འཆི་མེད་གྲུབ་པའི་ཁྲིད་ཡིག་གསལ་བར་མ་ཐོན་པའི་མན་ངག་འཇུག་ཚུལ་མ་འགའ་ཞིག
ན་མོ་གུ་རུ། ཤིན་ཏུ་ཟབ་པའི་མན་ངག་མཆོག །དཔལ་ལྡན་འཆི་མེད་གྲུབ་པ་ལ། །དཀྱུས་ཀྱི་རིམ་པ་བཞིན་དུ་བཤད། །གནད་ཀྱི་ཞལ་བཞེས་འདིར་བསྟན་ཏེ། །ལྟེ་བའི་ཨཾ་ཡིག་འབར་བའི་མེ། །ལུས་རྣམས་ཐམས་ཅད་ཁྱབ་པ་ལས། །གཏུན་བརྡུང་བྱས་པས་མེ་ལྕེ་རྣམས། །ཐུར་དུ་བབ་པར་བསྒོམ་པར བྱ། །མེ་ལྕེ་གསང་བའི་སྒོ་རུ་ཐོན། །ལྟེ་གསང་གཉིས་ལ་སེམས་གཏོད ཅིང༌། །མིག་ནི་སྣ་རྩེར་བལྟ་བར་བྱ། །ལས་ཀྱི་ཕྱག་རྒྱའི་མན་ངག་ཡིན། །སྙིང་གར་ཧཱུཾ་ཡིག་བསྒོམ་པ་ལས། །ཡར་འཐེན་པ་དང་མར་བྱོན་པ། །གཉིས་ཀའི་དུས་སུ་མེ་དང་རླུང༌། །འཐབ་ནས་སྙིང་ཁར་ཐིམ་པར་བསྒོམ། །དེ་ཡི་བར་སྐབས་ཡང་ཡང་དུ། ཁ་སྦྱོར་དང་ནས་སྤྲུགས་པ་ དང༌། །ཧ་སྤྲུགས་བྱེད་པ ་གནད་དུ་ཆེ། །ཆོས་ཀྱི་ཕྱག་རྒྱའི་མན་ངག་ཡིན། །རྐང་མཐིལ་གཉིས་དང་བཤང་སྒོ་གཉིས། །འོད་ཟེར་དཀར་དང་ལྗང་ཁུ་དང༌། །ལུས་ནང་གང་ཞིང་སྤྱི་བོ་དང༌། །མགྲིན་པའི་གནས་སུ་འཁྱིལ་ནས་ཀྱང༌། །རེས་འགའ་གནས་དེར་ཡལ་བར་བསྒོམས། །རེས་འགའ་བ་སྤུ་ཀུན་ལས་སྤྲོ། །རེས་འགའ་སྤྱི་བོའི་གཙུག་ནས་སྤྲོ། །དམ་ཚིག་ཕྱག་རྒྱའི་མན་ངག་ཡིན། །མགྲིན་པའི་འཁོར་ལོ་མེ་འོད་བསྒོམ། །རླུང་གིས་ཡང་ཡང་ཕྱིར་བསལ་བས། །མེ་འོད་སྣ་ནག་རྒྱང་རིང་འགྲོ། །རེས་འགའ་མགྲིན་པར་སྒོར་ཞིང་སྤྲུག །བུམ་པ་
ཅན་གྱི་གེགས་སེལ་དང༌། །བོགས་འདོན་དག་ཀྱང་གལ་ཆེ་སྟེ། སྐབས་སུ་སྐབས་སུ་རྒྱུན་དུ་མིན། །ཕྱག་རྒྱ་ཆེན་པོའི་མན་ངག་ཡིན། །ནང་ནས་འོད་འབྱུང་སྣ་ནས་ཐོན། །ཕྱི་ནང་ཐམས་ཅད་གསལ་བར་བསྒོམ། །སྐྱོན་རྣམས་ཕྱིར་བསལ་འདོད་རིགས་གསལ། །རྡུལ་མཐའ་ཅན་ལ་དགོས་པ་ཡིན། །ལྟེ་འོག་སོར་བཞི་མེ་ཐབ་བསྒོམ། །རླུང་རྣམས་དེའི་ངང་ནང་དུ་ཐིམ། །ཐབས་ལྟེ་གཡས་གཡོན་ཡང་ཡང་འཁོར། །གང་བ་ཅན་ལ་དགོས་པ་ཡིན། །ཨ་ཝ་དྷུ་ཏི་སྟོང་པ་གཅིག །བསམ་ནས་ཡར་ལྟ་མར་ལྟར་བྱེད། །བུམ་པ་ཅན་གྱི་སྔོན་འགྲོ་ཡིན། འཛམ་གླིང་འཛིན་དུ་དགོས་པ་ཡིན། །རིག་པ་ནང་ནས་ཕྱིར་སྤྲོས་ཏེ། །ནམ་མཁའ་དག་ལ་ཡལ་བར་བསྒོམ། །རེས་འགའ་ཕྱི་ནས་ནང་དུ་བསྡུ། །སྒྲ་གཅན་གདམས་ངག་ཡིན་ཞེས་གསུངས། །ཕྱག་རྒྱ་གསུམ་པོའི་རྣལ་འབྱོར་ལ། །སྒྲ་གཅན་གྲོགས་སུ་མེད་ཐབས་མེད། །ཨཾ་གྲོལ་དྲག་པོའི་གྲོང་ཁྱེར་འཇིགས། །བེ་ཏས་འཕྲོག་བྱེད་གྲོང་ཁྱེར་བརྩོམ། །ནན་དྷ་ཆིང་པའི་གྲོང་ཁྱེར་བཤིགས། །ཕྱག་རྒྱ་གསུམ་གྱི་མཐའ་བསྐོར་ནས། །བཤིག་པར་བྱེད་མཁན་སྒྲ་གཅན་ཡིན། གནད་འདི་རྣམས་ནི་ལོ་གསུམ་དུ། །སྒོམ་ན་རླུང་ལས་རྣམ་པར་རྒྱལ། །རྩ་རྣམས་དག་ཀྱང་མཉེན་བཅུག་འགྱུར། །ཐིག་ལེ་དྭངས་ཤིང་རང་དབང་འདུས། །རིག་འཛིན་མངོན་ཤེས་དཔག་མེད་འཆར། །གྲོལ་ལམ་རང་ལུས་ཐབས་ལྡན་གྱིས། ཡེ་ཤེས་
གོང་ནས་གོང་སྤེལ་བ། །གདམས་ངག་འདི་ཡི་གཞུང་ཤིང་ཡིན། །གཞན་ལུས་ཤེས་རབ་ཡན་ལག་བཅིང༌། །ལམ་གཞན་དག་དང་མ་འདྲེས་པར། །ལུགས་འདི་ཉིད་ཀྱི་སྲོལ་བཟུང་ནས། །རང་གི་ལུས་ཀྱི་ཕྱག་རྒྱ་དང༌། །ལྷན་ཅིག་བསྒྲུབ་པས་འགྲུབ་པར་འགྱུར། །གོང་དུ་བཤད་པའི་མན་ངག་རྣམས། །ཡུན་རིང་བསྒོམ་པའི་དུས་སུ་ནི། །ཆེད་དུ་བསྒོམ་པ་མ་ཡིན་པར། །གསལ་སྟོང་བདེ་ཉམས་ལྡན་པ་ལ། །ཆུ་ཚོད་རེ་ཙམ་གནས་པ་ཡོད། །ཏིང་འཛིན་དེ་ལྟར་མ་སྐྱེས་ནའོ། །བནྡྷ་དང་ནི་སྒྲ་གཅན་ལ། །རླུང་དམར་དྲག་པོ་བཏབ་པའི་ཚེ། །ཕྱི་རུ་ནང་དུ་འདྲེན་པ ཡོད། །དེ་ཡང་ངེས་པའི་རྟགས་གཅིག་ཡིན། །སྤྱིར་ནི་ཏིང་འཛིན་མ་ཐོབ་ན། རླུང་གི་རྒྱུ་བ་སྐྱོད་ཐུབ་ཀྱང༌། །རྣམ་དག་ལས་ལམ་མིན་ཞེས་གསུངས། །དེ་ཕྱིར་ཕྱི་ནང་འཛོམ་པ་གཅེས། །རྟག་སྣང་མཁྱེན་བསྒྲོད་སྒྲ་ཡང་འབྱུང༌། །བནྡྷ་འགྲེམས་པའང་རང་སྒྲ་ཡོད། །རེས་འགའ་གཙུག་ཏུ་ཀྱེར་བར་འབྱུང༌། །དེ་ལ་ཧ་སྲང་ཡོ་ག་ཞེས། །དུས་སྐབས་གཞན་དུ་ལོག་བྱུང་ན། །ཀརྨ་མུ་དྲའི་དུས་ཡིན་ནོ། །སྣུན་པ་ལས་ཀྱི་ཕྱག་རྒྱ་དགག །དེ་རྗེས་སྒྲ་གཅན་རླུང་གི་དཀྱིལ། །འཆིང་ན་དམ་ཚིག་ཕྱག་རྒྱས་འདྲེན། །སྒྲ་གཅན་གྱིས་ཀྱང་གནས་སུ་སྐྱེལ། །བསད་པ་ཆོས་ཀྱི་ཕྱག་རྒྱས་དགྲོལ། །སྒྲ་གཅན་ལག་པ་གཉིས་བཅིང་བ། །རྩ་
དམིགས་འདེབས་པ་མན་ངག་ཡིན། །འདེབས་གསུམ་རླུང་དང་ཚིག་མ་དབབ། །དེ་རྗེས་ཕྱག་རྒྱ་ཆེན་པོ་ཡིན། །ཡེ་ཤེས་ཆེན་པོའི་གནས་སུ་སྐྱེལ། །མགྲིན་པ་ནས་ནི་རླུང་གཡང བས། །རླུང་གི་དུག་ཀྱང་སེལ་བར་བྱེད། །དེ་དུས་བུམ་ཅན་བཟུང་ནས་ནི། །ཡུན་རིང་དུས་སུ་ཏིང་འཛིན་སྐྱོང༌། །རླུང་དང་ཐིག་ལེ་སེམས་གསུམ་འདྲེས། །ཡང་དག་གནས་ལུགས་དོན་མ་རྟོགས། །རེལ་ཚགས་གནས་ཐེམ་སྦྱོར་བ་དང༌། །འགྱུར་བཞི་རྣམ་རོལ་བསྒྲོད་པའི་མཐའ། །གླིང་བཞི་གཅུད་ལ་འབོར་བ་སོགས། །སྤྱི་འགྲོས་ཡིན་པས་བླངས་ཀྱང་ཆོག །མཚན་ལྡན་བླ་མས་དེ་སྐད་གསུངས། །འོན་ཀྱང་གོང་དུ་བཤད་པ་ལྟར། །འཆུག་མེད་གནད་དོན་ཉམས་བླངས་ན། །འདི་ཉིད་ཁོ་ན་འཕྲལ་དུ་ཟབ། །ཕུགས་སུ་ཡོན་ཏན་སྐྱེ་ཕུལ་ཆེ། །ཞེས་འཆི་མེད་གྲུབ་པའི་ཁྲིད་ཡིག་གསལ་བར་མ་ཐོན་པའི་མན་ངག་འཇུག་ཚུལ་མ་འགའ་ཞིག །རྒྱལ་ཁམས་པ་ཏཱ་ར་ནཱ་ཐས་ཚིགས་བཅད་ལྡེབས་པའོ།། །།བཀྲ་ཤིས། མངྒལཾ། དགེའོ། །