐུགས་ཀྱང་ཡིན་པའི་ཕྱིར་བསམ་གྱིས་མི་ཁྱབ་པའི་གནས་འདིར་ནི། རང་བཞིན་མཉམ་པ་ཉིད་དུ་ཤེས་པའི་སྒོ་ནས། མཆོག་ཏུ་གུས་པ་ཆེན་པོས་ཆད་པ་མེད་པའི་དུས་ཀྱི་མཐར། ཞིང་གི་རྡུལ་སྙེད་དུ་རྣམ་པར་སྤྲུལ་པའི་ལུས་ཀྱིས་ཕྱག་འཚལ་བར་རིགས་ཀྱི་མཁས་པའི་མངོན་པའི་ང་རྒྱལ་གྱིས། རྟོག་གེའི་རིག་པས་འཇུག་པ་ནི་ཉག་ཕྲན་གྱི་རྩེ་མོས་ཆུ་གཏེར་གྱི་གཏིང་མཐའ་ཚོལ་བ་བཞིན་ནོ། །སྨྲས་པ། ཆོས་རྣམས་རང་བཞིན་མཁའ་འདྲ་གཞལ་དུ་མེད། །ཡེ་ཤེས་རང་བཞིན་མཁའ་འདྲ་གཞལ་དུ་མེད། །སྒོ་གསུམ་མཛད་པ་མཁའ་འདྲ་གཞལ་དུ་མེད། །རྣམ་འཕྲུལ་འཇུག་པ་མཁའ་འདྲ་གཞལ་དུ་མེད། །བསམ་གྱིས་མི་ཁྱབ་གནས་འདི་ལ། །བདག་ཅག་དད་པས་རྟོགས་བྱ་ཡི། །ཤེས་རབ་དམན་པའི་མེ་ཁྱེར་གྱིས། །མཛད་པའི་འཇིག་རྟེན་ཇི་ལྟར་གསལ། །
སྲིད་གསུམ་འཇིག་རྟེན་བདུན་ལ་སོགས། །འཁོར་འདས་ཆོས་རྣམས་རང་བཞིན་ནི། །གཉིས་མེད་བརྗོད་བྲལ་བསམ་དུ་མེད། །རྣམ་པ་མ་འགགས་ཅིར་ཡང་སྣང༌། །རང་བཞིན་གསལ་སྟོང་འགགས་མེད་ཕྱིར། །རང་བཞིན་འབྲས་བུ་མངོན་གྱུར་པའི། །རྣམ་ཐར་བརྗོད་བྲལ་བསམ་ཡས་འདི། །རང་བཞིན་འགྱུར་བ་མེད་པའི་རྒྱུ། །ས་དང་ཆུ་དང་མེ་དང་རླུང༌། །ནམ་མཁའ་ལས་བྱུང་ནམ་མཁའི་དངོས། །ཕྱོགས་རྣམས་ཀུན་ཏུ་ནམ་མཁའ་བཞིན། །ཚད་མེད་བསམ་གྱིས་མི་ཁྱབ་སྟེ། །འབྱུང་བ་འདི་དག་བསམ་མེད་ཅིང༌། །འབད་རྩོལ་མེད་པ་ཕྱོགས་བཅུ་ཡིས། །སེམས་ཅན་ཀུན་གྱི་ཉེར་འཚེ་དང༌། །རང་རང་ལས་ལ་མ་འདྲེས་འཇུག །ཇི་ལྟར་ས་རྡུལ་ཚད་མེད པ། །རང་རང་མ་འདྲེས་བྱ་བ་ལ། །རྣམ་རྟོག་མེད་ཅིང་འཇུག་གྱུར་པ། །མགོན་ཁྱོད་འཕྲིན་ལས་དེ་དང་མཚུངས། །ཇི་ལྟར་རྒྱ་མཚོ་རླབས་གཡོ་བ། །ཆུ་རླབས་རྣམ་འགྱུར་ཐ་དད་ཅིང༌། །རང་བཞིན་རྒྱ་མཚོ་གཅིག་པུར་འཇུག །རྒྱལ་ཁྱོད་རྒྱ་མཚོ་དང་མཚུངས་ཏེ། །མགོན་པོ་ཀུན་གཞི་གནས་གྱུར་བརྙེས། །རང་བཞིན་མི་ཤེས་བྱིས་པ་རྣམས། །ཆུ་རླབས་རྒྱ་མཚོ་ཇི་བཞིན་དུ། །དབྱིངས་དང་རྣམ་འཕྲུལ་སོ་སོར་རྟོགས། །ཇི་ལྟར་ཉི་མའི་འོད་ཟེར་གཅིག །ཤར་བས་ས་གཞི་རི་བཅས་ཀུན། །ཅིག་ཅར་སྣང་བར་བྱེད་གྱུར་ཅིང༌། །ལས་རྣམས་སྣ་ཚོགས་བྱེད་གྱུར་ཏེ། ལོ་ཐོག་སྨིན་པར་བྱེད་པ་དང༌། །སྐེམ་དང་རྒྱས་དང་འཇུ་བ་དང༌། །པདྨ་ལ་སོགས་ཁ་འབྱེད་པ། །འདི་ལ་རྣམ་པར་རྟོག་པ་མེད། །
པདྨའི་མཚོ་དང་ཞིང་ས་དང༌། །ཉི་མའི་འཇུག་བྱ་གཞན་དང་གཞན། །གང་རྣམས་དེ་དག་ཀུན་ལ་ནི། འོད་ཟེར་གཅིག་འཇུག་ཐ་དད་མེད། །ཉིད་ཀྱི་ཡེ་ཤེས་འཇུག་པ་ཡང༌། །གཅིག་པུ་འཇིག་རྟེན་འདིར་ཤར་བས། །མོས་པ་སོ་སོའི་སེམས་ཅན་གྱི། །བསམ་པ་ཐ་དད་སྣ་ཚོགས་འཇུག །བསམ་གྱིས་མི་ཁྱབ་གནས་འདི་ལ། །འཇུག་སེལ་དབྱིག་གི་སྙིང་པོ་དང༌། །རལ་པ་ཅན་ཡང་ཕྱུགས་དང་མཚུངས། །པ་ནཏ་པ་ནཏ་གཞོན་ནུ དང༌། །རྒྱས་པ་གྲོགས་མཁར་ཨི་གི་རས། །མི་བྱིན་སེར་སྐྱ་མར་ཀན་ཊེ། །ནེ་ཙོ་འོད་སྲུང་ཀཱ་ཏའི་བུ། །དེ་དག་རྒྱུ་མའི་ཤིན་ཏུ་འཁོར། །མགོན་པོ་ཁྱོད་ཀྱི་གནས་འདི་ནི། །སྟོབས་བཅུ་མངའ་བ་ཁོ་ནས་མཁྱེན། །ས་འདི་རྒྱུ་དང་མི་རྒྱུ་ཀུན། །རྟེན་ཞིང་གནས་པའི་གཞི་ཡིན་པ། །དེ་བཞིན་བརྟན་གཡོ་ཐམས་ཅད་ཀྱི། །བསྐྱེད་མ་གཞི་ནི་མགོན་ཁྱོད་ལགས། །ཡོན་ཏན་ཐམས་ཅད་བསྐྱེད་མཛད་པའི། །ཟླ་མེད་ས་གཞི་ཁྱོད་ལ་འདུད། །མགོན་པོ་ཁྱོད་མཚུངས་ཕྱོགས་བཅུའི་རྒྱལ་བ་སྟེ། ཁྱོད་ཉིད་རྒྱལ་བ་ལགས་པས་དཔེ་མ་རྙེད། །དཔེ་མེད་མི་འགྱུར་རྟག་པ་རྡོ་རྗེའི་སྐུ། ཁྱབ་བདག་རྡོ་རྗེ་སེམས་ཁྱོད་ཕྱག་གི་གནས། །འདི་དག་ནི་སྔོན་གྱི་སྐུའི་སྐྱེད་རབས་ལ་བརྩམས་ཏེ་དམ་པའི་ཡོན་ཏན་ཅི་རིགས་པ་བསྙད་པའི་སྡེ་ཚན་ཏེ་དང་པོའོ།། །ད་ནི་སྐུའི་སྐྱེ་བ་འདི་ཉིད་ཀྱིས་མཛད་པའི་ཚུལ་སོ་སོའི་སྐྱེ་བོ་དག་ལ་ཐུན་མོང་དུ་སྣང་བ་ཞིག་བརྗོད་པར་བྱ་སྟེ། །དེ་ལ་གང་དུ་སྐུའི་སྐྱེ་བ་བཟུང་བའི་ཡུལ་ནི། ཐ་སྙད་
འཇིག་རྟེན་གྱི་གཙུག་ལག་ལ། ཡོངས་སུ་གྲགས་པའི་དགེ་བཅུའི་ལུས་ཡོངས་སུ་རྫོགས་ཤིང༌། ཁྱད་པར་དུ་ཡང་བདེ་བ་འབྱོར་པ་སྐྱེ་བོ་མང་པོས་ཡོངས་སུ་གང་བ། ཡུལ་ཐ་དད་པའི་སྐྱེ་བོ་མཐའ་ཡས་པའི་རང་རང་གི་ཟོང་དང་འདོད་དགུའི་ལོངས་སྤྱོད་ཐམས་ཅད་མངོན་པར་ཐོགས་ཏེ་ལང་ལོང་ཏུ་རྒྱུ་བས་ར་བ་དང་སྲང་ཐམས་ཅད་མཛེས་པར་བྱས་པ། སྐྱེ་བོ་ཐམས་ཅད་ཀྱང་གཅིག་ཏུ་དགེ་བ་ལ་མངོན་པར་དགའ་ཞིང༌། སྐུ་གཟུགས་དང༌། མཆོད་རྟེན་དང༌། གླེགས་བམ་དང༌། དགེ་འདུན་དག་ལ་ལྟ་ཅི་སྨོས། ངུར་སྨྲིག་གི་རྟགས་ཅུང་ཟད་ཙམ་འཆང་བ་ལ་ཡང་བདག་ཅག་གི་ཡོན་གནས་དམ་པའོ། །ཞེས་ལན་བརྒྱར་ཕྱག་བགྱིད་པ་སོགས་དད་པའི་ནོར་གྱིས་ཕྱུག་པ། ཡུལ་འཁོར་ཐམས་ཅད་ཆོས་སྨྲ་བ་འཁོར་དང་བཅས་པས་ཡོངས་སུ་གང་བ། སངས་རྒྱས་ཀྱི་ཞིང་ཁུད་པ། འཕན་ཡུལ་རིགས་པའི་འབྱུང་གནས་སའི་ཆ། སྤྲས་ཞེས་བྱ་བའི་ཡུལ་འཇིག་རྟེན་གསུམ་གྱི་དགེ་ལེགས་ཐམས་ཅད་ལྷུན་གྱིས་གྲུབ་པའི་ཕོ་བྲང་ཆེན་པོ་སྟེ། དེར་དམ་པ་འདིའི་ཡབ་ཏུ་གྱུར་པ་ནི། དཔལ་སྟག་ལུང་ཐང་པ་ཆེན་པོའི་དཔོན་གྱི་རིགས། རིགས་སྔགས་འཆང་བ་རྣམས་ཀྱི་འཁོར་ལོས་བསྒྱུར་བ། ཆོས་བཞིན་པས་ས་སྐྱོང་བའི་རྒྱལ་པོ་བྱང་ཆུབ་སེམས་དཔའ་ཆེན་པོ་བཀྲ་ཤིས་རྒྱ་མཚོ་ཞེས་བྱ་བ་ཡིན་ཏེ། འདི་ཉིད་ཀྱང་ལྷག་པའི་ལྷ་བཅོམ་ལྡན་འདས་ཀྱཻ་རྡོ་རྗེ་དང༌། རྡོ་རྗེ་ཕུར་པ་ས་ལུགས་དང༌། བདེ་མཆོག་ལྷན་སྐྱེས་དང༌། མཧཱ་ཀ་ལ་ཙ་ཏུར་བྷུ་ཛའི་བཟླས་བརྗོད་ཀྱི་མཐར་སོན་ཞིང༌། སྐྱེ་འགྲོ་གདོན་
གྱིས་གཙེས་པ་ལ་སྔགས་འདེབས་པ་དང༌། བྱིན་རླབས་མཛད་པ་ཙམ་གྱིས་ནད་གདོན་མ་ལུས་པ་ཞི་བར་འགྱུར་བ་སོགས་བྱིན་རླབས་ཀྱི་གཟི་བྱིན་ལྷག་པར་རྒྱས་པ། འབངས་རྣམས་ཐམས་ཅད་བདེ་བར་བསྐྱངས་བས་ཐམས་ཅད་ཀྱིས་ཀྱང་ཕ་མའམ། མཁན་པོའམ། སློབ་དཔོན་མཆོག་གི་བཞིན་དུ་གུས་པས་བལྟ་བ། འཐབ་པ་དང་རྩོད་པ་མེད་པར་བྱམས་པའི་ངང་ཚུལ་ཁོ་ནས་འགྲན་ཟླ་ཐམས་ཅད་ཀྱང་གུས་པས་འདུད་པར་བྱེད་པ་ཞིག་སྟེ། ཡུམ་དུ་གྱུར་པ་ནི་སྡེ་པ་ཆེན་པོ་དགའ་བའི་སྲས་མོ་བདེ༵་སྐྱིད༵་བུ༵་འདྲེ༵ན་ཞེས་བྱ་བ་ཇི་སྐད་བཤད་པའི་བུད་མེད་ཀྱི་སྐྱོན་ཐམས་ཅད་ནི་སྤངས། ཡོན་ཏན་ཐམས་ཅད་ཀྱི་མངོན་པར་བརྒྱན་པ་སྟེ། རིགས་དང༌། གཟུགས་དང༌། བློ་གྲོས་དང༌། འབྱོར་བ་དང་བསོད་ནམས་ཀྱི་དཔལ་དང་ལྡན་པ་སྒོ་གསུམ་ཤིན་ཏུ་བསྲུང་བའི་རང་བཞིན་ཅན་ཞིག་སྟེ། ཡབ་ཡུམ་གཉིས་ལ་སྲས་ལྔ་དང་ལྕམ་གཉིས་ཏེ། མཆེད་བདུན་གྱི་རྟིང་མ་བདུན་པ་ནི་དམ་པ་འདི་ཡིན་ཏེ། མེ་ཕོ་སྤྲེལ་འུའི་ལོ་ལ་དགེ་མཚན་ཐམས་ཅད་ཀྱིས་མངོན་པར་སྤྲས་ཏེ་སྐུ་བལྟམས་སོ། །དེ་ཡང་རྗེ་འདི་ཉིད་ལྷུམས་སུ་ཞུགས་པ་ནས་བརྩམས་ཏེ། ཆབ་འོག་ཐམས་ཅད་བདེ་ཞིང་ལོ་ལེགས་པ་དང༌། དགེ་མཚན་གྱི་ལྟས་འགའ་ཞིག་གོང་ནས་གོང་དུ་མངོན་པར་འཕེལ་བར་འགྱུར་ཞིང༌། སྐུ་བལྟམས་པ་ན་ཡང་ཡུམ་ལ་གནོད་པ་མེད་ཅིང༌། མེ་ཏོག་གི་ཆར་འབབས་པ་ལ་སོགས་པ་ངོ་མཚར་བའི་ལྟས་གཞལ་དུ་མེད་པ་འཇིག་རྟེན་འདིར་འབྱུང་ངོ༌། ༈
སུམ་རྩེན་གནས་པའི་དགེ་མཚན་ཀུན། །ས་སྟེང་འཇིག་རྟེན་འདིར་འཕོས་པ། །བསོད་ནམས་མཐུ་ལས་མངོན་འགྲུབ་ཀྱི། །རྒྱུ་གཞན་དག་གིས་ག་ལ་ཞིག །མདོངས་མཐའི་འདབ་མས་མཆོག་ཏུ་ལེགས་བརྒྱན་པ། །མར་གད་ཞི་བ་འཁྱིལ་འདྲའི་ནོར་འཛིན་ནམ། །སྲིད་གསུམ་མཛེས་པའི་ཡོན་ཏན་ཀུན་མཛེས་ཏེ། །སྐྱོན་མེད་གནས་ཀྱི་མཛེས་སྡུག་ཐམས་ཅད་འཕྲོགས། །ལྗོན་ཤིང་བུ་མོ་གཉེན་ལྕུག་ལོ་འདབ་བགོས། །རབ་འབར་མེ་ཏོག་མཆོག་དགའི་མིག་གི་ཟེར། ཕྱོགས་ཀུན་ཟུར་མིག་གཡོ་ལྡན་བཅུད་བཟང་འབྲས། །ནུ་རྒྱས་འདོད་པའི་ལོངས་སྤྱོད་དག་གིས་མཛེས། །རྣམ་བཀྲ་གྲོང་ཁྱེར་བ་དན་བརྒྱན་སྤྲས་པ། །ཉི་ཟླ་སྐར་བཅས་ས་ལ་འཁོད་པ་སྙམ། །འཕྲོག་བྱེད་དགའ་མའི་དབྱངས་ཀྱི་རྗེས་སྙེག་པ། སྒྲ་འདི་ཁྱད་པར་འཕགས་ཕྱིར་སུམ་རྩེན་གྲོང། །མཁར་ཉལ་རྣམས་ནི་བག་མེད་ཆང་གིས་མྱོས། །ལེགས་བྱས་བདུད་རྩིས་རོལ་པས་འདི་ཉིད་མཆོག །རྒྱལ་ཁྱོད་དགྱེས་རོལ་འདི་ཉིད་འོག་མིན་ཏེ། །གཞན་ནས་ཚོལ་བའི་ངལ་བ་དེང་འདིར་ཟད། །རྒྱལ་བ་ཡུམ་ཀུན་ཤེས་རབ་ཕ་རོལ་ཕྱིན། །དམིགས་མེད་ཐུགས་རྗེ་གང་ཡིན་དེང་འདིར་ཡབ། །རྡོ་རྗེའི་སྐུ་ལ་སྲིད་པའི་ཕ་མ་མེད། །འགྲོ་བའི་མགོན་པོ་སྤྲུལ་བའི་སྒྱུ་མ་མཛད། །དེ་ནས་སྐུ་བལྟམས་མ་ཐག་དཔལ་སྟག་ལུང་ཐང་པ་ཆེན་པོ་རྗེ་རྣམ་རྒྱལ་བཀྲ་ཤིས་ཀྱི་སྙན་དུ་ཕུལ་ཞིང་མཚན་གནང་བར་ཞུས་པས། མཆོག་ཏུ་དགྱེས་
པའི་འཛུམ་ཞལ་དང་བཅས། བཀྲ་ཤིས་དོན་འགྲུབ་ཞེས་མཚན་དོན་དང་ལྡན་པ་གསོལ་ཞིང༌། བསྲུང་སྐུད་དང་གཏོར་མའི་བྱིན་རླབས་སོགས་ཀྱང་ཟབ་རྒྱས་སུ་བསྩལ། མ་མ་རྣམས་ཀྱིས་གཙང་སྦྲའི་སྤྱོད་ལམ་དང་ལྡན་པའི་སྐུ་བསྐྱེད་བསྲིངས་པས་མཚོའི་ནང་གི་པདྨའམ། ཆར་ཆུ་རྒྱས་པའི་ཆུ་བོའམ། ཟླ་བ་ཡར་གྱི་ངོ་བཞིན་དུ་གང་སྐུའི་ལང་ཚོ་མཆོག་ཏུ་མངོན་པར་བརྟས་པར་གྱུར། དེ་ནས་སྨྲ་མཁྱེན་ཙམ་ན་ཡང་སྐུའི་རྩེ་གྲོགས་གཞན་དག་གི་སྲོག་ཆགས་ལ་འཚེ་བ་སོགས་སྡིག་པའི་ལས་ལ་སྤྱོད་པ་དག་ཆེ་ཐང་དུ་བཟློག་པར་མཛད་ཅིང༌། མ་ཎི་བཟླས་པ་ལ་སོགས་ཆོས་སྤྱོད་དང་དགེ་བའི་རིམ་པ་ལ་བདག་ཉིད་རྩོལ་ཞིང་གཞན་ཡང་བསྐུལ་བར་མཛད་པ་དང་སྐུ་ཆས་ཕྲ་མོ་ཚུན་ཆད་ཀྱང་སོ་སོ་ལ་སྦྱིན་པར་མཛད་པ་དང༌། སྐབས་གཞན་དང་གཞན་དུ་ས་སྟེགས་དང་ཁྲིའུ་དག་ལ་མངོན་པར་འཁོད་ནས། ཆོས་འཆད་པ་དང་དབང་བསྐུར་བ་ལྟར་མཛད་པ་དང༌། རེས་འགའ་ནི་སྐུ་ལུས་གནད་དང་ལྡན་པས་ནང་ལ་མཆོག་ཏུ་གཞོལ་བ་ལྟར་ཡང་མཛད་ནས། མདོར་ན་འདི་ནི་མ་བསྟན་པར་སྦྱིན་པ་དང༌། སྙན་པར་སྨྲ་བ་དང༌། དོན་མཐུན་པ་དང༌། དོན་སྤྱོད་པ་སྡེ་བསྡུ་བའི་དངོས་པོ་བཞི་ལ་འཇུག་པ་ཞེས། བྱང་ཆུབ་སེམས་དཔའ་འཕགས་པ་རྣམས་ཀྱི་མ་འདྲེས་པའི་ཆོས་ཡིན་པར་འཕགས་པ་རྣམ་པར་འཕྲུལ་པས་ཞུས་པའི་མདོ་ལས་བྱུང་བ་བཞིན་ཡིན་ནོ། གཞན་ཡང་མཛད་པ་ཐམས་ཅད་ཆོས་ཀྱིས་མཛད་པ་འབའ་ཞིག་གི་བག་
ཆགས་སད་པས། བསྐང་གསོ་དང༌། གཏོར་བཟློག་དང༌། སྒྲུབ་མཆོད་ཀྱི་ཚུལ་མཛད་པ་དང༌། འཁོར་ཚོགས་ཀྱི་སྐྱེ་བོ་མང་པོས་བསྟི་སྟངས་དང་བཅས་པའི་ཚུལ་དུ་ཞུགས་པར་མཛད་པ་སོགས་བྱུང་སྟེ། མདོར་ན་དེ་དག་ཀུན་ནི་ཕྱིས་ཀྱི་འཕྲིན་ལས་ཀྱི་རྟེན་འབྲེལ་དུ་གྱུར་པ་འདྲ་ཞེས་ཤེས་ལྡན་རྣམས་ཀྱིས་གླེང་ངོ༌། །དེ་ན་སོ་སོ་སྐྱེ་བོ་རྣམས་ཀྱིས་རང་གི་བློས་རྒྱས་བཀབ་ཀྱིས་སྐུའི་སྤྱོད་ལམ་བསྲངས་སུ་འཇུག་པའི་བསམ་པས་ནན་ཏུར་གྱི་ཚུལ་དུ་འབུལ་བར་བྱེད་པ་ན། དེ་སྐད་དུ་ངམ་ཤོད་ཕྱེ་མའི་དཀྱིལ་ན་མི་མོ་ཞིག །རྒྱལ་བློན་རྒྱལ་སྲིད་སྐྱོང་བའི་བྱ་བ་ལས། །མ་སྨད་འཁྲུག་པ་བསྡུམ་ནས་བྱར་དགའ་འོང༌། །རྒྱལ་བློན་བློ་རེ་ཆུང་ཞེས་ཟེར་བ་ཐོས། ཞེས་པའི་དཔེ་དང་འདྲའ་འོ་སྙམ་དུ་སེམས་སོ། །དེ་སྐབས་སུ་རྗེ་བཙུན་འཇམ་པའི་དབྱངས་ཀྱི་དངོས་སུ་བྱིན་གྱིས་རླབས་པའི་འཁོན་རིགས་དམ་པ་མཁྱེན་བརྩེ་ནུས་གསུམ་གྱི་དབང་ཕྱུག་བདག་ཆེན་རིན་པོ་ཆེ་ངག་གི་དབང་ཕྱུག་དང༌། གངས་རིའི་ཁྲོད་འདིར་སྒྲུབ་བརྒྱུད་འགྲན་ཟླ་དང་བྲལ་བ་དཔལ་ལྡན་འབྲུག་པའི་གཙུག་གི་ནོར་བུ་རིན་པོ་ཆེ་ངག་དབང་ཆོས་ཀྱི་རྒྱལ་པོ་དང༌། རྡོ་རྗེ་འཛིན་པའི་དབང་ཕྱུག་མཚར་ཆེན་བློ་གསལ་རྒྱ་མཚོ་དང༌། འབྲི་གུང་རིན་ཆེན་ཕུན་ཚོགས་སོགས་སྐྱེས་བུ་དམ་པ་དུ་མ་ལ་དབང་སྐུར་མང་པོ་དང༌། ཡི་དམ་ཆོས་སྐྱོང་སོ་སོའི་བཀའ་བསྒོ་རྗེས་གནང་གཏོར་དབང་སོགས་བགྲང་བར་མི་དཔྱོད་པ་གསན་པའི་སྙིམ་པས་བཞེས་ཤིང༌། ཁྱད་པར་མདོ་སྔགས་རིག་གནས་དང་བཅས་པའི་གཞུང་ལུགས་རྒྱ་མཚོའི་མངའ་བདག་ཆེན་པོ། དབང་ལུང་མན་ངག་དུ་མའི་
འབྱུང་གནས་རིན་པོ་ཆེ་མ་ལུས་པ་དཀོན་མཆོག་གྲགས་པ་ལ་ཡང་བཀའ་ཆོས་ཀྱི་འབྲེལ་བ་མང་དུ་གསན་ཞིང༌། གཞན་ཡང་མཁས་པ་དང་རྣལ་འབྱོར་བ་ཀུ་ས་ལི་ཚད་དང་ལྡན་པ་འགའ་ཞིག་ལ་དབང་དང་བྱིན་རླབས་ཅི་རིགས་པར་གསན། ཁྱད་པར་དུ་རིན་པོ་ཆེ་ཆོས་ཀྱི་རྒྱལ་མཚན་པས། རྟ་མགྲིན་གྱི་གཏོར་དབང་ཞིག་ཕུལ་དུས། ཁྲོ་རྒྱལ་རྟ་མགྲིན་གྱིས་ཞལ་གཟིགས་གསལ་བའི་མཐར་ཐུག་པ་བྱུང་ངོ༌། །དེ་སྐབས་ཤིག བསྐལ་པ་གཞལ་དུ་མེད་པར་ཚོགས་གཉིས་རྒྱ་ཆེར་བསགས་པ་ཡང་སྨོན་ལམ་རྒྱ་མཚོའི་སྟོབས་ཀྱིས་རྒྱལ་བ་ཐམས་ཅད་ཀྱི་བསྐྱེད་པའི་ཡུམ་དུ་མངོན་པར་སྤྲུལ་པ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་བདག་ཉིད་དེ་ཉིད་བསྙུན་གྱིས་བཏབ་པ་ལ་སོགས་པའི་ཕྱི་རོལ་མི་འཚམ་པའི་རྐྱེན་གང་ཡང་མེད་པར་རང་གནས་མཁའ་ལ་སྤྱོད་པའི་ཞིང་དུ་བདེ་བར་བཞུད་དོ། །དེ་ནས་མི་རིང་བར་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་འབྱུང་བར་དགོངས་ཤིང༌། བླ་མ་རིན་པོ་ཆེ་རྣམ་རྒྱལ་བཀྲ་ཤིས་ཀྱི་བཀའ་འཕེབས་པས་ཀྱང་ཉེ་བའི་རྐྱེན་བྱས་ཏེ་དགུང་ལོ་བདུན་པ་ཆུ་ཕོ་སྟག་གི་ལོ་ལ། སྐྱེས་བུ་དམ་པ་དུ་མས་བྱིན་གྱིས་བརླབས་པའི་གནས། འཕགས་པ་འཇིག་རྟེན་དབང་ཕྱུག་གི་ཞིང་ཁམས། དཔལ་སྟག་ལུང་ཐང་གི་ཆོས་གྲྭ་ཆེན་པོར་ཕེབས་ཤིང་དང་པོ་འཇམ་མགོན་གྲུབ་པའི་དཔའ་བོ་དང་མཇལ། སླར་བདེ་བར་གཤེགས་པ་རིན་པོ་ཆེ་བཀྲ་ཤིས་རྣམ་རྒྱལ་དང་སེང་གླེང་དུ་མཇལ་བ་ཡིན་གསུངས་སོ། །དགུང་ལོ་བརྒྱད་པ་ལ་ཆོས་གྲྭ་དེ་ཉིད་དུ། རྒྱལ་བས་ལུང་བསྟན་བརྙེས་པ་
གྲུབ་པའི་འཁོར་ལོས་བསྒྱུར་བ་སློབ་དཔོན་ཆེན་པོ་ནག་པོ་སྤྱོད་པ་ཉིད། མཆོག་གི་དགེ་བའི་བཤེས་གཉེན་གྱི་རྣམ་པར་སྐུར་བསྟན་པ་འཇམ་མགོན་གྲུབ་པའི་དཔའ་བོ་དཔལ་ལྡན་ཀུན་དགའ་གྲོལ་མཆོག་བློ་གསལ་རྒྱ་མཚོའི་སྡེའི་དྲུང་དུ་མཁན་པོ་ཞུས་ཤིང༌། ཞུ་བའི་ཡུལ་དགེ་སློང་སྡོམ་བརྩོན་དུ་མ་དང་བཅས་པའི་དབུས་སུ། ཚིགས་སྔ་མ་དགེ་བསྙེན་གྱི་སྡོམ་པ་དང༌། བར་མ་ཡང་དག་པར་བླང་བ་གསུམ་སྔོན་དུ་འགྲོ་བའི་དགེ་ཚུལ་གྱི་སྡོམ་པ་ལེགས་པར་ནོད་པ་མཛད་དེ། མཚན་ནི་ཀུན་དགའ་བཀྲ་ཤིས་རྒྱལ་མཚན་དཔལ་བཟང་པོ་ཞེས་གནང་སྟེ། ཐེག་ཆེན་ཆོས་ཀྱི་རྒྱལ་པོའི་མཚན་དེ་ཀ་ཡིན་ནོ་ཞེས་བཀའ་བསྩལ་ལོ། ༈ །ཕྲ་ཞིང་གོས་མེད་འོད་སྟོང་བདག་པོའི་འོད། །གངས་དང་སྲེག་ཟ་ལ་ཡང་མངོན་འབབ་སྟེ། །ཉི་མའི་ཟེར་ལ་ཚ་གྲང་དབྱེ་བ་མེད། །དེ་བཞིན་འདིར་ཡང་བདག་གིས་ལེགས་པར་འཁུམས། །ཡེ་ཤེས་སྒྱུ་མའི་སྤྲུལ་པས་འགྲོ་བའི་དོན། །ཉི་འོད་བཞིན་དུ་ཀུན་ལ་ཁྱབ་སྤྱོད་པ། །འདི་ལ་ཁྱིམ་ནས་རབ་ཏུ་འབྱུང་བ་ཞེས། །བཟང་ངན་དབྱེ་བ་ཅི་ཞིག་བློ་ལྡན་རྣམས། །ཡིད་བཞིན་ནོར་བུ་ཇི་བཞིན་ལྷུན་འགྲུབ་ཏུ། །མཐའ་ཡས་སྐྱེ་བོའི་ཉེར་འཚོར་སྤྱོད་པ་ལ། །ངུར་སྨྲིག་ཚལ་བུས་གཡོགས་པས་ཅི་ཞིག་འཕགས། །ལྷ་རྫས་འབུམ་ཕྲག་བརྒྱ་ཡིས་ཉེས་པ་ཅི། བཻཌཱུར་འོད་འཕྲོག་ཀ་ཤིའི་གོས་མཆོག་གིས་གཡོགས་རིན་ཆེན་ཟ་མ་ཏོག་ཏུ་སྩོལ། །ཤིང་དྲུང་རྣམས་ནི་བཞི་མདོ་རྒྱུའོ་དེ་འདིར་ཅིར་མི་རུང་གང་རིན་ཆེན་བརྒྱན། །རེག་འཇམ་འཇའ་འོད་མདངས་
བཀྲའི་གཡོགས་མས་ལེགས་གཡོགས་སྲིད་གསུམ་རིན་ཆེན་གཅིག་པུ་འདི། །ནོར་བུ་གོས་མཆོག་གཞན་གྱིས་སྤྲས་པ་མངོན་པར་བཏང་ནས་ངུར་སྨྲིག་ཚུལ་ལ་བརྟེན་འདི་མཚར། །གང་གང་བཟང་པོར་གྱུར་བ་དེ་དག་ནི། །ཤིན་ཏུ་སྦས་ཤིང་མཆོག་ཏུ་བརྒྱན་འདི་ལ། །འགྲོ་ཀུན་ལ་སོན་ཡིད་བཞིན་ནོར་བུ་འདི། །རྒྱན་བྱེད་གཞན་མེད་ཕྱིར་ན་རྒྱན་སྤངས་བཞིན། །བློ་ལྡན་ཡིན་ཡང་འདོད་ལ་སྲེད་པས་འཁྱམས། །དེ་དག་རྣམས་ལ་གདམས་ངག་མཛད་པའི་ཕྱིར། །སྲིད་གསུམ་ཕུན་ཚོགས་སྐུ་ལ་ཡོངས་བཟུང ནས། །བུང་བའི་མདངས་ཅན་གཙུག་ཕུད་བཅད་ཅེས་གྲགས། །ཀུ་མུད་འཛུམ་ཞལ་ཀུན་དགའི་ཟླ་སྣང་ཅན། །བཀྲ་ཤིས་དགེ་མཚན་བདུད་རྩིའི་ཟེར་འཕྲོ བས། །དཔག་ཡས་འགྲོ་ཀུན་ཆོས་ཀྱི་མགྲོན་དུ་གཉེར། །འདི་ཡང་ཁྱེད་ཀྱིས་ཐབས་མཁས་འབའ་ཞིག་ལགས། །དེ་ལྟར་ན་ཁྱབ་བདག་འདི་ནི་ཡེ་ཤེས་ཀྱི་རང་བཞིན་གཅིག་པུའི་ཕྱིར། ཁྱིམ་ན་གནས་པ་རྣམས་དང་མངོན་པར་འབྱུང་བ་ཞེས་བྱ་བའི་བྱེ་བྲག་མེད་མོད་ཀྱི། འདི་ལྟར་ངུར་སྨྲིག་འཛིན་པའི་ཚུལ་བསྟན་པ་འདི་ཡང་དང་པོའི་ལུས་ཅན་རྣམས་འདོད་ཡོན་ལ་བརྐམ་པའི་བྱང་ཆུབ་ཐོབ་དཀའ་བར་གཟིགས་ནས། ཉེས་དམིགས་ཅན་གྱི་ཁྱིམ་སྤོངས་ལ་ཐར་པའི་གྲོང་ཁྱེར་དུ་འཇུག་པར་བྱོས་ཤིག །ཅེས་གདམས་ངག་མཛད་པ་ཡིན་ནོ། །ཞེས་པ་འདི་ནི་ངེས་པར་འབྱུང་བའི་ཚུལ་བསྟན་པ་ལས་བརྩམ་སྟེ་ཅི་རིགས་པར་བསྙད་པའི་སྡེ་ཚན་གཉིས་པའོ། དེ་ནས་འགྲོ་བ་འདྲེན་པའི་སྤྲུལ་པའི་སྐུ་ཆེན་པོ་མཁྱེན་པ་དང་
བརྩེ་བ་དང༌། ནུས་མཐུ་གཞལ་དུ་མེད་པ། རིན་པོ་ཆེ་ངག་དབང་རྣམ་རྒྱལ་བཀྲ་ཤིས་གྲགས་པ་རྒྱལ་མཚན་དཔལ་བཟང་བོའི་ཞབས་ཀྱི་པདྨོ་ཡུན་རིང་དུ་བསྟེན་པར་མཛད་པ་དང༌། ལྷོ་པ་སློབ་དཔོན་དུ་གྲགས་པ་གསང་བདག་ཕྱག་ན་རྡོ་རྗེ་འཁོར་ལོ་ཆེན་པོའི་བཟླས་པ་དུང་ཕྱུར་ལྷག་ཅིག་མཛད་པས། ལྷག་པའི་ལྷས་བྱིན་གྱིས་རླབས་པའི་རྟགས་མཚན་ཐམས་ཅད་མངོན་དུ་གྱུར་པ་ནུས་མཐུའི་མངའ་བདག་དེ་ཉིད་ལས་བསླབས་པར་བྱ་བའི་གནས་ཆེ་ཕྲ་ཐམས་ཅད་དཀའ་བ་མེད་པའི་ཐུགས་སུ་ཆུད་པར་མཛད་ཅིང༌། སྐུ་ན་ཚོད་ཤིན་ཏུ་ཕྲ་བ་དེ་སྐབས་ཀྱང་ཐམས་ཅད་མཁྱེན་པ་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བ་འཇིགས་མེད་གྲགས་པའི་བཀའ་སྲོལ་གྱི་རྒྱུད་སྡེ་བཞིའི་དཀྱིལ་འཁོར་དུ་མ་ལ་ཕྱག་ལེན་མཐའ་རྒྱས་སུ་སྦྱོང་བར་མཛད་པས། ཕྱི་ནང་གི་དེ་ཉིད་བཅུའི་མངའ་བདག་ཏུ་གྱུར་ཞིང༌། ཞབས་འབྲིང་བ་འགའ་ཞིག་དང་ལྷན་ཅིག་ཏུ་དཔལ་གསང་བ་འདུས་པ་འཇམ་པའི་རྡོ་རྗེའི་བསྙེན་སྒྲུབ་ལ་བརྩོན་པར་གནང་བས། སྔ་གོང་ཅུང་ཟད་ལྗགས་མི་བདེ་བའི་རྣམ་པའང་དེ་ཉིད་ཀྱིས་རང་གྲོལ་ཞིང༌། གཞན་ངོར་ཚུལ་བསྟན་པར་སྣང་ཡང་ལྷག་པའི་ལྷ་འདི་ཉིད་ཀྱི་བྱིན་རླབས་ཀྱིས་མཁྱེན་པའི་དཀྱིལ་འཁོར་ཡོངས་སུ་རྒྱས་པ་ཡིན་ཞེས་ཞལ་སྔ་ནས་དངོས་སུ་ཐོབ་བོ། །ལན་གཅིག་བཅོམ་ལྡན་འདས་དཔལ་ཧེ་བཛྲ་ལྷ་དགུའི་བདག་ཉིད་ཅན་གྱི་སྒྲུབ་མཆོད་རས་བྲིས་ཀྱི་དཀྱིལ་འཁོར་ལ་བརྟེན་པ་ཞིག་གནང་སྐབས། སྤྱིར་བྱང་ཕྱོགས་ས་ཁང་བསིལ་ཞིང༌། སྒོས་སུའང་དེ་དུས་དགུན་གྲངས་སྒང་རང་ཡིན་
སྣང་བས་ཆུ་རྣམས་འབབ་འཕྲོ་ལ་རྣོ་བའི་དངོས་པོ་འཛིན་སྐབས་ཡིན་ནའང༌། བུམ་པ་ལ་དཀྲིས་སོགས་གང་ཡང་མེད་པར་ཡང་བུམ་ཆུ་མ་འཁྱག་པ་ཙམ་དུ་མ་ཟད། ཉི་མ་གཅིག་གཉིས་ལ་བུམ་ནང་ནས་ལྗང་བུ་རིང་པོ་ཐོན་པ་འབྱུང་ཞིང༌། དེ་ཉིད་ལོ་གྲངས་མང་པོའི་བར་དུ་མོས་རྟེན་དུ་བཟུང་ནས་ཡོད་པར་སྣང་ངོ༌། །དེས་ན་ཆུང་ངུ་ནས་སྔགས་ཀྱི་ནུས་པ་རྙེད་པའི་ཚུལ་ཡང་རྒྱ་ཆེར་བསྟན། དེ་ནས་རིམ་པས་སྔ་ཕྱི་ལན་མང་པོར་འཇམ་མགོན་གྲུབ་པའི་དཔའ་བོ་ལ། དམ་པའི་ཆོས་ཀྱི་ཚུལ་ཕྱོགས་མེད་དུ་གསན་པར་མཛད་དེ། ས་བཀའ་ཇོ་ཞལ་ཤངས་ལུགས་བཀའ་གདམས་སོགས་དབང་ལུང་མན་ངག་གཞལ་དུ་མེད་པ་གསན་ཞིང་ཐུགས་སུ་ཆུད་པར་མཛད་པས། རིས་མེད་པའི་བསྟན་པ་མཐའ་དག་གི་བདག་པོར་གྱུར་པ་ཡིན་ནོ། །རྗེ་བཙུན་བླ་མ་དམ་པ་རྣམ་རྒྱལ་བཀྲ་ཤིས་ཀྱི་དྲུང་དུ། འཇིགས་བྲལ་ཐམས་ཅད་མཁྱེན་པའི་བཀའ་སྲོལ་རྨ་མེད་པ་རྣམས་དང༌། ཁྱད་པར་དུ་འཇིག་རྟེན་དབང་ཕྱུག་གི་རྣམ་སྤྲུལ་དཔལ་སྟག་ལུང་ཐང་པ་ཆེན་པོ་ནས་ཉེ་བར་བརྒྱུད་པ། སྟག་ལུང་བཀའ་བརྒྱུད་ཅེས་ཡོངས་སུ་གྲགས་པའི་སྨིན་གྲོལ་གྱི་ལམ་མཐའ་དག་ཡོངས་སུ་རྫོགས་པར་གསན་པ་དང་རྗེས་སུ་འབྲེལ་བར་ཀར་འབྲུག་འབྲི་གུང་བ་སོགས་བཀའ་བརྒྱུད་པ་བཞིའི་གདམས་པ་མཐའ་དག་གསན་ཞིང་ཐུགས་སུ་ཆུད་པར་མཛད་ནས། ཁྱད་པར་བརྒྱུད་པའི་བཀའ་སྲོལ་འདི་ནི་རྟོགས་པ་དོན་གྱི་བརྒྱུད་པར་བཞེད་པ་ཡིན་ལ། ཁྱད་པར་རྗེ་བཙུན་དམ་པ་འདིས་ནི་ཆོས་དབྱིངས་སྤྲོས་པ་དང་བྲལ་བའི་གནས་
ལུགས་གདོད་མ་མངོན་སུམ་དུ་གཟིགས་པ་ཡྀན་ཞིང༌། གནས་སྐབས་གདུལ་བྱ་གཞན་ངོ་དང་བསྟུན་ནས་དེ་སྐབས་བླ་མའི་ཞབས་དྲུང་དང༌། དབེན་གནས་རྣམས་སུ་ཉམས་ལེན་སྒྲུབ་པ་ལ་རྩེ་གཅིག་ཏུ་གཞོལ་བར་མཛད་དེ། དེས་ན་ད་ལྟ་ཉམས་ལེན་ཟླ་བ་གཅིག་ཙམ་མ་བྱས་པར། བྱིན་རླབས་དོན་གྱིས་འཕོས་པ་ཡིན་ནོ་ཞེས་སྟོང་སྐད་ཀྱི་རྦད་ཁམས་འཐག་པའི་རྫུན་པོ་ཆེ། ལོངས་སྤྱོད་དང་མངའ་ཐང་ལ་མངོན་པར་ཞེན་པ། གཡོ་སྒྱུ་གདུལ་བྱ་ཆེན་པོ་འགྲུབ་པའི་རྒྱབ་བསྟེན་དུ་ཞེན་པ་གཏིང་ནས་ལོག་པ་ལ་ཟང་ཟིང་ལོངས་སྤྱོད་ཆར་ལྟར་འབབ་པ་ཡིན་ནོ། ཞེས་པའི་ལུང་ཚིག་འདྲེན་པར་བྱེད་པ་འདི་དག་ནི། རྗེ་བཙུན་མི་ལ་དང༌། རྗེ་དྭགས་པོ་རིན་པོ་ཆེ་ལ་སོགས་པ་མཉམ་བཞག་ལ་རྩོལ་བ་དང༌། འདུ་འཛི་སྤངས་པ་རྣམས། དབང་པོ་རྟུལ་ཞིང་ཞེན་པ་མ་ལོག་པ་ཡིན་ལ། ཁོ་བོ་ཅག་ནི་དབང་པོ་རྣོ་ཞིང་ཞེན་པ་གཏིང་ནས་ལོག་པ་ཡིན་པས་རྩོལ་བ་མེད་པའི་ལྷུན་འགྲུབ་ཏུ་བསྒོམ་སྐྱེ་ཤིང༌། འདུ་བ་འདི་ཙམ་འབྱུང་བ་ཡིན་ནོ་ཞེས་དོན་གྱིས་སྨྲ་བར་སྣང་ངོ༌། ༈ །མ་ལུས་སྲིད་པའི་སྣང་བ་འདི། །འོད་གསལ་ཆེན་པོར་རོ་གཅིག གྱུར། །རང་བཞིན་སྤྲོས་དང་བྲལ་བ་ལ། །བསྒོམ་དང་མ་བསྒོམ་མཉམ་ཉིད གྱུར། །སྣང་བ་སྒྱུ་མའི་འཁྲུལ་འཁོར་འདི། །རླུང་སེམས་རྟེན་འབྲེལ་མ་འགགས་རྩལ། །རང་བཞིན་བྱར་མེད་བརྗོད་དུ་མེད། །མེ་ལོང་གཟུགས་བརྙན་ལྟ་བུར་གཟིགས། །ནང་དུ་རང་རིག་འཛིན་པའི་སེམས། །བདེ་གསལ་སྣང་བ་རྒྱུན་ཆད་མེད། །སྣང་བཞིན་བྱར་མེད་
དབྱིངས་སུ་འདྲེས། །ཕྱི་ནང་རོ་གཅིག་ཕྱག་རྒྱ་ཆེ། གདོད་མ་རང་བཞིན་དག་པ་སྟེ། །ཐོག་མེད་དུས་ནས་མཁྱེན་ལགས་ཀྱང༌། འདིར་ཡང་འབད་རྩོལ་དུ་མ་ཡིས། །མངོན་དུ་གྱུར་བའི་ཚུལ་ཡང་བསྟན། །ཡང་སྐབས་ཤིག །མཆོད་ཁང་རྩེ་ཉིད་དུ་གདན་ཕབ་ནས་ནག་པོ་ཆེན་པོ་ཙ་ཏུར་བྷུ་ཛའི་ཕྱི་ནང་གསང་བའི་འཁྲིད་ཀྱི་རིམ་པ་རྣམས་བླ་མ་མཆོག་ལས་ཉམས་འཁྲིད་དུ་གསན་པའི་ཚེ། ཇི་སྐད་དུ་བཤད་པ་བཞིན་གྱི་རྟགས་མཚན་ཐམས་ཅད་མངོན་དུ་གྱུར། ཁྱད་པར་ལས་མགོན་བྱ་རོག་གདོང་ཅན་གྱི་སྤྲུལ་པ་མངོན་གསུམ་དུ་ཞལ་གཟིགས་ཤིང༌། གཟིགས་སྣང་དེ་ཡང་ཤིན་ཏུ་བརྟན་ཞིང་ཡུན་རིང་དུ་གནས་པ་ཞིག་བྱུང༌། དེ་ཡང་ཞལ་མང་པོ་ཅན་ཁྲོ་ཞལ་རྣམས་གསལ་བར་མངོན་དུ་སྟོན་ཞིང༌། བྱ་རོག་གི་གདོང་དར་ནག་གིས་གཡོགས་པའི་རྣམ་པ་ཅན་དུ་འདུག་གསུང་ངོ༌། །སྤྱིར་ནི་ཆོས་དང་ལྡན་པ་ཐམས་ཅད་ལ་ཆོས་སྐྱོང་རྣམས་ཀྱིས་བུ་བཞིན་སྐྱོང་བར་མཛད་པ་ཡིན་ན། སྤྲུལ་པའི་སྐྱེས་མཆོག་འདི་ལྟ་བུ་ལ་ལྟ་སྨོས་ཀྱང་ཅི་དགོས། ཁྱད་པར་རྗེ་འདིས་གཞན་ངོར་བསྙེན་སྒྲུབ་ཀྱང་ཆེས་མཐར་སོན་པར་མཛད་པས་འཕྲིན་ལས་ཐམས་ཅད་ཡེ་ཤེས་ཀྱི་མགོན་པོ་འདིས་རྩོལ་མེད་དུ་སྒྲུབ་པར་མཛད་པ་ནི་བདག་ཅག་རྣམས་ཀྱིས་ཀྱང་མངོན་གསུམ་དུ་མཐོང་ངོ༌། །དེ་ཡང་སྒྲུབ་ཡིག་རྣམས་སུ་འབྱུང་བ་བཞིན་རབ་ལ་དངོས་སུ་ཞལ་བསྟན་ནས་ལས་བྱེད་པ་དང༌། འབྲིང་ལ་མི་ནག་པོའི་གཟུགས་ཀྱིས་ལས་བྱེད་པ་དང༌། ཐ་མ་ལའང་སྤྲུལ་པའི་བྱ་རོག་གི་གཟུགས་སྟོན་ཞིང་ལས་བྱེད་པར་གསུངས་བ་ལས། བདག་
ཅག་ཤིན་ཏུ་བསྐལ་པ་དམན་པ་རྣམས་ཀྱང་སྣང་ངོར་ཡང་ཕྱི་མ་འདི་གཉིས་མངོན་སུམ་དུ་གྱུར་པ་ནི་ཞབས་འབྲིང་དུ་ཅུང་ཟད་རེ་འཁོད་པས་ཀྱང་སྒྲོ་བཏགས་མེད་པར་རྟོགས་པར་གྱུར་པ་ཞིག་གོ །རྗེ་དེ་ཉིད་ཀྱིས་གསན་པ་རྒྱ་མཚོ་ལྟ་བུ་ནི་གསན་ཡིག་ཏུ་ཤེས་པར་བྱའོ། །དེ་ནས་དགུང་ལོ་ཉི་ཤུར་སོན་པ་ན། རྗེ་བདེ་བར་གཤེགས་པ་རིན་པོ་ཆེ་བཀྲ་ཤིས་རྣམ་རྒྱལ་ཉིད་ཀྱིས་མཁན་པོ་མཛད་དེ། ཇི་སྐད་བཤད་པའི་མངོན་འགྱུར་བཅུའི་སྒོ་ནས་བསྙེན་པར་རྫོགས་པ་དགེ་སློང་གི་དངོས་པོ་བསྙེན་པར་མཛད་ནས་བསྟན་པ་མཐའ་དག་གི་བདག་པོར་གྱུར་པ་ཡིན་ནོ། འདི་སྐབས་མཚན་ཡང༌། ངག་དབང་ཀུན་དགའ་ལེགས་གྲུབ་བཀྲ་ཤིས་རྒྱལ་མཚན་དཔལ་བཟང་པོ་ཞེས་མཚན་གསུམ་པ་གསོལ་ལོ། །སྔོན་དུས་ངུར་སྨྲིག་གི་རྒྱན་བཞེས་པ་ཙམ་ནས་བཟུང་བསླབ་པའི་གནས་ཕྲ་ཞིང་ཕྲ་བ་ལ་ཡང་སྤྱན་གྱིས་འབྲས་བུ་ལྟར་དགོངས་པའི་གཅེས་སྤྲས་སུ་གནང་བ་ཡིན་ན། འདི་ཕྱིན་ཆད་དུ་ནི་ལྟ་སྨོས་ཀྱང་ཅི་དགོས་ཏེ། ངུར་སྨྲིག་འཛིན་པ་ཐམས་ཅད་ཀྱི་གཙུག་གི་ནོར་བུ་སྐུ་གསུམ་ཐུགས་ཀྱི་ངང་ཚུལ་ཞི་བ་དང༌། དུལ་བ་དང༌། ངེས་པ་དང༌། ལེགས་པར་གདམས་པའི་ཚུལ་འདི་གཅིག་པུས་ཀྱང༌། ད་ལྟའི་ཆེན་པོར་གྲགས་པ་ཐམས་ཅད་ཀྱི་ཡོན་ཏན་མ་ལུས་པ་ཟིལ་གྱིས་གནོན་པ་འདི་ཡིན་ནོ། །དེ་ནས་རྗེ་རྣམ་རྒྱལ་བཀྲ་ཤིས་དེ་ཉིད་དབེན་པ་ལ་ཐུགས་ལྷག་པར་གཞོལ་བའི་ངང་ཚུལ་གྱིས་ཀུན་སྤངས་ཀྱི་རྣལ་འབྱོར་མཛད་པར་དགོངས་ནས། དམ་པ་འདི་ཉིད་དཔལ་འཇིག་རྟེན་གྱི་མགོན་པོ་ཐང་པ་ཆེན་པོའི་གདན་ས་མི་འཇིགས་པ་སེང་གེའི་
ཁྲིར་རྒྱལ་ཚབ་ཏུ་ཉེ་བར་འཁོད་དེ། སྔར་རྗེ་སངས་རྒྱས་ཡར་བྱོན་གྱི་དུས་སུ་མཆོག་ཏུ་བཅའ་ཁྲིམས་དམ་པར་ཡོད་པ་རིམ་པ་བཞིན་དུ་གདན་སར་བྱོན་པ་རྣམས་ཀྱིས་ཀྱང་སྤྱིར་བཅའ་ཁྲིམས་ཐམས་ཅད་ཡར་ལྡན་དུ་མཛད་པ་ལགས་ཀྱང༌། དུས་ཀྱི་དབང་གིས་ཆ་ཤས་ཉམས་པར་གྱུར་པ་དག་སོར་ཆུད་པར་མཛད་དེ། ཆོས་རྗེའི་རྣམ་ཐར་བཅུ་གསུམ་ཚོགས་ཀྱི་བཅའ་བ་བཅུ་གསུམ། གླིང་གི་འདུལ་ཁྲིམས་བཅུ་གསུམ་རྣམས་རྗེ་སངས་རྒྱས་ཡར་བྱོན་གྱིས་སྐབས་ཉིད་སྤར་བཏབ་པ་བཞིན་མཛད་ཅིང༌། དེ་ཡང་ཤིང་མོ་བྱ་ལོ་ཟླ་བ་དང་པོ་ལ་གདན་སར་ཕེབས་པ་ཡིན ཞིང༌། ཁྲི་ཐོག་ཏུ་ཕེབས་ནས་མངའ་དབུལ་བགྱིད་པའི་སྐབས། མེ་ཏོག་གི་ཆར་པ་བབས་པ་སོགས་ངོ་མཚར་བའི་ལྟས་དུ་མ། ཁྱད་པར་ཉི་ཟླ་སྐར་གསུམ་འཛོམས་པ་དང༌། ཕུ་ཆུའི་འཁྱག་པ་ཐམས་ཅད་ཞུ་ནས་བྲག་ཆུར་འདྲེ་བ་སོགས་བྱུང་སྟེ། དཔལ་སྟག་ལུང་པའི་ལུགས་གཉིས་ཀྱི་བསྟན་པ་རྒྱུན་མི་འཆད་པར་འབྱུང་བའི་རྟེན་འབྱུང་ཡ་མཚན་ཅན་རྨད་དུ་བྱུང་བའོ། །དེར་སྟག་ལུང་ལྷ་སྡེའི་མངའ་ཞབས་བོད་འབྲོག་སྡེ་དང་བཅས་པ། སྔ་སྲོལ་གྱི་ཕྱག་རྒྱུན་བཟང་པོ་ཡོད་པ་ལྟར། ཐམས་ཅད་ཕྱག་ཏུ་གནང་སྟེ། མདོར་ན་སྟག་ལུང་པའི་ལུགས་གཉིས་ཀྱི་མངའ་བདག་ཏུ་དབང་བསྐུར་རོ། །རབ་འབྱམས་ཕྱོགས་བཅུའི་ཞིང་ཁམས་ཚད་མེད་ན། །ཇི་སྙེད་མཐའ་ཡས་མགོན་གྱི་རྒྱལ་ཁྱོད་ལ། །སྲིད་ཞིའི་ཕུན་ཚོགས་འབྱོར་པ་ཀུན་བཅས་ཏེ། །སྲས་ཀྱི་གཙོ་བོ་གཅིག་པུ་ཁྱོད་དབང་བསྐུར། །འགྲོ་བ་ཀུན༵་ལ་སྲིད་ཞིའི་དག༵འ་སྟོན་འགྱེད། །བཀྲ༵་ཤི༵ས་
རྒྱལ༵་མཚ༵ན་ཕྱོགས་བརྒྱར་བསྒྲེང་བཞིན་དུ། །མཐའ་དག་སྐྱེ་དགུའི་ཉེར་འཚོ་འདྲེན་པ་ཁྱོད། །རབ་བརྟན་སེང་གེའི་ཁྲི་ལ་མངོན་པར་འཁོད། །དེ་ཚེ་ཕྱོགས་བཅུའི་འདྲེན་པ་སྲས་བཅས་རྣམས། །ཀུན༵་ནས་རབ་དག༵འི་ཐུགས་ཀྱི་ལྷ་ལམ་ལ། །བཀྲ༵་ཤིས༵་ལན་བརྒྱར་བརྗོད་ཅིང་མེ་ཏོག་ཆར། །ཅི་ཡང་ཕབ་པས་ཕྱོགས་ཀུན༵་ཉེ་བར་འགོག །བསྟན་འཛིན་ཀུན་གྱི་དབུས་ནས་དག༵འ་བའི་ཏོག །བཀྲ༵་ཤི༵ས་དགེ་མཚན་བརྒྱ་ཡི་མངོན་འབར་བའི། མཚུངས་མེད་བསམ་འཕེལ་ཡིད་བཞིན་ནོར་བུ་ལ། ཡང་ཡང་བསམ་བཞིན་སྙིང་ནས་དད་པ་སྐྱེས། །ཞེས་པ་འདི་ནི་རྒྱལ་ཚབ་ཏུ་མངོན་པར་དབང་བསྐུར་བ་ལས་བརྩམ་སྟེ་བསྙད་པའི་སྡེ་ཚན་ཏེ་གསུམ་པའོ། དེ་ལ་ཁོ་བོ་ཅག་གི་འདྲེན་པ་དམ་པ་འདི་ནི། དཔལ་སྟག་ལུང་གི་གདན་སའི་རབས་ཇི་སྙེད་བྱོན་པ་རྣམས་ཀྱི་ནང་ནས་ཀྱང༌། ལུགས་གཉིས་ཆར་གྱི་སྒོ་ནས་བསྟན་པ་རིན་པོ་ཆེ་གསལ་བར་མཛད་པ་ལ། རྗེ་རིན་པོ་ཆེ་འདི་ནི་འགྲན་ཟླ་དང་བྲལ་བ་ཡིན་ནོ། །དེ་ནས་མི་རིང་བའི་སྐབས་ཤིག་ན་ཀརྨ་པའི་བུ་ཆེན། ཀར་ལུགས་འཛིན་པ་རྣམས་ཀྱི་ནང་ན་མཆོག་ཏུ་མཁས་པར་བཀུར་བ། ཆོས་རྗེ་དཔའ་བོ་གཙུག་ལག་འཕྲེང་བར་གྲགས་པས་ཀྱང༌། རྗེ་རྣམ་རྒྱལ་བཀྲ་ཤིས་ལ་གུས་པའི་སྤྱི་བོས་ཞབས་ཀྱི་པདྨོ་ལ་ཉེར་བར་མཆོད་པར་བྱས་ཤིང༌། ཁོང་གྲགས་ཆེ་བས་སྟག་ལུང་དགེ་འདུན་རྣམས་ཀྱིས་ཆོས་ཅི་རིགས་པར་གསན་སྣང༌། ཕྱིར་ཕེབས་ཀར་རྗེ་འདིས་རྙེད་བཀུར་ལ་སྤྱན་འདྲེན་པར་མཛད་འདུག་པས། བཞུགས་གྲལ་གྲོལ་ནས་ཐུགས་ཀར་རྗེ་འདི་ཉིད་ལ་གུས་
པས་ཐལ་མོ་སྦྱོར་བཞིན་པས། སངས་རྒྱས་རྣམས་ཀྱི་ཐུགས་རྗེ་བསྐུལ་བཞིན་དུ་སྐུ་ཚེ་བརྟན་པ་དང་འཕྲིན་ལས་རྒྱས་པར་གསོལ་བ་བཏབ་ནས་ཐེགས་སོང་ཞེས་ཟེར། དེ་ལྟར་ན་རྒྱལ་པོ་རྣམས་ཀྱིས་ལྷག་པར་བཀུར་བའི་སྟོབས་ཀྱི་ཆེ་ཐབས་ལ་ཤིན་དུ་བརྩོན་པའི་དྲེགས་ལྡན་ཆེན་པོ་མཆོག་ཏུ་གྲགས་པ་རེ་རེ་ལས། སྐུ་གསུང་ཐུགས་ཀྱི་རྟེན་ཤས་ཆེར་ལ་ཡང་འདུད་པ་དང་བྲལ་བ་དག་ཀྱང་འདི་ལྟར་ཐུགས་རྗེའི་ཟིལ་གྱིས་ཆེར་མནན་ནས་གུས་པས་འདུད་ན་གཞན་ལྟ་སྨོས་ཀྱང་ཅི་དགོས། དེ་ནས་གཙུག་ལག་ཁང་གི་གསེར་ཏོག་གཉྫྀྀིར་ར་ཆེན་མོ་ཁྲུ་བཞི་བཅུའི་ཚད་ཙམ་གྱི་གཟི་འོད་རབ་ཏུ་འབར་བ་འདི་ཉིད་བཞེངས་པར་བཞེད་པ་ལ། བལ་པོའི་ཡུལ་ནས་བཟོ་བོ་ཚན་ཆེ་བ་སྐུ་དྲུང་དུ་ལྷགས་ཤིང༌། བཟོ་ཕུད་ལ་འཇམ་མགོན་གྲུབ་པའི་དཔའ་བོའི་སྐུ་བརྙན་དངུལ་སྐུ་རྐང་གང་མ་ཞིག་གྲུབ་རྗེས། གསེར་ཏོག་ཆེན་མོ་ཉིད་བཞེངས་པར་མཛད་ཅིང༌། འདི་ཡི་བྱུག་གསེར་ལ་གསེར་འདུལ་ཞོ་དགུ་བརྒྱ་དང་དགུ་བཅུ་རྩ་ལྔ་སོང་ཞིང༌། གཟུངས་གཞུགས་ཡང་གདུང་ཤ་རི་རཾ་ཡུངས་འབྲུ་ལྟ་བུའི་རིང་སྲེལ་དང༌། གཟུངས་སྔགས་འཁོར་ལོ་ལ་སོགས་པས་ཉེ་བར་གཏམས་པ། མཁས་པའི་ཕྱག་བཞེས་མཐོང་བ་བརྒྱུད་པ་མ་ཉམས་པ་ལྟར་གནང་ཞིང༌། རྗེ་རྣམ་རྒྱལ་བཀྲ་ཤིས་ཀྱིས་གཟུངས་གཞུག་རྣམས་ཀྱང་ཕྱག་ལྟར་བར་མཛད ཅིང༌། རབ་ཏུ་གནས་པའང་ཤིན་དུ་རྒྱས་པ་དགའ་སྟོན་བློ་ལས་འདས་པ་དང༌། བཟོ་རིས་པ་རྣམས་ལ་བཟའ་བཏུང་དང་ཡོན་གྱི་གནང་སྦྱིན་དཔེ་བྲལ་བློ་འདས་ཀྱིས་མགུ་བ་བསྐྱེད་པར་མཛད། འདིའི་སྔ་ཕྱི་ཐམས་
ཅད་དུ་ཀུན་སྤངས་རིན་པོ་ཆེ་རྣམ་རྒྱལ་བཀྲ་ཤིས་ཉིད་ཀྱིས་བསྟན་པ་སྤྱི་དང་བྱེ་བྲག་ཐམས་ཅད་དར་ཞིང་རྒྱས་པ་དང༌། རྗེ་འདིའི་བཞེད་དོན་ཐམས་ཅད་འགྲུབ་པའི་སྨོན་ལམ་ཡང་ཡང་མཛད་པས། ཕྱིས་རྟེན་བཞེངས་སོགས་རླབས་པོ་ཆེའི་མཛད་པ་ཐམས་ཅད་གེགས་མེད་དུ་འགྲུབ་པའི་རྟེན་འབྲེལ་ཐམས་ཅད་ལེགས་པར་འགྲིགས་པ་ཡིན་ནོ་ཞེས་གྲགས་སོ། །དེ་ནས་རིམ་གྱིས་དུས་གཞན་དང་གཞན་དུ་གཙུག་ལག་ཁང་ཆེན་མོའི་བད་དཀར་པོའི་ཁྱོན་རྣམས་དང༌། ལྷ་ཁང་མཐིལ་གྱི་ལོགས་རྣམས་སུ་བྲིས་སྐུ་མཐོང་བ་དོན་ལྡན་གྱི་སྐུའི་བཀོད་པ་གཟབ་བྲིས་སུ་མཛད་པ་དང༌། བསྐལ་བཟང་གི་དེ་བཞིན་གཤེགས་པ་སྟོང་གི་སྐུ་བརྙན་གྱི་རྒྱུད་རིས་དང༌། ཐུབ་དབང་གནས་བརྟན་བཅུ་དྲུག་གི་སྐུ་བརྙན་སོགས་གཙུག་ལག་ཁང་ཆེན་མོ་རྒྱ་ཁྱོན་བསམ་གྱིས་མི་ཁྱབ་པའི་ལོགས་བྲིས་ཤས་ཆེ་བ་ཡང་གྲུབ་པར་མཛད། བྲིས་ཐང་ཡང་མགོན་ཁང་རྙིང་མར་བཞུགས་པའི་མགོན་ཐང་ཆེན་མོ་དང༌། རྣམ་སྲས་ཀྱི་གོས་ཐང་ཆེན་མོ། བདེ་མཆོག །དགྱེས་རྡོར། འཇིགས་བྱེད། ལས་མགོན་གཉིས་དང་བཅས་པ། བཟོ་རིས་མཁས་པའི་གཟབ་བྲིས་སུ་མཛད་པ་དཔེ་བྲལ་དེ་རྣམས་ཀྱང་ལེགས་པར་གྲུབ་ཅིང༌། རབ་གནས་ཀྱི་བར་གྱི་མཐའ་རྒྱས་ཀྱང་བརྩལ། དེ་ནས་རིང་པོར་མི་ཐོགས་པར། འགྲོ་བ་འདྲེན་པའི་སྤྲུལ་པའི་སྐྱེས་མཆོག་ཆེན་པོ་ཀུན་སྤངས་རིན་པོ་ཆེ་རྣམ་རྒྱལ་བཀྲ་ཤིས་དེ་ཉིད་ཆོས་ཀྱིས་དབྱིངས་སུ་ཞི་བར་གཟིམས་པའི་ཚུལ་བསྟན་པའི་ཚེ། ཟབ་ཡང་མཆོད་པའི་སྤྲིན་གྱི་ཕུང་པོ་གཞལ་དུ་མེད་པའི་བཀོད་པ་
དང༌། སྐུ་གདུང་རིན་པོ་ཆེ་དེ་ཉིད་ས་གཞི་བྱིན་གྱིས་རློབས་པ་དང༌། མཐོང་ཐོས་དྲན་རེག་གི་འགྲོ་བ་རྣམས་ལ་ཐར་པའི་ས་བོན་མཆོག་བསྐྲུན་པའི་སླད་དུ། དངུལ་གྱིས་གདུང་ཁང་བྱ་བར་བཞེད་དེ། གསེར་རྐྱང་ཞོ་ཉིས་བརྒྱ་ལྷག་པ་སོགས་རྒྱུ་ཚོགས་བསམ་གྱིས་མི་ཁྱབ་པའི་རིན་པོ་ཆེའི་ཕུང་པོ་ཆེན་པོའི་འདི་ཉིད་དང༌། དཔལ་ཡེ་ཤེས་ཀྱི་མགོན་པོ་ཕྱག་བཞི་པའི་སྐུ་བརྙན་བར་ཆད་ཀུན་སེལ་དུ་གྲགས་པ་འདི་ཉིད་ལ་དངུལ་སྲང་སྟོང་བརྒལ་བ་དང༌། གདན་དང་རྒྱན་བཀོད་ལ་གསེར་ཞོ་བཞི་བཅུའི་སྐུད་གསེར་བཏང་བ་དང༌། ནང་བཞུགས་སུ་བྱིན་རླབས་རྟེན་བསམ་གྱིས་མི་ཁྱབ་པ་དང༌། བྲིས་འབུར་གྱི་སྐུ་བརྙན་བྱིན་རླབས་ཅན་དང༌། གསེར་དངུལ་ལས་གྲུབ་པའི་གཟུངས་སྔགས་རྣམས་རྒྱུད་སྡེ་རིན་པོ་ཆེ་ནས་ཇི་སྐད་གསུངས་པ་ལྟར་སློབ་དཔོན་མཁས་པའི་ཕྱག་བཞེས་ལྟར་གཟུངས་བཞུགས་ཀྱི་གཏམས་པར་མཛད་ཅིང་དངུལ་གདུང་རིན་པོ་ཆེ་འདི་ཉིད་བླ་མ་གོང་མ་རྣམས་ཀྱི་ཐུགས་དམ་རྟེན་སོགས་བྱིན་རླབས་རྟེན་བློ་ལས་འདས་པས་གང་བ་ཡིན་ནའང༌། ཡི་གེ་མང་བས་འདིར་མ་བརྗོད། དེ་དག་གི་རབ་གནས་ལ། འཇམ་མགོན་གྲུབ་པའི་དཔའ་བོ་སྤྱན་འདྲེན་པར་མཛད་དེ། དངུལ་གདུང་གི་གཟུངས་བཞུགས་ཀྱང་རྗེ་བཙུན་མ་ཆོག་པ་ཅུང་ཟད་ཀྱང་མ་བྱུང༌། ལམ་གྱི་དཀའ་བ་ཐམས་ཅད་ཁྱད་དུ་བསད་ནས་ཆོས་ལུང་བྱང་རྩེར་ཕེབས་པའི་ཚེ། སྒྲུབ་གནས་དམ་པ་དེར་བཞུགས་པའི་སྒྲུབ་པ་པོ་རྣམས་ཀྱིས་ཕེབས་བསུའི་བཀོད་པ་མཛད་པ་ན། ནམ་མཁའ་ལ་མེ་ཏོག་གི་ཆར་སྔོན་ཆད་སུས་ཀྱང་མིག་ལམ་དུ་མ་ཕེབས་
པ་དག་ཀྱང་བྱུང་ཞིང༌། ཁྱད་པར་མེ་ཏོག་བཟུང་དུ་རུང་བ་ཡང་དུ་མ་བྱུང་ངོ༌། དེར་དཀར་མེ་རྒྱུན་སྦར་དང༌། མཆོད་རྫས་མཆོད་པའི་ཐེབས་སོགས་བློས་གཞལ་བར་དཀའ་བ་སོགས་འབུལ་བར་གནང་ཞིང༌། བསྟན་འགྲོའི་དོན་དུ་སྨོན་ལམ་རྒྱ་ཆེན་པོ་གནང་བཞིན་དུ་ཟླ་གཅིག་སྐོར་བཞུགས་རིང་རྙེད་བཀུར་རྣམས་ནི་དཔོན་དྲུང་ཚེ་དབང་འཕན་དར་བས་དང་བཞེས་སུ་མཛད། གཡས་རུ་བྱང་ནས་ཆོས་རྒྱལ་ཀུན་དགའ་རིན་ཆེན་ཡང་མཇལ་བར་ཕེབས་ཤིང་གུས་པས་ཞབས་ལ་གཏུགས། དེ་ནས་སླར་ཡང་རིམ་གྱིས་གཞུང་ལམ་བརྒྱུད་ནས་ཕེབས་ཏེ་གང་དང་གང་དུ་ཕེབས་པ་དེར། བླ་མ་སློབ་དཔོན་སྐྱ་སེར་ཆེ་ཕྲ་ཐམས་ཅད་ཀྱིས་ཞབས་ལ་གཏུགས་ཤིང༌། ཆོས་དང་ཟང་ཟིང་གི་འབྱོར་བས་ཚིམ་པར་མཛད་དེ། རང་གནས་ཐང་པ་ཆེན་པོའི་གདན་ས་ཉིད་དུ་ཕེབས་ནས་དགེ་འདུན་འདུས་པ་རྒྱ་མཚོའི་དབུས་སུ་བསྟི་བར་མཛད་དོ། །དེ་ནས་འབྲུག་ལོའི་ནང་དུ་ཞྭ་དམར་ནག་གཉིས་འདུས་ཀྱི་སྒར་པ་འབྲི་གུང་ནས་འཕན་ཡུལ་བརྒྱུད། དཔལ་སྟག་ལུང་ཐང་གི་གདན་ས་མཇལ་བར་ཕེབས་ཤིང༌། ཞག་བདུན་ཙམ་བཞུགས། རྙེད་བཀུར་དང་འབུལ་བའི་གནང་སྐྱེས་རྒྱ་ཆེར་གནང་ཞིང༌། གླིང་གི་དགེ་འདུན་བྱིངས་ཀྱིས་ཀྱང་རྙེད་བཀུར་འབུལ་བ་དཔེ་བྲལ་མཛད། ཞྭ་དམར་ཅོད་པཎ་འཛིན་པ་དཀོན་མཆོག་ཡན་ལག་ལ་བཀའ་འབྲེལ་ཙམ་གསན། དེའི་ཕྱིར་ལོར་རྗེ་དྲུང་ཞྭ་དམར་བས། རྗེ་འདི་ཉིད་སྤྱན་འདྲེན་གནང་བས་ཡངས་ཅན་དུ་ཕེབས་པའི་ཚེ། སྒར་གྱི་གྲྭ་ཚང་སོ་སོའི་དགེ་
འདུན་རྣམས་ཀྱིས་སེར་འཕྲེང་དང༌། ཕྱག་མཛོད་སྐུ་མཆེད་སོགས་དྲུང་འཁོར་རྣམས་ཀྱི་ཆིབས་ཧྲག་གིས་ཕེབས་བསུའི་བཀོད་པ་རྒྱ་ཆེར་མཛད། སྒར་ཆེན་གྱིས་ལོ་གསར་སྨོན་ལམ་དང་བཅས་པ་དུས་འགྲིགས་པས། རྙེད་བཀུར་བསམ་ལས་འདས་པ་བྱུང༌། གན་རྡོ་ལའི་མཆོད་བཤམས་སུ་གྲགས་པ་རྣམས་ཀྱང་ཞིབ་རྒྱས་སུ་གཟིགས་པ་ཕུལ། སྐབས་འདིར་རྗེ་ཞྭ་དམར་བ་ལ་རྐ་ཀཾ་ཚང་གི་ཆོས་བཀའ་ཡོད་པ་ཐམས་ཅད་གསན། རྗེ་འདི་ཉིད་ལ་ཚུར་རིན་ཐང་གཞལ་དུ་མེད་པའི་རིན་པོ་ཆེ་མ་ནུ་ཧུའི་ཞལ་བུ་སོགས་ཁྱད་ནོར་གྱི་འབུལ་བ་རྔམས་སུ་བརྒལ་བ་བྱུང་བླ་མ་གཡུང་སོགས་བུ་ཆེན་རྣམས་དང་ཕྱག་མཛོད་སྐུ་མཆེད། སྡེ་པ་ནས་རིན་པ་སོགས་སྒར་གྱི་དྲག་ཞན་མ་ལུས་པ་ཡང་མཆོག་ཏུ་གུས་པ་ཐོབ་སྟེ། ཆོས་འབྲེལ་མ་ཐོབ་པ་གཅིག་ཀྱང་མེད། དེ་ནས་ཕོ་འདོའི་སྡེ་པ་དོན་བཟང་བ་གཤེགས་པར་ཉེ་བའི་བང་ཆེན་གྱིས་བསྐུལ་ཏེ། སྟག་ལུང་དུ་ཕེབས། མི་རིང་བར་འཁོན་རིགས་དམ་པ་གྲུབ་པའི་དབང་ཕྱུག་བདག་ཆེན་རིན་པོ་ཆེ་ཀུན་དགའ་བསམ་འགྲུབ་དཔོན་སློབ་རྣམས་སྟག་ལུང་དུ་ཕེབས། ཡང་དགོན་དུ་སྤྱན་འདྲེན་ཞུ་བར་མཛད། རྡོ་རྗེ་ཕུར་པ་ལ་སོགས་པ་ཟབ་ཆོས་མང་དུ་གསན། རྙེད་བཀུར་འབུལ་བ་དཔེ་བྲལ་གནང་ཞིང་བདག་ཆེན་རིན་པོ་ཆེས་ཀྱང་གསེར་དམར་ལས་གྲུབ་པའི་དྲིལ་བུ་བཟོ་ཁྱད་ཆེས་འཕགས་པ་ཕྱག་ཏུ་འབུལ་བར་སྣང༌། སྐུ་རིམ་གཏོར་བཟློག་ཕྱག་ལེན་མཐའ་རྒྱས་ཀྱང་གཟིགས་ཡུལ་དུ་ཕེབས། ཡང་ལན་ཅིག་
བྱང་རིགས་ལ་ཕེབས་དུས། གཉན་ཆེན་ཐང་ལྷས་མཆོད་པ་དང་འདུད་པའི་གཟིགས་སྣང་ཆེར་བྱུང་བར་སྣང་བས། སྤྱི་མཐུན་མཐོང་སྣང་ལ་སྒྲ་དང་འཇའ་འོད་དང༌། མེ་ཏོག་གི་ཆར་བབས་པ་སོགས་དང༌། ཁྱད་པར་འཇའ་ཚོན་ལ་བཀྲ་ཤིས་རྟགས་བརྒྱད་ཤིན་ཏུ་གསལ་བར་བྱུང༌། དེ་ནས་སྐྱེ་རབས་བརྒྱ་རྩའི་གཟབ་བྲིས་ཐང་ཀ་བཞི་བཅུ་ཙམ་ལ་གྲུབ་པ་ཞིག་བཞེངས་པར་གནང་ཞིང༌། རབ་གནས་ཡོན་རྫོགས་སོགས་ཀྱིས་བར་ཐམས་ཅད་མཐའ་རྒྱས་སུ་འགྲུབ་པར་མཛད། དེ་ནས་ལྕགས་ཕོ་རྟའི་ལོ་ལ། བལ་ཡུལ་བཟོ་རིགས་མཁས་པའི་མཐར་ཕྱིན་པ། དཔོན་མོ་ཆེ་ཛཱ་ཏི་པཱ་ལ་སོགས་སྐུ་གཞོགས་སུ་འབྱོར་བ་ལ། རྟེན་ཐོག་མར་བཟོ་ཕུད་དུ་བདེ་མཆོག་ལྷན་སྐྱེས་ཀྱི་སྐུ་རྒྱབ་མཐོ་གང་བ་ཞིག་བཞེངས་པར་མཛད། སླར་ཐུབ་ཆེན་མཐོང་བ་དོན་ལྡན་ཉིད་བཟོ་དབུ་འཛུག་པར་མཛད་དེ། རིང་པོར་མི་ཐོག་པར་གེགས་མེད་དུ་མཐར་ཕྱིན་འདི་ནི་སྐུ་ཚད་ཆེས་ཆེ་དྲགས་པས་མཆོད་ཁང་དུ་མ་ཤོང་བར་ཞལ་རས་ལྷ་ཁང་གསར་དུ་བཞེངས་དགོས་བྱུང་ཞིང༌། འདིའི་ནང་བཞུགས་སུ་ཐུབ་པ་ཆེན་པོའི་རིང་སྲེལ་རྣམ་བཞི་སོགས་བྱིན་རླབས་བརྗོད་ལས་འདས་པ་བཞུགས། རྟེན་བསྒྲིགས་གནང་བས་རྒྱ་མཐོ་བཞི་བཅུ་ཞེ་ལྔ་བྱུང་ཞིང༌། རབ་གནས་དགའ་སྟོན་ཡོན་རྫོངས་ཀྱི་བར་དུ་ཐམས་ཅད་མཐའ་དག་ཚང་བར་གནང་ངོ༌། །འདི་དག་གི་སྐབས་ཤིག་དཔལ་ལྡན་ཨ་ཏི་ཤའི་བཤད་སྒྲུབ་ཀྱི་བཀའ་སྲོལ་སྐྱོང་བ་ལ་འགྲན་ཟླ་དང་བྲལ་བ། དཔལ་ལྡན་ས་སྐྱ་བའི་བསྟན་འཛིན་ཀུན་གྱི་སྙིང་པོ། སྤྱན་སྔ་ཚུལ་
ཁྲིམས་འབར་གྱི་རྣམ་འཕྲུལ་དུ་གྲགས་པ། ལོ་པ་སྤྱན་སྔ་རིན་པོ་ཆེ་ངག་དབང་ཆོས་གྲགས་པ་ཆེད་ཀྱིས་སྤྱན་འདྲེན་པ་མཛད་དེ། བཀའ་གདམས་ཀྱི་ཆོས་སྐོར་མཐའ་ཡས་པ་གསན་ཞིང་ཐུགས་སུ་ཆུད་མཛད་ཅིང༌། ཇི་སྐད་བཤད་པའི་བླ་མ་དམ་པའི་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པར་མངའ་བའི་བཤེས་གཉེན་དམ་པ་མཆོག་དེ་ལ་བསམ་གྱིས་མི་ཁྱབ་པའི་གུས་པ་དང༌། རྙེད་བཀུར་དང༌། ཡོན་འབུལ་དང༌། ཕུ་དུད་དུ་བྱ་བར་མཛད་ཅིང༌། སྤྱན་སྔ་རིན་པོ་ཆེ་འདི་དེ་དུས་དགུང་ལོ་བརྒྱར་ཉེ་བར་བཞེས་པའི་སྐབས་ཡིན་ལ། དེ་ལྟར་སྐུ་ཚེའི་དཔལ་བརྙེས་པའི་རྟེན་འབྲེལ་དུ་དགོངས་ནས་ཕྱིར་ཕེབས་དུས་ཚེ་དབང་བརྒྱ་རྩ་ཞིག་ཀྱང་གསན། དེ་ཉིད་ཀྱིས་རྟེན་འབྲེལ་ལས་བསྐལ་བརྒྱའི་བར་དུ་ཞབས་པད་བརྟན་པར་གསོལ་བ་ཡང་འདེབས་སོ། །དེ་ནས་བར་སྐབས་སུ་ཆོས་ཀྱི་བར་དུ་གཅོད་པ་ཅུང་ཟད་ལ་བརྟེན་པའི་ཞལ་ངོ་ནས་ཀྱང་རྗེ་བཙུན་བླ་མ་དམ་པ་འདིར་ཅུང་ཟད་ཐུགས་འཛེར་བག་ཅན་དུ་མཛད་པ་འབྱུང་ཞིང༌། དེ་ཀའི་རྒྱབ་ཞིང་འབྲི་ཁུང་ནས་མཛད་པས་ལོ་ཤས་ཤིན་ཏུ་ཐུགས་སུན་པར་བྱུང་ལ་འོན་ཀྱང་རྗེ་འདི་ཉིད་ཀྱི་དམ་པའི་ཆོས་ཀྱི་མཛད་པ་རླབས་པོ་ཆེ་ལ་ནི་བར་དུ་གཅོད་པ་མ་ནུས་ཏེ། ལྷ་ཆེན་བཞེངས་པའི་སྒང་ཉིད་ལ་དུས་འཁྲུག་ཆེར་བྱུང་འདུག་ཅིང༌། ཉིན་གཅིག་གི་བཟོ་ཙམ་ཡང་མ་ཆགས་པར་རབ་གནས་ཞལ་གྲོའི་བར་ཏུ་མཐར་ཕྱིན་པ། རྟེན་འབྲེལ་གྱི་སྒོ་མ་ལུས་པ་རང་འགྲིག་སྟེ། ཧ་ཧོར་གྱི་རྒྱལ་ཁམས་ཀྱི་ལས་སྒོ་བཟང་པོ་འདི་ལྟ་བུ་ལོངས་སྤྱོད་ཟད་མི་ཤེས་པའི་གཏེར་ཆེན་པོ་
ལེགས་པར་བརྡོལ་བ་ཡིན་ནོ། །ཀུན་མཁྱེན་ངག་གི་དབང་བོའི་ཐུགས་དམ་རྟེན་གྱི་གཙོ་བོ་རྗེ་བཙུན་འཇམ་པའི་རྡོ་རྗེ་རྒྱ་གར་མ་ལས་ཀྱང་བཟོ་ཁྱད་བླ་ལྷག་ཙམ་དུ་མངོན་པ་དེ་ཉིད། གཙུག་ལག་ཁང་མེས་བཞེས་དུས། སྐུ་ངོ་བོ་ལ་སྐྱོན་མ་བྱུང་ཡང༌། ནང་ཟུངས་རྣམས་ཞུགས་བཞེས་འདུག་པ། སླར་ཡང་བྱིན་རླབས་ཀྱི་རྟེན་དང་ནོར་ཁྱད་འཕགས་མང་པོས་འགེངས་པར་གནང་ནས་ལེགས་པར་གསོས། གནས་བཅུ་ལྷ་ཁང་གི་ལོགས་བྲིས་དང་སྐུ་འབུམ་གྱི་ཞྀག་གསོས་དང༌། མཆོད་སྙིང་གི་ཞིག་གསོས། བསྟན་སྲུང་དགེ་བསྙེན་ཆེན་པོའི་རྟེན་ཁང་ལོགས་བྲིས་སོགས་ཀྱང་རིམ་པས་གནང་ངོ༌། །འདིར་སྨྲས་པ། གང་གི་མཛད་པ་དཔག་ཡས་གཞལ་དུ་མེད། །འདི་ལ་བློ་ལྡན་གྱིས་ཀྱང་དཔྱད་དུ་མེད། །འཁོར་བའི་ཁམས་ལ་འཕེལ་མེད་འགྲིབ་པ་མེད། ཁྱེད་ཀྱི་འཕྲིན་ལས་འདི་ལ་ཆད་པ་མེད། །མཁས་ཀུན༵་མངོན་པར་དག༵འ་བའི་ལེགས་བཤད་དང༌། །སྐྱེ་བོ་མཐའ་དག་བཀྲ༵་ཤིས༵་དགེ་ལེགས་ཅན། །ཆོས་ཀྱི་རྒྱལ༵་མཚ༵ན་སྲིད་མཐར་བསྒྲེང་ལ་མཁས། །འགྲོ་བའི་དཔ༵ལ་གྱུར་མཛད་པ་བཟ༵ང་པོ༵་ཅན། ཁྱེད་ལྟར་སྲིད་འདིར་གཞན་མ་མཆིས། །འགྲོ་བའི་སྐྱབས་གནས་མགོན་པོ་ཁྱོད། །བསྐལ་བརྒྱའི་བར་དུ་བཞུགས་གསོལ་ཞེས། །བདག་ནི་རྩེ་གཅིག་གསོལ་བ་འདེབས། །བསྟན་པའི་མཛད་པ་རླབས་པོ་ཆེ་ལས་བརྩམས་ཏེ། །ཅུང་ཟད་བསྙད་པའི་སྡེ་ཚན་ཏེ་བཞི་པའོ། དམ་པ་འདི་སྔ་ཕྱི་ལན་མང་པོར་ཧོར་སྟོད་སྨད་ཀྱི་མངའ་ཞབས་བྱང་རིགས་ཀྱི་སའི་ཁྱོན་ཐམས་ཅད་དུ་ཕྱག་ཕེབས་ཅིང༌། དབྱར་དུས་གནམ་ཆུ་ཤིན་དུ་ཆེ་བ་ལ་ཀོ་གྲུ་སོགས་
ཡུལ་གྱིས་གཤེས་ནས་གཏན་མེད་ཀྱང་ཕྱག་ནས་འཐོར་བ་ཙམ་མམ། ཐུགས་དམ་གཏོར་མ་རེ་ཙམ་གནང་བ་ཁོ་ནས་འཕྲལ་དུ་ཆུ་བྲི་ནས། བྱིས་པ་ཆུང་ངུས་ཀྱང་བདེ་བླག་ཏུ་བརྒལ་བར་ནུས་པ་ཙམ་དུ་འགྲོ་ཞིང༌། དཔོན་སློབ་རྣམས་ཕེབས་གྲུབ་མ་ཐག་ཏུ་སྔར་ལུགས་བཞིན་དུ་ཆུ་བྲུབ་ནས་འགྲོ་བ་ཤ་སྟག་བྱུང་བས། མཐའ་ཡས་པའི་སྐྱེ་བོ་ཐམས་ཅད་ཤས་ཆེར་རྫུ་འཕྲུལ་ལ་ཡིད་རྟོན་པའི་ཕྱིར། མཆོག་ཏུ་གུས་པའི་ཐལ་མོ་ལན་བརྒྱར་སྦྱོར་བར་བྱེད་དོ། གཞན་ཡང་ཇི་ཙམ་པའི་སྐྱེ་བོའི་ཚོགས་ཆེ་བ་འདི་ཙམ་སྐུ་དྲུང་དུ་རྟག་ཏུ་རྗེས་སུ་འབྲང་བ་ལ། འཐབ་རྩོད་ཀྱི་རྣམ་པ་ཅུང་ཟད་དམ། རིམ་གྱིས་བཏབ་པའམ། གནག་ཕྱུགས་སོགས་སྲོག་ཆགས་ཇི་སྙེད་ཅིག་འབུལ་བ་འབྱུང་བ་ལ་ཡང༌། ཕྱུགས་ནད་ཀྱི་རྣམ་པས་བཏབ་པ་སོགས་ནི་གྲོང་འཁོར་ཆེས་རྒན་པོ་རྣམས་ཀྱིས་ཀྱང་གཏན་མི་དྲན། ཇ་གོས་དར་གོ་ཁྲབ་རྩི་བཅུད་རྟ་ནོར་སོགས་དེ་རིང་ཁོ་ན་དངོས་པོའི་འབུལ་བ་མང་སྙམ་པ་ཉག་གཅིག་རྟག་པར་ཡོད་ཅིང༌། སྐྱེ་བོ་ཚོགས་ཆེན་རྣམས་ལ་བསྙེན་གནས་སེམས་བསྐྱེད་ཡིག་དྲུག་གི་སྒོམ་ལུང་སོགས་ཡི་དམ་དང་ཆོས་སྐྱོང་གི་དབང་དང་རྗེ་གནང་སོ་སོ་གང་ལ་གང་འདོད་འཚམ་པར་སྩོལ་བ་དང༌། ཟང་ཟིང་གིས་སྐྱེ་དགུ་ཐམས་ཅད་ཀྱི་བསམ་པ་རྫོགས་པར་མཛད་ཅིང་ཧོར་སྟོད་སྨད་སོགས་འཐབ་རྩོད་འབའ་ཞིག་གིས་དུས་འདའ་བར་སྣང་བས། ཐུགས་སྙིང་རྗེ་ཆེན་པོས་བྱིན་རླབས་ཀྱི་མཐུས། རྗེ་འདིའི་བཀའ་སྩལ་ཕེབས་པ་ལ། ཐམས་ཅད་ཀྱང་ཞི་བའི་སེམས་ཀྱི་ཉན་ཤེས་དང་ལྡན་པར་གྱུར་
ཞིང༌། སེམས་ཅན་ཐམས་ཅད་བདེ་བའི་ཐབས་ལ་དགོངས་ནས། ཕྱག་རྫས་རྔམ་ཆེ་བ་ཀུན་ཡང་སོ་སོར་སྩོལ་བར་མཛད་དོ། །ཕྱོགས་ལྷུང་སྤངས་པའི་གཟི་ཡིག་གིས་བཅད་དེ་དམ་བཞག་གནང་བ་ལ་བརྟེན། ལོ་བཅུ་གཉིས་ཙམ་མམ་ལོ་གྲངས་ཅི་རིགས་པར་དུས་ཁམས་ཤིན་དུ་བདེ་བར་གྱུར་བ་ཞི་ཚེ་ཡིན་ཏེ། ཕྱི་རབས་ཀྱི་ཆེན་པོ་འགའ་ཞིག་ལྟར་གྱིས་དུས་འཁྲུགས་སྡུམ་པ་ལྟར་བཅོས་ཏེ་ནོར་གྱི་བྱ་དགའ་སོགས་ཀྱིས་འཕྲལ་གཉིས་ཐད་ནས་མི་མགུ་བ་མེད་ཙམ་ལ། ཕུགས་སུ་རང་ཕྱོགས་ཆེས་ང་རྒྱལ་བར་བྱེད་པའི་གཡོ་སྒྱུས་ཞལ་ལྕེ་གཅོད་པ་འདི་ལྟ་བུ་དང༌། གཞན་དག་སྡུམ་པའི་ཟོལ་གྱིས་གཉིས་བར་ནས་བདག་ཉིད་ཀྱི་དབང་ཐང་ལོངས་སྤྱོད་ཁོ་ན་ཡིད་ལ་བརྣགས་པས་སྒྲུབ་རྩོལ་བྱེད་ཅིང༌། གཞན་ཐེས་མེད་དུ་བྱས་ནས་རང་གིས་ཐོབ་བརྩི་བ་སོགས་སྐྱེས་བུ་དམ་པ་ཡིན་ནོ་ཞེས་རླུང་ལྟར་གྲགས་པ་རྣམས་ལ་ཡང་དམ་པ་མ་ཡིན་པའི་སྤྱོད་པ་རྒྱ་མཚོ་ལྟ་བུར་བྱིང་བའི་སྐྱོན་དག་མཐོང་བའི་ཚེ། བདག་ཉིད་ཀྱི་དོན་ཐམས་ཅད་ཁྱད་དུ་བསད་དེ་གཞན་བདེ་འབའ་ཞིག་བསྒྲུབ་པར་དགོངས་པ་ཁྱོད་ལ་ཟོལ་མེད་སྙིང་ཐག་པ་ནས་དད་པའི་ཡིད་ཀྱིས་འཁོར་བ་མ་སྟོང་གི་བར་དུ་ཕྱག་འཚལ་ལོ། །གཞན་ཡང་བདག་ཉིད་ཆེན་པོ་འདི་ཉིད་གདུང་རིགས་ཀྱི་མཆོག་འདི་ལྟ་བུར་སྐུའི་སྐྱེ་བ་བརྙེས་ཤིང༌། ལུགས་གཉིས་ཀྱིས་མངོན་པར་མཐོ་བ་འདི་ཙམ་གྱིས་མངོན་པར་བརྒྱན་པ་དང༌། མཁས་བཙུན་བཟང་བོའི་སྐུ་གསུང་ཐུགས་ཀྱི་ཡོན་ཏན་འཕྲིན་ལས་བློ་ལས་འདས་པ་འདི་ཙམ་དུ་བཞུགས་ཀྱང་ཐུགས་ཁེངས་པའི་དྲི་མ་ཐམས་ཅད་ཡོངས་སུ་བྲལ་བ་དང༌། ཞབས་
དྲུང་དུ་མི་ལོ་བཞི་བཅུ་ཙམ་ཉེ་བར་བསྟེན་པ་དག་གིས་ཀྱང་རང་བསྟོད་བདག་ཉིད་སྒྲོགས་པའི་ཚིག་གཅིག་ཀྱང་གསུངས་པ་མ་ཚོར་བར་སྣང ཞིང༌། མུ་ཏོ་བ་ཚུན་ཆད་ལ་ཡང་ཞེ་ས་དང་བཅས་པའི་ཚིག་གིས་བསྟི་སྟངས་མཛད་པ་ལས་བརྙས་པའི་དྲི་མ་ཙམ་ཡང་མི་མཛད་ཅིང༌། དགེ་བའི་ལས་བགྱི་བ་ཅུང་ཟད་དང་ལྡན་པའི་སྐྱེ་བོ་གཞན་ཐམས་ཅད་ཀྱིས་འཕྱ་ཞིང་སྨོད་པར་བྱེད་པའི་གནས་ཀུན་ལ་ཡང༌། བདག་ཉིད་ལས་ཆེས་ལྷག་པར་བསྔགས་པར་མཛད་ཅིང༌། སྐུ་གསུང་ཐུགས་ཀྱི་རྟེན་གྱི་ཆ་ཤས་ཡིག་འབྲུ་ཙམ་མམ། མཆོད་རྟེན་ཞིག་རོ་ཚུན་ཆད་དང་དགེ་འདུན་གྱི་ཆ་ཤས་ངུར་སྨྲིག་གི་རྟགས་ཙམ་འཛིན་པ་ཀུན་ལ་ཡང་མཆོག་ཏུ་གུས་པ་ཆེན་པོས་ཐལ་མོ་སྦྱར་བ་སོགས་མཐོང་ཏེ། སྐྱེས་བུ་དམ་པ་ལས་ཀྱང་ཆེས་དམ་པའི་རྣམ་པར་ཐར་པའོ། །འདིར་སྨྲས་པ། ཡོན་ཏན་རྒྱ་མཚོ་ཁྱོད་ནི་རྒྱ་མཚོ་བཞིན། །ཡོན་ཏན་ཆུ་བོ་སྟོང་གིས་ཁེངས་མི་མངའ། །བློ་ཆུང་སྣོད་ངན་ས་ཡི་བུམ་པ་དག །རྙེད་བཀུར་ཆུ་ཐིགས་གཅིག་གིས་ཁེངས་ཤིང་འཇིག །འགྲོ་ལས་རྒྱལ་སླད་གཞན་འཕྲུལ་བདག་པོ་ཡིས། །སྒྱུ་ཐབས་སྒྱུ་ཅན་རྣམས་ལ་དབང་ཕྱུག་དང༌། །འབྱོར་བའི་རྐྱེན་བྱས་ཆོས་བཞིན་སྤྱོད་པ་རྣམས། །ཆད་པ་སྦྱིན་འདིས་བདུད་རྩིས་ལམ་ཆེན་བཀུམ། སྲིད་པའི་ཆུ་མཚོར་སྒྱུ་ཅན་ཆུ་སྐྱར་འགའ། །བཤེས་གཉེན་ཡིད་འོངས་ས་དཀར་ལྟར་བསྡུས་ནས། །འབུམ་ཕྲག་སྐྱེ་བོའི་ཉ་རྣམས་བསླུ་བྲིད་ཀྱིས། །ངན་འགྲོའི་མྱ་ངམ་ཐང་ལ་ཟ་བར་མཐོང༌། །བདག་དོན་ཚེར་མའི་ཁུར་པོ་བོར་གྱུར་ནས། གཞན་དོན་ཤིང་རྟར་འཇུག་པའི་
ཁ་ལོ་བ། །གྱ་གྱུ་སྤངས་ཏེ་དྲང་པོའི་ལམ་སྟོན་མཁན། །འགྲོ་བའི་སྐྱབས་གཅིག་ཁྱོད་ལ་བདག་ཡིད་གུས། །དེ་ནས་བྱ་ལོའི་ནང་དུ་འཇིགས་བྲལ་ཐམས་ཅད་མཁྱེན་པའི་བསྟན་པའི་སྲོག་ཤིང་ཆེན་པོ་རིན་པོ་ཆེ་བསྟན་འཛིན་གྲགས་པ་ཉིད་ཀྱང་དཔལ་སྟག་ལུང་ཐང་གི་ཆོས་གྲྭ་ཆེན་པོར་གཟིགས་དགོས་ཤིང་སྤྱན་འདྲེན་གྱིས་ཀྱང་མཚམས་སྦྱར་ནས་ཕེབས། རྡོ་རྗེ་འཛིན་པ་ཆེན་པོ་དེ་ལ་འཇིགས་བྲལ་གྱི་སློབ་དཔོན་ཆེན་པོ་ཉིད་ཀྱི་རང་ལུགས་ལས་འོང་བའི། ཕྱག་བཞེས་རྒྱུད་སྡེ་བཞིའི་དཀྱིལ་འཁོར་མང་པོར་དབང་བསྐུར་གསན་ཞིང༌། ཁྲིད་ཚུལ་མཐའ་ཡས་འདུས་པའི་རྒྱ་མཚོ་ཚེ་གཅིག་ལ་སངས་རྒྱས་པའི་ཉེ་ལམ་ཆེན་པོ་སྦས་དོན་ཀུན་གསལ་སོགས་ཆོས་ཚུལ་མང་དུ་གསན། རྙེད་བཀུར་དང་འབུལ་བའི་དངོས་པོ་གྱ་ནོམ་པའི་ཚོགས་ཀྱིས་མཁས་པའི་དབང་པོ་དེ་ཉིད་སློབ་མར་བཅས་པ་ཆེས་དགྱེས་པ་ཆེན་པོར་བསྐྱེད་ནས་ཐེགས། དེ་སྐབས་ཤིག་སྔོན་གྱི་བླ་མ་གོང་མ་རྣམས་ཐོག་རེར་བཞུགས་ཤིང༌། བར་སྐབས་ཤིག་མི་ཚན་བཅུ་གསུམ་གྱིས་ནོར་རྫོང་བྱས་པ་དྲངས་བཞི་རྫོང་ཞེས་པ། ཕྱིས་བདག་མེད་དུ་ལུས་པ་ཞིག་བྱུང་འདུག་པ་དེ། སྟག་ལུང་གི་ས་གནད་ཤིན་ཏུ་ཆེ་བར་དགོངས་ནས། ཐོག་མར་གཟིམ་ཁང་དང་བཅས་པ་མཐར་ཐོན་གནང་སྟཻ། ཆོས་རྫོང་རྣམ་རྒྱལ་རབ་བརྟན་དུ་མིང་འདོགས་སྣང༌། འདི་ནི་འཇིག་རྟེན་དངོས་ཀྱི་ས་གནད་ཙམ་མ་ཡིན་པ། ས་ཆུ་ནམ་མཁའ་གསུམ་ཤཻས་རབ་ཨེ་གྲུ་གསུམ་གྱི་རྣམ་པ་ཅན་དང༌། རྫོང་རི་ཉིད་ཝཾ་ཡིག་གི་ཚུལ་དུ་གནས་པ་དང༌། གཞན་ཡང་ཕྱི་ནང་གི་རྟེན་འབྲེལ་ས་
དཔྱད་མིང་འདོགས་སོགས་དཔལ་སྟག་ལུང་ཐང་གི་བསྟན་པ་རིན་པོ་ཆེ་ལ་ལྷག་པར་གལ་ཆེ་བ་ཞིག །ཡེ་ཤེས་ཀྱི་གཟིགས་པ་སྒྲིབ་མེད་ཀྱིས་གཟིགས་ནས་གནང་འདུག་པས། རིང་པོར་མི་ཐོག་པར་མངོན་དུ་གྱུར་པ་འདི་ཡིན། ཡང་སྐབས་ཤིག་ཐམས་ཅད་མཁྱེན་པ་ཕྱོགས་ལས་རྣམ་རྒྱལ་གྱི་ཐུགས་ཀྱི་གསང་བ་འཛིན་པ། བསམ་བཞིན་སྐྱེ་བ་བཞེས་པའི་སྤྲུལ་པའི་སྐུ་འཆི་མེད་འོད་ཟེར་ཡང་རྗེ་ཉིད་མཇལ་དུ་ཕེབས། ཞབས་ཀྱི་པདྨོ་ལ་ཉེ་བར་གཏུགས་ནས་ཀུན་མཁྱེན་ངག་གི་དབང་པོས་ཕྱག་ལེན་གྱི་དཀྱིལ་འཁོར་མང་པོའི་དབང་བསྐུར་དང༌། ཐུགས་དམ་ཟབ་ཆོས་མང་དུ་གསན་ཏེ། མཆོག་ཏུ་ཐབས་གུས་པ་ཆེན་པོས་རྩ་བའི་བླ་མར་མཛད་དོ། །དེ་ནས་ཤིང་ཕོ་ཁྱི་ལོ་ལ། བལ་པོའི་ལྷ་བཟོ་བུདྡྷ་པ་ལ་སོགས་བཟོ་ཚན་ལྔ་པ་ཞིག་ཞབས་དྲུང་དུ་འབྱོར་བས་ཉེ་བའི་རྐྱེན་བྱས་ཏེ། བཅོམ་ལྡན་འདས་ཐུབ་པའི་དབང་པོ་མི་ཚད་མ་དང་འཕགས་པའི་གནས་བརྟན་ཆེན་པོ་བཅུ་དྲུག །ཧ་ཤངས་དྷརྨ་ཏ་ལ་རྒྱལ་ཆེན་བཞི་དང་བཅས་པའི་སྐུ་བརྙན་ཐམས་ཅད་ཀྱང་སྐུ་ཚད་མདའ་གང་ཙམ་པ་བཟོ་ཁྱད་ཕུལ་དུ་བྱུང་བ་ལེགས་པར་གྲུབ་ཅིང༌། སྐུད་གསེར་ལ་གསེར་ཞོ་བརྒྱ་ཕྲག་ལྔ་ལྷག་གཅིག་སོང་སྣང་བ། རྒྱུའི་ཁྱད་པར་གཞན་རྣམས་དེས་དཔག་པར་ནུས་སོ། །འདི་ལ་གཟུངས་བཞུགས་ཀྱང་ཐུབ་པའི་དབང་པོ་ཉིད་ཀྱི་སྐུ་གདུང་རིང་བསྲེལ་ཤིན་དུ་ཚོགས་ཆེ་བ་དང༌། སྟག་ལུང་བཀའ་བརྒྱུད་ཉིད་ཀྱི་བླ་མ་གོང་མ་རྣམས་གཙོ་བོར་གྱུར་བའི་བྱིན་རླབས་ཀྱི་རྟེན་མང་པོ་དང༌། གསེར་དངུལ་གྱི་གཟུངས་ཡིག་བསྒྲང་བར་
མི་དཔྱོད་པ་དང་བཅས་པ་ཕྱག་ལེན་དག་པས་གཟུངས་བཞུགས་གནང༌། འདིའི་གཙོ་བོ་བཞེངས་པའི་ཞལ་ལྟ་གནང་ནས། ཧོར་སྟོད་པའི་སྤྱན་འདྲེན་པ་བཞིན་ཕེབས་ནས་བཞུགས་སྒར་ཤེལ་རྗེའི་རྒྱུད་དུ་གནང་སྐབས། ཕྱག་ནས་གནང་བ་སྟག་ལུང་ཉིད་དུ་ཉིན་པར་སྐྱེ་བོ་མང་པོའི་མཐུན་སྣང་དུ་གྲུབ་པར་གཙོ་བོའི་སྐུ་གཟུགས་ཀྱི་སྐུ་འཕང་དུ་ནམ་མཁའ་ནས་མེ་ཏོག་མང་དུ་ཕེབས་པ་བརྫུན་མེད་ཡིད་ཆེས་འདྲོངས་པར་བྱུང་སྣང་ཞིང༌། དེ་ཡང་གཞན་དག་ལྟར་མཚན་མོའི་དུས་དང་ལྐོག་ཏུ་མི་ནས་ཐོགས་པ་དག་སྦེད་པ་ལ་སོགས་པའི་གཡོ་ཐབས་དང༌། སྐལ་ལྡན་འགའ་རེའི་མཐོང་སྣང་ལ་བྱུང་སྐད་པ་དང༌། སྟོན་རྒྱུ་མེད་བཞིན་དུ་དཔོན་དབང་གི་ཕྱུག་དག་གིས་འབྱུང་ངོ་ཞེས་དབང་ཆེའི་ཚིག་གིས་རྗེས་སུ་འབྲང་བ་ཙམ་མ་ཡིན་པར་མངོན་སུམ་དུ་སྐྱེ་བོ་ཐམས་ཅད་ཀྱིས་སྤྱི་མཐུན་དུ་མཐོང་བ་ཡིན་ནོ། འདི་ཡང་དྲང་པོར་བརྗོད་པ་ཙམ་ཡིན་གྱི་མི་མ་ཡིན་གྲུབ་པར་དང་བོན་པོ་སོགས་ལའང་ཐུན་མོང་གི་ཡོན་ཏན་སྟོན་རྒྱུ་ཡོད་དེ་འདི་ཙམ་གྱི་རྟགས་ལ་འདྲེན་པ་མཆོག་ག་ལ་རེ། ཐུགས་དུལ་བ་དང་བཙུན་པ་དང་མཁས་པ་དང་ལྷག་པའི་ཐུགས་སྟོང་ཉིད་སྙིང་རྗེ་སྙིང་པོ་ཅན་མངའ་བ་སོགས་ཐུན་མོང་མ་ཡིན་པ་མཆོག་གི་ཡོན་ཏན་གཞལ་དུ་མེད་པ་མངའ་བ་འདི་ཉིད་སྐྱེས་བུ་དམ་པའི་རྟགས་ཡང་དག་པ་ཡིན་ནོ། །དེ་དག་དང་སྟབས་གཅིག་ཏུ། རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་ཀྱི་སྐུ་དགོས་འདོད་ཀུན་འབྱུང་གསེར་ཞོ་ལྔ་བཅུའི་བྱུགས་གསེར་ཅན་ཕུལ་དུ་ཕྱུང་བའི་ནང་བཞུགས་དང་བཅས་པ་འདི་ཉིད་ཀྱང་བཞེངས་པར་མཛད། རབ་གནས་
ཀྱང་རྗེ་ཉིད་རིགས་པ་འཛིན་པའི་དགེ་འདུན་རྒྱ་མཚོ་དང་བཅས་པས་གནང༌། རབ་གནས་ལེགས་ཤིང་ཤིན་ཏུ་བཀྲ་ཤིས་པས་འཕྲིན་ལས་ཀྱི་བར་ཆད་ཐམས་ཅད་ལས་ལེགས་པར་གྲོལ་བའི་རྟེན་འབྲེལ་འགྲིགས་རིགས་བྱེད་པ་རྣམས་ལ་ཡོན་རྫོང་བཅད་ཐང་ལས་བརྒལ་བའི་དཔེ་བྲལ་བློ་འདས་དགེས་པ་ཆེན་པོ་དང་བཅས་ཏེ་གནང་བས། ཁོང་རྣམས་ཀྱང་གཞན་དུ་ལོ་བདུན་ལས་ཀྱང་འདིར་ཧ་ལམ་རྙེད་པ་བཟང་བ་བྱུང་ཞེས་བསམ་གྱིས་མི་ཁྱབ་པའི་མགུ་བ་ཐོབ། དེ་ནས་མེ་ཕོ་བྱི་བའི་ལོ་ལ་རྒྱལ་བའི་བཀའ་འགྱུར་རོ་འཚལ་གན་ཤོག་ལ་རིན་པོ་ཆེའི་ཁུ་བས་བྲི་བར་གནང་བ། ལོ་དེ་ཉིད་ལ་གླེགས་བམ་བརྒྱད་ཅུ་རྩ་དྲུག་ལ་ན་བཟའ་རྟེན་ཁེབས་བཟང་བསྒྲིགས་ཏོག་དཀར་ཞལ་ཁེབས་སུམ་བརྩེགས་མ། བཟང་གོས་ཀྱི་གླེགས་ཐག་དང་གླེགས་ཤིང་སོགས་རྣམ་པ་ཐམས་ཅད་ནས་དཔེ་དང་བྲལ་བ་ལེགས་པར་གྲུབ་ཅིང༌། བཟོ་རིས་པ་ཉིས་བརྒྱ་བུད་ཙམ་ཀུན་ལ་ཡང་ནམ་མཁའ་མཛོད་ལས་ཡིད་བཞིན་གྱི་ཆར་ཕབ་པས་མཆོག་ཏུ་ཚིམ་པ་ཐོབ་བོ། །འདི་སྐབས་སུ་མདའ་དར་འབུལ་དབོན་གྲགས་པ་འོད་ཟེར་བ་དཔོན་གཡོག་སོགས་ཡུལ་ཕྱོགས་ལ་འབུལ་སྡུད་དུ་གནང་བ་རྒྱལ་པོ་ཆེན་པོ་ཨ་དན་ཁན་གྱིས་གུས་པས་བཏུད་དེ། རྒྱལ་པོའི་གསེར་ཡིག་དང་བཅས་ལྷན་ཅིག་ཏུ་གདན་ས་ཆེན་པོ་སྟག་ལུང་དུ་འབྱོར། གསེར་དངུལ་གོས་དར་ཇ་རས་རྟ་དྲེའུ་རྔ་མོང་སོགས་ཀྱིས་འབུལ་བའི་ས་སྟེང་ཁྱབ་པར་ཕུལ་ཞིང༌། དེ་སྐབས་འཇམ་མགོན་གྲུབ་པའི་དཔའ་བོའི་སྐུ་དབོན་པོ། རིགས་ལྡན་སྤྲུལ་པའི་སྐུ་ཇོ་ནང་ཀུན་མཁྱེན་ཆེན་པོའི་སེང་གེའི་ཁྲི་ལ་མངོན་པར་འཁོད་པ།
རྗེ་དྲུང་ཀུན་དགའ་དཔལ་བཟང་པོ་ཞེས་སྐུ་བཙུན་ཞིང་གྲུབ་པ་དང་བྱིན་རླབས་ཀྱིས་ཉེ་བར་བརྒྱན་པ། བདག་ཉིད་ཆེན་པོ་དེ་ཡང་མཇལ་བར་ཕེབས་ཏེ། དཔོན་སློབ་ཐུགས་ནང་གཙང་བའི་ཤིན་ཏུ་དགྱེས་པ་ཆེན་པོར་གྱུར། ཟབ་ཆོས་རྨད་དུ་བྱུང་བ་མང་བོ་ཕན་ཚུན་དུ་གསན་རེས་གནང༌། ལོ་འདི་ཉིད་ཀྱི་ནང་དུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཁྱེན་བརྩེ་འཕྲིན་ལས་ཀྱི་ངོ་བོ་རྒྱལ་དབང་སྤྲུལ་པའི་སྐུ་སྟག་ལུང་རིན་པོ་ཆེ་འདིས་ཀྱང་གདན་ས་ཆེན་པོར་ཕེབས་པའི་ཐོག་མ་ཡིན་ཞིང༌། ཕྱི་ལོ་དབྱར་སོས་ནོར་རྣམས་ཀྱི་དུས་འཁྲུག་གི་སྡུམ་ལ་བྱང་རྒྱབ་ཏུ་ཕེབས། ལེགས་པར་སྡུམ་པའི་སྐབས་ཤིག་མ་རུང་བའི་སེམས་ཅན་འགའ་ཞིག་གིས་མི་བཟད་པའི་ལས་མངོན་པར་སྒྲུབ་པ་ནི་འདི་ལྟར་ཏེ། ཉིན་གཅིག་བཞུགས་སྒར་ན་འཁོར་ཚོགས་མང་པོའི་ཞབས་འབྲིང་དང་བཅས་ནས་བཞུགས་སྐབས་ཤིག་བཀའ་སྩལ་ནས། མི་ང་ལ་ནི་མངོན་སུམ་ཐབས་སུ་ཕྱག་ཏུ་ཡི་གེ་རྒྱ་ཅན་ཞིག་འབུལ་བ་བྱུང་བས། ཐེའུ་ཚེའི་ཁ་རིས་ལ་རྗེ་བཙུན་མི་ལའི་སྐུ་ཞིག་སྣང༌། ཡི་གེའི་ནང་ནའང་ཞག་བདུན་ནས་མི་འདི་བཞིན་བྱུང༌། མི་འདི་ལྟ་བུ་ཐ་ན་གོས་ལྷམ་ཀྱང་འདི་བཞིན་དུ་འོང་ཞེས་སོགས་དོན་འདི་བཞིན་འདུག་ཅེས་གདུག་སེམས་ཅན་གྱི་མི་དེ་དང་དེ་ཡི་མིང་མི་གསལ་ཙམ་མ་གཏོགས་མ་སྦས་ལྷུག་པར་བཀའ་སྩལ་གནང༌། དེ་ཇི་ལྟར་བཀའ་སྩལ་གནང་བ་བཞིན་ཞག་བདུན་གྱི་མཚམས་ནས་གསོལ་ཟས་ངན་པས་སྐུ་བསྙེལ་ཞིང༌། དབོན་པདྨས་མི་དེ་རྣམས་ཀྱིས་མིང་གང་ཡིན་བཀའ་
སྩལ་གནང་དགོས་ཞེས་ནན་ཆེར་ཞུས་འདུག་ནའང༌། དེ་ཀུན་ལ་གནོད་པ་བྱུང་བར་དགོངས་ནས་ཡེ་བཀའ་སྩལ་མ་གནང༌། སྐུ་ཁམས་ཤིན་ཏུ་དུབ་པས་ན་རེ་ཞིག་གདན་སར་ཕེབས་པ་གནང་མ་ཐུབ་པར། དབྱར་ངོས་དེ་ས་ཕྱོགས་དེ་ཉིད་རང་དུ་བཞུགས་ཤིང༌། སྨན་པ་མཁས་པ་རྣམས་ཀྱི་གསོ་དཔྱད་རྣམས་རིམ་པར་ཕུལ། དེ་དུས་ཞྭ་དམར་དཀོན་མཆོག་ཡན་ལག་ཡངས་པ་ཅན་དུ་བཞུགས་སྐབས་ཡིན་ཞིང༌། རིན་ཆེན་རིལ་བུ་ཁྱད་པར་ཅན་སོགས་གསོལ་སྨན་ཁྱད་པར་ཅན། ཕལ་ཆེ་བའང་ཞྭ་དམར་ཅོད་པཎ་འཛིན་པའི་ཕྱག་ནས་འབུལ་བ་གནང༌། སྟོན་གྱི་དུས་ནས་སྐུ་ཁམས་རིམ་གྱིས་བདེ་ནས་གདན་ས་ཉིད་དུ་ཕྱག་ཕེབས་སོ། །ད་ལྟར་གྱི་བར་དུ་ཡང་རྗེ་ཉིད་ཞལ་ཟས་ངན་པ་གསོལ་བས་གདུག་པ་ཅན་དེ་ཀུན་ལ་ཆེད་དུ་དམིགས་ནས་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་བསྒོམ་པར་མཛད་ཅིང༌། འདི་དང་ཕྱི་མ་ཐམས་ཅད་དུ་ཕན་བདེའི་རྒྱུ་འགྱུར་བ་སྨོན་ལམ་ཡང་དག་པར་ཐུགས་ཐག་པ་ནས་གནང་བ་ནི་བདག་ཅག་གིས་ཀྱང་ཡང་ཡང་མཐོང་སྟེ། སྔོན་དུས་རྗེ་འགྲོ་བའི་མགོན་པོ་ཕག་མོ་གྲུབ་པ་ལ་ཡང་འདི་བཞིན་འབྱུང་བ། འགྲོ་བའི་མགོན་པོའི་གསུང་ལས། འདི་ངན་སོང་དུ་མི་གཏོང་བའི་གཉེར་ཁ་ཁོ་བོ་ལ་ཡོད་པ་ལགས། ཞེས་གསུངས་པ་ཡང་རྣམ་ཐར་འདི་ལས་གཞན་དུ་མེད་དེ། དེས་ན་གང་དག་གནོད་པ་ཅུང་ཟད་བྱེད་པའི་དགྲ་ལ་ཡང་ཡུལ་འབུད་པ་དང༌། ཆད་པ་གཅོད་པ་དང༌། ཡོན་བདག་དང༌། རྒྱལ་པོ་གཞན་དང་གཞན་ནས། སྡུག་ལས་ཅི་ཐོན་བྱེད་བཞིན་དུ།
ཕྱི་མར་སེམས་ཅན་རྣམས་འཁོར་བ་ལས་འདྲེན་པའི་སྨོན་ལམ་བྱེད་སྐད་དེ། ཕ་མའི་མགོ་གཅོད་བཞིན་དུ། རི་དྭགས་ཆུས་ཁྱེར་བ་ལ་སྙིང་རྗེ་ཞེས་ཟེར་བ་དང་འདྲའོ། དཻས་ན་རང་གི་ལོངས་སྤྱོད་མངའ་ཐང་ལ་ཅུང་ཟད་གནོད་པར་མཐོང་ན། ཡོན་བདག་དང་རྒྱལ་པོ་དུ་མ་བསྐུལ་ནས་གཙུག་ལག་ཁང་དུ་མ་མེས་སྲེགས་པ་དང༌། ཁྱིམ་པ་དང་རབ་བྱུང་བརྒྱ་སྟོང་གཡུལ་དུ་གསོད་པ་སོགས་མཐོང་སྟེ། དེ་དག་ནི་བསྟན་འཛིན་གྱི་སྐྱེས་བུ་ལྟ་ག་ལ་ཞིག །བདུད་སྡིག་ཅན་དགེ་སློང་ག་གཟུགས་ཞེས་བྱ་བ་ཡང་འདི་ལས་གཞན་དུ་མེད་ཅིང༌། དེ་ལྟ་ན་སྐུ་ལ་བསྡོ་བར་བྱེད་པ་དེ་ལྟ་བུ་མངོན་སུམ་མཁྱེན་བཞིན་དུ་མི་གསུངས་ཞིང༌། གཞན་རྣམས་ལས་ཀྱང་ཆེས་ལྷག་པར་ཐུགས་བརྩེ་བའི་ཡུལ་དུ་མཛད་པ་འདི་ལྟ་བུ་སྔོན་གྱི་དུས་སུ་མང་དུ་བྱུང་མོད་ཀྱི་ད་ལྟར་གྱི་དུས་སུ་ནི་བདག་ཅག་གི་འདྲེན་པ་འདི་གཅིག་པུའི་མཛད པའོ། །འདིར་སྨྲས་པ། གཞན་བདེ་དགེ་བ་ཅུང་ཟད་ཙམ་ལ་ཡང༌། །བདག་དོན་མ་ལུས་གཏོང་བ་རྒྱལ་སྲས་ལུགས། །འགྲོ་ལ་སྙོམས་པར་བརྩེ་བ་ཉིད་ལགས་ཀྱང༌། །གནོད་བྱེད་རྣམས་ལ་ལྷག་པར་བརྩེ་འདི་མཚར། །འདི་ན་དམ་པར་ཁས་འཆེ་ཆེན་པོ་འགའ། །ནད་དང་བཅས་པའི་དགེ་སློང་གཞན་མཆོད་ནས། །ཡུན་རིང་བདག་ལ་བྱམས་ཤིང་བཀུར་བ་ཡང༌། །བརྩེ་མེད་སེམས་ཀྱིས་ཆད་པས་གཅོད་པ་མཐོང༌། །དཔའ་བོ་མི་བསྲུན་དགེ་སློང་སྟག་གི་ཚུལ། །ཟས་ནོར་སྒྱུ་མའི་ཁྲག་ལ་སྣོམས་པ་ནི། །ཉེས་པ་ཅི་ལའང་དགའ་མའི་སྲོག་གཅོད་མ། །འདི་ལ་གཞན་དག་བག་ཡོད་ཅིས་མི་འོང༌། །
འོད་གསལ་ངུར་སྨྲིག་གདེངས་ཀའི་ནོར་བུ་ཅན། །གདུག་རྩུབ་ཡན་ལག་ཁོང་དུ་རྣམ་པར་སྦས། །གྱ་གྱུས་འཇུག་ཅིང་སྙན་འཇམ་ཕུད་ཀྱི་སྒྲས། །འདྲི་བྱེད་ལག་འགྲོའི་ཚུལ་ཅན་འགའ་མེད་དམ། །འགྲོ་ཀུན་དག་བྱེད་ཐུགས་རྗེའི་འོད་དཀར་ཅན། །བདག་ལ་བརྩེ་བྲལ་རི་དྭགས་ཀྱིས་གནག་པ། །ངན་སྤྱོད་མཚན་མོའི་མུན་པར་འཁྱམས་པའི་མགོན། །གདུང་སེལ་བཀྲ་ཤིས་གཅིག་པུ་འདི་ན་ཤར། །།བྱང་ཆུབ་སེམས་དཔའི་མཛད་སྤྱོད་ཁྱད་པར་ཅན་འབའ་ཞིག་ལས་བརྩམས་ཏེ་ཅུང་ཟད་བསྙད་པའི་སྡེ་ཚན་དེ་ལྔ་པའོ། དེ་ནས་འབྲུ་མང་ཞེས་པ་ས་ཕོ་སྟག་གི་ལོ་ཤར་བ་ན་སྟོབས་ཀྱི་འཁོར་ལོས་བསྒྱུར་བའི་རྒྱལ་པོ་ཇི་གིར་གན་གྱི་རྒྱལ་རྒྱུད་མ་ཉམས་པ། སྭོག་པོའི་རྒྱལ་པོ་རྣམས་ཀྱིས་སྤྱན་འདྲེན་ནན་ཞུས་བྱུང་བའི་ཚེ། ཕེབས་པར་དགོངས་པ་གཏད་ཅིང་གཞིར་བཞུགས་དྲག་ཞན་ཀུན་དང༌། ཡོན་བདག་སྡེ་རིགས་ཀུན་གྱིས་ཀྱང་ནན་ཏན་གྱིས་བཞུགས་པར་ཞུས་ཀྱང༌། ཅིས་ཀྱང་ཕེབས་པར་ཐག་ཆོད་གནང༌། དེ་ཁའི་སྟབས་ཀྱིས་ཆོས་འབྲེལ་ཞུ་བ་དང༌། སྐུ་གཞོགས་སུ་དོན་གཅོད་པར་འོང་བའི་རྫོངས་བཀོད་གནང་དགོས་སོགས་ལུགས་གཉིས་ཀྱིས་ཐུགས་བྲེལ་ཤིན་དུ་ཆེ་བའི་ངང་ནས་ཀྱང་མཆོག་གི་སྤྲུལ་སྐུ་རིན་པོ་ཆེ་ལ་ཉེ་བར་མཁོ་བའི་བཞེས་ཀྱི་དབང་བསྐུར་མང་པོ་དང༌། རྗེས་གནང་ཟབ་བསྡུས་མཐའ་ཡས་པ་དང་བཀའ་རྒྱུད་གོང་མ་རྣམས་ཀྱི་བཀའ་འབུམ་ཕལ་ཆེར་གྱི་བཀའི་གླེགས་བམ་རྣམས་ཀྱི་བཀའ་གཏད་ཀྱང་གནང་ཞིང༌། ལྷ་སར་ཇོ་བོ་རིན་པོ་ཆེར་མཆོད་རྫས་དཔག་ཏུ་མེད་པ་དང་བཅས་སྨོན་ལམ་གནང་བར་ཕེབས་
སྐྱི་ཤོད་ཀྱི་ཞལ་ངོ་རྣམས་དང་སེར་འབྲས་དགེ་གསུམ་གྱི་བླ་མ་ཆེ་ཕྲ་ཐམས་ཅད་རྗེ་འདི་ཉིད་མཇལ་བར་ཕེབས་ཤིང་གུས་པས་བཏུད། ཕལ་ཆེར་གྱིས་བཀའ་ཆོས་ཀྱི་འབྲེལ་བ་རེ་ཡང་ཞུས། སྐྱི་ཤོད་ཞལ་ངོ་རྣམ་པས་སྒོ་ལའི་བར་དུ་ཕེབས་སྐྱེལ་ལ་ཕེབས་ཤིང༌། མྱུར་དུ་ཕེབས་པར་ཞལ་གྱིས་བཞེས། སླར་ཡང་གདན་ས་ཉིད་དུ་ཕེབས་ཏེ་ཅུང་ཟད་གདན་ཆགས། རྗེ་དྲུང་ཀརྨ་པ་དབང་ཕྱུག་རྡོ་རྗེས་ཀྱང༌། བཀའ་རྒྱུད་ཆུ་བོའི་འབྱུང་ཁུངས་དགེ་ལེགས་དག་བྱེད་ཆུ་བོའི་རྒྱུན། །ས་གསུམ་ཁྱབ་པར་མཛད་མཁས་ལས་ཆེན་བཞི་དང་གྲུབ་ཆེན་བརྒྱད། །ཀུན་གྱི་མངའ་བདག་དཔལ་ལྡན་སྟག་ལུང་ཐང་པ་ཆེན་པོ་ཡིས། །མི་འཇིགས་སེང་གེའི་ཁྲི་ལ་བཞུགས་བཞིན་བཀྲ་ཤིས་དགེ་ལེགས་ཅན། །ཞེས་སོགས་ཀྱིས་བརྟན་བཞུགས་དང༌། དེ་ཚེ་སྐུ་གསུང་ཐུགས་འཁོར་དང༌། །འཕྲིན་ལས་བཟང་པོའི་འོད་ཟེར་གྱིས། །མཐའ་ཡས་མུན་རུབ་རབ་བསལ་ནས། །དབུ་གཙང་ཆོས་ཀྱི་རྒྱལ་ཁམས་སུ། །བྱམས་པས་སྐྱོང་ཞིང་བརྟན་པ་དང༌། །བསྟན་ལ་རིམ་འགྲོ་བགྱིས་པ་དང༌། །གནས་སྐབས་མཐར་ཐུག་ལེགས་བྱས་ལ། །སྐྱེ་དགུ་མཐའ་དག་འགོད་པར་འཚལ། །དེ་དང་དེ་ཡི་མཛད་འཕྲིན ལ། །གེགས་བྲལ་སྨོན་ལམ་ཡང་ཡང་འབུལ། །ཞེས་སོགས་བཞེད་དོན་འགྲུབ་པའི་སྨོན་ལམ་འབུལ་སྐྱེལ་དང་བཅས་པ་དང༌། འདི་སྐབས་སྨོན་ལམ་གྱི་མཇུག་ཏུ། དག་པའི་འཇིག་རྟེན་དག་ཏུ་རྒྱལ་བའི་མཛད་པ་དང༌། །སྐལ་བཟང་ཚེ་ན་ལེགས་ལམ་ཇི་སྙེད་མཆིས་པ་གང༌། །མ་དག་དུས་འདིར་དགེ་སློང་སྐད་ཀྱི་ངོ་མཚར་ཅན། །
གདུལ་དཀའ་འདུལ་བའི་མཛད་བཟང་བཞད་པར་སྩོལ། །ཞེས་བསྐལ་བཟང་སངས་རྒྱས་ཡིན་པའི་བསྔགས་བརྗོད་གནང་འདུག་གོ །དེ་མཐུན་རྗེ་ཞྭ་དམར་བས་ཀྱང༌། བདེ་བར་གཤེགས་པའི་རང་ལུགས་རྨད་བྱུང་བ། །ཆོས་ཀྱི་རྒྱལ་བོ་ཐང་པ་ཆེན་པོ་ཡི། །འཕྲིན་ལས་རྣམ་བཞི་དུས་འདིར་འགྲུབ་གྱུར ནས། །ཡངས་པའི་རྒྱལ་ཁམས་བདེ་བར་མཛད་དུ་གསོལ། །ཞེས་སོགས་ཀྱི་གསོལ་འདེབས་ཞུ་ཡིག་བཞུགས་གདན་དང་བཅས་པ་འབུལ་བར་བྱུང༌། ཧོར་ཟླ་བཞི་པའི་ནང་གཟའ་སྐར་སྦྱོར་བྱེད་ཐམས་ཅད་ཕུན་སུམ་ཚོགས་པའི་ཉིན་གཅིག་སྒར་གྲྭ་ཆེན་པོ་བསྒྲིགས་པར་གནང༌། དེ་ཉིན་མེ་ཏོག་གི་ཆར་འབབས་པ་དང༌། འཇའ་འོད་ལ་དགེ་མཚན་གྱིས་ལྟས་རྒྱལ་མཚན་དང་བ་དན་ལ་སོགས་པའི་རྣམ་པ་ཇི་སྙེད་དང་བཅས་པ་ཤར་བས། སྭོག་པོའི་མི་རྣམས་ཤིན་ཏུ་ངོ་མཚར་དུ་གྱུར།དེ་ནས་རིམ་གྱིས་གདན་བཏེགས་ཏེ། སྙིང་དྲུང་དང་འདམ་སོགས་བརྒྱུད་དེ་ཧོར་སྨད་པའི་སར་ཕེབས། ཡང་བྱང་ལམ་བརྒྱུད་དེ་འབྲི་ཆུ་ལ་རྫུ་འཕྲུལ་གྱི་བཀོད་པས་སྒྲོལ་ཏེ། འབྲི་ཚྭ་ཁར་སྭོག་པོའི་ཕེབས་བསུ་བ་རྣམས་ཀྱིས་སླེབས་ཀྱང་རིམ་གྱིས་ཕེབས་པས། ཆ་རྒན་འུ་སུ་ཞེས་པའི་སར་སྭོག་པོའི་རྒྱལ་པོ་ཨ་རྦལ་གྱིས་མཇལ་ཞིང་མཆོག་ཏུ་དད་པ་ཐོབ། སྔ་སོར་གྱི་སྙུང་རེས་ཡང་ཡང་བསྙེལ་བ་ཡོང་གིན་ཡོད་འདུག་ལ་ཡོན་མཆོད་རྟེན་འབྲེལ་ཁྱད་པར་ཅན་ཞིག་གིས་ཡིན་སྣང་བ། སྭོག་ཡུལ་དུ་ཕེབས་ཙམ་ཉིད་ནས་དྭངས། དབུའི་ཚྭ་མཚོའི་འགྲམ་དུ་རྒྱལ་པོ་ཆེན་པོ་ཨ་བ་དན་གྱིས་སྤྱན་དྲངས་པས་ཀྱང་འབྱོར།
ཐོག་མར་རྒྱལ་བོ་ཨ་རྦལ་གྱི་བརྒྱུད་པ་ཡོད་པའི་སར་ཕེབས་ཏེ། རྙེད་བཀུར་དང་འབུལ་བ་གཞལ་བར་དཀའ་བ་བྱུང་ཞིང༌། སླར་ཡང་གདན་འདྲེན་པས་བསྐུལ་ཏེ། གུ་གུ་ནོའི་མཚོ་འགྲམ་དུ་སྤྲུལ་པའི་རྒྱལ་པོ་ཨ་བ་དན་ཁན་དང་མཇལ། སྤྱིར་ངོ་མཚར་བའི་ལྟས་དུ་མ་དང༌། སྔ་སོར་རྒྱལ་པོ་ཉིད་ཀྱི་མནལ་ལམ་དུ་མཐའ་འཁོབ་འདུལ་བ་དང་རྒྱལ་པོ་ཉིད་རྗེས་སུ་བཟུང་ནུས་པའི་བླ་མ་ཞིག་ཡང་ཡང་ལུང་བསྟན་པར་བྱུང་སྣང་ཡང༌། སྐུའི་དབྱིབས་སོགས་རྒྱུ་མཚན་དུ་མས། རྗེ་རིན་པོ་ཆེ་འདི་ཉིད་ཡིན་པར་ཡིད་ཆེས། བསྟན་པ་སྤྱི་དང་བྱེ་བྲག་གི་དོན་མཛད་བཞིན་བཞུགས་པ་ལ། ལྷོ་ནས་ཝ་ཤུལ་འབུམ་སྐྱབས་དར་གྱིས་ནན་གྱིས་སྤྱན་དྲངས་པ་བཞིན་ཕེབས་པས། འཁྲུགས་པ་བསྡུམས་པ་དང་དམ་པའི་ཆོས་ཀྱིས་འགྲོ་དོན་དཔག་ཏུ་མེད་པ་བྱུང༌། ཁྱད་པར་ཕྱོགས་དེའི་དགེ་འདུན་བགྲངས་བ་ལས་འདས་པ། འདུས་པ་ལ་ཆོས་འཁོར་རྒྱ་ཆེན་པོར་བསྐོར། ཡོས་ལོ་སར་ནས། ཨོར་རུས་པའི་བེ་ཐུ་རྒྱལ་པོ་དང༌། འཛམ་ཐང་བའི་བུ་ཆེན་ཀརྨ་བླ་མས་སྤྱན་འདྲེན་གྱི་ཕོ་ཉ་བྱུང་བ་བཞིན། རྨ་ཆེན་སྤོམ་རིའི་གངས་ཀྱི་མགུལ་ལ་སྔོན་གཞན་སུས་ཀྱང་མ་བགྲོད་པའི་ལམ་ཞིག་ལ་རྗེ་ཉིད་ཀྱིས་ཆོ་འཕྲུལ་གྱི་བཀོད་པ་དང་བཅས་བྱང་ཕྱོགས་ལ་ཕེབས། རྒྱལ་པོ་ཆེན་པོ་ཨལ་དན་དང་མཇལ་དཔལ་དེ་བཞིན་གཤེགས་པ་སྟག་ལུང་བ་ཆེན་པོ་ཞེས་མཚན་གསོལ། འཇའ་ས་ཀ་འོ་མིང་ལས་ཞྭ་ལས་གོས་དངུལ་སྲང་བརྒྱད་ཅུ་གྱ་ལྔ་ལས་གྲུབ་པའི་ཐམ་ཀ །གཞན་ཡང་དངུལ་སྟོང་ཕྲག་མང་པོ་འབུལ་བ་
སོགས་འབྱུང་ཞིང༌། རྒྱལ་པོ་ཆེན་པོ་དེ་ཉིད་ཀྱི་སར་འཇིག་རྟེན་དབང་ཕྱུག་གི་རྣམ་འཕྲུལ་དུ་གྲགས་པ། ངུར་སྨྲིག་འཛིན་པ་ཐམས་ཅད་ཀྱི་གཙུག་གི་ནོར་བུ། སྤྲུལ་པའི་སྐུ་ཐམས་ཅད་མཁྱེན་པ་བསོད་ནམས་རྒྱ་མཚོ་དཔོན་སློབ་ཀྱིས་སྒར་དུ་སྤྱན་དྲངས། དགེ་འདུན་འདུས་པ་དཔག་ཏུ་མེད་པའི་བསུ་བ་དང་མཇལ་འཕྲད་ཕྱག་མཉམ་སོགས་ཀྱི་ལེགས་ཚོགས་ཕུན་སུམ་ཚོགས་པ་དང༌། རྒྱལ་པོ་ཆེན་པོས་ཀྱང་མཇལ། འཕྲད་གཟིགས་རྟོག་མཛད་ཅིང༌། སྔ་སོར་ཕྱོགས་རིས་ཀྱི་བརྗོད་པ་ཅི་རིགས་པ་ཐམས་ཅད་རིས་མེད་དུ་ཞི་ནས་རྒྱལ་པོ་ཆེན་པོ་ཡང་དད་པ་ཆེན་པོ་སྔར་ལས་ཀྱང་ཆེས་བླ་ལྷག་ཏུ་སྐྱེས། དེ་ནས་རིམ་གྱིས་ཆིབས་ཁ་བསྒྱུར། ཁྲི་ཤོར་རྒྱལ་མོའི་མཚོ་དང་ཉེ་བ་ནས་ཤར་ཙོང་ཁའི་ཆ་ལ་སྟག་ལུང་ལ་གསར་ཞེས་ཟི་ལིང་ནང་སོས་སྤྱན་དྲངས། དྲངས་ཏི་ལྔ་མཆོད་པས་ཀྱང་སྤྱན་དྲངས་ཤིང་ཞབས་ཏོག་ཕུལ་དུ་བྱུང་བ་བསྒྲུབ། རིམ་གྱིས་ཟི་ལིང་མཁར་མོ་ཆེར་ཕེབས། རྒྱ་ནག་གོང་མ་ཆེན་མོ་ཝན་ལིའི་བཀའ་རྟགས་ཀྱི་ལས་ཀ་འཛིན་པའི་རྒྱའི་མི་དཔོན་རྣམས་ཀྱིས་ཕུན་སུམ་ཚོགས་པའི་ཞབས་ཏོག་གིས་རི་མོར་བྱས། འཛུ་ལམ་ཅོང་རོང་དུ་གྲགས་པའི་ཆུ་བོ་ཆེན་པོ་ལ་ངོ་མཚར་བའི་བཀོད་པ་དང་བཅས་ཏེ་དཔོན་སློབ་བདེ་བར་སྒྲོལ་ཏེ། རྒྱའི་མི་དཔོན་ཞིག་གིས་འབུལ་བ་དང་མཆོད་པའི་སྤྲིན་གྱི་ཕུང་བོ་བསམ་གྱིས་མི་ཁྱབ་པས་བསྟབས། རིམ་པས་ཨོ་རུས་བེ་ཐུ་དང་ཀརྨ་བླ་མ་སོགས་ཀྱིས་བསྙེན་བཀུར་ཞབས་ཏོག་དཔག་ཏུ་མེད་པ་མཛད། སྭོག་ཕྲུག་བཅུ་ཕྲག་ཙམ་རབ་ཏུ་བྱུང་ནས་ཞབས་འབྲིང་དུ་འོང༌། གསེར་དངུལ་གོས་དར་རྟ་ནོར་སོགས་དང་མཆོད་
པའི་སྤྲིན་གྱི་དངོས་པོ་ཚད་གཞལ་བར་དཀའ་བ་ཕུལ། རྒྱལ་བའི་བསྟན་པ་ལ་སྟོན་པ་གཉིས་པ། རིགས་ལྡན་སྤྲུལ་སྐུ་ཀུན་མཁྱེན་ཇོ་ནང་པ་ཆེན་པོའི་རང་ལུགས་འཛིན་པ། མཁྱེན་བརྩེ་ནུས་པའི་དབང་ཕྱུག་རླབས་ཆེན་སྤྱོད་པས་རྒྱལ་བའི་བསྟན་པ་སྐྱོང་བ་ལ་འགྲན་ཟླ་དང་བྲལ་བ། སྤྲུལ་པའི་སྐུ་ཆེན་པོ་རྗེ་བཙུན་རྒྱལ་བ་སེང་གེས་ཀྱང་ཇ་ཞུས་འབུལ་བ་བསམ་གྱིས་མི་ཁྱབ་པ་དང་བཅས་ལེགས་སོའི་སྐྱེས་དང་འཛམ་ཐང་ཕྱོགས་སུ་སླར་ཡང་ཕེབས་དགོས་པའི་སྙན་ཞུ་ཙམ་བྱུང་ནའང་ཕྱིས་ཕེབས་ནི་མ་ཐུབ། ཡོས་ལོའི་སྟོན་ཁར་ཨལ་དན་རྒྱལ་པོས་དངུལ་སྲང་སྟོང་དང་ལྔ་བརྒྱ་ལས་གྲུབ་པའི་དངུལ་བཟང༌། གཞན་ཡང་དངུལ་སྤྱད་གཙོ་བོར་གྱུར་པའི་འབུལ་བ་དཔག་ཏུ་མེད་པ་དང༌། གོས་དར་གྱི་དོས་ཆེན་པོ་བཅུ་བཞི་ཙམ་འབུལ་བ་སོགས་མུ་མཐའ་མེད་པའི་མཚོད་རྫས་ཕྱག་ཏུ་ཕེབས། དེ་སྐབས་རྒྱལ་པོ་ཡབ་ཡུམ་འཁོར་བཅས་ལ་རྒྱ་བོད་དུ་དམ་པའི་ཆོས་ཇི་ལྟར་བྱུང་བའི་ལོ་རྒྱུས་དང༌། ལས་རྒྱུ་འབྲས་ཀྱི་རྣམ་བཞག་དཔག་ཏུ་མེད་པ་ཉིན་རེ་བཞིན་གསུངས་པས། ས་སྐྱོང་འདི་ལྷག་པར་དད་དེ་འདི་ཕྱི་ཐམས་ཅད་དུ་སྐྱབས་གནས་བསླུ་བ་མེད་པར་ཤེས་ཤིང༌། དཔལ་ཀྱཻ་རྡོ་རྗེ་ལ་སོགས་པ་བླ་མེད་ཀྱི་དབང་བཀའ་མང་པོས་སྨིན་པར་མཛད། རྗེས་གནང་དང་བཀའ་ལུང་གྲངས་མེད་པར་སྩལ། རྗེ་འདི་ཉིད་རྩ་བའི་བླ་མ་ཆེས་མཆོག་ཏུ་འཛིན་ནོ། །དེ་ནས་དཔོན་སློབ་རྣམས་ཨོར་རྒྱུས་ཀྱི་རྒྱལ་པོ་སེ་ཆེན་ཧུང་ཐའི་ཙིས་ཞབས་ཏོག་མུ་མཐའ་མེད་པར་རྒྱ་ཆེན་མཆོད་བཞིན་པའི་ངང་ནས། རྒྱའི་ནང་མི་ཆུར་ཕེབས་མི་དབོན་ཆེན་པོ་ཀམ་ཆུ་
དུའུ་ཐང་གིས་སྤྱན་དྲངས་ཏེ་རྙེད་བཀུར་དཔག་ཏུ་མེད་པ་དང་བཅས། སྔོན་རྒྱལ་པོ་གོ་དན་གྱིས་བཏབ་པའི་ཕོ་བྲང་ལང་གྱུར་ཕེབས་ཁྱད་པར་འཇམ་པའི་དབྱངས་ཀྱི་རྣམ་འཕྲུལ་ཆོས་རྗེ་ས་སྐྱ་པཎྜི་ཏ་ཁུ་དཔོན་གྱིས་བཏབ་པའི་ཤར་ཕྱོགས་སྤྲུལ་པའི་སྡེར་ཞབས་ཀྱིས་བཅགས་ཏེ། དེ་དང་ཉེ་བའི་ལྷོ་དབང་སྡེ། ནུབ་པདྨོའི་སྡེ། བྱང་རྒྱ་མཚོའི་སྡེ། ཞེས་པ་རྣམས་སུ་མཆོད་པའི་སྤྲིན་བསམ་གྱིས་མི་ཁྱབ་པས་གཏིབ་པར་མཛད་སླར་ཡང་ཀརྨ་ལྷ་ཁང་ནས་འབུལ་ནོད་རྒྱ་ཆེན་པོ དང༌། ཨོར་རྒྱུས་རྒྱལ་པོའི་དངུལ་སྲང་ལྔ་བརྒྱ་ལས་གྲུབ་པའི་མཎྜལ་སོགས་འབུལ། མོས་པ་དང་འཚམ་པའི་ཆོས་ཀྱི་འཁོར་ལོ་རྒྱ་ཆེན་པོ་བསྐོར། ཤིང་ཀུན་མཁར་སོགས་མཇལ་བར་བཞེད་པ་བྱུང་ནའང༌། ཚད་པ་སོགས་ཀྱིས་དགག་དགོས་ལ་བརྟེན་ནས་མ་ཕེབས་ཤིང༌། དེ་སྐབས་ཀམ་ཆུ་དུའུ་ཐང་གི་ཞུ་བ་ལ་སྤྲུལ་པའི་སྡེའི་གཙུག་ལག་མེས་བཞེས་པའང་ལེགས་པར་ཞིག་གསོས་གྲུབ་པ་དང༌། གཞན་པདྨོའི་སྡེ་ལ་སོགས་པའི་གཙུག་ལག་ཁང་འདི་རྣམས་ས་པཎ་ཁུ་དབོན་གྱི་དུས་ནས་ཡིན་ཞིང༌། བླ་མ་ཁྱེད་ཀྱང་ས་སྐྱའི་རང་ལུགས་འཛིན་པ་ལ་ཉེ་བ་ཞིག་ཡིན་པར་སྣང་བས། དགོན་གནས་འདི་རྣམས་ལྷ་འབངས་དང་བཅས་པ་ཕྱག་ཏུ་འབུལ་བས་ཅིས་ཀྱང་བཞུགས་པར་ཞུ་ཞེས་ནན་གྱིས་ཞུ་བ་བྱུང་ནའང༌། བོད་ཡུལ་གྱི་བསྟན་པ་ལ་དགོངས་ནས་བཞུགས་པར་མ་གནང༌། རིམ་པས་ཟི་ལིང་མཁར་ཕྱོགས་སུ་ཕེབས་པས། མཁར་ཆེན་ཀྲོང་ནང་ཞེས་པ་ནས་འཇའ་ལམ་བརྒྱུད་ནས། རྒྱའི་སྐྱེ་བོ་ཆེ་ཕྲ་རྣམས་ལ་སོ་སོའི་བསམ་པ་དང་མཐུན་པའི་ཆོས་ཀྱི་འཁོར་
ལོ་རྒྱ་ཆེར་བསྐོར་ཞིང་ཐར་པའི་ལམ་ལ་བཀོད་ནས། རིམ་གྱིས་ལ་གསར་དུ་ཕེབས། སྟག་ལུང་འབུམ་དཔོན་གྱི་སར་བཞུགས་པའི་སྐབས་སྡེ་བ་ལྷུན་འགྲུབ་རྫོང་པ་འདི་ཕྱོགས་སུ་འདས་པ་ཡེ་ཤེས་ཀྱིས་གསལ་བར་མཁྱེན་ཏེ། འཁོར་རྣམས་ལ་བཀའ་བསྩལ། དེ་ནས་རིམ་གྱིས་དབུས་པའི་གདན་འདྲེན་རྣམས་ཀྱང་འབྱོར། རྒྱ་དང་སྭོག་པོའི་སྐྱེ་བོ་མཐའ་ཡས་པ་ཆོས་ཀྱིས་ཚིམ་པར་མཛད། དེ་ལ་སྤྱིར་གོང་མ་རྒྱལ་པོ་ཐོ་གན་ཐེ་མུར་གྱི་རྗེས་ལ་བླ་མ་རྣམ་གཉིས་ཀྱིས་མ་བྱོན་ཕན་ཆད་དུ་སྭོག་པོ་རྣམས་ནི་སྲིན་པོའི་སྤྱོད་ཡུལ་འཛིན་པ་དང༌། ཕྱིས་ནི་རྒྱའི་ནང་ཀུན་ཀྱང་མུ་སྟེགས་པ་དང་མཐུན་པའི་ཟྭིན་ཤིང་དང༌། སྟོད་ཧོར་སྟག་གཟིག་གི་ལུགས་སོགས་ཆོས་ལོག་མང་ཞིང༌། བོད་ནས་དགེ་བའི་བཤེས་གཉེན་རྣམས་གཞན་མ་བྱོན་པས། སངས་རྒྱས་པའི་ཕྱོགས་ཀུན་ཡང་ཆོས་ཚུལ་ངན་པར་ཡོད་པ། རྗེ་འདིས་བསྟན་པའི་སྲོལ་རྨ་མེད་པ་ལ་བཀོད། སྭོག་པོའི་ཡུལ་ཀུན་དུ་ནི་བསྙེན་གནས་ལེན་པ་དང༌། སྲོག་གཅོད་སྤངས་པ་དང༌། དགེ་བསྙེན་དགེ་ཚུལ་དགེ་སློང་གི་སྡོམ་པ་ལེན་པ་སོགས་དཔག་ཏུ་མེད། རྗེ་འདི་ཉིད་ཀྱིས་དོན་གསུངས་ཤིང་སྭོག་པོའི་པག་ཤི་མཁས་པས། ཟ་མ་ཏོག་བཀོད་པ་སོགས་མདོ་སྡེ་མང་པོ་དང༌། གཞན་ཡང་རྣམ་ཐར་དང་སྒྲུབ་ཐབས་མང་པོ་སྭོག་པོའི་སྐད་དུ་བསྒྱུར་ཞིང༌། ལས་འབྲས་སྤངས་བླང་གི་གནས་ལ་མིག་ཕྱེ་བར་མཛད་དོ། །འབྲུག་ལོ་ཟླ་བ་གསུམ་པའི་ཚེས་གསུམ་ལ་སྭོག་ཡུལ་གཞི་ནས་ཕྱག་བཏེགས་ཏེ། དེ་ནས་རིམ་གྱིས་བྱང་ལམ་བརྒྱུད། གདན་ས་ཆེན་པོ་སྟག་ལུང་ཐང་དུ་ཕྱག་ཕེབས། དབུས་གཙང་
གི་དགེ་འདུན་གྱི་སྡེ་ཐམས་ཅད་ལ་སྐུ་སྐྱེས་ཀྱིས་ཚུལ་དུ་མང་ཇ་དང༌། འགྱེད་བཅས་བསམ་གྱིས་མི་ཁྱབ་པས་དགེ་འདུན་རྣམས་ཡིད་མགུ་བ་ཐོབ་པར་མཛད། རྗེ་ཞྭ་དམར་དཀོན་མཆོག་ཡན་ལག་སྤྱན་འདྲེན་པར་མཛད་དེ་འབུལ་བའི་དངོས་པོ་གྱ་ནོམ་པ་བློས་གཞལ་བར་དཀའ་བ་དཔག་ཏུ་མེད་པ་སྟོབས་པར་མཛད་ཅིང༌། དམ་པ་དེས་ཀྱང་རྗེ་འདི་ཉིད་ཀྱི་དྲུང་དུ་པཎྜི་ཏ་ཆོས་མཆོག་གི་ཐུགས་དམ་རྟེན་ཕྱག་བཟོ་མར་གྲགས་པའི་ཐུབ་པའི་དབང་པོའི་སྐུ་ལི་མ་ཆེས་ཁྱད་པར་དུ་འཕགས་པ་ཞིག་འབུལ་བར་མཛད། ཕན་ཚུན་ཐུགས་ལྷག་བསམ་རྣམ་པར་དག་པ་དཔེ་བྲལ་དུ་བཞུགས་སོ། ༈ རྒྱལ་བ་བསྐྱེད་མཛད་ཁྱེད་ཀྱི་གསང་བ་གསུམ། །ནམ་མཁའི་རྗེས་འགྲོ་འདི་ལ་ཅི་ཞིག་བརྗོད། །འོན་ཀྱང་ཐུགས་རྗེའི་འོད་བརྒྱ་ཤར་བ་ལས། མཐའ་འཁོབ་སྡིག་པའི་མུན་པ་དྲུང་ནས་ཕྱུང༌། །ཀློག་དང་བསམ་གཏན་ཚུལ་ཁྲིམས་ལྡན་པ་ཡིས། །རྣམ་པར་གང་བའི་སྔོན་ཆད་ལོག་ལྟའི་ཡུལ། །ད་ནི་རྒྱལ་བའི་ཞིང་གི་ཁུད་པར་གྱུར། །ཡ་མཚན་འདི་ནི་བླ་མ་ཆོས་རྗེའི་མཐུ། །མཚོན་དང་མེ་ཆར་འབེབས་ལྡན་མཆོད་འོས་འཇོམས། །འདི་དག་རྒྱལ་བའི་འཕྲིན་ལས་ཅན་ཡིན་ན། །ཡིད་སྲུབ་ཕོ་ཉ་སུ་ཞིག་བློ་ལྡན་དཔྱོད། །རྗེ་འདི་ཁོ་ནའི་འཕྲིན་ལས་འགྲོ་བའི་དོན། །ཅེས་པ་མཐའ་འཁོབ་འདུལ་བར་བསྟན་པ་སོགས་ཀྱི་མཛད་པ་ལས་བརྩམ་སྟེ་ཅུང་ཟད་བསྙད་པའི་སྡེ་ཚན་ཏེ་དྲུག་པའོ། དེ་ནས་ལྕགས་མོ་སྦྲུལ་ལོ་ཆོ་འཕྲུལ་ཆེན་པོའི་ཟླ་བའི་ཡར་ཚེས་དགེ་བ་ཞིག་ལ་སྲིད་འདིའི་ཕུན་ཚོགས་ཐམས་ཅད་ཀྱི་འབྱུང་གནས་
ར་ས་འཕྲུལ་སྣང་གི་ལྷ་ཁང་ཆེན་པོའི། གཙུག་ལག་ཁང༌། དབུས་མ་ཇོ་བོ་རིན་པོ་ཆེ་ཉིད་བཞུགས་པའི་སྟེང་གི་གསེར་ཕིབས་ཆེན་མོ་ལ་ཞིག་གསོས་བྱ་བར་དགོངས་ནས། གཟའ་སྐར་བཟང་བ་ཞིག་ལ་དབུ་གཙུགས། ཟངས་ལེབ་རྣམས་ཐད་བརྡུང་དང༌། གད་བརྡར་དགོས་པ་རྣམས་དང༌། ཕལ་ཆེར་གསར་བཞེངས་སུ་མཛད་དགོས་པ་དང༌། མདའ་ཡབ་སྒོར་མ་འབྲུག་མགོ་བཞི་དང་བཅས་པ་ཐམས་ཅད་གསར་དུ་བརྡུང་ཏེ། ཀུན་དྲིལ་བ་གསེར་ཕིབས་ཆེན་མོ་འདིའི་སྐུད་གསེར་འབའ་ཞིག་ལ། གསེར་ཞོ་སྟོང་ཕྲག་ལྔ་ཁ་འཐོར་ཅི་རིགས་པས་བརྒྱན་པ་དང༌། དངུལ་ཆུ་དེའི་དྲུག་བསྐོར་དང་བཅས་པ་ཤིང་ཆ་ཐམས་ཅད་གསར་པ་རྗེས་ཚོན་རྩི་སོགས་དང༌། གཙུག་ལག་ཁང་གི་བྱང་ཕྱོགས་ཀྱི་འཁོར་ཕིབས་ཐམས་ཅད་ཞིག་གསོས་གནང་བ་དང༌། གཞན་ཡང་སྟེང་ཤོད་ཀུན་ན་ཞིག་གསོས་མཛད་དགོས་ཤིན་དུ་མང་པོར་ཡོད་སྣང་བ་ཐམས་ཅད་རྫོགས་པར་གནང་ཞིང༌། འདིའི་རྒྱུ་སོགས་གཞན་རྣམས་ལྟ་སྨོས་ཀྱང་ཅི་དགོས། དངུལ་ཆུ་འབའ་ཞིག་གི་རིན་ལའང་གཟིམས་དྲེའུ་ཉིས་བརྒྱར་ཉེ་བ་གནང་བ་སོགས། དོན་གྱི་གཙོ་བོ་སེམས་ཅན་རྣམས་མགུ་བར་བྱེད་པ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བསྒྲུབ་པར་བྱ་བ་ཡིན་པ་ལྟར། རིན་ལ་བརྩེག་པ་དང༌། རྒྱུ་ཐབས་ཀྱིས་མགོ་བསྐོར་ནས་རང་ཉིད་ཚོང་རྒྱལ་བར་བྱེད་པ་སོགས་གཏན་ནས་མི་བྱེད་པའི་བཀའ་ཁྱབ་ཕྱག་གཡོག་སོ་སོར་གནང་ནས་རིན་ཡིན་ལུགས་བཞིན་ལས་ཀྱང་ཆེས་ལྷག་ཙམ་སྩལ་བ་སོགས་ཐོག་མཐའ་བར་གསུམ་ཐམས་ཅད་དུ་ཆོས་མཐུན་འབའ་
ཞིག་གིས་བསྒྲུབ་པར་གནང་བ་ཡིན་ཏེ། སེམས་ཅན་བསླུས་ནས་སངས་རྒྱས་ལ་མཆོད་ཀྱང་བུ་བསད་པའི་ཤ་ཕ་མ་ལ་དྲངས་པ་ལྟར་རྒྱལ་བ་མཉེས་པའི་ལམ་ལས་གོལ་བ་ཡིན་པ། རྒྱལ་བ་འདིས་མཁྱེན་ཞིང་གཟིགས་པས་ཡང་དག་པའི་ལམ་ལ་འགོད་པར་མཛད་པ་ཡིན་ཏེ། དཔྱོད་ལྡན་རྣམས་ཀྱིས་ཀྱང་འདི་བཞིན་དུ་བྱོས་ཤིག །དེ་སྐབས་སུ་བལ་བོ་ཉི་ཤུ་ལྷག་ཅིག་དང༌། རི་མོ་བ། ཤིང་བཟོ་བ། རྡོ་བཟོ་བ། ཇ་ལག་པ་སོགས་བཟོ་པ་ཉིས་བརྒྱ་སྐོར་གྱི་ཆས་ཕོག་མར་གནང་ཞིང༌། གྲངས་སུ་མ་བཏབ་པའི་ལོངས་སྤྱོད་ནི་གཞལ་དུ་མེད། ཐུགས་རྗེའི་མཐུས་དེ་བར་འཐབ་འཁྲུག་ན་བ་སོགས་ཅུང་ཟད་མེད་པ། ཧོར་ཟླ་བཅུ་གཉིས་པའི་ནང་དུ་ཕལ་ཆེར་གྲུབ་ནས། ཐུབ་པའི་རིང་བསྲེལ་དང་གཟུངས་བཞུགས་འཁོར་ལོ་སོགས་ནང་བཞུགས་ཁྱད་པར་ཅན་རྣམས་ཀྱིས་ཕྱུར་བུར་གཏམས་པ། གཉྫི་ར་ལྔས་ཡོངས་སུ་མཛེས་པར་མཛད། དཔལ་རི་བོ་དགའ་ལྡན་གྱི་ཁྲི་ཐོག་པ་དང༌། དགེ་སློང་སྡོམ་བརྩོན་བསྙེན་པ་སོང་བ་བརྒྱ་ཕྲག་མང་བོའི་འཁོར་དང་བཅས་ནས་རབ་གནས་ཞལ་གྲོར་བཅས་པ་མཛད། ཀྱི་ཤོད་པའི་ཞལ་ངོའི་ཐོག་དྲངས། དཔག་ཏུ་མེད་པ་ལ་དགའ་སྟོན་རྒྱ་ཆེན་པོ་དང༌། རབ་གནས་ཀྱི་རྡོ་རྗེ་སློབ་དཔོན་ནས་བརྩམ་གང་ལ་གང་དགོས་ཐམས་ཅད་ལ་གནང་སྦྱིན་དཔེ་བྲལ་དུ་སྩལ། ཁྱད་པར་བལ་པོ་རྣམས་ལ་གསེར་འདབ་ཀྱི་ཡོན་སོགས་བཟོ་བོ་རྣམས་ལ་གནང་སྦྱིན་བློ་འདས་དང༌། ལྷ་སར་སྡེ་བཞིར་ཇ་དང་ཚྭའི་སྒོ་འགྱེད་སོགས་ལྷ་སའི་ཞིག་གསོས་འདིའི་སྐབས་སུ་ཇི་ལྟར་གནང་བའི་རྣམ་གཞག་རྣམས་
ཞིབ་མོར་བརྗོད་ན་ནི་ཉིན་ཞག་མང་པོས་ཀྱང་རྫོགས་པར་མི་འགྱུར་རོ། །འདི་ནི་ད་ལྟར་གྱི་དུས་ན་རིག་སྔགས་དང་གཡོ་ཐབས་དང་ཚུལ་འཆོས་ལ་སོགས་པ་ངན་ཐབས་ཐམས་ཅད་ཀྱིས་ལོངས་སྤྱོད་རྒྱ་ཆེར་བསྒྲུབ་ནས། བདག་དང་གཞན་བག་མེད་པའི་རྒྱུར་སྦྱོར་བའི་ལོག་འཚོ་དང༌། ཞིང་མ་ཡིན་པ་རྒྱལ་པོ་སྡིག་ཅན་རྣམས་ལག་འགྱངས་ཀྱིས་མགུ་བར་བྱས་ནས་རང་ཕྱོགས་སུ་བསྡུ་བར་བྱེད་པ་དང༌། སེར་སྣའི་དབང་གིས་མི་སྦྱིན་མི་སྤྱོད་པར་རྣམ་པར་འཆུམས་ཤིང་གནས་པ་དང༌། ཁ་ཅིག་ནི་ལོངས་སྤྱོད་གྱ་ནོམ་པ་ཐམས་ཅད་འདྲེ་རྒོད་མི་སྲུན་པ་དག་ལ་རྣམ་པར་གཏད་དེ། རང་ཕྱོགས་འཕེལ་བའི་ཕྱིར་དེ་ལ་སྙིང་ཐག་པ་ནས་གསོལ་བ་བཏབ་པས། དེས་ཀྱང་དེ་དག་གླ་རྔན་དུ་བཟུང་ནས་སྐལ་བ་དམན་པ་རྣམས་ཀྱི་སེམས་རྒྱུད་བསྐུལ་ཏེ། དེའི་ཕྱོགས་ལ་ཉེ་བར་སྦྱོར་བར་བྱེད་པ་ཙམ་ཞིག་ལ་སྙིང་པོར་བྱེད་པ་སོགས་ལོག་པའི་འཚོ་བ་ལྷུར་ལེན་པ་རྣམས་ལ་ཁྲེལ་བསྡས་ཆེན་པོ་མཛད་པའོ། །འདིས་ནི་བདག་ཅག་གི་བླ་མ་དམ་པ་འདི་ཉིད་ཀྱི་འཕྲིན་ལས་ཀྱི་བར་ཆད་ཐམས་ཅད་འཕྲལ་དུ་ཉེ་བར་ཞི་ནས། དཔལ་སྟག་ལུང་པའི་ལུགས་གཉིས་ཀྱི་བསྟན་པ་ཟླ་བ་ཡར་ངོ་ལྟར་འཕེལ་རྒྱས་སུ་གྱུར་པ་འདི་ཡིན་ནོ། །དེར་སྐབས་དང་མཐུན་པར་ཀླུ་སྒྲུབ་ཀྱིས་ཕྱག་བཟོའི་གྷན་དྷོ་ལ་ངོ་མཚར་ཅན་དེ་ལ། ཙན་དན་དཀར་པོ་ལས་གྲུབ་པའི་དྲི་གཙང་ཁང་ཕྱུང་བའི་ཟབ་བརྐོས་དང་བཅས་པ་ལེགས་པར་གྲུབ་ཅིང༌། སློབ་དཔོན་ཟླ་བ་གྲགས་པའི་ཐུགས་དམ་གྱི་ཐུབ་པའི་དབང་པོའི་སྐུ་བརྙན་བླ་མེད་ལེགས་པའི་རྩེར་སོན་པ་དེ་ཉིད་ནང་དུ་བཞུགས་པར་མཛད།
འདི་ནི་ད་ལྟར་ཡང་སྐུ་དང་འབྲལ་མེད་དུ་ཕྱག་མཆོད་ཀྱི་རྟེན་དུ་བཞུགས་པ་ལགས། སྭོག་ཡུལ་ནས་ཕེབས་འཕྲལ་སྟག་ལུང་གི་དགེ་འདུན་སྤྱི་ལ། གླིང་གི་ཞིག་གསོས་ཀྱི་ཐེས་སུ་གནང་སྦྱིན་སྤུང་ཆེ་བསྩལ་འདུག་པས། འདི་ལས་ངེས་པར་གླིང་འདི་ལ་ལྕགས་རི་ཞིག་གྲུབ་ན་ལེགས་ཞེས་ཐམས་ཅད་བློ་གྲོས་གཅིག་ཏུ་གྱུར་པ་ནས། སྟག་ལོ་ཧོར་ཟླ་བཞི་པའི་གནམ་གང་གཟའ་སྐར་དགེ་བ་ལ་ཞབས་ཀྱིས་བཅགས་ཤིང་ཕྱག་ནས་གནང༌། ཕྱིས་རིམ་པས་ལེགས་པར་གྲུབ་སྟེ་ཤིན་ཏུ་རྒྱ་ཆེ་བ་འདི་ཙམ་ལའང་དེ་དང་དེར་ཉེས་སྐྱོན་གྱི་རྣམ་པ་ཅུང་ཟད་ཙམ་ཡང་མེད་པར་གྲུབ་པ་ཡིན་ནོ། །ལོ་འདི་ཉིད་ཀྱི་དབྱར་སྨད་དུ་བདག་གིས་གསོལ་བ་བཏབ་ཅིང་སྤྱན་དྲངས་པས་ཕེབས་པའི་ལམ་དུ། ཧོར་སྟོད་པས་རྙེད་བཀུར་འབུལ་ནོད་ཀྱིས་མཆོད་རིམ་གྱིས་ལམ་དུ་འགྲོ་བའི་དོན་རྒྱ་ཆེན་པོ་དང་བཅས་ཏེ། དཔལ་འཁོར་ལོ་སྡོམ་པའི་ཕོ་བྲང་ཆེན་པོ་ཆོས་ལུང་བྱང་རྩེར་ཕྱག་ཕེབས། སྐུ་གསུང་ཐུགས་ཀྱི་རྟེན་ངོ་མཚར་བ་བསྒྲང་བར་མི་སྤྱོད་པ་བཞུགས་པ་ཐམས་ཅད་ལ་ཀུན་དུ་བཟང་བོའི་རྣམ་པར་ཐར་པ་ལས་བྱུང་བའི་མཆོད་པའི་སྤྲིན་གྱི་ཕུང་པོ་ལྟ་བུས་མཆོད་པར་མཛད། དེ་སྐབས་དོན་གྱི་སླད་དུ་མཚན་ནས་སྨོས་ཏེ་རྗེ་བཙུན་རྡོ་རྗེ་འཆང་ཆེན་པོ་འཇམ་དབྱངས་ཀུན་དགའ་རྒྱལ་མཚན་དཔལ་བཟང་བོའི་ཞལ་སྔ་ནས་དང༌། རྒྱལ་བ་ཀུན་འདུས་པའི་ངོ་བོ་རྗེ་གྲུབ་ཆེན་རིན་པོ་ཆེ་ལྷ་དབང་གྲགས་པ་དང༌། རྗེ་དྲུང་རིན་པོ་ཆེ་ཀུན་དགའ་དཔལ་བཟང་པོ་དང༌། བསྟན་འཛིན་སྤྲུལ་སྐུ་རིན་པོ་ཆེ་
སོགས་བླ་མ་ཆེ་དགུ་མཁས་ཤིང་གྲུབ་པ་ཟད་མི་ཤེས་པ་ཞལ་འཛོམས་ཤིང༌། ཐམས་ཅད་ཀྱིས་ཀྱང་དམ་པ་འདི་ཉིད་ལ་ཕུ་དུད་དུ་བཀུར་བ་དང༌། བཀའ་ཆོས་ཀྱི་འབྲེལ་བ་རེ་གསན། རྗེ་འདིས་ཀྱང་རྗེ་བཙུན་རྡོ་རིང་བ་ཆེན་པོ་ཀུན་དགའི་མཚན་ཅན་ལ་ཚེ་དཔག་མེད་ལྷ་དགུའི་དབང་སོགས་དང༌། རྗེ་ཐུབ་པའི་དབང་ཕྱུག་ལ་ཡང་འཇམ་མགོན་གྲུབ་པའི་དབང་པོའི་བཀའ་འབུམ་ཡོངས་རྫོགས་དང༌། རས་ཆུང་སྙན་བརྒྱུད་ཀྱི་ཆོས་སྐོར་མ་ལུས་པ་དང༌། དཔལ་མགོན་དྲག་ཤད་ཀྱི་སྐོར་སོགས་མཐའ་ཡས་པའི་ཆོས་སྒོ་གསན་ཞིང༌། གཞན་ཡང་བདག་ཅག་དེར་འདུས་པ་ཀུན་ལ་ནི་ཆོས་དང་ཟང་ཟིང་གི་འབྱོར་པས་ཉིན་མཚན་ཀུན་དུ་འདའ་བར་གྱུར་ཏེ། བདག་གིས་ཀྱང་རབ་ཏུ་བྱུང་བའི་མཁན་པོ་ཞུས་ཤིང༌། དགེ་ཚུལ་གྱི་སྡོམ་པའི་བར་གྱིས་བཀའ་དྲིན་ནོད་དོ། གཞན་ཡང་རབ་བྱུང་བསྙེན་རྫོགས་ཞུ་བ་དང༌། སོ་སོའི་འདོད་པ་དང་མཐུན་པའི་ཆོས་ཞུ་བ་སོགས་དམ་པའི་ཆོས་ཀྱི་འགྲོ་དོན་གྱིས་ལ་སྟོད་ཀྱི་ཕྱོགས་ཐམས་ཅད་ཁྱབ་པར་མཛད་དོ། །རིམ་པས་རི་ཁྲོད་ཆེན་མོ་མཇལ་བ་ལ་ཇོ་མོ་ནང་དུ་ཕེབས་པ་ན། ཆོས་རྡོ་རྗེའི་རྣལ་འབྱོར་སྦྱོར་བ་ཡན་ལག་དྲུག་པའི་ཏིང་ངེ་འཛིན་གྱིས་མྱོས་པའི་སྒྲུབ་པ་མོ་རྣམས་ཀྱིས་ཕེབས་བསུའི་བཀོད་པ་རྒྱ་ཆེན་པོ་དང་བཅས་ཏེ་སྤྱན་དྲངས། དེར་བཞུགས་ཀྱི་སྒྲུབ་པ་ཕོ་མོ་ཐམས་ཅད་དང༌། དད་འདུན་གྱི་སྐྱེ་བོ་སྟོང་ཕྲག་མང་པ་ལ་ཆོས་འཁོར་རྒྱ་ཆེར་བསྐོར། སླར་ཡང་འཇེང༌། རྟ་ནག་ཤིངས་སོགས་ཕེབས་ལམ་གྱི་ཡུལ་ཐམས་ཅད་དུ་དགེ་འདུན་དང་སྐྱེ་བོའི་ཚོགས་བགྲང་བ་ལས་འདས་པ་ལ་ཆོས་དང་འབྱོར་པས་ཚིམ་པར་
མཛད། གང་དང་གང་དུ་ཕེབས་པ་དེ་དང་དེར་འདི་ཉིད་ཁོ་ན་མི་ཚོགས་ཆེ་ཞིང་མོས་ཤུགས་ཆེ་ལ། ཆོས་ཀྱིས་འགྲོ་དོན་ཡང་དེ་ཙམ་དུ་ཆེའོ་སྙམ་པ་ཤ་སྟག་བྱུང་ངོ༌། །དེ་ནས་སླར་ཡང་གདན་ས་ཉིད་དུ་ཕེབས་ཤིང༌། དེའི་ཕྱིར་ལོ་གཙོ་བོ་ཡང་དག་འཇོག་གནང་ཞིང་བར་བར་དུ་འགྲོ་བའི་དོན་ཡང་རྒྱ་ཆེར་མཛད། སྤྲེའུ་ལོ་སྭོག་པོའི་ཡུལ་དུ་དད་ཅན་རྣམས་ཀྱིས་ཕུལ་བའི་གོས་ཆེན་ལ་སོགས་པ་སྭོག་པོའི་རྒྱུ་ཕུན་སུམ་ཚོགས་པ་རྣམས་དགེ་བ་ལས་ཀྱང་དགེ་བ་སྲིད་མཐའི་བར་དུ་བསྐྲུན་པར་བཞེད་ནས། སྤྲུལ་སྐུ་སྨན་ཐང་པ་བློ་བཟང་རྒྱ་མཚོ་སོགས་དང༌། འབྲས་སྤུངས་སོགས་ནས་གོས་སྐུ་བཞེངས་པ་ལ་བཟོ་རིས་མཁས་པ་རྩེར་སོན་པ་ཤ་སྟག་བསྡུ་བར་གནང༌། ཕྱིས་ཀྱི་གོས་ཆེན་ལས་བཟང་ཐག་ཆོད་པ་འབའ་ཞིག་ལ། གོས་ཡུག་བཅོས་མེད་སྟོང་དང་བརྒྱད་བརྒྱ་ཙམ་ཐོག་མར་འདོན་པ་གནང་ཞིང༌། དེ་དག་གི་སྡེར་ལུས་ཅི་རིགས་ལ་ཕྱིས་གཞན་དང་གཞན་ཡང་བསྣན་ཏེ། མདོར་ན་ཟབ་ཆེན་ཡུག་སྟོང་ཕྲག་གཉིས་ཙམ་ལས་བསྒྲུབ་པས་ཐུབ་ཆེན་གྱི་གོས་སྐུ་ལྷ་མགྲོན་མང་པོའི་ཚོགས་དང་བཅས་པ་རྩེ་མཆོད་ཁང་གི་གཙུག་ལག་ཁང་ཆེན་མོ་ལས་ཀྱང་ཆེས་དཔངས་མཐོ་ཞིང༌། ཞིང་དུའང་དེ་མཚུངས་སུ་ཡོད་པ་འདི་ཉིད་བཞེངས་པར་གནང་བའི་ཚེ་ངོ་མཚར་བའི་ལྟས་དུ་མ་བྱུང་བ་དང༌། རྗེ་འདི་ཉིད་ཁུ་དཔོན་འདུས་པ་རྒྱ་མཚོའི་ཚོགས་དང་བཅས་པས། དཔལ་ཀྱཻ་རྡོ་རྗེའི་དཀྱིལ་འཁོར་ཆེན་པོ་ཞལ་ཕྱེས་ཏེ། རབ་གནས་ཀྱི་མེ་ཏོག་གཏོར་བ་གནང་བའི་སྐབས་མེ་ཏོག་གི་ཆར་ཡིད་ཆེས་མངོན་རྟགས་ཅན་
ཕེབས་པ་ཡུན་རིང་དུ་བྱུང༌། བཀྲ་ཤིས་དགེ་མཚན་དཔག་ཏུ་མེད་པའི་གཟི་འོད་འབར་བར་བཞུགས་པར་སྣང་ངོ༌། ༈ ཀུན༵་གནས་ངོ་མཚར་རབ་དག༵འི་བསྟི་གནས་མཆོག །བཀྲ༵་ཤིས༵་འཕྲུལ་སྣང་དགེ་བར་སྤྱོད་པ་ལས། །མི་མཐུན་གཡུལ་ནས་རྒྱལ་བའི་རྒྱལ༵་མཚ༵ན་བརྙེས། །འགྲོ་བའི་དཔ༵ལ་གྱུར་བཟ༵ང་པོ༵་ཁྱོད་ཉིད་ཀྱི། །འགྲོ་དོན་འཕྲིན་ལས་ཕ་མཐའ་བགྲང་ཡས་འདི། །མངོན་འགྱུར་རྣམས་ལའང་གཞལ་བར་མི་ནུས་ན། ལྐོག་ཏུ་གྱུར་ལ་སུ་ཞིག་ཚད་འཇལ་བྱེད། ཁྱོད་ཉིད་ཁོ་ནས་ཁྱོད་ཀྱི་རྣམ་ཐར་མཁྱེན། །ཞེས་པ་ཁྱད་པར་གྱི་མཛད་པ་འབའ་ཞིག་ལས་བརྩམ་སྟེ་ཅུང་ཟད་བསྙད་པའི་སྡེ་ཚན་ཏེ་བདུན་པའོ། བླ་མ་དེ་ཉིད་ཀྱི་ཐུགས་རྗེས་གོས་སྐུ་སྔ་ཕྱིར་བཞེངས་པར་མཛད་པ་ཐམས་ཅད་ལ་སྐྱ་རིས་ལ་སྤོ་ལེན་མི་དགོས་པ་དང༌། གོས་ཆེན་བསྒྲིག་པའི་ཚེ་དང་ཚོན་ཡིག་སོགས་མི་དགོས་པར་ཡིད་ཙམ་གྱི་འགྲིག་པ་སོགས་ཡ་མཚན་དཔག་ཏུ་མེད་པ་བྱུང་ངོ༌། །དེ་ནས་ཤིང་མོ་བྱ་ལོ་ལ། སྟག་ལུང་མ་ཐང་དུ་གྲགས་པ་དཔལ་རི་བོ་ཆེ་ནས་སྤྱན་འདྲེན་པའི་ཕོ་ཉ་བ་རྣམས་ཀྱིས་ཀྱང་བསྐུལ་ཏེ། མཆོག་གི་སྤྲུལ་པའི་སྐུ་ཆེན་པོ་རྒྱལ་ཚབ་ཏུ་མངོན་པར་དབང་བསྐུར་ནས། དཔལ་རི་བོ་ཆེར་ཕེབས་པའི་སྒར་གྲྭ་བསྒྲིག་པར་མཛད་ཅིང༌། མཆོག་གི་སྤྲུལ་པའི་སྐུ་དང་དགེ་འདུན་གྱི་ཚོགས་ཀྱིས་ཕེབས་སྐྱེལ་ལ་ཕེབས། མྱུར་དུ་སླར་ཕེབས་པའི་རྟེན་འབྲེལ་དུ་ཕེབས་སྐྱེལ་བ་རྣམས་ལ་ཆོས་དྲུག་ཡིད་བཞིན་ནོར་བུའི་མགོ་བཙུགས་ཙམ་གནང༌། ལུགས་གཉིས་ཀྱི་
བསླབ་བྱ་མཐིལ་ཕྱིན་དང་མྱུར་དུ་ཕེབས་པའི་ཞལ་བཞེས་ཀྱིས་དབུག་དབྱུང་རིམ་པས་ཧོར་སྟོད་སྨད་དང་ཨ་གྲགས་སོགས་ཀྱི་རི་ཁྲོད་བརྒྱུད་ནས། དཔལ་རི་བོ་ཆེ་དང་ཉེ་བར་ཕེབས་བསུ་ཇ་འདྲེན་སྔ་ཕྱི་རིམ་པ་གསུམ་ཙམ་དང༌། དེ་ནས་ཉེ་བར་སྡེ་པ་མགོན་པོ་རྡོ་རྗེ་དཔོན་གཡོག་གིས་ཆིབས་བསུ་དང༌། མཆོད་རྫས་སྣ་ཚོགས་ཐོགས་པའི་དགེ་འདུན་རྒྱ་མཚོ་ལྟ་བུ་རྣམས་ཀྱིས་མདུན་བརྡར་ཏེ་ཕེབས་བཀའ་བརྒྱུད་ཀྱི་རིང་ལུགས་འཛིན་པ་ཀུན་གྱི་གཙུག་གི་ནོར་བུ། འདྲེན་པ་གོང་མ་རྣམས་ཀྱི་རྣམ་ཐར་མ་ཉམས་པ་གཅིག་པུ་བ། མཁས་བཙུན་བཟང་པོས་མཐར་ཐུག་དངོས་གྲུབ་མཆོག་གི་གནས་བརྙེས་པ་སྤྲུལ་པའི་སྐྱེས་མཆོག་རིན་པོ་ཆེ་མཚོ་སྐྱེས་རྡོ་རྗེས་ཉིད་ཀྱང་གཙུག་ལག་ཁང་གི་སྒོ་དྲུང་དུ་ཕེབས་བསུར་ཕེབས་ཤིང༌། མཇལ་བ་ཙམ་གྱིས་ཐུགས་ཡིད་གཅིག་ཏུ་འདྲེས་ཏེ། ཤིན་ཏུ་ཐུགས་ཕེབས་པའི་དགྱེས་པ་ཆེན་པོས་གཏམ་གྱིས་མཚམས་སྦྱོར་ཏེ། རྗེ་འདི་ཉིད་ཀྱིས་ཀྱང་སྤྲུལ་པའི་སྐྱེས་མཆོག་ཆེན་པོ་མཚོ་སྐྱེས་རྡོ་རྗེའི་ཞལ་སྔ་ནས་ལ། རྗེ་རིན་པོ་ཆེ་སངས་རྒྱས་དབོན་གྲགས་པ་དཔལ་གྱིས་བཀའ་འབུམ་པོད་ཆེན་བདུན་གྱི་ལུང་དང༌། དེ་ཀའི་ནང་ན་བཞུགས་སོ་ཅོག་གི་དབང་བཀའ་བྱིན་རླབས་རྗེ་གནང་རབ་འབྱམས་འབྱམས་ཀླས་པ་དང༌། སྟག་ལུང་བཀའ་བརྒྱུད། རྒྱ་གར་གྱི་གྲུབ་ཆེན་ཛྙཱ་ན་ཏ་པའི་གདམས་ངག་སོགས་ཁྲིད་བཀའ་དཔག་ཏུ་མེད་པ་དང་བཅས་པ་དང༌། ཁྱད་པར་སྟག་ལུང་བཀའ་བརྒྱུད་ཉིད་ཀྱི་གདམ་ངག་རྗེ་བཀྲ་ཤིས་བླ་མ་མན་ཆད་དུ་སྟག་ལུང་མ་ཐང་ན་ཡང་མི་
བཞུགས་པ་ཇི་སྙེད་གཅིག་གསན་ཞིང༌། རྡོ་རྗེ་ཐེག་པ་གསང་སྔགས་རྙིང་མའི་སྐོར་ཡང་དཔག་ཏུ་མེད་པ་གསན། རྗེ་འདི་ཉིད་ཀྱིས་བླ་མ་དམ་པ་དེ་ཉིད་ལ་ཡང༌། གཙོ་བོར་ཐམས་ཅད་མཁྱེན་པ་ཕྱོགས་ལས་རྣམ་རྒྱལ་གྱིས་བཞེད་སྲོལ་བླ་མེད་ཀྱི་དཀྱིལ་འཁོར་མང་པོར་དབང་བསྐུར་པ་དང༌། གཞན་ཡང་སྟག་ལུང་མ་ཐང་ནས་བརྒྱུད་པའི་ཟབ་ཆོས་དཔག་ཏུ་མེད་པ་གནང༌། དབོན་རིན་པོ་ཆེ་སྐུ་ཕྲ་མོར་བཞུགས་པའང་རྗེ་འདི་ཉིད་ཀྱི་སྐུ་དྲུང་དུ་དབུ་སྐྲ་བསིལ། སྤྱིར་རྗེ་དྲུང་རིན་པོ་ཆེ་མཚོ་སྐྱེས་རྡོ་རྗེ་དེ་ཉིད། ལུགས་གཉིས་ཆར་ནས་དགོངས་པའི་རྒྱ་མཚོར་བཞུགས་པས། དཔལ་སྟག་ལུང་བའི་གདན་ས་གོང་འོག་གཉིས་ཆོས་བརྒྱུད་ཀྱི་ཁུངས་འདོད་པ་གཅིག་པ་ཙམ་དུ་མ་ཟད། ཐུགས་དམ་ཉམས་བཞེས་ཀྱི་ཆོས་ཐམས་ཅད་ཐིག་གཅིག་སྤར་གཅིག་ཏུ་བཞུགས་མོད། རྗེ་རིན་པོ་ཆེ་བཀྲ་ཤིས་བླ་མ་ནས་བཟུང་བདེ་གཤེགས་རིན་པོ་ཆེ་རྣམ་རྒྱལ་བཀྲ་ཤིས་ཀྱི་བར་དུ་གདན་ས་ཡར་མར་ཧ་ཅང་ཐུགས་འབྲེལ་ཆེ་བ་མ་བྱུང་འདུག་པས་ཀྱང༌། རང་ལུགས་ཀྱི་གྲུབ་མཐའ་འཛིན་པ་ལ་རང་རྐང་ཚུགས་པར་མ་བྱུང་ཞིང༌། དུས་ཚོད་འདི་སྐབས་ན་རྗེ་དྲུང་རིན་པོ་ཆེ་ཉིད་ཀྱང་སྐུ་ན་ཚོད་སྨིན་པ་དང༌། དབོན་རིན་པོ་ཆེ་ཡང་སྐུ་ཕྲ་བ་སོགས་ཀྱི་རྗེ་རིན་པོ་ཆེ་འདི་ཉིད་མ་ཕེབས་ན་རིམ་པས་གྲྭ་རིགས་གསར་པ་ཀུན་ནི་ཉི་མ་གང་དྲོ་དང་གོང་གང་ཆེའི་རྣམ་པས། ཀར་ལུགས་སོགས་ལ་འགྱུར་བའི་གནས་ཀྱང་ཡོད་པར་དགོངས་ནས། རྗེ་འདི་ཉིད་ཆེད་ཀྱི་སྤྱན་འདྲེན་པར་ཡང་མཛད་པ་ཡིན་སྣང་ལ། གཞན་ཡང་བཀའ་བསྩལ་
ལ། མ་ཐང་གི་གཙུག་ལག་ཁང་མེས་བཞེས་པ་སོགས་ཀྱིས་ད་ལྟ་བྱིན་རླབས་རྟེན་སོགས་རི་བོ་ཆེ་ཉིད་ཆེས་བཀང་བར་བཞུགས་པས། བླ་མ་གོང་མའི་ཐུགས་དམ་རྟེན་སོགས་གཏོས་ཆེ་བ་འབུལ། ཞེས་གསུངས་ཤིང༌། དེ་ཀ་བཞིན་ཕྱག་ཏུ་འབུལ་བར་མཛད་པ་ཡང༌། ཐང་པ་ཆེན་པོ་ཉིད་ཀྱི་ཐུགས་དམ་འགྲོ་མགོན་ཕག་མོ་གྲུབ་པའི་དངུལ་སྐུ་ཁྲི་རྒྱབ་ཅན་དང༌། རྗེ་སངས་རྒྱས་ཡར་བྱོན་གྱི་ཐུགས་བཞུགས་པའི་དངུལ་གདུང་བཀྲ་ཤིས་འོད་འབར་སྐུ་ཡལ་རིན་པོ་ཆེ་རིན་ཆེན་མགོན་པོ་སོགས་ཀྱི། དངུལ་སྐུ་རྒྱབ་ཡོལ་ཅན་ཕྱག་ནས་མ་མང་པོ། ཀླུ་འཇིམ་གྱི་མཛད་བརྒྱ། རྡོ་རྗེ་འཆང་གི་དངུལ་སྐུ་རྒྱབ་ཡོལ་མ་གྲུབ་ཐོབ་བརྒྱད་ཅུའི་ཚོགས་ཀྱི་སྐུའི་བཀོད་པ་ཅན། འཛམ་བུས་གླིང་ན་བཟོ་བཀོད་ལེགས་པའི་དཔེར་བཞག་པ་སོགས་ཐུགས་དམ་རྟེན་བྲིས་འབུར་གྱི་ཚོགས་ངོ་མཚར་བ་ཅན་མཐའ་ཡས་པ་དང་རྗེ་བཙུན་མར་པ་ནས་བརྩམས་བརྒྱུད་པའི་བླ་མ་ཐམས་ཅད་ཀྱི་དབུ་སྐྲ་དང་ན་བཟའ་སོགས་བྱིན་རླབས་ཀྱི་རྟེན་ཆ་ཚང་བ། སངས་རྒྱས་དབོན་གྱི་བཀའ་འབུམ་ཚར་གཉིས་དང༌། གཞན་ཡང་ཕྱག་དཔེ་དཀོན་པ་མང་པོ་དང༌། དྭངས་ཤེལ་གྱི་སྤོས་ཕོར། གཟི་ཡོན་ཆེན་གྱི་གསོལ་ཁྲབ་སོགས་ཁྱད་པར་ནོར་མང་པོ་ཕྱག་ཏུ་ཕུལ། བར་སྐབས་ཤིག་ཏུ་ཟུར་མང་དང་ཀརྨ་པའི་ཕྱོགས་ཀྱི་དགེ་འདུན་རྣམས་ཀྱིས་སྤྱན་དྲངས། ཁོང་རྣམས་ཀྱི་བློ་དང་མཐུན་པར་ཀརྨ་ཀམ་ཚང་གི་ཟབ་ཆོས་མང་པོའི་འཁོར་ལོ་བསྐོར་བས་སེམས་ཅན་ཚིམ་པར་མཛད། སྒོམ་སྡེ་ནང་ཆེན་པས་སྤྱན་དྲངས། འབུལ་བའི་དངོས་པོ་རྒྱ་ཆེར་ཕུལ། ཚོགས་
བདག་གིས་ཆོས་སྐོར་སོགས་བློ་དང་མཐུན་པའི་ཆོས་མང་དུ་གནང༌། སླར་ཡང་དཔལ་རི་བོ་ཆེར་ཕེབས་ཏེ། སྟག་ལུང་གི་གདན་ས་ཡར་མར་གཉིས་ཆོས་དང་སྲིད་ཀྱི་འཕྲིན་ལས་ཐམས་ཅད་སྒོ་གཅིག་ཏུ་འགྱུར་བར་བཀའ་བགྲོས། འབུལ་ནོར་བསམ་གྱིས་མི་ཁྱབ་པ་དང་བཅས། ཕན་ཚུན་ཐུགས་ཡིད་གཅིག་ཏུ་འདྲེས་པའི་ཐུགས་ལྷག་པར་འཕྲེང་བཞིན་པས་ཕེབས་སྐྱེལ་གྱི་བཀོད་པ་རྒྱ་ཆེན་པོ་དང་བཅས་རིམ་པས་ཡར་ཕེབས། ཕག་ལོ་ཟླ་བ་བརྒྱད་པའི་ཉེར་ལྔ་ལ་སྟག་ལུང་ཐང་དུ་ཕེབས་ཤིང༌། རི་བོར་ཆེར་གསན་པའི་བཀའ་ཆོས་རྣམས་དང༌། ཞལ་ཐང་སོགས་བྱིན་རླབས་ཅན་མང་པོ་མཆོག་གི་སྤྲུལ་པའི་སྐུ་ལ་སྐྱེས་ཀྱིས་ཚུལ་དུ་འབུལ་བ་གནང༌། དཔལ་སྟག་ལུང་ཐང་གི་གཙུག་ལག་ཁང་ཆེན་མོའི་སྟེང་གི་གསེར་ཕིབས་སྔ་གོང་ནས་རིམ་པས་ཕལ་ཆེར་གྲུབ་ནའང༌། ལྷག་མ་རྣམས་སྐབས་འདིར་ཞབས་མཇུག་རྫོགས་པར་གནང་ཞིང༌། བྱང་རཱ་སྒྲེང་དུ་ཕེབས་སྐབས་ཤིག །དེ་ཉིད་དུ་བཞུགས་པའི་ཐུགས་དམ་པ་བགྲེས་པོ་ཞིག་གིས་རང་གི་རྫས་གང་ཡོད་གསེར་དུ་བསྒྱུར་བའི་གསེར་ཞོ་ཁ་ཤས་གཅིག་ཕྱག་ཏུ་ཕུལ་ནས། ལྷ་ཁང་ཀ་གཉིས་མའི་གསེར་ཐོག་གསེར་གདན་དགོས་པའི་རྒྱུ་མཚན་ཕུལ་བས་ཉེ་བར་ཐུགས་བསྐུལ་ཏེ། འཕགས་པ་སྤྱན་རས་གཟིགས་ཀྱི་ཞིང་ཁམས་གནས་མཆོག་དེའི་གནད་ཀྱི་སྙིང་པོ། འཇམ་པའི་རྡོ་རྗེའི་སྤྲུལ་པའི་སྐུ་དངོས་བྱོན་སོགས་བྱིན་རླབས་ཀྱི་གཟི་བྱིན་མུ་མཐའ་མེད་པའི་སྐུ་གསུང་ཐུགས་ཀྱི་རྟེན་དཔག་ཏུ་མེད་པ་བཞུགས་པའི་གཙུག་ལག་ཁང་ཀ་གཉིས་མའི་གསེར་ཐོག་དེ་ཉིད་སྔོན་དུས་སྐྱེས་བུ་དམ་པ་འགའ་ཞིག་གིས་ཅུང་ཟད་མགོ་རྩོམ་པར་མཛད་
ཀྱང་འཕྲོར་ལུས་ནས་ཕལ་ཆེར་མ་གྲུབ་པ་ལ་ཡོངས་སུ་རྫོགས་པ་སྒྲུབ་པའི་ཞལ་བཀོད་གནང་ནས་རིང་པོར་མི་ཐོགས་པར་ལེགས་པར་གྲུབ། འདིའི་སྐུད་གསེར་ལ་ཡང་གསེར་ཞོ་དྲུག་བརྒྱ་ལྷག་གཅིག་སོང་ཞིང༌། དེ་ཀའི་ཡོན་དང་རབ་གནས་ཀྱི་བར་དུ་རྒྱ་ཆེར་གནང་ངོ༌། །འདི་ན་གང་གི་མཛད་པ་བགྲང་ཡས་ཀྱང༌། །ཐམས་ཅད་གཞན་ལ་ཕན་པ་འབའ་ཞིག་ལགས། །རིས་མེད་མཆོད་པའི་ཡུལ་རྣམས་མཆོད་པ་དང༌། །རིས་མེད་དམ་ཆོས་རྒྱ་ཆེར་སྤེལ་བར་མཛད། །དམ་ཆོས་བདུད་རྩི་ནུབ་པར་ཉེ་བ་རྣམས། །མགོན་པོ་ཁྱོད་ཀྱིས་ཤིན་དུ་དར་བར་མཛད། །དབྱར་དུས་ཆུ་བོ་རྒྱས་ལ་ངོ་མཚར་ཅི། །དཀོན་པ་ཙམ་དུ་རིན་ཐང་ཆེ་ཞེས་གྲགས། །བཟང་ངན་མི་དཔྱོད་རང་ཕྱོགས་ཁོ་ན་ཞེས། །སྙིང་ལ་བརྣག་པའང་གཞན་ལུགས་སྐྱོན་མེད་དག སྨོད་བྱེད་ཆེན་པོ་དག་གིས་ཡིད་འཇིགས་ནས། །སྐྱབས་གནས་སྐྱབས་མཆོག་ཁྱེད་ལ་སྐྱབས་སུ་མཆི། །ཞེས་པ་བསྟན་པ་རིན་པོ་ཆེ་ཡུན་རིང་དུ་གནས་པར་མཛད་པའི་ཁྱད་པར་འགའ་ཞིག་ལས་བརྩམ་སྟེ་བསྙད་པའི་གཏམ་སྟེ་བརྒྱད་པའོ། གླང་ལོ་ཟླ་བ་བཞི་པའི་ཚེས་བཅུ་དགུ་ལ་མཆོག་གི་སྤྲུལ་པའི་སྐུ་ངག་དབང་རྣམ་རྒྱལ་ཀུན་དགའ་རིན་ཆེན་དཔལ་བཟང་པོའི་ཞབས་ཀྱང༌། རྗེ་འདི་ཉིད་ཀྱིས་མཁན་པོ་མཛད་ཅིང༌། སློབ་དཔོན་དུ་འོས་པ་གཉིས་དང༌། གྲིབ་ཚོད་པ་དང་དད་པའི་དགེ་འདུན་རྒྱ་མཚོ་ལྟ་བུའི་དབུས་སུ། ཇི་སྐད་བཤད་པའི་ཆོ་ག་བཞགས་པར་མི་འོས་པས་བསྙེན་པར་རྫོགས་པར་མཛད་དོ། །དེ་སྐབས་སུ་སོག་པོའི་རྒྱལ་བོ་ཨ་སྦལ་གྱིས་ནན་ཆེས་ཀྱིས་ཕེབས་པར་གསོལ་བ་བཏབ་པའི་ཕོ་ཉ་བའང་སྐུ་དྲུང་དུ་བཅར་སྡོད་དུ་
ཡོད་ཅིང༌། སྤྱིར་སྐུ་ན་ཚོད་སྨིན་པ་དང་སོག་ཡུལ་ཐག་རིང་ཞིང་བགྲོད་དཀའ་བ་སོགས་རྒྱུ་མཚན་དུ་མས། གྲྭ་བུ་སློབ་ཡོན་བདག་སྡེ་དཔོན་སོ་སོ་ཐམས་ཅད་དང༌། བདག་ཅག་ཕྱོགས་མཐའ་བ་ཐམས་ཅད་ཀྱིས་ཀྱང་མེ་ཕེབས་པར་བཞུགས་པའི་གསོལ་བ་བཏབ་ཀྱང༌། རྗེ་ཉིད་དུས་གསུམ་མཁྱེན་པའི་ཡེ་ཤེས་ཀྱིས་ཆོས་ཐམས་ཅད་སྒྲིབ་མེད་གཅིག་ཆར་དུ་གཟིགས་པའི་བཀའ་ལས། ད་ལན་ཅིས་ཀྱང་སོག་ཡུལ་དུ་འགྲོ་དགོས་ཡོད་ཅིང༌། ལོ་གསུམ་ནས་ངེས་པར་ཉེས་སྐྱོན་མེད་པར་འཁོར་འོང་ཞེས་ཞལ་བཞེས་བཟང་པོས་བདག་ཅག་རེ་ལྟོས་བཅས་ཐམས་ཅད་ལ་དབུགས་འབྱིན་པར་གནང༌། ཧོར་ཟླ་དྲུག་པའི་ནང་དུ་དཔོན་སློབ་རྣམས་གདན་ས་ཉིད་ནས་ཕྱག་བཏེགས། ཧོར་སྟོད་ནས་དཔོན་སས་མཇལ་བར་ཕེབས། ལམ་གྱི་སེམས་ཅན་རྣམས་ཀྱི་དོན་རྒྱ་ཆེར་གནང་ནས་བྱང་ལམ་བསྲང་ནས་ཕེབས་པས་འབྲི་ཆུ་ཤིན་དུ་རྒྱས་པ་ལ་ཕྱག་ནས་གནང་བ་ཙམ་གྱིས་ཆུང་ངུ་སོང་ནས་དཔོན་སློབ་རྣམས་ཉེ་ཞོ་མེད་པར་ཕར་ཐོན། དེ་བཞིན་དུ་རྨ་ཆུ་ལ་ཡང་ཕྱག་ནས་གནང་བས་དེ་བཞིན་དུ་བྱུང་ཞིང༌། དཔོན་སློབ་རྣམས་ཆབ་ཀྱི་ཕ་ཀར་ཐོན་འཕྲལ་ཆུ་ནི་སྔར་ལུགས་བཞིན་རྒྱས་ནས་འདུག་ཟེར། ཆུ་བོ་ཆེན་པོ་གཅིག་ལ་ཉག་གཅིག་ཡོང་བར་འདུག་པ་ཆད་ནས་གཞན་རྣམས་ཀྱིས་ཅི་བྱར་ཡང་མེད་པ་གཅིག་བྱུང་འདུག་པ། རྗེ་ཉིད་ཀྱི་དགོངས་པས་དཔྱད་དེ་ལམ་སྣ་གནང་བརྒལ་ཕེབས་འདུག་པ་ཐམས་ཅད་བདེ་བར་ཐོན་དེ། སླར་ཡང་དེ་མ་ཐག་ཆུའི་གཏིང་བལྟས་དུས་རབ་ཚུགས་པའི་ས་གཏན་མེད་པར་འདུག །དེ་ནས་རིམ་གྱིས་དབ་ཕྱི་ཐུ་རུ་སོག་པོའི་གདན་འདྲེན་པ་
རྣམས་ཀྱང་སླེབས། ཐམས་ཅད་མཁྱེན་པ་བསོད་ནམས་རྒྱ་མཚོ་ཞིང་བརྫེས་པའི་གཏམ་བྱུང་བས་ཕྱག་གཡོག་རྣམས་སེམས་འཇིགས་པ་ལ། རྗེ་ཉིད་ཀྱིས་རང་རེ་རྣམས་ལ་ཉེས་སྐྱོན་མེད་ཅེས་དབུགས་འབྱིན་པར་མཛད་པས་ཡིད་བདེ་བ་ལ་བཀོད། དེ་ནས་མཚོ་སྐྱ་རེངས་དང་སྔོ་རེངས་གཉིས་ཀྱི་བར་གྱི་ལམ་བཟུང་ནས་ཕེབས་པས། ཆལ་ཕྱི་ཞེས་པའི་བར་རིམ་གྱིས་ཕེབས་ཤིང༌། ཐོག་མར་ཨ་སྦལ་གྱི་དཔོན་མོ་མཇལ་དུ་བྱུང༌། སླར་མི་ཕྱེད་པའི་དད་པ་ཅན་གྱི་རྒྱལ་པོ་ཨ་སྦལ་ཉིད་ཀྱིས་སྤྱན་དྲངས། རྒྱལ་བུ་ཉིད་བྲོ་ཚབས་ཆེན་པོ་ཞིག་གིས་བཏབ་ནས་ཡུན་རིང་པོ་ལོན་པ་སྨན་དཔྱད་སོགས་གང་གིས་ཕན་པར་མ་བྱུང་སྣང་བ། རྗེ་རིན་པོ་ཆེ་ཉིད་ཕེབས་ནས་ཁྲུས་ཆོག་དབང་བཀའ་སོགས་གནང་བ་དང༌། བཀའ་བསྩལ་ལྟར་གྱི་ཟས་སྤྱོད་བགྱིས་པ་ཙམ་གྱིས་ནད་ཚབ་ཆེན་པོ་ཡང་འཕྲལ་ཉིད་ནས་ཇེ་དྲག་ལ་སོང༌། ཕེབས་སྐོར་འདི་ལ་སྔར་གྱི་ཡོན་བདག་རྙིང་པ་ཐམས་ཅད་ཀྱིས་ཀྱང་སྔར་སྲོལ་གྱི་ལུགས་ཁོ་ནས་བསམ་གྱིས་མི་ཁྱབ་པའི་གུས་པ་ཆེན་པོས་མཆོད་ཅིང༌། བོད་ཆར་གཏོགས་པའི་ཨ་རག་གི་སྡེ་རྣམས་སུ་ཡང་འཕྲིན་ལས་ཀྱི་སྒོ་བསམ་གྱིས་མི་ཁྱབ་པ་བྱུང་ཞིང༌། སྟག་ལོའི་ནང་དུ་ཐོ་ཡེ་ཤེས་ཀྱི་རྒྱལ་པོ་ཆེན་པོ་ཨལ་དན་གྱི་ཚ་བོ་པེ་ཆེན་ཁན་གྱིས་སྤྱན་དྲངས། རྒྱལ་མོ་ཁ་ཐུན་སོགས་ཐམས་ཅད་ཀྱིས་མཇལ། མཆོག་ཏུ་གུས་པ་ཆེན་པོས་འབུལ་ནོད་བསམ་གྱིས་མི་ཁྱབ་པ་བྱུང་ཞིང༌། རང་རང་སོ་སོའི་བློ་དང་མཚུངས་པར་ཆོས་ཀྱི་འཁོར་ལོ་བསྐོར། འདི་སྐབས་ཀྱང་ཙོང་ཁའི་ས་ཆ་སྟག་ལུང་ལ་
གསར་ལྷ་ཁང་དུ༌། མདའ་དར་འབུམ་དཔོན་གྱིས་སྤྱན་དྲངས་ཤིང་རྙེད་བཀུར་བྱས། ས་ཕྱོགས་དེ་རྣམས་སུ་ཆོས་ཀྱི་འཁོར་ལོ་རྒྱ་ཆེར་བསྐོར། སོག་པོའི་རྒྱལ་པོ་གུ་ཡེང་ཙོང་ཆི་དེས་ཆིང་གིས་སྤྱན་དྲངས་ནས་ཆོས་འབྲེལ་མང་དུ་ཞུས། དེ་ནས་རིམ་པས་ཨོ་རུས་ཇུ་ལང་རྒྱལ་པོས་སྤྱན་དྲངས། སྔ་མ་བཞིན་དུ་འགྲོ་བའི་དོན་དཔག་ཏུ་མེད་པ་བྱུང༌། འབྲུག་གི་ལོ་ལ་ཐོ་མིས་ཀྱི་རྒྱལ་པོ་འཁོར་ལོ་ཆིང་བས་ངུར་གྱིས་སྤྱན་དྲངས། ཕེབས་བསུའི་ཚེ་མཆོག་ཏུ་དཀར་བའི་རྟ་མཆོག་བཅུ་གསུམ་དར་དཀར་ཡུག་གི་མཐུར་མདའ་དང་བཅས་ཏེ་ཕུལ། མཇལ་བ་ཙམ་གྱིས་མཆོག་ཏུ་གུས་པ་ཆེན་པོ་ཐོབ་ནས་ཆོས་མང་དུ་ཞུས་ཤིང༌། དངུལ་གཞོང་མང་པོར་མར་མེ་སྦར་ནས་འབུལ་བ་སོགས་མཆོད་པའི་ཡོ་བྱད་བསམ་གྱིས་མི་ཁྱབ་པ་བློ་ལས་འདས་པ་བྱུང༌། རྗེ་འདི་ཉིད་རྩ་བའི་བླ་མ་མཐར་ཐུག་ཏུ་འཛིན་ཞིང་མི་ཕྱེད་པའི་དད་པ་གཞན་དང་མི་མཉམ་པ་ཐོབ། དེ་ནས་དུས་སྐབས་བདེ་བར་བྱུང་ན། སོག་ཡུལ་མཐུལ་གྱི་རྒྱལ་པོ་གཞན་དང་གཞན་དག་ཀྱང་སྤྱན་འདྲེན་པའི་འདུན་པ་རྩེ་གཅིག་ཏུ་ཡོད་པར་སྣང་བས། ལོ་མང་པོའི་བར་དུ་ཕེབས་ཐུབ་པ་དཀའ་བ་འདུག་ཀྱང་རྗེ་ཉིད་ཀྱི་ཡེ་ཤེས་ཀྱིས་གཟིགས་པས་བཀའ་སྩལ་ཕེབས་པ་དེ་ཁོ་ན་བཞིན་ཡིན་པར་སྣང་བས། རྒྱ་དང་སོག་པོ་འཐབ་དགོས་པའི་སྟབས་ནས། རྒྱལ་བརྒྱུད་སོ་སོ་གཞན་དང་གཞན་དག་གིས་སྐུ་གཞོགས་སུ་ཇ་འདྲེན་མྱུར་དུ་འབྱོར་ཞིང་སྤྱན་འདྲེན་སོགས་འཕྲལ་སླེབ་མ་བྱུང་བའི་བར་ལ། ཡར་ཕེབས་པའི་དགོངས་གཏད་གནང་བ་ཕྱག་ཐོག་ཏུ་ཁེལ་ཐུབ་སྟེ། འདི་ནི་འོ་སྐོལ་ཁ་བ་ཅན་པ་རྣམས་ཀྱི་བསོད་ནམས་ཀྱི་
མཐུའོ། །ཡར་ཕེབས་པའི་ལམ་དུ་ཡི་གེ་སྦ་ཁོམ་ཞེས་པའི་ས་ཆར་སྒར་བྱིངས་རྣམས་ལོགས་ཞིག་ན་ཡོད་ཅིང༌། གཟིམས་གུར་ཅུང་ཟད་འགོལ་ས་ཞིག་ན་ཡོད་པ། ནམ་ཕྱེད་ཙམ་ཞིག་གི་དུས་སྐུ་གཞོགས་ན་མི་སུ་ཡང་མེད་པ་ལ། བཀའ་བསྩལ་མང་པོ་ཞིག་གནང་གིན་འདུག་པ། དེ་དང་ཉེ་བ་ན་མཆོད་གཡོག་པས་ཐོས་ཏེ། བླ་རྡོལ་གྱི་གསུངས་ཡིན་ནམ་སྙམ་དུ་སེམས་ནས་སྙན་དུ་ཕུལ་བས་ཁ་རོག་སྡོད་གསུངས། ཕྱི་རོལ་ཏུ་བལྟར་སོང་བས། གཟིམས་གུར་གྱི་ལོགས་ན་བྱ་ཤིན་ཏུ་ཆེ་བ་གཤོགས་སྒྲོ་རེ་ལའང་འདོམ་གཉིས་རེ་ཙམ་ཡོད་པ་ཞིག་རྗེ་རིན་པོ་ཆེའི་ཕྱོགས་ལ་འདུད་པར་བྱེད་པ་ཞིག་འདུག་པ་མཐོང་བ་ན། དྲུང་དུ་བཏུད་པས་འཕུར་ཐབས་ལ་མི་སྣང་བར་སོང་ངོ༌། །ནང་དུ་འོང་བས་དེ་ཉིད་མཁྱེན་ཏེ། བྱ་དེའི་དྲུང་དུ་ཁྱོད་ཀྱིས་བཏུད་པ་མ་ལེགས། ཁྱེད་རྣམས་ཀྱིས་བྱར་མཐོང་བ་ཡིན་གྱི། རྨ་ཆེན་སྦོམ་ར་འཁོར་དང་བཅས་པ་འདིར་འོང་ནས་ཆོས་གཏམ་འཕེལ་བདོ་པའི་སྐབས་ཡིན་པ་ལ། དེ་ལ་ཆོས་གཏམ་གྱི་བར་ཆད་ཅུང་ཟད་བྱུང་གསུངས། དེ་ནས་རིམ་གྱིས་བྱང་ལམ་བརྒྱུད་ནས་མྱུར་ཤར་དུ་ཕེབས་པས། རིམ་པས་འབྲི་ཆུ་གོས་གོང་ལ་རུ་ཕེབས་པའི་ཚེ། གཉན་ཆེན་ཐང་ལྷས་ཕེབས་བསུའི་བཀོད་པ་རྒྱ་ཆེན་པོའི་གཟིགས་སྣང་བྱུང་བར་སྣང༌། བྱང་ལམ་བརྒྱུད་པའི་སྟབས་ས་ཡང་མཐོ་རབ་ཏུ་ཕེབས། འབྲུག་ལོ་ཧོར་ཟླ་བཅུ་གཉིས་པའི་ནང་ཡིན་ནའང༌། ནམ་མཁའ་འཇའ་འོད་ཀྱིས་ཁེངས་ཤིང་ས་ཆུ་དྲོས་སོང་སྟེ། འཁྱགས་པའི་ཞུན་ཆུ་ལ་མི་ཐར་པ་ཙམ་བྱུང་ཞིང༌། གདན་ས་ཆེན་པོ་སྟག་ལུང་དུ་ཕེབས་པ་
དང༌། ཐང་པ་རིན་པོ་ཆེའི་དངུལ་སྐུ་ཕྱག་ནས་མའི་རྒྱབ་ཡོལ། རྒྱ་ཁྱོན་བཟོ་བཀོད་རྒྱུ་ཚོགས་བསམ་གྱིས་མི་ཁྱབ་པ་དང་བཅས་པ་དེ་ཉིད་ལེགས་པར་གྲུབ་པའི་རབ་གནས་དགའ་སྟོན་དང་འཛོམས། མཆོག་ཏུ་བཀྲ་ཤིས་ཤིང་རྟེན་འབྲེལ་འགྲིགས་སོ། ༈ ཡུལ་གང་དམ་ཆོས་སྣང་བ་རྒྱས་མཛད་ནས། །སླར་ཡང་ཀུན༵་ཏུ་དག༵འ་བ་རྡོ་རྗེའི་གནས། །བཀྲ༵་ཤི༵ས་རྣམ༵་པར་རྒྱལ༵་བའི་ཁང་བཟང་མཆོག །ལྷུན་པོའི་སྤོ་ལ་མགོན་པོ་མཆོག་ཉིད་བཞུགས། །དུས་གསུམ་ཤེས་བྱའི་གནས་ལ་ཡེ་ཤེས་ནི། །རྣམ་བཀྲའི་གཟུགས་ལ་མིག་གིས་བལྟ་བ་བཞིན། །མ་ནོར་མཁྱེན་པའི་བཀའ་སྩལ་མངོན་སུམ་གྱུར། །མི་ཤེས་ཡིད་ཀྱི་རི་མོར་འབྲི་བ་ནི། །མཁྱེན་ལྡན་རྣམས་ཀྱིས་མཆོག་ཏུ་འགྲེལ་བའི་གནས། །འོན་ཀྱང་བླུན་པོ་རྟག་ཏུ་རང་བློས་སྤྱོད། །འདི་ཡང་ཤིན་ཏུ་རྨད་བྱུང་འབའ་ཞིག་ལགས། །ཞེས་པ་འཕགས་པའི་བཀའ་མཆོག་ཏུ་མི་བསླུ་བ་ལས་བརྩམས་ཏེ་བསྙད་པའི་སྡེ་ཚན་ཏེ་དགུ་པའོ། སོག་ཡུལ་དུ་ཕེབས་པའི་བར་ལ་རྗེ་འདི་ཉིད་ཀྱི་ལྕམ་དུ་གྱུར་པ་དཔོན་ས་རྣམ་རྒྱལ་དཔའ་མོ་གཤེགས་པའི་ནང་རྟེན་དུ། རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་བདེན་གཉིས་ཞལ་ཅན་གྱི་སྐུ་བརྙན་མི་ཚད་ཆུང་ཙམ་ཞིག །བལ་པོའི་བཟོ་བོ་མཁས་པས་ལག་འཕྲུལ་ལས་སྔགས་སྐུ་གསེར་ཟངས་ལས་བཞེངས་པ་ལ་མཚར་བའི་དཔེར་ཐོན་པ་ཞིག་བསྒྲུབ་པར་མཛད། གཟུངས་བཞུགས་ལ་སོགས་པའི་རིམ་པ་ཐམས་ཅད་གཟབ་རྒྱས་སུ་གནང༌། དེ་ནས་རིམ་པས་འཁོར་ལོ་བདེ་མཆོག་གི་གསེར་སྐུ། རྗེ་བཙུན་མ་དེ་ཉིད་དང་སྐུ་ཚད་མཉམ་པ་ཞིག་དང༌། སློབ་
དཔོན་རིན་པོ་ཆེ་པདྨ་འབྱུང་གནས་དང་འགྲོ་བའི་མགོན་པོ་ཨ་ཏི་ཤ །འབྲོམ་སྟོན་ཆེན་པོ་རྒྱལ་བའི་འབྱུང་གནས་རྣམས་ཀྱི་སྐུ་བརྙན་མི་ཚད་མ་རེ་རེ་བཞེངས་པར་གནང་ཞིང༌། གཟུངས་བཞུགས་དང་རབ་ཏུ་གནས་པའི་བར་ཟབ་རྒྱས་སུ་གནང༌། དེ་དག་གི་བར་དུ་ཡང་ཧོར་དང་བོད་ཀྱི་འགྲོ་དོན་མཛད་པ་ནི་དཔག་ཏུ་མེད། དེ་ནས་འབྲུག་ལོའི་ནང་བདག་ཅག་སྟོད་ཕྱོགས་ན་ཡོད་པའི་སྐབས་ཤིག་སྒྲོ་རོང་ནས་གཟིམས་དཔོན་ནམ་མཁའ་འབོད་མིར་གནང་བྱུང་བ་བཞིན། སྐུ་གཞོགས་སུ་འབྱོར། དམ་པའི་ཆོས་ཀྱི་སྒོ་བསམ་གྱིས་མི་ཁྱབ་པ་བཀའ་དྲིན་དུ་ཞུས་པ་ཡང་བསྩལ། དེ་ནས་སོག་ཡུལ་དུ་ཕེབས་པའི་སྐབས་དད་ཅན་རྣམས་ཀྱིས་ཕུལ་བའི་གོས་ཡུག་ཤིན་ཏུ་མང་བ་ཕྱག་ཏུ་བཞུགས་པ་རྣམས། སྔ་མ་བཞིན་འགྲོ་བའི་བསོད་ནམས་ཀྱི་རྟེན་བསྒྲུབ་པར་བཞེད་ཏེ། གོས་སྐུ་སྔ་མའི་སྐབས་ལས་ཀྱང་ཆེས་རྒྱུ་ཚོགས་བཟང་པོའི་གོས་སྐུ་ཁྱད་པར་ཅན་བསྒྲུབ་པར་དགོངས་ཤིང༌། འདི་སྐབས་ཀྱང་གོས་ཡུག་ཆེན་པོ་སྟོང་ཕྲག་སྐོར་སོང་ཞིང༌། ཇུས་གསར་རྙིང་སྔོ་ལྗང་མཆིན་ཁ་སོགས་གསེར་མ་ཆེས་ཤིན་ཏུ་བཟང་བ་རང་ཡང་དཔག་ཏུ་མེད་པ་འདོན་པར་མཛད་འདུ་བྱེད་པ་སྤྲུལ་སྐུ་སྨན་ཐང་བ་སོགས་ཀྱང་བཀའ་བསྩལ་གྱིས་བསྡུ་བར་མཛད་དེ། རྣམ་རྒྱལ་རབ་བརྟན་གྱི་ནུབ་ཕྱོགས་ཀྱི་ས་ཁད་སྙོམས་པ་ཞིག་ཏུ། གཟའ་ཚེས་དགེ་བ་ལ་སྤྲུལ་སྐུ་སྨན་ཐང་བས་སྐྱ་རིས་བཏབ་ཉི་མ་གཉིས་ཙམ་ལ་སྐྱ་རིས་རྣམས་ཡོངས་སུ་རྫོགས། དེ་འཕྲལ་དུ་རྩེའི་མཆོད་ཁང་ཞིག་གི་ཁྱམས་སུ་བཟོ་པ་རྣམས་ཀྱིས་བཟོ་བཙུགས་ཏེ། ཟླ་བ་གཅིག་ལྷག་ཙམ་ནས་ཡོངས་སུ་རྫོགས་པར་འགྲུབ། འདི་
ཡང་སྔར་གྱི་གོས་སྐུ་ཆེན་མོའི་འཁོར་གྱི་ཚུལ་དུ། འཕགས་པའི་གནས་བརྟན་ཆེན་པོ་བཅུ་དྲུག །རྒྱལ་ཆེན་བཞི། ཧ་ཤང༌། དྷརྨ་ཏ་ལ། གཞན་ཡང་ལྷ་ཆེན་འགའ་ཞིག་དང་བཅས་དཀྱུས་ཀྱི་རིང་ཐུང་གོས་སྐུ་ཆེན་མོ་དང་མཉམ་ཞིང༌། ཞིང་ནི་གཉིས་ཀར་ལ་ཕན་ཚུན་འདོམ་དྲུག་ཙམ་ཡིན་པ། བཟོ་ཁྱད་མཚར་བའི་ཕུལ་དུ་ཕྱིན་པ་བྱུང༌། གཟའ་ཚེས་བཟང་བ་ལ་བདག་ལ་རབ་གནས་གྱིས་ཞེས་བཀའ་སྩལ་ཏེ། འཁོར་ལོ་བདེ་མཆོག་གི་དཀྱིལ་འཁོར་ཆེན་པོ་ཞལ་ཕྱེ་ཞིང༌། རབ་གནས་ཀྱི་ཆོ་ག་བྱིངས་རྣམས་ལེགས་པར་གྲུབ་པ་ན། གཙུག་ལག་ཁང་གི་བྱང་དངོས་སུ་ལེགས་པར་བཀྲམ་སྟེ། འདྲེན་པ་ཁུ་དབོན་གཉིས་གཙོ་བོར་བཞུགས་པའི་དགེ་འདུན་པ་རྒྱ་མཚོའི་ཚོགས་ཐམས་ཅད་ཀྱིས་བརྟན་བཞུགས་ཤིས་བརྗོད་དང་བཅས་ཏེ་མེ་ཏོག་གཏོར། དེ་སྐབས་ནམ་མཁའ་ལ་འཇའ་འོད་ཀྱི་གུར་ཁྱིམ་རིམ་བརྩེགས་མང་པོ་དང༌། མེ་ཏོག་གི་ཆར་འབེབས་ཤིང་ཉི་ཟླ་སྐར་གསུམ་འཛོམས་པ་སོགས་ཡ་མཚན་པའི་ལྟས་མང་པོ་བྱུང༌། དེ་ནས་སླར་ཡང་མི་འཇིགས་སེང་གེའི་ཁྲི་ལ་ཆོས་ཀྱི་རྗེ་རིན་པོ་ཆེ་ཉིད་བཞུགས་པ་ལ། བདག་ཅག་རྣམས་ཀྱིས་ཤིས་བརྗོད་མངའ་གསོལ་བགྱིས། རྗེ་བཙུན་བླ་མ་སྐུ་ཚེ་བརྟན་པ་ལ་སོགས་པའི་རྟེན་འབྱུང་གི་སྒོ་འགྲིག་པར་ངེས་ཤེས་སྐྱེས། ཉིན་ཕྱེད་ཙམ་ལ་བསྟན་པའི་གཙོ་བོ་རྗེ་བཙུན་ཁུ་དབོན་རྣམ་གཉིས་སྐུ་ཆས་ཤིན་ཏུ་ཟབ་པ་སོགས་ཀྱིས་མཐོང་བ་ཙམ་གྱིས་མཆོག་ཏུ་ཟིལ་ཆེ་བའི་སྐུའི་རྣམ་ཆ་རིན་པོ་ཆེའི་ཁྲི་ལ་ཞབས་ཟུངས་བརྟན་པར་མཛད། ཕྱག་ཕྱིར་བདག་དང་མཁས་པའི་དབང་པོ་དུས་ཞབས་
པ་ཆེན་པོ་བྱམས་པ་ལྷུན་གྲུབ་པ་དང༌། དྲུང་པ་ཀ་དྲུག་པ་དང༌། དྲུང་པ་དཀྱིལ་སྲང་བ་དང༌། དྲུང་པ་འོལ་བ་སོགས། བླ་མ་སློབ་དཔོན་ཤིན་ཏུ་མང་བ་དང༌། ལྷ་བཟོ་བ་གནས་བརྟན་ཆེན་པོ་བློ་བཟང་རྒྱ་མཚོ་བ་ལ་སོགས་པ་བཟོ་རིས་པ་ཐམས་ཅད་དང༌། གྲྭ་ནང་གླིང་གསུམ་གྱི་མི་སྡེ་ལ་སོགས་པའི་དྲག་བསྡུས་འབའ་ཞིག་པ་ལ་གྲྭ་པ་ལྔ་རྒྱ་ཙམ་བྱུང་ཞིང༌། ལྷ་ཁང་ཤོད་གོ་མཚམས་མེད་པར་གང་བའི་སྟོན་མོའི་བཀོད་པ་བསམ་གྱིས་མི་ཁྱབ་པ་གཙང་ཞིང་གྱ་ནོམ་པ། སྔོན་ཐུབ་པ་ཆེན་པོ་འཕགས་པའི་དགེ་འདུན་དང་བཅས་པ་ལ། ལྷ་དང་མི་ཡི་རྒྱལ་པོ་རྣམས་ཀྱིས་བསྙེན་བཀུར་བའི་རྣམ་ཆ་ལ་ཡང་འདི་ལྟ་བུའོ། །ཞེས་རྗེས་སུ་དཔོག་པར་བསྐྱེད་ཅིང༌། བདག་ཅག་རབ་གནས་བགྱི་བ་རྣམས་ནས་བརྩམས་གང་ལ་གང་འོས་ཀྱི་ཡོན་རྫོངས་གནང་སྦྱིན་གཞལ་བར་དཀའ་བས་གཙུག་ལག་ཁང་ཆེན་མོ་དེ་ཉིད་ཀྱང་བུན་ལོང་དུ་གྱུར་ཞིང༌། ཕུན་སུམ་ཚོགས་པའི་དགེ་མཚན་ནམ་མཁའ་ལ་རེག་པར་གྱུར་ཏོ། །དེ་དུས་བདག་གིས་ཀྱང་སྐུ་དྲུང་དུ་ཟླ་བ་བཞིར་ཉེ་བར་བསྡད་ཅིང༌། བཀའ་བསྩལ་ནན་གྱིས་གནང་བ་ལ་བརྟེན་ནས། བདག་ལྟ་བུ་ལ་འབུལ་བའི་ནུས་པ་གཏན་མེད་ཀྱང༌། བླ་མའི་བཀའ་བསྩལ་དེ་ཉིད་བྱིན་རླབས་ཀྱི་སྒོ་ཡིན་པར་བསམ་ནས། དགོངས་བཞེད་ཀྱི་ཆོས་ཐམས་ཅད་འབུལ་བའི་ལུགས་སུ་བགྱིས། དེ་དག་ཀྱང་བསམ་མི་ཁྱབ་ཀྱི་ཡན་ལག་བླ་མ་སྒྲུབ་པ། ཕྱག་རྒྱ་བཞིའི་སྙིང་པོ་ཡེ་ཤེས་འཆར་བ། དྲན་པ་གཅིག་པ། སྒྲོན་མེ་གཅིག་པ། ཡན་ལག་དྲུག་
ལ། ཛཱ་ལན་དྷ་རའི་དོ་ཧའི་སྐོར། སེམས་ཀྱི་ཕྱག་རྒྱ་ཡི་གེ་བཞི་པ། རང་བྱིན་གྱིས་བརླབས་པའི་རིམ་པ་དང༌། རྔོན་པའི་གདམ་ངག །ཕག་མོ་སྣ་ཚོགས་མདོག །ཕག་མོ་ཀེང་རུས་ལ་བཞུགས་པ། རིག་པ་འཛིན་མ་རྩེན་མ། ཁམས་གསུམ་དབང་བསྡུད་ཀྱི་སྤྱན་རས་གཟིགས། ནག་པོ་ཆེན་པོའི་སྒྲུབ་ཐབས་རིགས་གསུམ་ཙམ། ཕག་མོ་ཅ་ཅོ་སྒྲོགས་མ། བདག་མེད་མ་དང་བའི་རྡོ་རྗེ་མ་ལ་སོགས་པ་རྣམས་དང༌། རྡོ་རྗེ་ཐེག་པའི་ལམ་བཟང༌། བཀའ་བབས་བདུན་ལྡན་གྱི་སྐོར་རྣམས་ཏེ་སློབ་དཔོན་ཆེན་པོ་ཞི་བ་སྦས་པ་ནས་བརྒྱུད་པ་རྣམས་དང༌། ས་ལུགས་ཀྱི་དམར་མོ་སྐོར་གསུམ་ལ་སོགས་པ་མང་དུ་ཕུལ། བདག་ཕྱིར་འོང་ཁར་བརྟན་བཞུགས་ཟབ་རྒྱས་སུ་ཕུལ་ནས། མྱུར་དུ་མཇལ་བར་སྨོན་ལམ་བཏབ་ནས་སྟོད་ཕྱོགས་ལ་འོང་ཞིང༌། དུས་འདི་སྐབས་ཕྱིན་ཆད་ནས་ཕལ་ཆེར་རྣམ་རྒྱལ་རབ་བརྟན་ཉིད་དུ་ཡང་དག་འཇོག་ཉིད་ལ་གཙོ་བོར་བཞུགས་ཤིང༌། རྣམ་རྒྱལ་རབ་བརྟན་གྱི་མདུན་ངོས་ཀྱི་རི་དེ་ལ་ས་དཔྱད་ལ། རྡོ་རྗེ་ཕག་མོ་དང༌། གུ་རུ་པདྨ་སམ་བྷ་ཝ་དང༌། ནོར་བུ་དགའ་འཁྱིལ་གྱི་གཟུགས་བརྙན་འདྲ་རུང་དུ་ཡོད་པ་དེ་རྣམས་དངོས་སུ་ཡེ་ཤེས་ཀྱི་གཟིགས་པའི་གསལ་སྣང་ལ་ཡང་ཡང་ཤར། འདི་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་གནས་ཆེན་བྱིན་རླབས་ཅན་གྱི་ཚུལ་དུ་ཡང་སྤྲུལ་ནས་སེམས་ཅན་གྱི་དོན་མཛད་པར་བཤད་པ་བཞིན། ཇི་ལྟ་བའི་དངོས་གནས་ཀྱི་གནས་ཚུལ་གཟིགས་པ་ཡིན་གྱི་ཉམས་ཀྱིས་སྣང་བ་ཙམ་ནི་མ་ཡིན ནོ། །དེའི་ཕྱིར་དེ་དག་ས་རྡོ་ཕལ་
པར་བལྟ་བར་མི་བྱའོ། ལུག་ལོར་རྣམ་རྒྱལ་རབ་བརྟན་དུ་མགོན་ཁང་གསར་བཞེངས་གནང༌། ལ་སྟོད་ཉི་ཤར་བ་ཡིན་པའི་ལྷ་བཟོ་བླུན་བླུན་འདྲ་བ་ཞིག་གིས་འདུ་བྱས་པའི་ཡེ་ཤེས་ཀྱི་མགོན་པོ་ཕྱག་བཞི་པའི་སྨན་སྐུ་དངོས་བྱོན་འདི་ཉིད་བཞེངས་པར་གནང་སྟེ། མགོན་སྐུ་དེ་ནི་བཟོ་ཁྱད་མཁས་པའི་ཕུལ་དུ་ཕྱིན་པའི་རིག་བྱེད་པ་མཐའ་ཡས་པའི་བློ་གྲོས་བསྡུ་བར་ཡང༌། བློ་ལ་མི་འཆར་བའི་བཟོ་བཀོད་ཕུན་སུམ་ཚོགས་པར་རང་བྱུང་འདུག་ཅིང༌། སྐུ་ལ་ནམ་ཡང་རྡུལ་མི་ཆགས་པ། སྐུ་ཚད་དངོས་གནས་ལ་མི་ཚད་གཞོན་ཙམ་དུ་འདུག་ནའང་མ་བརྟགས་པའི་ཚེ་སྐུ་ཚད་ཆེས་ཆེ་བ་ལྟར་སྣང་བ། མཐོང་བ་ཙམ་གྱིས་དགའ་བ་དང་འཇིགས་པ་དང་བག་དྲོ་བ་དང༌། དཔའ་ཉམས་སྐྱེ་བ་ལ་སོགས་པའི་སེམས་ཉམས་དུ་མ་འཆར་ཐུབ་པ་ཞིག་སྣང་སྟེ། འདི་བཞེངས་པའི་སྐབས་སུ་ཤིན་ཏུ་འཚུབ་འགྱུར་ཆེ་བ་བྱུང་ཞིང༌། མཚན་མོ་ལྟ་ཅི་སྨོས་ཉིན་མོ་ཡང་ས་ཕྱོགས་དེར་ཟིལ་གྱིས་མི་ཚུག་པ་ཙམ་བྱུང་འདུག་ཅིང༌། ཁྱད་པར་ལྷ་བཟོས་དངོས་སུ་མཐོང་བ་ལ། ཁྱི་ནག་ཤིན་ཏུ་ཆེ་བ་མེ་སྟག་ལྟ་བུའི་མིག་ཡོད་པ་ཞིག་ཁོང་རང་གི་རྩར་མངོན་སུམ་དུ་བྱུང༌། གཞན་ཡང་མེ་འབར་བ་སོགས་ཆོ་འཕྲུལ་མང་དུ་བྱུང་བར་སྣང༌། འདིའི་གཟུངས་བཞུགས་སུ་དཔལ་ཆེན་རྒ་ལོའི་ཐུགས་དམ་རྟེན་ལ་སོགས་པ་བྱིན་རླབས་རྟེན་དཔག་ཏུ་མེད་པ་བཞུགས། དེ་ཉིད་མགོན་ཁང་དུ་སྤྱན་འདྲེན་པ་མཛད་དོ། །གཞན་ཡང་གཉན་ཐོག་པའི་རྡོ་རྗེ་འཛིན་པ་རྣམས་ཀྱི་ཐུགས་དམ་རྟེན། བདེ་མཆོག་མགོན་པོ་ཕུར་བ། གཤིན་རྗེ་གཤེད་ལ་སོགས་
པ་བྱིན་རླབས་ཅན་གྱི་རྟེན་དུ་མ་དང༌། རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་ཀྱི་རྟེན་སྐུ་བྱིན་རླབས་ཅན་ཕྱག་བཞེངས་གནང་བ་ཡང༌། ཁང་བཟང་དང་བཅས་པ་རྟེན་འབྲེལ་དུ་མ་དང་བཅས་པའི་བཞུགས་སུ་གསོལ་སྤྱན་གཟིགས་མཆོད་རྫས་བསམ་གྱིས་མི་ཁྱབ་པ་གཏིབས་པར་གནང༌། ཡང་མགོན་པོའི་དངུལ་སྐུ་རྐང་གང་མ་ཞིག་ཀྱང་བཞེངས་པར་གནང་ཞིང༌། སྔ་ཕྱི་ཞལ་ཐང་བཞེངས་པར་གནང་བ་ནི་བགྲང་བར་མི་སྤྱོད་པས་མ་བྲིས་སོ། །གཞན་ཡང་རྣམ་རྒྱལ་རབ་བརྟན་གྱི་གནས་མཆོག་འདིར། རྗེ་བཙུན་མ་འཕགས་མ་སྒྲོལ་མ་དཀར་མོའི་ཞལ་གཟིགས་ཡང་ལན་མང་དུ་བྱུང་བར་སྣང༌། ལོ་རེ་བཞིན་དབྱར་ཐོག་ལ་སྐུ་ཆབ་མཚན་ཏུ་བཞུགས་པ་རེ་གནང་བ་དང་སྦྲགས། བྱང་ཕྱོགས་ཀྱི་འབྲོག་རིས་དང༌། ཧོར་སོགས་ཀྱི་འགྲོ་དོན་རྒྱ་ཆེར་གནང་ནས་ཕལ་ཆེར་གནས་མཆོག་དམ་པ་རྣམ་རྒྱལ་རབ་བརྟན་ཉིད་དུ་གདན་ཕེབས། རིམ་པར་གཟིམ་ཁང་ཚོམ་ཆེན་སོགས་ཀྱང་ལེགས་པར་གྲུབ། དེ་ནས་བཞུགས་ཡུལ་ཡེ་འུར་མཛད་ཅིང༌། དེར་ཕྱིན་མི་དང་ཕྱག་གཡོག་བྱིངས་མི་འགྲོ་ཞིང༌། དཔོན་སློབ་ཉུང་བསྡུས་ཙམ་ཕྱི་མཚམས་ཁོ་ནས་བཞུགས་པ་དང༌། དོན་མི་འགང་ཆེ་བ་རྣམས་ལ་ཡུག་རེ་ཚོམས་ཆེན་དུ་མཇལ་འཕྲད་གནང༌། གཞན་ངོར་ཚུལ་སྟོན་པ་ལ་འདི་སྐབས་ཐུགས་དམ་རྟོགས་པ་གོང་ནས་གོང་དུ་འཕེལ་བ་ལ། སྔ་དགོང་གཞན་གང་ལས་ཀྱང་བོགས་ཆེ་བའི་ཚུལ་དུ་བྱུང༌། སྔོན་སྐྱེར་རྒང་བ་ཆེན་པོ་ལ། ཏེ་སེའི་རི་པ་རྣམས་ཀྱིས་ཞུས་པ་ལྟར་འདུག་པ་དམ་པ་འདིས་སྔོན་དུ་བསྙེན་པ་ཆེད་
དུ་གནང་བ་རྣམས་ཕར་བཞགས། ད་ལྟ་མི་ཚིག་དང་འདྲེས་མར་གསུངས་བཟླས་གནང་བ་རྣམས་ཀྱང་གྲངས་མ་བཏབ། ལྷ་གཞན་དང་གཞན་གྱི་གསུངས་བཟླས་གནང་བ་རྣམས་ཀྱང་བོར་ནས། ཉིན་མཚན་སྔ་དགོང་སོ་སོའི་ཐུགས་དམ་ཐུན་གྱི་གསུངས་བཟླས་འབའ་ཞིག་བསག་པ་ལའང༌། ཕྱག་འཕྲེང་སྔ་མ་ཞིག་གི་སྟེང་ནས་བདེ་མཆོག་གི་ཉེ་སྙིང་རང་ཡང་དུང་ཕྱུར་དུ་ཉེ་བ་ཙམ་དང༌། ད་ལྟའི་ཕྱག་འཕྲེང་འདི་ཀའི་སྟེང་ནས་ནི་དུང་ཕྱུར་ལྷག་ཙམ་ཡང་སོང་བར་སྣང་ངོ༌། །ཐུགས་དམ་གྱི་རིམ་པ་གཞན་ཡང་འདིས་དཔག་པར་ནུས་པས། རྒྱལ་བ་རྒོད་ཚང་བ་ཆེན་པོ་སྤྲོས་མེད་ཀྱི་ངང་ནས་སྤྲོས་བཅས་ཀྱི་ཐུགས་དམ་མི་བཅུས་ཀྱང་མི་ཟིན་པ་ཙམ་མཛད་པར་གྲགས་པ་ཡང་འདི་ལས་གཞན་དུ་ཅི། ཁྱི་ལོའི་དབྱར་སྨད་ཀྱི་དུས་གསོལ་གྱི་སྙུང་རོ་ལངས་པའི་རྣམ་པས། སྐུ་ཤིན་ཏུ་བསྙེལ་བའི་ཚུལ་གྱི་སྐུ་ཁམས་དུབ་པར་བཞུགས་པ་ལ། སྨན་དཔྱད་སོགས་ཀྱིས་འཕྲོད་བརྟེན་ཅིས་ལེགས་ལམ་འབུལ་བཞིན་ཡོད་པའི་སྐབས། རྗེ་བཙུན་རྡོ་རྗེ་འཆང་ཆེན་པོ་ལྷ་དབང་གྲགས་པའི་ཞབས་ཀྱིས་བདུད་རྩིའི་རིལ་བུ་སྒྲུབ་པར་གནང་བས་སྐུ་སྐལ་འབུལ་བའི་གདོང་གྲོགས་བདག་ལ་གྱིས་ཞེས་བཀའ་བཀོད་གནང་བ་དང༌། བདག་གི་རྨི་ལམ་གྱི་ལྟས་ལ། རྗེ་ཉིད་མཁའ་འགྲོ་མ་གཉིས་ཀྱིས་སྤྱན་འདྲེན་པ་ལྟར་འདུག་པ་ལ། བདག་གིས་གསོལ་བ་དྲག་ཏུ་བཏབ་པས་བཤོལ་ཐེབས་པའི་སྣང་བ་ཞིག་བྱུང་བ་ལ་བརྟེན། བརྟན་བཞུགས་ཤིག་དང་སྦྲགས་ཕོ་ཉ་ཟུང་འབྲེལ་མྱུར་ཤན་དུ་བརྫངས།
ཁོང་རྣམས་ཀྱིས་སྐུ་དྲུང་དུ་ཕྱིན་དུས་སྐུ་ཁམས་ཤིན་ཏུ་བསྙེལ་བ་རང་གིས་སྐུ་མཚམས་དམ་པོར་ཡོད་འདུག་པ། ཐོག་མར་བརྡ་ལེན་འཕྲོད་དཀའ་ཙམ་བྱུང་འདུག་ཀྱང་ཐུགས་རྗེས་འཕྲལ་དུ་འབུལ་ཐུབ་འདུག་ཅིང་དེ་མ་ཐག་བཞུགས་གདན་ལས་ལྡིངས་བར་ཡང་གནང་ཞིང༌། ཤིན་དུ་དགྱེས་པ་ཆེན་པོས་ད་ནི་ཁམས་བདེ་བར་འོང་ཞེས་བཀའ་བསྩལ་བ་བཞིན། ཉིན་རེ་བཞིན་ཇེ་དྭངས་ལ་སོང༌། ཞག་བཅུ་སྐོར་ཙམ་ནས་སོར་ཆུད། བླ་མ་ཉིད་ཀྱི་ཐུགས་རྗེས་དང༌། བདག་ཅག་གི་མོས་པ་དང༌། གྲུབ་ཐོབ་རྣམས་ཀྱི་རྟེན་འབྲེལ་ཕྱིན་ཅི་མ་ལོགས་པའི་རྟགས་སུ་སྣང་ངོ༌། ༈ མོས་གུས་ཨནྡ་རྙིལ་གྱི་མེ་ལོང་དུ། །ཡ་མཚན་གཟུགས་བརྙན་མ་འགགས་འདིར་ཤར་ཏེ། །རྒྱུ་རྐྱེན་ལེགས་པར་ཚོགས་པ་གང་ཡིན་ལས། །ངེས་པར་འབྲས་མཆོག་སྨིན་པ་དངོས་པོའི་གཤིས། །དབང་བཅུ་བརྙེས་རྣམས་གཤིན་རྗེའི་གྲོང་བཅོམ་ནས། །དུས་ཀྱི་ཉིན་པར་གྱུར་པ་སྲིད་མ་ཡིན། །བཻཌཱུར་ས་གཞིར་ལྷ་དབང་གཟུགས་བརྙན་བཞིན། །དད་པའི་ས་གཞི་རྙོག་བྲལ་མ་བྲལ་ཁྱོད། །དེ་སླད་དད་པའི་དབང་པོའི་བརྟས་པ་ལས། །ཞབས་པད་ཡུན་རིང་འཚོ་ཞིང་གཞེས་པ་འདིས། །སྲིད་པའི་མུན་པར་དམ་ཆོས་ཉི་མ་ཡི། །བསྐལ་བཟང་གྱུར་པ་འདི་ལས་ངོ་མཚར་གང༌། །ཞེས་བཤད་སྒྲུབ་ཀྱིས་འགྲོ་བའི་དོན་བླ་ལྷག་ཏུ་གྱུར་པ་དང༌། །མོས་གུས་ཀྱི་མཐུ་གསལ་བར་བསྟན་པ་ལས་བརྩམས་ཏེ་བསྙད་པའི་སྡེ་ཚན་ཏེ་བཅུ་པའོ། དེ་སྐབས་བཀའ་གནང་ལ། བདག་ལ་ཕག་ལོའི་ནང་དུ་ཅིས་ཀྱང་སླེབས་པར་
གྱིས་ཞེས་ཕེབས་པ་བློ་ལ་བཞགས་ཏེ། ཕག་ལོའི་ནང་དུ་ཅི་སླེབས་ཀྱི་རྩིས་བྱས་རུང༌། བྲེལ་བས་བག་ཙམ་འགྱངས་ཏེ། བྱི་ལོ་ཧོར་ཟླ་དང་པོའི་ཚེས་བཅོ་ལྔ་ལ་ཞབས་དྲུང་དུ་སླེབས། ཞལ་མཇལ་མ་ཐག་ཤིན་ཏུ་དགྱེས་པ་ཆེན་པོས་ཞལ་འཛུམ་གྱིས་བསུ་བར་གནང་བྱུང་བས། དད་པ་དང་དགའ་བས་བསྐུལ་བའི་ལུས་སེམས་བཟུང་མི་ཐུབ་པ་ལྟ་བུས་སྣང་བ་བན་བུན་དུ་འགྲོ་བ་ཞིག་བྱུང་ཞིང༌། སྔ་མ་ཐམས་ཅད་ལས་ཀྱང་འདི་སྐབས་སུ་ལྷག་པར་ཐུགས་རྗེས་བཟུངས། ཆོས་དང་གདམས་ངག་ཟབ་དགུ་ཐམས་ཅད་བཀའ་དྲིན་དུ་ལྷུག་པར་བསྩལ་ཏེ། དཔལ་རི་བོ་ཆེའི་གདན་རབས་ནས་བརྒྱུད་པའི་གདམས་ངག་ཡོངས་སུ་རྫོགས་པ་དང༌། འགྲོ་མགོན་ཕག་གྲུའི་བཀའ་འབུམ། མགོན་པོའི་ཉམས་ཁྲིད་རྒྱབ་བརྟེན་ཆོས་སྐོར་མཐའ་དག་དང་བཅས་པ་བཀའ་དྲིན་ནོད་པས་མཆོག་ཏུ་ཚིམ་པ་ཐོབ། བདག་སྐུ་དྲུང་དུ་སླེབས་ཙ་ན་སྐུ་ཁམས་ཅུང་ཟད་དུབ་པ་ཞིག་སྣང་ཞིང༌། དེ་མཐུན་གྱི་བླ་མ་ཉིད་ཀྱིས་བཀའ་གནང་ཁུར་ལེན་པའི་གྲུབ་རྒྱལ་མ་དང་ལྷ་དགུ་མའི་ཚེ་དབང་བརྒྱ་རྩ། རྣམ་འཇོམས་ཀྱི་ཁྲུས་བྱབ་སོགས་ཕུལ་བས་སྐུ་ཁམས་དྭངས་སྐྱེད་ཤིན་ཏུ་ཆེ་བར་བྱུང་ཞིང༌། དེ་རྗེས་སུ་བརྟན་བཞུགས་གསོལ་འདེབས་ཤིག་ཀྱང་ཕུལ་བས་རྟེན་འབྲེལ་ཤིན་ཏུ་ལེགས་ཤིང༌། སྐུ་ཁམས་ཤིན་ཏུ་བཟང་བར་བྱུང༌། སྤྱིར་ནས་རྗེ་རིན་པོ་ཆེ་འདི་ཉིད་སྐུ་བསྙེལ་བ་ལྟར་སྟོན་པ་འདི་དག་ནི། གཞན་ངོར་རྟོགས་པ་ཁྱད་པར་ཅན་རེ་མངོན་དུ་གྱུར་བའི་ལྷོངས་ཀྱི་ཚུལ་ཡིན་པར་སྣང་བས། སྐུ་བསྙུན་པར་གྱུར་བའི་ཚེ་ཟླ་བ་མང་པོར་
ཕྱག་རྩ་རྣམས་མི་མངོན་པ་སོགས་ནི་ད་ལྟའི་སྐྱེ་བོ་རྣམས་ཀྱིས་རང་བློ་དང་བསྟུན་པའི་སྣ་ཚོགས་པར་གླེང་བ་ཞིག་ཡོད་ནའང༌། དངོས་གནས་ནི་རྩ་རྣམས་དབུ་མར་དག་པ་དང༌། རླུང་རྣམས་ཐིག་ལེར་ཐིམ་པའི་མངོན་རྟགས་ཁྱད་པར་ཅན་དུ་སྣང་ལ། དོན་དམ་པར་ནི་གཞན་རྣམས་ཀྱིས་སྐུའི་རིམ་འགྲོ་བགྱིད་པ་ལ་སོགས་པས་ཀྱང་བསོད་ནམས་ཀྱི་ཚོགས་རྒྱ་ཆེན་པོ་སྤེལ་བའི་སླད་དུ་ཚུལ་དེ་བཞིན་དུ་སྟོན་པར་མཛད་པ་ཡིན་ནོ། བར་སྐབས་འདིར་ཧོར་སྟོད་སྨད་རྣམས་ཀྱི་དཔོན་རྣམས་ཐམས་ཅད་སྟག་ལུང་ཉིད་དུ་འཛོམས་པ་ལ། ལེགས་བསྒྲིགས་ཀྱི་བཀའ་བསྩལ་ཡང་དག་པར་གནང༌། སྔ་གོང་ཁྱི་ལོར་ཞིག་གསོས་ཀྱི་དགོངས་པ་ཤར་ཡང་སྡེ་གཟར་ལ་བརྟེན། འཐེན་པ་གནང་དགོས་ཤར། སླར་འདི་སྐབས་ཕྱག་གི་དངོས་པོ་བུང་ཆེ་བ་ཞལ་ངོ་སོ་སོར་བསྩལ། གླིང་གི་སྤྱིལ་བུར་ཞིག་གསོས་གནང་སྟེ། སྤྱིལ་བོ་བརྒྱ་དང་བརྒྱད་བཞེངས། མངའ་ཞབས་ལ་བུ་ཁྲལ་གནང་དུས་བཙུན་པ་བརྒྱ་ཉི་ཤུ་ཙམ་རབ་ཏུ་འབྱིན་པར་མཛད་དོ། །དེ་ནས་དབྱར་སྟོད་དེ་ཆབ་ཚན་ལ་ཕེབས་པ་དང༌། སྐུ་ལ་ཤིན་ཏུ་འཇུག་པར་འབྱུང་ཞིང༌། བྱང་རིགས་ཀྱི་སེམས་ཅན་རྣམས་ཀྱི་འགྲོ་བའི་དོན་ཅི་རིགས་པར་མཛད་དེ། སླར་ཡང་གནས་མཆོག་དམ་པ་ཉིད་དུ་ཕྱག་ཕེབས། འདི་སྐབས་བདག་གིས་ཞབས་པད་ཟླ་བ་དྲུག་ལྷག་ཙམ་འབྲལ་མེད་དུ་བསྟེན། གདམ་ངག་ཟབ་མོ་ལྷུག་པར་སྩལ། ཟབ་ཆོས་ཀྱི་གླེགས་བམ་མང་པོའང་བདག་ལ་གནང་སྟེ། རྒྱ་ཆེར་ཤོད་ཅེས་བཀའི་
གནང་བ་བྱུང༌། རྗེ་བཙུན་དམ་པ་འདིས་བདག་ལ་དམ་པའི་ཆོས་ཀྱི་བཀའ་དྲིན་རྣམས་ལྟ་སྨོས་ཀྱང་ཅི་དགོས་འཇིག་རྟེན་ངོ་དང་བསྟུན་པའི་བཀའ་དྲིན་ཡང༌། ཚེ་འདིར་ནམ་ཡང་འཁོར་བའི་ཐབས་མེད་པའི་ཇི་སྲིད་མངོན་པར་སངས་མ་རྒྱས་ཀྱི་བར་དུ་གསོབ་པར་བགྱིད་ཅིང༌། ནམ་ཞིག་མངོན་པར་རྫོགས་པར་སངས་རྒྱས་པའི་ཚེ། སེམས་ཅན་གྱི་ཁམས་རྒྱ་མཚོ་འཁོར་བ་ལས་བསྒྲལ་བ་དེའི་ཚེ་སྐྱབས་གནས་མཐར་ཐུག་དམ་པ་ཁྱེད་ཀྱིས་བདག་ལ་བཀའ་དྲིན་སྩལ་པ་ཐམས་ཅད་ཀྱི་དྲིན་ལན་བསབས་པ་ཡིན་ནོ་སྙམས་དུ་སེམས་མོ། །བདག་གིས་ཇི་ལྟར་བཀའ་དྲིན་དུ་ནོད་པའི་དམ་པའི་ཆོས་ཀྱི་སྒོ་རྣམས་ནི་གཞན་དུ་བྲིས་ཟིན་པས་འདིར་མ་བརྗོད་དོ། །འདི་སྐབས་ཐོ་མིས་ཀྱི་རྒྱལ་བརྒྱུད་དུ་གཏོགས་པ། སོག་པོའི་རྒྱལ་པོ་ཁ་དན་བག་དུར་ཡང་མཇལ་ཞིང་བཀའ་ཆོས་ཀྱི་འབྲེལ་བ་ཞུར་བྱུང༌། སྔ་གོང་མཇལ་མ་མྱོང་འདུག་ནའང་མཆོག་ཏུ་གུས་པ་ཆེན་པོས་ཡིད་ཀྱིས་གསོལ་བ་འདེབས་པར་སྣང༌། དེ་ནས་བདག་ཅག་རྣམས་སྐུ་གཞོགས་ནས་ཡོང་དུས་བཞུགས་གདན་ཕུལ་ཞིང༌། ཚོགས་ཀྱི་འཁོར་ལོ་དང་བཅས་ཞབས་པད་བརྟན་པར་གསོལ་བ་བཏབ་མཆོག་ཏུ་དགྱེས་པ་ཆེན་པོས་འཚོ་ཞིང་བཞུགས་པར་ཞལ་གྱིས་བཞེས་པའི་ཕྱིར་འཕགས་པའི་ཚིག་མི་བསླུ་བ་ཡིན་པས། བདེ་བ་དང་ཡིད་བདེ་བ་བླ་ན་མེད་པ་ཐོབ་པར་གྱུར་ཏོ། །གང་ཞིག་ཞབས་ཟུང་སྲིད་ཞིའི་སྐྱབས་གཅིག་པུ། །མི་འགྱུར་གཡུང་དྲུང་དཔལ་
གྱིས་མངོན་རྒྱས་པ། །འདི་ཉིད་ཁོ་ནས་མཐའ་དག་འགྲོ་བ་རྣམས། །ཆོས་དང་སྲིད་ཀྱིས་སྐལ་བཟང་ཕུན་ཚོགས་ཐོབ། །འབུམ་ཕྲག་རྒྱུ་སྐར་ཡོད་དམ་མེད་ཀྱང་བླ། །ཉིན་བྱེད་མགོན་དང་བཅས་ན་ཉིན་མོར་གྱུར། །སྲིད་གསུམ་ཕུན་ཚོགས་གཞན་ནི་ཅི་བདེར་གྱིས། །རྒྱལ་ཁྱོད་མཆོག་ཏུ་བསྟན་པའི་བཀའ་དྲིན་འཚལ། །དཔག་ཡས་རྒྱལ་བ་སྲས་བཅས་ཐམས་ཅད་དང༌། །བསྟན་སྲུང་རྣམས་ཀྱང་མགོན་པོ་ཁྱོད་ཉིད་ཀྱི། ཞབས་པད་བསྟེན་པའི་ཐབས་བཟང་མཛོད་ཅིག་ཅེས། །འདི་ཉིད་ཁོ་ན་གསོལ་བ་གདབ་པར་བྱ། །ཞེས་པ་འགྲོ་བ་ཐམས་ཅད་ཀྱི་བསོད་ནམས་ཀྱི་ཞིང་དུ་འཚོ་ཞིང་གཞེས་པ་བདེན་པའི་ཚིག་གིས་ཞལ་གྱིས་འཆེས་པ་ལས་བརྩམས་ཏེ་བསྙད་པའི་སྡེ་ཚན་ཏེ་བཅུ་གཅིག་པའོ། དེ་བས་ན་ད་ལྟ་བདག་ཅག་འགྲོ་བ་ཐམས་ཅད་ཀྱི་མགོན་སྐྱབས་སུ་ཞབས་པད་བརྟན་པར་གདན་ཆགས་པ་འདིས་འཇིག་རྟེན་མཐའ་དག་བསྐལ་པ་བཟང་པོར་གྱུར་པ་ཡིན་ཞིང༌། ད་དུང་སྲིད་མཐའི་བར་དུ་ཞབས་པད་བརྟན་ནས་བཞུགས་པར་གསོལ་བ་འདེབས་སོ། །འདིར་སྨྲས་པ། གང་ཞིག་མཐའ་དག་རྒྱལ་བའི་གསང་བ་གསུམ། མགོན་པོ་ཁྱོད་ཀྱི་གསང་གསུམ་དཀྱིལ་འཁོར་ཉིད། །བརྗོད་བྲལ་བསམ་ཡས་དཔག་པར་དཀའ་བ་འདི། །གསུང་གི་རྡོ་རྗེ་ཅན་གྱིས་བརྗོད་བྱ་ཡིན། །ཡན་ལག་དྲུག་ཅུའི་དབྱངས་ལྡན་གསེར་མངལ་ཅན། ཚིག་གི་བདག་མོ་དབྱངས་ཅན་ལ་སོགས་ཀྱང༌། །ཆུ་གཏེར་ཆེན་པོ་སྐྱལ་བས་འཇུག་པ་བཞིན། །ཆ་ཤས་ཙམ་ཡང་གཞལ་བར་མི་དཔྱོད་ན། །མ་རིག་འཁྲུལ་འཁོར་རྣམས་
པར་འཁོར་བ་ཡི། །བྱིས་པ་རྨོངས་པ་དག་གིས་གོ་སྐབས་ཅི། །འོན་ཀྱང་བསྐལ་མཉམ་གཞན་ལ་ཕན་པ་དང༌། །རང་གི་བརྗེད་ བྱང་ཙམ་དུ་བྲིས་པ་འདིས། །མགོན་པོ ་ཁྱོད་ཀྱི་རྣམ་ཐར་ཡོངས་འཛིན་པའི། །གོ་འཕང་ཐོབ་པའི་རྒྱུར་ཡང་ཅིས་མི་འགྱུར། །དམ་པའི་ཡོན་ཏན་བརྗོད་པའི་བསོད་ནམས་ནི། །ནམ་མཁའི་ཁམས་སུ་ཤོང་བ་མིན་ཞེས་གསུངས། །འདིར་བརྗོད་གང་ཡིན་སེམས་ཅན་སྤྱི་མཐུན་ལ། །དངོས་སུ་སྣང་བ་ཁོ་ནས་ཆ་ཙམ་སྟེ། །ཆུང་ངུར་ཆེན་པོར་བསྔགས་པའི་སྒྲོ་བཏགས་ཀྱིས། །ཕུལ་བྱུང་གཏམ་གྱིས་བརྗོད་པ་ལྷུར་མ་བྱས། །ཀུན་གྱིས་ད་ལྟ་མངོན་གསུམ་མཐོང་བ་དང༌། །ཞབས་པད་ཡུན་རིང་བརྟན་པ་མང་བའི་ཕྱིར། །བདེན་རྫུན་རྟགས་དཔྱད་དངོས་སུ་བྱར་ཡོད་པས། །བརྟགས་ན་ཁོ་བོའི་ཚིག་འདིར་ཡིད་ཆེས་འགྱུར། དཔག་ཡས་རྒྱལ་བ་རྣམས་ཀྱི་རྣམ་ཐར་རྒྱ་ལ་མཚོར་འཇུག་འགྱུར་བ། །རྡོ་རྗེ་འཆང་དབང་རྣམ་པར་ཐར་པ་དལ་འབབ་ཆུ་རྒྱུན་ཆད་མི་མངའ། །དེ་ལས་མོས་བློའི་སྙིམས་པས་ཅུང་ཟད་བླངས་བའི་འགྲོ་ལ་སྦྱིན་པ་འདིས། །འགྲོ་ཀུན་སྙིང་གི་གདུང་བ་བསལ་ནས་རྒྱལ་བའི་རྣམ་ཐར་ཆེར་འཇུག་ཤོག །གཞན་ཡང་མཐའ་ཡས་སྲིད་འདིར་མ་ལུས་དགེ་ལེགས་དཔལ་གྱི་རོལ་བ་དང་འགྲོགས་པའི། །ཀུན་ཏུ་དགེ་བ་དང་བཅས་ཕྱོགས་ལས་བཀྲ་ཤིས་རྣམ་པར་རྒྱལ་བའི་དགེ་མཚན་ན། །རྒྱུ་དང་མི་རྒྱུ་འགྲོ་འདིའི་དཔལ་ མགོན་བྱང་ཆུབ་ཡེ་ཤེས་བཟང་པོ ་ཐོབ་གྱུར་ནས། །འཁོར་བ་ཇི་སྲིད་མ་སྟོང་བར་དུ་ལྷུན་འགྲུབ་རྒྱུན་མི་འཆད་
པའི་འཕྲིན་ལས་ཅན། །རང་གཞན་དོན་གཉིས་རྟག་ཏུ་འགྲུབ་གྱུར་ཅིག །སྲིད་གསུམ་རྒྱལ་བའི་གོ་འཕང་ཐོབ་གྱུར་ཅིག །ཆོས་ཀྱི་རྒྱལ་སྲིད་དགའ་སྟོན་འཕེལ་གྱུར ཅིག །ཕྱི་ནང་ཕྱོགས་ཀྱི་ཕན་བདེ་རྒྱས་གྱུར་ཅིག །རྒྱལ་བ་སྲས་བཅས་བྱིན་རླབས་དང༌། །མགོན་པོ་ཁྱོད་ཀྱིས་ཐུགས་རྗེ་ལས། །སྲིད་གསུམ་དགེ་ལེགས་ཀུན་འགྲུབ་ཅིང༌། །ཕན་བདེ་འབྱོར་བའི་བཀྲ་ཤིས་ཤོག །ཅེས་པ་དཔལ་ལྡན་བླ་མ་དམ་པ་དཔལ་སྟག་ལུང་པ་ཆེན་པོ་དོན་གྱིས་སླད་དུ་མཚན་ནས་སྨོས་ཏེ་རྗེ་བཙུན་ཀུན་དགའ་བཀྲ་ཤིས་རྒྱལ་མཚན་དཔལ་བཟང་པོའི་ཞབས་ཀྱི་རྣམ་པར་ཐར་པ་འཕྲིན་ལས་རྒྱ་མཚོ་རྣམ་པར་རྒྱས་པ་ཞེས་བྱ་བ་འདི་ནི་རྗེ་བཙུན་བླ་མ་དམ་པ་དེ་ཉིད་ཀྱི་ཐུགས་རྗེས་འཚོ་ཞིང་ཟབ་མོའི་དོན་ཅུང་ཟད་རིག་པའི་རྒྱལ་ཁམས་ཀྱི་རྣལ་འབྱོར་བ་ཀུན་དགའ་སྙིང་པོ་རྒྱལ་མཚན་དཔལ་བཟང་པོ་ཞེས་དམ་པ་ཉིད་ཀྱིས་བསྩལ་བའི་མིང་ཅན་གཞན་ཏུ་ཏཱ་ར་ནཱ་ཐ་ཞེས་མངོན་པར་འབོད་པ་ལ། ལྷ་བཟོ་ཕོ་ལུང་བ་སོགས་རྗེ་བཙུན་འདི་ཉིད་ལ་མི་ཕྱེད་པའི་དད་པ་ཅན་མང་པོས་བསྐུལ་བ་དང༌། བདག་ཉིད་ཀྱིས་ཀྱང་དད་པའི་གསོས་སུ་འགྱུར་ཞིང༌། རང་དང་སྐལ་མཉམ་གཞན་ལའང་རྒྱ་ཆེར་ཕན་པར་མཐོང་ནས་དཔལ་ལྡན་བླ་མའི་རྣམ་ཐར་རྒྱ་མཚོ་ལྟ་བུ་ལས། ཤིན་ཏུ་ལས་ཅན་དག་གིས་མཐོང་བའི་སྤྱོད་ཡུལ་ཅན། ཀུ་ཤའི་རྩེ་མོར་ཆགས་པའི་ཆུ་ཐིགས་ཙམ་ཞིག་ཉེ་བར་བརྗོད་པ་འདི་ཡང་རང་ལོ་ཉེར་བདུན་པ་ལ་ལྕང་ལོ་ཅན་ཞེས་བྱ་བའི་གནས་སུའོ། །འདིས་ཀྱང་དམ་པ་འདི་ཉིད་སྐུ་ཚེ་བརྟན་
ཅིང་འཕྲིན་ལས་རྒྱས་པ་དང་སེམས་ཅན་ཐམས་ཅད་བདེ་སྐྱིད་འབྱུང་བའི་རྒྱུར་གྱུར་ཅིག། །ལེགས་བཞེངས་འདི་ཡིས་མཐུ་ལས། བསྟན་འགྲོར་དགེ་མཚན་ཤར་ཏེ། །སྐལ་ངན་རྒུད་ཚོགས་ཞི་ནས། །རྫོགས་ལྡན་ཆོས་སྤྱོད་གྱུར་ཅིག །རྒྱླ་བ་གཉིས་པ་ཀུན་མཁྱེན་ཇོ་ནང་བའི། །རྣམ་སྤྲུལ་རྗེ་བསུན་ཡོན་བཟང་པོ་ཡིས། །སྤྱི་ལོ་ཅིག་སྟོང་དགུ་བརྒྱ་གོ་ལྔ་ལོར། །རྒྱལ་བསྟན་མི་ཉམ་གོང་དུ་འཕེལ་བའི་ཕྱིར། །ཀུན་མཁྱེན་ཏཱ་ར་ནཱ་ཐའི་བཀའ་འབུམ་གྱི། །ཤེང་པར་འཛམ་ཐང་གཙང་བའི་ཆོས་གྲྭ་ཆེས། །བསྐྲུན་པའི་དགེ་བ་འོད་དཀར་དྲི་མེད་ཀྱིས། །མ་གྱུར་འགྲོལ་ལ་རྫོགས་སངས་རྒྱས་ཐོག་ཤོག །སརྦ་མངྒལཾ། བཀྲ་ཤིས། །དགེའོ།
ཤོག་སྟོང་།