Nitartha Digital Library
Tibetan
ཏཱ་ར་ནཱ་ཐའི་གསུང་འབུམ།

1 occurrence of ཁྲོལ་བུ་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
བཤེས་པའི་འཕྲིན་ཡིག་གི་འགྲེལ་པ།
  


1 occurrence of ཁྲོལ་བུ་
[Clear Hits]

 
previousབཤེས་པའི་འཕྲིན་ཡིག་གི་འགྲེལ་པ།next

བཤེས་པའི་འཕྲིན་ཡིག་གི་འགྲེལ་པ།


TNT21_Page_0977
[མ་དཔེ་གཟིགས་ན་འདིར་གནོན།]

བཤེས་པའི་འཕྲིན་ཡིག་གི་འགྲེལ་པ་རྗེ་བཙུན་ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐའི་གསུང་བཞིན་སྡེ་སྲིད་ཕུན་ཚོགས་རྣམ་རྒྱལ་གྱིས་ཟིན་བྲིས་བགྱིས་པ་བཞུགས།


TNT21_Page_0978
[མ་དཔེ་གཟིགས་ན་འདིར་གནོན།]

གང་ཞིག་ཆོས་དབྱིངས་མཐའ་ཀླས་ཤེས་བྱའི་གནས་ཀུན་མ་ལུས་ཁྱབ་པ་ཡི། །ནང་གི་ཡེ་ཤེས་རང་རིག་གསལ་བ་ཇི་ལྟ་ཇི་སྙེད་མཁྱེན་པའི་ཐུགས། །སྨོན་ལམ་རྒྱ་མཚོ་བརྩེ་བའི་གཏེར་གྱུར་རྩོལ་མེད་ལྷུན་གྲུབ་འཕྲིན་ལས་ཀྱིས། །འཁོར་འདས་དོན་མཆོག་བདེ་བླག་རྩོལ་མཛད་སངས་རྒྱས་དབང་གི་རྒྱལ་པོར་འདུད། །འཕགས་པ་ཀླུ་སྒྲུབ་གཞུང་ལུགས་དྲི་མེད་ལམ། །རབ་ཏུ་གསལ་བ་རིན་ཆེན་སྒྲོན་མེའི་བློ། །གང་གི་དྲིན་ལས་རྙེད་འདི་རྗེ་བཙུན་མཆོག །མཚུངས་མེད་བླ་མའི་གསུང་བཞིན་བྲི་བར་བྱ།དེ་ཡང་བཤེས་པའི་འཕྲིན་ཡིག་གི་བསྟན་བཅོས་འདི་འཆད་པ་ལ། དང་པོར་མཚན་དོན་ནི། རྒྱ་གར་སྐད་དུ། སུ་ཧྲྀ་ད་ལེ་ཁ། བོད་སྐད་དུ། བཤེས་པའི་འཕྲིན་ཡིག་ཅེས་པ། རྒྱལ་པོ་བདེ་སྤྱོད་དང་ཡིད་ཉེ་བ་གྲོགས་མཛའ་བཤེས་སུ་གྱུར་པར།


TNT21_Page_0979
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱང་རིང་པོ་ནས་ཡི་གེར་གདམས་པས་འཕྲིན་ཡིག་ཅེས་པའོ། །འགྱུར་གྱི་ཕྱག་འཚལ་འཕགས་པ་འཇམ་དཔལ་ལ་བྱས་པར། གཞོན་ནུར་གྱུར་པ་ཞེས་པའི་དོན། སྔོན་བྱང་ཆུབ་ཀྱིས་སྤྱད་པ་སྤྱཽད་པའི་དུས་ཀྱི་སྐུ་སྐྱེ་བ་ནས་སྐྱེ་བ་ཐམས་ཅད་དུ་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བ་རྟག་ཏུ་ཚངས་པར་སྦྱོད་པ་ཁོ་ནར་གྱུར་པའི། བྱིས་པ་གཞོན་ནུ་གཙང་མར་གནས་པ་ལྟར་བྱང་ཆུབ་སེམས་དཔའ་གཞོན་ནུའི་ས་པ་ཞེས་བྱ། གཞུང་དོན་ལ་གླེང་བསླང་བ་དང༌། གཞུང་དངོས་གཉིས་ལས། དང་པོ་ནི། ཡོན་ཏན་རང་བཞིན་དགེ་འོས་བདག་གིས་ནི། །བདེ་བར་གཤེགས་པའི་གསུང་སྙད་ལས་བྱུང་བའི། །བསོད་ནམས་མདུན་སླད་འཕགས་པའི་དབྱངས་འདི་དག །ཅུང་ཟད་གཅིག་བསྡེབས་ཁྱོད་ཀྱི་གསན་པའི་རིགས། །གང་ལ་གདམ་པར་བྱ་བའི་ཡུལ་རིགས་རུས་


TNT21_Page_0980
[མ་དཔེ་གཟིགས་ན་འདིར་གནོན།]

ཕུན་སུམ་ཚོགས་པ་དང༌། ཤེས་རབ་གཏོང་བ་དད་པ་བརྩོན་འགྲུས་ཆེ་བ་ལ་སོགས་པའི་ཡོན་ཏན་གྱི་རང་བཞིན་ཅན། རྟག་ཏུ་དགེ་བར་སྤྱོད་པ་དང༌། འོས་པ་དང་རིགས་པའི་བྱ་བ་ལ་གནས་པའི་རྒྱལ་པོ་ཞེས་བོས་ནས། གདམས་པ་པོ་ཀླུ་སྒྲུབ་བདག་གིས་ནི། གདམས་པའི་ངོ་བོ་རང་བཟོ་མ་ཡིན་པར་བདེ་བར་གཤེགས་པའི་གསུང་རབ་ཏུ་ཇི་ལྟར་འབྱུང་བ་བཞིན་གྱིས་དོན་བསྐྱར་ལྡབ་ཏུ་སྙད་པ་ལས་བྱུང་བ་རྣམས་གདམས་པ། དགོས་པ་རྒྱལ་པོ་བསོད་ནམས་ལ་འདུན་པའམ། དགེ་བའི་བསམ་སྦྱོར་གོང་དུ་འཕེལ་བའི་སླད་དུ། ཇི་ལྟར་གདམས་པའི་ཚུལ་ནི། ཛ་ཏཱིའི་ནང་ཚན་གྱི་མི་མཉམ་པའི་སྡེབ་སྦྱོར་གྱི་ནང་ནས་སྡེབ་སྦྱོར་འཕགས་པའི་དབྱངས་སུ་བསྒྲིགས་ཤིང་བྱས་པ་སྟེ་སངས་རྒྱས་ཀྱིས་གསུངས་རབ་རྒྱ་མཚོ་ལྟ་བུ་ལས། དགོས་དོན་ཉེ་བར་མཁོ་བའི་དོན་དུ་ཅུང་ཟད་ཅིག་བསྡེབས་པ་འདི་དག་རྒྱལ་པོ་ཁྱོད་ཀྱི་གསན་པར་རིགས་སོ། །གླེང་བསླང་བའི་འཕྲོས་དོན་ནི། ཇི་ལྟར་བདེ་གཤེགས་སྐུ་གཟུགས་ཤིང་ལས་ཀྱང༌། །བགྱིས་པ་ཅི་འདྲའང་རུང་སྟེ་མཁས་པས་མཆོད། །དེ་བཞིན་བདག་གི་སྙན་ངག་འདི་ངན་ཡང༌། །དམ་ཆོས་བརྗོད་ལ་བརྟེན་སླད་སྨད་མི་བགྱི། །གདམས་པ་པོ་ངན་པའི་ཉན་པར་མི་རིགས་སོ་ཞེ་ན། བདེ་བར་གཤེགས་པ་སངས་རྒྱས་ཀྱི་སྐུ་གཟུགས་རྒྱུ་ཤིང་ཕལ་བ་ལས་བགྱིས་པ་བཟོ་དབྱིབས།


TNT21_Page_0981
[མ་དཔེ་གཟིགས་ན་འདིར་གནོན།]

ཆ་ཚད་དང་མི་ལྡན་པ་ལེགས་པ་ཅི་འདྲ་ཞིག་བྱུང་ཀྱང་རུང་སངས་རྒྱས་ཀྱི་སྐུ་འདྲ་ཡིན་པའི་ཕྱིར་སྐྱེ་བོ་མཁས་པ་ཤེས་རབ་དང་ལྡན་པ་རྣམས་ཀྱི་མཆོད་པའི་ཡུལ་དུ་བྱེད་པ་དེ་བཞིན་དུ་བདག་ཀླུ་སྒྲུབ་སོ་སོ་སྐྱེ་བོར་གྱུར་པས་གདམས་པ་པོ་ངན་པ་དང༌། རྗོད་བྱེད་ཀྱི་ཚིག་བདག་གིས་སྙན་ངག་ངན་ཅིང་མི་ལེགས་ཀྱང༌། སངས་རྒྱུས་ཀྱི་གསུངས་རབ་དམ་པའི་ཆོས་ཀྱི་དོན་ལྷད་མེད་དུ་བརྗོད་པ་ལ་བརྟེན་པའི་སླད་དུ་སྟེ་བརྟེན་པའི་ཕྱིར། སངས་རྒྱས་ཀྱི་སྔོན་དུ་གསུངས་པ་དེ་ཁ་བསྐྱར་ཟློས་སུ་བརྗོད་པ་ཡིན་པས་སྨད་པར་མི་བགྱི་ཞིང་དང་དུ་བླང་བར་རིགས་སོ། །ཞེས་ཁེང་སྐྱུངས་བའོ། །ཡང་འཕྲོས་དོན་ནི། ཐུབ་པ་ཆེན་པོའི་བཀའ་ནི་སྙན་དགུ་ཞིག །ཁྱོད་ཀྱི་ཐུགས་སུ་ལྟ་ཡང་ཆུང་མོད་ཀྱིས། །རྡོ་ཐལ་ལས་བགྱིས་དགུང་ཟླའི་འོད་ཀྱི་ནི། །ཆེས་དཀར་ཉིད་དུ་ཅི་སྟེ་མི་བགྱིད་ལགས། །སངས་རྒྱས་ཀྱིས་གསུངས་པ་དེ་ཁ་ལས་ལྷག་པོ་སྟོན་རྒྱུ་མེད་ན་བསྐྱར་ཟློས་སུ་གདམས་པར་དགོས་པ་མེད་དོ་ཞེ་ན། ཐུབ་པ་ཆེན་པོའི་བཀའ་ཚིག་ནི་སེམས་ལ་འབབ་པ་དོན་བཟང་བ་སྙན་དགུ་བཟང་ཚད་མང་པོ་ཞིག་རྒྱལ་པོ་ཁྱོད་ཀྱི་ཐུགས་སུ་ལྟ་སྔོན་ནས་ཆུད་ཅིང་མཁྱེན་པ་ཡིན་མོད་ཀྱང༌། སླར་ཡང་གསལ་འདེབས་པ་དང༌། སངས་རྒྱས་ཀྱི་གསུང་རབ་རྒྱ་ཆེ་བ་མང་པོའི་ནང་དུ་དོན་ཁ་འཐོར་དུ་བཞུགས་པ་རྣམས་ཕྱོགས་སུ་བསྡེབས་པས་འཁྲུགས་པར་


TNT21_Page_0982
[མ་དཔེ་གཟིགས་ན་འདིར་གནོན།]

མི་འགྱུར་བའི་བརྗེད་ཐོ་ལྟ་བུར་འགྱུར་བས། དཔེ་རྡོ་ཐལ་གྱིས་བྱུགས་པའི་ཁང་པ་ཁ་དོག་དཀར་བ་ལ། དགུང་ཟླའི་འོད་ཀྱིས་ནི་ཕོག་ན་ཆེས་ལྷག་པར་དཀར་བར་ཅི་སྟེ་མི་བགྱིད་དེ་བགྱིད་པར་འགྱུར་བ་བཞིན་ནོ། །གཞུང་དངོས་ལ་ལམ་ཐམས་ཅད་ཀྱི་སྔོན་དུ་འགྲོ་བའི་ཆོས་རྣམ་པ་གཉིས་ཏེ། དད་པ་དང༌། བག་ཡོད་པའོ། །དད་པའི་ཆོས་སྐོར་གྱི་ནང་ཚན་ནས་ཐོག་མར་དད་པ་ཇི་ལྟར་སྒོམ་པའི་ཚུལ་ནི། རྒྱལ་བས་སངས་རྒྱས་ཆོས་དང་དགེ་འདུན་དང༌། །གཏོང་དང་ཚུལ་ཁྲིམས་ལྷ་རྗེས་དྲན་པ་དང༌། །རབ་ཏུ་བཀའ་སྩལ་དེ་དག་སོ་སོ་ཡི། །ཡོན་ཏན་ཚོགས་ཀྱིས་རྗེས་སུ་དྲན་པར་བགྱི། །རྒྱལ་བས་འཁོར་རྣམས་ལ། སངས་རྒྱས་རྗེས་སུ་དྲན་པ་དང༌། ཆོས་རྗེས་སུ་དྲན་པ་དང༌། དགེ་འདུན་རྗེས་སུ་དྲན་པ་དང༌། གཏོང་བ་རྗེས་སུ་དྲན་པ་དང༌། ཚུལ་ཁྲིམས་རྗེས་སུ་དྲན་པ་དང༌། ལྷ་རྗེས་སུ་དྲན་པ་རྣམ་པ་དྲུག་པོ་བསྒོམ་པར་གྱིས་ཤིག །ཅེས་བཀའ་སྩལ་བར་མཛད་པ་ཡིན་ཅིང། དེ་ཡང་སངས་རྒྱས་ཀྱི་སྐུ་གསུང་ཐུགས་ཀྱི་ཡོན་ཏན། ཆོས་ཀྱི་ཕན་ཡོན། དགེ་འདུན་གྱི་ཡོན་ཏན། སྦྱིན་པ་དང་ཚུལ་ཁྲིམས་ཀྱི་ཕན་ཡོན། འདོད་པ་དང་གཟུགས་ཁམས་ཀྱི་ལྷ་རྣམས་ཀྱི་གནས་ལུས་ལོངས་སྤྱོད་གསུམ་གྱི་ཡོན་ཏན། རྒྱུ་དགེ་བ་སྤྱད་པ་ལས་བྱུང་བ་དང་དེ་དག་སོ་སོའི་ཡོན་ཏན་གྱི་ཚོགས་ཇི་ལྟར་ཡོད་པ་དང་རྗེས་སུ་མཐུན་པ་དྲན་པར་བྱེད་པ་ནི་རྗེས་སུ་དྲན་པ་ཡིན་


TNT21_Page_0983
[མ་དཔེ་གཟིགས་ན་འདིར་གནོན།]

ནོ། །འདོད་པ་དང་གཟུགས་ཁམས་ཀྱི་ལྷ་ནི་སྔོན་གྱི་དགེ་བའི་འབྲས་བུ་མངོན་ཤེས་དང་ལྡན་ཏེ་འཇིག་རྟེན་གྱི་ཁམས་ཀྱི་བྱ་བ་ལེགས་ཉེས་གང་བྱེད་རྣམས་མངོན་སུམ་དུ་མཐོང་བའི་ཕྱིར་དམ་པའི་ཆོས་ཚུལ་བཞིན་མ་བསྒྲུབས་ན་ལྷ་རྣམས་ཀྱང་ཁྲེལ་བར་འགྱུར་རོ་སྙམ། རབ་ཏུ་བྱུང་བ་རྣམས་ཀྱིས་ནི་རྗེས་སུ་དྲན་ནས་དཔང་པོར་འཇོག་པ་ཡིན་ནོ། །དད་པ་དེ་ཡང་གང་ཟག་ལ་དད་པ་དང༌། ཆོས་ལ་དད་པ་གཉིས་སུ་འདུ་བ་ལས། སངས་རྒྱས་དང་དགེ་འདུན་རྗེས་སུ་དྲན་པ་ནི་གང་ཟག་སྐྱེས་བུ་ལ་དད་པ་ཡིན། ཆོས་གཏོང་བ་ཚུལ་ཁྲིམས་ལྷ་རྗེས་སུ་དྲན་པ་རྣམས་ནི་ཆོས་ལ་དད་པ་ཡིན་ཏེ་ཆོས་རྗེས་དྲན་ནི། ཆོས་ལ་དད་པ་ངོ་བོ་དང༌། གཏོང་བ་ཚུལ་ཁྲིམས་གཉིས་ལ་དད་པ་ནི་ཉམས་ལེན་རྟོགས་པའི་ཆོས་ཀྱི་ནང་ནས་དེ་གཉིས་ལ། སྒེར་དུ་དད་པ་ཡིན། ལྷ་རྗེས་དྲན་ཡང་དེའི་རྒྱུ་དགེ་བ་ལ་དད་པས་ཆོས་ལ་དད་པའི་ནང་དུ་འདུས་སོ། །དད་པ་དང་ལྡན་པའི་སྤྱོད་པ་བཤད་པ་ལས། ཐོག་མར་དགེ་བའི་ལས་ཀྱི་ལམ་བཅུ་ལ་གནས་དགོས་པར་སྟོན་པ་ནི། དགེ་བའི་ལས་ལམ་བཅུ་པོ་ལུས་དང་ནི། །ངག་དང་ཡིད་ཀྱིས་རྟག་ཏུ་བརྟེན་བགྱི་ཞིང༌། །ཆང་རྣམས་ལས་བཟློག་དེ་བཞིན་དགེ་བ་ཡི། །འཚོ་བ་ལ་ཡང་མངོན་པར་དགེས་པར་མཛད། །སྲོག་གཅོད་པ། མ་བྱིན་པར་ལེན་པ། འདོད་པའི་ལོག་པར་གཡེམ་པ་སྟེ་ལུས་ཀྱི་


TNT21_Page_0984
[མ་དཔེ་གཟིགས་ན་འདིར་གནོན།]

ལས་གསུམ། རྫུན། ཕྲ་མ། ཚིག་རྩུབ། ངག་འཁྱལ་ཧེ་ངག་གི་ལས་བཞི། རྣབས་སེམས། གནོད་སེམས། ལོག་ལྟ་སྟེ་ཡིད་ཀྱི་ལས་གསུམ་མོ། །དེ་ལྟར་མི་དགེ་བ་བཅུ་ཡིད་གྱིས་སྤངས་ཤིང་ལུས་ངག་གི་བྱ་བས་དེ་ལས་ལོག་པར་བྱས་ཏེ་མི་དགེ་བ་བཅུ་སྤངས་པའི་ལས་ལམ་བཅུ་པོ་ལུས་དང་ནི་ངག་དང་ཡིད་ཀྱིས་དུས་སུ་བརྟེན་ཅིང་སྡིག་པ་སྤང་བ་ལ་གནས་པར་བྱེད་པ་དང༌། དེར་མ་ཟད་ཆང་གིས་མྱོས་ན་བག་མེད་པར་གྱུར་ཏེ་མི་དགེ་བའི་ལས་ལ་འཇུག་པར་འགྱུར་བའི་ཕྱིར་དེ་རྣམས་ལས་ཀྱང་བཟློག་པ་དང༌། དཀོན་མཆོག་གི་དཀོར་ལ་སོགས་པ་ལོག་པའི་འཚོ་བ་དང་མི་ལྡན་པ་ནི་དགེ་བའི་འཚོ་བ་སྟེ་དེ་དག་ལ་ཡང་མངོན་པར་དགྱེས་པར་མཛོད་ཅིག །དེའི་རྗེས་སུ་སྦྱིན་པ་ལ་སློབ་ཚུལ་ལ་སྦྱིན་པ་གཏོང་དགོས་པའི་རྒྱུ་མཚན། གཏོང་བའི་ཡུལ། སྦྱིན་པ་ཇི་ལྟར་གཏོང་བའི་ཚུལ་གསུམ་སྟོན་པ་ནི། ལོངས་སྦྱོད་གཡོ་བ་སྙིང་པོ་མེད་མཁྱེན་ནས། །གེ་སློང་བྲམ་ཟེ་བཀྲེན་དང་བཤེས་རྣམས་ལ། །སྦྱིན་པ་ཚུལ་བཞིན་བསྩལ་བགྱི་ཕ་རོལ་ཏུ། །སྦྱིན་ལས་གཞན་པའི་གཉེན་མཆོག་མ་མཆིས་སོ། །ལོངས་སྤྱཽད་རྣམས་ནི་ངེས་པར་མི་བརྟན་ཅིང་གཡོ་བ་འབྲལ་བ་དང་འཇིག་པར་འགྱུར་བ་ཡིན་ལ། འཇིག་ཅིང་འགྱུར་བ་ཙམ་དུ་མ་ཟད་ལོངས་སྤྱོད་བཅངས་པས་སྐྱེ་བ་གཞན་དུ་ཕན་པ་སོགས་ཀྱང་མ་ཡིན་ལ། ངེས་པར་འབྲལ་བ་དང་ཚིམ་པ་མེད་པས་སྙིང་པོ་མེད་པ་ཡིན་པ་དང༌།


TNT21_Page_0985
[མ་དཔེ་གཟིགས་ན་འདིར་གནོན།]

ལོངས་སྤྱོད་སྦྱིན་པར་བཏང་ན། འཇིག་རྟེན་ཕ་རོལ་གཞན་དུ་འབྱོར་པ་བདེ་སྐྱིད་ཕུན་སུམ་ཚོགས་པ་འབྱུང་བའི་ཕན་ཡོན་ཡོད་པ་མཐོང་བའི་སྦྱིན་པ་གཏོང་དགོས་པ་ཡིན་ཅིང༌། སྦྱིན་པའི་ཡུལ་ཡོན་ཏན་གྱི་ཞིང་དགེ་སློང་སོགས་དང༌། ཁྱིམ་གནས་ཆོས་བཞིན་དུ་སྤྱཽད་པ་བྲམ་ཟེ་དང༌། སྡུག་བསྔལ་གྱི་ཞིང་བཀྲེན་པ་དང་ནད་པ་ལ་སོགས་པ། ཕན་འདོགས་ཀྱི་ཞིང་ཕ་མ་དང་མཛའ་བཤེས་དྲིན་གཟོ་འོས་པ་རྣམས་ཕན་ཡོན་ཆེ་བའི་ཡུལ་གཙོ་བོར་སྨོས་པ་དང༌། སྦྱིན་པ་གཏོང་བས་ཚུལ་བསམ་པ་དང་སྤྱོད་པ་རྣམ་པར་དག་པ་དགོས་པ་ལས། བསམ་པ་ཡུལ་མཆོག་རྣམས་ལ་གུས་པ་དང༌། དམན་པ་ལ་སྙིང་རྗེ་ཕན་སེམས་ཀྱིས་ཀུན་ནས་བསླངས་པ་དང༌། སྤྱཽད་པ་གུས་པར་གཏོང་བ། དུས་སུ་བབས་པར་གཏོང་བ། རན་པར་གཏོང་བ་ནི་སྦྱིན་ཡུལ་དང་འཕྲོད་མཐུན་པར་གཏོང་བའི་སྦྱིན་པ་ཚུལ་ལུགས་རྣམ་དག་བཞིན་དུ་བསྩལ་བར་བགྱིའོ། །དེ་ལྟ་བུའི་སྦྱིན་པ་ཚུལ་བཞིན་དུ་བཏང་བ་ནི་འཇིག་རྟེན་ཕ་རོལ་ཏུ་བདེ་འབྲས་ཕུན་སུམ་ཚོགས་པར་བྱེད་པའི་ཕན་ཡོན་དང་ལྡན་པས་གཉེན་གྱི་མཆོག་མཚུངས་པ་མེད་པ་ཡིན་ནོ། །ཚུལ་ཁྲིམས་ལ་ཇི་ལྟར་བསླབ་པའི་ཚུལ་དང༌། ཚུལ་ཁྲིམས་བསྲུང་བའི་ཕན་ཡོན་བཤད་པ་ནི། ཁྱོད་


TNT21_Page_0986
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ཚུལ་ཁྲིམས་མ་ཉམས་མོད་མི་དམའ། །མ་འདྲེས་མ་སྦགས་མ་གོས་བསྟེན་པར་མཛོད། ཁྲིམས་ནི་རྒྱུ་དང་མི་རྒྱུའི་ས་བཞིན་དུ། །ཡོན་ཏན་ཀུན་གྱི་གཞི་བརྟེན་ལགས་པར་གསུངས། །ཤེས་ལྡན་ཁྱེད་ལྟ་བུ་རྣམས་ཀྱིས་ཚུལ་ཁྲིམས་མཚན་ཉིད་བཞི་ལྡན་དུ་བསྲུངས་ཤིང་བསྟཻན་པར་བགྱི་དགོས་ཏེ། དེ་ཡང་མ་ཉམས་པ། མོད་མི་དམའ་བ། མ་འདྲེས་པ། མ་སྦགས་པའི་ཚུལ་ཁྲིམས་ཏེ་མཚན་ཉིད་བཞི་ལྡན་ནོ། །དེ་ལྟར་ཡང༌། འཆལ་ཁྲིམས་དེའི་རྒྱུས་འཕན་མ་བྱུང༌། །དེ་གཉེན་པོ་དང་ཞི་ལྷ་བརྟེན། །ཅེས་པ་ལྟར་རྩ་བ་དང་ཡན་ལག་རྣམས་ལག་ལེན་དུ་མ་ཉམས་པར་བསྲུང་བ་ནི་མ་ཉམས་པའི་ཚུལ་ཁྲིམས་སོ། །ལག་ལེན་མ་ཉམས་པར་བསྲུངས་ཀྱང་གཉེན་པོ་སྟོབས་དང་མི་ལྡན་པས་སེམས་ཉོན་མོངས་ཀྱིས་དཀྲུགས་ན་ཚུལ་ཁྲིམས་ཀྱང་སྟོབས་ཞན་པས་མོད་དམའ་བར་འགྱུར་བའི་ཕྱིར་ཡིད་ཀྱི་མི་དགེ་བ་འདོད་ཆགས་དང་གནོད་སེམས་སོགས་སེམས་ལ་མི་འཆང་བར་ཚུལ་ཁྲིམས་བསྲུང་བ་ནི་མོད་མི་དམའ་བའི་ཚུལ་ཁྲིམས་སོ། །མི་སྡུག་པ་སོགས་མ་ཆགས་པ་དང༌། བྱམས་སྙིང་རྗེ་དང་རྟེན་འབྲེལ་བསམ་པ་ལ་སོགས་པ་གཉེན་པོ་བསྒོམས་པས་ཉོན་མོངས་དང་མི་འདྲེ་བར་བྱེད་པ་མ་འདྲེས་པའི་ཚུལ་ཁྲིམས་སོ། །འཇིག་སྐྱོབ་ཀྱི་ཚུལ་ཁྲིམས་ཞེས་བྱ་བ། འཚོ་བ་མ་ཕྱེད་པའམ་དམག་ཁྲལ་ཁུར་སྐྱེད་ཆད་པ་སོགས་ལས་ཐར་པའམ།


TNT21_Page_0987
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་འདིའི་གྲགས་པ་བཀུར་སྟི་རྙེད་པ་འཁོར་བསྡུ་བ་ལ་སོགས་པ་འཇིག་སྐྱོབ་ཀྱིས་ཆེད་དུ་ཚུལ་ཁྲིམས་བསྲུང་བ་ནི་ཚེ་འདིའི་རྣམ་རྟོག་གིས་གོས་པ་ཡིན་པས་དེས་མ་སྦགས་པ་དང༌། ཡང་ལེགས་སྨོན་གྱི་ཚུལ་ཁྲིམས་ཞེས་བྱ་བ་སྐྱེ་བ་གཞན་དུ་ལྷ་མིའི་མངོན་མཐོའི་བདེ་བ་བསྒྲུབ་པའི་སླད་དུ་ཚུལ་ཁྲིམས་བསྲུངས་ན་ཡང་འཁོར་བའི་བདེ་བ་ལ་སྲེད་པའི་གོས་པ་ཡིན་པས་དེ་དག་གིས་ཀྱང་མ་སྦགས་པར་ཐར་པ་དོན་གཉེར་ངེས་པར་འབྱུང་བའི་ཚུལ་ཁྲིམས་ལ་བསླབ་པ་ནི་མ་སྦགས་པའི་ཚུལ་ཁྲིམས་ཏེ་ཚུལ་ཁྲིམས་མཚན་ཉིད་བཞི་དང་ལྡན་པ་ཡིན་ལ། ཐེག་པ་ཆེན་པོ་པ་རྣམས་ཀྱིས་ནི་བཞི་ལྡན་དུ་མ་ཟད་རང་ཉིད་ཁོ་ན་ཐར་པ་དོན་གཉེར་མ་ཡིན་པར་སེམས་ཅན་ཐམས་ཅད་འཁོར་བ་ལས་བསྒྲལ་འདོད་ཀྱིས་ཀུན་ནས་བསླང་བའི་ཚུལ་ཁྲིམས་ལ་སློབ་པ་ཡིན་ནོ། །འདིར་སློབ་དཔོན་བློ་གྲོས་ཆེན་པོའི་འགྲེལ་པར། བསླབ་པའི་ཡན་ལག་གཅིག་འདུས་པ་ཉམས་པ་དང༌། མདོ་འདས་པ་མོ་སྨྲ་བར་འཆད་ཀྱང་ལེགས་པར་མ་མཐོང་ངོ༌། །དེ་ལྟར་ཚུལ་ཁྲིམས་བསྲུང་བའི་ཡོན་ནི། རྒྱུ་བའི་སེམས་ཅན་མི་དང་དུད་འགྲོ་ལ་སོགས་པ་རྣམས་ཀྱང་ས་གཞི་ལ་བརྟེན་ནས་སྐྱེ་འཕེལ་བྱེད། རི་ནགས་ཚལ་འབབ་ཆུ་ལོ་ཏོག་ལ་སོགས་མི་རྒྱུ་བའི་དངོས་པོ་རྣམས་ཀྱང་ས་ལས་འབྱུང་བ་བཞིན་དུ། ཏིང་ངེ་འཛིན་དང་ཤེས་རབ་ལ་སོགས་པའི་ཡོན་ཏན་


TNT21_Page_0988
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ཀྱང་ཚུལ་ཁྲིམས་ལས་བྱུང་བ་ཡིན་པས་ཚུལ་ཁྲིམས་ནི་དེ་ཀུན་གྱི་གཞི་རྟེན་ལགས་པར་རྒྱལ་བས་གསུང་པ་ཡིན་ནོ། །དད་པ་དང་རྗེས་སུ་འབྲེལ་བ་ཐེག་ཆེན་ཐུན་མོང་མ་མིན་པའི་སྤྱོད་པ་ལ་རྒྱུ་ཕ་རོལ་ཏུ་ཕྱིན་པ་དྲུག་དང༌། འབྲས་བུ་སངས་རྒྱས་ཀྱི་ས་གཉིས་བཤད་པ་ནི། སྦྱིན་དང་ཚུལ་ཁྲིམས་བཟོད་བརྩོན་བསམ་གཏན་དང༌། །དེ་བཞིན་ཤེས་རབ་གཞལ་མེད་ཕ་རོལ་ཕྱིན། །འདི་དག་རྒྱུས་མཛད་སྲིད་པའི་རྒྱ་མཚོ་ཡི། །ཕ་རོལ་ཕྱིན་པ་རྒྱལ་བའི་དབང་པོར་མཛོད། །ཅེས་པ་སྦྱིན་པ་གཞལ་དུ་མེད་པ་མཐའ་ཡས་པར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནས། ཚུལ་ཁྲིམས་དང་བཟོད་པ་དང་བརྩོན་འགྲུས་དང༌། བསམ་གཏན་དང་ཤེས་རབ་གཞལ་མེད་མཐའ་ཡས་པར་བསྐྱེད་པའི་ཕ་རོལ་ཏུ་ཕྱིན་པའི་བར་དྲུག་པོ་འདི་དག་ཕྱོགས་མེད་དུ་རྒྱས་པར་མཛོད་ཅིགརྒྱས་པར་བྱེད་ལུགས་སྔོན་འགྲོའི་དུས་སུ་སྙིང་རྗེ་ཆེན་པོའི་བསམ་པས་ཟིན་པ། དངོས་གཞིའི་དུས་སུ་སྦྱིན་པའི་སྒོ་སྣ་ཚོགས་པས་སྦྱིན་ཡུལ་ཕྱོགས་མེད་དང་དུས་ཐམས་ཅད་དུ་གཏོང་བ་ནས། ཤེས་རབ་ཀྱིས་སྒྲུབ་པ་ཐོས་བསམ་སྒོམ་གསུམ་སྣ་ཚོགས་པ་དུས་ཐམས་ཅད་དུ་མཐའ་མེད་པར་བསྐྱེད་པའི་བར་དུ་རྒྱས་པར་བྱེད། རྗེས་ཀྱི་དུས་སུ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་བྱང་ཆུབ་ཏུ་བསྔོ་བས་རྒྱས་འདེབས།


TNT21_Page_0989
[མ་དཔེ་གཟིགས་ན་འདིར་གནོན།]

སྔོན་འགྲོ་དངོས་གཞི་རྗེས་ཐམས་ཅད་དུ་ཐབས་མཁས་ཀྱི་ཡན་ལག་སྦྱིན་པ་གཏོང་བ་པོ་སྦྱིན་པའི་དངོས་པོ་སྦྱིན་ཡུལ་རྣམས་བདེན་མེད་སྒྱུ་མ་ལྟ་བུ་འཁོར་གསུམ་རྣམ་པར་མི་རྟོག་པའི་ཤེས་རབ་ཀྱིས་ཟིན་པ་སོགས་ཕ་རོལ་ཏུ་ཕྱིན་པ་དྲུག་ཡན་ལག་བཞི་ལྡན་དུ་རྒྱས་པར་བྱས་ནས་སྲིད་པ་འཁོར་བའི་རྒྱ་མཚོ་སྟེ། རྒྱ་མཚོ་རྒྱ་ཆེ་བ་དང་མཚུངས་པར་འཁོར་བའི་གནས་མཐའ་ཡས་པ་དང༌། གཏིང་ཟབ་པ་དང་མཚུངས་ཏེ་དེར་བྱིང་ནས་ཐོན་པར་དཀའ་བ་དང༌། ཆུ་སྲིན་ལ་སོགས་གདུག་པའི་སེམས་ཅན་གྱིས་འཇིགས་པ་མང་བ་དང་མཚུངས་པར་སྡུག་བསྔལ་གྱི་འཇིགས་པ་མང་བ་དང༌། རྒལ་བར་དཀའ་བ་དང་མཚུངས་པར་འཁོར་བ་ལས་ཐར་པར་དཀའ་སྟེ་ཆོས་སྒོམ་པ་མ་གཏོགས་ཐབས་གང་གིས་ཀྱང་ཐར་མི་ཐུབ་པས་དེ་ལྟ་བུའི་འཁོར་བའི་རྒྱ་མཚོ་ལས་ཕ་རོལ་ཏུ་ཕྱིན་པའི་མཐར་སོན་པ་རྒྱལ་བའི་དབང་པོ་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་མཛོད་ཅིགཉན་ཐོས་དང་རང་སངས་རྒྱས་རྣམས་ནི་འཁོར་བའི་རྒྱ་མཚོ་ལས་རང་ཉིད་གཅིག་པུ་སྒོམ་ཐར་ཙམ་ཡིན་ལ། སངས་རྒྱས་ནི་རང་ཉིད་འཁོར་བའི་རྒྱ་མཚོའི་ཕ་རོལ་ཏུ་སོན་པར་མ་ཟད་སེམས་ཅན་མཐའ་ཡས་པ་འདྲཻན་པར་མཛད་པས་ཐར་ལུགས་མཐར་ཐུག་པ་ཡིན་ནོ། །འདིར་བློ་གྲོས་ཆེན་པོའི་འགྲེལ་ཆེན་ལས། གཞན་


TNT21_Page_0990
[མ་དཔེ་གཟིགས་ན་འདིར་གནོན།]

མེད་ཕ་རོལ་ཕྱིན་ཅེས་འདོན་ཅིང༌། ཕྱིན་དྲུག་ཉན་རང་ལ་མེད་པའི་དོན་དུ་འཆད་དེ། ད་ནི་ཁྱིམ་པའི་རྟེན་ཅན་ལས་དང་པོ་པ་དད་པ་ཅན་རྣམས་ལ་ཉེ་བར་མཁོ་བའི་ཆོས་རྣམ་པ་གཉིས་བཤད་དེ། ཕ་མ་ལ་སོགས་པ་གུས་པར་འོས་པ་རྣམས་ལ་མཆོད་པ་དང༌། ཡན་ལག་བརྒྱད་དང་ལྡན་པའི་གསོ་སྦྱོང་བླངས་པ་ལས། དང་པོ་ནི་ཁྱིམ་ན་ཕ་དང་མ་ཡོངས་སུ་གུས་པར་བྱེད་པ་ནི་ཚངས་པ་དང་བཅས་ཡིན། སློབ་དཔོན་དང་བཅས་པ་ཡིན་ནོ། །ཞེས་གྲགས་པ་ལྟར་བཤད་པ་ནི། གང་ལ་ཕ་དང་མ་དག་མཆོད་པ་ཡི། །རིགས་དེ་ཚངས་བཅས་སློབ་དཔོན་བཅས་པའང་ལགས། །གང་ཕ་དང་མ་དག་ལ་གུས་པས་མཆོད་པར་བྱེད་པའི་རིགས་དེ་ལ་ནི་ཚངས་པ་དང་བཅས་པ་ཡིན། སློབ་དཔོན་དང་བཅས་པ་ཡིན་ཏེ། དངོས་སུ་ཕན་འདོགས་པའི་ཕ་དང་མ་ལ་གུས་པར་སྲིད་ཞུ་བྱེད་པ་ཤེས་པ་དྲིན་གཟོ་བ་དེ་ནི། ལྷ་རྣམས་ཀྱི་མཐར་ཐུག་ཚངས་པ་ལ་སོགས་པའི་ལྷ་ལ་གུས་པ་བྱེད་པ་ཡང་སྙིང་ཐག་པ་ནས་གུས་པ་ཡིན་པས་ཚངས་པ་དང་བཅས་པ་ཡིན། འཇུག་ལྡོག་ཐམས་ཅད་སློབ་པར་བྱེད་པའི་ཕ་དང་མ་གུས་པ་དེ་ནི། རིག་པའི་ཁྱད་པར་གཞན་སློབ་པའི་སློབ་དཔོན་ལ་གུས་པ་ཡང་སྙིང་ཐག་པ་ནས་གུས་པ་ཡིན། དེར་ལྟར་མ་ཡིན་པར་དངོས་སུ་ཕན་འདོག་པའི་ཕ་མ་ལ་བྱས་ཤེས་དྲིན་གཟོ་མེད་ན། ལྷ་ལ་གུས་པ་ལྟར་སྟོན་ཡང་ཚིག་ཙམ་གཡོ་སྒྱུའི་གུས་པ་ཡིན་གྱི་ཞེ་ནས་


TNT21_Page_0991
[མ་དཔེ་གཟིགས་ན་འདིར་གནོན།]

གུས་པ་མ་ཡིན། འཇུག་ལྡོག་ཐམས་ཅད་སྟོན་པའི་ཕ་མ་ལ་མི་གུས་ན་རིག་པའི་ཁྱད་པར་གཞན་སྟོན་པའི་སློབ་དཔོན་ལ་གུས་པ་ལྟར་སྣང་ཡང་གཡོ་སྒྱུའི་གུས་པ་ཡིན་གྱི་སྙིང་ཐག་པ་ནས་གུས་པ་མ་ཡིན་ནོ། །དེ་སྐད་དུ། ཕ་མའི་མདོ་ལས། དགེ་སློང་དག་ཁྱིམ་གང་དག་ན་ཕ་མ་གཉིས་ལ་ལེགས་པར་རི་མོར་བྱེད་པ་དང༌། ལེགས་པར་གཡོག་བྱེད་པའི་ཁྱིམ་པ་དེ་དག་ནི་ཚངས་པ་དང་ལྡན་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དགེ་སློང་དག་རིགས་ཀྱི་བུའི་ཕ་མ་གཉིས་ནི། རིགས་པའི་སྒོ་ནས་ཚངས་པ་དང་འདྲ་བའི་ཕྱིར་རོ། ཁྱིམ་པ་དེ་དག་ནི་སློབ་དཔོན་དང་འདྲ་བ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དགེ་སློང་དག་རིགས་ཀྱི་བུའི་ཕ་མ་གཉིས་ནི་རིགས་པའི་སྒོ་ནས་སློབ་དཔོན་དང་འདྲ་བའི་ཕྱིར་རོ། །ཞེས་དང༌། ཕ་མ་གཉིས་ནི་ཚངས་པ་ཡིན། །དེ་བཞིན་དང་པོ་སློབ་དཔོན་ཡིན། །བུ་ཡི་ཀུན་སྦྱིན་འོས་གྱུར་པ། །མི་ཡང་ཡིན་ལ་ལྷ་ཡང་ཡིན། །ཅེས་གསུངས་སོ། །ཕན་ཡོན་ནི། འདི་དག་ལ་མཆོད་གྲགས་པར་འགྱུར་བ་དང༌། སླད་མ་ན་ཡང་མཐོ་རིས་འགྱུར་བ་ལགས། ཕ་དང་མ་འདི་དག་ལ་གུས་པར་མཆོད་པས། འདི་ནི་བྱས་པ་ཤེས་པ་དྲིན་གཟོ་བ་ཡ་རབས་ཀྱི་སྤྱོད་པ་དང་ལྡན་པ་ཡིན་ནོ། །ཞེས་ཐམས་ཅད་ཀྱིས་བསྔགས་པས་གྲགས་པ་ཐོབ་པར་འགྱུར་བ་དང༌། སླད་མར་སྐྱེ་བ་གཞན་ལ་ཡང་ལྷ་དང་མིའི་བདེ་བ་ཕུན་སུམ་ཚོགས་པ་མཐོ་རིས་སུ་


TNT21_Page_0992
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེ་བ་ཐོབ་པར་འགྱུར་བ་ཡིན་ནོ། །གཉིས་པ་ལ་ཡན་ལག་བརྒྱད་དང་ལྡན་པའི་བསྙེན་གནས་དངོས་དང༌། དེ་བསྲུངས་པའི་ཕན་ཡོན་གཉིས་ལས། དང་པོ་ནི། འཚེ་དང་ཆོམ་རྐུན་འཁྲིག་པ་རྫུན་དང་ནི། །ཆང་དང་དུས་མིན་ཟས་ལ་ཆགས་པ་དང༌། །མལ་སྟན་མཐོ་ལ་དགའ་དང་གླུ་ངག་དང༌། །གར་དང་ཕྲེང་བའི་ཁྱད་པར་རྣམས་སྤོང་ཞིང༌། །སེམས་ཅན་ལ་གནོད་འཚེའི་གཙོ་བོ་སྲོག་གཅོད་པ། ཆོམ་རྐུན་གྱི་ལས་རྐུ་འཕྲོག་མ་བྱིན་པར་ལེན་པ། འཁྲིག་པའི་ཆོས་བསྟེན་པ་མི་ཚངས་པར་སྤྱོད་པ། ཤེས་བཞིན་དུ་བརྫུན་སྨྲ་བ་སྟེ། བཞི་པོ་སྤོང་བ་ནི་ཚུལ་ཁྲིམས་ཀྱི་ཡན་ལག་གོ །ཆང་འཐུང་བ་སྤོང་བ་ནི་བག་ཡོད་པའི་ཡན་ལག་གོ །སྐྱ་རེངས་དང་པོ་ཤར་བ་ནས་ཉི་མ་ཕྱེད་ཡན་བཟའ་བའི་དུས་ཡིན་ལ། ཉིན་ཕྱེད་ནས། སང་སྐྱ་རེངས་དང་པོ་མ་ཤར་བར་སྐོམ་པ་སེལ་བའི་བཏུང་བ་མ་གཏོགས་བཟའ་བ་དང་བཅའ་བའི་ཁྱད་པར་ཁམ་གང་དུ་ལོངས་པ་རྟེན་ན་དུས་མ་ཡིན་པའི་ཟས་ལ་ཆགས་པའི་ཉེས་པར་འགྱུར་བས་སྤོང་བ་དང༌། མལ་སྟན་མཐོ་བ་འཕངས་འཁྲུ་གང་ལོངས་པ་དང༌། མཐོ་དམན་ཅི་ཡིན་ཀྱང་རིན་པོ་ཆེ་ལ་སོགས་པའི་རིན་ཐང་ཆེ་བའི་མལ་སྟན་ལ་ལོངས་སྤྱོད་པའི་ཉེས་པ་སྤོང་བ་དང་ཐ་མལ་གྱི་གླུ་དང་རྩེད་མོའི་གར་དང་རོལ་མོ་དང་རིན་པོ་ཆེ་དང་མེ་ཏོག་ལ་སོགས་པའི་འཕྲེང་བ་རྒྱན་གྱི་ཁྱད་པར་འདོགས་པ་དང༌། ལུས་ལ་སྤོས་ཀྱི་དྲི་བཟང་བས་ཉུག་པ་དང༌། ཁ་དོག་


TNT21_Page_0993
[མ་དཔེ་གཟིགས་ན་འདིར་གནོན།]

འཆང་བ་ནི་ཚོན་གྱིས་ཁ་དོག་བསྒྱུར་བ་རྣམས་ཏེ། སྒེག་འཆོས་ལ་བརྟེན་པའི་ཉེས་པ་དེ་རྣམས་དང༌། གོང་གི་ཕྱི་དྲོའི་ཁ་ཟས་ལ་ཆགས་པའི་ཉེས་པ། མལ་སྟན་ཆེ་མཐོ་ལ་ལོངས་སྤྱད་པའི་ཉེས་པ་དང་བཅས་པ་གསུམ་སྦོང་བ་ནི་བརྟུལ་ཞུགས་ཀྱི་ཡན་ལག་ཡིན་ནོ། །དེ་ལྟར་བསྙེན་གནས་བསྲུངས་པའི་ཕན་ཡོན་ནི། དགྲ་བཅོམ་ཚུལ་ཁྲིམས་རྗེས་སུ་བྱེད་པ་ཡིས། །ཡན་ལག་བརྒྱད་པ་འདི་དག་དང་ལྡན་ན། །གསོ་སྦྱོང་འདོད་སྤྱཽད་ལྷ་ལུས་ཡིད་འོང་བ། །སྐྱེས་པ་བུད་མེད་དག་ལ་སྩོལ་བར་བགྱི། །འཕགས་པ་དགྲ་བཅོམ་པའི་ཚུལ་ཁྲིམས་དང་རྣམ་པ་མཐུན་ཅིང་རྫེས་སུ་འཇུག་པའི་ཡན་ལག་བརྒྱད་དང་ལྡན་པའི་བསྙེན་གནས་བསྲུང་བའི་ཕན་ཡོན་སྔར་གྱི་དགེ་བ་ཉམས་པ་གསོ་ཞིང་གོང་དུ་འཕེལ་བར་བྱེད། སྡིག་པ་སྦྱོང་བར་བྱེད། རྣམ་པར་སྨིན་པའི་འབྲས་བུ་འདོད་པ་ན་སྤྱོད་པའི་ལྷ་དྲུག་པོ་གང་རུང་གི་ལུས་ཡིད་དུ་འོང་བ་ཐོབ་པར་བྱེད་པས་དེ་ལྟ་བུའི་ཕན་ཡོན་དང་ལྡན་པའི་གསོ་སྦྱོང་རང་ཉིད་ཀྱིས་བསྲུང་ཞིང་སྐྱེས་པ་བུད་མེད་གཞན་དག་ཀྱང་བགྱིས་དུ་སྩོལ་བར་གྱིས་ཤིག་སྟེ་བགྱིད་དུ་འཇུག་པར་གྱིས་ཤིག །བསྙེན་གནས་ཀྱི་སྤྱི་དོན་ཟུར་སྐོལ་མཐའ་སྤྱོད་ལ། བསྙེན་གནས་ཀྱི་སྡོམ་པའི་ངོ་བོ། །ལེན་པ་པོའི་རྟེན་གྱི་ཁྱད་པར། གང་ལས་བསླང་བའི་ཡུལ། དུས་ཇི་ཙམ་དུ་ལེན་པ། ཇི་ལྟར་ལེན་པའི་ཚུལ། དེ་ལྟར་བླངས་པའི་བསླབ་བྱ། བླངས་པའི་


TNT21_Page_0994
[མ་དཔེ་གཟིགས་ན་འདིར་གནོན།]

ཕན་ཡོན་རྣམས་ལས་སྡོམ་པའི་ངོ་བོ་ནི། སོ་སོ་ཐར་བའི་སྡོམ་པ་ལས། མི་དགེ་པ་བཅུ་ཆ་ཚང་སྤོང་བའི་སྡོམ་པ་དང༌། ཆ་ཤས་ཅི་རིགས་སྤོང་བ་རྣམས་ཡོད་པ་ལས། བསྙེན་གནས་གྱི་སྡོམ་པའི་ངོ་བོ་ཡང་མི་དགེ་བ་བཅུ་ལས་ལོག་པའི་སྡོམ་པ་ཡིན་ལ། ལེན་པ་པོ་རྟེན་གྱི་ཁྱད་པར་ནི། ཉན་ཐོས་བྱེ་བྲག་ཏུ་སྨྲ་བ་རྣམས་གླིང་གསུམ་གྱི་སྐྱེས་པ་བུད་མེད་ཁོ་ན་ཡིན་པར་འདོད། མདོ་སྡེ་པ་དང་ཐེག་པ་ཆེན་པོ་པ་རྣམས་ནི་ཀླུ་དང་གནོད་སྦྱིན་དང་ལྷ་ལ་སོགས་པ་མི་མ་ཡིན་པའི་འགྲོ་བ་རྣམས་ཀྱིས་ཀྱང་སྙིང་ཐག་པ་ནས་དད་སེམས་ཀྱིས་བླངས་ན་སྡོམ་པ་སྐྱེ་བར་འདོད་པ་ལས་གྲུབ་མཐའ་གོང་མའི་འདོད་པ་ལྟར་དངོས་པོ་ལ་གནས་པའི་བཙན་ས་ཡིན། གང་ལ་བླང་བའི་ཡུལ་བྱེ་བྲག་ཏུ་སྨྲ་བ་དགེ་སློང་ཁོ་ན་ལས་ལེན་དགོས་པར་འདོད། མདོ་སྡེ་པ་ཡན་གྱི་གྲུབ་མཐའ་སྨྲ་བ་རྣམས་ནི་དགེ་སློང་དགེ་ཚུལ་དགེ་བསྙེན་གང་ཡང་རུང་བ་ལས་བླང་བས་ཐོབ་པར་འདོད། ཇི་ཙམ་དུ་ལེན་པའི་དུས་སྤྱིར་བཏང་ཉིན་ཞག་གི་མཐའ་ཅན་ཡིན་པར་ཐམས་ཅད་མཐུན་ཀྱང༌། བྱེ་བྲག་ཏུ་སྨྲ་བ་དམིགས་བསལ་མི་འདོད་ཅིང༌། མདོ་སྡེ་པ་དང་ཐེག་ཆེན་པ་རྣམས་ཉིན་ཞག་ཏུ་བསྲུང་བ་བསྙེན་གནས་རང་གི་ཐོབ་ཐང་སྤྱིར་བཏང་ཡིན་ཀྱང་དམིགས་གསལ་ཡུན་ཐུང་ངུ་བ་ཉིན་ཞག་ཏུ་བསྲུང་མི་ནུས་པར་ཉིན་གང་ཙམ་བསྲུང་བ་ཁས་བླང་ནས་བསྲུང་ན་དུས་མ་རྫོགས་པ་ཙམ་ཡིན་ནའང་བསྙེན་གནས་ཀྱི་སྡོམ་པར་འགྱུར་བ་ཡིན། ཉིན་ཞག་གཅིག་ལས་དུས་རིང་བ་ཞག་གྲངས།


TNT21_Page_0995
[མ་དཔེ་གཟིགས་ན་འདིར་གནོན།]

ཅི་ཙམ་བསྲུང་ནུས་ཀྱང༌། བསམ་པའི་དབང་གིས་བསླབ་བྱ་ལ་གནས་ན་དེ་ཡང་བསྙེན་གནས་ཀྱི་སྡོམ་པར་ཡིན་པར་འདོད། བྱེ་བྲག་ཏུ་སྨྲ་བ་ནི་བསྙེན་གནས་ཀྱི་སྡོམ་པ་བསྲུང་བའི་དུས་ཉིན་ཞག་གཅིག་ལས་མང་བ་དང་ཉུང་བར་མི་རུང་བས་བསྲུང་ཀྱང་ལེགས་སྤྱད་དགེ་བ་ཙམ་ཡིན་གྱི་སྡོམ་པར་མི་འདོད་དོ། །ཇི་ལྟར་ལེན་པའི་ཚུལ་ལ། ལེན་ཚུལ་དངོས་དང༌། ལེན་པའི་ཆོ་གའི་ཁྱད་པར་གཉིས་སོ། །ལེན་ཚུལ་དངོས་ནི། ཆོས་མངོན་པ་མཛོད་ལས། དམའ་བར་འདུག་སྨྲས་འདས་པ་ཡིས། །མི་རྒྱན་ནམ་ནི་ནངས་བར་དུ། །བསྙེན་གནས་ཡན་ལག་ཚང་བར་ནི། །ནངས་བར་གཞན་ལ་ནོད་པར་བྱ། །ཞེས་པ་སྡོམ་པ་ལེན་པའི་ཚུལ་སྟན་དམའ་བ་ལ་འདུག །སློབ་དཔོན་གྱིས་སྡོམ་པ་འབོགས་ཆོག་སྨྲ་བ་བཞིན་དུ་བཟླས་ཤིང༌། རྒྱན་གསར་བས་མི་རྒྱན་པ་དང༌། སང་ནམ་མ་ལངས་བར་དུ་ཡན་ལག་བརྒྱད་ཆ་ཚང་བར་བསྲུང་བའི་བསྙེན་གནས་ཀྱི་སྡོམ་པ་དེ། ནངས་པར་སྔ་དྲོ་ནམ་ལངས་མ་ཐག་གཞན་སློབ་དཔོན་གྱི་དྲུང་དུ་བླང་བར་བྱ་ཞེས་པ་ལ་བྱེ་བྲག་ཏུ་སྨྲ་བ་ནི་དུས་རྟག་ཏུ་གཞན་ཁོ་ན་ལས་ལེན་པར་འདོད། ཉན་ཐོས་མདོ་སྡེ་པ་དང་ཐེག་ཆེན་པ་རྣམས་ཐོག་མར་སློབ་དཔོན་ལས་ལེན་དགོས་མོད། དེ་ནས་རང་གི་བླངས་པས་ཀྱང་ཐོབ་པར་འདོད། ལེན་པའི་ཆོ་གའི་ཁྱད་པར་ཐེག་དམན་ཉན་ཐོས་ཀྱི་ལུགས་ལ། སྐྱབས་སུ་འགྲོ་བ་སྔོན་དུ་སོང་བའི་ཁས་ལེན་ལན་


TNT21_Page_0996
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་བྱས་པས་བསྙེན་གནས་ཀྱི་སྡོམ་པ་ཐོབ་པར་འདོད། ཐེག་ཆེན་པ་རྣམས་ནི་སྐྱབས་འགྲོ་སྔོན་དུ་སོང་ནས་སེམས་བསྐྱེད་པ་དང་འབྲེལ་བའི་ཁས་ལེན་གྱིས་ཐོབ་པར་འདོད། བསྙེན་གནས་ཀྱི་བསླབ་པ་ཡན་ལག་བརྒྱད་དང་ལྡན་པར་གནས་དགོས་པ་ལས། རྩ་བ་བཞི་སྤངས་པའི་བསླབ་བྱ་ལ་གནས་པ་ཚུལ་ཁྲིམས་ཀྱི་ཡན་ལག་ཡིན་པ་ལས། རྩ་བ་བཞི་སོ་སོར། གཞི་བསམ་པ་སྦྱོར་བ་མཐར་ཐུག་གི་ཡན་ལག་བཞི་ཚང་ན་སྡོམ་པ་འཇིག་པར་འགྱུར་བ་ཡིན་ཏེ། གཞི་ལ་རྟེན་དང་ཡུལ་གཉིས། བསམ་པ་ཀུན་སློང་དང༌། འདུ་ཤེས་གཉིས། སྦྱོར་བ་དང༌། མཐར་ཐུག་ལ་ནང་ཚན་གྱིས་དབྱེ་བ་ངེས་བཟུང་མེད་པ་ལས། ཐམས་ཅད་ལ་རྟེན་སྡོམ་པ་ཐོབ་ལ་མ་ཉམས་པ་ཤེས་པ་དང་རང་བཞིན་དུ་གནས་པའོ། །ཡུལ་སྲོག་གཅོད་པ་ལ་མི་དང་མིར་ཆགས་པའི་འགྲོ་བ་གཞན། མ་བྱིན་པ་ལེན་པར་མིའི་འགྲོ་བས་བདག་ཏུ་བཟུང་བ་རིན་ཐང་ཚང་བའི་དངོས་པོ་མ་ཤ་ཀ་ལྔའམ་ཀར་ཤ་པ་ཎའི་བཞི་ཆ་སྟེ་དངུལ་ཞོ་ཕྱེད་ཙམ་གྱི་ཚད་བཞག་པ་ལྟ་བུ། མི་གཙང་བར་སྤྱོད་པ་ལ་སྐྱེ་གནས་ཁ་བཤང་ལམ་སྟེ་ཉམས་པ་མེད་པའི་སྒོ་གསུམ་བརྟེན་པ། རྫུན་ནི་མིའི་ཆོས་བླ་མ་ཡིན་པ་ལ་འདུ་ཤེས་བསྒྱུར་ནས་ཡིན་པར་སྨྲ་བའི་ངག་ཚིག་སྟེ་ཡུལ་ནི་མིའི་འགྲོ་བ་ལ་སྨྲས་པ། བསམ་པའི་ཀུན་སློང་སྲོག་གཅོད་པ་ལ་སྙིང་ཐག་པ་ནས་གསོད་སེམས་སྐྱེས་པ། མ་བྱིན་ལེན་ལ་


TNT21_Page_0997
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་གྱི་ལོངས་སྤྱཽད་བདག་གིར་ལེན་འདོད་པ། མི་གཙང་བ་སྤྱཽད་པ་ལ་འཁྲིག་པའི་ཆོས་བརྟེན་པར་འདོད་པ། རྫུན་ལ་མིའི་ཆོས་བླ་མར་སྨྲ་བ་འདུ་ཤེས་བསྒྱུར་བའི་བརྫུན། སྨྲ་བར་འདོད་པ། འདུ་ཤེས་ནྀ་སྲོག་གཅོད་པར་ལྷ་བྱིན་གསོད་རྒྱུར་མཆོད་སྦྱིན་བསད་པ་ལྟ་བུ་ནོར་བ་མ་ཡིན་པའི་དེ་ལ་དེར་ཤེས་ཀྱི་བློ་མ་འཁྲུལ་བ། མ་བྱིན་ལེན་ལ་གཞན་གྱི་དངོས་པོ་ལེན་རྒྱུར་རང་གི་དངོས་པོ་དང་འདུ་ཤེས་འཁྲུལ་བ་དང༌། རིན་ཐང་མ་ཚང་བ་ལེན་རྒྱུར་ཚང་བ་དང༌། ནོར་བ་མ་ཡིན་པ་ལྟ་བུའི་དེ་ལ་དེར་ཤེས་གྱི་བློ་མ་འཁྲུལ་བ། མི་གཙང་བ་སྤྱཽད་པ་ལ། འཁྲིག་པ་ལ་ནི་འདུ་ཤེས་གཙོར་བྱ་མེད་ཅེས་གསུངས་པ་ལྟར་འདུ་ཤེས་འཁྲུལ་མ་འཁྲུལ་ལ་རག་མ་ལུས་བར་བཤད། རྫུན་ལ་རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་པོ་ཞེས་སྨྲ་རྒྱུ་ལ་དགྲ་བཅོམ་པ་ཐོབ་བོ་ཞེས་པར་ཚིག་ནོར་བ་ལྟ་བུ་མིན་པའི་དེར་ཤེས་ཀྱི་བློ་མ་འཁྲུལ་བ། སྦྱོར་བ་ནི་སྲོག་གཅོད་པ་ལ་རང་གི་དངོས་སུ་སྲོག་གཅོད་པའི་ལས་ལ་སྦྱར་བ་དང༌། གཞན་བྱེད་དུ་བཅུག་པ། འཆི་བའི་བསྔགས་པ་བརྗོད་ནས། རང་ཉིད་འཆིར་བཅུག་པ་མཚོན་དང་སྔགས་དང་སྨན་ལ་སོགས་པས་གསོད་པ། མ་བྱིན་པར་ལེན་པ་ལ་གཞན་གྱི་ནོར་མཐུས་ཕྲོགས་པ་དང༌། འཇབ་བུས་བརྐུ་བ་དང༌། གཞན་འཕྲོག་པ་དག་བརྐུར་འཇུག་པ་རིགས་སྔགས་ཀྱིས་འདྲེན་པ། མི་གཙང་བར་སྤྱཽད་པ་ལ་ཉམས་པ་མེད་པའི་སྒོ་གསུམ་གང་རུང་གི་ནང་


TNT21_Page_0998
[མ་དཔེ་གཟིགས་ན་འདིར་གནོན།]

དུ་བརྟེན་པའི་འཁྲིག་པར་སྤྱོད་པ། རྫུན་མི་ཆོས་བླ་མར་སྨྲ་བ་དངོས་སུ་མིའི་འགྲོ་བས་ཐོས་པར་སྨྲ་བ། མཐར་ཐུག་སྲོག་འགགས་པ་དང༌། སྲོག་མ་འགགས་བར་དུ་གསོད་སེམས་རྒྱུན་མ་ལོག་པ། མ་བྱིན་ལེན་ལ་ཐོབ་སེམས་སྐྱེས་པ། མི་གཙང་བར་སྦྱོད་པ་ལ། ཁམས་འཕོས་པའི་བདེ་བ་ཉམས་སུ་མྱོང་བ། རྫུན་ལ་མིའི་འགྲོ་བས་གོ་བ་རྣམས་ནི་མཐར་ཐུག་སྟེ། གཞི་བསམ་སྦྱོར་བ་མཐར་ཐུག་དེ་རྣམས་ཚང་ན་དགེ་སློང་གི་ཕམ་པ་དང་འདྲ་བའི་ཉེས་བྱས་སུ་འགྱུར་བས་རྩ་བ་བཞི་རེ་རེ་ཉམས་པར་འགྱུར་ཀྱང་སྡོམ་པ་འཇིག་པ་ཡིན༌། ཡན་ལག་དེ་རྣམས་མ་ཚང་བ་སེལ་བའི་ལྟུང་བ་རྣམས་ནི་སྦོམ་པོའི་ཉེས་བྱས་ཙམ་ཡིན་པས་སྡོམ་པ་ཉམས་སྨད་པར་འགྱུར་བ་ཡིན་ལ་འཇིག་པར་འགྱུར་བ་མ་ཡིན་ནོ། །གཞི་བསམ་སྦྱོར་བ་མཐར་ཐུག་བཞིའི་ནང་ནས་ཀུན་སློང་མ་ཚང་ན་བསམ་པ་ཉོན་མོངས་ཅན་མིན་པས་ཉེས་པ་ཡང་བ་ཡིན། འདུ་ཤེས་འཁྲུལ་བ་ཙམ་མིན་ཀྱང་གཞན་རྣམས་ཚང་ན། ཆ་ཤས་མ་གཏོག་ཕལ་ཆེར་ཚང་བ་ཡིན་པས་ཉེས་པ་ལྕི་བ་ཡིན། གཞི་སྦྱོར་བ་མཐར་ཐུག་གསུམ་ལ་ཚང་མ་ཚང་ལ་ཉེས་པ་ཆེ་ཆུང་སྣ་ཚོགས་པ་ངེས་པར་འབྱུང་བ་ཡིན། དགེ་སློང་དང་དགེ་ཚུལ་ཏེ་རབ་ཏུ་བྱུང་བ་རྩ་བ་བཞིའི་བསླབ་བྱ་ལས་ཉམས་པར་གྱུར་པ་ལ་འཆབ་སེམས་གསོད་པའི་སེམས་སྐྱེས་ན་སླར་སྡོམ་པ་བླང་དུ་མེད་པ་དང་དགེ་ཚུལ་ལ་གསོད་སེམས་མ་སྐྱེས་ན་ལན་


TNT21_Page_0999
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་གྱི་བར་དུ་བླངས་པས་སྐྱེས་བར་གསུངས། དེ་ལས་མང་བར་ལེན་མི་རུང་བར་གསུངས་པ་ནི་རབ་ཏུ་བྱུང་བ་རྣམས་ལ་ཧ་ཅང་ཐལ་ཆེས་བར་འགྱུར་དུ་དོགས་པ་ཡིན་ཅིང༌། དགེ་བསྙེན་དང་བསྙེན་གནས་རྣམས་ལ་འཆབ་སེམས་སྐྱེས་ཀྱང་སླར་ལེན་པར་བཤད་པ་དང༌། ལན་མང་དུ་ཉམས་ཀྱང་སླར་བླང་དུ་རུང་བ་ཡིན་ནོ། །བསྙེན་གནས་ཡན་ལག་བརྒྱད་དང་ལྡན་པར་བསྲུང་བའི་ཕན་ཡོན་ནི། མཐོང་བའི་ཆོས་ཚེ་འདི་ཉིད་ལ་དཀར་ཕྱོགས་སྐྱོང་བའི་ལྷ་དང་བསྲུང་མའི་ཚོགས་ཀྱིས་བསྲུང་ཞིང་སྐྱོབ་པར་འགྱུར་བ་དང༌། ཁྱད་པར་དུ་བརྒྱ་བྱིན་དང་རྒྱལ་པོ་ཆེན་པོ་སྡེ་བཞི་ལ་སོགས་པའི་དཀར་ཕྱོགས་ལ་མངོན་པར་དགའ་ཞིང་བསྟན་པ་བསྲུང་བའི་ལྷ་ཆེན་པོ་དེ་དག་དུས་བཟང་པོ་རྣམས་སུ་འཛམ་བུའི་གླིང་ཉུལ་བ་བྱེད་པས་བསྙེན་གནས་ལ་ཡང་དག་པར་གནས་པ་རྣམས་ལ་རབ་ཏུ་དགྱེས་པས་སྲུང་བར་བྱེད་པ་དང་ཕྱོགས་དེ་དག་ཏུ་ཡུན་རིང་དུ་གནས་པས་དེ་རྣམས་ཀྱི་མཐུ་དང་གཟི་བརྗིད་ཀྱིས་འབྱུང་པོ་མ་རུངས་པ་རྣམས་བྱེར་བར་གྱུར་པའི་ཡུལ་ཕྱོགས་ཀྱང་དགེ་ཞིང་བདེ་སྐྱིད་དང་ལྡན་པར་འགྱུར་ལ། བར་སྐབས་ཚེ་ཕྱི་མར་འབྱུང་བའི་ཕན་ཡོན་འདོད་པ་ན་སྤྱོད་པའི་ལྷའི་ལུས་ཕུན་སུམ་ཚོགས་པ་ཐོབ་ཅིང༌། དེ་ཡང་དཀོན་མཆོག་གསུམ་ལ་དད་པ་ཆེན་པོའི་བསམ་པ་དང་ཡང་ནས་ཡང་དུ་བླང་བ་ལྷའི་ནང་དུ་ཡང་མཆོག་བརྒྱ་བྱིན་དང་མཚུངས་པ་དང་འདོད་ཁམས་ཀྱི་


TNT21_Page_1000
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་དྲུག་ལས་གོང་མ་རྣམས་སུ་སྐྱེ་ཞིང༌། ལས་ཀྱི་ལྷག་མར་མིར་སྐྱེ་པ་ཡང་ཡོད། དགེ་བ་བཅུ་ལ་གནས་པའི་ཚུལ་ཁྲིམས་བསྲུང་བའི་ཕན་ཡོན་གྱིས་གང་དུ་སྐྱེས་པ་དེར་ཚེ་རིང་བ་དང༌། གཟུགས་བཟང་བ་དང་ལོངས་སྤྱཽད་ཆེ་བ་ལ་སོགས་པ་ཕུན་སུམ་ཚོགས་པར་འགྱུར་རོ། །མཐར་ཐུག་གི་ཕན་ཡོན་ནི། བྱང་ཆུབ་གསུམ་གང་དུ་དམིགས་པ་དེ་དང་དེ་ཐོབ་པར་འགྱུར་བ་དང༌། ཁྱད་པར་དུ་ཐེག་པ་ཆེན་པོའི་ལུགས་སུ་བསྙེན་གནས་ཀྱི་སྡོམ་པ་བསྲུངས་ན་རྫོགས་པའི་བྱང་ཆུབ་ཀྱི་རྒྱུར་གྱུར་པར་མ་ཟད། ཐེག་དམན་ལུགས་སུ་བླངས་ཀྱང༌། སྐྱབས་འགྲོ་སྔོན་དུ་སོང་བས་རྫོགས་པའི་སངས་རྒྱས་ལ་དམིགས་པའི་ཕྱིར་མཐར་རྫོགས་པའི་སངས་རྒྱས་ཐོབ་པའི་ཚོགས་སུ་གྱུར་པ་ཡིན་ནོ། །དེ་ལྟར་དད་པའི་ཆོས་སྐོར་གྱི་རྗེས་ཐོགས་སུ། བག་ཡོད་པའི་ཆོས་སྐོར་བཤད་པ་ལ་དོན་ཚན་ལྔའི་དང་པོ་བག་ཡོད་པས་སེམས་ཤིན་ཏུ་བསྲུང་བ་ལ་རྩོན་པར་གྱིས་ཤིག །ཅེས་གདམས་པ་ནི། སེར་སྣ་གཡོ་སྒྱུ་ཆགས་དང་སྙོམས་ལས་དང༌། །མངོན་པའི་ང་རྒྱལ་འདོད་ཆགས་ཞེར་སྡང་དང༌། །རིགས་དང་གཟུགས་དང་ཐོས་པ་ལང་ཚོ་དང༌། །དབང་ཐང་ཆེ་བས་རྒྱགས་པ་དགྲ་བཞིན་གཟིགས། ཉོན་མོངས་དགུའི་གནོད་པ་ལས་སེམས་བསྲུང་བར་བྱ་སྟེ། སེར་སྣ་ནི་སྔར་ཡོད་ཀྱི་རྫས་ཡོ་བྱད་ལ་སྲེད་པས་གཞན་ལ་གཏོང་མི་ཕོད་པ་དང༌། གཡོ་ནི་རང་ཉིད་ལ་ཡོན་ཏན་མེད་པ་ལ་ཡོད་པ་ལྟར་སྟོན་པས་གཞན་བསླུ་བར་བྱེད་པ་དང༌།


TNT21_Page_1001
[མ་དཔེ་གཟིགས་ན་འདིར་གནོན།]

སྒྱུ་ནི་རང་གིས་སྐྱོན་སྦེད་པས་གཞན་བསླུ་བར་བྱེད་པ་དང༌། ཆགས་པ་ནི་ལོ་བྷ་ཞེས་པ་ཆོག་མི་ཤེས་པ་སྟེ། ལོངས་སྤྱཽད་ཀྱི་ཆོག་མི་ཤེས་པའི་འདོད་ཆེན་གྱི་ལོངས་སྤྱོད་ལ་སྲེད་ཅིང་ཆགས་པ་དང༌། སྙོམས་ལས་ནི་ལེ་ལོ་སྟེ། ཆོས་ལ་ཐོག་མར་འཇུག་པ་ལ་ལེ་ལོ་དང་ཞུགས་ནས་ཀྱང་མཐར་ཕྱིན་པར་བརྩོན་པ་མི་སྒྲུབ་པའི་སྙོམས་ལས་སུ་གྱུར་པ། མངོན་པའི་ང་རྒྱལ་ནི་ཡོན་ཏན་མེད་པ་ལ་ཡོད་པར་ང་རྒྱལ་བ་དང༌། འདོད་ཆགས་ནི་ཁམས་གསུམ་གྱི་འདོད་ཆགས་ལས། འདོད་ཁམས་ཀྱི་འདོད་ཆགས་དང༌། དེ་ལ་ཡང་རང་རྒྱུད་ཀྱི་ཕུང་པོ་ལ་ཆགས་པ་དང༌། གནས་ལ་ཆགས་པ་དང༌། འདོད་ཡོན་ལ་ཆགས་པ་རྣམས་ཀྱི་ནང་ནས། ཉེས་པ་ཐམས་ཅད་འཕྲལ་དུ་བསྐྱེད་པའི་གཞི་འདོད་ཡོན་ལ་ཆགས་པ་ཡིན་ནོ། །ཞེ་སྡང་ནི་གནོད་སེམས་དང་རྗེས་སུ་འབྲེལ་བའི་ཁོང་ཁྲོ་བ། རིགས་མཐོ་བས་ང་རྒྱལ་བ་དང་རྗེས་སུ་འབྲེལ་བར་གཞན་དམན་པ་དང་རང་ཉིད་མཆོག་ཏུ་འཛིན་པའི་སེམས་མཐོ་བ་དང༌། དེ་བཞིན་དུ་གཟུགས་མཛེས་པ་ལ་སོགས་པས་ཡུས་པ་དང༌། ཐོས་པ་དང་ལང་ཚོ་དར་ལ་བབས་པ་དང༌། དབང་ཐང་ཆེ་བས་སེམས་གཏུགས་པ་ཁེངས་པ་ཆེན་པོ་གྱུར་པར་ནི་རྒྱགས་པ་སྟེ་ཉོན་མོངས་དགུ་པོ་དེ་རྣམས་ནི་དུས་རྟག་ཏུ་རང་ལ་གནོད་པར་བྱེད་པས་དགྲ་དང་མཚུངས་པ་སྟེ་དགྲ་ལ་ཟོན་སྐྱོར་ནས་འཇོམས་པར་བྱེད་པ་བཞིན་ཉོན་མོངས་པ་དེ་རྣམས་ཀྱང༌། སེམས་ལ་མི་བཅངས་པར་


TNT21_Page_1002
[མ་དཔེ་གཟིགས་ན་འདིར་གནོན།]

ནམ་སྐྱེས་པའི་དུས་སུ་གཉེན་པོས་འབུར་འཇོམས་སུ་བྱེད་པའི་དགྲ་ལྟར་གཟིགས་དགོས་སོ། །ཕན་ཡོན་དང་ཉེས་དམིགས་ཤེས་པའི་སྒོ་ནས་བག་ཡོད་པར་བསྒྲུབ་པར་གདམས་པ་ནི། བག་ཡོད་བདུད་རྩིའི་གནས་ཏེ་བག་མེད་པ་འཆི་བའི་གནས་སུ་ཐུབ་པས་བཀའ་བསྩལ་ཏེ། དེ་བས་ཁྱོད་ཀྱིས་དགེ་ཆོས་སྤེལ་སླད་དུ། །གུས་པས་རྟག་ཏུ་བག་དང་བཅས་པར་མཛད། །གང་ཞིག་སྔོན་ཆད་བག་མེད་གྱུར་པ་ལས། །ཕྱི་ནས་བག་དང་ལྡན་པར་གྱུར་ཏེ་ཡང༌། །ཟླ་བ་སྤྲིན་བྲལ་ལྷ་བུར་རྣམ་མཛེས་ཏེ། །དགའ་བོ་སོར་འཕྲེང་མཐོང་ལྡན་བདེ་བྱེད་བཞིན། །བག་ཡོད་པ་ནི་བདུད་རྩིའམ་འཆི་མེད་པའི་གནས་ཡིན་ཏེ། ཆོས་ལ་ནན་ཏན་སྙིང་པོར་བག་ཡོད་པ་སྤྱད་པས་སེམས་ཉོན་མོངས་པ་ལས་རྣམ་པར་གྲོལ་བ་ཐར་པ་འཆི་བ་མེད་པའི་གོ་འཕང་ཐོབ་པར་བྱེད་པས། འཆི་མེད་ཀྱི་གོང་འཕང་བག་ཡོད་ལས་འབྱུང་བའི་ཕྱིར་བག་ཡོད་པར་འཆི་མེད་ཀྱི་གནས་ཞེས་བྱ། ཇི་སྲིད་བག་མེད་པ་ཡོད་ཀྱི་བར་དེ་སྲིད་དུ་ཐར་པ་འཆི་མེད་ཀྱི་གོ་འཕང་ཐོབ་པར་མི་འགྱུང་ཞིང༌། བག་མེད་པ་ལས་ཉོན་མོངས་པ་འབྱུང་བ་དང༌། ཉོན་མོངས་པ་ལས་སྐྱེ་ཤིའི་འཕྲེང་བ་འབྱུང་བས་བག་མེད་པ་ནི་འཆི་བའི་གནས་ཡིན་ནོ་ཞེས་བཅོམ་ལྡན་འདས་ཐུབ་པའི་དབང་པོའི་བཀའ་བསྩལ་པ་ཡིན་ཏེ། མདོ་སྡེ་ལས། བག་ཡོད་འཆི་མེད་གནས་ཡིན་ཏེ། །བག་མེད་པ་ནི་འཆི་བའི་གནས། །བག་ཡོད་འཆི་བར་མི་འགྱུར་ཏེ། །བག་མེད་པ་ནི་རྟག་ཏུ་འཆི། །དེ་ཡི་ཁྱད་པར་


TNT21_Page_1003
[མ་དཔེ་གཟིགས་ན་འདིར་གནོན།]

དེ་རིགས་པས། །མཁས་པ་རྣམས་ནི་བག་དང་བཅས། །བག་ཡོད་པ་ལ་རབ་དགའ་བ། །འཕགས་པའི་སྤྱོད་ཡུལ་དགའ་བ་ཡིན། །ཅེས་ལུང་གིས་བསྟན་པ་ལྟར་བླང་དོར་ཤེས་ནས་བག་ཡོད་པར་སྤྱད་པས་དགེ་བའི་ཆོས་མཐའ་དག་རྒྱ་ཆེར་འཕེལ་བར་འགྱུར་ཏེ། དེ་བས་ན་རྒྱལ་པོ་ཁྱོད་ཀྱིས་རང་ཉིད་དགེ་བའི་ཆོས་སྤཻལ་བའི་སླད་དུ་སངས་རྒྱས་དང་འཕགས་པ་རྣམས་ལ་བརྙས་པ་དང་རིས་སུ་བོར་བ་མ་ཡིན་པ་ཆེ་ཐང་དུ་མཆོག་དང་གཙོ་བོ་འཛིན་པའི་དཔེ་གསུངས་པ་དམ་པའི་ཆོས་དང་བཅས་པར་གུས་པ་ཆེན་པོས་རྟག་ཏུ་ཆོས་ལ་བག་དང་བཅས་པ་སྟེ་བག་ཡོད་པར་མཛོད་ཅིག །འོ་ན་སྔོན་དུ་བག་མེད་པར་སྤྱད་པའི་ཉེས་ཟིན་པས་ད་ནི་བག་ཡོད་ལ་གནས་ཀྱང་མི་ཕན་ནོ་ཞེ་ན་ཐོག་མ་ཉིད་ནས་བཟུང་ཚེ་ཧྲིལ་པོར་བག་ཡོད་ཁོ་ནར་གནས་ན་ཆེས་ངོ་མཚར་ཆེ་བ་ཡིན་མོད་ཀྱང། དེ་ལྟར་མིན་པ་གང་ཞིག་སྔོན་ཆད་བག་མེད་པ་སྤྱད་པ་གྱུར་པ་ཡིན་ཀྱང༌། ཕྱི་ནས་བག་དང་ལྡན་པར་གྱུར་ན་ཡང་ནམ་བག་ཡོད་པར་གྱུར་པ་དེ་ནས་གཟུང། རང་ཉིད་ལ་ཕན་པ་དང་བདེ་བ་འབྱུང་བ་དང༌། སྤྱཽད་པ་ལ་གཞན་གྱིས་སྨོན་པར་མི་འགྱུར་ཞིང་བསྔགས་པར་བྱེད་པའི་མཛེས་པ་སྟེ། ཟླ་བ་ཐོག་མར་སྤྲིན་གྱིས་བསྒྲིབས་ཀྱང༌། སླར་ཡང་སྤྲིན་དང་བྲལ་བའི་དུས་དེ་ཉིད་ནས་ཉམས་པ་མེད་པར་གསལ་བ་དང་འོད་ཟེར་ཡོངས་སུ་རྒྱས་པས་རྣམ་པར་མཛེས་པ་བཞིན་ནོ། །མཚན་གཞི་སྔོན་བག་མེད་པར་སྤྱད་པ་ལ་ཕྱིས་བག་དང་ལྡན་པར་གྱུར་པ་


TNT21_Page_1004
[མ་དཔེ་གཟིགས་ན་འདིར་གནོན།]

འདོད་ཆགས་ཤས་ཆེ་བ་བཅོམ་ལྡན་འདས་ཀྱི་མཆེད་ཟླ་གཅུང་དགའ་བོ། །ཞེ་སྡང་ཤིན་ཏུ་ཆེ་བ་སོར་མོའི་ཕྲེང་བ་ཅན་དང༌། མཐོང་ལྡན་ཏེ་ཕ་བསད་པ་རྒྱལ་པོ་མ་སྐྱེས་དགྲ་དང༌། མ་བསད་པའི་མཚམས་མེད་པ་བྱས་པ་བདེ་བྱེད་དེ། དེ་རྣམས་ཀྱང་ཕྱིས་འགྱོད་པའི་སེམས་ཀྱིས་བག་ཡོད་པར་སྤྱད་པ་ལས་རང་ཉིད་ཀྱི་དགོས་པའི་དོན་ཕུན་སུམ་ཚོགས་པ་ཐོབ་པ་བཞིན་ནོ། །ཁྱད་པར་དུ་ཁོང་ཁྲོ་སྤོང་བ་ལ་བག་ཡོད་པར་གདམས་པ་ནི། །བཟོད་པ་དང་མཚུངས་དཀའ་ཐུབ་མ་མཆིས་པས། ཁྱོད་ཀྱི་ཁྲོ་བའི་གོ་སྐབས་དབྱེ་མི་བགྱི།། ཁྲོ་བ་སྤངས་པས་ཕྱིར་མི་ལྡོག་པ་ཉིད། །ཐོབ་པར་འགྱུར་བར་སངས་རྒྱས་ཞལ་གྱིས་བཞེས། ཁོང་ཁྲོ་བ་ཞེ་སྡང་གི་གཉེན་པོ་བཟོད་པ་དང་མཚུངས་པའི་དཀའ་ཐུབ་ཡོད་པ་མ་ཡིན་ཏེ། ལུས་ལ་གདུང་བ་རྩོམ་པའི་དཀའ་ཐུབ་མེ་ལྔ་བརྟེན་པ་དང༌། སྨྱུང་བ་དང་གཅེར་པུ་བྱེད་པ་ལ་སོགས་པ་བཟོད་ནུས་པའི་དྲང་སྲོང་རྣམས་ཀྱིས་ཀྱང་གཞན་གྱི་གནོད་པ་བཟོད་མ་ནུས་པར་དམོད་པ་འདོར་པ་སོགས་ཡོད་པས་གནོད་པ་ལ་ཇི་མི་སྙམ་པའི་བཟོད་པ་ནི་ཆེས་དཀའ་བ་ལའང་ཡིན་ལ། ལུས་ལ་གདུང་བ་རྩོམ་པའི་དཀའ་ཐུབ་ནི་ཕན་ཡོན་དང་མི་ལྡན་ཏེ་སྡིག་པ་བྱང་བ་དང་ཐར་པ་ཐོབ་པའི་ཐབས་སུ་འགྱུར་བ་མ་ཡིན། བཟོད་པས་ནི་ལམ་གྱི་ཡོན་ཏན་གོང་དུ་འཕེལ་བར་བྱེད་པས་བསྟེན་པར་བྱ་བའི་ཆོས་རྣམས་ཀྱི་མཆོག་ཏུ་གྱུར་པ་ཡིན་ཏེ་དེས་ནས་བཟོད་པའི་མཐུན་ཕྱོགས་ཁོང་ཁྲོ་རྒྱུད་ལ་སྐྱེར་མི་འཇུག་ཅིང༌། གལ་ཏེ་


TNT21_Page_1005
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེས་ཀྱང་རྒྱུན་བཅད་ནས་དེ་མ་ཐག་ཁོང་ཁྲོ་ལས་ལྡོག་པར་བྱེད་པས་ཁྲོ་བས་གོ་སྐབས་དུས་ནམ་ཡང་དབྱེ་བར་མི་བགྱི་སྟེ་གོ་སྐབས་མི་དབྱེ་ཞེས་པའི་ནི་ཡོངས་སུ་མི་སྟེར་བའི་དོན་ནོ། །དེ་ལྟར་ཁོང་ཁྲོ་བ་སྤངས་ཤིང་བཟོད་པ་ལ་གནས་པའི་ཡོན་ཏན་གྱིས་ཕྱིར་མི་ལྡོག་པ་ཉིད་ཐོབ་པར་འགྱུར་བ་སངས་རྒྱས་ཀྱི་ཞལ་གྱིས་བཞེས་པའམ་བཀའ་བསྩལ་པ་ཡིན་ཏེ་ཉན་ཐོས་ཀྱི་སྡེ་སྣོད་ལས། བཙུན་པ་དགེ་སྦྱོང་ཕྱིར་མི་ལྡོག་པ་ནི་གང་ལགས། བྲམ་ཟེ་དང་དགེ་སྦྱོང་གང་ཁྲོ་བར་མི་བྱེད། རབ་ཏུ་ཁྲོ་བར་མི་བྱེད། འཁོན་དུ་འཛིན་པར་མི་བྱེད། དབྱུག་པ་ལེན་པ་ཡོངས་སུ་སྦངས་པ། མཚོན་ཆ་ལེན་པ་ཡོངས་སུ་སྤངས་པ་དེ་ནི་དགེ་སྦྱོང་ཕྱིར་མི་ལྡོག་པ་ཡིན་ནོ། །ཞེས་གསུངས་སོ། །ཕྱིར་མི་བཟློག་པ་ལ་ཐེག་ཆེན་བྱང་ཆུབ་སེམས་དཔའ་ལམ་གྱི་དབང་དུ་བྱས་ན་ཚོགས་ལམ་ཆེན་པོ་ནས་ས་བརྒྱད་པའི་བར་དུ་ཕྱི་མི་ལྡོག་པ་ཐོབ་ཚུལ་འཇོག་མཚམས་མང་བར་ཡོད་པ་དང༌། ཉན་ཐོས་ཀྱི་ལམ་ལ་ཡང་སྦྱོར་ལམ་བཟོད་པ་ཐོབ་པ་ནས་ཕྱིར་མི་ལྡོག་པ་ཡིན་པར་བཤད་དོ། །ཁོང་ཁྲོ་བ་སྤོང་བ་ལ་ཐོག་མར་འཁོན་འཛིན་སྤོང་དགོས་ཏེ། བདག་ནི་འདིས་སྤྱོས་འདིས་བཏགས་ཕམ་པར་བྱས། །འདི་ཡིས་བདག་གི་ནོར་ཕྲོགས་གྱུར་ཏོ་ཞེས། །འཁོན་དུ་འཛིན་པས་འཁྲུག་ལོང་རྣམས་སྐྱེས་སྟེ། །འཁོན་འཛིན་རྣམས་སྤངས་བདེ་བར་གཉིད་ཀྱིས་ལོག །འདིས་བདག་ལ་མངོན་སུམ་གཡོས་ཏེ་ཚིག་རྩུབ་མོས་རྒོལ་བར་བྱེད་དོ། །འདིས་ནི་བདག་


TNT21_Page_1006
[མ་དཔེ་གཟིགས་ན་འདིར་གནོན།]

བརྡུང་ཞིང་བཏགས་སོ། །འདིས་སྨྲ་པ་དང་འཐབ་རྩོད་ཀྱིས་ཕམ་པར་བྱས་སོ། །འདིས་བདག་གི་ནོར་ཕྲོགས་པར་གྱུར་ཏོ་ཞེས་པས་མཚོན་པ་ཀུན་ནས་མནར་སེམས་པ་དགུ་སྟེ། འདིས་བདག་ལ་གནོད་པ་བྱས་སོ་བྱེད་དོ། །བྱེད་པར་འགྱུར་རོ། །འདིས་བདག་དང་ཉེ་ཞིང་ཕྱོགས་སུ་གཏོགས་པ་རྣམས་ལ་གནོད་པ་བྱས་སོ་བྱེད་དོ་བྱེད་པར་འགྱུར་རོ། །འདིས་བདག་གི་དགྲ་ལ་ཕན་བཏགས་སོ། །འདོགས་པར་བྱེད་དོ། །འདོགས་པར་འགྱུར་རོ་སྙམ་པའི་སེམས་དམ་པོར་གྱུར་པས་ཁོང་ཁྲོ་བ་ཞེ་སྡང་གིས་འཁོན་དུ་འཛིན་པས་འཁྲུག་ལོང་བརྩོད་པ་བསྐྱེད་པར་བྱེད་པ་དེ་སྤངས་ནས་བདེ་བར་གཉིད་ཀྱིས་ལོག་པ་ལ་སོགས་པ་སྤྱོད་ལམ་ཀུན་ཏུ་འཁོན་འཛིན་རྣམ་པར་སྤངས་ཏེ་བདེ་བ་ལ་གནས་པར་གྱིས་ཤིག །རང་གཞན་གྱི་སྤྱོད་པ་ལ་བརྟགས་སྟེ་བག་ཡོད་པར་གདམས་པ་ལས། རང་གི་སྤྱོད་པ་ལ་བརྟགས་ཏེ་བག་ཡོད་པར་བསླབ་པ་ལ། སེམས་ཀྱི་སྤྱོད་ཡུལ་ལ་བརྟགས་ཏེ་བག་ཡོད་པར་བསླབ་པ་དང༌། ངག་གི་སྤྱཽད་པ་ལ་བརྟགས་ཏེ་བག་ཡོད་པར་བསླབ་པ་གཉིས་ལས། དང་པོ་ནི། སེམས་ནི་ཆུ་དང་ས་དང་རྡོ་བ་ལ། །རི་མོར་བྲིས་པ་དེ་འདྲར་རིག་པར་གྱིས། །དེའི་ནང་ཉོན་མོངས་ཅན་ལ་དང་པོ་ནི། །མཆོག་སྟེ་ཆོས་འདོད་རྣམས་ལ་ཐ་མ་ལགས། །སེམས་ཞེས་པར་འཇུག་ཚུལ་མང་དག་ཡོད་ཀྱང༌། སྐབས་འདིར་ཡིད་ལ་བྱེད་པ་ཡིན་ལ། དེ་ལ་ཡང་ཆུ་ལ་རི་མོ་བྲིས་པ་ལྟར་ཡིད་ལ་བྱེད་པ་མི་བརྟན་པ་དང༌། ས་ལ་རི་མོ་བྲིས་པ་ལྟར་ཅུང་ཟད་བརྟན་པ་དང༌།


TNT21_Page_1007
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་བ་ལ་རི་མོ་བྲིས་པ་ལྟར་ཤིན་ཏུ་བརྟན་པ་གསུམ་སྟེ། དཔེ་གསུམ་དེ་དང་འདྲ་བ་སེམས་ཀྱི་དབྱེ་བ་ནི་རིག་ཅིང་གོ་བར་བགྱི་ལ། དེ་གསུམ་སོ་སོར་ཡང་དགེ་མི་དགེ་ལུང་མ་བསྟན་ཡིད་བྱེད་དང་གསུམ་གསུམ་དུ་ཡོད་ཀྱང༌། སྤང་བླང་གི་དབང་དུ་བྱས་ནས་དགེ་མི་དགེ་གཉིས་ལས། མི་དགེ་བ་ཉོན་མོངས་པས་སེམས་ཐོག་མར་མ་སྐྱེས་པ་བྱ། སྐྱེས་ཀྱང་མྱུར་དུ་སྤོང་དགོས་ཏེ། ཉོན་མོངས་ཅན་གྱི་རྣམ་རྟོག་ཡིད་ལ་བྱེད་པ་ནི་དང་པོ་སྟེ། ཆུ་ལ་རི་མོ་བྲིས་པ་ལྟར་མི་བརྟན་པར་བྱ་བ་ནི་མཆོག་ཡིན་ཅིང༌། ཆོས་འདོང་སྟེ་དགེ་བའི་རྣམ་པར་རྟོག་པ་ཡིད་ལ་བྱེད་པ་རྣམས་ནི་ཐ་མ་རྡོ་ལ་རི་མོ་བྲིས་པ་ལྟར་ཤིན་ཏུ་བརྟན་པར་བྱ་བ་མཆོག་ཡིན་པས། རང་གི་ཡིད་ཀྱིས་སྤྱཽད་པ་ལ་བརྟགས་ཏེ་དེ་ལྟར་དུ་བསླབ་པར་བྱེད་དགོས་སོ། །ངག་གི་སྤྱོད་པ་ལ་བརྟགས་ཏེ་བག་ཡོད་པར་བསླབ་པ་ནི། རྒྱལ་བའི་སྙིང་ལ་འབབ་དང་བདེན་པ་དང༌། །ལོག་པར་སྨྲ་ལྡན་སྐྱེས་བུ་རྣམས་ཀྱིས་ནི། །སྦྲང་རྩི་མེ་ཏོག་མིག་གཙང་ལྟ་བུའི་ཚིག །སྣ་གསུམ་བཀའ་བསྩལ་དེ་ལས་ཐ་མ་སྤངས། །རྒྱལ་བ་སངས་རྒྱས་ཉིད་ཀྱིས་སེམས་ཅན་རྣམས་ཀྱི་ངག་ཚིག་སྤང་བླང་གི་ཡུལ་དུ་བྱ་བ་རྣམ་པ་གསུམ་ཡོད་པར་གསུངས་ཏེ། མི་དགེ་བ་དང་རྗེས་སུ་འབྲེལ་བ་མ་ཡིན་པར་སྨྲ་བའི་ཡུལ་གང་དེའི་ཡིད་ལ་འཐད་ཅིང་དགའ་བ་བསྐྱེད་པར་བྱེད་པའི་ངག་ཚིག་ནི་སྙིང་ལ་འབབ་པའི་ཚིག་སྟེ། དེས་རོ་མྱངས་པས་དགའ་བར་བྱེད་བ་སྦྲང་རྩི་མཚུངས་པ་དང༌། བདེན་པའི་


TNT21_Page_1008
[མ་དཔེ་གཟིགས་ན་འདིར་གནོན།]

ཚིག་ཆོས་ཀྱི་གཏམ་འཁོར་བ་རྒྱུ་འབྲས་དང་ཐར་བ་རྒྱུ་འབྲས་བདེན་པ་བཞིའི་ཀུན་རྫོབ་རྟེན་འབྲེལ་འགག་མེད་དང༌། དོན་དམ་བདེན་པ་སྟོང་ཉིད་སྦྲོས་བྲལ་སྟོན་པར་བྱེད་པ་བདེན་པའི་ཚིག་ནི་སྐྱོན་གྱི་མ་གོས་པས་དཔེ་མེ་ཏོག་པདྨ་ལ་འདམ་གྱིས་མི་གོས་ཆུ་མི་ཆགས་པ་དང་མཚུངས་པ་ཡིན་ལ། ལོག་པར་སྨྲ་བ་དང་ལྡན་པ་ནི་སྐྱེ་བོ་གྲུབ་མཐས་བློ་མ་བསྒྱུར་བ་རྣམས་ཀྱི་ཉོན་མོངས་པ་དང་རྗེས་སུ་འབྲེལ་བའི་ཚིག་དང༌། མུ་སྟེགས་ཅན་ལ་སོགས་པའི་ལྟ་སྤྱོད་ལོག་པས་བསྒྱུར་པའི་ཚིག་ཕྱིན་ཅི་ལོག་ཏུ་གྱུར་པ་ནི་ཤིན་ཏུ་སྨད་པའི་ཡུལ་ཡིན་པའི་ཕྱིར་དཔེ་མི་གཙང་བ་དང་མཚུངས་ཏེ། དེ་གསུམ་ལས་ཐ་མ་མི་གཙང་བ་དང་འདྲ་བའི་ཚིག་སྤང་བར་བྱ་ཞིང༌། སྦྲང་རྩི་ལྟ་བུའི་ཚིག་བླང་བར་བྱ་བའི་ཡུལ་ཕུལ་བ་ཡིན་ལ། བདེན་པའི་ཚིག་ཆོས་ཀྱི་ཡང་དག་པའི་གཏམ་ནི་བླང་བར་བྱ་བའི་མཆོག་ཡིན་པ་དེའི་ཕྱིར་རང་གི་ངག་ཚིག་རྣམ་པ་གསུམ་པོ་ཇི་ལྟར་དུ་འགྱུར་བ་བརྟགས་ཏེ་སྦྲང་རྩི་ལྟ་བུའི་ཚིག་ཀྱང་བརྗོད་ཅིང༌། མེ་ཏོག་ལྟ་བུའི་ཚིག་དེས་པར་བརྗོད་པར་བྱའོ། །རང་གཞན་གཉིས་ཀའི་སྤྱོད་པ་ལ་བརྟགས་ཏེ་བསླབ་ཚུལ། སྣང་ནས་སྣང་བའི་མཐར་ཐུག་མུན་པ་ནས། །མུན་པའི་མཐའ་དང་སྣང་ནས་མུན་མཐར་ཐུག །མུན་ནས་སྣང་བའི་མཐར་ཐུག་གང་ཟག་ནི། །བཞི་སྟེ་དེ་དག་རྣམས་ཀྱི་དང་པོ་མཛོད། །སྣང་བའི་བརྡས་བསྟན་པ་ནི་མཐོ་རིས་ཏེ། བློ་དང་རིགས་པ་དང་ལྡན་པས་སྣང་བ་དང་མཚུངས་པ་ཡིན་ཅིང༌།


TNT21_Page_1009
[མ་དཔེ་གཟིགས་ན་འདིར་གནོན།]

མུན་པའི་བརྡས་བསྟན་པ་ནི་ངན་སོང་སྟེ་བླུན་ཅིང་རྨོངས་པས་ན། མུན་པ་དང་མཚུངས་པ་ཡིན་ནོ། །དེ་ཡང་མཐོ་རིས་ནས་དགེ་བའི་ལས་ཀྱིས་མཐོ་རིས་སུ་འགྲོ་བ་སྣང་བ་ནས་སྣང་བའི་མཐར་ཐུག་ཏུ་འགྲོ་བའི་གང་ཟག་དང༌། ངན་སོང་ནས་མི་དགེ་བའི་ལས་ཀྱིས་ངན་སོང་དུ་འགྲོ་བ་མུན་པ་ནས་པའི་ཆུང་མ་བུད་མེད་ལ་ཆགས་སེམས་ཀྱིས་བལྟ་བར་མི་བྱེད། ཆེད་དུ་མ་བལྟས་པར་མཐོང་བས་ཆགས་པར་གྱུར་ན་ཡང་ན་ཚོད་དང་མཐུན་པའི་རིམ་པས་རང་ལས་རྒན་པ་རྣམས་ལ་མའི་འདུ་ཤེས་དང༌། གཞོན་པར་བུ་མོའི་འདུ་ཤེས་དང༌། རང་དང་ན་ཚོད་མཉམ་པར་སྲིང་མོའི་འདུ་ཤེས་བསྐྱེད་པར་བགྱིད་པ་ན། འཛེམ་བག་གི་སེམས་དང་ལྡན་པས་ཡིད་ཆགས་པ་ལས་བཟློག་པར་འགྱུར་ཞིང༌། དེས་ཀྱང་བཟློག་མིན་ནུས་པའི་ཆགས་པ་ཤུགས་ཆེ་བར་གྱུར་ན་མི་སྡུག་པའི་ཏིང་ངེ་འཛིན་བསྒོམ་པའི་ཚུལ་གྱིས་མི་གཙང་བའི་རང་བཞིན་དུའང་ཡང་དག་པ་བསམ་པར་བགྱིས་པས་གཞན་གྱི་ཁྱིམ་ཐབས་ལ་ཆགས་པ་བཟློག་པར་བྱེད་དོ། །སེམས་བསྲུང་བས་བག་ཡོད་པར་བྱ་བ་ནི། གཡོ་བའི་སེམས་ནི་ཐོས་མཚུངས་བུ་ལྟ་བུར། །གཏེར་བཞིན་སྲོག་དང་འདྲ་བར་བསྲུང་བགྱི་སྟེ། །ཉོན་མོངས་པའི་ཡུལ་ལ་གཡོ་བའི་སེམས་ནི་དུས་རྟག་ཏུ་བསྒྲིམས་ནས་ཡུལ་ལ་གཡོ་བ་ལས་བཟློག་སྟེ་ཉོན་མོངས་པ་ལས་སེམས་ཤིན་ཏུ་བསྲུང་བར་བྱ་བ་ནི། ཐོས་པ་ལ་སོགས་པ་དང་འདྲ་བར་


TNT21_Page_1010
[མ་དཔེ་གཟིགས་ན་འདིར་གནོན།]

བསྲུང་དགོས་ཏེ། ཐོས་པའི་དོན་ཡང་ནས་ཡང་དུ་བསམ་ཞིང་ཚིག་ངག་ཏུ་བརྗོད་པར་བྱ་བ་ལ་བརྩོན་པ་མི་ལྷོད་པ་དགོས་པ་དང་མཚུངས། བུ་གཅེས་པ་མནོན་མི་ཤེས་པའི་དུས་ནས་ཉམས་ཉེས་སུ་མི་འགྱུར་བའི་ཕྱིར་དུ་བལྟ་ཞིང་འཚོ་དགོས་པ་ལྟ་བུར་མཚུངས། གཞན་གྱི་ཡོད་པར་ཤེས་པའི་གཏེར་དང་མཛོད་ཀྱི་ནོར་ལ་གཞན་གྱིས་གནོད་པ་དང་ཆུད་མ་ཟོས་པར་བྱེད་པས་བསྲུང་དགོས་པ་དང་མཚུངས་པ་བཞིན་དང༌། དུས་རྟག་ཏུ་སྲོག་གཅེས་པའི་སྙིང་པོར་གྱུར་པས་རྣམ་པ་དུ་མ་ནས་བསྲུང་དགོས་པ་དང་མཚུངས་པར་སེམས་ཉོན་མོངས་པའི་ཡུལ་ལ་གཡོ་བ་ལས་བསྲུང་བར་བྱའོ། །འདོད་ཡོན་གྱི་ཉེས་དམིགས་ཤེས་པས་བག་ཡོད་པར་བྱ་བར་གདམས་པ་ལས། གདུག་པ་དུག་དང་མཚོན་དང་དགྲ་བོ་དང༌། །མེ་བཞིན་འདོད་པའི་བདེ་ལ་ཡིད་འབྱུང་མཛོད། །འདོད་ཡོན་ལ་ཆགས་པས་སེམས་ཉོན་མོངས་པར་བྱེད་པའི་ཉེས་དམིགས་ནི། སྦྲུལ་གདུག་པས་ཟིན་ན་དུག་གིས་ཡོངས་སུ་ཁྱབ་པར་བྱེད་པ་དང་མཚུངས། དུག་ཆུང་ངུས་ཀྱང་སྲོག་འཕྲོག་པར་བྱེད་པ་དང་མཚུངས། མཚོན་རྣོན་པོས་རེག་པས་རྨ་འབྱིན་ཞིང་གཅོད་པར་བྱེད་པ་དང་མཚུངས། དགྲ་བོས་གླགས་ལྟས་ཏེ་གནོད་པར་བྱེད་པ་དང་མཚུངས། མེ་ཆུང་ངུས་ཀྱང་ཟོན་མེད་ལ་རིམ་པར་བསྲེག་ནུས་པ་བཞིན་དུ། འདོད་པའི་བདེ་བ་ཡང་དེ་དང་འདྲ་སྟེ་འདོད་ཡོན་ལ་མངོན་པར་ཆགས་པ་སྐྱོན་གྱི་རང་བཞིན་དུ་ཤེས་ནས་ཡིད་འབྱུང་བར་མཛོད་ཅིག །འདོད་ཡོན་གྱི་ཉེས་


TNT21_Page_1011
[མ་དཔེ་གཟིགས་ན་འདིར་གནོན།]

དམིགས་བཤད་པ་ལ། འདོད་པ་རྣམས་ནི་ཕུང་ཁྲོལ་བསྐྱེད་པ་སྟེ། །རྒྱལ་བའི་དབང་པོས་ཀིམ་པའི་འབྲས་འདྲར་གསུངས། །འདོད་ཡོན་རྣམས་ནི་ཕུང་ ཁྲོལ་མང་པོའི་གཞིར་གྱུར་པས་ན། རྒྱལ་བའི་དབང་པོ་སངས་རྒྱས་ཀྱིས་ཤིང་ཀིམ་པའི་འབྲས་བུ ་དབྱིབས་ཁ་དོག་མཛེས་ཀྱང་དུག་གི་ནུས་པ་ཅན་ཡིན་པ་དང་འདྲ་བར་འཕྲལ་དགའ་བར་སྣང་ཡང་སྐྱོན་དང་བཅས་པས་ཆགས་པའི་གནས་མ་ཡིན་པར་གསུངས་སོ། །འདོད་ཡོན་ལ་མ་ཆགས་པ་དགོས་པའི་རྒྱུ་མཚན་བསྟན་པ་ནི། དེ་དག་སྤང་བགྱི་དེ་ཡི་ལྕགས་སྒྲོག་གིས་མཐར་ཐུག་ཏུ་འགྲོ་བའི་གང་ཟག །སྣང་བ་མཐོ་རིས་ནས་མི་དགེ་བར་སྤྱད་པས་མུན་པ་ངན་སོང་དུ་འགྲོ་བ་སྣང་བ་ནས་མུན་པའི་མཐར་ཐུག་ཏུ་འགྲོ་བའི་གང་ཟག་མུན་པ་ངན་སོང་གི་རྟེན་ལ་དགེ་བའི་ལས་བསགས་པ་དང༌། སྔོན་གྱི་དགེ་བས་སྣང་བ་མཐོ་རིས་སུ་འགྲོ་བ་མུན་པ་ནས་སྣང་བའི་མཐར་ཐུག་ཏུ་འགྲོ་བའི་གང་ཟག་སྟེ་དེ་བཞིར་ངེས་པ་ལས་རང་ཉིད་ཀྱང་དེ་དག་གི་དང་པོ་སྣང་བ་ནས་སྣང་བའི་མཐར་ཐུག་ཏུ་འགྲོ་བ་མིའི་རྟེན་ནས་སླར་ཡང་མཐོ་རིས་ལྷ་མིའི་བདེ་བ་ལ་རེག་པར་འགྱུར་བ་དགེ་བའི་ལས་རྒྱ་ཆེན་པོ་སྤྱཽད་ཅིང༌། རང་དང་ཉེ་བ་དང་རང་གིས་བློ་བསྒྱུར་ནུས་པ་རྣམས་ཀྱང་དེ་ལྟ་བུའི་དགེ་བའི་ལས་ལ་སྦྱོར་བར་མཛོད་ཅིག །གཙོ་བོར་གཞན་གྱི་སྦྱོད་པ་ལ་བརྟགས་ཏེ་བག་ཡོད་པར་གདམས་པ་ནི། མི་ནི་ཨ་མྲའི་འབྲས་བཞིན་མ་སྨིན་ལ། །


TNT21_Page_1012
[མ་དཔེ་གཟིགས་ན་འདིར་གནོན།]

སྨིན་པ་དང་འདྲ་སྨིན་ལ་མ་སྨིན་འདྲ། །མ་སྨིན་མ་སྨིན་པར་སྣང་སྨིན་ལ་ནི། །སྨིན་པར་སྣང་ཞེས་བགྱི་བར་འདྲར་རྟོགས་མཛོད། །མི་འདི་དག་ནི་ཨ་མྲའི་འབྲས་བུ་དང་འདྲ་བར་རྟོགས་པར་མཛོད་ཅིག །ཇི་ལྟར་ཞེ་ན་ཤིང་ཨ་མྲའི་འབྲས་བུ་ལ་ནང་མ་སྨིན་པ་ལ་ཕྱི་སྨིན་པ་འདྲ་བ་དང༌། ནང་སྨིན་ལ་ཕྱི་མ་སྨིན་པ་འདྲ་བ། ནང་མ་སྨིན་ལ་ཕྱི་ཡང་མ་སྨིན་པར་སྣང་བ། ནང་སྨིན་ལ་ཕྱི་ཡང་སྨིན་པར་སྣང་བ་རྣམས་སོ་སོར་ཡོད་པ་བཞིན། མི་རྣམས་ལ་ཡང་ནི་ནང་གི་སེམས་མ་རུང་ཞིང་ངན་པ་ལ་ཕྱིའི་ལུས་ཀྱི་སྤྱཽད་པ་མཁས་པ་དང་ངག་འཇམ་པས་ཕན་འདོགས་པ་ལྟར་བྱེད་པ་ནང་མ་སྨིན་ལ་ཕྱི་སྨིན་པ་དང་འདྲ། སེམས་བཟང་ཡང་ལུས་ཀྱི་སྤྱཽད་པ་མི་མཁས་ཤིང་ངག་རྩུབ་པ་ནི་ནང་སྨིན་ལ་ཕྱི་མ་སྨིན་པ་དང་འདྲ་བ། ཕྱི་ནང་གཉིས་མཚུངས་པར་ངན་པ་ཕྱི་ནང་གཉིས་ཀ་མ་སྨིན་པ་དང་འདྲ་བ། ཕྱི་ནང་གཉིས་མཚུངས་པར་བཟང་བ་ནི་ཕྱི་ནང་གཉིས་ཀ་སྨིན་པ་དང་འདྲ་སྟེ། ཕྱི་ནང་མཚུངས་པར་ངན་པ་རྒྱང་རིང་དུ་སྤོང་བ་དང༌། ཕྱི་ནང་གཉིས་མཚུངས་པར་བསམ་པ་ཀུན་སྤྱཽད་ཕུན་སུམ་ཚོགས་པ་ཕན་འདོགས་པའི་ངང་ཚུལ་ཅན་དེ་ནི་དུས་རྟག་ཏུ་བསྙེན་ཞིང་བསྟེན་པ་དང་བག་འབེབས་པར་བྱ་བ་ནི་བརྟག་བླ་བ་ཡྀན་ལ། ཕྱི་ནང་གི་མི་མཚུངས་པ་རྣམ་པ་གཉིས་པོར་ལེགས་པར་བརྟགས་ཏེ་སེམས་བཟང་ན་ལུས་ཀྱི་སྤྱོད་པ་མི་མཁས་ཀྱང་ཅི་རིགས་པར་བག་འབེབས་པ་དང་བསྟེན་པར།


TNT21_Page_1013
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བར་ཡིན་ལ། སེམས་གནག་ཅིང་ངན་ན་ལུས་ངག་གི་སྤྱོད་པ་མཛེས་པས་ཕན་འདོགས་པ་ལྟར་སྣང་ཡང༌། དེ་ནི་དུས་རྟག་ཏུ་ཞེ་ཟོན་ཆེན་པོས་སྤང་བར་བྱ་དགོས་པ་ཡིན་ཏེ། ལེགས་པར་མ་བརྟགས་པས་བག་མེད་པར་འགྱུར་ན་ཆོས་དང་སྲིད་ཀྱི་བྱ་བ་ཉམས་པར་འགྱུར་བས་རྒྱང་རིང་དུ་སྤང་བར་བྱ་དགོས་སོ། །འདོད་ཡོན་ལ་རྣམ་པར་གཡེངས་བ་སྤངས་ནས་བག་ཡོད་བྱ་བར་གདམས་པ་ལ། ཐོག་མར་འདོད་པའི་ལོག་པར་གཡེམ་པ་མི་རུང་བར་སྤྱོད་པ་དགག་པ་ནི། གཞན་གྱི་ཆུང་མ་མི་ལྟ་མཐོང་ན་ཡང༌། །ན་ཚོད་མཐུན་པར་མ་དང་བུ་མོ་དང༌། །སྲིང་མོའི་འདུ་ཤེས་བསྐྱེད་བགྱི་ཆགས་གྱུར་ན། །མི་གཙང་ཉིད་དུའང་ཡང་དག་བསམ་པར་བགྱི། །གཞན་འཁོར་བའི་བཙོན་རར་འཇིག་རྟེན་འདི་དག་བཅིངས། འདོད་ཡོན་ལ་ཆགས་པ་སྤང་བར་བགྱི་སྟེ། འདོད་ཡོན་ལ་ཆགས་པ་དེ་ཡི་ལྕགས་སྒྲོག་གིས་དམ་དུ་བཅིངས་པའི་སེམས་ཅན་འཇིག་རྟེན་པ་འདི་དག་ནི་འཁོར་བ་སྡུག་བསྔལ་གྱི་བཙོན་ར་ལས་ཐར་མི་ནུས་པས། འདོད་ཡོན་ལ་ཆགས་པའི་ལྕགས་སྒྲོག་སྤངས་ཏེ་འཁོར་བའི་བཙོན་ར་ལས་ཐར་བར་བྱའོ། །འདོད་ཡོན་ལ་ཆགས་པ་སྤང་བ་དཔའ་པོ་མཆོག་ཡིན་པར་སྟོན་པ་ནི། གང་དག་དབང་པོ་དྲུག་ཡུལ་རྣམས་ལ་ནི། །རྟག་ཏུ་མི་བརྟན་གཡོ་དང་གང་དག་ཅིག །གཡུལ་ངོར་དགྲ་ཚོགས་ལས་རྒྱལ་དེ་དག་ལས། །མཁས་


TNT21_Page_1014
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་དང་པོ་དཔའ་རབ་ལགས་པར་འཚལ། །སྐྱེས་བུ་གང་དག་དབང་པོ་དྲུག་གི་རྣམ་པར་ཤེས་པ་ཡུལ་དྲུག་རྣམས་ལ་ནི་རྟག་ཏུ་མི་བརྟན་པར་གཡོ་བ། བག་ཡོད་པའི་གཉེན་པོའི་སྟོབས་ཀྱིས་འཇོམས་པར་བྱེད་པ་སྟེ། དེ་ཡང་དངོས་སུ་ནི་དབང་པོ་རྣམས་ནི་བེམ་པོ་ཡིན་པས་ཡུལ་ལ་གཡོ་བ་མིན་ཅིང༌། འཇུག་ཤེས་ཀྱང་རྟོག་མེད་ཡིན་པས་ཡུལ་ལ་གཡོ་བ་མ་ཡིན་མོད། དབང་ཤེས་དེའི་རྗེས་སུ་འབྲང་བའི་རྣམ་པར་རྟོག་པ་ནི་ཡུལ་ལ་གཡོ་བས། ཆགས་སྡང་ལ་སོགས་པའི་ཉོན་མོངས་པ་མཐའ་དག་སྐྱེད་པར་བྱེད་པ་ཡིན་པས་ན། མིག་གི་དབང་ཤེས་དེའི་རྗེས་འབྲང་རྣམ་པར་རྟོག་པ་དང་བཅས་པ་ཡུལ་གཟུགས་ལ་གཡོ་བར་བྱེད་པ་ནས། ཡིད་ཀྱི་དབང་ཤེས་རྗེས་འབྲང་རྣམ་པར་རྟོག་པ་དང་བཅས་པ་ཡུལ་ཆོས་ཁམས་ལ་གཡོ་བའི་བར་གྱི་དབང་ཤེས་དྲུག་རྗེས་འབྲང་རྣམ་པར་རྟོག་པ་དང་བཅས་པ། རང་གི་ཡུལ་སོ་སོར་མི་བརྟན་པར་གཡོ་བ་ཉོན་མོངས་པའི་དགྲ་ཚོགས་གཉེན་པོས་བཅོམ་ཞིང་རྒྱལ་བར་བྱས་པ་ནི་དཔའ་བོ་ཡིན་པ་དང༌། གཡུལ་དོར་དགྲའི་དཔུང་ཚོགས་སྐྱེས་བུ་གཅིག་གིས་བཅོམ་ནས་དགྲ་ལས་རྒྱལ་བར་བྱས་པ་ཡང་དཔའ་བོ་སྟེ། དེ་གཉིས་ཀྱི་ནང་ནས། མཁས་པ་རྣམས་ནི་ཡུལ་ལ་གཡོ་བའི་རྣམ་པར་རྟོག་པ་ལས་རྒྱལ་བ། ནང་སེམས་ཀྱིས་དགྲ་ཚོགས་བཅོམ་པ་ཉིད་དཔའ་བ་དང་མཆོག་དང་རབ་ལགས་པར་འཚལ་ཞིང་བརྩི་པ་ཡིན་ནོ། །བུད་མེད་


TNT21_Page_1015
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ཡུལ་ལ་ཆགས་པ་སྤོང་བ་ནི། བུད་མེད་གཞོན་ནུའི་ལུས་ནི་ལོགས་ཤིག་ཏུ། །དྲི་ང་བ་དང་སྒོ་དགུ་འདོད་པ་དང༌། །མི་གཙང་ཀུན་སྣོད་འདྲ་བ་དགང་དཀའ་དང༌། །ལྤགས་པས་གཡོགས་པར་རྒྱན་ཡང་ལོགས་ཤིག་གཟྀགས། བུད་མེད་གཞོན་ནུའི་ལུས་ཡིད་དུ་འོང་བ་ནི་ཆགས་པར་འོས་པ་ཡིན་ནམ་སྙམ་ན་མ་ཡིན་ཏེ། ལོགས་ཤིག་ནས་སོ་སོར་ཕྱེ་ནས་རྣམ་པར་བརྟག་ན། ལུས་ཀྱི་ནང་མི་གཙང་བས་གཏམས་པའི་དྲི་ང་བ་དང༌། སྒོ་དགུ་དོད་པ་ནས་སྙིགས་མ་འཛག་པ་དང༌། ཁྲག་ཆུ་སེར་ནང་ཁྲོལ་སོགས་མི་གཙང་བ་སྣ་ཚོགས་པ་ཀུན་གྱི་སྣོད་དང་འདྲ་བ་ཡིན་པ་དང༌། དེ་ཡང་དུད་འགྲོ་ལྟ་བུ་གསོ་བླ་བ་མ་ཡིན་པར། ཟས་ནོར་རིན་ཐང་ཅན་གྱིས་འཚོ་དགོས་པས་དགང་དཀར་བ་ཡིན་པས་ན། ཕྱི་ནས་ལྤགས་པས་གཡོགས་ནས་མི་མཐོང་བར་བསྒྲིབས་པ་དང༌། རྒྱན་གྱིས་མཛེས་པ་ལྟར་བྱས་ཀྱང་བློས་སོ་སོར་ལོགས་ཤིག་ནས་གཟིགས་ན་མི་སྡུག་པའི་རང་བཞིན་ཅན་ཡིན་པས་ཆགས་པར་མི་རིགས་སོ། །འདོད་ཡོན་ནི་ངོམ་པ་མེད་པའི་ཕྱིར་སྲེད་པ་དགག་དགོས་པར་གདམས་པ་ནི། ཇི་ལྟར་མཛེ་ཅན་སྲིན་བུས་ཉེན་པ་ན། །བདེ་བའི་དོན་དུ་མེ་ལ་ཀུན་བརྟེན་ཀྱང༌། །ཞི་བར་མི་འགྱུར་དེ་དང་འདྲ་བར་ནི། །འདོད་པ་རྣམས་ལ་ཆགས་པའང་མཁྱེན་པར་མཛོད། །མཛེའི་ནད་ཀྱིས་ཟིན་པ་ཅན་ལྤགས་པའི་བར་དུ་སྲིན་བུ་གཡོ་བའི་གདུང་བས་ཉེན་པ་འགའ་ཞིག་བདེ་བའི་དོན་དུ་


TNT21_Page_1016
[མ་དཔེ་གཟིགས་ན་འདིར་གནོན།]

མེའི་འོད་ལ་ཀུན་ནས་བརྟེན་པས་ཡུད་ཙམ་བདེ་བ་ལྟར་སྣང་ཡང༌། ནད་ཞི་བར་མི་འགྱུར་བར་སླར་ཆུ་སེར་ཀྱིས་ཚ་བ་རྒྱས་པས་ཟུག་རྡུ་འཕེལ་བར་འགྱུར་བ་བཞིན་དུ། དེ་དང་འདྲ་བར་ནི། འདོད་པའི་ཡོན་ཏན་བསྟེན་པས་ཡུད་ཙམ་ཚིམ་པ་ལྟར་གྱུར་ཀྱང༌། སླར་སྲེད་པ་རྒྱས་པར་འགྱུར་ཞིང་ངོམ་པ་མེད་པ་དེའི་ཕྱིར་འདོད་པ་རྣམས་ལ་ཆགས་པའང་མཁྱེན་པར་མཛོད་ལ་འདོད་ཡོན་ལ་ཆགས་པའི་སྲེད་པ་ཐོག་མ་ཉིད་ནས་བཟློག་པར་བྱའོ། །དེ་ལྟར་ལམ་ཐམས་ཅད་ཀྱི་སྔོན་དུ་འགྲོ་བ་བག་ཡོད་པའི་ཆོས་སྐོར་བཤད་ཟིན་པའི་རྗེས་ཐོགས་སུ། ལམ་དངོས་བཤད་པ་ལ། ཐེག་པ་ཐུན་མོང་གི་ལམ་རྒྱས་པར་བཤད་པ་དང༌། ཐེག་ཆེན་ཐུན་མོང་མ་ཡིན་པའི་ལམ་དང་འབྲས་བུ་འཇུག་སྒོ་ཙམ་བསྟན་པ་ལས། དང་པོ་ལ། མདོར་བསྟན་གྱི་ཚུལ་གྱིས་སྒོམ་བྱ་ངོས་བཟུང་བ་དང༌། རྒྱས་བཤད་ཀྱི་ཚུལ་གྱིས་ལམ་ལྔའི་རིམ་པ་བཤད་པ་ལས། དང་པོ་ནི། དོན་དམ་གཟིགས་པར་བགྱི་སླད་དངོས་རྣམས་ལ། །ཚུལ་བཞིན་ཡིད་ལ་བགྱིད་པ་དེ་གོམས་མཛོད། །དེ་དང་འདྲ་བར་ཡོན་ཏན་ལྡན་པ་ཡི། །ཆོས་གཞན་གཅིག་འགའང་མཆིས་པ་མ་ལགས་སོ། །དགོས་པ་དོན་དམ་པའི་གནས་ལུགས་མཐོང་ཞིང་རྟོགས་པར་བྱ་བའི་སླད་དུ་སྟེ། སྤྱིར་བཏང་དོན་དམ་སྟོང་ཉིད་སྤྲོས་བྲལ་ལ་བྱེད་པ་ཡིན་ཀྱང༌། སྐབས་འདིར་གང་ཟག་གི་བདག་མེད་པ་ལ་གཙོ་བོར་བྱ་ཞིང་བསྒོམ་བྱ་དངོས། དངོས་པོ་རྣམས་ལ་ཚུལ་བཞིན་


TNT21_Page_1017
[མ་དཔེ་གཟིགས་ན་འདིར་གནོན།]

ཡིད་ལ་བགྱི་བ་དེ་རུ་གོམས་པར་མཛོད་ཅིག །དེ་ལྟ་བུའི་ཕན་ཡོན་ནི། སྤྱིར་བཏང་ལུང་མ་བསྟན་དང་མི་དགེ་བ་རྣམས་དོན་མེད་དང་དོན་ལོག་ཡིན་པས་ཕན་ཡོན་མེད་པ་དང༌། དགེ་བ་མཐའ་དག་ཕན་ཡོན་དང་བཅས་པ་ཡིན་ཡང༌། ཚུལ་བཞིན་དུ་ཡིད་ལ་བགྱིད་པ་དེ་དང་འདྲ་བར་ཕན་ཡོན་མཚུངས་ཤིང་མཉམ་པའི་ཆོས་ནི་གཅིག་དང་འགའ་ཡང་ཡོད་པ་མ་ཡིན་ནོ། །དངོས་པོ་རྣམས་ལ་ཚུལ་བཞིན་ཡིད་ལ་བྱེད་པའི་ངོ་བོ་ནི་བདེན་པ་བཞིའི་དོན་སྒོམ་པ་ཡིན་ལ། ཚུལ་བཞིན་ཡིད་ལ་བྱེད་པ་ཟེར་བའི་རྒྱུ་མཚན་ནི། ཡིན་པ་ལ་ཡིན་པ་དང༌། མ་ཡིན་པ་ལ་མ་ཡིན་པར་དངོས་པོའི་གནས་ཚུལ་དང་མཐུན་པར་བསྒོམ་པ་ནི། ཚུལ་བཞིན་དུ་ཡིད་ལ་བྱེད་པ་ཡིན་ཅིང༌། ཉོན་མོངས་པ་རྣམས་ནི་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པས། དེ་གཉིས་འགལ་བའི་ཕྱིར། ཚུལ་བཞིན་དུ་ཡིད་ལ་བྱེད་པས། ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པའི་ཉོན་མོངས་པ་འཇོམས་པར་བྱེད་དོ། །བདེན་པ་བཞིའི་དོན་བསྒོམ་པ་ནི་བདེན་པ་བཞིའི་མི་རྟག་པ་ལ་སོགས་བཅུ་དྲུག་གི་རྣམ་པ་ཡིད་ལ་བྱེད་པ་ལས། སྡུག་བསྔལ་བདེན་པ་ལས། མི་རྟག་སྡུག་བསྔལ་སྟོང་བ་བདག་མེད་བཞི་སྟེ། འདུས་བྱས་ཐམས་ཅད་མི་རྟག །ཟག་བཅས་ཐམས་ཅད་སྡུག་བསྔལ། ཆོས་ཐམས་ཅད་སྟོང་པ་དང༌། ཆོས་ཐམས་ཅད་བདག་མེད་པའི་དོན་བསྒོམ་པ་སྟེ། བེམ་ཤེས་ཀྱིས་བསྡུས་པའི་དངོས་པོ་རྣམས་རྒྱུ་རྐྱེན་གྱིས་འདུས་བྱས་པས་ན་འདུས་


TNT21_Page_1018
[མ་དཔེ་གཟིགས་ན་འདིར་གནོན།]

བྱས། དེ་ཡང་སྐད་ཅིག་གིས་གནས་སྐབས་ཕྱི་མ་མ་སྐྱེས་ཞིང་སྔ་མ་འགགས་པས་ན། རྟག་ཏུ་འགྱུར་བ་དང་འཇིག་པའི་ཕྱིར་མི་རྟག་པ་ཡིན་པ་ལྟར། དེ་དང་མཐུན་པར་ཚུལ་བཞིན་ཡིད་ལ་བྱེད་པ་དང༌། ལམ་བདེན་མ་གཏོགས་པའི་འདུས་བྱས་རྣམས་ནི་ཟག་བཅས་ཏེ། དེ་ཡང་ཁམས་གསུམ་གྱི་བསྡུས་པའི་གནས་སྣོད་ཀྱི་འཇིག་རྟེན། དབང་པོ་ལུས། ཤེས་པ་སེམས་བྱུང་རྣམས་ཟག་པ་དང་བཅས་པ་ཡིན་པ་ལས། ཚོར་བ་སྡུག་བསྔལ་དང་འབྲེལ་བ་རྣམས་ནི་སྡུག་བསྔལ་གྱི་སྡུག་བསྔལ་ཡིན། ཚོར་བ་བདེ་བ་དང་འབྲེལ་བ་ནི་འགྱུར་བའི་སྡུག་བསྔལ་ཡིན། ཚོར་བ་བཏང་སྙོམས་དང་འབྲེལ་བ་རྣམས་ནི་འདུ་བྱེད་ཀྱི་སྡུག་བསྔལ་ཡིན། དེ་ཡང་སྡུག་བསྔལ་གྱི་སྡུག་བསྔལ་ནི། དུད་འགྲོ་ལ་སོགས་པ་རྣམས་ཀྱིས་ཀྱང་ཤེས། འགྱུར་བའི་སྡུག་བསྔལ་ནི་སྐྱེ་བོ་བློ་གྲོས་དང་ལྡན་པ་རྣམས་ཀྱིས་མཐོང༌། འདུ་བྱེད་ཀྱི་སྡུག་བསྔལ་སྡུག་བསྔལ་ཀུན་གྱི་གཞིར་གྱུར་པ་ཡིན་ཡང་གཞན་གྱིས་མི་ཤེས་ཤིང༌། འཕགས་པ་རྣམས་ཀྱི་རྟོགས་པ་ཡིན་ནོ། །ཆོས་ཐམས་ཅད་སྟོང་པ་ཞེས་པ། སྤྱྀར་བཏང་སྟོང་པ་སྤྲཽས་བྲལ་ལ་བྱེད་པ་མང་ཡང༌། འདིར་སྡུག་བསྔལ་བདེན་པའི་རྣམ་པ་སྟོང་པ་ནི་མི་མཐུན་པའི་རྒྱུ་འབྲས་སྟོང་པ་ལ་བྱེད་པའི། དབང་ཕྱུག་ལ་སོགས་པ་བྱེད་པའི་སྐྱེས་བུ་དང༌། དུས་རྒྱུར་སྨྲ་བ་ལ་སོགས་པ་བྱེད་པ་པོ་གཞན་གྱིས་བྱས་པ་དེ་ནི་དངོས་པོའི་གནས་ཚུལ་ལ་མི་སྲིད་ཅིང་དེ་ལྟར་བྱེད་པ་པོས་སྟོང་པར་ཤེས་ལ།


TNT21_Page_1019
[མ་དཔེ་གཟིགས་ན་འདིར་གནོན།]

མཐུན་ཞིང་རུང་བའི་རྒྱུ་རྐྱེན་སྣ་ཚོགས་པ་འཛོམས་པ་ལས་འབྲས་བུར་སྣང་བ་ཙམ་ཡིན་ནོ། །ཆོས་ཐམས་ཅད་བདག་མེད་པ་ནི། ངར་འཛིན་ལྷན་སྐྱེས་ཀྱི་འཛིན་སྟངས་ཀྱི་གཟུང་བྱའི་བདག་དེ་ནི་དངོས་གནས་ལ་ནམ་ཡང་ཡོད་པ་མ་ཡིན་ཏེ། ཡུལ་གྱི་སྒོ་ནས་ཕྱི་ནང་བར་གསུམ་དུས་ཐོག་མཐའ་བར་ཐམས་ཅད་དུ་མེད་ཅིང་དེ་ལྟར་དུ་ཤེས་པ་ནི་བདག་མེད་པ་རྣམ་པ་ཡིད་ཡིད་ལ་བྱེད་པའོ། །ཀུན་འབྱུང་བདེན་པའི་རྣམ་པ་ལ། རྒྱུ་དང་ཀུན་འབྱུང་རྐྱེན་དང་རབ་སྐྱེ་རྣམ་པ་བཞིར་ཡོད་ཀྱང༌། དོན་གཅིག་ཏུ་འདུ་བ་ཡིན་པས། ཀུན་འབྱུང་གི་ངོ་བོ་ཉོན་མོངས་པ་དང༌། ལས་གཉིས་ཀྱིས་འབྲས་བུ་སྡུག་བསྔལ་བསྐྱེད་ཅིང་རིགས་མཐུན་གྱི་ཉོན་མོངས་པ་དང༌། ལས་གཉིས་པོ་རང་ཡང་སྣ་ཚོགས་པ་བསྐྱེད་པར་བྱེད་པས། འཁོར་བའི་རྒྱུ་དང་འབྲས་བུ་ཐམས་ཅད་ལས་དང་ཉོན་མོངས་པ་ལས་འབྱུང་བ་དེ་ལྟར་དུ་ཤེས་པ་ནི་ཀུན་འབྱུང་བདེན་པའི་རྣམ་པ་ཡིད་ལ་བྱེད་པའོ། །འགོག་པའི་བདེན་པའི་རྣམ་པ་ལ་འགོག་པ་ཞི་བ་གྱ་ནོམ་ངེས་འབྱུང་བཞིར་ཡོད་ཀྱང༌། དོན་གཅིག་ཏུ་འདུས་པས། ཉོན་མོངས་པ་སྤངས་པས་ལས་འགགས། ལས་འགགས་པས་སྡུག་བསྔལ་འགགས་ཏེ། ལས་ཉོན་སྡུག་བསྔལ་གསུམ་འགགས་པའི་ཤེས་པ་རང་རིག་རང་གསལ་དེ་སྡུག་བསྔལ་ཐམས་ཅད་ཟད་པའི་མཐའ་དང༌། བདེ་བ་དམ་པ་འགོགས་པའི་དབྱིངས་ཡིན་པ། དེ་ལྟར་དུ་ངེས་ཤེས་བསྐྱེད་


TNT21_Page_1020
[མ་དཔེ་གཟིགས་ན་འདིར་གནོན།]

པ་ནི་འགོག་པའི་རྣམ་པ་ཡིད་ལ་བྱེད་པའོ། །ལམ་གྱི་བདེན་པའི་རྣམ་པ་ལ། ལམ་དང་རིག་པ་སྒྲུབ་པ་ངེས་འབྱིན་བཞིར་ཡོད་ཀྱང༌། དོན་གཅིག་ཏུ་འདུས་པས། ལམ་བདེན་གྱི་ངོ་བོ་ཟག་མེད་ཀྱིས་ཤེས་རབ་ཏིང་ངེ་འཛིན་ཚུལ་ཁྲིམས་དང་བཅས་པ་འདི་ནི་ཉོན་མོངས་པ་སྤོང་བའི་ནུས་པ་དང་ལྡན་པ། འགོག་པའི་གནས་ཐོབ་པར་བྱེད་པ་ཡིན་པ་ལ་དེ་ལྟར་དུ་ངེས་ཤེས་བྱེད་པ་ནི་ལམ་གྱི་བདེན་པའི་རྣམ་པ་ཡིད་ལ་བྱེད་པའོ། །ལམ་ལྔའི་དབྱེ་བ་རྒྱས་པར་བཤད་པ་ལ། སོ་སྐྱེས་ལམ་གྱི་རིམ་པ་བསྟན་པ་དང༌། འཕགས་ལམ་འབྲས་བུ་དང་བཅས་པ་བསྟན་པ་གཉིས་ལས། དང་པོ་ལ་ཚོགས་ལམ་དང་འབྲེལ་བའི་ཆོས་བསྟན་པ་དང༌། སྦྱོར་ལམ་དང་འབྲེལ་བའི་ཆོས་བསྟན་པའོ། །དང་པོ་ལ། ཚོགས་ལམ་དུ་ཚུལ་ཁྲིམས་དང་ཤེས་རབ་ལ་ལྷག་པར་གནས་དགོས་པར་བསྟན་པ་ནི། སྐྱེས་བུ་རིགས་གཟུགས་ཐོས་དང་ལྡན་རྣམས་ཀྱང༌། །ཤེས་རབ་ཚུལ་ཁྲིམས་བྲལ་བ་བཀུར་མ་ལགས། །དེ་ལྟས་གང་ལ་ཡོན་ཏན་འདི་གཉིས་ལྡན། །དེ་ནི་ཡོན་ཏན་གཞན་དང་བྲལ་ཡང་མཆོད། །སྐྱེས་བུ་གང་དག་རྒྱལ་པོའི་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུ་དང༌། བྲམ་ཟེའི་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུར་གྱུར་པས་རིགས་མཆོག་ཏུ་གྱུར་པ་མཛེས་པ་དང་ནད་མེད་པ་ལ་སོགས་པས་གཟུགས་བཟང་བ། རིག་པའི་གནས་བཅོ་བརྒྱད་ལ་སོགས་པའི་ཐ་སྙད་ཀྱི་གཙུག་ལག་ལ་ཐོས་པ་ཤིན་ཏུ་སྦྱངས་པ་དང་ལྡན་པ་ཞིག་ཡིན་


TNT21_Page_1021
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང། གནས་ལུགས་ལ་སྤྱོད་པ་དང༌། ཐར་བའི་ལམ་ཤེས་པའི་ཤེས་རབ་མེད་ཅིང༌། བླང་དོར་རྣམ་པར་དག་པ་ལ་གནས་པའི་ཚུལ་ཁྲིམས་དང་བྲལ་བ་ན། ལྷ་དང་བཅས་པའི་འཇིག་རྟེན་གྱིས་བཀུར་སྟིའི་གནས་མ་ཡིན་ཅིང༌། ཡང་རིགས་གཟུགས་ཐོས་པའི་ཡོན་ཏན་དང་ལྡན་ན་ལྟ་སྨོས་ཀྱང་ཅི་དགོས། དེ་དག་ལ་སོགས་པ་ཡོན་ཏན་གཞན་དང་བྲལ་ཡང་གནས་ལུགས་དང་ཐར་བའི་ལམ་ཤེས་པའི་ཤེས་རབ་དང་ཚུལ་ཁྲིམས་ཕུན་སུམ་ཚོགས་པའི་ཡོན་ཏན་དེ་ལྟ་བུ་གཉིས་གང་ལ་ལྡན་ན། འཇིག་རྟེན་གྱི་མཆོད་པ་དང་བཀུར་སྟིའི་གནས་དམ་པར་གྱུར་པ་ཡིན་ནོ། །ཤེས་རབ་དེ་ལ་ཡང༌། ཐོས་བྱུང་བསམ་བྱུང་སྒོམ་བྱུང་གི་ཤེས་རབ་གསུམ་དུ་ཡོད་པ་ལས། ཚོགས་ལམ་ཀྱི་སྐབས་འདིར་ཐོས་བྱུང་བསམ་བྱུང་གི་ཤེས་རབ་གཉིས་གཙོ་ཆེ་བ་ཡིན་ཅིང༌། ཚུལ་ཁྲིམས་ལ་བྱུང་ཆུབ་སེམས་དཔའི་ཚུལ་ཁྲིམས་མཐའ་ཡས་པ་ཡོད་ཀྱང༌། སྐབས་འདིར་སོ་སོ་ཐར་པའི་ཚུལ་ཁྲིམས་ཡིན་ནོ། །ཚོགས་ལམ་པས་ཆོས་བརྒྱད་ཀྱི་རྣམ་པར་རྟོག་པ་མགོ་སྙོམས་བྱེད་དགོས་པར་བསྟན་པ་ནི། འཇིག་རྟེན་མཁྱེན་པ་རྙེད་དང་མ་རྙེད་དང༌། །བདེ་དང་མི་བདེ་སྙན་དང་མི་སྙན་དང༌། །བསྟོད་སྨད་ཅེས་བགྱི་འཇིག་རྟེན་ཆོས་བརྒྱད་པོ། །བདག་གི་ཡིད་ཡུལ་མིན་པར་མགོ་སྙོམས་མཛོད། །འཇིག་རྟེན་མཁྱེན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་ཆོས་བརྒྱད་མགོ་སྙོམས་དགོས་པར་བཀའ་བསྩལ་པ་ཡིན་ཏེ། དེ་ཡང་ལོངས་སྤྱོད་ཕུན་


TNT21_Page_1022
[མ་དཔེ་གཟིགས་ན་འདིར་གནོན།]

སུམ་ཚོགས་པ་རྙེད་པ་དང༌། མ་རྙེད་པར་ཕོངས་པ། ལུས་ལ་ནད་མེད་ཅིང་སེམས་ཉམས་བག་བདེ་བ་དང༌། མི་བདེ་བ། གཞན་གྱིས་གཅིག་ནས་གཅིག་ཏུ་བརྒྱུད་ཅིང་ཐོས་པའི་གཏམ་སྙན་པ་དང༌། མི་སྙན་པ། རང་ལ་དངོས་སུ་བསྟོད་པ་དང༌། སྨད་པ་སྟེ་ཆོས་བརྒྱད་པོ་དེ་ལ། འཇིག་རྟེན་པ་རྣམས་ཆེར་འཛིན་པས་ཆགས་སྡང་ལ་སྤྱོད་པ་ནི། བློ་འཁྲུལ་བས་བཅོས་ནས་ལོག་པས་ཡིད་ལ་བྱེད་པ་ཙམ་དུ་ཟད་ཀྱི། དངོས་གནས་ལ་ཞུགས་པའི་ཆགས་སྡང་སྤངས་བླང་གི་ཡུལ་དུ་འོས་པ་ནི་མ་ཡིན་པས། རྙེད་པ་ལ་སོགས་པ་བཞི་ལ་དགའ་བ་དང་ཆགས་པར་མི་བྱེད། མ་རྙེད་པ་ལ་སོགས་པ་བཞི་ལ་སྡུག་པ་དང་ཞེ་སྡང་བར་མི་བྱེད་པར། ཆོས་བརྒྱད་པོ་དེ་དག་མཉམ་སྙོམས་པར་མཛོད་ཅིག །ཚོགས་ལམ་པ་དེ་ལས་འབྲས་ཀྱི་སྤང་བླང་ལ་གནས་དགོས་པར་བསྟན་པ་ནི། ཁྱོད་ཀྱི་བྲམ་ཟེ་དགེ་སློང་ལྷ་དང་ནི། །མགྲོན་དང་ཡབ་ཡུམ་དག་དང་བཙུན་མོ་དང༌། །འཁོར་གྱི་སླད་དུའང་སྡིག་པ་མི་བགྱི་སྟེ། །དམྱལ་བའི་རྣམ་སྨིན་སྐལ་ནོད་འགའ་མ་མཆིས། །རྒྱལ་པོ་ཁྱོད་ཀྱི་མཆོད་གནས་བྲམ་ཟེ་དང༌། དགེ་སློང་དང༌། ལྷའི་མཆོད་སྦྱིན་གྱི་ཆེད་དང་ནི། མགྲོན་དུ་གྱུར་པ་དང༌། ཡབ་ཡུམ་དག་དང་བཙུན་མོ་དང་འཁོར་ལ་སོགས་པ་གཞན་གྱི་དོན་ནམ་སླད་དུའང་སྡིག་པ་མི་བགྱིའོ། །རང་དོན་མིན་པས་དེ་དག་བགྱིས་ནའང་ཉེས་དམིགས་མེད་པའམ། ཉེས་དམིགས་ཆུང་བ་ཡིན་ནོ་སྙམ་ན་མ་ཡིན་ཏེ། རང་གི་སྙིང་ཐག་པ་ནས།


TNT21_Page_1023
[མ་དཔེ་གཟིགས་ན་འདིར་གནོན།]

ལས་སྦྱོར་དངོས་རྗེས་གསུམ་ཚང་བར་སྡིག་པ་སྤྱད་པའི་འབྲས་བུ་རང་ཉིད་ལ་འབྱུང་བར་འགྱུར་བས། གང་གི་ཆེད་དུ་བྱས་པ་དེ་དག་གིས་དམྱལ་བའི་གནས་སུ་སྡུག་བསྔལ་གྱི་སྐལ་བ་ནོད་ཅིང་བླངས་ཏེ། རང་གི་རྣམ་པར་སྨིན་པའི་སྡུག་བསྔལ་གྱི་ཁུར་ཡང་བར་བྱེད་པ་འགའ་ཡང་མ་མཆིས་ཏེ་གྲོགས་སུ་སླེབ་པར་མི་འགྱུར་བའི་ཕྱིར། གཞན་གྱི་སླད་དུ་ཡང་སྡིག་པའི་ལས་ནམ་ཡང་མི་བགྱིད་དོ། །ཚིགས་སུ་བཅད་པ་འདིའི་འཕྲོས་དོན། སྡིག་པའི་ལས་སྤྱད་པའི་འབྲས་བུ་འཕྲལ་ཉིད་དུ་མི་འགྱུར་བས་སྤངས་མི་དགོས་སྙམ་ན། སྡིག་པའི་ལས་རྣམས་སྤྱད་པ་འགའ་ཡང་ནི། །དེ་ཡི་མོད་ལ་མཚོན་བཞིན་མི་གཅོད་ཀྱང༌། །འཆི་བའི་དུས་ལ་བབ་ན་སྡིག་པ་ཡི། །ལས་ཀྱི་འབྲས་བུ་གང་ལག་མངོན་པར་འགྱུར། །སྡིག་པའི་ལས་རྣམས་སྤྱད་པ་ཕལ་ཆེར་གྱི་འབྲས་བུ་མཚོན་རྣོན་པོས་བཏབ་པས་རྨ་འབྱིན་པ་བཞིན་དུ་དེ་མ་ཐག་མོད་ལ་འཕྲལ་དུ་སྨིན་ཅིང་གཅོད་པར་མི་འགྱུར་ཀྱང་ནམ་འཆི་བའི་དུས་དང༌། བར་དོ་དང༌། སྐྱེ་བ་ཕྱི་མ་རྣམས་སུ་བབ་པ་ན་སྡིག་པའི་ལས་ཀྱི་རྣམ་པར་སྨིན་པའི་འབྲས་བུ་གང་ལགས་པ་ཉམས་སུ་མྱོང་ཞིང་མངོན་པར་འགྱུར་རོ། །ལས་ཀྱི་འབྲས་བུ་དེ་དུས་ཇི་ཙམ་ན་སྨིན་པར་འགྱུར་ཞེ་ན། མྱོང་བར་མ་ངེས་པའི་ལས་དང༌། མྱོང་བར་ངེས་པའི་ལས་གཉིས་ལས། དང་པོ་ལ། བྱས་པ་མ་བསགས་པ་དང༌། མ་བྱས་པ་ལ་བསགས་པ་གཉིས་


TNT21_Page_1024
[མ་དཔེ་གཟིགས་ན་འདིར་གནོན།]

ལས། བྱས་པ་མ་བསགས་པ་ལ་ཆེ་འབྲིང་ཆུང་གསུམ་དུ་ཡོད་དེ། ལས་དགེ་མི་དགེའི་སྦྱོར་བ་ལ་ཞུགས་ནས། དངོས་གཞི་ལ་མ་སླེབས་པ་ནི་ཆུང་ངུ་དང༌། སྦྱོར་བ་ལ་ཞུགས་ནས་དངོས་གཞིའི་ཕྱེད་ཙམ་ནས་འགྱོད་པས་ལྡོག་པའི་འབྲིང་དང། སྦྱོར་བ་ལ་ཞུགས་ནས་དངོས་གཞི་རྫོགས་ཤིང་རྗེས་ཀྱི་མ་སླེབས་པར་འགྱོད་སེམས་དྲག་ཏུ་སྐྱེས་པ་ནི་བྱས་པ་མ་བསགས་པའི་ལས་ཆེན་པོ་ཡིན་ནོ། །གཞན་གྱི་དགེ་བ་དང་མི་དགེ་བར་རྗེས་སུ་ཡི་རང་སྒོམ་པ་དང༌། དད་པའི་སེམས་མེད་པས་སྐོར་བ་བྱས་པ་དང༌། གསོད་སེམས་མེད་པས་ལག་ནས་རྡོ་ལྷུང་སྟེ་སྲོག་ཆགས་བསད་པ་ལྟ་བུ་རྣམས་ནི་མ་བྱས་ལ་བསགས་པའི་ལས་ཡིན་ཏེ། བྱས་ལ་མ་བསགས་པ་དང༌། མ་བྱས་ལ་བསགས་པ་དེ་རྣམས་ནི། ལས་དེའི་རིགས་མང་དུ་ཚོགས་པ་དང༌། དགེ་སྡིག་རིགས་མཐུན་པ་གཞན་གྱི་རྐྱེན་དང་འཕྲད་ན་འབྲས་བུ་མྱོང་བར་འགྱུར་ལ། གཉེན་པོ་མ་ཡིན་ཡང་དགེ་སྡིག་གི་ལས་རིགས་མི་མཐུན་གཞན་གྱིས་བཅོམ་ན་འབྲས་བུ་འབྱུང་བར་མི་འགྱུར་བ་ཡང་ཡོད་པས་མྱོང་བར་མ་ངེས་པའི་ལས་ཡིན་ལ། གཉིས་པ་ནི་བྱས་ལ་བསགས་པ་རྣམས་མྱོང་བར་ངེས་པའི་ལས་ཡིན་ཏེ། དེ་ལ་དབྱེ་ན། མཐོང་ཆོས་མྱོང་འགྱུར། སྐྱེས་ནས་མྱོང་འགྱུར། ལན་གྲངས་གཞན་ལ་མྱོང་འགྱུར་རྣམས་ཀྱི། དང་པོ་ནི། ཡུལ་ཁྱད་པར་ཅན་མཆོག་ལ་བསམ་པ་ཤུགས་དྲག་པོས་དགེ་སྡིག་གི་ལས་བསགས་པ་ལ།


TNT21_Page_1025
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པར་སྨིན་པའི་འབྲས་བུའི་ཐོག་མ་རྣམས་སྐྱེ་བ་འདི་ཉིད་ལ་སྨིན་པར་འགྱུར་ཞིང། དེར་རྫོགས་པ་མ་ཡིན་པས་སྐྱེ་བ་ཕྱི་མར་མྱོང་བར་འགྱུར་བ་དང༌། སྐྱེས་ནས་མྱོང་འགྱུར་ནི། མཚམས་མེད་ལྔ་བྱས་པ་དང༌། སོ་སོ་སྐྱེ་བོ་ཁོ་ནའི་སྐབས་སུ་ངེས་པར་འབྱུང་བའི་ཚུལ་ཁྲིམས་ཚེ་ཧྲིལ་བོ་མ་ཉམས་པར་ཡང་དག་པར་བསྲུངས་པ་ལྟ་བུ་ལ། སྐྱེ་བ་གཞན་གྱིས་བར་མ་ཆོད་པའི་སྐྱེ་བ་ཕྱི་མར་རྣམ་པར་སྨིན་པའི་འབྲས་བུ་མྱོང་བར་ངེས་པ་དང༌། ལན་གྲངས་གཞན་དུ་མྱོང་འགྱུར་ནི། བྱས་ལ་བསགས་པའི་ལས་སྟོབས་ཆུང་བ་རྣམས་དུས་ནམ་ཀྱི་ཚེ་འབྱུང་བར་མ་ངེས་པས། དགེ་སྡིག་རིགས་མཐུན་གྱི་སང་རྐྱེན་དང་འཕྲད་མ་འཕྲད་ཀྱི་སྐྱེ་བ་གཉིས་གསུམ་དང་མང་པོའི་བར་གང་དུ་འབྱུང་མ་ངེས་པ་ནི་ལན་གྲངས་གཞན་དུ་མྱོང་འགྱུར་ཡིན་ཞིང༌། སྡིག་པའི་ལས་མྱོང་བར་ངེས་པ་རྣམས་ཀྱང་གཉེན་པོས་འཇོམ་པར་ནུས་པ་ཡིན་ནོ། །གཞུང་འདིར་སྡིག་པའི་ལས་ཀྱི་འབྲས་བུ་འཕྲལ་དུ་སྨིན་པར་མི་འགྱུར་བར་གསུངས་པ། མཐོང་ཆོས་མྱོང་འགྱུར་མ་གཏོགས་པའི་སྡིག་པའི་ལས་ཕལ་ཆེར་ལ་དགོངས་པ་ཡིན་ལ། ལས་དགེ་སྡིག་གཉིས་ཀ་སྤྱད་པ་ལས་འཕྲལ་དུ་འབྲས་བུ་སྨིན་རུང་རྣམས། ཐོག་མར་གང་སྨིན་པར་འགྱུར་ཞེ་ན། འཕགས་པ་ཀུན་དགའ་བོས་གསུང་ལས། འཁོར་བ་ལས་ནི་ལྕི་གང་དང༌། །ཉེ་བ་གང་དང་གོམ་པ་གང༌། །སྔར་བྱས་གང་ཡིན་དེ་དག་ལས། །སྔ་མ་སྔ་མ་རྣམ་སྨིན་


TNT21_Page_1026
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར། །ཞེས་པའི་དོན། དགེ་སྡིག་གཉིས་ཀའི་ལས་སྨིན་རུང་ལ། ལས་སྟོབས་གང་ཆེ་བ་དེ་སྔོན་ལ་སྨིན་པར་འགྱུར། དགེ་སྡིག་སྟོབས་མཉམ་ན། འཆི་ཁར་དགེ་སྡིག་གི་སེམས་གང་གསལ་བས་གསོས་ཐེབས་པ་དེ་སྔོན་ལ་སྨིན་པར་འགྱུར། དེ་ཡང་གསལ་མི་གསལ་མཉམ་ན། སྔོན་དགེ་སྡིག་ལ་གོམ་ཤུགས་གང་ཆེ་བ་དེ་ཐོག་མར་སྨིན་པར་འགྱུར། དེ་ཡང་མཉམ་ན་དགེ་སྡིག་གཉིས་པོ་སྔོན་ལ་གང་བྱས་པ་དེ། བྱས་པའི་དུས་ཀྱི་གོ་རིམ་དང་མཐུན་པར་སྔོན་ལ་སྨིན་པར་འགྱུར་རོ། །མི་དགེ་བ་མཉམ་པོ་དང༌། དགེ་བ་མཉམ་པོ་ལ་ཡང་སྨིན་ལུགས་དེ་དང་འདྲ་བར་ཤེས་པར་བྱའོ། །དོན་ཚན་བཞི་པ། འཕགས་པའི་ནོར་བདུན་ལྡན་དུ་བསྒྲུབ་པར་གདམས་པ་ནི། དད་དང་ཚུལ་ཁྲིམས་གཏོང་དང་ཐོས་པ་དང༌། །དྲི་མེད་ངོ་ཚ་ཤེས་དང་ཁྲེལ་ཡོད་དང༌། །ཤེས་རབ་ནོར་བདུན་ལགས་པར་ཐུབ་པས་གསུངས། །ནོར་གཞན་ཕལ་བ་དོན་མ་མཆིས་རྟོགས་མཛོད། །དད་པ་ལ་དང་བའི་དད་པ་དང༌། འདུན་པའི་དད་པ། ཡིད་ཆེས་པའི་དད་པ་གསུམ་སྟེ། དང་བའི་དད་པ་ནི། དཀོན་མཆོག་གསུམ་གྱི་ཡོན་ཏན་ཤེས་ནས། ཡོན་ཏན་དང་ལྡན་པའི་ཡུལ་དེ་དག་དགའ་བའོ། །འདུན་པའི་དད་པ་ནི། ཡོན་ཏན་དང་ལྡན་པའི་ཡུལ་དེ་ཐོབ་པར་འདོད་པ་དང༌། དེ་དག་ལ་མོས་པས་མཆོད་པ་ལ་སོགས་པ་དགེ་བའི་ལས་བསྒྲུབ་པར་འདོད་པའོ། །ཡིད་ཆེས་པའི་དད་པ་ནི། འཕགས་པ་ལ་ཡོན་ཏན་དང་ལྡན་པར་ཡིད་ཆེས་པ་དང༌།


TNT21_Page_1027
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ལ་བདེན་ཚིག་ཏུ་ཡིད་ཆེས་པ་ནི། ཡིད་ཆེས་པའི་དད་པ་སྟེ། དང་བའི་དད་པ་ནི། འདུན་པའི་དད་པའི་སྔོན་དུ་འགྲོ་བ་ཡིན་ལ། ཡིད་ཆེས་པའི་དད་པ་ནི། ཐམས་ཅད་ཀྱི་ཐོག་མཐའ་བར་གསུམ་དུ་དགོས་པ་ཡིན་ནོ། །ཚུལ་ཁྲིམས་ལ་སྡོམ་པའི་ཚུལ་ཁྲིམས་དང༌། བར་མ་དགེ་བའི་ཚུལ་ཁྲིམས་ཏེ། སྡོམ་པ་ནི་སོ་སོར་ཐར་པའི་སྡོམ་པ་དང༌། བསམ་གཏན་གྱི་སྡོམ་པ་དང༌། སེམས་བསྐྱེད་ཀྱི་སྡོམ་པའི་ཚུལ་ཁྲིམས་ལ་སོགས་པ་ཡིན་ནོ། །བར་མ་དགེ་བ་ནི་ཆོ་གས་བླང་པ་ཡང་ཡོད། དེ་མིན་ཡང་ཉིན་རེ་ལ་སོགས་སྡིག་པ་སྤཽང་བ་དང༌། དགེ་བ་བསྒྲུབ་པ་རང་རང་གི་དམ་བཅས་པ་ལ་སོགས་པ་ནི། བར་མ་དགེ་བའི་ཚུལ་ཁྲིམས་སོ། །ཐོས་པ་ནི། བདེ་བར་གཤེགས་པའི་སྡེ་སྣོད་གསུམ་དང་དགོངས་འགྲེལ་གྱི་བསྟན་བཅོས་ཀྱི་ཚིག་རྣམས་ཐོས་ཤིང་གོ་བ་དང༌། ཚིག་ཡིད་ལ་འཛིན་པའོ། །གཏོང་བ་ནི་གཞན་ལ་ཕན་སེམས་ཀྱིས་ཟང་ཟིང་གི་སྦྱིན་པ་གཏོང་བ་དང༌། གཞན་ལ་ཆོས་སྟོན་པ་ཆོས་ཀྱི་སྦྱིན་པའོ། །ངོ་ཚ་ཤེས་པ་ནི། རང་ལ་བསམ་སྟེ་ཁ་ན་མ་ཐོ་བར་འཛེམས་པ་ཡིན་ཏེ། མི་གཞན་གྱིས་མ་གོ་རུང༌། རང་ཉིད་ཀྱིས་བྱ་བ་ངན་པ་བྱས་ན་རྣམ་སྨིན་ལྕི་བ་དང༌། ལྷ་ལ་སོགས་པ་ཁྲེལ་བར་འགྱུར་ཞིང༌། རང་ཉིད་ཀྱང་ད་ལྟ་སྐྱེ་བོ་ངན་པ་ཐ་ཆད་དུ་འགྱུར་བར་བསམ་ཏེ་འཛེམ་བག་བྱེད་པ་ཡིན་ལ། ཁྲེལ་ཡོད་པ་ནི། གཞན་ལ་བསམ་སྟེ་ཁ་ན་མ་ཐོ་བར་འཛེམས་པ་སྟེ། བྱ་བ་ངན་


TNT21_Page_1028
[མ་དཔེ་གཟིགས་ན་འདིར་གནོན།]

པ་བྱས་ན་གཞན་གྱིས་སྨོད་པའི་གྲགས་པ་ངན་པ་འབྱུང་བར་བསམ་ནས་འཛེམ་བག་བྱེད་པའོ། །ཤེས་རབ་ནི་བསམ་པའི་ཤེས་རབ་ཀྱི་ཆོས་ཀྱི་ཡང་དག་པའི་དོན་གོ་བ་དང༌། སྒོམ་པའི་ཤེས་རབ་ཀྱི་ཡང་དག་པའི་དོན་རྟོགས་པ་ཡིན་ནོ། །བར་གྱི་ཚིག་དྲི་མེད་ཅེས་པ། སྐྱོན་གྱིས་མ་གོས་པའི་དོན་བར་གྱི་གསལ་བྱེད་ཐོག་མཐའ་ཐམས་ཅད་དུ་སྦྱར་བར་བྱའོ། །དེ་ལྟར་དད་པ་འཕགས་པའི་ནོར་ནས། ཤེས་རབ་འཕགས་པའི་ནོར་གྱི་བར་འཕགས་པའི་ནོར་བདུན་ལགས་པར་ཐུབ་པས་གསུངས་སྟེ། འཕགས་རྒྱུད་ལ་ཡོད་པའི་དད་པ་ལ་སོགས་པ་རྣམས་ནི། སྒྲ་བཤད་འཇུག་གཉིས་ཀའི་སྒོ་ནས་འཕགས་པའི་ནོར་བདུན་དངོས་ཡིན་ལ། ཚོགས་ལམ་པ་ལ་སོགས་པ་སོ་སྐྱེའི་རྒྱུད་ཀྱི་དད་པ་ལ་སོགས་པ་རྣམས་ལ་འཕགས་པའི་ནོར་བདུན་གྱི་སྒྲ་བཤད་མེད་ཀྱང༌། རྗེས་སུ་མཐུན་པས་དེ་དག་འཕགས་པའི་ཡེ་ཤེས་ཀྱི་རྒྱུ་ཡིན་པའི་ཕྱིར། འཕགས་པའི་ནོར་བདུན་གྱི་སྒྲ་འཇུག་པ་ནི་ཡིན་ནོ། །དེ་ལྟ་བུའི་འཕགས་པའི་ནོར་བདུན་གྱི་ཚེ་འདིར་བདེ་བ་དམ་པ་དང་སྙན་པར་གྲགས་པ་ཐོབ་པར་འགྱུར། ཕྱི་མར་མཐོ་རིས་ཀྱི་བདེ་བ་ཕུན་སུམ་ཚོགས་པར་བྱེདཅིང༌། མཐར་ཐེག་པ་གསུམ་གང་ཡང་རུང་བའི་བྱང་ཆུབ་ཐོབ་པར་འགྱུར་བས་ཕན་ཡོན་ཆེས་མཆོག་ཏུ་གྱུར་པ་ཡིན་ལ། དེ་ལས་གཞན་ཕལ་པ་འཇིག་རྟེན་གྱི་ནོར་རྣམས་ནི། སྐྱེ་བ་གཞན་དུ་ཕྱིར་འབྲང་བར་མི་འགྱུར་བས་མཐོ་རིས་དང་ཐར་བའི་བདེ་བ་ཐོབ་པར་འགྱུར་བའི་ཕན་ཡོན་དང་མི་ལྡན་ཞིང༌།


TNT21_Page_1029
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་འདིར་ཡང་ཕན་ཡོན་ཉུང་ཟད་ཙམ་ཡིན་པས། དོན་མེད་དུ་མཆིས་པར་རྟོགས་པར་མཛོད་ཅིག །འཕྲོས་དོན་ངོ་ཚ་ཁྲེལ་ཡོད་ལ་གནས་པས། བྱ་བ་ངན་པ་མཐའ་དག་ལས་ལྡོག་པར་བྱེད་དགོས་ཀྱང༌། གྲགས་པ་ཉམས་པར་འགྱུར་བའི་བྱ་བ་དྲུག་པོ་འདི་རྣམས་འབྱུང་བར་ཉེ་བས་སྒོས་སུ་སྤཽང་དགོས་པར་བསྟན་པ་ནི། རྒྱན་པོ་འགྱེད་དང་འདུས་ལ་བལྟ་བ་དང༌། །ལེ་ལོ་སྡིག་པའི་གྲོགས་ལ་བསྟེན་པ་དང༌། ཆང་དང་མཚན་མོ་རྒྱུ་བ་ངན་སོང་བ། །གྲགས་པ་ཉམས་པར་འགྱུར་བ་དེ་དྲུག་སྤོང༌། །ཤོ་དང་མིག་མང་ལ་སོགས་པ་རྒྱན་པོ་འགྱེད་པས་དོན་མེད་དུ་དུས་འདའ་བ་དང༌། ནོར་སྐུགས་སུ་བཅུག་ནས་རྒྱན་པོ་བྱེད་པ་དང༌། སྐྱེ་བོ་མང་པོ་འདུས་པ་ལ་སོགས་པའི་ལྟད་མོ་ལ་དགའ་ཆེས་པས། ཡང་དང་ཡང་དུ་རྒྱུན་བསྲིངས་ནས་བལྟ་བ་དང༌། དགེ་བ་ལ་སྤྲཽ་བ་མེད་པས་ལེ་ལོ་སྐྱིད་སྙོམས་དང༌། གང་དག་བསྟེན་ན་དགེ་བ་མི་འགྲིབ་ཅིང་མི་དགེ་བ་འཕེལ་བར་བྱེད་འགྱུར་བའི་སྡིག་པའི་གྲོགས་མི་དགེ་བའི་བཤེས་གཉེན་ཏེ། ལེ་ལོ་སྡིག་པའི་གྲོགས་གཉིས་ནི་ཉེས་པ་ཐམས་ཅད་ཀྱི་རྩ་བ་ཡིན་པས་ནན་ཏན་ཆེ་ཐང་དུ་སྤངས་དགོས་སོ། །ཆང་འཐུང་བའམ། རྐུན་མོ་དང་ལོག་གཡེམ་གྱི་ཆེད་དུ་མཚན་མོར་རྒྱུ་ཞིང་འཁྱམ་པར་བྱེད་པ་སྟེ། འདི་རྣམས་ཀྱིས་ངན་སོང་དུ་སྐྱེ་བའི་རྒྱུ་བྱེད་ཅིང༌། སྐྱེ་བོ་ངན་པའི་གྲངས་སུ་འཇོག་པས་གྲགས་པ་ངན་པ་འབྱུང་བས་ཕུན་སུམ་ཚོགས་པའི་གྲགས་པ་ཉམས་པར་འགྱུར་བ་འདི་དག་ནི་འབད་པས་སྤོང་བར་བྱེད་དགོས་སོ། །དོན་ཚན་ལྔ་


TNT21_Page_1030
[མ་དཔེ་གཟིགས་ན་འདིར་གནོན།]

པ་འདོད་ཆུང་ཆོག་ཤེས་ལ་གདམས་པ་ལ། དེའི་མི་མཐུན་ཕྱོགས་འདོད་ཆེན་ཆོག་མི་ཤེས་ཏེ། མངོན་པ་མཛོད་ལས། རྙེད་ལ་ཡང་སྲེད་ཆོག་མི་ཤེས། །མ་བརྙེད་ལ་འདོད་འདོད་ཆེན་ཅན། །ཞེས་གསུངས་པ་ལྟར། དེ་གཉིས་ཀྱི་ངོ་བོ་ནི། གཉིས་ཀའང་ཡོ་བྱད་ངན་པས་ཆོག་མི་ཤེས་པར་མཉམ་པ་ལས། ཡོ་བྱད་ཕུན་སུམ་ཚོགས་པ་མ་རྙེད་པ་རྙེད་པར་འདོད་པ་ནི་འདོད་ཆེན་དང༌། ཕུན་སུམ་ཚོགས་པ་རྙེད་ཀྱང༌། སླར་ཡང་ལྷག་པོ་ཐོབ་པར་འདོད་པ་ནི་ཆོག་མི་ཤེས་ཏེ། དེ་དག་གི་གཉེན་པོ་འདོད་ཆུང་ཆོག་ཤེས་ཡིན་པ་ལས། ཆོག་ཤེས་པར་གདམས་པ་ནི། ནོར་རྣམས་ཀུན་གྱི་ནང་ན་ཆོག་ཤེས་པ། །རབ་མཆོག་ལགས་པར་ལྷ་མིའི་སྟོན་པས་གསུངས། །ཀུན་ཏུ་ཆོག་ཤེས་མཛོད་ཅིག་ཆོག་མཁྱེན་ན། །ནོར་མི་བདོག་ཀྱང་ཡང་དག་འབྱོར་པ་ལགས། །ནོར་རྣམས་ཐམས་ཅད་ཀུན་གྱི་ནང་ནས་ཆོག་ཤེས་པའི་བསམ་པ་ནི། ནོར་གྱི་རབ་དང་མཆོག་ཏུ་གྱུར་པ་ཡིན་པར་ལྷ་མིའི་སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་གསུངས་ཏེ། རྒྱལ་པོ་ཁྱོད་ཀྱིས་དུས་ཀུན་ཏུ་ཆོག་ཤེས་པར་མཛོད་ཅིག །དེ་ལྟར་ཆོག་ཤེས་ན་ནི་ཡོ་བྱད་བདོག་པ་ཕུན་སུམ་ཚོགས་པ་དང་མི་ལྡན་ཡང་ཡང་དག་པའི་འབྱོར་པ་མཆོག་ཐོབ་པ་ཡིན་ནོ། །ནོར་ནི་ཕྱི་རོལ་གྱི་ཡོ་བྱད་ཡིན་ལ། ཆོག་ཤེས་པ་ནི་བསམ་པའི་སྒྲོ་འདོགས་པ་ཡིན་པས། ནོར་མ་ཡིན་ནམ་ཞེ་ན། ཆོག་ཤེས་དང་མི་ལྡན་ན་ལྷའི་ལོངས་སྤྱཽད་ལྟར་ཏུ་གྱུར་ཀྱང་ཚིམས་པ་དང་ཡིད་ལ་བདེ་བ་ཐོབ་པའི་སྐབས་མེད་ཅིང༌། ཡོ་བྱད་


TNT21_Page_1031
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ལོངས་སྤྱོད་དང་མི་ལྡན་ཡང་ཆོག་ཤེས་པར་གྱུར་ན་ཚིམས་ཤིང་ཡིད་ལ་བདེ་བ་ཐོབ་པར་འགྱུར་བས། ཆོག་ཤེས་པ་ནི་ནོར་གྱི་མཆོག་དང་འདྲ་བར་གྱུར་པ་ཡིན་ནོ། །འདོད་པ་ཆུང་བར་གདམས་པ་ནི། དེས་པ་བདོག་མང་ཇི་ལྟར་སྡུག་བསྔལ་བ། །འདོད་པ་ཆུང་རྣམས་དེ་ལྟར་མ་ལགས་ཏེ། །ཀླུ་མཆོག་རྣམས་ལ་མགོ་བོ་ཇི་སྙེད་པ། །དེ་ལས་བྱུང་བའི་སྡུག་བསྔལ་དེ་སྙེད་དོ། །དེས་པ་ནི་མཛངས་པ་ཡིན་ལ། དེ་ཡང་སྤྱི་བརྟོལ་ཅན་མ་ཡིན་པའི་རྒྱུད་གཙང་ཞིང་འཇམ་ལ་ཞིབ་ཐིག་ཅན་དང༌། རིག་པར་བྱ་བའི་ཡུལ་ཤེས་པའི་མཁས་པ་གཉིས་ལ་ངོས་འཛིན་པ་ལས་རྒྱལ་པོ་མཁས་པའི་རང་བཞིན་ཅན་མཛངས་པ་ལ་དེས་པ་ཞེས་བོས་ནས། བདོག་པའི་དངོས་པོ་མང་པོ་རྣམས་དང་པོར་གསོག་པ་དང༌། བར་ཏུ་བསྲུང་བ་དང༌། མཐར་འབྲལ་བའི་སྡུག་བསྔལ་རྣམ་པ་གསུམ་དང་ལྡན་པ་ཤིན་ཏུ་སྡུག་བསྔལ་བ་ཡིན་ན། བདོག་པའི་དངོས་འཚོལ་བར་མི་བྱེད་པའི་འདོད་པ་ཆུང་བ་རྣམས་ནི་སྡུག་བསྔལ་དེ་ལྟ་བུ་ལ་སྤྱོད་པ་མ་ཡིན་ཏེ་དཔེ་ཀླུའི་མཆོག་རྒྱལ་རིགས་ལ་སོགས་པ་རྣམས་ལ། སྦྲུལ་མགོ་གཉིས་ནས་སྟོང་གི་བར་ཀླུ་ཇེ་བཟང་ཇེ་བཟང་བཞིན་གྱི་མགོ་མང་བ་ཡིན་པ་དང༌། ཇི་སྙེད་མགོ་མང་བ་དེ་སྲིད་དུ་དེ་དང་དེ་ལས་བྱུང་བའི་སྡུག་བསྔལ་གྱི་ཚོགས་མང་བར་འགྱུར་ཏེ། མིག་ལ་སོགས་པའི་དབང་པོ་སོ་སོར་སྲུང་དགོས་པའི་སྡུག་བསྔལ་དང༌། དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་ཞིང༌། བསླབ་པའི་གནས་ལྔ་བླངས་པ་མིན་ན།


TNT21_Page_1032
[མ་དཔེ་གཟིགས་ན་འདིར་གནོན།]

ཀླུའི་རྒྱལ་པོ་བསྐལ་བའི་བར་དུ་ཚེ་གནས་པ་མ་གཏོགས་པ་རྣམས་ལ། མགོ་རེ་རེའི་སྟེང་དུ་བྱེ་ཚན་དང་ཆུ་འདྲེས་པའི་རྒྱུན་འབབས་པས། མགོ་མང་བས་སྡུག་བསྔལ་མང་བ་དང༌། བདོག་པ་ཡང་མང་བས་སྡུག་བསྔལ་མང་བ་མཚུངས་པས་ན། དུས་རྟག་ཏུ་འདོད་སྲེད་ཆུང་བར་བྱ་དགོས་སོ། །དོན་ཚན་དྲུག་པ་བྱང་ཆུབ་སེམས་དཔའ་ཚོགས་ལམ་པ་ཁྱིམ་པས་དབང་དུ་བྱས་ནས་ཁྱིམ་ཐབས་ངན་པ་སྤངས་བར་གདམས་པ་ནི། རང་བཞིན་དགྲར་འབྲེལ་གཤེད་མ་ལྟ་བུ་དང༌། ཁྱིམ་ཐབས་བརྙས་བགྱི་རྗེ་མོ་ལྟ་བུ་དང༌། །ཆུང་ངུའང་རྐུ་བ་ཆོམ་རྐུན་ལྟ་བུ་ཡི། །ཆུང་མ་གསུམ་པོ་འདི་དག་རྣམ་པར་སྤངས། །གཤེད་མ་ལྟ་བུ་རང་བཞིན་གྱི་དགྲ་དང་འབྲེལ་བ། ཞེ་གནག་ཅིང་བདག་ཉིད་ལ་གནོད་པར་བྱེད་པ་དང༌། རྗེ་མོས་བྲན་ལ་བརྙས་པ་བྱེད་པ་ལྟ་བུ་ཁྱིམས་ཐབས་ལ་བརྙས་པའི་སེམས་བྱེད་པ་དང༌། ཆུང་དུ་ཡང་རྐུ་ཞིང་སྦེད་པར་བྱེད་པ་ཆོམ་རྐུན་དང་མཚུངས་པ་སྟེ་གསུམ་པོ་གང་ཡང་རུང་པའི་ཁྱིམ་ཐབས་ཆུང་མ་ནི་སྤང་བར་བྱའོ། །དེ་ལས་ལྡོག་པའི་ཡོན་ཏན་དང་ལྡན་པར་བསྟེན་པར་བྱ་བ་ནི། སྲིང་མོ་བཞིན་དུ་རྗེས་མཐུན་གང་ཡིན་དང༌། །མཛའ་མོ་བཞིན་དུ་སྙིང་ལ་འབབ་པ་དང༌། །མ་བཞིན་ཕན་པར་འདོད་དང་བྲན་མོ་བཞིན། །དབང་གྱུར་གང་ཡིན་རིགས་ཀྱི་ལྷ་བཞིན་བཀུར། །སྲིང་མོ་མཆོག་གི་རང་གི་ཕུ་བོ་དང་མི་འགལ་བའི་བྱ་སྤྱོད་རྗེས་སུ་མཐུན་པར་བྱེད་པ་དང་མཚུངས་པར། རང་དང་རྗེས་སུ་མཐུན་པའི་བྱ་བ་སྤྱོད་པ་གང་ཡིན་པ་དང༌། གྲོགས་


TNT21_Page_1033
[མ་དཔེ་གཟིགས་ན་འདིར་གནོན།]

མཛའ་མོ་ཞིན་དུ་སེམས་ལ་འཐད་ཅིང་འབབ་པར་བྱེད་པ་དང༌། མ་བཞིན་དུ་བདག་ཉིད་ལ་ཕན་པར་འདོད་ཅིང་སེམས་པ་དང༌། བྲན་མོ་བཞིན་དུ་ངག་ལ་ཉན་པ་གུས་པ་དང་འཇིགས་པས་བསྟེན་པར་བྱེད་པ་དང༌། དབང་གྱུར་ཏེ་རང་གི་ཁྱིམ་ཐབས་ལ་རིགས་ཀྱི་ལྷ་བཞིན་དུ་བཀུར་བར་བྱེད་པ་དེ་ལྟ་བུའི་ཆུང་མ་ནི་བསྟེན་པར་བྱའོ། །འགྲེལ་པར་རིགས་ཀྱི་ལྷ་ཞེས་པ་བུད་མེད་ཀྱི་ཁྱད་པར་ལ་སྦྱོར་བ་ནི་མི་ལེགས་སོ། །ཟས་ཀྱི་ཚོད་རིག་པར་གདམས་པ་ནི། ཁ་ཟས་སྨན་དང་འདྲ་བར་རིག་པ་ཡིན། །འདོད་ཆགས་ཞེ་སྡང་མེད་པར་བསྟེན་བགྱི་སྟེ། །རྒྱགས་ཕྱིར་མ་ལགས་སྙེམས་པའི་ཕྱིར་མ་ལགས། །འཚག་ཕྱིར་མ་ལགས་ལུས་གནས་འབའ་ཞིག་ཕྱིར། །ཟས་ཀྱི་ཚོད་རིག་པ་ནི། རན་པར་ཟ་བ་ལ་ཡང་ཅུང་ཟད་འཇུག་པ་ཡིན་མོད་ཀྱང༌། གཙོ་བོར་ཉོན་མོངས་པའི་རྣམ་རྟོག་སྤངས་དེ་དགེ་བའི་སེམས་ཀྱིས་ཀུན་ནས་བསླངས་ཏེ་ཟ་བ་ཡིན་ཅིང༌། དེ་ཡང་སྨན་བསྟེན་པ་ནི། ལུས་འཚོ་བ་དང་ནད་གསོ་བའི་ཕྱིར་དུ་ཡིན་གྱི། རོ་ལ་ཆགས་ནས་ཟ་བ་མ་ཡིན་པ་བཞིན་དུ། ལུས་འཚོ་བའི་ཕྱིར་ཁ་ཟས་ཟ་ཞིང༌། རོ་ལ་སྲེད་ཅིང་ཆགས་པས་ཟ་བར་མི་བྱེད། ཉོན་མོངས་པ་འདོད་ཆགས་ཞེ་སྡང་མེད་པས་ཁ་ཟས་སྟོན་པ་ཡིན་ཏེ། གཞན་ལ་བརྡེག་ཅིང་བརྡུང་བ་དང༌། འཐབ་པ་དང༌། ཤེད་སྟོབས་འགྲན་པ་སོགས་ཀྱི་ཆེད་དུ་ལུས་རྒྱགས་པའི་ཕྱིར་མ་ལགས།


TNT21_Page_1034
[མ་དཔེ་གཟིགས་ན་འདིར་གནོན།]

སྙེམས་པ་སྟེ་ང་རྒྱལ་དང་གྲགས་འདོད་ཀྱིས་ཟས་རིན་ཐང་ཆེན་པོ་འདི་ཙམ་དུ་ཟའོ་ཞེས་ཆེད་གཉེར་གྱིས་རིན་ཐང་ཆེན་པོ་བསྟེན་པ་མ་ལགས། འཚག་ཕྱིར་ཏེ་མདངས་སྟོབས་རྒྱས་པར་བྱས་ཏེ་བུད་མེད་ལ་རྩེ་བའི་ཕྱིར་དུ་ཟ་བ་མ་ལགས། ལུས་གནས་པ་འབའ་ཞིག་གི་ཕྱིར་དུ་ཟ་བར་བྱེད་ཅིང༌། ལུས་གནས་པ་ལས་དགེ་བའི་ལས་སྒྲུབ་པ་ཡིན་ཏེ། འཕགས་པ་ལྷས། བཞི་བརྒྱ་པར། ལུས་འདི་དགྲ་ལྟར་མཐོང་མོད་ཀྱི། །དེ་ལྟ་ན་ཡང་དེ་བསྲུང་བྱ། །ཁྲིམས་ལྡན་ཡུན་རིང་གནས་པ་ནི། །དེ་ལས་བསོད་ནམས་ཆེན་པོ་བྱེད། །ཅེས་གསུངས་པ་བཞིན་ནོ། །ནམ་གྱི་ཆ་སྟོད་དང༌། ཆ་སྨད་ལ་མི་ཉལ་བར་རྣལ་འབྱོར་ལ་བརྩོན་པར་གདམས་པ་ནི། རིག་པའི་བདག་ཉིད་ཉིན་པར་མཐའ་དག་དང༌། །མཚན་མོའི་ཐུན་གྱི་སྟོད་སྨད་འདས་ནས་ནི། །མནལ་ཚེའང་འབྲས་བུ་མེད་པར་མི་འགྱུར་བར། །དྲན་དང་ལྡན་པས་དེ་དག་བར་དུ་མནོལ། །བོད་དཔེ་དང་བོད་འགྲེལ་རྣམས་ན་རིག་པ་འོས་པ་ལ་འབྲུ་མནན་ཀྱང༌། རྒྱ་དཔེར་ཡུཀྟ་ཞེས་ཡོད་པས་རིག་པར་བསྒྱུར་དགོས་པས། ཤེས་རབ་བློ་གྲོས་དང་ལྡན་པས་རིག་པའི་བདག་ཉིད་ཅེས་རྒྱལ་པོ་ལ་བོས་ནས། ནད་ཀྱིས་གདུང་བས་ཁམས་གསོ་བའི་ཕྱིར་དགོས་ན་མ་གཏོགས། ཉིན་མོའི་དུས་མཐའ་དག་དང༌། མཚན་མོའི་ཐུན་ཀྱི་སྟོད་སྨད་འདས་ཞེས་པ་སྦངས་པ་སྟེ། དེའི་བར་སྐབས་མཚན་མོའི་གུད་ཐུན་ལ་མནལ་བའི་ཚེ། འབྲས་བུ་མེད་པ་དོན་མེད་དུ་མི་འགྱུར་བའི་


TNT21_Page_1035
[མ་དཔེ་གཟིགས་ན་འདིར་གནོན།]

ཆེད་དུ་དྲན་པ་གསུམ་དང་ལྡན་པས་མནལ་བར་བྱ་སྟེ། ལྡང་བའི་འདུན་པ་དང༌། སྣང་བའི་འདུན་པ་དང༌། ཆོས་ཀྱི་འདུན་པ་གསུམ་མོ། །ལྡང་བའི་འདུན་པ་ནི། ཁམས་དུབ་པ་གསོས་ནས་མྱུར་དུ་ལྡང་བར་བྱའོ་སྙམ་པའི་འདུན་པ་ཡུན་རིང་དུ་གཉིད་ལོག་པའི་གཉེན་པོ་དང༌། སྣང་བའི་འདུན་པ་དང༌། ཉིན་མོ་མི་འགོལ་བའི་ཕྱོགས་སུ་བློས་ཕབ་སྟེ་བག་མེད་དུ་མི་ཉལ་བར། ཅུང་ཟད་ཁོང་བསྒྲིམས་ཏེ་གཉིད་སྤངས་པར་ཉལ་བ་བཞིན་དུ། མཚན་ལ་ཡང་སྣང་བའི་འདུ་ཤེས་ཀྱིས་ཉལ་བ་གཉིད་འཐུག་པོ་མི་འབྱུང་བའི་གཉེན་པོ་དང༌། ཆོས་ཀྱི་འདུན་པ་ནི། ཁམས་བརྟས་པར་བྱེད་པའི་ཕྱིར་མནལ་བས་ཁམས་དུབ་པ་གསོས་ཏེ། དེ་ལས་ལངས་ནས་ཆོས་ཀྱི་བྱ་བ་ལ་འཇུག་པར་བྱེད་དོ། །སྙམ་པའི་འདུན་པ་དེ་རྣམས་དང་ལྡན་པར་བྱས་པས། གཉིད་ཀྱི་དུས་ཀྱང་དོན་མེད་འབྲས་བུ་མེད་པར་མི་འགྱུར་བས་དགེ་བའི་ཆོས་དང་ལྡན་པའོ། །དེ་རྣམས་ཀྱི་ཚོགས་ལམ་དང་འབྲལ་བའི་ཆོས་སྐོར་བསྟན་ཟིན་པ་ཡྀན་ནོ། །དོན་བསྡུ་ནི་བྱང་ཆུབ་སེམས་དཔའ་ཚོགས་ལམ་པའི་སྒྲུབ་པ་ལ་ཉམས་ལེན་དངོས་དང༌། སྤྱོད་པ་རྣམ་པར་དག་པ་གཉིས་ལས། དང་པོ་ནི། གཞི་ཚུལ་ཁྲིམས་ལ་གནས་པས་ཐོས་བསམ་སྒོམ་གསུམ་གྱི་ཤེས་རབ་ལ་བསླབ་པ་ཚིགས་བཅད་དངོས་བསྟན། སྤྱཽད་པ་རྣམ་པར་


TNT21_Page_1036
[མ་དཔེ་གཟིགས་ན་འདིར་གནོན།]

དག་པ་ལ་མ་ཆགས་པ་འཕགས་པའི་རིགས་ཀྱི་སེམས་ནི། འདོད་ཆུང་ཆོག་ཤེས་ལ་གདམས་པས་བསྟན། ཤེས་བཞིན་དུ་གནས་པས་མངོན་པར་དགའ་བ་ནི། ཆོས་བརྒྱད་ཀྱི་རྣམ་རྟོག་སྤོང་བ་དང༌། ལས་འབྲས་ཕྲ་ཞིབ་ལ་སྤང་བླང་དགོས་པ་དང༌། ངོ་ཚ་ཁྲེལ་ཡོད་དུ་བྱ་བ་དང༌། ཁྱིམ་པར་གདམས་པ་གཙོ་ཆེ་བ་རྒྱན་པོ་འགྱེད་པ་ལ་སོགས་པ་སྤངས་དགོས་པ་གཞན་རྣམས་གྱིས་བསྟན། ཁ་ཟས་ཀྱི་ཚོད་རིག་པ་དང༌། ནམ་གྱི་ཆ་སྟོད་དང་ཆ་སྨད་ལ་མི་ཉལ་བར་རྣལ་འབྱོར་ལ་བརྩོན་དགོས་པ་གོང་དུ་གཞུང་ཚིག་གོ་སླ་བ་ལྟར་གྱིས་བསྟན། ཚོགས་ལམ་པས་དྲན་པ་ཉེར་བཞག་བཞི་ལ་བསླབ་དགོས་པ་ནི་ཤེས་རབ་ལ་བསླབ་པའི་ནང་དུ་འདུས། ཡང་དག་སྤོང་བ་ལ་བསླབ་པ་ཚོགས་ལམ་ལ་སྦྱོར་ན། ཆོས་བརྒྱད་ཀྱི་རྣམ་རྟོག་སྤོང་བ་དང༌། ལས་འབྲས་ཕྲ་ཞིབ་ལ་སྤང་བླང་བྱེད་པའི་ནང་དུ་འདུས་པ་ཡིན་ནོ། །རྫུ་འཕྲུལ་གྱི་རྐང་པ་འདིར་མ་སྨོས་ཀྱང༌། འོག་གི་ཉེས་པ་ལྔ་སྤཽང་བའི་ཤུགས་ལ་འཕངས་པར་ཤེས་དགོས་ལ། དེ་དག་ཚོགས་སྦྱོར་ཅི་རིགས་པར་ཐོབ་པའང་ཡིན་ནོ། །དེ་ལ་ཡང་དག་སྤཽང་བ་བཞི་ནི། དགེ་བའི་ཆོས་མ་སྐྱེས་པ་བསྐྱེད་པ། སྐྱེས་པ་བསྲུང་བ། མི་དགེ་བའི་ཆོས་མ་སྐྱེས་པ་མི་བསྐྱེད་པ། སྐྱེས་པ་སྤོང་བ་རྣམས་ནི་སེམས་བསྲུང་བའི་བརྩོན་འགྲུས་ཀྱི་རང་བཞིན་ནོ། །རྫུ་འཕྲུལ་གྱི་རྐང་པ་བཞི་ནི། འདུན་པའི་རྫུ་འཕྲུལ་གྱི་རྐང་པ་


TNT21_Page_1037
[མ་དཔེ་གཟིགས་ན་འདིར་གནོན།]

དང༌། བརྩོན་འགྲུས་དང༌། སྤྱོད་པ་དང༌། སེམས་རྫུ་འཕྲུལ་གྱི་རྐང་པ་སྟེ་བཞི་ཁ་ཡང་ཏིང་ངེ་འཛིན་གྱི་ཕྱོགས་སུ་གཏོགས་སོ། །སྦྱོར་ལམ་དང་འབྲེལ་བའི་ཆོས་བཤད་པ་ལས། སྦྱོར་ལམ་གྱི་རྒྱུ་ཚོགས་བསྟན་པ་དང༌། སྦྱོར་ལམ་དངོས་འཕྲོས་དང་བཅས་བསྟན་པའོ། །དང་པོ་ལ་དོན་ཚན་བཞིའི་ཐོག་མ། ཚད་མེད་པ་བཞི་བསྒོམ་པར་གདམས་པ་ལ། བྱམས་དང་སྙིང་རྗེ་དག་དང་དགའ་བ་དང༌། །བཏང་སྙོམས་རྟག་ཏུ་ཡང་དག་སྒོམ་མཛོད་ཅིག།གོང་མ་བརྙེས་པར་མ་གྱུར་དེ་ལྟར་ནའང། །ཚངས་པའི་འཇིག་རྟེན་བདེ་བ་ཐོབ་པར་འགྱུར། །བྱམས་པ་ནི། སེམས་ཅན་རྣམས་ཀྱི་བདེ་བ་རྒྱུ་དང་བཅས་པ་ཐོབ་པར་ས་བདེ་བ་དང་འཕྲད་པར་འདོད་པ་དང༌། སྙིང་རྗེ་ནི་སེམས་ཅན་སྡུག་བསྔལ་རྒྱུ་དང་བཅས་པ་དང་ལྡན་བཞིན་པ་རྣམས། སྡུག་བསྔལ་དང་བྲལ་བར་འདོད་པ་དག་དང༌། དགའ་བ་ནི། ད་ལྟ་ཡང་སེམས་ཅན་བདེ་བ་ལ་གནས་པར་དགའ་ཞིང༌། སླར་བདེ་བ་དང་མི་འབྲལ་བར་དགའ་བ་དང༌། བཏང་སྙོམས་ནི། སེམས་ཅན་རེ་རེ་ནས་ཉེ་རིང་མེད་པ་དང༌། ཐམས་ཅད་ལ་ཞེ་སྡང་དང་རྗེས་སུ་ཆགས་པ་གཉིས་ཀ་མེད་པར་མཉམ་སྙོམས་པར་བྱེད་པའི་འདུན་པ་སྟེ་དེ་རྣམས་རྟག་ཏུ་ཡང་དག་པར་གོམས་པར་མཛོད་ཅིག །བྱམས་སོགས་ཚད་མེད་པ་བཞི་བསྒོམས་པ་ལས། ཐེག་པ་ཆེན་པོར་སེམས་བསྐྱེད་པ་ལ་སོགས་པ་དགེ་ཆོས་གཞན་ཡང་རྒྱ་ཆེ་བར་འཕེལ་བས། སངས་རྒྱས་ཀྱི་བྱང་ཆུབ་


TNT21_Page_1038
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སོགས་པ་བྱང་ཆུབ་གསུམ་པོ་གང་རུང་ཐོབ་ཏུ་ཡང་ཡོད་ལ། གལ་ཏེ་གོང་མ་སྟེ་བྱང་ཆུབ་གསུམ་པོ་ཐོབ་པར་མ་གྱུར་ཀྱང༌། ཚངས་པའི་འཇིག་རྟེན་དུ་སྐྱེས་ནས་བསམ་གཏན་གྱི་བདེ་བ་དམ་པ་ཐོབ་ཅིང་ཉམས་སུ་མྱོང་བར་འགྱུར་བ་ལ་ཐེ་ཚོམ་མེད་པ་ཡིན་ནོ། །དེ་ལྟར་བྱམས་སོགས་གོང་མ་གསུམ་བསྒོམས་པས་ཞེ་སྡང་བཟློག་པ་ཡིན་ཡང༌། དེའི་རྗེས་སུ་སེམས་ཅན་ལ་སྲེད་པས་ཆགས་པ་ཁྲི་བར་འགྱུར་བ་ལ། སེམས་ཅན་སྡུག་བསྔལ་བ་དང༌། མི་རྟག་ཅིང་འགྱུར་བ་ལ་སྲེད་པ་བྱེད་རིན་མི་ཆོག་པ་དང༌། ཡོངས་སུ་ཆགས་པར་མི་བྱེད་པར་བསམ་སྟེ་བཏང་སྙོམས་བསྒོམས་པས་བྱམས་སོགས་གོང་མ་རྣམས་ཀྱི་སྐྱོན་སེལ་བར་འགྱུར་བས། བཏང་སྙོམས་ནི་གེགས་སེལ་དུ་འགྱུར་བ་ཡིན་ནོ། །མཐའ་གཅོད་ཅུང་ཟད་བཤད་པ་ལ། བྱམས་སོགས་སྙིང་ཐག་པ་ནས་བསྒོམས་ཀྱང༌། ཐོག་མར་བྱམས་སོགས་ཀྱི་ཡུལ་ལ་གསལ་སྣང་མི་འཆར་བས། བྱམས་སོགས་ཙམ་ཡིན་ཀྱང་ཚད་མེད་པ་ནི་མ་ཡིན། དེ་དག་ནན་ཏན་དུ་བསྒོམས་པས་སེམས་རྩེ་གཅིག་པའི་ཞི་གནས་གསལ་ཞིང་གཡོ་བ་མེད་པ་སྐྱེ་ཞིང༌། དེ་དང་བྱམས་སོགས་བསྲེས་ནས་བསྒོམས་པ་ལས་གསལ་སྣང་ཐོབ་སྟེ། བྱམས་སོགས་སྒོམ་པའི་ཡུལ་སེམས་ཅན་བགྲང་ཡས་ཚད་མེད་པ་མངོན་སུམ་དུ་མཐོང་བ་ལྟ་བུའི་གསལ་སྣང་དང༌། དེ་དག་རེ་རེ་ལ་ཡང་བྱམས་སོགས་འཇུག་པའི་གསལ་སྣང་ཤུགས་ཆེན་པོར་གྱུར་པ་ནི་ཚད་མེད་པའི་ཏིང་ངེ་འཛིན་


TNT21_Page_1039
[མ་དཔེ་གཟིགས་ན་འདིར་གནོན།]

ཐོབ་པ་ཡིན་ནོ། །ཡང་ཆོས་མངོན་པ་ལས། སེམས་གནས་པའི་ཐབས་དགུས་ཞི་གནས་བསྒྲུབས། ཡིད་ལ་བྱེད་པ་བདུན་གྱིས་ལྷག་མཐོང་བསྒྲུབས་ཏེ། འདོད་པ་ལ་ཆགས་བྲལ་བྱས་པས་བསམ་གཏན་དུ་སྐྱེ་བ་དང༌། འདོད་པའི་ཉོན་མོངས་པ་མངོན་གྱུར་མ་ལོག་ཅིང་བསམ་གཏན་གྱི་ཏིང་ངེ་འཛིན་མ་ཐོབ་པ། བསམ་གཏན་གྱི་ལྷར་སྐྱེ་བ་མི་སྲིད་པར་བཤད་པ་དང༌། མདོ་སྡེ་འགའ་ཞིག་དང༌། གཞུང་འདི་སོགས་སུ། ཚད་མེད་བཞི་བསྒོམ་པ་ཁོ་ནས་བསམ་གཏན་གྱི་ལྷར་སྐྱེ་བར་བཤད་པ་མི་འགའ་ལམ་ཞེ་ན། འགལ་བར་མི་འགྱུར་ཏེ། སེམས་གནས་པའི་ཐབས་དགུ་དང༌། ཡིད་བྱེད་བདུན་གྱིས་བསམ་གཏན་གྱི་ཏིང་ངེ་འཛིན་བསྒྲུབས་ནས་བསམ་གཏན་དུ་སྐྱེ་བར་བཤད་པ་ནི་ཉི་ཚེ་བ་ཙམ་ཡིན་གྱྀ། བསམ་གཏན་གྱི་ཏིང་ངེ་འཛིན་ནི་སྒྲུབ་ཚུལ་ལ་དེ་ཁོ་ནས་ཁྱབ་པར་མངོན་པ་ནས་ཀྱང་མ་བཤད། འདོད་ཉོན་མངོན་འགྱུར་བ་སྤོང་དགོས་པ་དང༌། བསམ་གཏན་གྱི་ཏིང་ངེ་འཛིན་གྲུབ་དགོས་པ་ནི་འདིར་ཡང་མཐུན་པར་ཁས་ལེན་པ་ཡིན་ཏེ། བྱམས་སོགས་དང་པོ་གསུམ་གྱིས་ནི་འདོད་ཁམས་ཀྱི་ཐུན་མོང་མ་ཡིན་པའི་ཉོན་མོངས་པ་ཞེ་སྡང་མངོན་གྱུར་བ་སྤཽང་བར་བྱེད། བཏང་སྙོམས་ཀྱིས་ནི་རྗེས་སུ་ཆགས་པ་སྤཽང་ཞིང༌། དེའི་ཞར་བྱུང་དུ་འདོད་པའི་ཉོན་མོངས་གཞན་ཡང་སྦོང་པ་ཡིན། ཚད་མེད་པ་བཞི་ནི་དགེ་བ་ལ་གཅིག་པའི་སེམས་ཀྱི་ཏིང་ངེ་འཛིན་ཡིན་པས། སྔོན་བསམ་གཏན་གྱི་ཏིང་ངེ་འཛིན་


TNT21_Page_1040
[མ་དཔེ་གཟིགས་ན་འདིར་གནོན།]

ཐོབ་པ་དང༌། བསམ་གཏན་གྱི་ལྷར་སྐྱེ་མྱོང་བའི་བག་ཆགས་སད་པའམ། ཡང་ན་བསམ་གཏན་གྱི་ཏིང་ངེ་འཛིན་ཐོབ་པ་རྐྱེན་གཞན་གྱིས་བར་དུ་ཉམས་ནས་འབྲས་བུ་མ་སྨིན་པ་ལན་གྲངས་གཞན་དུ་མྱོང་འགྱུར་གྱི་ལས་སང་རྒྱུ་ཡོད་པ་རྣམས་ནི་ཚད་མེད་པ་བཞི་བསྒོམས་པས་སྣ་དྲངས་ནས་སྐྱེ་བ་འདིར་བསམ་གཏན་གྱི་ཏིང་ངེ་འཛིན་ཐོབ་པ་དང༌། ཕྱི་མ་བསམ་གཏན་གྱི་ལྷར་སྐྱེས་པ་ཡིན་ནོ། །དོན་ཚན་གཉིས་པ་བསམ་གཏན་བཞིའི་ཏིང་ངེ་འཛིན་བསྒོམ་པ་ལ་གདམས་པ་ནི། འདོད་སྤྱོད་དགའ་དང་བདེ་དང་སྡུག་བསྔལ་དག །རྣམ་པར་སྤངས་པའི་བསམ་གཏན་བཞི་པོ་ཡིས། །ཚངས་དང་འོད་གསལ་དག་དང་དགེ་རྒྱས་དང༌། །འབྲས་བུ་ཆེ་ལྷ་རྣམས་དང་སྐལ་མཉམ་ཐོབ། །རྒྱུ་སྙོམས་འཇུག་གི་བསམ་གཏན་བཞི་ནི། མིའི་རྟེན་ལ་བསམ་གཏན་གྱི་ཏིང་ངེ་འཛིན་བསྒྲུབས་ནས་ཐོབ་པའི་མཉམ་བཞག་གིས་སས་བསྡུས་པ་དེ་ཁོ་ན་ཡིན་ལ། འབྲས་བུ་སྐྱེ་བའི་བསམ་གཏན་བཞི་ནི། སྐྱེ་བ་སྔ་མར་འདོད་པའི་ལྷའམ་མིའི་རྟེན་ལ་བསམ་གཏན་གྱི་ཏིང་ངེ་འཛིན་གྲུབ་པས། དེའི་འབྲས་བུ་བསམ་གཏན་གྱི་ལྷར་སྐྱེས་པ་ནས་མ་ཤི་བར་འབད་རྩོལ་མེད་པར་རང་ཤུགས་ཀྱིས་སེམས་བསམ་གཏན་ཀྱི་ཏིང་ངེ་འཛིན་ལ་གནས་པ་ནི། འབྲས་བུ་སྐྱེ་བའི་བསམ་གཏན་དངོས་ཡིན་ལ། དེའི་གནས་ལུས་ལོངས་སྤྱོད་རྣམས་ལ་ཡང༌། འབྲས་བུ་སྐྱེ་བའི་བསམ་གཏན་གྱི་མིང་གིས་བཏགས་པ་ཙམ་ཡིན་ནོ། །རྒྱུ་སྙོམས་འཇུག་གི་བསམ་གཏན་གྱི་དབང་དུ་བྱས་ནས། སྤང་བྱ་འདོད་པ་ལ་འདུན་པ་སྔོན་དུ་བསྟན་པས། གནོད་སེམས་ཀྱང་དེའི་ཤུགས་ལ་བསྟན་པ་ཡིན་ཏེ། དེ་གཉིས་གཅིག་ཡོད་ན་ཅིག་


TNT21_Page_1041
[མ་དཔེ་གཟིགས་ན་འདིར་གནོན།]

ཤོས་ཀྱང་ཡོད་དགོས་པའི་ཕྱིར་རོ། །ཞི་གནས་སྐྱོན་མེད་ལ་གོམས་པ་རབ་ཀྱི་མཐར་ཕྱིན་ནས། འདོད་པ་ལ་འདུན་པ་དང༌། གནོད་སེམས་ཀྱི་གཉེན་པོ་བསྒོམ་པས་ཚོར་བ་སྡུག་བསྔལ་དང༌། ཡིད་མི་བདེ་བ་དང༌། འདོད་པའི་ཉོན་མོངས་རྣམས་མངོན་གྱུར་སྤངས་པས་སེམས་རབ་ཏུ་དབེན་པ་ལས་སྐྱེས་པའི་དགའ་བདེ་ཐོབ་པ་ནི། བསམ་གཏན་དང་པོའི་སྙོམས་འཇུག་གི་ཏིང་ངེ་འཛིན་ཡིན་ལ་སྔོན་བདེ་བའི་རྟོག་པ་བཅས་པའོ། །དཔྱཽད་པ་ཞེས་པས་རྟོག་པ་ཤུགས་ལ་བསྟན་པ་ཡིན་ཏེ། དཔྱོད་པ་སྤོང་བ་ལ་རྟོག་པ་སྤོང་བ་སྔོན་དུ་འགྲོ་དགོས་པའི་ཕྱིར་རོ། །དམིགས་ཡུལ་ལ་རགས་པ་བསྟན་པར་དཔྱོད་པའི་རྟོག་དཔྱོད་གཉིས་ནི་རྣལ་འབྱོར་གྱི་སྐྱོན་དུ་ཤེས་ནས་གཉེན་པོས་སྤངས་པས། དམིགས་ཡུལ་ལ་ཤིན་ཏུ་སེམས་མི་རྟོག་པར་འགྱུར་བས་ནང་རབ་ཏུ་དྭངས་པའི་དགའ་བདེ་ལ་གནས་པའི། བསམ་གཏན་གཉིས་པའི་ཏིང་ངེ་འཛིན་ཡིན། དགའ་བའི་སྲེད་པ་དེ་ཡང་ཏིང་ངེ་འཛིན་དང་མི་མཐུན་པར་ཤེས་ནས། རང་གི་ངོ་བོ་ཉིད་ལ་བལྟས་ནས་སྤངས་པས་དགའ་བ་མེད་ཅིང༌། སེམས་ལུས་ཀྱི་བདེ་བས་རོ་མྱང་བར་གནས་པ་དེ་ནི་བསམ་གཏན་གསུམ་པའི་ཏིང་ངེ་འཛིན་ཡིན། བདེ་བ་དེ་ཡང་བསམ་གཏན་གྱི་སྐྱོན་དུ་ཤེས་ནས་སྤངས་པས་བཏང་སྙོམས་ལ་གནས་པའི་ཏིང་ངེ་འཛིན་གསལ་ཞིང་དག་ལ་གཡོ་བ་མེད་པ་ནི་བསམ་གཏན་བཞི་པའི་ཏིང་ངེ་འཛིན་


TNT21_Page_1042
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ནོ། །བསམ་གཏན་བཞི་ཁ་ཡང་རགས་པའི་སེམས་རྒྱུད་ལ་གསལ་སྣང་རྩེ་གཅིག་པར་འདྲ་བ་ལས་ཁྱད་པར་ནི། དེ་ལ་སེམས་རབ་ཏུ་དབེན་པ་ལས་སྐྱེས་པའི་དགའ་བདེ་ཞེས་པ། འདོད་པའི་ཉོན་མོངས་པ་དང༌། སྡུག་བསྔལ་གྱིས་སེམས་དཀྲུགས་པས་རྣམ་པར་གཡེངས་ཏེ་སུན་ཞིང་མི་འགོལ་བ་ལས། བསམ་གཏན་དང་པོའི་ཏིང་ངེ་འཛིན་ཐོབ་པས་སུན་པ་རྣམས་སངས་ཏེ་དབེན་པ་ཐོབ་པའི་དགའ་བདེ་ལྷག་པར་སྐྱེས་པ་ཡིན། ནང་རབ་ཏུ་དང་བའི་དགའ་བདེ་ནི་བསམ་གཏན་གཉིས་པར་སེམས་རྩེ་གཅིག་པའི་ཏིང་ངེ་འཛིན་ལ་དམིགས་པའི་བདེ་བ་དང༌། དེ་ལ་སྲེད་པའི་དགའ་བ་ལ་གནས་པ་ཡིན། བསམ་གཏན་གསུམ་པ་ནི་དགའ་བ་སྤངས་པའི་བདེ་བ་ལ་གནས་པ་དང༌། བསམ་གཏན་བཞི་པར་སྡུག་བསྔལ་སྤངས་ཞེས་པ་ཚོར་བ་སྡུག་བསྔལ་མངོན་གྱུར་པ་བསམ་གཏན་དང་པོར་སྤངས་ཟིན་པས། འདིར་གསར་དུ་སྤོང་རྒྱུ་ཆེར་མེད་ཀྱང༌། བདེ་བ་སྤངས་པས་སྡུག་བསྔལ་དང༌། མཚུངས་པར་ལྡན་པ་ཡིན་སྙམ་པའི་དོག་པ་སྤངས་པའི་ཕྱིར་སྡུག་བསྔལ་དང་བདེ་བ་གཉིས་ཀ་སྤངས་པའི་བཏང་སྙོམས་དང་མཚུངས་ལྡན་གྱི་ཏིང་ངེ་འཛིན་ཡིན་པར་སྟོན་པའོ། །འབྲས་བུ་སྐྱེ་བའི་བསམ་གཏན་ཐོབ་ཚུལ་ནི། བསམ་གཏན་དང་པོའི་ཏིང་ངེ་འཛིན་ཐོབ་པ་བསམ་གཏན་དང་པོའི་གནས་གསུམ་གང་རུང་དུ་སྐྱེ་བ་ལས། གཙོ་བོ་ཚངས་ཆེན་དང༌། བསམ་


TNT21_Page_1043
[མ་དཔེ་གཟིགས་ན་འདིར་གནོན།]

གཏན་གཉིས་པའི་ཏིང་ངེ་འཛིན་ཐོབ་པ། བསམ་གཏན་གཉིས་པའི་གནས་གསུམ་གང་རུང་དུ་སྐྱེ་བ་ལས། གཙོ་བོ་འོད་གསལ་དང༌། བསམ་གཏན་གསུམ་པའི་ཏིང་ངེ་འཛིན་ཐོབ་པ་བསམ་གཏན་གསུམ་པའི་གནས་གསུམ་གང་རུང་དུ་སྐྱེ་བ་ལས། གཙོ་བོ་དགེ་རྒྱས་དང༌། བསམ་གཏན་བཞི་པའི་ཏིང་ངེ་འཛིན་ཐོབ་པ། བསམ་གཏན་བཞི་བའི་གནས་གསུམ་གང་རུང་དུ་སྐྱེ་བ་ལས། གཙོ་བོར་འབྲས་བུ་ཆེ་བ་སྟེ། དེ་དག་སོ་སོའི་ལྷ་རྣམས་དང་ཚེ་གནས་ལུས་ལོངས་སྤྱོད་རྣམས་བསྐལ་བ་མཉམ་པ་ཐོབ་པར་འགྱུར་རོ། །བསམ་གཏན་དང་པོའི་གནས་གསུམ་ཐོབ་པར་བྱེད་པའི་ཏིང་ངེ་འཛིན་ལ་ངོ་བོ་ལ་བཟང་ངན་མེད་ཀྱང༌། གོམ་ཤུགས་ཆེ་ཆུང་དང་སྦྱིན་པ་ལ་སོགས་དགེ་བ་གཞན་གྱི་རྒྱབ་རྟེན་སྟོབས་ཆཻ་ཆུང་གི་ཆེ་རིམ་ནས་གོང་མར་སྐྱེ་བར་འགྱུར་ཞིང༌། བསམ་གཏན་གཉིས་པའི་གནས་གསུམ་ལ་སོགས་པ་གཞན་རྣམས་ལ་ཡང་དེས་རིགས་འགྲེའོ། །དོན་ཚན་གསུམ་པ་དགེ་བ་སྟོབས་ཆེན་བསྒྲུབ་དགོས་པར་གདམས་པ་ནི། རྟག་དང་མངོན་པར་ཞེན་དང་གཉེན་པོ་མེད། །ཡོན་ཏན་གཙོ་ལྡན་གཞི་ལས་འབྱུང་བའི་ལས། །དགེ་དང་མི་དགེ་རྣམ་ལྔ་ཆེན་པོ་སྟེ། །དེ་ལས་དགེ་བ་སྤྱཽད་ལ་བརྩོན་པར་བགྱི། །རྟག་པར་ཡང་ཡང་དུ་བྱས་པ་ནི། དགེ་མི་དགེ་གང་ཡིན་ཡང་སྟོབས་དང་ལྡན་པར་འགྱུར་བ་དང༌། མངོན་པར་ཞེན་པ་སྟེ་བསམ་


TNT21_Page_1044
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཀུན་སློང་ཤུགས་དྲག་པོ་དང་ལྡན་པས་བྱས་པ་སྟེ་ཞེ་སྡང་ཆེན་པོས་སྲོག་གཅོད་པ་དང༌། དད་པ་ཆེན་པོས་སྦྱིན་པ་བཏང་བ་ལ་སོགས་པ་དགེ་སྡིག་སྟོབས་ཆེན་པོར་འགྱུར་བ་དང༌། གཉེན་པོ་མེད་པ་ནི། དགེ་སྡིག་གང་ཡང་འཇོམས་པར་བྱེད་པའི་གཉེན་པོ་མེད་ན་སྟོབས་དང་ལྡན་པར་འགྱུར་ཏེ། མི་དགེ་བའི་དངོས་གཉེན་ནི་སྡིག་པ་བཤགས་པར་བྱེད་པ་དང༌། སྡིག་པ་གང་ལ་དམིགས་ནས་སྦྱོང་བར་བྱེད་པའི་དགེ་བ་སྒྲུབ་པ་དང༌། ལམ་སྒོམ་པའི་ཆོས་རྣམས་ནི་མི་དགེ་བ་འཇོམས་པར་བྱེད་པའི་དངོས་གཉེན་དང༌། དངོས་གཉེན་མིན་པའི་དགེ་བ་གཞན་གྱིས་ཀྱང་མི་དགེ་བ་འཇོམས་པར་བྱེད་པ་ཡོད་ཅིང༌། མི་དགེ་བ་ནི་གཉེན་པོར་འགྱུར་བ་མ་ཡིན་ཡང༌། དགེ་བ་འཇོམས་པ་ཙམ་ལ་གཉེན་པོའི་མིང་གིས་བཏགས་པ་སྟེ། ཡུལ་གང་ལ་དགེ་བའི་ལས་སྔོན་དུ་བསགས་པ་ཕྱིས་འགྱོད་ནས་དེ་དག་ལས་ལོག་པ་ཡུལ་དེ་ཉིད་ལ་མ་གུས་ཤིང་སྨོད་པས་མི་དགེ་བ་རྩོམ་པར་བྱེད་ན། སྔ་མའི་དགེ་བདེ་འཇོམས་པར་འགྱུར་བ་ཡིན་ཞིང༌། དེ་བཞིན་མིན་པའི་སྡིག་པའི་ལས་ཀྱིས་དགེ་བ་འཇོམས་ནུས་པ་ནི་མ་ཡིན་ནོ། །ཡོན་ཏན་དང་ལྡན་པ་ནི་འཕགས་པའམ་སོ་སོ་སྐྱེ་བོ་ཡིན་ཡང་ཚུལ་ཁྲིམས་དང་ལྡན་པ། མང་དུ་ཐོས་པ་ཡང་དག་པའི་ཏིང་ངེ་འཛིན་དང་ལྡན་པ་རྣམས་དང༌། ཕན་ཐོགས་ཀྱི་ཞིང་དང་སྡུག་བསྔལ་གྱི་ཞིང་ཡང་ཤུགས་ལ་བསྟན་པ་ཡིན་ཏེ། ཡུལ་ཕུན་


TNT21_Page_1045
[མ་དཔེ་གཟིགས་ན་འདིར་གནོན།]

སུམ་ཚོགས་པ་ལ་དགེ་སྡིག་གི་ལས་གང་བསགས་ཀྱང་སྟོབས་དང་ལྡན་པར་འགྱུར། གཙོ་བོར་ལྡན་ཞེས་པ་ཁ་ཅིག་གིས་བརྩེ་ལྡན་དུ་བསྒྱུར་ནས་འཆད་པ་ནི་མི་འཐད་ལ། གཙོ་བོའི་དོན་ཕྱག་འཚལ་བ་དང༌། གུས་པར་བྱ་བའི་ཡུལ་སློབ་དཔོན་དང་ཕ་མ་ལ་སོགས་པ་ཡིན་པར་བཤད་པ་ཡོད་མོད། རང་ལུགས་རྒྱ་དཔེར་ཨུ་པ་ཀ་ར་ཞེས་པ། ཤིན་ཏུ་བྱེད་པའམ། ལྷག་པར་བྱེད་པ་ལ་འགྱུར་བ་ཡང་ཡང་དུ་བྱེད་པ་ལ་ཡང་བཤད་རུང་ཡིན་ཡང༌། རྟག་དང་ཞེས་པའི་སྐབས་གོང་དུ་བཤད་ཟིན་པས་འདིར་ཆེན་པོར་སྤྱོད་པ་སྟེ། བསམ་སྦྱོར་གཅིག་གིས་མང་པོའི་སྲོག་གཅོད་པ་དང༌། བསམ་སྦྱོར་གཅིག་གིས་སྦྱིན་པའི་ཡོ་བྱད་མང་པོ་གཏོང་བ་ལ་སོགས་པ་དགེ་སྡིག་གང་ཡིན་ཡང་ངོ་བོ་ཆེན་པོར་སྤྱཽད་པ་ནི། གཙོ་བོར་སྤྱཽད་པ་ཡིན་ཏེ། ཆེན་པོ་ལ་གཙོ་བོའི་སྒྲ་ནི་ཀུན་ལ་གྲགས་པ་ཡིན་ལ། རིའི་རྒྱལ་པོ་ཞེས་པ་བཞིན་ནོ། །དགེ་སྡིག་སྟོབས་དང་ལྡན་པ་འབྱུང་བའི་གཞིའམ། བསྐྱེད་པའི་རྒྱུ་ལ་ནི་གཞི་ཟེར་ཏེ། རྟག་པའི་གཞི་ནས་གཙོ་བོ་དང་ལྡན་པའི་གཞིའི་བར་གྱི་དགེ་བ་དང་མི་དགེ་བ་རྣམ་པ་ལྔ་ནི། སྟོབས་ཆེན་པོ་དང་ལྡན་པ་ལས་མི་དགེ་བ་རྣམས་འབད་པས་སྤངས་ཤིང༌། དགེ་བ་སྤྱོད་པ་ལ་བརྩོན་འགྲུས་ཀྱི་མཐུ་དང་ལྡན་པར་གྱིས་ཤིག །འཕྲོས་དོན་དགེ་བའི་ལས་སྟོབས་


TNT21_Page_1046
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་དུ་བསྒྲུབས་ཀྱང༌། མི་དགེ་བ་དང་སྲ་བསྲེས་སུ་གྱུར་པས་རྣམ་པར་དག་པར་མི་འགྱུར་སྙམ་ན། ལན་ཚ་སྲང་འགས་ཆུ་ནི་ཉུང་དུ་ཞིག། རོ་བསྒྱུར་བགྱིད་ཀྱི་གང་གཱའི་ཀླུང་མིན་ལྟར༌། །དེ་བཞིན་སྡིག་པའི་ལས་ནི་ཆུང་ངུ་ཡང༌། །དགེ་བའི་རྩ་བ་ཡངས་པས་མཁྱེན་པར་བགྱི། །ལན་ཚ་སྲང་གཉིས་དང་གསུམ་ལ་སོགས་པ་འགས་ཆུ་ཉུང་དུ་རོ་བསྒྱུར་བར་ནུས་ཀྱང༌། གང་གཱའི་ཀླུང་རོ་བསྒྱུར་མི་ནུས་པར་མ་ཟད། ལན་ཚ་རང་ཡང་གར་སོང་མེད་པར་ཡལ་བར་འགྱུར་བ་བཞིན་དུ་སྡིག་པའི་ལས་ཆུང་ངུ་རྣམས་ཀྱི་དགེ་བའི་རྩ་བ་ཡངས་པ་རྒྱ་ཆེན་པོ་སྟོབས་དང་ལྡན་པར་བསྒྲུབས་པ་གནོད་པར་མི་འགྱུར་ཞིང༌། དགེ་བའི་ལས་སྟོབས་དང་ལྡན་པ་དེས་ནི་སྡིག་པའི་ལས་ཆུང་ངུ་རྣམས་འབྲས་བུ་མེད་པར་འཇོམས་པར་བྱེད་པ་ཡིན་པ་དེ་ལྟར་དུ་མཁྱེན་པར་མཛོད་ཅིག །དོན་ཚན་བཞི་པ་སྒྲིབ་པ་ལྔ་སྤང་བ་ལ་གདམས་པ་ནི། རྒོད་དང་འགྱོད་དང་གནོད་སེམས་རྨུགས་པ་དང༌། །གཉིད་དང་འདོད་ལ་འདུན་དང་ཐེ་ཚོམ་སྟེ། །སྒྲིབ་པ་ལྔ་པོ་འདི་དག་དགེ་བའི་ནོར། །འཕྲོག་པའི་ཆོམ་རྐུན་ལགས་པར་རིག་པར་མཛོད། །རྒོད་པ་ནི། ཆོས་མངོན་པ་ལས། ཉེ་ཉོན་ཉི་ཤུའི་སྐབས་སུ་འདོད་ཡོན་ལ་ཆགས་པའི་རྣམ་པར་རྟོག་པའི་ཁྱད་པར་ལ་བཤད་པ་ཡིན་ཀྱང༌། འདིར་ནི་དུས་གསུམ་གྱི་ཡུལ་ལ་རྣམ་པར་རྟོག་པ་འཕྲོ་བའི་རྣམ་


TNT21_Page_1047
[མ་དཔེ་གཟིགས་ན་འདིར་གནོན།]

གཡེངས་མི་འགོག་ཅིང་དང་དུ་ལེན་པ་ལ་འཇོག་པ་ཡིན། འགྱོད་པ་ནི། དགེ་བ་དང་ལུང་མ་བསྟན་ལ་འགྱོད་པ་ངེས་པར་སྒྲིབ་པ་ཡིན་ཅིང༌། སྡིག་པ་ལ་འགྱོད་པ་ནི་རྣམ་པ་ཐམས་ཅད་དུ་སྒྲིབ་པ་མ་ཡིན་པས་སྡིག་པ་བཤགས་པ་ལ་དགོས་པ་སོགས་དགེ་བའི་ཆོས་སུ་འགྱུར་བའི་སྐབས་ཡོད་ཀྱང༌། མཉམ་བཞག་ཏིང་ངེ་འཛིན་གྱི་གནས་སྐབས་སུ་སྡིག་པ་ལ་འགྱོད་པ་སྐྱེས་ཀྱང་སེམས་འཕྲོ་བས་བསམ་གཏན་གྱི་གེགས་སུ་འགྱུར་བས་སྒྲིབ་པ་ཡིན་ནོ། །གནོད་སེམས་ནི་སེམས་ཅན་ལ་ཀུན་ནས་མནར་སེམས་པ་དང༌། རྨུགས་པ་ནི་དམིགས་པ་སེམས་མི་གསལ་བས་བྱིང་བ་འཐུག་པོར་གྱུར་པ་ཡིན༌། གཉིད་གོ་སླ་བར་ཟད། འདོད་པ་ལ་འདུན་པ་ནི། འདོད་པ་ལ་ཆགས་ཤིང་དེ་ཐོབ་པར་འདོད་པ་དང༌། ཐེ་ཚོམ་ནི། སྤྱིར་ཐེ་ཚོམ་ཐམས་ཅད་བསམ་གཏན་གྱི་གེགས་ཡིན་ཞིང༌། ཁྱད་པར་དུ་དམིགས་པའི་ཡུལ་ལ་ཐེ་ཚོམ་ཟ་བ་སྟེ་དེ་ལྟར་ན་རྣམ་གྲངས་བདུན་ཡོད་ཀྱང༌། རྒོད་འགྱོད་གཉིས་ཕྱོགས་མཐུན་པས་གཅིག་ཏུ་བྱས་པ་དང༌། གཉིད་རྨུག་གཉིས་གཅིག་ཏུ་བྱས་པས་སྒྲིབ་པ་ལྔ་སྟེ། དེ་རྣམས་ཀྱིས་བསླབ་པ་གསུམ་ལ་བར་དུ་གཅོད་པར་བྱེད་པ་ཡིན་ཏེ། གནོད་སེམས་དང་འདོད་པ་ལ་འདུན་པས་ཚུལ་ཁྲིམས་ཀྱི་བསླབ་པ་ལ་བར་དུ་གཅོད་པར་བྱེད། རྒོད་འགྱོད་


TNT21_Page_1048
[མ་དཔེ་གཟིགས་ན་འདིར་གནོན།]

གཉིད་རྨུགས་རྣམས་ཀྱིས་ནི་ཏིང་ངེ་འཛིན་གྱིས་བསླབ་པ་ལ་བར་དུ་གཅོད་པར་བྱེད། ཐེ་ཚོམ་གྱིས་ནི་ཤེས་རབ་ཀྱི་བསླབ་པ་ལ་བར་དུ་གཅོད་པར་བྱེད་པ་ཡིན་ནོ། །དེ་ལྟ་བུའི་སྒྲིབ་པ་ལྔ་པོ་འདི་དག་ནི། དགེ་བ་འབྱོར་པ་ཕུན་སུམ་ཚོགས་པའི་ནོར་དང་མཚུངས་པ། འཕྲོག་པའི་ཆོམ་རྐུན་དང་འདྲ་བ་ལགས་པར་ཤེས་པར་བྱས་ཏེ་འབད་པས་སྤང་བར་བྱའོ། །སྒྲིབ་པའི་རིགས་མཐའ་ཡས་པར་ཡོད་པ་ལས། སྒྲིབ་པ་ལྔ་པོ་འདི་རྣམས་ལྷག་པར་དུ་སྨོས་པ་ནི། ལས་དང་པོ་པས་ཐོག་མ་ཉིད་དུ་སྤོང་བ་གལ་ཆེ་བས་ཆེད་དུ་སྨོས་པ་དང༌། འདི་རྣམས་ཀྱིས་དགེ་བ་ལ་ཇི་ལྟར་དུ་གེགས་བྱེད་ན། འདོད་པ་ལ་འདུན་པ་དང་གནོད་སེམས་གཉིས་ཀྱིས་ནི་ལུས་ངག་ཡིད་གསུམ་གྱི་དགེ་བ་མཐའ་དག་ལ་གེགས་བྱེད། གཞན་རྣམས་ཀྱིས་ནི་གཙོ་བོར་བསམ་གཏན་ལ་གེགས་བྱེད་པ་ཡིན་ནོ། །སྦྱོར་ལམ་དངོས་འཕྲོས་དོན་དང་བཅས་པ་བཤད་པ་ལས། སྦྱོར་ལམ་དངོས་ནི། དད་དང་བརྩོན་འགྲུས་དག་དང་དྲན་པ་དང༌། །ཏིང་ངེ་འཛིན་ཤེས་རབ་ཆོས་མཆོག་ལྔ་ཉིད་དེ། །འདི་ལ་མངོན་བརྩོན་མཛོད་ཅིག་འདི་དག་ནི། །སྟོབས་དབང་ཞེས་བགྱི་རྩེ་མོར་གྱུར་པའང་ལགས། །འདིར་སྤྱི་དོན་ཅུང་ཟད་བརྗོད་ན། སྦྱོར་ལམ་གྱི་དབྱེ་བ་ཕྱེ་བའི་ངོ་བོ་དང༌། དད་སོགས་ཆོས་ལྔའི་


TNT21_Page_1049
[མ་དཔེ་གཟིགས་ན་འདིར་གནོན།]

རང་བཞིན། དབང་སྟོབས་ཀྱིས་ཁྱད་པར། དེ་དང་སྦྱོར་ལམ་བཞི་སྦྱོར་ཚུལ་རྣམས་ལས། དང་པོ་ནི། སྦྱོར་ལམ་ལ་དབྱེ་ན། དྲོད་རྩེ་མོ་བཟོད་པ་ཆོས་མཆོག་རྣམས་སོ། །གཉིས་པ་སྦྱོར་ལམ་ཀྱི་ཡེ་ཤེས་ཀྱི་ངོ་བོ་ནི། བདག་མེད་ལ་དམིགས་པའི་ཤེས་རབ་ཡིན་ལ། དད་སོགས་ཆོས་གཞན་རྣམས་དེའི་འཁོར་ཡིན་ནོ། །དེ་ཡང་ཐེག་པ་ཐུན་མོང་དུ་གང་ཟག་གི་བདག་མེད་ལ་གསལ་སྣང་ཆུང་འབྲིང་དང་ཆེན་པོ་དང་རབ་ཀྱི་མཐར་ཕྱིན་པ་རྣམས་གོ་རིམ་ལྟར་སྦྱོར་ལམ་བཞིའི་ངོ་བོ་དང༌། ཐེག་ཆེན་ཐུན་མོང་མ་ཡིན་པ་ལ་གཟུང་བ་བདག་མེད་ལ་གསལ་སྣང་ཆེ་འབྲིང་ཆུང་གསུམ་དང༌། འཛིན་པ་བདེན་མེད་ལ་གསལ་སྣང་ཐོབ་པ་རྣམས་གོ་རིམ་བཞིན་སྦྱོར་ལམ་བཞིའི་ངོ་བོ་འཇོག་གོ །གསུམ་པ་ནི། མཉམ་བཞག་གི་ཡེ་ཤེས་ལ་ཕན་ཡོན་ཡོད་པ་ཤེས་ནས། དེ་ལ་དགའ་བས་དད་པ་དང༌། མཉམ་བཞག་ལ་འདུན་པའི་སེམས་དྲུག་པོས་བརྩོན་པར་བསྒྲུབས་པ་དང༌། དྲན་པས་བཅུར་ནས་དམིགས་ལ་སེམས་སྒྲིམ་པ་དང༌། ཏིང་ངེ་འཛིན་གྱི་སེམས་དམིགས་པ་ལ་གནས་པ་དང༌། ཤེས་རབ་ཀྱིས་དམིགས་པའི་ཡུལ་གསལ་བར་རབ་ཏུ་འབྱེད་ཅིང་རྟོགས་པ་རྣམས་ནི་དད་སོགས་ཆོས་ལྔའི་རང་བཞིན་ཡིན་ནོ། །བཞི་པ་དབང་པོ་དད་སྟོབས་ཀྱི་ཁྱད་པར་ནི། དབང་པོའི་སྒྲ་དོན་རང་གི་དམིགས་པའི་ཡུལ་ལ་དབང་བསྒྱུར་བའམ་


TNT21_Page_1050
[མ་དཔེ་གཟིགས་ན་འདིར་གནོན།]

དབང་འབྱོར་པ་ཡིན་ལ། དེ་ཡང་དད་སོགས་ཆོས་ལྔའི་དམིགས་པའི་ཡུལ་ལ་གསལ་སྣང་ཐོབ་ཅིང་གསལ་སྣང་ཐོབ་པ་དེ་ལ་བློས་རང་དབང་དུ་སྤྱཽད་པར་ནུས་པ་ནི། དད་སོགས་ཀྱི་དབང་པོ་ཡིན། གསལ་སྣང་ཐོབ་ནས་རང་དབང་དུ་སྤྱཽད་པའི་དོན་ནི། དད་པ་བསྒོམས་པ་ནས་སེམས་ཐམས་ཅད་ངོ་བོར་སོང་བ་ལྟ་བུ་ནས། ཤེས་རབ་བདག་མེད་པའི་དོན་བསྒོམས་པ་ན་སེམས་ཐམས་ཅད་བདག་མེད་རྟོགས་པའི་ཤེས་རབ་ཁོ་ནའི་ངོ་བོར་སོང་བ་འདྲ་བའི་བར་རྣམས་ཡིན་ནོ། །སྟོབས་ཞེས་བྱ་བ་ནི་སྟོབས་དང་ལྡན་པ་སྟེ་རང་གི་དམིགས་པའི་ཡུལ་ལ་དབང་འབྱོར་པ་མ་ཟད། མི་མཐུན་ཕྱོགས་ཟིལ་གྱིས་གནོན་ཅིང་འཇོམས་པར་ནུས་པ་ཡིན་ནོ། །མི་མཐུན་ཕྱོགས་ནི། དད་པའི་མི་མཐུན་ཕྱོགས་མ་དད་པ། བརྩོན་འགྲུས་ཀྱི་མི་མཐུན་ཕྱོགས་ལེ་ལོ། དྲན་པའི་མི་མཐུན་ཕྱོགས་རྗེས་ངས། ཏིང་ངེ་འཛིན་གྱི་མི་མཐུན་ཕྱོགས་རྣམ་གཡེངས། ཤེས་རབ་ཀྱི་མི་མཐུན་ཕྱོགས་ཤེས་རབ་འཆལ་བ་དང༌། ལོག་པར་ལྟ་བ་ཡང་ཡིན་ཡང༌། གཙོ་བོར་རྨོངས་པའི་རང་བཞིན་ཅན་གྱི་གཏི་མུག་ཡིན་ལ། དེ་ཡང་དམིགས་པའི་ཡུལ་མི་ཤེས་པའི་གཏི་མུག་ཡིན་ནོ། །དེ་ལྟ་བུའི་མི་མཐུན་ཕྱོགས་ཀྱི་རྣམ་པར་རྟོག་པ་རྣམས་རྩོལ་བས་བཀག་ནས་འགོག་པ་དང༌། འབད་རྩོལ་མེད་པར་འགགས་པས་འཇོམས་པའི་སྟོབས་ཞེས་བྱའོ། །ལྔ་པ་སྦྱོར་


TNT21_Page_1051
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་བཞི་དང་སྦྱོར་ཚུལ་ནི། བྱང་ཆུབ་སེམས་དཔའ་ཚོགས་ལམ་པས་མཉམ་བཞག་རྩེ་གཅིག་པས་དད་སོགས་ཆོས་ལྔ་བསྒོམས་པས་གསལ་སྣང་སྐྱེས་པ་ན། གསལ་སྣང་ནི་ཐོབ། རྐྱེན་དང་དུས་ལ་དབང་མ་འབྱོར་པ་དེའི་ཚེ་སྦྱོར་ལམ་གྱི་ནང་ནས་དྲོད་ཐོབ་པ་དང༌། དབང་པོ་ལྔ་ཆུང་ངུའམ་ཕལ་པ་དང་ཐ་མལ་པ་ཐོབ་པ་ཡིན་ནོ། །སླར་ཡང་རྒྱུན་རིང་དུ་བསྒོམས་པས་དད་སོགས་ཆོས་ལྔའི་དམིགས་ཡུལ་ལ་གསལ་སྣང་གོང་འཕེལ་དུ་གྱུར་ནས་བདེ་སྡུག་དང་འབྱོར་མ་འབྱོར་ལ་སོགས་པའི་རྐྱེན་ལ་རག་མ་ལུས་ཤིང༌། རང་གི་བློའི་འཕེན་པ་ཇི་ཙམ་དུ་བཏང་བའི་ཡུན་དེ་ཙམ་དུ་དམིགས་པའི་ཡུལ་ལ་ཐུན་གཅིག་ཏུ་མཉམ་པར་འཇོག་ནུས་པ་ན། སྦྱོར་ལམ་རྩེ་མོ་ཡིན་ཅིང༌། དབང་པོ་ལྔ་མཆོག་དང་ཁྱད་པར་ཅན་ཕུལ་དུ་བྱུང་བ་ཞེས་བྱ། སྦྱོར་ལམ་དེ་གཉིས་སུ་མཉམ་བཞག་གི་གནས་སྐབས་སུ་དེ་ལྟར་འབྱུང་ཡང༌། རྗེ་ཐོབ་ཐུན་མཚམས་སུ་མི་འདོད་བཞིན་དུ་མི་མཐུན་ཕྱོགས་ཀྱི་རྣམ་པར་རྟོག་པ་རྣམས་དང༌། སེམས་འདྲེ་བར་འགྱུར་བའི་སྟོབས་སུ་འཇོག་པ་ནི་མ་ཡིན། སླར་ཡང་དམིགས་པ་རྒྱུན་བསྲིངས་ཏེ་བསྒོམས་པ་ལས། གསལ་སྣང་ཆེས་གོང་དུ་འཕེལ་བའི་ནུས་པས། རྗེས་ཐོབ་ཏུ་མི་མཐུན་ཕྱོགས་ཀྱི་རྣམ་པར་རྟོག་པ་ཆེད་བསྟད་སྐབས་ཕྱེ་ན་མ་གཏོགས་མི་འབྱུང་བ་ནི་སྦྱོར་ལམ་བཟོད་པ་ཞེས་བྱ་ཞིང༌། སྟོབས་ལྔ་ཆུང་ངུའམ་ཕལ་པ་ཐ་མལ་པ་ཐོབ་པ་ཡིན།


TNT21_Page_1052
[མ་དཔེ་གཟིགས་ན་འདིར་གནོན།]

དེ་དག་ཀྱང་ཡུན་བསྲིངས་ཏེ་བསྒོམས་པས་གསལ་སྣང་མཐར་ཕྱིན་ཅིང༌། རྗེས་ཐོབ་ཏུ་མི་མཐུན་ཕྱོགས་ཀྱི་རྣམ་པར་རྟོག་པ་ཆེད་བསྟད་སྐབས་དབྱེ་ཡང་མི་སྐྱེ་བ་དེ་ནི་སྦྱོར་ལམ་ཆོས་མཆོག་ཡིན་ཅིང༌། སྟོབས་ལྔ་ཆེན་པོ་དང་ཁྱད་པར་ཅན་དུ་ཕུལ་དུ་བྱུང་བ་ཐོབ་པ་ཡིན་ནོ། །གཞུང་དོན་དངོས་ནི། དད་པ་དང༌། བརྩོན་འགྲུས་དག་དང༌། དྲན་པ་དང༌། ཏིང་ངེ་འཛིན་དང༌། ཤེས་རབ་སྟེ་ཆོས་ཀྱི་མཆོག་ལྔ་པོ་འདི་ལ་མངོན་པར་བརྩོན་པ་སྟེ། བརྩོན་འགྲུས་ཆེན་པོས་ནན་ཏན་དུ་བསྒོམ་པར་མཛོད་ཅིག །དེ་ལྟར་སྒོམ་པ་ན་མི་མཐུན་ཕྱོགས་འཇོམས་པའི་ནུས་པ་ཐོབ་པ་དེའི་ཚེ་སྟོབས་ཞེས་བྱ་ཞིང༌། དེ་ཡང་སྦྱོར་ལམ་མཆོག་ཐོབ་པ་ན་མཐར་ཕྱིན་པ་འགྱུར་ལ། མི་མཐུན་ཕྱོགས་འཇོམས་པའི་ནུས་པ་མེད་ཀྱང༌། དམིགས་པའི་ཡུལ་ལ་གསལ་སྣང་ཐོབ་ན་དབང་པོ་ཞེས་བྱ་ཞིང། དེ་ཡང་སྦྱོར་ལམ་རྩེ་མོ་ཐོབ་ན་མཐར་ཕྱིན་པར་འགྱུར་རོ། །སྦྱོར་ལམ་འདི་རྣམས་ལ་མིང་གཞན་ཡང༌། སྣང་བ་ཐོབ་པ་དང༌། མཆེད་པ་དང་དེ་ཁོ་ན་ཉིད་ཀྱི་དོན་ལ་ཕྱོགས་གཅིག་པ་བར་ཆད་མེད་པའི་ཏིང་ངེ་འཛིན་ཞེས་ཀྱང་བྱའོ། །འཕྲོས་དོན་ལ་དོན་ཚན་གཉིས་ལས། དང་པོ་འཁོར་བ་ལ་ཡིད་ངེས་པར་འབྱུང་བའི་ཐབས་བསྒྲུབ་པ་ལ་གདམས་པ་ནི། ན་རྒ་འཆི་སྡུག་བྲལ་དང་དེ་བཞིན་དུ། །ལས་འདི་བདག་གིར་བྱས་ལས་མ་འདས་ཞེས། །དེ་ལྟར་ཡང་དང་ཡང་དུ་སེམས་པ་ནི། །དེ་ཡི་གཉེན་པོའི་སྒོ་ནས་རྒྱགས་མི་འགྱུར། །ན་བ་རྒས་པ་


TNT21_Page_1053
[མ་དཔེ་གཟིགས་ན་འདིར་གནོན།]

འཆི་བ་གསུམ་དང༌། སྡུག་པ་སྟེ་ཡིད་དུ་འོང་བ་དང་བྲལ་བ་ལ་སོགས་པ་དེ་བཞིན་དུ་རིགས་དྲུག་གི་གནས་ན་སྡུག་བསྔལ་སྣ་ཚོགས་པ་འབྱུང་བ་རྣམས་རང་གི་སྔོན་གྱི་ལས་ཀྱི་འབྲས་བུ་བདག་གིར་བྱས་ཏེ་ཉམས་སུ་མྱོང་དགོས་པ་ལས་མ་འདས་པ་སྟེ། དེ་ལས་ཐབས་གཞན་མེད་པ་ཡིན་ལ། དེའི་ཕྱིར་ཁམས་གསུམ་འཁོར་བ་པ་འདི་རྣམས་མི་འདོད་བཞིན་དུ་སྡུག་བསྔལ་སྣ་ཚོགས་པ་ལ་སྤྱཽད་པར་བྱེད་དོ་ཞེས་དེ་ལྟར་ཡང་ནས་ཡང་དུ་སེམས་པ་དེ་ནི་ཚུལ་དེ་བསམ་པ་ན་འཁོར་བར་འཁྱམས་པའི་རྒྱུ་འཁོར་བ་ལ་ཆགས་ཤིང་སྲེད་པ་དང༌། འཁོར་བའི་བདེ་བ་ལ་ང་རྒྱལ་བས་རྒྱགས་པ་རྣམས་ཡིན་པ་ལས། འཁོར་བ་ལ་ཡིད་ངེས་པར་འབྱུང་བ་ནི་དེའི་གཉེན་པོ་ཡིན་པས་སྒོམས། རྒྱགས་པ་དང་ཆགས་པ་ལ་སོགས་པར་མི་འགྱུར་ཞིང་སེལ་བར་བྱེད་དོ། །གཉིས་པ་ལས་འབྲས་ལ་ཡིད་ཆེས་སྐྱེ་བའི་ཐབས་སྒྲུབ་པ་ལ་གདམས་པ་ནི། གལ་ཏེ་མཐོ་རིས་ཐར་པ་མངོན་བཞེད་ན། །ཡང་དག་ལྟ་བ་གོམས་པ་དག་ཏུ་མཛོད། །གང་ཟག་ལོག་པར་ལྟ་བས་ལེགས་སྤྱད་ཀྱང༌། །ཐམས་ཅད་རྣམ་པར་སྨིན་པ་མི་བཟད་ལྡན། སྐྱེས་བུ་མཆོག་ཐར་བའི་བདེ་བ་དོན་དུ་གཉེར་བ་ལ་ལྟ་སྨོས་ཀྱང་ཅི་དགོས། དབང་པོ་དམན་པ་ཞིག་གལ་ཏེ་མཐོ་རིས་ཀྱི་བདེ་བ་མངོན་པར་འདོད་ན་ཡང་འཇིག་རྟེན་པའི་ཡང་དག་པའི་ལྟ་བ་ལ་ནན་ཏན་གོ་བར་བྱའོ། །འདིར་མཐའ་གཅོད་ཅུང་ཟད་བརྗོད་ན། མཐོ་རིས་ཀྱི་བདེ་བ་ཙམ་དོན་དུ་


TNT21_Page_1054
[མ་དཔེ་གཟིགས་ན་འདིར་གནོན།]

གཉེར་ཞིང༌། དེ་ལས་ལྷག་པ་ཐར་པ་ལ་གུས་པར་མི་བྱེད་པ་ནི་དབང་པོ་དམན་པ་ཡིན་མོད། ངན་སོང་གི་རྟེན་ལ་ཐར་པ་དང་ཐམས་ཅད་མཁྱེན་པ་བསྒྲུབ་ཏུ་མེད་པས། ཐར་པ་དང་ཐམས་ཅད་མཁྱེན་པ་བསྒྲུབ་པའི་ཕྱིར་དུ་མཐོ་རིས་དོན་དུ་གཉེར་བ་ནི་དབང་པོ་དམན་པར་མི་འགྱུར་རོ། །ཡང་དག་པའི་ལྟ་བ་ལ་འཇིག་རྟེན་པའི་ཡང་དག་པའི་ལྟ་བ་དང༌། འཇིག་རྟེན་ལས་འདས་པའི་ཡང་དག་པའི་ལྟ་བ་གཉིས་ལས། དང་པོ་ནི། ལས་འབྲས་ཀྱི་དོན་ཕྱིན་ཅི་མ་ལོག་པར་ཤེས་པའི་ཤེས་རབ་སྟེ། དེ་ལ་བརྟེན་ནས་ལས་འབྲས་ལ་ཡིད་ཆེས་པའི་དད་པ་སྐྱེ་བས། ཤེས་རབ་ལ་དད་པ་སྐྱེའོ་ཞེས་གྲགས་སོ། །ལས་འབྲས་ལ་ཡིད་ཆེས་ནས། དེ་ལ་བླང་དོར་ལག་ལེན་དུ་བྱས་པས་ངན་སོང་དུ་མི་འགྲོ་བར་འགྱུར་ཏེ། མདོ་ལས། འཇིག་རྟེན་པ་ཡི་ཡང་དག་ལྟ། །ཆེན་པོ་སུ་ལ་ཡོད་གྱུར་པ། །དེ་ནི་བསྐལ་བ་སྟོང་དག་ཏུ། །ངན་འགྲོར་འགྲོ་བར་མི་འགྱུར་རོ། །ཞེས་གསུངས་སོ། །འཇིག་རྟེན་པའི་ཡང་དག་པའི་ཡང་དག་པའི་ལྟ་བ་ཞེས་པའི་དོན་ནི་ལས་འབྲས་ལ་ཡིད་ཆེས་པའི་ལྟ་བ་འདི་ཡང་བདག་མེད་པའི་ལྟ་བ་དང་མ་འབྲེལ་ན། འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཐོབ་པར་མི་འགྱུར་བས་འཇིག་རྟེན་པ་ཞེས་བྱ་བ་ཡིན་ལ། ཀུན་རྫོབ་བདེན་པའི་དོན་ཕྱིན་ཅི་མ་ལོག་པའི་ཆོས་ཡིན་པས་ཡང་དག་པའང་ཡིན་ལ། འདི་ཁོ་ནས་ཐར་པ་མི་ཐོབ་ཀྱང་འདི་ཐར་པའི་ལམ་ཐམས་ཅད་ཀྱི་གཞིར་གྱུར་པ་ཡིན་ནོ། །མཐོ་རིས་ཀྱི་


TNT21_Page_1055
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་བ་བསྒྲུབ་པ་ལ་ལག་ལེན་དུ་ལུས་ངག་གི་ལས་འབྲས་ཀྱི་སྤང་བླང་བྱས་པས་འགྲུབ་ན། ལས་འབྲས་ལ་ཡིད་ཆེས་པའི་ལྟ་བ་མེད་ཀྱང་ཆོག་པ་ཡིན་སྙམ་ན། དེ་ལྟར་མ་ཡིན་ཏེ། ལས་འབྲས་ལ་ཡིད་ཆེས་དང་མི་ལྡན་ན་ལོག་པར་ལྟ་བ་དངོས་འདྲེས་སམ། ལོག་པར་ལྟ་བའི་བག་འདྲེས་པར་འགྱུར་བས། ལོག་པར་ལྟ་བས་ཀུན་ནས་བསླང་སྟེ། ལེགས་པར་སྦྱངས་པའི་དགེ་བ་བསྒྲུབས་ཀྱང༌། ལོག་ལྟས་ཀུན་ནས་བསླངས་པའི་ཕྱིར་དགེ་བ་བྱས་པ་ཐམས་ཅད་ཉམས་སྨད་པས་སྟོབས་དང་ལྡན་པར་མི་འགྱུར་ཞིང༌། ལོག་པར་ལྟ་བའི་རྣམ་པར་སྨིན་པ་རླབས་ཆེན་པོས་ཟིལ་གྱིས་མནན་པས། དགེ་བ་ཆུང་ངུ་དེའི་འབྲས་བུ་ཡང་མི་མངོན་པ་ཉིད་དུ་འགྱུར་བས། རྣམ་པར་སྨིན་པ་མི་བཟད་པ་སྟེ་མ་རུངས་པ་དང་ལྡན་པར་འགྱུར་རོ། །དེའི་མཐའ་ཅུང་ཟད་དཔྱད་ན། ལོག་པར་ལྟ་བས་ཀུན་ནས་བསླངས་ཀྱང་དགེ་བ་ཡིན་པས། རང་འབྲས་རྣམ་པར་སྨིན་པའི་འབྲས་བུ་མ་རུངས་བ་སྡུག་བསྔལ་བར་འགྱུར་བ་མ་ཡིན་ཏེ། རྒྱུ་དགེ་བ་ལས་འབྲས་བུ་བདེ་བ་ཁོ་ན་འབྱུང་བའི་ཕྱིར་རོ། །དེ་ལྟར་ན་ཡང་ལོག་པར་ལྟ་བའི་རྣམ་སྨིན་སྟོབས་དང་ལྡན་པས་དགེ་བ་ཆུང་ངུ་དེའི་འབྲས་བུ་རྔོ་མི་ཐོགས་པ་ཉིད་དུ་འགྱུར་བ་ལ་དགོངས་སོ། །ད་ནི་གཉིས་པ་འཕགས་ལམ་འབྲས་བུ་དང་བཅས་པ་བསྟན་པ་ལ། རྒྱས་པར་བཤད་པ་དང༌། དོན་བསྡུ་བ་གཉིས་ལས། དང་པོ་ལ།


TNT21_Page_1056
[མ་དཔེ་གཟིགས་ན་འདིར་གནོན།]

མཐོང་ལམ་འཕྲོས་དོན་དང་བཅས་པ་རྒྱས་པར་བཤད་པ་དང༌། འབྲས་བུ་མྱང་འདས་རྒྱུ་སྒོམ་ལམ་དང་བཅས་པ་བཤད་པའོ། །དང་པོ་ལ་མཐོང་ལམ་དངོས་བཤད་པ་དང༌། འཕྲོས་དོན་རྒྱས་པར་བཤད་པའོ། །དང་པོ་ལ། དོན་ཚན་བཞི་ལས། དང་པོ་ཕྱིན་ཅི་ལོག་བཞི་སྤོང་བར་གདམས་པ་ནི། མི་ནི་ཡང་དག་ཉིད་དུ་མི་བདེ་ཞིང༌། །མི་རྟག་བདག་མེད་མི་གཙང་རིག་པར་བགྱི། །དྲན་པ་ཉེ་བར་མ་བཞག་རྣམས་ཀྱིས་ནི། །ཕྱིན་ཅི་ལོག་བཞིར་ལྟ་བ་ཕུང་ཁྲོལ་བ། །འདིར་སྤྱི་དོན་དུ་ཅུང་ཟད་བརྗོད་ན། མི་གཙང་བ་ལ་གཙང་བར་འཛིན་པ། སྡུག་བསྔལ་བ་ལ་བདེ་བར་འཛིན་པ། མི་རྟག་པ་ལ་རྟག་པར་འཛིན་པ། བདག་མེད་པ་ལ་བདག་ཏུ་འཛིན་པ་རྣམས་ནི། ཕྱིན་ཅི་ལོག་གི་ལྟ་བ་བཞིའོ། །དེའི་གཉེན་པོ་དྲན་པ་ཉེར་བཞག་བཞི་ནི། ཆོས་མངོན་པ་ལས། ལུས་ཚོར་སེམས་དང་ཆོས་རྣམས་ལ། །མཚན་ཉིད་གཉིས་སུ་ཡོངས་བརྟགས་པས། །ཞེས་པ་ལུས་མི་གཙང་བའི་རང་བཞིན་དུ་ཤེས་པ་ལུས་དྲན་པ་ཉེར་བཞག་གང་ཅི་ཡང་རུང་བའི་ཚོར་བ་ཐམས་ཅད་སྡུག་བསྔལ་དུ་ཤེས་པ་ཚོར་བ་དྲན་པ་ཉེར་བཞག་སེམས་གཙོ་བོར་གྱུར་པའི་འདུས་བྱས་ཐམས་ཅད་འཇིག་ཅིང་མི་རྟག་པར་ཤེས་པ་སེམས་དྲན་པ་ཉེར་བཞག །ཤེས་བྱ་ལ་སྲིད་ཚད་ཀྱི་ཆོས་ཐམས་ཅད་བདག་མེད་པར་ཤེས་པ་ཆོས་དྲན་པ་ཉེར་བཞག་རྣམས་ཏེ། དེ་སོ་སོ་ལ་ཡང་བྱེད་པ་པོ་ལ་སོགས་པ།


TNT21_Page_1057
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་པ་སྟོང་པ་ཉིད་ཀྱི་མཚན་ཉིད་ཅན་དུ་ཤེས་པ་ཡིན་ནོ། །སྐབས་འདིའི་སྤང་གཉེན་སྦྱོར་ཚུལ་ལ་ཕྱིན་ཅི་ལོག་གི་ལྟ་བ་དང་པོ་ནི། ལུས་དྲན་པ་ཉེར་བཞག་གིས་སྤོང་བ་དང༌། གཉིས་པ་ཚོར་བ་དྲན་པ་ཉེར་བཞག་དང༌། གསུམ་པ་སེམས་དྲན་པ་ཉེར་བཞག་དང༌། བཞི་པ་ཆོས་དྲན་པ་ཉེར་བཞག་རྣམས་ཀྱིས་སྤོང་བར་བྱེད་པའོ། །དྲན་པ་ཉེར་བཞག་བཞི་པོ་འདི། ལས་དང་པོ་པ་ཚོགས་ལམ་གྱི་དུས་ནས་སྒོམ་དགོས་པ་ཡིན་ཡང༌། མཐོང་ལམ་གྱི་སྐབས་འདིར་ཆེད་དུ་སྨོས་པ་ནི། མངོན་སུམ་མཐོང་བའི་དབང་དུ་བྱས་པ་སྟེ། དྲན་པ་ཉེར་བཞག་བཞིའི་མཚན་ཉིད་དང་ལྡན་པའི་ཡེ་ཤེས་ཐོབ་པ་དང༌། ཕྱིན་ཅི་ལོག་བཞིའི་ས་བོན་སྦངས་པ་ནི། མཐོང་ལམ་དུ་ཡིན་པས་སྐབས་འདིར་བསྟན་པའོ། །གཞུང་དོན་ནི། མིའི་འཇིག་རྟེན་གྱིས་ནི་མཚོན་པའི་འཁོར་བ་ཐམས་ཅད་ཡིན་ཏེ། སོ་སོ་སྐྱེ་བོ་རྣམས་ཀྱིས་བློས་རྟོགས་པ་མ་ཡིན་ཡང་དངོས་པོའི་གནས་ཚུལ་ཡང་དག་པར་ཟག་བཅས་འཁོར་བའི་ཆོས་ཐམས་ཅད་མི་བདེ་ཞིང་སྡུག་བསྔལ་བ་དང༌། འདུས་བྱས་ཐམས་ཅད་མི་རྟག་པ་དང༌། གང་ཅི་ཡང་རུང་བའི་ཆོས་ཐམས་ཅད་བདག་མེད་པ་དང༌། ཕུང་པོ་རྣམས་མི་གཙང་བའི་རང་བཞིན་དུ་ཤེས་ཤིང་རིག་པར་བྱའོ། །དེའི་རྒྱུ་མཚན་ཡང་དྲན་པ་ཉེ་བར་བཞག་པ་དང་མི་ལྡན་པའི་སྐྱེས་བུ་རྣམས་ནི། ཕྱིན་ཅི་ལོག་གི་ལྟ་བ་བཞིར་ལྟ་བས་རྒྱུད་དཀྲུག་པ་


TNT21_Page_1058
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་བའི་སྡུག་བསྔལ་སྣ་ཚོགས་པ་འབྱུང་བའི་ཕུང་ཁྲོལ་ཆེན་པོར་གྱུར་པའོ། །གཟུགས་ནི་བདག་མ་ཡིན་ཞེས་གསུངས་ཏེ་བདག །གཟུགས་དང་ལྡན་མིན་གཟུགས་ལ་བདག་གནས་མིན། །བདག་ལ་གཟུགས་མི་གནས་ཏེ་དེ་བཞིན་དུ། །ཕུང་པོ་ལྷག་མ་བཞི་ཡང་སྟོང་རྟོགས་མཛོད། །གཟུགས་ནི་ངའམ་བདག་མ་ཡིན་ཞེས་གསུངས་པ་སྟེ། གཟུགས་དང་བདག་ངོ་བོ་གཅིག་པ་མ་ཡིན་ལ། གཟུགས་དང་བདག་ལྡན་པ་མ་ཡིན་ཏེ། སྐྱེས་བུ་དང་དེའི་ནོར་བཞིན་དུ་ཕན་ཚུན་འབྲེལ་བར་མི་གནས་པའོ། །གཟུགས་ལ་བདག་བརྟེན་ཅིང་གནས་པ་མི་བརྟེན་ལ་གནས་པ་ལྟ་བུ་ཡང་མ་ཡིན་ཅིང༌། བདག་ལ་གཟུགས་ས་ལ་འཁྲི་ཤིང་བརྟེན་པ་ལྟར་ཡང་མི་གནས་པ་སྟེ་བདག་ལས་གཟུགས་སྐྱེས་པ་འདྲ་བ་ཡང་མ་ཡིན་པ་དེ་བཞིན་དུ་ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་རྣམས་ལ་ཡང་དེ་ལྟར་དུ་སྦྱར་ཞིང༌། རྣམ་པར་ཤེས་པ་བདག་གི་ངོ་བོ་མི་གནས། རྣམ་པར་ཤེས་པ་བདག་དང་འབྲེལ་བར་གནས་པ་མ་ཡིན། རྣམ་པར་ཤེས་པ་ལ་བདག་མེད། བདག་ལ་རྣམ་པར་ཤེས་པ་མེད་པ་སྟེ། ཕུང་པོ་ལྔ་པོ་སྟོང་པ་བདག་མེད་པར་རྟོགས་པར་མཛོད་ཅིག །སྐབས་འདིར་སྤྱྀ་དོན་གྱི་མཐའ་གཅོད་ཅུང་ཟད་བརྗོད་ན། སྤང་བྱ་བདག་འཛིན་ངོས་བཟུང་བ་དང༌། སྤོང་བྱེད་བདག་མེད་རྟོགས་པའི་ཤེས་རབ་བཤད་པ་གཉིས་ལས། དང་པོ་ལ། ངོ་བོ། ཁྱད་པར། དབྱེ་བ་རྣམས་


TNT21_Page_1059
[མ་དཔེ་གཟིགས་ན་འདིར་གནོན།]

ལས། དང་པོ་ནི། ཉེར་ལེན་གྱི་ཕུང་པོ་ལྔ་ལ་དམིགས་ནས་ང་བདག་ཏུ་འཛིན་པའི་ཤེས་པའོ། །གཉིས་པ་ཁྱད་པར་ནི། རྟག་གཅིག་རང་དབང་ཅན་དུ་སྒྲོ་འདོགས་པའི་བདག་སྟེ། བདག་གིས་སྔོན་འདི་བྱས་སོ། །མ་འོངས་པ་ན་འདི་བྱེད་དོ་ཞེས་རྟག་པའི་རྣམ་པར་སྒྲོ་འདོགས་པ་དང༌། བདག་གཅིག་པུ་གལ་ཆེའོ། །བདག་གཅིག་པུ་འཇིགས་པ་ལས་ཐར་ཏེ། ཞེས་གཞན་དང་མ་འདྲེས་པའི་བདག་གཅིག་པུའི་མཚན་ཉིད་ཅན་དུ་འཛིན་པ་དང༌། བློས་བཏགས་པ་ལ་ལྟོས་པའི་བདག་ཚུགས་ཐུབ་ཀྱི་རྣམ་པར་འཛིན་པ་ནི་རང་དབང་ཅན་དུ་འཛིན་པའོ། །དབྱེ་བ་ནི། གཟུགས་ཀྱི་ཕུང་པོ་བདག་ཡིན་པར་འཛིན་པ་ནས། རྣམ་པར་ཤེས་པའི་ཕུང་པོ་བདག་ཡིན་པར་འཛིན་པའི་བར་ལྔ་ནི་བདག་འཛིན་དངོས་ཡིན་ནོ། །དེ་བཞིན་དུ་ཕུང་པོ་ལྔའི་ཁྱད་པར་ལ་སྦྱར་ཏེ། གཟུགས་བདག་དང་ལྡན་པ་ལ་སོགས་པ་ལྔ། གཟུགས་ལ་བདག་ཡོད་པ་ལ་སོགས་པ་ལྔ། བདག་ལ་གཟུགས་ཡོད་པ་ལ་སོགས་པ་ལྔ་སྟེ་བཅོ་ལྔ་པོ་དེ་ནི་བདག་གིར་འཛིན་པ་སྟེ། བསྡོམས་པས་འཇིག་ལྟ་ཉི་ཤུའོ། །གཉིས་པ་སྤཽང་བྱེད་བདག་མེད་རྟོགས་པའི་ཤེས་རབ་ནི། དངོས་པོའི་གནས་ཚུལ་ལ་ཡེ་ནས་བདག་མེད་པ་ལ་བདག་མེད་པར་ཤེས་པ་སྟེ། དངོས་གནས་ལ་བདག་མེད་ཚུལ་ཇི་ལྟར་ཡིན་ན། དབུ་མ་རྩ་བ་ཤེས་རབ་ལས། གལ་ཏེ་


TNT21_Page_1060
[མ་དཔེ་གཟིགས་ན་འདིར་གནོན།]

ཕུང་པོ་བདག་ཡིན་ན། །སྐྱེ་དང་འཇིག་པ་ཅན་དུ་འགྱུར། །གལ་ཏེ་ཕུང་པོ་རྣམས་ལས་གཞན། །ཕུང་པོའི་མཚན་ཉིད་མེད་པར་འགྱུར། །ཞེས་པའི་དོན། མིག་ལ་སོགས་པའི་རྣམ་པར་ཤེས་པ་དང༌། དགེ་མི་དགེ་ལུང་མ་བསྟན་གྱི་རྣམ་པར་རྟོག་པའི་སེམས་བྱུང་གི་ཚོགས་རྣམས་ཀྱིས་བདག་ཏུ་ཤེས་པ་དང༌། སྣང་བ་དང༌། འཛིན་པར་མི་བྱེད་ཅིང༌། བདག་ཏུ་ལྟ་བའི་བློ་ཁོ་ནས། ཤེས་པ་དང༌། སྣང་བ་དང༌། འཛིན་པར་བྱེད་པ་ཡིན་ལ། བདག་ངེས་པར་ཡོད་ན་བདག་འཛིན་གྱི་བློའི་ལུགས་དང་མཐུན་པར་ཡོད་དགོས་པ་ལ། ཉེ་བར་ལེན་པའི་ཕུང་པོ་ལྔ་ནི། མི་རྟག་པ་སྐྱེ་འཇིག་ཅན་ཡིན་པས། ཕུང་པོ་བདག་ཡིན་ན་བདག་སྐྱེ་འཇིག་ཅན་ཡིན་དགོས་པ་ལ། ངར་འཛིན་གྱི་བློས་བདག་རྟག་པར་འཛིན་པ་དང་མི་མཐུན་པས་ཕུང་པོ་བདག་མ་ཡིན་ཞིང༌། བདག་ཕུང་པོ་ལས་གཞན་དུ་གྱུར་པ་མ་ཡིན་ལ། ཕུང་པོ་སྡུག་བསྔལ་དུ་གྱུར་པ་མ་ཡིན་ཏེ། ཕུང་པོ་སྡུག་བསྔལ་དུ་གྱུར་པ་ལ་བདག་སྡུག་བསྔལ་ཞེས་པ་དང༌། མིག་གིས་གཟུགས་མཐོང་བ་ལ་བདག་གིས་གཟུགས་མཐོང་ཞེས་པ་ཕུང་པོ་ལ་དམིགས་པ་ཞིག་ན། བདག་ཏུ་འཛིན་པའི་འཛིན་སྟངས་ལ་འདུག་པ་མངོན་སུམ་མྱོང་བས་གྲུབ་པས། ཕུང་པོ་ལས་གཞན་དུ་གྱུར་པ་ཞིག་ཀྱང་ངེས་པར་བདག་མ་ཡིན་ནོ། །གཞན་ཡང་ཕུང་པོ་རེ་རེ་ནས་ཐམས་ཅད་བདག་ཡིན་ན་བདག་དུ་མར་གྱུར། ཕུང་པོ་གཅིག་


TNT21_Page_1061
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ཡིན་ལ་གཞན་རྣམས་མིན་པའི་དབྱེ་བ་ཡང་མི་འཐད་དེ་རིག་པ་འདི་རྡུལ་ཕྲན་གྱི་བར་དུ་རིགས་བསྒྲེ་བར་བྱ་ལ། ཕུང་པོ་སྤྱི་ཡང་བདག་མ་ཡིན་ཏེ། རེ་རེ་སོ་སོ་ལས་གཞན་པའི་སྤྱི་མ་གྲུབ་པའི་ཕྱིར་རོ། །ཕུང་པོ་མ་ཡིན་ན། བདག་དངོས་མེད་དུ་ཐལ་བ་དང༌། དངོས་མེད་ཡིན་ན་དངོས་མེད་ལ་བྱ་བ་བྱེད་པ་པོ་དང༌། རྣམ་སྨིན་མྱོང་བ་པོའི་བདག་གི་ཐ་སྙད་འཇུག་པར་མི་འགྱུར་ཞིང༌། དངོས་མེད་ཡིན་ཕྱིན་གནས་ཚུལ་ལ་མེད་པར་འགྱུར་བ་དང༌། གཉིས་མིན་གྱི་མུ་གསུམ་པ་ཡང་རེ་ཞིག་མི་སྣང་ཞིང་མ་གྲགས་པས། གང་ཟག་གི་བདག་ཅེས་བྱ་བ་ཉེར་ལེན་གྱི་ཕུང་པོ་ལ་དམིགས་ནས། ཡོད་པ་ལྟར་འཁྲུལ་བས་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱིས་བློས་བཏགས་པ་ཙམ་དུ་ཟད་ཀྱི། དངོས་པོའི་གནས་ཚུལ་ལ་ཡེ་ནས་མེད་པ་དེ་ལྟར་དུ་ཤེས་ནས་བསྒོམས་པས། བདག་འཛིན་རིམ་གྱིས་སྲབ་པར་གྱུར་ནས། མཐོང་ལམ་དུ་བདག་མེད་མངོན་སུམ་དུ་རྟོག་པའི་བདག་འཛིན་པ་རྩ་བ་ནས་ལྡོག་པ་ཡིན་ནོ། །བྱེད་པ་པོས་སྟོང་པ་ལ་སོགས་པ་སྟོང་ཉིད་བཤད་པ་ནི། ཕུང་པོ་འདོད་རྒྱལ་ལས་མིན་དུས་ལས་མིན། །རང་བཞིན་ལས་མིན་ངོ་བོ་ཉིད་ལས་མིན། །དབང་ཕྱུག་


TNT21_Page_1062
[མ་དཔེ་གཟིགས་ན་འདིར་གནོན།]

ལས་མིན་རྒྱུ་མེད་ཅན་མིན་ཏེ། །ཡེ་ཤེས་ལས་དང་སྲེད་ལས་བྱུང་རིག་མཛོད། །ཉེ་བར་ལེན་པའི་ཕུང་པོ་ལྔ་ནི། གཟུགས་ཀྱི་ཕུང་པོ། ཚོར་བའི་ཕུང་པོ། འདུ་ཤེས་ཀྱི་ཕུང་པོ། འདུ་བྱེད་ཀྱི་ཕུང་པོ། རྣམ་པར་ཤེས་པའི་ཕུང་པོ་དང་ལྔའོ། །གཟུགས་ཀྱི་ཕུང་པོ་ལ་རྣམ་གྲངས་ཀྱི་དབྱེ་བ་མཐའ་ཡས་པ་ཡོད་ཀྱང༌། རྗེས་སུ་གྲུབ་པ་བཅུ་སྟེ། མིག་གི་དབང་པོ། རྣ་བའི་དབང་པོ། སྣའི་དབང་པོ། ལྕེ་བའི་དབང་པོ། ལུས་ཀྱི་དབང་པོའི་ཁམས་སམ། སྐྱེ་མཆེད་དེ། ནང་གི་གཟུགས་ཅན་ལྔ་དང༌། གཟུགས་སྒྲ་དྲི་རོ་རེག་བྱའི་ཁམས་སྐྱེ་མཆེད་དེ། ཕྱིའི་གཟུགས་ཅན་རྣམས་སོ། །ཚོར་བའི་ཕུང་པོ་ལ། ཚོར་བ་བདེ་སྡུག་བཏང་སྙོམས་གསུམ་མམ། ནང་ཚན་དུ་དབྱེ་ན། ཚོར་བ་བདེ་བ་དང་ཡིད་བདེ་སྡུག་བསྔལ་དང་ཡིད་མི་བདེ། བཏང་སྙོམས་ཏེ་ལྔའོ། །འདུ་ཤེས་ནི་མཚན་མར་འཛིན་པའམ། སྔོན་རྟགས་སུ་བྱེད་པ་སྟེ། ཡོད་མེད། ཡིན་མིན། བཟང་ངན་མཐོ་དམན། ཆེ་ཆུང་དུ་འཛིན་པ་དང༌། འདི་ནི་དཀར་པོའོ། །འདི་ནི་དམར་པོའོ། །འདི་ནི་མིའོ། །འདི་ནི་དུད་འགྲོའོ་ཞེས་སྒྲ་དོན་འབྲེལ་བར་འཛིན་པའམ་མིང་དོན་གཅིག་པར་འཛིན་པའོ། །ཚོར་བ་དང་འདུ་ཤེས་མ་གཏོགས་པའི་འདོད་ཆགས་ལ་སོགས་པའི་མི་དགེ་བ། དད་པ་ལ་སོགས་པའི་དགེ་བ། གཉིད་ལ་སོགས་པ་ལུང་མ་བསྟན་གྱི་རྣམ་པར། རྣམ་པར་


TNT21_Page_1063
[མ་དཔེ་གཟིགས་ན་འདིར་གནོན།]

རྟོག་པ་ཐམས་ཅད་འདུ་བྱེད་ཀྱི་ཕུང་པོ་དངོས་ཡིན་ཏེ། མཚུངས་ལྡན་འདུ་བྱེད་ཅེས་བྱ། མི་ལྡན་འདུ་བྱེད་ནི་དངོས་པོ་རྣམས་ཀྱི་སྐྱེ་འཇིག་དང་འཕེལ་འགྲིབ་ཀྱི་ཁྱད་པར་ལ་བློས་བཏགས་པ་ཙམ་དུ་ཟད་ཀྱི། རྫས་སུ་ཡོད་པ་ནི་མ་ཡིན་ནོ། །རྣམ་པར་ཤེས་པའི་ཕུང་པོ་ནི། མིག་གི་རྣམ་པར་ཤེས་པ། རྣ་བའི་རྣམ་པར་ཤེས་པ། སྣའི་རྣམ་པར་ཤེས་པ། ལྕེའི་རྣམ་པར་ཤེས་པ། ལུས་ཀྱི་རྣམ་པར་ཤེས་པ། ཡིད་ཀྱི་རྣམ་པར་ཤེས་པ་སྟེ་འཇུག་ཤེས་དྲུག་དང༌། ཉོན་མོངས་པ་ཅན་གྱི་ཡིད་ཀུན་གཞི་རྣམ་ཤེས་དང་བཅས་པ་རྣམས་ཚོགས་བརྒྱད་དོ། །ཕུང་པོ་ལྔ་པོ་དེ་རྣམས་ཀྱིས་འདུས་བྱས་དངོས་པོའི་ཆོས་ཐམས་ཅད་བསྡུས་པ་ཡིན་ཏེ། བེམ་པོར་གྲགས་པ་རྣམས་ནི་གཟུགས་ཀྱི་ཕུང་པོའི་ནང་དུ་འདུས། ཤེས་པ་རྣམས་ནི་ཕུང་པོ་ཕྱི་མ་བཞི་པོའི་ནང་དུ་འདུས། ཕུང་པོ་ལ་དབྱེ་ན་སེམས་ཅན་གྱི་རྒྱུད་ཀྱིས་བསྡུས་པ་དང༌། མ་བསྡུས་པ་གཉིས་ཡོད་པ་ལ། རྒྱུད་ཀྱིས་བསྡུས་པ་ནི། སེམས་ཅན་རྣམས་ཀྱི་ལུས་ངག་ཡིད་གསུམ་དང༌། མ་བསྡུས་པ་ནི་སྣོད་ཀྱི་འཇིག་རྟེན་ཡིན་ནོ། །ཕུང་པོའི་དོན་དུ་མ་སྤུངས་པ་སྟེ། གཟུགས་ཀྱི་ཕུང་པོ་ནི། རྡུལ་བསགས་ཤིང་འདུས་པ་ལས་དུ་མ་སྤུངས་པ་དངོས་ཡིན་ལ། ཤེས་པ་རྣམས་ལ་དངོས་སུ་དུ་མ་སྤུངས་པའི་དོན་མ་ཚང་ཡང༌། ཤེས་པ་སྐད་ཅིག་སྔ་ཕྱི་མང་པོ་ཞིག་བསགས་ཤིང་འདུས་


TNT21_Page_1064
[མ་དཔེ་གཟིགས་ན་འདིར་གནོན།]

པ་བློས་འཛིན་པའི་ཕུང་པོའོ། །ཕུང་པོ་ལས་གཞན་དུ་གྱུར་པ་ནི་དངོས་མེད་དེ། དེ་དག་ལ་དངོས་ཀྱི་སྐྱེ་འཇིག་འབྲས་བུ་རྒྱུ་རྐྱེན་རྣམས་མེད་པ། ཕུང་པོ་རྣམས་ནི་རྒྱུ་རྐྱེན་སྣ་ཚོགས་པས་བསྐྱེད་པར་བྱེད་པ་ཡིན་ན། ཕྱི་རོལ་པ་མང་པོའི་འདོད་པ་ལྟར་དུ། དབང་ཕྱུག་གི་འདོད་པའི་བློ་སྔོན་དུ་བཏང་བ་ལས། ཕུང་པོ་རྣམས་བྱུང་བ་ཡང་མ་ཡིན། དུས་ཞེས་པའི་རྫས་སུ་གྲུབ་པ་གཞན་ཞིག་གིས་བསྐྱེད་པ་ཡང་མ་ཡིན། མུ་སྟེགས་གྲངས་ཅན་པའི་འདོད་པ་ལྟར་དུ། རྡུལ་འདོད་ཆགས། མུན་པ། ཞེ་སྡང༌། སྙིང་སྟོབས་དགེ་བ་སྟེ། དེ་གསུམ་རོ་གཅིག་ཏུ་འདྲེས་པས་གཞི་མཐུན་དུ་གྱུར་པ་ནི་རང་བཞིན་ཏེ། དེ་ལས་བྱུང་བ་ཡང་མ་ཡིན་པས། མི་མཐུན་པའི་རྒྱུ་ལས་མ་བྱུང་ཞིང༌། རང་གི་ངོ་བོ་ཉིད་ལས་རང་ཉིད་བྱུང་བ་ཡང་མ་ཡིན་ཏེ་དེ་འདྲ་མི་སྲིད་པས་སོ། །དངོས་པོ་རྣམས་རང་ཉིད་སྐྱེ་འཇིག་འདོད་པའི་འདོད་རྒྱལ་ལས་ཀྱང་མ་ཡིན་ཏེ། འདིར་འདོད་རྒྱལ་ནི་གནམ་འབབས་ཀྱི་ཚུལ་ཏེ་རྒྱུ་རྐྱེན་གཞན་ལ་མ་ལྟོས་པ་རང་སྐྱེ་འདོད་པས་སྐྱེ་བ་ལྟ་བུའོ། །རྒྱུ་མེད་པ་ཡང་མ་ཡིན་ཏེ། རེས་འགའ་སྐྱེ་ཞིང་རེས་འགའ་འགག་པའི་ཕྱིར་རོ། །དེས་ན་མཐུན་པའི་རྒྱུ་རྟེན་འབྲེལ་རྒྱུ་རྐྱེན་སྣ་ཚོགས་པ་ལས་བྱུང་བ་ཡིན་ཏེ་མི་ཤེས་པ་དང༌། སྲེད་པ་སྔོན་དུ་ངེས་པར་འགྲོ་དགོས་པ་ཡིན་ཅིང༌། ཉོན་མོངས་དེའི་ཀུན་ནས་བསླངས་པའི་ལས་ཀྱི་ཕུང་པོ་རྣམས་བསྐྱེད་ཅིང་འབྱུང་བར་མི་རིགས་པར་བྱའོ། །བདག་མེད་པ་


TNT21_Page_1065
[མ་དཔེ་གཟིགས་ན་འདིར་གནོན།]

དང༌། སྟོང་པ་གཉིས་ལས་དང་པོ་པའི་དུས་ནས་སྒོམ་པ་ཡིན་ཡང་མངོན་སུམ་དུ་ཤེས་ཤིང་རྟོགས་པའི་ས་མཚམས་ཀྱི་ཐོག་མ་ནི་མཐོང་ལམ་དུ་འབྱུང་བ་ཡིན་ནོ། །དེ་དག་འགོག་བྱེད་ཀྱི་རིགས་པ་ནི་རེ་ཞིག་མ་སྨོས་ཏེ་གཞན་དུ་ཤེས་པར་བྱའོ། །ཚུལ་ཁྲིམས་བརྟུལ་ཞུགས་མཆོག་འཛིན་རང་ལུས་ལ། །ཕྱིན་ཅི་ལོག་པར་ལྟ་དང་ཐེ་ཚོམ་སྟེ། །ཀུན་ཏུ་སྦྱོར་བ་འདི་གསུམ་བར་པ་ཡི། །གྲོང་ཁྱེར་སྒོ་འགེགས་ལགས་པ་མཁྱེན་པར་བགྱི། །མཐོང་སྤང་ཀུན་སྦྱོར་གསུམ་ནི་ཚུལ་ཞུགས་མཆོག་འཛིན་དང༌། འཇིགས་ཚོགས་ལ་ལྟ་བ་དང༌། ཐེ་ཚོམ་རྣམས་སོ། །ཚུལ་ཁྲིམས་ནི། རང་སྡེ་ནང་པ་ལ་གཙོ་བོར་གྲགས་པ་དང༌། བརྟུལ་ཞུགས་ནི། ཕྱི་རོལ་པ་ལ་གཙོ་བོར་གྲགས་པ་ཡིན་ཅིང༌། ཡང་ན་སྤང་བྱ་སྤོང་བའི་དབང་དུ་བྱས་ནས་ཚུལ་ཁྲིམས་དང༌། བསྒྲུབ་བྱ་སྒྲུབ་པའི་དབང་དུ་བྱས་ནས་བརྟུལ་ཞུགས་ཀྱང་ཡིན་ནོ། །དེ་ཡང་ཕྱི་རོལ་པ་རྣམས་ཀྱིས་མེ་ལྔ་བསྟན་ནས། རི་ནས་མཆོང་བ། རི་དྭགས་ཀྱི་བརྟུལ་ཞུགས་སོགས་ལོག་པའི་བརྟུལ་ཞུགས་ཀྱི་གྲོལ་བར་འདོད་པ་རྣམས་ལྟ་ཅི་སྨོས། ལུས་ངག་གི་སྡིག་སྤོང་དགེ་སྒྲུབ་ཀྱི་ཚུལ་ཁྲིམས་ཡིན་ཡང༌། ངེས་འབྱུང་གི་བསམ་པ་དང་ཡང་དག་པའི་ཤེས་རབ་མེད་བཞིན་དུ། ཚུལ་ཁྲིམས་ཁོ་ནས་གྲོལ་བར་འདོད་པ་ནི། ཚུལ་ཞུགས་ལ་མཆོག་ཏུ་འཛིན་པའོ། །ལུས་ཞེས་པ་ལུས་ཀྱི་སྐྱེ་མཆེད་དང༌། ལུས་


TNT21_Page_1066
[མ་དཔེ་གཟིགས་ན་འདིར་གནོན།]

ངག་ཡིད་གསུམ་དུ་དབྱེ་བའི་ལུས་ཁོ་ན་མ་ཡིན་ཏེ། ལུས་ཞེས་པ་རང་བཞིན་ལ་འཇོག་པས་རང་གི་རང་བཞིན་ལ་ཕྱིན་ཅི་ལོག་བདག་ཏུ་འཛིན་པའི་འཇིག་ཚོགས་ལ་ལྟ་བ་དང༌། ཐེ་ཚོམ་ནི་སྐབས་འདིར་བདེན་པ་བཞིའི་དོན་ལ་ཐེ་ཚོམ་ཟ་བ་སྟེ། རྒྱུ་ཀུན་འབྱུང་ལས་འབྲས་བུ་སྡུག་བསྔལ་འབྱུང་བ་དང༌། རྒྱུ་ལམ་བདེན་ལས། འབྲས་བུ་འགོག་བདེན་མྱ་ངན་ལས་འདས་པ་ཐོབ་པ་ལ་ཐེ་ཚོམ་ཟ་སྟེ་ཀུན་སྦྱོར་གསུམ་པོ་འདི་ནི་ཐར་པ་གྲོང་ཁྱེར་དང་འདྲ་བའི་སྒོ་འགེགས་པ་སྟེ། ཐོས་པ་ལ་གེགས་བྱེད་ཀྱི་ཉོན་མོངས་པའི་གཙོ་བོ་ཡིན་པར་ཤེས་པར་བྱས་ནས་ནན་ཏན་གྱིས་སྤཽང་དགོས་སོ། །མཐོང་སྤངས་ཀྱི་ཉོན་མོངས་པ། མཐའ་ཡས་པར་ཡོད་པ་ལས། ཀུན་སྦྱོར་གསུམ་པོ་སྐབས་འདིར་ཆེད་དུ་བརྗོད་པ་ཇི་ལྟར་ཞེ་ན། མངོན་པ་མཛོད་ལས། འགྲོ་མི་འདོད་དང་ལམ་ནོར་དང༌། །ལམ་ལ་ཐེ་ཚོམ་དེ་སྙེད་ཅིག །ཐར་པ་བགྲོད་ལ་གེགས་བྱེད་པ། །དེ་ཡི་ཕྱིར་ན་གསུམ་བསྟན་ཏོ། །ཞེས་པ་ལྟར། འཇིག་ཚོགས་ལ་ལྟ་བ་ནི་ལམ་ལ་འགྲོ་མི་འདོད་པ་དང༌། ཚུལ་ཞུགས་མཆོག་འཛིན་ནི་ལམ་ནོར་བ་དང༌། ཐེ་ཚོམ་ནི་ལམ་ལ་ཐེ་ཚོམ་བྱེད་པ་དང་མཚུངས་པར། ཐར་པའི་ལམ་བགྲོད་པ་ལ་གེགས་བྱེད་པ་དང༌། མཐོང་ལམ་གྱི་སྤོང་བའི་ཉོན་མོངས་པ་རྣམས་ཀྱི་གཙོ་བོ་ཡིན་པས་སོ། །དོན་ཚན་བཞི་པ་ལྷག་པའི་བསླབ་པ་གསུམ་བསྒྲུབ་པར་གདམས་པ་ལས། ལྷག་པའི་བསླབ་པ་གསུམ་གྱི་སྒྲུབ་པ་ལ་གདམས་པ་ནི།


TNT21_Page_1067
[མ་དཔེ་གཟིགས་ན་འདིར་གནོན།]

ཐར་པ་བདག་ལ་རག་ལས་འདི་ལ་ནི། །གཞན་གྱི་གྲོགས་བགྱིར་ཅི་ཡང་མ་མཆིས་ཀྱི། །ཐོས་དང་ཚུལ་ཁྲིམས་བསམ་གཏན་ལྡན་པ་ཡི། །བདེན་པ་རྣམ་པ་བཞི་ལ་འབད་པར་མཛོད། །ལྷག་པའི་བསླབ་པ་ནི་ཟག་མེད་ལམ་ཀྱི་ངོ་བོར་གྱུར་པ་འཕགས་རྒྱུད་ཀྱི་བསླབ་གསུམ་ཡིན་ནོ། །ཐར་པ་ནི། རང་ཉིད་ཀྱིས་ལམ་བསྒོམས་པར་མ་ལྟོས་པར་གཞན་གྱིས་མཆོག་བྱིན་པ་ལ་སོགས་པས་འབྱུང་བ་ཡིན་ནམ་སྙམ་ན་མ་ཡིན་ཏེ། རང་ཉིད་ཀྱིས་ལམ་ཉམས་སུ་བླངས་པ་ལ་བརྟེན་ནས་ཐར་པ་ཐོབ་དགོས་པ་ཡིན་ཡང༌། རང་གི་མ་འབད་པར་གཞན་གྱིས་གྲོགས་བགྱིས་ཏེ་ཐོབ་པ་ནི་མི་སྲིད་ལ། དེ་ཡང་གསུང་རབ་གྱི་དོན་དྲི་མ་མེད་པ་ཐོས་ཤིང༌། དེའི་དོན་བསམ་པ་དང་སྒོམ་པར་བྱེད་པ་ལྷག་པ་ཤེས་རབ་ཀྱི་བསླ྄བ་པའི་རྒྱུ་དང༌། མི་དགེ་བ་བཅུ་སྤཽང་བའི་ཚུམ་ཁྲིམས་སོགས་ལ་གནས་པ་ལྷག་པ་ཚུལ་ཁྲིམས་ཀྱི་རྒྱུ་དང༌། བསམ་གཏན་ཞི་གནས་བསྒོམས་པ་ལ་སོགས་པ་ལྷག་པ་ཏིང་ངེ་འཛིན་གྱི་བསླབ་པའི་རྒྱུ་སྟེ། ཐོས་པ་དང༌། ཚུལ་ཁྲིམས་དང༌། བསམ་གཏན་རྣམས་དང་ལྡན་པའི་སྒོ་ནས་བདེན་པ་བཞིའི་དོན་བསྒོམ་པ་ལ་བརྩོན་པར་མཛོད་ཅིག །བསླབ་པ་གསུམ་དངོས་འཕྲོས་དོན་དང་བཅས་པ་ལ་གདམས་པ་ནི། དངོས་ནི་ལྷག་པའི་ཚུལ་ཁྲིམས་ལྷག་པའི་ཤེས་རབ་དང༌། །ལྷག་པའི་སེམས་ལ་རྟག་ཏུ་བསླབ་པར་བགྱི། །བསླབ་པ་བརྒྱ་རྩ་ལྔ་བཅུ་ལྷག་གཅིག་


TNT21_Page_1068
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང༌། གསུམ་པོ་འདི་ནང་ཡང་དག་འདུ་བར་འགྱུར། །ལས་དང་པོ་པའི་སྐབས་ནས་བཟུངས་ཏེ་བསླབ་པ་གསུམ་ལ་བསླབ་དགོས་པ་ལས། ཚོགས་སྦྱོར་གྱི་གནས་སྐབས་སུ་གོང་དུ་འཕེལ་བ་དང༌། མཐོང་ལམ་ཐོབ་པའི་ཚེ། བསླབ་པ་གསུམ་ཕལ་པའི་རྒྱུ་སྟེ་ལྷག་པའི་བསླབས་པ་གསུམ་དུ་འགྱུར་བ་ཡིན་ཅིང༌། འཕགས་ལམ་གྱི་དངོས་གཞིའི་ལྷག་པའི་བསླབ་པ་གསུམ་ཡིན་པས། ལྷག་པའི་ཚུལ་ཁྲིམས་དང༌། ལྷག་པའི་ཤེས་རབ་དང༌། ལྷག་པའི་སེམས་ཏེ་ཏིང་ངེ་འཛིན་ལ་རྟག་ཏུ་བསླབས་ནས་ཞི་བ་མྱ་ངན་ལས་འདས་པའི་གོ་འཕངས་ཐོབ་པར་མཛོད་ཅིག །བསླབ་པའི་གནས་དགེ་སློང་གི་ཁྲིམས་ཉིས་བརྒྱ་ལྔ་བཅུ་རྩ་གཅིག་ལ་སོགས་པ་དཔག་ཏུ་མེད་པ། ཐེག་པ་ཆེ་ཆུང་གི་སྡེ་སྣོད་ལས་གསུངས་པ་རྣམས་ཀྱང༌། བསླབ་པ་གསུམ་པོ་འདིའི་ནང་དུ་ཡང་དག་པར་འདུས་པས། འདི་དག་ལ་ཉམས་ལེན་ནན་ཏན་ཏུ་བསྒྲུབ་པར་བྱའོ། །འཕྲོས་དོན་ནི། དབང་ཕྱུག་ལུས་རྟོགས་དྲན་པ་བདེ་བཤེགས་ཀྱིས། །བགྲོད་པ་གཅིག་གི་ལམ་དུ་ཉེ་བར་བསྟན། །དེ་ནི་བསྒྲིབས་ནས་མངོན་པར་བསྲུང་བགྱི་སྟེ། །དྲན་པ་ཉམས་པས་ཆོས་ཀུན་འཇིག་པར་འགྱུར། །དབང་བསྒྱུར་བའི་དོན་གྱིས་སའི་དབང་ཕྱུག་ཅེས་རྒྱལ་པོ་ལ་བོས་ནས་ཡུལ་རྟོགས་པར་གྱིས་ཞེས་པ། འདིར་ལུས་ཞེས་པ་རང་བཞིན་ཏེ། རང་གཞན་སྣོད་བཅུད་ཐམས་ཅད་ཀྱི་རང་བཞིན་ལ་ལེགས་པར་བརྟགས་ཏེ།


TNT21_Page_1069
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་པོའི་གནས་ལུགས་ཤེས་པརབྱེད་པ་ན་ལྷག་མཐོང་དང་ཤེས་བཞིན་ཡིན་ལ། དེ་ཡང་དྲན་པ་མ་ཡེངས་པར་སྐྱོང་དགོས་པ་ཡིན་ཏེ། དྲན་པ་ནི་དགེ་བའི་ཆོས་མཐའ་དག་འཕེལ་བར་བྱེད་པ་ཡིན་པས། བདེ་བར་གཤེགས་པ་ཐམས་ཅད་ཀྱིས་བགྲོད་པ་གཅིག་པའི་ལམ་ཉེ་བར་བསྟན་པ་སྟེ། སངས་རྒྱས་ཐམས་ཅད་ཀྱིས་འདི་ཉིད་བསྒོམ་པར་མཛད་པའི་དོན་ནོ། །དེ་ལྟ་བུའི་དྲན་པ་དེ་ནི་ཡེངས་མེད་དུ་འབད་པས་བསྒྲིམས་ཏེ་མངོན་པར་བསྲུང་ཞིང་སྐྱོང་དགོས་ལ། ཅི་སྟེ་དྲན་པ་ལས་ཉམས་ན་ཤེས་བཞིན་དང་བྲལ་བར་འགྱུར་ཞིང༌། ཤེས་བཞིན་མེད་པས་བསླབ་པ་གསུམ་ལ་སོགས་པའི་ཆོས་ཐམས་ཅད་འཇོག་པར་འགྱུར་རོ། །དེ་ཡན་གྱི་མཐོང་ལམ་བཤད་ཟིན་པའི་དོན་བསྡུ་ནི། མཐོང་ལམ་གྱི་ངོ་བོ་ཆོས་ཉིད་མངོན་སུམ་དུ་མཐོང་བའི་ཡེ་ཤེས་གསར་དུ་ཐོབ་པ་ལ་འཇོག་དགོས་པ་དང༌། བདེན་བཞི་མི་རྟག་ལ་སོགས་བཅུ་དྲུག་གི་རྣམ་པ་མངོན་སུམ་དུ་རྟོགས་པ་ཡིན་ཅིང༌། ཕྱིན་ཅི་ལོག་སྤངས་པ་དང༌། སྟོང་ཉིད་མཐོང་བ་དང༌། བདག་མེད་མཐོང་བ་དང༌། ལྷག་པའི་བསླབ་པ་གསུམ་ཐོབ་པ་དང༌། ཀུན་སྦྱོར་གསུམ་ལ་སོགས་པ་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་རྣམས་སྤངས་པའི་སྤངས་རྟོགས་ཀྱི་ཁྱད་པར་དང་ལྡན་པ་ཡིན་ནོ། །མཐོང་ལམ་གྱི་འཕྲོས་དོན་རྒྱས་པར་བཤད་པ་ནི། མཐོང་ལམ་


TNT21_Page_1070
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་ཡེ་ཤེས་ཀྱི་བདེན་བཞི་མི་རྟག་ལ་སོགས་བཅུ་དྲུག་མངོན་སུམ་དུ་རྟོགས་པ་ཡིན་པས། དམིགས་ཡུལ་བདེན་བཞི་མི་རྟག་ལ་སོགས་བཅུ་དྲུག་གི་ནང་ནས། མི་རྟག་པ་དང་སྡུག་བསྔལ་གྱི་རྣམ་པ་བར་སྐབས་ཀྱི་ཚིགས་བཅད་ཀྱིས་རྒྱས་པར་འཆད་པ་ལས། འཆི་བ་མི་རྟག་པ། དལ་འབྱོར་རྙེད་དཀའ། འཁོར་བའི་ཉེས་དམིགས་རྣམས་ལས། དང་པོ། འཆི་བ་མི་རྟག་པ་བཤད་པ་ལ། ཚེ་ལ་ཡིད་བརྟན་མེད་པར་བསྟན་པ་དང༌། ལུས་ལ་ཡིད་བརྟན་མེད་པར་བསྟན་པ་དང༌། འདུས་བྱས་ཐམས་ཅད་མི་རྟག་པར་བསྟན་པ། མི་རྟག་པ་དེ་ལས་ལྡོག་མི་ནུས་པར་བསྟན་པ་རྣམས་ལས། དང་པོ་ནི། ཚེ་འདི་གནོད་མང་རླུང་གིས་བཏབ་པ་བཞིན། །ཆུ་ཡི་ཆུ་བུར་བས་ཀྱང་མི་རྟག་ན། །དབུགས་རྔུབས་དབུགས་འབྱུང་གཉིད་ཀྱི་ལོགས་པ་ལས། །སད་ཁོམ་གང་ལགས་དེ་ནི་ངོ་མཚར་ཆེ། །ཚེ་འདི་ལ་ཉེ་བར་ཚེ་བའི་གནོད་པའི་ཚོགས་མང་བ་ཡིན་ཏེ། དགྲ་དང་ནད་གདོན་མེ་ཆུ་དུག་མཚོན་ལ་སོགས་པ་གནོད་པ་ཁོ་ནར་ངེས་པ་མང་ཞིང༌། སྲོག་འཚོ་བའི་མཐུན་རྐྱེན་དུ་བྱེད་པ། བཟའ་བཏུང་གནས་ཁང་སྨན་ལ་སོགས་པ་རྣམས་ཀྱང་སྐབས་འགར་སྲོག་འཚོ་བ་ལ་གནོད་པའི་རྐྱེན་དུ་སོང་བ་ཡང་ཡོད་པས་གནོད་པ་མང་བ་ཡིན་ལ། སྲོག་ཉམས་ཆུང་བ་ལ་གནོད་འཚེ་མང་བ་འདི་ནི་ཆུའི་ལྦུ་བ་རླུང་དྲག་པོས་བཏབ་པ་བཞིན་ནམ་དེ་ལས་ཀྱང་འཇིག་སླ་བས་མི་རྟག་ན། ནམ་འཇིག་ཆ་མེད་པར་གྱུར་པས།


TNT21_Page_1071
[མ་དཔེ་གཟིགས་ན་འདིར་གནོན།]

དེས་ན་དབུགས་རྔུབས་ནས་དབུགས་ཕྱིར་འབྱུང་བ་དང༌། དབུགས་ཕྱིར་ཕྱུང་ནས་ནང་དུ་རྔུབས་པ་དང༌། གཉིད་ལོག་པ་ལས་སད་པའི་ཁོམ་པ་གང་ལགས་པར་མ་ཤི་ཡང་ངོ་མཚར་ཆེ་བས། ཚེ་འདི་ནི་ཤིན་ཏུ་མི་རྟག་པ་ཡིན་ནོ། །གཉྀས་པ་ལུས་ལ་ཡིད་བརྟན་མེད་པར་བསྟན་པ་ནི། ལུས་མཐའ་ཐལ་བ་མཐར་བསྐམས་མཐར་འདྲུལ་ཞིང༌། །ཐ་མར་མི་གཙང་སྙིང་པོ་མ་མཆིས་པས། །རྣམ་པར་འཇིག་དེངས་མྱགས་པར་འགྱུར་པ་སྟེ། །སོ་སོར་དགྱེས་ཆོས་ཅན་དུ་མཁྱེན་པར་མཛོད། །ལུས་འདི་ཉིད་ལ་འཚོ་བའི་སྐབས་སུ་གཅེས་སྤྲས་དང་བཟང་འཛིན་དུ་བྱེད་ཀྱང༌། མཐར་ཤི་བའི་ཚེ་མེས་བསྲེགས་ནས་ཐལ་བར་གྱུར་པ་དང༌། ས་དུགས་ལ་སོགས་པས་བསྐམས་པ་དང༌། རུལ་བར་འགྱུར་བ་དང༌། ཐ་མར་ལུས་ཁ་ཕྱེ་ནས་ནང་ཁྲོལ་ལ་སོགས་པ་བསྟན་ན། མི་གཙང་བའི་རང་བཞིན་མངོན་དུ་གྱུར་པ་དང༌། ལུས་ལ་རྟག་པའི་སྙིང་པོ་མ་མཆིས་པ་དང༌། ཕུན་སུམ་ཚོགས་པའི་བྱ་བ་སྒྲུབ་པའི་སྙིང་པོ་མེད་པར། མྱུར་དུ་རྣམ་པར་འཇིག་པ་སྟེ་འགྱུར་བ་དང༌། དེངས་པ་སྟེ་ཡལ་བ་དང༌། །མྱགས་པ་སྟེ་རྒས་ཤིང་རྙིང་བ་དང༌། ཤ་རུས་ལ་སོགས་པ་སོ་སོར་བྲལ་ཞིང་མཐོང་བར་འགྱུར་བས་འགྱེད་པ་ལས་མ་འདས་པའི་ཆོས་ཅན་དུ་མཁྱེན་པར་མཛོད་ཅིག །གསུམ་པ་འདུས་བྱས་ཐམས་ཅད་མི་རྟག་པ་ནི། ས་དང་ལྷུན་པོ་རྒྱ་མཚོ་ཉི་མ་བདུན། །འབར་བས་བསྲེགས་


TNT21_Page_1072
[མ་དཔེ་གཟིགས་ན་འདིར་གནོན།]

པས་ལུས་ཅན་འདི་དག་ཀྱང༌། །ཐལ་བ་ཡང་ནི་ལུས་པར་མི་འགྱུར་ན། །ཤིན་ཏུ་ཉམ་ཆུང་མི་ལྟ་སྨོས་ཅི་འཚལ། །བརྟན་ཞིང་འཕོ་འགྱུར་མེད་པ་འདྲ་བའི་གསེར་གྱི་ས་གཞི་དང་གླིང་བཅུ་གཉིས། གསེར་གྱི་རི་བདུན། རི་རབ་ལྷུན་པོ། རྒྱ་མཚོ་ཆེན་པོ་ལ་སོགས་པ་རྣམས་ཀྱང་མཐར་བསྐལ་བ་འཇིག་པ་ན་ལུས་ཅན་ཏེ་གཟུགས་ཅན་འདི་དག་ཉི་མ་བདུན་གྱི་མེ་འབར་བས་བསྲེགས་ནས། ཐོག་མ་ཐལ་བར་འགྱུར་ཞིང་དེ་ཡང་རླུང་གིས་གཏོར་ནས་མཐར་མི་སྣང་བར་བྱེད་པ་དེ་ལྟར་ན་ཤིན་ཏུ་ཉམས་ཆུང་བའི་མིའི་ལུས་འཇིག་བླ་བ་ལྟ་སྨོས་ཀྱང་ཅི་དགོས། བཞི་པ་མི་རྟག་པ་དེ་ལས་ཟློག་མི་ནུས་པ་ནི། དེ་ལྟར་འདི་ཀུན་མི་རྟག་བདག་མེད་དེ། །སྐྱབས་མེད་མགོན་མེད་གནས་མེད་དེ་སླད་དུ། །འཁོར་བ་ཆུ་ཤིང་སྙིང་པོ་མེད་པ་ལ། །མི་མཆོག་ཁྱོད་ཀྱི་ཐུགས་ནི་འབྱུང་བར་མཛོད། །འདུས་བྱས་ནི་ཆོས་ཐམས་ཅད་མི་རྟག་ཅིང་འཇིག་པར་འགྱུར་བ་ཡིན་ཡང༌། བདག་དང་བྱེད་པ་པོ་ལ་སོགས་པ་རྟག་པ་ཡིན་ནམ་སྙམ་ན། དེ་ལྟར་མ་ཡིན་པའི་བདག་མེད་ལ། ཐམས་ཅད་འཇིག་པར་འགྱུར་པ་དེ་ལས་སྐྱོབ་བར་བྱེད་པ་པོ་མེད་ཅིང༌། མགོན་བྱས་ཏེ་ཕན་འདོགས་ཀྱང་མེད་ལ། གནས་འཆའ་བའི་རྟེན་པ་མེད་པའི་ཕྱིར། འཁོར་བ་ནི་ཆུ་ཤིང་སྙིང་པོ་མེད་པ་དང་མཚུངས་པས། མིའི་མཆོག་རྒྱལ་པོ་ཁྱོད་ཀྱི་ཐུགས་ནི་འཁོར་བ་ལས་ངེས་པར་འབྱུང་བར་མཛོད་ཅིག །དལ་འབྱོར་རྙེད་དཀའ་བཤད་པ་ལ།


TNT21_Page_1073
[མ་དཔེ་གཟིགས་ན་འདིར་གནོན།]

མིའི་ལུས་རྙེད་དཀའ་བར་བསྟན་པ། འཁོར་ལོ་བཞི་ལྡན་བཤད་པ། མི་ཁོམས་པ་བརྒྱད་ལས་ལོག་པའི་དལ་བ་བཤད་པ་རྣམས་ལས། དང་པོ་ནི། རྒྱ་མཚོ་གཅིག་གནས་གཉའ་ཤིང་བུ་ག་དང༌། །རུས་སྦལ་ཕྲད་པ་བས་ཀྱང་དུད་འགྲོ་ལས། །མི་ཉིད་ཆེས་ཐོབ་དཀའ་བས་མི་དབང་གིས། །དོན་དམ་སྤྱད་པས་དེ་འབྲས་མཆིས་པར་མཛོད། །རྒྱ་མཚོ་ཆེན་པོ་ཆེས་རབ་ཏུ་ཁ་ཡངས་པར་གཉའ་ཤིང་ཆ་མེད་དུ་བསྐྱོད་པའི་བུ་གར། རྒྱ་མཚོའི་དབུས་ཀྱི་གཏིང་དུ་གནས་པའི་རུས་སྦལ་ལོ་བརྒྱ་རེའི་དུས་ན་ཡུད་ཙམ་རེ་ཆུའི་སྟེང་དུ་མགོ་འདོན་པ་ཞིག་ཡོད་ལ་དེའི་མགྲིན་པ་གཉའ་ཤིང་གི་བུ་གར་འགྱུས་ཤིང་ཕྲད་པ་དཀོན་པ་ཡིན་མོད། དེ་ལས་ཀྱང༌། དུད་འགྲོ་ལ་སོགས་པ་ངན་སོང་གི་འགྲོ་བའི་ནང་ནས་མིའི་ལུས་རྟེན་ཉིད་ཐོབ་པ་ནི་ཆེས་ལྷག་པར་དཀོན་ཅིང་དཀའ་བ་ཡིན་པས། མིའི་དབང་པོ་རྒྱལ་པོ་ཁྱོད་ཀྱིས་ཀྱང་དམ་པའི་ཆོས་ལ་སྤྱོད་པའི་མིའི་ལུས་རྟེན་ཐོབ་པ་འབྲས་བུ་དང་ལྡན་པར་མཛོད་ཅིག །འགྲེལ་པ་དང༌། དཔེ་མང་པོ་ལས་རྒྱ་མཚོ་གཅིག་ནས་ཞེས་འདོན་པ་ལྟར་གཉའ་ཤིང་དང་རུས་སྦལ་རྒྱ་མཚོ་གཅིག་གི་ནང་ན་གནས་ཞེས་པ་ཙམ་མོ། །འཕྲོས་དོན་ནི། གང་ཞིག་གསེར་སྣོད་རིན་ཆེན་སྤྲས་པ་ཡིས། །ངན་སྐྱུགས་འཕྱག་པར་བགྱི་བ་དེ་བས་ནི། །གང་གི་མི་རུ་སྐྱེས་ནས་སྡིག་པ་དག །བགྱིད་པ་དེ་ནི་ཆེས་རབ་བླུན་པ་ལགས། །


TNT21_Page_1074
[མ་དཔེ་གཟིགས་ན་འདིར་གནོན།]

གསེར་གྱི་སྣོད་རིན་པོ་ཆེའི་སྤྲས་པས་ངན་སྐྱུགས་མི་གཙང་བ་འཕྱག་པར་བགྱིད་པ་ན་འཇིག་རྟེན་དུ་བླུན་པར་བྱེད་པ་དེ་བས་ཀྱང༌། མི་རུ་སྐྱེས་ཤིང་མི་ལུས་ཐོབ་ནས་སྡིག་པའི་ལས་དག་ལ་བཀོལ་བར་བྱེད་པ་ནི། སྡུག་བསྔལ་མི་བཟད་པའི་རྒྱུར་འགྱུར་བས་ཆེས་རབ་ཏུ་བླུན་པ་ཡིན་ནོ། །གསེར་སྣོད་སྤྲས་པ་དང་མི་ལུས་གཉིས་རྟེན་བཟང་བར་མཚུངས་པ་དང༌། སྡིག་པ་དང་ངན་སྐྱུག་གཉིས་སྨད་པའི་འོས་སུ་མཚུངས་པར་སྦྱར་བའོ། །གཉིས་པ་འཁོར་ལོ་བཞི་ལྡན་བཤད་པ་ནི། མཐུན་པར་གྱུར་པའི་ཡུལ་དུ་གནས་པ་དང༌། །སྐྱེས་བུ་དམ་པ་ལ་ནི་བརྟེན་པ་དང༌། །བདག་ནི་ལེགས་སྨོན་སྔོན་ཡང་བསོད་ནམས་བགྱི། །འཁོར་ལོ་ཆེན་པོ་བཞི་ནི་ཁྱོད་ལ་མངའ། །ཡུལ་མཐུན་པ་ན་གནས་པ། སྐྱེས་བུ་དམ་པ་ལ་བརྟེན་པ། ལེགས་པར་སྨོན་ལམ་ཐེབས་པ། སྔོན་བསོད་ནམས་ལ་གོམས་པ་རྣམས་ནི་དལ་འབྱོར་གྱི་འཁོར་ལོ་བཞིའོ། །དེ་ཡང་མཐུན་པར་གྱུར་པའི་ཡུལ་ནི། ཆོས་སྤྱོད་པ་ལ་འགལ་རྐྱེན་མེད་ཅིང་མཐུན་རྐྱེན་འཛོམས་པའི་ཡུལ་ཕྱོགས་ན་གནས་པ་དང༌། རང་ཉིད་ལ་ཆོས་སྟོན་པའི་སྐྱེས་བུ་དམ་པ་ལ་ནི་གུས་པ་རྙེད་ཅིང་ལུས་ངག་གི་སྤྱོད་པ་རྣམ་པར་དག་པས་ཡོངས་སུ་བསྟེན་པ་དང༌། བདག་ཉིད་ཀྱི་ཆོས་ལ་སྤྱཽད་པར་སྨོན་ལམ་ལེགས་པར་བཏབ་པ་ཚེ་འདིར་སད་ཅིང་ཐེབས་པ་དང༌། སྔོན་གྱི་སྐྱེ་བ་རྣམས་ལ་བསོད་ནམས་དགེ་བའི་ལས་སྤྱད་པའི་གོམས་


TNT21_Page_1075
[མ་དཔེ་གཟིགས་ན་འདིར་གནོན།]

ཤུགས་ཡོད་པ་སྟེ། དལ་འབྱོར་འཁོར་ལོ་བཞི་དང་ལྡན་པས་ཆོས་ཉམས་སུ་ལོང་བར་འགྱུར་བ་ཡིན་པ་ལས། རྒྱལ་པོ་ཁྱོད་ལ་འཁོར་ལོ་ཆེན་པོ་བཞི་པོ་དེ་རྣམས་ནི་མངའ་བ་ཡིན་པས། དམ་པའི་ཆོས་བསྒྲུབ་པ་ལ་བརྩོན་པར་མཛོད་ཅིག །འཁོར་ལོ་ཆེན་པོ་དེ་རྣམས་ཀྱི་ནང་ནས་གང་གི་གཙོ་ཆེ་བ་ཡིན་ཞེ་ན། དགེ་བའི་བཤེས་གཉེན་བསྟེན་པ་ནི་གཙོ་བོར་གྱུར་པ་ཡིན་ཏེ། དེ་དང་ལྡན་ན་གཞན་དགེ་མ་ཚང་ཡང་ཤས་ཆེ་བར་ཆོས་ལ་སྤྱོད་པར་འགྱུར་བ་ཡིན་ཞིང༌། དེ་མེད་ན་གཞན་རྣམས་ཚང་ཡང་ཆོས་ལ་སྤྱོད་པ་དཀོན་པ་ཡིན་པས། དགེ་བའི་བཤེས་གཉེན་བསྟེན་པ་གལ་ཆེར་སྟོན་པ་ནི། དགེ་བའི་བཤེས་གཉེན་བསྟེན་པ་ཚངས་པར་སྤྱཽད། །ཡོངས་སུ་རྫོགས་པར་ཐུབ་པས་གསུང་དེའི་ཕྱིར། །སྐྱེས་བུ་དམ་པ་བསྟེན་བགྱི་རྒྱལ་བ་ལ། །བསྟེན་ནས་རབ་ཏུ་མང་པོས་ཞི་བ་ཐོབ། །ཚངས་པ་ནི་གཙང་བའི་དོན་ཡིན་ཞིང༌། དེ་ཡང་ཉོན་མོངས་པ་ས་བོན་དང་བཅས་པ་སྤངས་པའི་ཐར་པ་ཡིན་ལ། དེའི་ཕྱིར་དུ་སྤྱད་པ་སྤྱོད་པ་ནི་ཚངས་པར་སྤྱོད་པ་དེ་ཐར་པའི་ལམ་ཡིན་པས། དགེ་བའི་བཤེས་གཉེན་བསྟེན་པ་ནི་ཐར་པའི་ལམ་ཡོངས་སུ་རྫོགས་པ་ཡིན་པར་ཐུབ་པ་སངས་རྒྱས་ཀྱིས་གསུངས་པ་དེའི་ཕྱིར་དགེ་བའི་བཤེས་གཉེན་སྐྱེས་བུ་དམ་པ་བསྟེན་པར་གྱིས་ཤིག །སུ་ཞིག་གིས་དགེ་བའི་བཤེས་གཉེན་བསྟེན་ལེགས་པ་དེའི་རྒྱུད་ལ་ཐར་པའི་ལམ་ཡོངས་སུ་རྫོགས་པ་སྐྱེ་བར་འགྱུར་བ་ཤས་ཆེ་


TNT21_Page_1076
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཡིན་ནོ། །གཞན་ཡང་སྐྱེས་བུ་དམ་པ་རྒྱལ་བ་སངས་རྒྱས་ལ་བསྟེན་པ་ལས། སྔོན་སྐྱེ་བོ་རབ་ཏུ་མང་པོ་མཐའ་ཡས་པས་ཞི་བ་མྱ་ངན་ལས་འདས་པའི་གོ་འཕང་ཐོབ་པ་དང་ཚུལ་མཚུངས་པར། ད་ལྟ་ཡང་དགེ་བའི་བཤེས་གཉེན་བསྟེན་པ་ལས། དེ་དང་རྗེས་སུ་མཐུན་པའི་ཡོན་ཏན་འབྱུང་བའོ། །དགེ་བའི་བཤེས་གཉེན་བསྟན་པ་ཚངས་སྤྱོད་ཡོངས་སུ་རྫོགས་པར་གསུངས་པའི་མདོ་ནི་ལུང་ཕྲན་ཚེགས་ཏེ། དེ་ལས་དགེ་བའི་བཤེས་གཉེན་ལ་བརྟེན་པ་དང༌། དགེ་བ་ལ་ལྷན་ཅིག་གནས་པ་དང༌། དགེ་བ་ལ་བསྟེན་ནས་སྡིག་པའི་གྲོགས་པོ་མི་བསྟེན། སྡིག་པ་དང་ལྷན་ཅིག་མི་གནས། སྡིག་པ་ལ་མ་བསྟེན་ན་འདི་ཚངས་པར་སྤྱོད་པའི་ཆེད་ཡིན་ནོ། །ཞེས་ཀུན་དགའ་བོས་ཞུས་པ་ལ། ཀུན་དགའ་བོ། དེ་ནི་ཚངས་པར་སྦྱོད་པ་ཀུན་ཏུ་མཐར་ཕྱིན་པ་མ་འདྲེས་པ། ཡོངས་སུ་རྫོགས་པ། ཡོངས་སུ་དག་པ། ཡོངས་སུ་བྱང་བ་ཡིན་ནོ། །ཞེས་གསུངས། འདིར་དགེ་ཞེས་པ་དགེ་བའི་གྲོགས་པོ་དང༌། སྡིག་པ་ཞེས་པ་སྡིག་གྲོགས་སུ་ཤེས་པར་བྱའོ། །གསུམ་པ་མི་ཁོམ་པ་བརྒྱད་ལས་ལོགས་པའི་དལ་བ་བཤད་པ་ནི། ལོག་པར་ལྟ་བ་འཛིན་དང་དུད་འགྲོ་དང༌། །ཡི་དྭགས་ཉིད་དང་དམྱལ་བར་སྐྱེ་བ་དང༌། །རྒྱལ་བའི་བཀའ་མེད་པ་དང་མཐའ་འཁོབ་ཏུ། །ཀླ་ཀློར་སྐྱེ་དང་གླེན་ཞིང་ལྐུགས་པ་ཉིད། །ཚེ་རིང་ལྷ་ཉིད་གང་ཡང་རུང་བར་ནི། །སྐྱེ་བ་ཞེས་བགྱི་མི་ཁོམ་སྐྱོན་བརྒྱད་པོ། །


TNT21_Page_1077
[མ་དཔེ་གཟིགས་ན་འདིར་གནོན།]

དེ་དག་དང་བྲལ་ཁོམ་པ་རྙེད་ནས་ནི། །སྐྱེ་བ་བཟློག་པའི་སླད་དུ་འབད་པར་མཛོད། །ལོག་པར་ལྟ་བ་འཛིན་པ་སྟེ་ལས་འབྲས་ལ་མེད་པར་སྐུར་བ་འདེབས་པའམ་དཀོན་མཆོག་གསུམ་ལ་སྐུར་བ་འདེགས་པ་དང༌། དུད་འགྲོ་དང༌། ཡི་དྭགས་ཉིད་དང༌། དམྱལ་བ་རྣམས་སུ་སྐྱེ་བ་དང་རྒྱལ་བའི་བཀའ་མེད་པ་སྟེ། སངས་རྒྱས་འཇིག་རྟེན་དུ་མ་བྱོན་པར་སྐྱེ་བའམ། བྱོན་ཡང་ཆོས་མ་དར་བའི་ཡུལ་མཐའ་འཁོབ་ཏུ་ཀླ་ཀློར་སྐྱེ་བ་དང༌། ཆོས་ཀྱི་བླང་དོར་གང་ཡང་མི་ཤེས་པའི་གླེན་ཞིང་རྨོངས་པའམ། ངག་ལྐུགས་པ་དང༌། ལྷ་ཚེ་རིང་པོ་ཉིད་དུ་གྱུར་པ་སྟེ། བརྒྱད་པོ་དེ་དག་གང་ཡང་རུང་བར་སྐྱེ་བ་ནི། ཆོས་སྤྱཽད་པར་མྀ་ཁོམ་པའི་གནས་སྐྱོན་དང་བཅས་པ་ཡིན་པས། དེ་རྣམས་དང་བྲལ་བ་ཁོམ་ཞིང་དལ་བ་རྙེད་ནས་ནི། ལས་དང་ཉོན་མོངས་པའི་དབང་གིས་སྐྱེ་བ་བཟློག་པ་ལ་འབད་པར་མཛོད་ཅིགལྷ་ཚེ་རིང་པོ་ནི་ཁ་ཅིག་གཟུགས་མེད་ཁམས་ཀྱི་ལྷ་ལ་འདོད་པ་དང༌། འགའ་ཞིག་འདོད་པའི་ཡོན་ཏན་གྱིས་དབེན་བཅོས་པའི་ལྷ་ལ་འདོད་པ་ཡོད་ཀྱང་ཅུང་ཟད་མི་བདེ་བས། འདུ་ཤེས་མེད་པའི་ལྷ་ཡིན་པར་འཆད་དགོས་སོ། །སྐབས་འདིར་འབྱོར་པ་བཅུ་བཤད་པ། མི་ཉིད་དབུས་སྐྱེས་དབང་པོ་ཚང༌། །ལས་མཐའ་མ་ལོག་གནས་ལ་དད། །སངས་རྒྱས་བྱོན་དང་དེས་ཆོས་གསུངས། །བསྟན་པ་གནས་དང་དེ་རྗེས་འཇུག །གཞན་ཕྱིར་སྙིང་ནི་བརྩེ་


TNT21_Page_1078
[མ་དཔེ་གཟིགས་ན་འདིར་གནོན།]

བའོ། །ཞེས་བསྡོམས་སུ་བཤད་པ་ལྟར། མིའི་རྟེན་ཐོབ་པ། ཡུལ་དབུས་ཆོས་དར་སར་སྐྱེས་པ། དབང་པོ་སྒོ་ལྔ་ཚང་བ། ལས་མཐའ་མ་ལོག་པ་སྟེ། མཚམས་མེད་མ་བྱས་པ། གནས་ལ་དད་པ་ནི། ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་དད་པ་སྟེ། སངས་རྒྱས་ཀྱི་གསུང་རབ་ལ་དད་པ་རྣམས་ནི་རང་འབྱོར་ལྔ་དང༌། སངས་རྒྱས་འཇིག་རྟེན་དུ་བྱོན་པ། དེས་ཆོས་གསུངས་པ། བསྟན་པ་གནས་པ། བསྟན་པ་ལ་རང་ཉིད་ཞུགས་པ། རབ་ཏུ་བྱུང་བ་ལ་ཆོས་གོས་དང་བསོད་སྙོམས་སྦྱོར་པ་པོ་ཡོད་པའམ། གཞན་ཡང་ཆོས་ཀྱི་མཐུན་རྐྱེན་སྦྱོར་བ་པོ་དང་ལྡན་པ་རྣམས་ནི་གཞན་འབྱོར་ལྔའོ། །མི་ཁོམ་པ་བརྒྱད་ལས་ལོག་པའི་དལ་བ་དང༌། རང་འབྱོར་ལྔ་གནད་གཅིག་ཅིང་འབྱོར་པ་བཅུ་ཚང་བ་ནི་ཆོས་སྤྱོད་པའི་སྐལ་བ་དང་ལྡན་པ་ཙམ་ཡིན་ལ། དེའི་སྟེང་དུ་དལ་འབྱོར་གྱི་འཁོར་ལོ་བཞི་དང་ལྡན་ན་ངེས་པར་ཆོས་ཉམས་སུ་ལོང་བར་འགྱུར་བ་ཡིན་ནོ། །འཁོར་བའི་སྡུག་བསྔལ་བཤད་པ་ལ། མདོར་བསྟན། རྒྱས་བཤད། དོན་བསྡུ་གསུམ་ལས། དང་པོ་ནི། ངེས་པ་འདོད་པས་ཕོངས་དང་འཆི་བ་དང༌། །ན་དང་རྒ་སོགས་སྡུག་བསྔལ་དུ་མ་ཡི། །འབྱུང་གནས་འཁོར་བ་ལ་ནི་སྐྱོ་མཛད་ཅིང༌། །འདི་ཡི་ཉེས་པ་ཤས་ཀྱང་གསན་པར་མཛོད། དེས་པ་ཞེས་རྒྱལ་པོ་ལ་བོས་ནས། འདོད་པས་ཕོངས་པ་ནི།


TNT21_Page_1079
[མ་དཔེ་གཟིགས་ན་འདིར་གནོན།]

འདོད་པ་བཙལ་ཏེ་མི་རྙེད་པ་དང་རེ་བ་འབྲས་བུ་མེད་པའི་སྡུག་བསྔལ་ཡིན་ཏེ་དེ་དག་དང༌། ན་བ། རྒས་པ། འཆི་བ་ལ་སོགས་པའི་སྡུག་བསྔལ་དུ་མ་རྟག་ཏུ་རྒྱུན་མི་འཆད་པར་འབྱུང་བའི་འབྱུང་གནས་འཁོར་བ་ལ་ཡིད་ཡོངས་སུ་སྐྱོ་བར་བྱ་ཞིང༌། འཁོར་བ་དེའི་ཉེས་པ་ཤས་ཤིག་ཀྱང་སྟེ་རགས་པ་ཙམ་བརྗོད་ཀྱིས་གསན་པར་མཛོད་ཅིག །གཉིས་པ་རྒྱས་བཤད་ལ། འཁོར་བ་སྤྱིའི་སྡུག་བསྔལ་བཤད་པ་དང༌། འགྲོ་བ་སོ་སོའི་སྡུག་བསྔལ་བཤད་པ་ལས། དང་པོ་ནི་མདོ་ལས། འཁོར་བའི་སྡུག་བསྔལ་རྣམ་པ་དྲུག་གསུངས་པའི་རྗེས་སུ་འབྲངས་ཏེ་ངེས་པ་མེད་པས་སྡུག་བསྔལ་བ་དང༌། ངོམས་པ་མེད་པས་སྡུག་བསྔལ་བ་དང༌། ཡང་ཡང་ཕུང་པོ་འདོར་བས་སྡུག་བསྔལ་བ་དང༌། ཡང་ཡང་ཕུང་པོ་ལེན་པས་སྡུག་བསྔལ་བ་དང༌། མཐོ་དམན་འགྱུར་བས་སྡུག་བསྔལ་བ་དང༌། གཅིག་པུ་གྲོགས་མེད་པར་འགྲོ་བ་སྡུག་བསྔལ་བ་རྣམས་ལས། དང་པོ་ངེས་པ་མེད་པས་སྡུག་བསྔལ་བ་ནི། ཕ་ནི་བུ་ཉིད་མ་ནི་ཆུང་མ་ཉིད༌། །སྐྱེ་བོ་དགྲར་གྱུར་པ་དག་བཤེས་ཉིད་དང༌། །ལྡོག་པ་ཉིད་དུ་མཆི་བས་དེ་སླད་དུ། །འཁོར་བ་དག་ན་ངེས་པ་འགའ་མ་མཆིས། །ཚེ་འདིར་ཡང་དགྲ་གཉེན་ལ་སོགས་པའི་གནས་མ་ངེས་པར་འགྱུར་བ་ཡོད་ཀྱང༌། གཙོ་ཆེ་བ་སྐྱེ་བ་བཞིན་དུ་སྟེ་


TNT21_Page_1080
[མ་དཔེ་གཟིགས་ན་འདིར་གནོན།]

ཕ་ནི་བུ་ཉིད་དུ་འགྱུར་བ་དང༌། མ་ནི་ཆུང་མ་ཉིད་དུ་འགྱུར་བ་དང༌། དགྲ་བོ་གཉེན་བཤེས་སུ་འགྱུར་བ་དང༌། དེ་དག་ལས་ལྡོག་པ་བུ་ཕར་འགྱུར་བ་དང་ཆུང་མ་མར་འགྱུར་བ་དང༌། གཉེན་བཤེས་དགྲར་འགྱུར་བ་ལ་སོགས་པ་ངེས་པ་མེད་པ་སྣ་ཚོགས་ཉིད་དུ་འགྱུར་བ་མཆི་ཞིང་གདའ། དེའི་ཕྱིར་འཁོར་བ་འདི་ནི་ངེས་པ་འགའ་ཡང་མ་མཆིས་སོ། །དེ་ཡང་འཇིག་རྟེན་གྱི་ཁམས་གཞན་དུ་སྐྱེས་པ་ན། སྔར་དང་མི་འདྲ་བ་རྣམ་པ་ཐམས་ཅད་རྩ་བ་ནས་བརྗེས་པ་ཡིན་པས་མ་ངེས་པ་དང༌། འཇིག་རྟེན་གྱི་ཁམས་འདིར་སྐྱེས་ཀྱང་མ་ངེས་པར་འཆོལ་བར་འགྱུར་བས། རང་གི་གཉེན་ལ་ཕན་བཏགས་པའི་འབྲས་བུ་རྗེས་མེད་དུ་དགྲར་འགྱུར་བ་ལ་སོགས་པ་ཁྲིགས་བཀོད་ལས་ཕྱོགས་ལོག་པར་གྱུར་པ་ངེས་མེད་སྣ་ཚོགས་འབྱུང་བ་ནི་སྡུག་བསྔལ་བའོ། །གཉིས་པ་ངོམ་པ་མེད་པས་སྡུག་བསྔལ་བ་ནི། རེ་རེས་རྒྱ་མཚོ་བཞི་པས་ལྷག་པ་ཡི། །འོ་མ་འཐུང་སྟེ་ད་དུང་སོ་སོ་ཡི། །སྐྱེ་བོའི་རྗེས་སུ་འབྲང་བའི་འཁོར་བ་པས། །དེ་བས་ཆེས་མང་རྙེད་ཅིག་བཏུང་འཚལ་ལོ། །སྐྱེ་བ་ཐོག་མ་མེད་པ་ནས་སེམས་ཅན་རེ་རེས་ཀྱང་རང་གི་མ་བྱས་པ་དེའི་འོ་མ་འཐུང་བ་རྣམས་མ་བསྐམས་མ་གོད་པར་ཕྱོགས་གཅིག་ཏུ་བསགས་པ་ན། རྒྱ་མཚོ་བཞི་ལས་ལྷག་ཅིང་མང་བ་འཐུང་ཀྱང་ཚིམས་པ་མེད་པར་གྱུར་པ་དང༌། ད་དུང་


TNT21_Page_1081
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་སོ་སོའི་སྐྱེ་བོའི་རྗེས་སུ་འབྲང་བའི་བློ་འཁོར་བར་ཆགས་ཤིང་སྲེད་པ་རྣམས་ནི། འཁོར་བ་མཐའ་མེད་པའི་བར་དུ་སྔར་བས་ཀྱང་ཆེས་མང་བའི་ནུ་ཞོ་ཚིམས་པ་མེད་པར་འཐུང་བར་བྱེད་པས། ཇི་ཙམ་ཞིག་བཏུངས་ཀྱང་ཚིམས་པར་མི་འགྱུར་བ། འོ་མ་བཏུངས་པས་མཚོན་པའི་བཟའ་བཏུང་ལོངས་སྤྱོད་ལ་སོགས་པ་ཚིམས་པའི་དུས་མེད་པ་ནི་ངོམས་པ་མེད་པས་སྡུག་བསྔལ་པའོ། །གསུམ་པ་ཡང་ཕུང་པོ་འདོར་བས་སྡུག་བསྔལ་བ་ནི། རེ་རེའི་བདག་ཉིད་རུས་པའི་ཕུང་པོ་ནི། །ལྷུན་པོ་མཉམ་པ་ཉིད་ཅིག་འདས་གྱུར་ཏེ། །ས་ཕྱོགས་རེ་རེར་ས་ཕྱོགས་གཅིག་ཏུ་རང་གི་ཕུང་པོ་དོར་བའི་རུས་པ་རྣམས། །གོད་ཟག་མེད་པར་ཕྱོགས་གཅིག་ཏུ་སྤུངས་ན་རི་རབ་ལྷུན་པོ་དང་མཉམ་པ་ཡང་ཇི་སྙེད་ཅིག་སྟེ་གྲངས་ལས་འདས་པར་འགྱུར་ཞིང༌། སླར་ཡང་འཁོར་བ་མཐའ་མེད་པར་གྱུར་པས། རུས་པའི་ཕུང་པོ་ཟད་པར་མི་འགྱུར་རོ། །བཞི་པ་ཡང་ཡང་ཕུང་པོ་ལེན་པས་སྡུག་བསྔལ་བ་ནི། མ་ཡི་ཐུག་མཐའ་རྒྱུ་ཤུག་ཚིག་གུ་ཙམ། །རི་ལུར་བགྲངས་ཀྱང་ས་ཡི་ལང་མི་འགྱུར། །སེམས་ཅན་གཅིག་གིས་བདག་ཉིད་ཀྱི་མ་བྱས་པའི་གྲངས་ལ་ས་ཆེན་པོ་འདི་འདམ་དུ་བྱས་ནས། རྒྱ་ཤུག་གི་འབྲས་བུའི་ཚིག་གུ་ཙམ་གྱི་རིལ་བུའི་གྲངས་ཀྱིས་གཞལ་བར་བྱས་ཏེ་བགྲངས་


TNT21_Page_1082
[མ་དཔེ་གཟིགས་ན་འདིར་གནོན།]

ན་ས་ཡི་ལང་བར་མི་འགྱུར་ཏེ། ས་གཞི་འདི་ཟད་པར་འགྱུར་ལ། མའི་ཕ་མཐའ་ནི་རྫོགས་པར་མི་འགྱུར་རོ། །ལྔ་པ་མཐོ་དམན་དུ་གྱུར་པས་སྡུག་བསྔལ་བ་ལ། ལྷ་དང་མིའི་དཔལ་འབྱོར་ཕུན་སུམ་ཚོགས་པ་འཇིག་པར་འགྱུར་བས་སྡུག་བསྔལ་བ་ནི། བརྒྱ་བྱིན་འཇིག་རྟེན་མཆོད་འོས་གྱུར་ནས་ནི། །ལས་ཀྱི་དབང་གིས་ཕྱིར་ཡང་ས་སྟེང་ལྷུང༌། །འཁོར་ལོས་བསྒྱུར་བ་ཉིད་དུ་གྱུར་ནས་ཀྱང༌། །འཁོར་བ་དག་ཏུ་ཡང་བྲན་ཉིད་དུ་འགྱུར། །ས་འོག །ས་སྟེང༌། ས་བླ་གསུམ་གྱི་ཀླུ་དང་གནོད་སྦྱིན་དང་ལྷ་དང་བཅས་པའི་འཇིག་རྟེན་གྱིས་མཆོད་པར་འོས་པའི་ལྷའི་དབང་པོ་བརྒྱ་བྱིན་དུ་གྱུར་ནས་ནི་སླར་ཡང་ས་སྟེང་དུ་བྲན་གྱི་ཐ་མ་ལ་སྐྱེ་བ་དང༌། ངན་སོང་དུ་སྐྱེ་བར་འགྱུར་བ་ཡང་ཡོད་ལ། འཁོར་ལོས་བསྒྱུར་བའི་རྒྱལ་པོ་ཚེ་ལོ་བརྒྱད་ཁྲི་ལ་སོགས་པ་འཚོ་བ་དབང་ཐང་གླིང་བཞི་ནས་གླིང་གཅིག་གི་བར་ཅི་རིགས་པར་མངལ་བསྒྱུར་བ་དང༌། ལོངས་སྤྱཽད་རྒྱལ་སྲིད་རིན་པོ་ཆེ་སྣ་བདུན་ལ་སྤྱཽད་པ་ཉིད་དུ་གྱུར་ནས་ཀྱང༌། སླར་འཁོར་བའི་གནས་དག་ཏུ་བྲན་གྱི་ཐ་མ་ཉིད་དུ་འགྱུར་བ་ཡོད་པས། ལྷ་མིའི་འབྱོར་པ་ཕུན་སུམ་ཚོགས་པ་ཐོབ་པ་ཡང་མི་རྟག་ཅིང་ཡིད་བརྟན་མེད་པ་འགྱུར་བའི་རང་བཞིན་ཅན་ཡིན་ནོ། །གྲོགས་ཀྱི་བདེ་བ་ལ་ཡིད་བརྟན་མེད་ཅིང་འགྱུར་བར་བསྟན་པ་ནི། མཐོ་རིས་བུ་མོའི་ནུ་མ་སྐེད་པ་ལ། །རེག་པའི་བདེ་བ་ཡུན་རིང་མྱོང་ནས་སླར། །དམྱལ་བར་འཐག་གཅོད་དབང་བའི་འཁྲུལ་འཁོར་གྱིས། །རེག་པ་ཤིན་ཏུ་མི་བཟད་བརྟེན་འཚལ་ལོ། །མཐོ་རིས་ནི་ལྷ་མི་ཐམས་ཅད་ཡིན་ཡང༌། སྐབས་


TNT21_Page_1083
[མ་དཔེ་གཟིགས་ན་འདིར་གནོན།]

འདིར་ལྷ་ལ་མཐོ་རིས་ཞེས་པ་འཇིག་རྟེན་དུ་གྲགས་པ་ལྟར་དུ་བརྗོད་ནས། དེ་ལྟ་བུའི་ལྷའི་བུ་མོའི་ནུ་མ་དང་སྐེད་པ་ལ་རེག་པའི་བདེ་བ་ཡུན་རིང་དུ་ཉམས་སུ་མྱོང་བར་བྱས་ཀྱང༌། དེ་དག་གནས་ཚེ་འཕོས་པ་ན། དམྱལ་བར་རི་གཉིས་ཀྱི་བར་དུ་འཐག་པ་དང༌། དམྱལ་བསྲུང་རྣམས་ཀྱིས་ལུས་དུམ་བུར་གཅོད་པ་དང༌། དབང་པ་སྟེ་དམྱལ་བསྲུང་དང་དམྱལ་བའི་སེམས་ཅན་གཅན་གཟན་དང༌། བྱའི་གཟུགས་མ་རུངས་པ་གདུག་པ་ཅན་རྣམས་ཀྱིས་ལུས་དུམ་བུར་འཐོར་ཞིང༌། དབང་ལ་ཟ་བ་བར་བྱེད་པས། སྡུག་བསྔལ་གྱི་རེག་པ་ཤིན་ཏུ་མི་བཟད་པ་ཉམས་སུ་མྱོང་ཞིང་བརྟེན་པར་འགྱུར་རོ། །གནས་ཀྱི་བདེ་བ་འགྱུར་བར་བསྟན་པ་ནི། རྐང་པས་རེག་པས་ནེམས་པར་བདེ་བཟོད་པ། །ལྷུན་པོའི་སྤོ་ལ་ཡུན་རིང་གནས་ནས་ནི། །སླར་ཡང་མེ་མུར་རོ་མྱགས་རྒྱུ་བ་ཡི། །སྡུག་བསྔལ་མི་བཟོད་འཕོག་སྙམ་བགྱི་འཚལ་ལོ། །ལྷུན་པོའི་ངོས་དང་རྩེ་ལ་གནས་པའི་ལྷ་རྣམས་ཀྱི་གནས་ཀྱི་ས་གཞི་རིན་པོ་ཆེའི་རང་བཞིན་ཅན་རེག་པ་བདེ་བ། སྲིན་བལ་གྱི་འདབ་མ་ལྟར་འཇམ་ཞིང་མཉེན་པ་རྐང་པས་རེག་ཅིང་མནན་པ་ན་ནེམས་པ་དང༌། བཏེགས་པ་ན་འཕར་བ་སྙམ་ཞིག་བྱེད་པ་དེ་ལྟ་བུའི་གནས་ཀྱི་བདེ་བ་བཟོད་ཅིང་ཉམས་སུ་མྱོང་ནས་ཡུན་རིང་གནས་ཀྱང་ཚེ་འཕོས་པ་ནས་དམྱལ་བར་མེ་མ་མུར་ཏེ་


TNT21_Page_1084
[མ་དཔེ་གཟིགས་ན་འདིར་གནོན།]

མེ་འདག་གི་འོབས་སུ་ལུས་བྱིང་བ་དང་མི་གཙང་བའི་རང་བཞིན་ཅན་རོ་མྱགས་ཀྱི་འདམ་དུ་བྱིངས་ཤིང༌། སྲིན་བུ་ལྕགས་ཀྱི་མཆུ་ཅན་གྱིས་ལུས་དཀྲོལ་བར་བྱེད་པ་ལ་སོགས་པ་སྡུག་བསྔལ་མི་བཟད་པ་འཕོག་པ་སྟེ་ཐོག་ཏུ་འབབ་པར་འགྱུར་རོ་སྙམ་དུ་ཤེས་པར་བྱའོ། །མཐོ་རིས་ཀྱི་དགའ་ཚལ་ལ་ལོངས་སྤྱཽད་པའི་བདེ་བ་འགྱུར་བར་བསྟན་པ་ནི། མཐོ་རིས་བུ་མོས་འབྲོངས་ཤིང་དགའ་བ་དང༌། །རྣམ་པར་མཛེས་ཚལ་སོན་པར་རྩེས་ནས་སླར། །འདབ་མ་རལ་གྲི་འདྲ་ཚལ་གནས་རྣམས་ཀྱིས། །རྐང་ལག་རྣ་བ་སྣ་གཅད་འཐོབ་པར་འགྱུར། །མཐོ་རིས་ལྷའི་བུ་མོས་འབྲོངས་པ་སྟེ་གུས་པར་བསྟེན་པ་ཡིད་རབ་ཏུ་དགའ་བ་དང་བཅས་པས་རྣམ་པར་མཛེས་པའི་ལྷའི་སྐྱེད་མོའི་ཚལ་དུ་སོན་པ་སྟེ་ཕྱིན་ནས། རྩེ་བའི་བདེ་བ་ཉམས་སུ་མྱོང་བར་བྱས་ཀྱང༌། ཤི་བའི་འོག་ཏུ་སླར་ཡང་རལ་གྲི་ལོ་མའི་ནགས་ཚལ་གྱི་དམྱལ་བར་སྐྱེས་ནས། རལ་གྲི་ལ་སོགས་པའི་མཚོན་རྣོན་པོ་འདྲ་བའི་འདབ་མ་རྣམས་རླུང་གིས་བསྐྱོད་ནས་ཆར་བཞིན་དུ་འབབ་པའི་མཚོན་ཆ་རྣམས་ཀྱིས་ནི། རྐང་པ་ལག་པ་ལ་སོགས་པའི་ཡན་ལག་དང་རྣ་བ་དང་སྣ་ལ་སོགས་པ་རྣམས་གཅོད་པའི་སྡུག་བསྔལ་ཉམས་སུ་མྱོང་བར་བྱེད་དོ། །ཁྲུས་ཀྱི་རྫིང་བུ་ལ་ལོངས་སྤྱོད་པའི་བདེ་བ་འགྱུར་བར་བསྟན་པ་ནི། དལ་གྱི་འབབ་པ་ལྷ་ཡི་བུ་མོ་ནི། །གདོང་མཛེས་གསེར་


TNT21_Page_1085
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་པདྨ་ལྡན་ཞུགས་ནས། །སླར་ཡང་དམྱལ་བར་ཆུ་བོ་རབ་མེད་པར། །ཚཱ་སྒོ་བཟོད་གླགས་ཆུ་ཚན་འཇུག་འཚལ་ལོ། །ལྷའི་ཆུ་བོ་དལ་གྱིས་འབབ་པ་དང༌། རྫིང་བུ་དལ་གྱིས་འབབ་པ་ཞེས་བྱ་བ་རྣམས་ཁ་དོག་དྲི་རོ་ཡིད་དུ་འོང་བ་དང་ལྡན་པ། རེག་ན་བདེ་བར་གསེར་གྱི་པདྨ་ལ་སོགས་པས་རྣམ་པར་བརྒྱན་པ་དང་ལྡན་པའི་ཁྲུས་ཀྱི་རྫིང་བུར་ལྷའི་བུ་མོ་གདོང་མཛེས་དང་ལྷན་ཅིག་ཏུ་ཁྲུས་ལ་ཞུགས་པའི་བདེ་བ་བསྟེན་པར་བྱས་ཀྱང༌། ཤི་བའི་འོག་ཏུ་སླར་ཡང་དམྱལ་བར་ཐལ་ཚན་གྱི་ཆུ་བོ་གཏིང་རིང་བས་རབ་མེད་པ། འགྱུར་བྱེད་ཀྱི་ཆུ་ཚན་ཚཱ་སྒོ་ཅན་དུ་གྱུར་པ་བཟོད་པར་དཀའ་བ་དེར་འཇུག་དགོས་ཤིང་ཤ་རུས་བྲལ་བའི་སྡུག་བསྔལ་ཡུན་རིང་དུ་ཉམས་སུ་མྱོང་བར་བྱེད་དོ། ཁམས་གསུམ་གྱི་ལྷའི་གོ་འཕང་ཐོབ་པ་ལ་ཡིད་བརྟན་མེད་པར་བསྟན་པ་ནི། ལྷ་ཡུལ་འདོད་དེ་ཤིན་ཏུ་ཆེན་པོ་དང༌། །ཚངས་ཉིད་ཆགས་བྲལ་བདེ་བ་ཐོབ་ནས་སླར། །མནར་མེད་མེ་ཡི་བུད་ཤིང་གྱུར་པ་ཡི། །སྡུག་བསྔལ་རྒྱུན་མི་འཆད་པ་བསྟེན་འཚལ་ལོ། །འདོད་ཁམས་ཀྱི་ལྷ་རྣམས་ལྷ་ཡུལ་གྱི་འདོད་པའི་ཡོན་ཏན་ཕུན་སུམ་ཚོགས་པ་ལ་ལོངས་སྤྱཽད་པའི་བདེ་བ་ཤིན་ཏུ་ཆེན་པོར་གྲགས་པ་དང༌། འདི་འདོད་ཡོན་ལ་ཆགས་པ་མངོན་འགྱུར་བ་དང་བྲལ་བ་བསམ་གཏན་གྱི་ཏིང་ངེ་འཛིན་གྱི་བདེ་བ་ཐོབ་པ་ཚངས་པ་ཉིད་ཀྱང༌། སླར་


TNT21_Page_1086
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་འཕོས་ནས་དམྱལ་བ་མནར་མེད་པར་སྐྱེ་བ་ཡོད་པས། ལུས་དམྱལ་བའི་མེའི་བུད་ཤིང་དུ་གྱུར་པའི་སྡུག་བསྔལ་རྒྱུན་མི་འཆད་པ་བསྟེན་པར་བྱེད་དགོས་སོ། །འདོད་པའི་ལྷ་རྣམས་ཀྱིས་འདོད་ཡོན་ལ་སྤྱོད་ཚུལ་ནི། རྒྱལ་ཆེན་བཞིའི་རིགས་ཀྱི་ལྷ། སུམ་ཅུ་རྩ་གསུམ་པ། འཐབ་བྲལ་བ། དགའ་ལྡན་པ་རྣམས་ནི་ཉེ་བར་གནས་པའི་ལོངས་སྤྱོད་ལ་དབང་བསྒྱུར་བར་བྱེད། འཕྲུལ་དགའ་བ་ནི། དེ་སྟེང་དུ་རང་གིས་སྤྲུལ་བའི་འདོད་ཡོན་ལ་ལོངས་སྤྱོད་པར་བྱེད། གཞན་འཕྲུལ་དབང་བྱེད་ནི། རང་གིས་སྤྲུལ་པར་མ་ཟད། གཞན་གྱིས་སྤྲུལ་པའི་ལོངས་སྤྱོད་ལ་ཡང་ལོངས་སྤྱོད་པར་བྱེད་པ་ཡིན་ནོ། །འཇིག་རྟེན་པ་རྣམས་ལ་མངོན་དུ་གྱུར་ཅིང་གྲགས་ཆེ་བའི་དབང་དུ་བྱས་ནས། ཀུན་ཏུ་རྒྱུ་བའི་ལྷ་རྣམས་ཀྱི་འབྱོར་པ་ལ་ཡིད་བརྟན་མེད་པར་བསྟན་པ་ནི། ཉི་མ་ཟླ་བ་ཉིད་ཐོབ་རང་ལུས་ཀྱི། །འོད་ཀྱིས་འཇིག་རྟེན་མཐའ་དག་སྣང་བྱས་ཏེ། །སླར་ཡང་མུན་ནག་སྨག་ཏུ་ཕྱིན་གྱུར་ནས། །རང་གི་ལག་པ་བརྐྱངས་པའང་མི་མཐོང་འགྱུར། །ཉི་མ་དང་ཟླ་བའི་ལྷར་སྐྱེས་པ་ནི་ཉི་ཟླའི་གོ་འཕང་ཉིད་ཐོབ་པ་སྟེ་དེ་དག་ལས་ཀྱི་ནུས་པའི་གཟི་བྱིན་རང་ལུས་ཀྱི་འོད་ཀྱིས་འཇིག་རྟེན་མཐའ་དག་སྣང་བར་བྱེད་པའི་བསོད་ནམས་དང་ལྡན་པ་ཡང༌། སླར་ཡང་གླིང་བར་གྱི་མུན་པ་དང༌། ས་འོག་གི་དམྱལ་བའི་མུན་པ་སྨག་རུམ་འཐུག་པོར་སྐྱེ་བ་འཕོས་པ་ན།


TNT21_Page_1087
[མ་དཔེ་གཟིགས་ན་འདིར་གནོན།]

རང་ཉིད་ཀྱི་ལག་པ་བརྐྱངས་པ་ཙམ་ཡང་མི་མཐོང་བའི་སྡུག་བསྔལ་ཉམས་སུ་མྱོང་བར་བྱེད་དོ། །དྲུག་པ་གཅིག་པུ་གྲོགས་མེད་པས་སྡུག་བསྔལ་བ་ནི། དེ་ལྟར་ནོངས་པར་འགྱུར་འཚལ་བསོད་ནམས་ནི། །རྣམ་གསུམ་མར་མེའི་སྣང་བ་རབ་བཞེས་ཤིག །གཅིག་པུ་ཟླ་བ་ཉི་མས་མི་བརྫི་པའི་མུན་ནག་མཐའ་ཡས་ནང་དུ་འཇུག་འཚལ་ལོ། །མྱུར་དུ་ནོངས་པ་སྟེ་འཆི་བར་འགྱུར་རོ། །དེ་ཡང་འཆི་བའི་དུས་ན་རང་ཉིད་གཅིག་པུར་འཆི་བ་དང༌། སྐྱེ་བ་ལེན་པ་ཡང་རང་ཉིད་གཅིག་པུར་ལེན་པ་དང༌། ལས་གསོག་པ་ཡང་རང་ཉིད་གཅིག་པུས་གསོག་པ་དང༌། རྣམ་སྨིན་མྱོང་བ་ཡང་རང་ཉིད་གཅིག་པུས་མྱོང་བ་སྟེ། དེ་ལྟར་གྲོགས་མེད་པར་གཅིག་པུར་ཉི་མ་དང་ཟླ་བས་བརྫི་བར་མི་ནུས་པ་སྡུག་བསྔལ་གྱི་མུན་ནག་མཐའ་ཡས་པའི་ནང་དུ་འཇུག་པར་བྱེད་པས། དེ་ལྟ་བུའི་མུན་པ་སེལ་བའི་བསོད་ནམས་རྣམ་པ་གསུམ་གྱི་སྒྲོན་མེ་ལག་ཏུ་ལོང་པར་མཛོད་ཅིག །དེ་ཡང་བསོད་ནམས་རྣམ་པ་གསུམ་ནི། སྦྱིན་པ་ལས་བྱུང་བའི་བསོད་ནམས། ཚུལ་ཁྲིམས་ལས་བྱུང་བའི་བསོད་ནམས། བསྒོམས་པ་ལས་བྱུང་བའི་བསོད་ནམས་གསུམ་ལས། དང་པོ་གཉིས་ནི་གོ་སླ་ཞིང༌། གསུམ་པ་ནི། དད་པ། ངེས་འབྱུང། སྙིང་རྗེ། བཟོད་པ་ལ་སོགས་པ་རྣམས་སྒོམ་པར་བྱེད་པ་ཡིན་ཞིང༌། སྟོང་པ་ཉིད་བསྒོམ་པ་ནི་ཡེ་ཤེས་ཀྱི་


TNT21_Page_1088
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་ཡིན་པས། སྐབས་འདིར་བགྲང་བ་ཡིན་ནོ། །འགྲོ་བ་སོ་སོའི་སྡུག་བསྔལ་ལས། དམྱལ་བའི་སྡུག་བསྔལ་བཤད་པ་ལ་རྒྱུ་དང་དབྱེ་བ་བསྟན་པ་ནི། སེམས་ཅན་ཉེས་པ་སྤྱད་པ་སྤྱོད་རྣམས་ལ། །ཡང་སོས་ཐིག་ནག་རབ་ཏུ་ཚ་བ་དང༌། །བསྡུས་འཇོམས་ངུ་འབོད་མནར་མེད་ལ་སོགས་པའི། །དམྱལ་བ་རྣམས་སུ་རྟག་ཏུ་སྡུག་བསྔལ་འགྱུར། །སེམས་ཅན་གང་ཞིག་གིས་ཉེས་པར་སྤྱད་པ་མི་དགེ་བ་བཅུ་བསྟེན་ཅིང་གོམས་པ་ལན་མང་དུ་བྱེད་པ་སྟེ། ལུས་ངག་གི་སྤྱོད་པས་བསྟེན་ཅིང་ཡིད་ཀྱིས་བསྒོམ་པ་དང༌། ལན་མང་དུ་བསགས་ཤིང་སྤྱད་པས་དམྱལ་བའི་འགྲོ་བར་འཕེན་པར་བྱེད་པ་ཡིན་ཅིང༌། དེ་ལ་དབྱེ་ན། ཡང་སོས། ཐིག་ནག །བསྡུས་འཇོམས། ངུ་འབོད་རབ་ཏུ་ཚ་བ། མནར་མེད་དེ་དངོས་སུ་བསྟན་པ་ཚ་དམྱལ་དྲུག་དང༌། ཤུགས་ལ་འཕངས་པ་ངུ་འབོད་སྨོས་པས་ངུ་འབོད་ཆེན་པོ་དང༌། རབ་ཏུ་ཚ་བ་སྨོས་པས་ཚ་བ་རྣམས་ཏེ་ཚ་དམྱལ་བརྒྱད་དང༌། སོགས་ཁོང་ནས་གྲང་དམྱལ་བརྒྱད། དམྱལ་བ་ཉེ་འཁོར་དང་ཉེ་ཚེ་བ་རྣམས་ཏེ། དམྱལ་བ་དེ་རྣམས་སུ་ཡུན་རིང་དུ་སྡུག་བསྔལ་ཉམས་སུ་མྱོང་བར་འགྱུར་རོ། །ཡང་སོས་ཐིག་ནག་བསྡུས་འཇོམས་དང༌། །ངུ་འབོད་ངུ་འབོད་ཆེན་པོ་སྟེ། །ཚ་བ་རབ་ཚ་མནར་མེད་པའོ། །ཞེས་བསྡོམས་སུ་བཤད་པ་ལྟར་ཚ་དམྱལ་བརྒྱད་དོ། །དམྱལ་བ་དེ་རྣམས་སུ་སྡུག་བསྔལ་


TNT21_Page_1089
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སྤྱོད་ཚུལ་བསྟན་པ་ལས། དམྱལ་བ་བསྡུས་འཇོམས་ནི། ཁ་ཅིག་ཏིལ་བཞིན་འཚིར་ཏེ་དེ་བཞིན་གཞན། །ཕྱི་མ་ཞིབ་མོ་བཞིན་དུ་ཕྱེ་མར་འཐག །དམྱལ་གནས་ཁ་ཅིག་ན་ལྕགས་ཀྱི། གཏུན་རྒྱ་ཆེ་བ་དཔག་ཚད་དུ་མ་ཡོད་པའི་སྟེང་དུ། གཤིན་རྗེའི་སྐྱེས་བུ་རྣམས་ཀྱིས་སེམས་ཅན་གྱི་བྱེ་བྲག་ཁ་ཅིག་མང་དུ་བསྡུས་པ་ལྷན་ཅིག་ཏུ་ལྕགས་ཀྱི་རིས་ཏིལ་བརྡུང་བ་བཞིན་དུ་འཚིར་བར་བྱེད་དོ། །གཞན་ཡང་དམྱལ་བའི་འགྲོ་བ་གཅིག་དང་དུ་མ་ལ་སོགས་པ་གང་ཡང་རུང་བ་ལྕགས་ཀྱི་འཁྲུལ་འཁོར་དང་རི་གཉིས་ཀྱི་བར་དུ་སྨན་གྱིས་ཕྱེ་མ་ཞིབ་མོ་བཞིན་དུ་ཕྱེ་མ་འཐག་པར་བྱེད་པའོ། །ཐིག་ནག་ནི། ཁ་ཅིག་སོག་ལེས་འདྲལ་ཏེ་དེ་བཞིན་གཞན། །སྟ་རེ་མི་བཟད་སོ་རྣོན་རྣམས་ཀྱིས་གཤེག །ཁ་ཅིག་གིས་ལུས་ལ་ཐིག་ནག་པོ་བརྒྱད་དམ། བཅུ་དྲུག་གམ་སོ་གཉིས་ལ་སོགས་པ་སྣ་ཚོགས་པ་བཏབ་ནས་ཤིང་གཏུབས་པ་བཞིན་དུ་སོག་ལེས་འབྲེག་པ་དང༌། སྟ་རེ་སོ་རྣོན་མི་བཟད་པས་གཤོག་པར་བྱེད་པའོ། །ངུ་འབོད་ནི། དེ་བཞིན་གཞན་དག་ཁྲོ་ཆུ་བཞུ་བ་ཡི། ཁུ་བ་འབར་བ་འཁྲིགས་པ་ལྡུད་པར་བགྱི། ཁྲོ་ཆུ་བཞུ་བ་མེ་ལྕེ་འབར་བ་འཁྲིགས་པ་ཆུ་སོགས་བཏུང་བ་བཞིན་དུ་ལྡུད་པར་བྱེད་པ་དང༌། ལྕགས་ཀྱི་ཐོ་ལུམ་མེ་འབར་བ་ཟས་སུ་སྟེར་བས། ནང་ཁྲོལ་ལ་སོགས་པ་བསྲེགས་པའི་སྡུག་བསྔལ་མི་བཟད་པ་ཉམས་སུ་མྱོང་


TNT21_Page_1090
[མ་དཔེ་གཟིགས་ན་འདིར་གནོན།]

བར་འགྱུར་བ་སྟེ། མངོན་པ་རྣམས་ལས། ལྕགས་ཀྱི་ཁང་པ་ཉིས་རིམ་མམ། གཅིག་ཏུ་བཅུག་ནས་སྲེག་པར་ཡང་བྱེད་དོ། །རབ་ཏུ་ཚ་བ་ནི། ཁ་ཅིག་ལྕགས་ཀྱི་གསལ་ཤིང་རབ་འབར་བ། །ཚེར་མ་ཅན་ལ་ཀུན་ཏུ་བརྒྱུས་པར་བགྱི། །ལྕགས་ཀྱི་གསལ་ཤིང་ཚེར་མ་ཅན་མེ་འབར་བ་ལས་ཕུག་ཅིང་ཀུན་ཏུ་བརྒྱུས་པར་བྱེད་པ་སྟེ། གོང་དུ་བསྟན་པའི་ངུ་འབོད་དང༌། རབ་ཏུ་ཚ་བ་གཉིས་ཀྱི་ཤུགས་ལ། ངུ་འབོད་ཆེན་པོ་དང་ཚ་བ་གཉིས་ཀྱང་བསྟན་པ་ཡིན་ཏེ་སྡུག་བསྔལ་ཆེ་ཆུང་ཙམ་མ་གཏོགས་རྣམ་པ་མཚུངས་པའོ། །ཡང་སོས་དང་མནར་མེད་ཀྱི་སྡུག་བསྔལ་དངོས་སུ་མ་བཤད་པ་ནི། མནར་མེད་དུ་ཚ་དམྱལ་གཞན་གྱི་སྡུག་བསྔལ་དེ་དག་ཐམས་ཅད་འབྱུང་བ་དང༌། ཡང་སོས་སུ་ནི་ཅི་རིགས་པར་འབྱུང་བས། ལྕི་ཡང་ཙམ་མ་གཏོགས་རིགས་མཚོན་པར་གོ་བས་ཟུར་དུ་མ་སྨོས་པའོ། །དམྱལ་བའི་གནས་དེ་དག་ཏུ་མ་ངེས་པ་འབྱུང་བའི་སྡུག་བསྔལ་གྱི་རྣམ་གྲངས་བསྟན་པ་ནི། ཁ་ཅིག་ལྕགས་ཀྱི་མཆེ་བ་ལྡན་པའི་ཁྱི། །གཏུམ་པོས་དབང་ཅིང་ལག་པ་གནམ་དུ་བསྒྲེང༌། །དབང་མེད་གཞན་དག་ལྕགས་མཆུ་རྣོན་པོ་དང༌། །སེན་མོ་མི་བཟད་ལྡན་པའི་ཁྭ་རྣམས་འཐོག །ལྕགས་ཀྱི་མཆེ་བ་མི་བཟད་པ་དང་ལྡན་པའི་ཁྱི་གཏུམ་པོས་ལྕགས་ཀྱི་ཐང་ལ་འདེད་ཅིང་ཟིན་ནས་ལུས་རབ་ཏུ་


TNT21_Page_1091
[མ་དཔེ་གཟིགས་ན་འདིར་གནོན།]

བྲལ་ཏེ་ཟ་བར་བྱེད་པ་དང༌། གཞན་ཡང་བྲོས་ནས་ཤལ་མ་ལའི་སྡོང་པོར་འཛེགས་པ་ན། རྗེས་སུ་རྒྱུགས་ཏེ། ལག་པ་གནམ་དུ་བསྒྲེང་བའི་སྡེར་མོས་བཟུང་སྟེ། གཅན་གཟན་གཏུམ་པོ་དེ་དག་གིས་དབང་པ་སྟེ་ལུས་དུམ་བུར་གཅོད་ཅིང་ཟ་བར་བྱེད་དོ། །དེས་མཚོན་པའི་གཅན་གཟན་གདུག་པ་ཅན་སྣ་ཚོགས་ཀྱི་འཇིགས་པ་ཆེན་པོ་དང༌། གཞན་ལྕགས་ཀྱི་མཆུ་དང་སྡེར་མོ་རྣོན་པོ་མི་བཟད་པ་དང་ལྡན་པའི་ཁྭ་ཏས་དབང་མེད་དུ་བཟུང་ནས་ལུས་ཀྱི་ཤ་དུམ་བུར་འཐོག་ཅིང་འཐོར་བར་བྱེད་པའོ། །དེས་མཚོན་པའི་བྱའི་ཚོགས་མ་རུངས་པ་སྣ་ཚོགས་པའི་འཇིགས་པ་འབྱུང་ངོ༌། ཁ་ཅིག་སྲིན་བུ་སྦུར་བ་སྣ་ཚོགས་དང༌། །ཤ་སྦྲང་སྦྲང་མ་ནག་པོ་ཁྲི་ཕྲག་དག །རེག་ན་མི་བཟད་རྨ་སྲོལ་ཆེར་འབྱིན་པའི། །ཟ་བར་བགྱིད་ཅིང་འདྲེ་ལྡོག་སྨྲེ་སྔགས་འདོན། །སྲོག་ཆགས་ཕྲ་མོའི་འཇིགས་པ་ཡང་ལྕགས་དང་ཁྲོ་ཆུའི་རང་བཞིན་ཅན་གྱི་སྲིན་བུ་དང༌། སྦུར་པ་སོགས་སྣ་ཚོགས་དང༌། ཤ་སྦྲང་དང༌། སྦྲང་མ་ནག་པོ་སྟེང་དུག་སྦྲང་ཕྲ་མོ་ཁྲི་ཕྲག་དག་གི་རེག་པ་ཙམ་ཀྱིས་མི་བཟད་པའི་རྨ་སྲོལ་ཆེར་འབྱིན་པར་བྱེད་པས་ཟ་བར་བྱེད་པ་ན། འདྲེ་ལྡོག་དང་སྨྲེ་སྔགས་འདོན་པའི་སྡུག་བསྔལ་ཉམས་སུ་མྱོང་བར་བྱེད་པ་དེ་རྣམས་ནི། གཅན་གཟན་དང༌། བྱ་དང༌། སེམས་ཅན་ཕྲ་མོ་རྣམས་


TNT21_Page_1092
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་འཇིགས་པ་བསྟན་པའོ། ཁ་ཅིག་མདག་མེ་འབར་བའི་ཚོགས་སུ་ནི། རྒྱུན་མི་འཆད་པར་རབ་བསྲེག་ཁ་ཡང་བགྲད། ཁ་ཅིག་ལྕགས་ལས་བྱས་པའི་ཟངས་ཆེན་དུ། །སྤྱི་ཚུགས་འབྲས་ཀྱི་ཅུང་སེང་བཞིན་དུ་འཚེད། མེ་མདག་དང་མེ་རབ་ཏུ་འབར་བས་ཤིང་འགལ་དུམ་མེ་ལ་བསྲེག་པ་བཞིན་དུ། བར་མཚམས་མེད་པར་བསྲེགས་པས་ཁ་བགྲད་ནས་ངན་སྐད་ཆོ་ངེ་འདོན་པར་བྱེད་དོ། །གཞན་ཡང་ལྕགས་ལས་བྱས་པའི་ཟངས་ཆེན་ཏེ། ཟངས་འདྲའི་གཟུགས་དཔག་ཚད་དུ་མ་ཡོད་པར་དམྱལ་བའི་སེམས་ཅན་མང་དུ་འཚེད་པ་ནི་འབྲས་ཀྱི་ཅུང་སེང་དེ། འབྲས་བཀྲུས་ཤིང་སྤངས་པ་ཆུ་ཁོལ་མར་བཙོས་པས་སྟེང་འོག་ཕྱོགས་མཚམས་ཐམས་ཅད་དུ་རྒྱུག་ཅིང་བུན་ལོང་དུ་གཡོ་བར་བྱེད་པ་ལྟར་འཚེད་པས་སྡུག་བསྔལ་གྱི་ཚོར་པ་མི་བཟད་པ་སྣ་ཚོགས་དང་ལྡན་པ་ཡིན་ནོ། །དེ་དག་ནི་མེས་བསྲེག་པ་དང་འཚེད་པའི་སྡུག་བསྔལ་བསྟེན་པའོ། །འདིར་གྲང་དམྱལ་དང༌། ཉེ་འཁོར་ཉེ་འཚེ་བ་རྣམས་ཀྱི་སྡུག་བསྔལ་མ་བཤད་པ་ནི། དེ་རྣམས་དམྱལ་བའི་གནས་རྒྱུ་ཆུང་བ་དང༌། སེམས་ཅན་སྐྱེ་བ་ཉུང་བས་གཙོ་ཆུང་བའི་ཕྱིར་མ་སྨོས་ལ། ཚ་དམྱལ་རྣམས་གཙོ་ཆེ་བས་སྨོས་པ་ཡིན་ནོ། །དམྱལ་བའི་སྡུག་བསྔལ་དེ་དག་རིང་བས་འཕྲལ་དུ་མི་འབྱུང་བ་ཡིན་ནམ་སྙམ་ན། ཁད་ཉེ་བར་བསྟན་པ་ནི། སྡིག་ཅན་དབུགས་འབྱུང་འགག་པ་


TNT21_Page_1093
[མ་དཔེ་གཟིགས་ན་འདིར་གནོན།]

ཙམ་ཞིག་གིས། །དུས་ཀྱི་བར་དུ་ཆོད་རྣམས་དམྱལ་བ་ཡི། །སྡུག་བསྔལ་གཞལ་ཡས་ཐོབ་ན་རྣམ་སྟོང་དུ། །མི་འཇིགས་གང་ལགས་རྡོ་རྗེའི་རང་བཞིན་ནོ། །སྡིག་པའི་ལས་ནི་བསགས། སྦྱོང་བར་མ་བྱས་པ་མི་སྡིག་ཅན་དེ་དག་དབུགས་མ་འགགས་བར་དུ་མིའི་འཇིག་རྟེན་དང༌། འགགས་ནས་དམྱལ་བའི་སྡུག་བསྔལ་མངོན་དུ་གྱུར་པས། དེ་གཉིས་ཀྱི་བར་དུ་དབུགས་འབྱུང་བ་འགགས་པའི་དུས་ཀྱི་ཆོད་པ་ཙམ་ལས་མེད་ཅིང༌། དེ་ཡང་དབུགས་འགགས་པ་ཉིད་ནས་དེ་མ་ཐག་ཏུ་དམྱལ་བར་སྐྱེ་བ་ཡིན་ནམ་ཅེ་ན་དབུགས་འགགས་ནས་འཆི་སྲིད་དང༌། དེའི་འོག་ཏུ་བར་སྲིད་རྣམས་འབྱུང་བས་དབུགས་འགགས་མ་ཐག་རང་བར་མེད་དུ་དམྱལ་བར་སྐྱེ་བ་མ་ཡིན་ཡང༌། སྡིག་ཅན་རྣམས་ལ་ནི་དབུགས་འགགས་པའི་གནས་སྐབས་དང༌། བར་སྲིད་དུ་དམྱལ་བའི་སྡུག་བསྔལ་གྱི་སྣང་བ་སྔུན་བསུས་ནས་འགོ་རྩོམ་པར་འགྱུར་བ་ཡིན་ཞིང༌། དེ་ལྟ་བུའི་དམྱལ་བའི་སྡུག་བསྔལ་གཞལ་དུ་མེད་པ་དེ་ཉིད་མྱུར་དུ་འབྱུང་བར་ཐོབ་པ་ན། བློ་གྲོས་དང་ལྡན་པ་རྣམས་འཇིགས་ཤིང་ཡིད་སྐྱོ་བར་འགྱུར་བ་རྣམ་པ་སྟོང་སྟེ་མཐའ་ཡས་པར་འགྱུར་ཡང༌། དེ་དག་ཐོས་ནས་མི་འཇིགས་པའི་བླུན་པོ་གང་ཡིན་རྣམས་ནི་སེམས་མེད་པས་སྙིང་སྲ་བ་རྡོ་རྗེའི་རང་བཞིན་ཅན་ལྟ་བུ་ཡིན་ནོ། །དམྱལ་བའི་སྡུག་བསྔལ་ཤུགས་དྲག་པར་བསྟན་


TNT21_Page_1094
[མ་དཔེ་གཟིགས་ན་འདིར་གནོན།]

པ་ནི། དམྱལ་བ་བྲིས་པ་མཐོང་དང་ཐོས་པ་དང༌། །དྲན་དང་བཀླགས་དང་གཟུགས་སུ་བགྱིས་རྣམས་ཀྱང༌། །འཇིགས་པ་བསྐྱེད་པར་འགྱུར་ན་མི་བཟད་པའི། །རྣམ་སྨིན་ཉམས་སུ་མྱོང་ན་སྨོས་ཅི་འཚལ། །དམྱལ་བའི་གཟུགས་རི་མོར་བྲིས་པ་མཐོང་བ་དང༌། དམྱལ་བའི་སྡུག་བསྔལ་གྱི་གཏམ་རྒྱས་པར་བཤད་པ་ཐོས་པ་དང༌། ཐོས་པ་ལྟར་དུ་ཡིད་ལ་དྲན་པ་དང༌། དམྱལ་བའི་སྡུག་བསྔལ་གྱི་གཏམ་གསུང་རབ་ཏུ་བཤད་པ་བཀླགས་པ་དང༌། དམྱལ་བའི་བཀོད་པ་བྲིས་འབུར་གྱི་གཟུགས་དང༌། རྩེད་མོའི་གར་གྱི་རྣམ་པར་སྟོན་པ་ལ་སོགས་པ་གཟུགས་སུ་བགྱིས་པ་སྟེ། དམྱལ་བའི་སྡུག་བསྔལ་གྱི་རྣམ་པ་མཐོང་བ་དང་ཐོས་པ་ཙམ་གྱིས་ཀྱང་ཡིད་སྐྱོ་བ་དང༌། སྐྲག་པ་སྐྱེད་པར་བྱེད་ན་རྣམ་པར་སྨིན་པའི་སྡུག་བསྔལ་མི་བཟད་པ་ཐོག་ཏུ་བབས་ཤིང་ཉམས་སུ་མྱོང་བར་འགྱུར་ན་ལྟ་སྨོས་ཀྱང་ཅི་དགོས་ཏེ། སྤྱི་ལྡོག་ནས་དམྱལ་བའི་སྡུག་བསྔལ་ཐམས་ཅད་ལྷག་པར་དོས་དྲག་པ་ཡིན་ནོ། །དམྱལ་བའི་སྡུག་བསྔལ། ཆེས་ཆེ་བ་ངོས་བཟུང་བ་ནི། བདེ་བ་ཀུན་གྱི་ནང་ན་སྲེད་ཟད་པའི། །བདེ་བའི་བདག་པོ་བགྱིད་པ་ཇི་ལྟ་བར། དེ་བཞིན་སྡུག་བསྔལ་ཀུན་གྱི་ནང་ན་ཡང༌། །མནར་མེད་དམྱལ་བའི་སྡུག་བསྔལ་རབ་མི་ཟད། །བདེ་བ་ཐམས་ཅད་ཀྱི་ནང་ནས་སྲེད་པ་ཟད་པའི་བདེ་བ་ནི་དགྲ་བཅོམ་པའི་གནས་སྐབས་ཐོབ་


TNT21_Page_1095
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ་སོགས་པ་ཁམས་གསུམ་གྱི་ཉོན་མོངས་པ་སྤངས་པའི་བདེ་བ་དེ་ནི་བདེ་བ་ཐམས་ཅད་ཀྱི་བདག་པོ་སྟེ། མཆོག་གམ་གཙོ་བོར་གྱུར་པའི་མཐར་ཐུག་པ་ཡིན་ལ། དེ་ཇི་ལྟ་བ་དེ་བཞིན་དུ་འཁོར་བའི་སྡུག་བསྔལ་རྣམས་ཀྱི་ནང་ནས་དམྱལ་བའི་སྡུག་བསྔལ་སྤྱི་ཙམ་ཡང་དོས་དྲག་པ་དང༌། ཁྱད་པར་མནར་མེད་པའི་དམྱལ་བའི་སྡུག་བསྔལ་ནི་རབ་ཏུ་མི་ཟད་པའི་སྡུག་བསྔལ་གྱི་མཐར་ཐུག་པ་ཡིན་ནོ། །དམྱལ་བའི་སྡུག་བསྔལ་ཆུང་ངུ་ལ་ཡང་སྡུག་བསྔལ་གཞན་གྱིས་མཚོན་མི་ནུས་པར་བསྟན་པ་ནི། འདི་ན་ཉིན་གཅིག་མདུང་ཐུང་སུམ་བརྒྱ་ཡི། །རབ་ཏུ་དྲག་བཏབ་སྡུག་བསྔལ་གང་ལགས་པ། །དེས་ནི་དམྱལ་བའི་སྡུག་བསྔལ་ཆུང་ངུ་ལའང༌། །འོལ་ཡང་མི་བརྗིད་ཆར་ཡང་མི་ཕོད་དོ། །འཇིག་རྟེན་འདི་ན་མི་ཞིག་གི་ལུས་ལ་ཉིན་གཅིག་ལ་མདུང་ཐུང་གསུམ་བརྒྱས་རབ་ཏུ་དྲག་ཏུ་བཏབ་པ་མ་ཤི་བར་སྡུག་བསྔལ་གྱི་ཚོར་བ་ཉམས་སུ་མྱོང་བ་གང་ཡིན་པ་དེས་ནི་དམྱལ་བའི་སྡུག་བསྔལ་ཆུང་ངུ་ཞིག་ལའང་བསྒྲུན་དུ་མེད་པ་ཡིན་ཏེ། དེ་ལྟ་བུའི་སྡུག་བསྔལ་གྱིས་དམྱལ་བའི་སྡུག་བསྔལ་ལ་འོལ་ཡང་མི་བགྱིད་པ་སྟེ། དེ་ལ་འོལ་ཇི་ནི་ཕྱོགས་འདྲ་ལ་ཟེར་བ་ཡིན་པ་ལས། དེ་ལྟར་ཕྱོགས་འདྲ་བ་ཙམ་ཡང་མིན་པ་དང༌། དུམ་བུ་བརྒྱའི་ཆར་ཡང་མི་ཕོད་པ་སྟེ་ཆ་ཤས་དང་མཉམ་པ་ཡང་མ་ཡིན་ནོ། །དམྱལ་བའི་སྡུག་བསྔལ་ཡུན་རིང་བར་


TNT21_Page_1096
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་པ་ནི། དེ་ལྟར་སྡུག་བསྔལ་ཤིན་ཏུ་མི་ཟད་དོ། །བྱེ་བ་ཕྲག་བརྒྱར་ཉམས་སུ་མྱོང་ཡང་ནི། །ཇི་སྲིད་མི་དགེ་ཟད་པར་མ་གྱུར་པ། །དེ་སྲིད་སྲོག་དང་འབྲལ་བར་མི་འགྱུར་རོ། །དེ་ལྟར་དམྱལ་བའི་སྡུག་བསྔལ་ཤིན་ཏུ་མི་བཟད་པ་ཉམས་སུ་མྱོང་བར་འགྱུར་ཏེ། གྲང་དམྱལ་དུ་ལུས་ཚལ་པ་བརྒྱ་སྟོང་དུ་འགས་པ་དང༌། ཚ་དམྱལ་དུ་ལུས་དུམ་བུ་བརྒྱ་སྟོང་དུ་གཏུབས་པ་དང༌། ཟངས་ཞུན་དང་ལྷུན་ཅིག་མར་བཞིན་དུ་བཞུ་བ་ལ་སོགས་པ་བྱས་ཀྱང༌། ཡང་ཡང་དུ་སོས་ནས་སྡུག་བསྔལ་དྲག་པོ་ལོ་བྱེ་བ་ཕྲག་བརྒྱར་ཉམས་སུ་མྱོང་ཡང༌། དམྱལ་བར་སྐྱེ་བའི་མི་དགེ་བའི་ལས་དེ་ཇི་སྲིད་ཟད་པར་མ་གྱུར་པ་དེ་སྲིད་དུ་སྲོག་དང་འབྲལ་བར་མི་འགྱུར་བས་སྡུག་བསྔལ་གྱི་ཚོགས་རྒྱུན་མི་ཆད་པར་བསྟེན་པར་བྱཻད་དོ། །དམྱལ་བའི་སྡུག་བསྔལ་གྱི་རྒྱུ་སྤོང་བར་གདམས་པ་ནི། མི་དགེའི་འབྲས་འདི་རྣམས་ཀྱི་ས་བོན་ནི། །ལུས་ངག་ཡིད་ཀྱིས་ཉེས་སྤྱད་ཁྱོད་ཀྱིས་ནི། །ཅི་ནས་དེ་རྡུལ་ཙམ་ཡང་མ་མཆིས་པར། །དེ་ལྟར་ཉིད་ཀྱི་རྩལ་གྱིས་འབད་པར་མཛོད། །མི་དགེ་བའི་འབྲས་བུ་སྡུག་བསྔལ་གྱི་ས་བོན་ནི། ལུས་ངག་ཡིད་ཀྱིས་ཉེས་པར་སྤྱད་པ་མི་དགེ་པའི་ལས་བསགས་པ་སྟེ། རྒྱལ་པོ་ཁྱོད་ཀྱིས་ཅི་ནས་ཀྱང་མི་དགེ་བའི་ལས་དེ་རྡུལ་ཙམ་ཡང་མ་ལུས་པར་སྤོང་ཞིང་དེ་ལྟར་ཡིད་ཀྱི་རྩལ་བསྐྱེད་ནས་དོན་གཉེར་གལ་ཆེ་འབད་པས་ཆེར་


TNT21_Page_1097
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྲིམས་ནས་སྤང་དགོས་པའོ། །དུད་འགྲོའི་སྡུག་བསྔལ་བཤད་པ་ནི། དུད་འགྲོའི་སྐྱེ་གནས་ན་ཡང་གསོད་པ་དང༌། །བཅིངས་དང་བརྡེག་སོགས་སྡུག་བསྔལ་སྣ་ཚོགས་པ། །ཞི་འགྱུར་དགེ་བ་སྤོང་བ་རྣམས་ལ་ནི། །གཅིག་ལ་གཅིག་ཟ་ཤིན་ཏུ་མི་བཟདཔ། ཁ་ཅིག་མུ་ཏིག་བལ་དང་རུས་པ་དང༌། །ཤ་དང་ལྤགས་པའི་ཆེད་དུ་གསོད་པར་འགྱུར། །དབང་མེད་གཞན་དག་རྡོག་ལ་ལག་པ་དང༌། །ལྕག་དང་ལྕགས་ཀྱུས་བཏབ་པས་བཏབ་སྟེ་བཀོལ། །སྡུག་བསྔལ་ཞི་བའི་བདེ་བ་སྐྱོན་མེད་པ་ལ་གནས་པ་བ་ནི་ཉེ་བར་ཞི་བ་ཡིན་ལ། དེ་ལྟ་བུས་ཞི་བར་འགྱུར་བའི་ཐབས་དགེ་བ་སྤངས་ཤིང༌། མི་དགེ་བ་བཅུ་འབྲིང་དང་ཆུང་ངུར་སྤྱད་པས་དུད་འགྲོའི་སྐྱེ་གནས་སུ་སྐྱེ་བར་འགྱུར་བས་དེ་ན་ཡང་སྡུག་བསྔལ་ཁོ་ན་ཡིན་ཏེ། མིས་བདག་ཏུ་བཟུང་བ་རྣམས་ནི་བདག་པོས་གསོད་པ་དང༌། རྟོད་ཕུར་ལ་འདོགས་ཤིང་སྣ་ཚོགས་པས་འཆིང་བར་བྱེད་པ་དང༌། ལྕག་དང་དབྱུག་པ་ལ་སོགས་པས་བརྡེག་པ་དང༌། སོགས་ཁོང་ནས་ཁལ་བཀུར་པ་སོགས་མང་དུ་ཡོད། བདག་པོ་མེད་པའི་དུད་འགྲོ་རྣམས་ནི་གཅིག་གིས་གཅིག་ཟ་ཞིང༌། དེ་ལྟ་བུའི་འཇིགས་སྐྲག་གི་སྡུག་བསྔལ་ཉམས་སུ་མྱོང་བར་བྱེད་དོ། ཁ་ཅིག་མུ་ཏིག་དང༌། བལ་དང༌། རུས་པ་དང༌། ཤ་དང༌། ལྤགས་པ་རྣམས་གཞན་གྱི་ཉེར་སྤྱོད་ཀྱི་ཕྱིར་དུ་


TNT21_Page_1098
[མ་དཔེ་གཟིགས་ན་འདིར་གནོན།]

གསོད་པར་བྱེད་དོ། །གཞན་ཡང་རང་དབང་མེད་པའི་དུད་འགྲོ་འགའ་ཞིག་རྡོག་པ་དང་ལག་པས་བསྣུན་པ་དང༌། རྟ་སོགས་ལྕག་གིས་བཀོལ་བ་དང༌། གླང་པོ་ཆེ་ལྟ་བུ་ལྕགས་ཀྱུས་བཏབ་སྟེ་བཀོལ་བ་ལ་སོགས་པས་རྣམ་པ་སྣ་ཚོགས་པའི་བཀོལ་སྤྱོད་ཀྱི་སྡུག་བསྔལ་ཉམས་སུ་མྱོང་བར་བྱེད་དོ། །ཡི་དྭགས་ཀྱི་སྡུག་བསྔལ་བཤད་པ་ལ། མདོར་བསྟན་པ་དང་རྒྱས་བཤད་ལས། དང་པོ་ནི། ཡི་དྭགས་ན་ཡང་འདོད་པས་ཕོངས་པ་ཡིས། །བསྐྱེད་པའི་སྡུག་བསྔལ་རྒྱུན་ཆགས་མ་འཆོས་པ། །བཀྲེས་སྐོམ་གྲང་དྲོ་དལ་དང་འཇིགས་པ་ཡིས། །བསྐྱེད་པ་ཤིན་ཏུ་མི་བཟད་བསྟེན་འཚལ་ལོ། །ཡི་དྭགས་ཀྱི་གནས་སུ་སྐྱེས་ནས། འདོད་པ་བཙལ་བའི་མི་རྙེད་པས་ཕོངས་ཤིང༌། འདོད་པའི་དོན་མ་གྲུབ་པས་བསྐྱེད་པའི་སྡུག་བསྔལ་ནི། བདེ་བའི་བར་མཚམས་ཆད་པ་མེད་པར་འབྱུང་བས། སྡུག་བསྔལ་ཉག་གཅིག་ཏུ་རྒྱུན་ཆགས་པ་དང༌། ལས་ངན་པའི་ཤུགས་དྲག་པོའི་རྣམ་པར་སྨིན་པ་ཡིན་པས་མི་འཆོས་པ་སྟེ་བཅོས་སུ་མེད་ཅིང༌། བཀྲེས་པ་དང༌། སྐོམ་པ་དང༌། གྲང་བ་དང༌། ཚ་བ་དང༌། ཟས་སྐོམ་ལན་རེ་འཚོལ་བའི་ཕྱིར་དུ་ལོ་བཅུ་གཉིས་ལ་སོགས་པའི་དུས་རིང་པོར་ཕྱོགས་ཀུན་ཏུ་རྒྱུ་བས་ཐང་ཆད་ཅིང་ངལ་བར་འགྱུར་བ་དང༌། འཇིགས་པ་ནི། ཡི་དྭགས་ནང་དུ་ཡིད་དགྲའི་འཇིགས་པ་ཡོད་པ་དང༌།


TNT21_Page_1099
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་བ་གཞན་ཡང་དགྲར་གྱུར་པའི་གནོད་འཚེ་ལ་སོགས་འཇིགས་སྐྲག་ཆེན་པོས་བསྐྱེད་པའི་སྡུག་བསྔལ་ཤིན་ཏུ་མི་བཟད་པ་བསྟེན་པར་བྱེད་དགོས་སོ། །རྒྱས་བཤད་ལ། ཡི་དྭགས་ནང་གི་སྒྲིབ་པ་ཅན་གྱི་སྡུག་བསྔལ་བཤད་པ་ནི། ཁ་ཅིག་ཁ་ནི་ཁབ་ཀྱི་མིག་ཙམ་ལ། །ལྟོ་བ་རི་ཡི་ལྟོས་ཙམ་བཀྲེས་པས་ཉེན། །མི་གཙང་གྱི་ནར་བོར་བ་ཅུང་ཟད་ཀྱི། །འཚོལ་བའི་མཐུ་དང་ལྡན་པ་མ་ལགས་སོ། །ཡི་དྭགས་ནང་གི་སྒྲིབ་པ་ཅན་མང་པོ་ཞིག་གི་ཁའི་སྒོ་ནི་ཁབ་ཀྱི་མིག་ཙམ་ལ་འགྲམ་ཕུགས་ཡངས་པ། མགྲིན་པ་ཤིན་ཏུ་ཕྲ་བ་ལྟོ་བ་རིའི་ཁྱོན་དང་མཉམ་པ་ལ། ཡན་ལག་ཕྲ་བས་ལུས་མི་ཐེག་པའི་སྣང་བ་ཡོད་པ། དེས་ནི་ཟས་བཟང་པོ་ལྟ་ཅི་སྨོས། གྱི་ནར་བོར་བ་སྟེ་དོན་མེད་རྩིས་མེད་དུ་བོར་བའི་མི་གཙང་བ་ཅུང་རྙེད་ཀྱང༌། ཁའི་སྒོར་མི་ཐར་བས་འཚོལ་ཞིང་ཟ་བའི་མཐུ་དང་ལྡན་པ་མ་ཡིན་ཞིང༌། ཐར་ཡང་ཁའི་སྦུགས་ཡངས་པས་སྟོར་འགྲོ་བ་དང༌། མགྲིན་པར་མི་ཐར་ཞིང་གལ་སྲིད་ཁོག་ཏུ་སླེབས་ཀྱང་ལྟོ་བ་ཤིན་ཏུ་ཡངས་པས་རྔོ་མི་ཐོགས་པས་བཀྲེས་པའི་སྡུག་བསྔལ་ཆེན་པོའི་རབ་ཏུ་ཉེན་པ་ཡིན་ནོ། །ཟས་སྐོམ་གྱི་སྒྲིབ་པ་ཅན་དང༌། མེ་ལྕེའི་འཁོར་ལོ་ཅན་གྱི་སྡུག་བསྔལ་བཤད་པ་ནི། ཁ་ཅིག་ལྤགས་རུས་ལུས་ཤིང་གཅེར་བུ་སྟེ། །ཏ་ལའི་ཡལ་ཐོག་སྐམ་པ་ལྟ་བུ་ལགས།


TNT21_Page_1100
[མ་དཔེ་གཟིགས་ན་འདིར་གནོན།]

ཁ་ཅིག་མཚན་ཤིང་ཁ་ནས་འབར་བ་སྟེ། །ཟས་སུ་འབར་བའི་ཁར་བབ་བྱེ་མ་འཚལ། །ཡི་དྭགས་མང་པོ་ཞིག་ནི་ལུས་ལ་ཤ་མེད་པས་ལྤགས་པ་དང་རུས་པ་ཙམ་ལྷག་མར་ལུས་ཤིང་སྐེམ་པ་དང༌། གོས་ཀྱིས་ཕོངས་པས་ལུས་གཅེར་བུར་གྱུར་པ་ཏ་ལའི་ཡ་ཐོག་སྐམ་པ་ཉི་ལྷག་ཀྱིས་ཁྱེར་པ་ལྟར། མདོག་སྐྱ་བོ་མི་སྡུག་པ། ལུས་ལ་གཤེར་མེད་པ་དང་རུས་ཚིགས་སུམ་བརྒྱ་དྲུག་བཅུ་འཐབ་པའི་རུས་པ་ངར་བས། མེ་རྡོ་བརྡབས་པ་བཞིན་དུ་རུས་ཚིགས་རྣམས་ལས་མེ་ལྕེ་འཕྲོ་བས་ལུས་སྲེག་པར་བྱེད་ཅིང༌། གཞན་མཚན་རེ་བཞིན་དུ་ཁོ་ནས་མེ་འབར་བ་ལ་ཟས་སུ་བྱེ་མའི་རྒྱུན་ཁ་ནང་དུ་བབ་པ་ཁ་ནས་འབར་བའི་མེས་བསྲེགས་པ་ལས་ཀྱིས་དབང་མེད་དུ་ཟ་བར་བྱེད་དགོས་པས། བྱེ་ཚན་ཀྱིས་ལུས་ཀྱི་ནང་ཁྲོལ་བསྲེག་ཅིང༌། སྡུག་བསྔལ་དྲག་པོ་ཉམས་སུ་མྱོང་བར་བྱེད་དོ། །ཡི་དྭགས་ཕྱིའི་སྒྲིབ་པ་ཅན་གྱི་སྡུག་བསྔལ་བསྟན་པ་ནི། དམངས་རིག་འགས་ནི་རྣག་དང་ཕྱི་ས་དང༌། ཁྲག་སོགས་མི་གཙང་བ་ཡང་མི་རྙེད་དོ། །ཕན་ཚུན་གདོང་དུ་ཚོགས་ཅིང་མགྲིན་པ་ནས། །ལྦ་བ་བྱུང་བ་སྨིན་པའི་རྣག་འཚལ་ལོ། །ཡི་དྭགས་ཤས་ཆེ་བ་དམངས་རིགས་དབང་ཆུང་ངུར་གྱུར་པ་རྣམས་ནི། ཟས་བཟང་པོ་ལྟ་ཅི་སྨོས་རྣག་དང་བཤང་ལྕི་ཁྲག་ལ་སོགས་པའི་མི་གཙང་བ་ཅུང་ཟད་ཀྱང་གཞན་ནས་རྙེད་པའི་


TNT21_Page_1101
[མ་དཔེ་གཟིགས་ན་འདིར་གནོན།]

སྐལ་བ་མེད་པས། ཡི་དྭགས་དེ་རྣམས་ཉིད་ཕན་ཚུན་ཞེ་སྡང་གིས་འཁྲུགས་ནས་ཁུ་ཚུར་བསྣུན་པས། གདོང་ལ་སོགས་པའི་རང་གི་རྨའི་ཁྲག་ཟགས་པ་སོགས་ཅུང་ཟད་དང༌། ལྦ་བ་བྱུང་བ་སྨིན་པའི་རང་གི་རྣག་ཀྱང་ཟས་སུ་འཚལ་པ་སྟེ་ཟ་བར་བྱེད་དོ། །གྲང་དྲོའི་སྡུག་བསྔལ་པ་ནི། ཡི་དྭགས་རྣམས་ལ་སོས་ཀའི་དུས་སུ་ནི། །ཟླ་བ་ཚ་ལ་དགུན་ནི་ཉི་མའང་གྲང༌། །ལྗཽན་ཤིང་འབྲས་བུ་མེད་གྱུར་འདི་དག་གིས། །བལྟས་པ་ཙམ་གྱིས་ཀླུང་ཡང་སྐེམས་པར་འགྱུར། །ཡི་དྭགས་རྣམས་ལ་སོས་ཀའི་ཚ་བའི་དུས་སུ་ཟླ་བ་དང༌། རླུང་ཆར་པ་ལ་སོགས་པ་རྣམས་ཀྱང་ཚ་བའི་གྲོགས་སུ་སོང་ནས་གདུང་བར་བྱེད། དགུན་གྲང་བའི་དུས་སུ་ཉི་མ་དང་མེ་ལ་སོགས་པ་ཆེ་བ་རྣམས་ཀྱང་གྲང་བའི་གྲོགས་སུ་སོང་སྟེ་ལུས་འཁྱག་པར་བྱེད་པའི་སྡུག་བསྔལ་འབྱུང་བའོ། །འདི་ནི་ཕྱིའི་སྒྲིབ་པ་ཅན་དུ་མ་ཟད་ཡི་དྭགས་ཕལ་ཆེར་ལ་ཡང་འབྱུང་བ་ཡིན་ནོ། །ལྗོན་ཤིང་འབྲས་བུ་དང་ལྡན་པ་རྒྱང་ནས་མཐོང་བས་བརྒྱུགས་པ་འཁྲིས་སུ་སླེབས་པ་ན། འབྲས་བུ་མེད་པའི་ཤིང་སྐམ་པོར་འགྱུར་བ་དང༌། ཆུ་ཀླུང་འབབ་པ་རྒྱང་ནས་མཐོང་བ་རྒྱུགས་པ་ན་བལྟས་པ་ཙམ་གྱིས་ཆུ་ཀླུང་མེད་པར་བྱེ་མ་དང༌། གསེག་མ་སྐམ་པོར་གྱུར་ཏེ་མི་རྙེད་པའི་སྡུག་བསྔལ་དུ་མ་ཟད། རེ་བ་འབྲས་བུ་མེད་པ་ཡིད་ཆད་པའི་སྡུག་བསྔལ་ལྷག་པར་བསྟེན་པར་འགྱུར་རོ། །ཡི་དྭགས་རྣམས་ཀྱི་སྡུག་བསྔལ་གྱི་རྒྱུ་དང་ཚེ་ཆད་བསྟན་པ་ནི། བར་ཆད་མེད་པར་སྡུག་བསྔལ་བསྟེན་གྱུར་པ། །ཉེས་པར་


TNT21_Page_1102
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱད་པའི་ལས་ཀྱི་ཞགས་པ་ནི། །སྲ་བས་བཅིངས་པའི་ལུས་ཅན་ཁ་ཅིག་ལོ། །ལྔ་སྟོང་དག་དང་ཁྲིར་ཡང་འཆི་མི་འགྱུར། །བར་མ་ཆད་པར་ཁོར་ཡུག་ཏུ་སྡུག་བསྔལ་མི་བཟད་པ་བསྟེན་པར་འགྱུར་བ་ནི་རྒྱུ་ཉེས་པར་སྤྱད་པའི་ལས་ཀྱི་ཞགས་པ་སྲ་བས་བཅངས་པའི་ལུས་ཅན་ཡི་དྭགས་འདི་དག་ནི་མངོན་པ་ལས། ཟླ་བ་ཉིན་ཞག་ལྔ་བརྒྱ། ཞེས་པ་མིའི་ཟླ་བ་རེ་ལ་ཞག་རེར་རྩིས་པའི་ལོ་ལྔ་བརྒྱར་འཚོ་གནས་པར་གསུངས་པ་དོན་མཚུངས་པར་ལོ་ཁྲི་ཕྲག་གཅིག་དང་ལྔ་སྟོང་གི་བར་དུ་འཚོ་ཞིང་འཆི་བར་མི་འགྱུར་རོ། །དེ་ཡང་ཕལ་ཆེ་བ་ཡིན་གྱི། །གཞན་ཚེ་ཚད་ལས་བརྒལ་བར་གནས་པ་དང༌། དུས་མ་ཡིན་པར་འཆི་བ་ནི་ཡོད་དོ། །ཉེས་པར་སྤྱད་པས་དམྱལ་བ་དང་དུད་འགྲོ་རྣམས་སུ་ཡང་འཕེན་པ་ཡིན་ན། ཡི་དྭགས་སུ་སྐྱེ་བའི་ཐུན་མོང་མ་ཡིན་པའི་རྒྱུ་གང་གིས་བསྐྱེད་པ་ཡིན་ཞེ་ན། དེ་ལྟར་ཡི་དྭགས་རྣམས་ཀྱི་སྣ་ཚོགས་པའི། །སྡུག་བསྔལ་རོ་གཅིག་ཐོབ་པ་གང་ལགས་པ། །དེ་ཡི་རྒྱུ་ནི་སྐྱེ་བོ་འཇུངས་དགའ་བ། །སེར་སྣ་འཕགས་མིན་ལགས་པར་སངས་རྒྱས་གསུངས༌། །ཡི་དྭགས་རེ་རེ་བཞིན་དུ་སྡུག་བསྔལ་གྱི་རྣམ་པ་མི་འདྲ་བ་སྣ་ཚོགས་མྱོང་ལ། སོ་སོ་ཕན་ཚུན་དུ་སྡུག་བསྔལ་རྣམས་ཕྱོགས་འདྲ་ཞིང་མཚུངས་པར་ཡོད་པས། །སྡུག་བསྔལ་རོ་གཅིག་ཏུ་ཐོབ་པ་


TNT21_Page_1103
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་རྒྱུ་ནི་སྐྱེ་བོ་འཇུངས་དགའ་བ་སྟེ། རང་གི་ནོར་ལ་རྐམ་ཆགས་དང༌། གཞན་གྱི་ནོར་ལ་བརྣབ་སེམས་དང་ལྡན་པའི་སེར་སྣ་ནི་འཕགས་མིན་ཏེ། འཕགས་པའི་ཆོས་དང་མི་མཐུན་པ་དེ་ལས། ཡི་དྭགས་ཀྱི་འགྲོ་བའི་སྡུག་བསྔལ་སྣ་ཚོགས་འབྱུང་བ་ཡིན་པར་སངས་རྒྱས་ཀྱིས་གསུངས་སོ། །ལྷའི་སྡུག་བསྔལ་བཤད་པ་ལ། མདོར་བསྟན། རྒྱས་བཤད་ལས། དང་པོ་ནི། མཐོ་རིས་ན་ཡང་བདེ་ཆེན་དེ་དག་གི །འཆི་འཕོའི་སྡུག་བསྔལ་ཉིད་ནི་དེ་བས་ཆེ། །དེ་ལྟར་བསམ་ནས་ཡ་རབས་རྣམས་ཀྱིས་ནི། །ཟན་འགྱུར་མཐོ་རིས་སླད་དུ་སྲེད་མ་བགྱི། །འདི་ཡང་མཐོ་རིས་ཞེས་པ་འཇིག་རྟེན་དུ་གྲགས་པ་བཞིན། ལྷ་ལ་ངོས་བཟུང་ནས་ངན་སོང་གི་འགྲོ་བ་རྣམས་སྡུག་བསྔལ་དང་ལྡན་པ་ཡིན་ན། ལྷ་རྣམས་དུས་རྟག་ཏུ་བདེའོ་སྙམ་ན། ལྷ་རྣམས་ནི་དུས་རེ་ཞིག་བདེ་བ་ཆེན་པོ་ཕུན་སུམ་ཚོགས་པ་དང་ལྡན་པ་ཡིན་ཡང༌། འཆི་འཕོ་བར་ཤེས་པའི་དུས་ཀྱི་སེམས་ཀྱི་སྡུག་བསྔལ་ནི། ངན་སོང་དུ་ལུས་ཀྱི་སྡུག་བསྔལ་མྱོང་བ་དེ་ལས་ཀྱང་ལྷག་པར་ཆེ་བ་ཡིན་ཏེ། ལྷའི་ལོངས་སྤྱོད་ལ་ནི་ཆེས་ཆགས་ཀྱང་དབང་མེད་དུ་འབྲལ་བར་ཤེས་པས་སོ། །དེ་ལྟར་བསམས་ཤིང་ཤེས་ནས་ཡ་རབས་མཁས་པ་རྣམས་ཀྱིས་ནི། ཐར་པའི་ལམ་གྱི་རྟེན་མ་ཡིན་པར་མཐོ་རིས་ཁོ་ནའི་སླད་དུ་


TNT21_Page_1104
[མ་དཔེ་གཟིགས་ན་འདིར་གནོན།]

སྲེད་པ་བགྱིད་པར་མི་འོས་ཏེ། མཐོ་རིས་ཀྱི་བདེ་བ་དེ་ནི་ཟད་པར་འགྱུར་བས་བློ་བསྟད་མི་ཐུབ་པའི་ཕྱིར་རོ། །ལྷའི་སྡུག་བསྔལ་རྒྱས་པར་བཤད་པ་ལ། འཆི་ལྟས་འཕོག་པའི་སྡུག་བསྔལ་དང༌། འཆི་འཕོ་ལྟུང་བའི་སྡུག་བསྔལ་གཉིས་ལས། དང་པོ་ནི། ལུས་ཀྱི་ཁ་དོག་མི་སྡུག་འགྱུར་བ་དང༌། །སྟན་ལ་མི་དགའ་མེ་ཏོག་ཕྲེང་རྙིང་དང༌། །གོས་ལ་དྲི་མ་ཆགས་དང་ལུས་ལ་ནི། །སྔོན་ཆད་མེད་པའི་རྔུལ་འབྱུང་ཞེས་བགྱི་བ། ལྷ་རྣམས་ཀྱི་ལུས་ཀྱི་ཁ་དོག་ནི་སྔོན་པོ་ལ་སོགས་པ་གཅིག་པ་དང༌། དམར་སྐྱ་ལ་སོགས་པ་ཁ་དོག་འདྲེས་པ་ཅི་ཡིན་ཡང༌། སྔོན་ནི་རྟག་ཏུ་མཛེས་པ་གསལ་བ་དྭངས་པ་འོད་ཀྱི་རང་བཞིན་ཅན་ཡིན་ལ། འཆི་བའི་ལྟས་སུ་མདོག་ཉམས་ནས་ཁ་དོག་མི་སྡུག་པར་འགྱུར་པ་དང༌། ཡང་ཡིད་དུ་འོང་བའི་གནས་ལ་དགའ་བདེར་སྤྱཽད་པ་ལས། སྐབས་དེར་སྟན་ལ་མི་དགའ་ཞིང་ཡིད་སྐྱོ་བའི་རྣམ་པ་འབྱུང་བ་དང༌། ཡང་ལུས་ཀྱི་མེ་ཏོག་གི་ཕྲེང་བ་ཡུན་རིང་དུ་རྙིང་པར་མི་འགྱུར་ཞིང༌། རྙིང་པ་ལ་ཉེ་བ་ན། རང་གི་ལས་ཀྱི་མཐུས་རླུང་དལ་བུས་ཕྲེང་བ་རྙིང་པ་དེ་ཁྱེར་ནས་གསར་པ་འགོད་པར་བྱེད་པ་ལས། སྐབས་དེར་ཕྲེང་བ་རྙིང་པར་འགྱུར་ཞིང༌། རྙིང་པ་དེ་ཡང་སྔར་བཞིན་དུ་རླུང་གིས་མི་ཁྱེར་བར་ལུས་ལ་གནས་པ་དང༌། ཡང་ལྷའི་ལུས་ལ་ལྤགས་རུས་ཤ་གསུམ་མེད་པས་དྭངས་


TNT21_Page_1105
[མ་དཔེ་གཟིགས་ན་འདིར་གནོན།]

མར་གྱུར་པས་སྔོན་དུ་གོས་ལ་དྲི་ནོགས་ཆགས་པར་མི་འགྱུར་བ་ལས། དྲེག་པ་ཆགས་པར་འགྱུར་བ་དང༌། ཡང་ལུས་ལྡང་བ་ཡང་ཞིང་ཟོ་མདོག་བདེ་བས་རྔུལ་མི་འབྱུང་བ་ལས། དེ་སྐབས་མཆན་ཁུང་ལ་སོགས་པ་ནས་རྔུལ་འཛག་པའི་ལྟས་རྣམས་འབྱུང་བར་འགྱུར་རོ། །མཐོ་རིས་འཆི་འཕོ་སྒྲོན་བྱེད་སྔ་ལྟས་ལྔ། །ལྷ་ཡུལ་གནས་པའི་ལྷ་ལ་འབྱུང་སྟེ། །ས་སྟེང་མི་རྣམས་འཆི་བར་འགྱུ་བ་དག །སྒྲོན་པར་བྱེད་པའི་འཆི་ལྟས་རྣམས་དང་འདྲ། །མཐོ་རིས་ལྷ་འཆི་འཕོ་བར་བྱ་སྟོད་དུ་སྒྲོན་པར་བྱེད་པའི་ལྟས་རྣམ་པ་ལྔ་པོ་འདི་ནི་ལྷ་རྣམས་ལ་འབྱུང་བར་འགྱུར་ཏེ། དེ་ཡང་ས་སྟེང་གི་མི་རྣམས་འཆི་བ་ལ་ཉེ་བར་འགྱུར་བ་ནི། འཆི་བའི་སྔོན་དུ་ལོ་གསུམ་མམ་ཟླ་བ་དྲུག་ལ་སོགས་པ་ནས་འཆི་ལྟས་སྟོན་པར་བྱེད་པའི་འབྱུང་བ་དང་འདྲ་བ་ཡིན་ནོ། །ལྷ་རྣམས་ལ་འཆི་ལྟས་འབྱུང་བ་ནི། ལྷའི་རང་ཞག་བདུན་གྱི་གོང་དུ་འཆི་ལྟས་འབྱུང་སྟེ། དེ་ཡང་རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་ཀྱི། ཞག་གཅིག་ལ་མི་ལོ་ལྔ་བཅུ་དང༌། སུམ་ཅུ་རྩ་གསུམ་གྱི་ལྷའི་ཞག་གཅིག་ལ་མི་ལོ་བརྒྱ་ཡིན་པས། སྔར་ཡུན་རིང་དུ་ལྷའི་དཔལ་འབྱོར་ལ་སྤྱད་ཀྱང་བདེ་བར་ཆགས་པས་སེམས་ཁྲིད་ནས་ཡུན་རིང་སོང་བ་མ་ཤེས་པས་སྐྱིད་དུ་མ་ཚོར་ལ།


TNT21_Page_1106
[མ་དཔེ་གཟིགས་ན་འདིར་གནོན།]

འཆི་འཕོ་བའི་རྟགས་མངོན་དུ་གྱུར་པ་ནས་སེམས་ཀྱི་སྡུག་བསྔལ་དྲག་པོ་ཡུན་རིང་དུ་འཁུར་དགོས་པའི་སྣང་བ་འབྱུང་བས་དེའི་ཞག་བདུན་གྱི་སྡུག་བསྔལ་དེ་ཡང་ཡུན་རིང་ཞིང་དོས་དྲག་པ་ཡིན་ནོ། །གནས་འོག་ཏུ་ལྷུང་བའི་སྡུག་བསྔལ་ནི། ལྷ་ཡི་འཇིག་རྟེན་དག་ནས་འཕོངས་པ་ལ། །གལ་ཏེ་དགེ་བའི་ལྷག་མ་འགའ་མེད་ན། །དེ་ནས་དབང་མེད་དུད་འགྲོ་ཡི་དྭགས་དང༌། །དམྱལ་བར་གནས་པ་གང་ཡང་རུང་བར་འགྱུར། །འཆི་ཁའི་སྡུག་བསྔལ་དེ་ཙམ་དུ་མ་ཟད། ལྷའི་བདེ་བ་ཐོབ་ཀྱང་ཕུགས་ཀྱི་ཡིད་བརྟན་མེད་པ་ཉིད་སྡུག་བསྔལ་ཀྱི་གཙོ་བོ་ཡིན་ཏེ། ལྷའི་འཇིག་རྟེན་དག་ནས་ཚེ་འཕོས་པ་ལ། ཕལ་ཆེར་དགེ་བའི་ལྷག་མ་མེད་པ་ཤས་ཆེ་བས། གལ་ཏེ་དགེ་བའི་ལྷག་མ་མེད་ན། སྐྱེ་བ་འདིའི་རྗེས་ནས། རང་དབང་མེད་པར་མི་འདོད་བཞིན་དུ། དུད་འགྲོ་དང་ཡི་དྭགས་དང་དམྱལ་བར་གནས་པ་སྟེ་དེ་གསུམ་གང་རུང་དུ་སྐྱེས་ནས་སྡུག་བསྔལ་བར་འགྱུར་རོ། །འཆི་འཕོ་བའི་ཚེ་ལྷའི་མངོན་ཤེས་ཀྱིས་རང་གང་དུ་སྐྱེ་བའི་གནས་མཐོང་བར་འགྱུར་བས། ངན་སོང་དུ་སྐྱེ་བ་ཤེས་ན་སྡུག་བསྔལ་བཟོད་གླགས་མེད་པའི་འགྲོ་བའི་གནས་དེར་འཇུག་པ་ལ་སྐྲག་ཅིང་སྡུག་བསྔལ་གྱིས་ལུས་སྐམ་པ་ཙམ་དུ་འགྱུར་བ་དང༌། མིའི་འགྲོ་བར་སྐྱེ་བ་ཤེས་ན་ཡང༌། ལོངས་སྤྱོད་ཀྱིས་མིག་མ་ཁེངས་པས། ལོངས་སྤྱོད་དང་མི་ལྡན་ཞིང་ཕོངས་པར་


TNT21_Page_1107
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་རོ་སྙམ་པའི་སྡུག་བསྔལ་དང་བཅས་ནས་འཆི་འཕོ་ལ། དགེ་བའི་ལྷག་མ་མེད་ན་ངན་སོང་དུ་སྐྱེ་ཞིང༌། ལྷག་འཕྲན་བུ་ཡོད་ན་མིར་སྐྱེ་བ་ཡིན་ལ། ལྷ་ནས་ལྷར་སྐྱེ་བ་ནི་ཆེས་དཀོན་པ་ཡིན་ནོ། །ལྷ་མིན་གྱི་སྡུག་བསྔལ་བཤད་པ་ནི། ལྷ་མིན་དག་ནའང་རང་བཞིན་གྱི་ལྷ་ཡི། །དཔལ་ལ་སྡང་ཕྱིར་ཡིད་ཀྱི་སྡུག་བསྔལ་ཆེ། །དེ་དག་བློ་ངན་ནའང་འགྲོ་བ་ཡི། །སྒྲིབ་པས་བདེན་པ་མཐོང་བ་མ་མཆིས་སོ། །ལྷ་མ་ཡིན་གྱི་འགྲོ་བ་དག་ནའང་ལྷ་མིན་རྣམས་ནི་ལྷའི་རང་བཞིན་གྱི་དཔལ་འབྱོར་ལ་ཕྲག་དོག་པས། སྡང་སེམས་དང་ལྡན་པའི་ཡིད་ཀྱི་སྡུག་བསྔལ་ལྷག་པར་ཆེ་བ་ཡིན་ཏེ། དེ་ཡང་རང་བཞིན་གྱི་ཞེས་པ་ལྷ་མ་ཡིན་གྱི་དཔལ་འབྱོར་ཕྲོགས་པ་དང༌། སྤྱི་པའི་ལོངས་སྤྱོད་ལྷས་བདག་ཏུ་བཟུང་བ་མ་ཡིན་པར། ལྷ་རང་གི་བསོད་ནམས་ཀྱི་ཤུགས་ཀྱིས་རང་བཞིན་གྱི་ལོངས་སྤྱོད་དང་ལྡན་པ་ལ། ལྷ་མིན་རྣམས་ཀྱི་ཕྲག་དོག་དང་ཞེ་སྡང་གིས། ལྷ་ལ་དམག་བྱེད་པར། ལྷ་རྣམས་ནི་བདུད་རྩི་དང་ལྡན་ཞིང་བསོད་ནམས་ཆེ་བས་ཤི་བ་ཉུང་བ་དང༌། དཔུང་ཉམས་པར་མི་འགྱུར་ཞིང་ལྷའི་དཔུང་ཚོགས་དང་འཐབ་པར་ལྷ་མིན་རྣམས་བདུད་རྩི་དང་མི་ལྡན་ཞིང་བསོད་ནམས་དམན་པས། གསོད་པ་དང་གཡུལ་ཉམས་པས་ཆེས་སྡུག་བསྔལ་བར་འགྱུར་རོ། །ལྷ་མ་ཡིན་གྱི་འགྲོ་བ་


TNT21_Page_1108
[མ་དཔེ་གཟིགས་ན་འདིར་གནོན།]

ནི་བློ་གྲོས་དང་ཤེས་རབ་ལྡན་པ་དད་པས་ཆོས་ལ་འཇུག་པ་སྲིད་ཀྱང༌། འགྲོ་བའི་སྒྲིབ་པ་ཞེས་བྱ་བ་ལུས་དེ་བླང་པ་ཁོ་ནའི་སྐྱོན་གྱིས་བདེན་པ་མཐོང་བ་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཐར་པའི་ལམ་ཐོབ་པར་མ་གྱུར་ཅིང༌། དེར་མ་ཟད་བསམ་གཏན་དང་གཟུགས་མེད་ཀྱི་ཏིང་ངེ་འཛིན་སོགས་ཆགས་བྲལ་གྱི་ལམ་ཙམ་ཡང་ཐོབ་པར་མི་འགྱུར་རོ། །འགྲེལ་པ་ལས་རང་བཞིན་གྱི་ཞེས་པར་ང་རྒྱལ་ཤས་ཆེ་བ་ཞེས་འཆད་ཀྱང་ཚིག་དོན་ལ་མ་འབྲེལ་ལོ། །མིའི་འགྲོ་བའི་སྡུག་བསྔལ་སྐབས་འདིར་མ་བཤད་པ་ནི། གོང་དུ་འཆི་བ་མི་རྟག་པ་བསྟན་པའི་སྐབས་དང༌། ན་རྒ་འཆི་སྡུག་བྲལ་དེང་ཞེས་པ་ལ་སོགས་པའི་སྐབས་སུ་བསྟན་ཟིན་པས་སླར་མ་བརྗོད་པའོ། །དོན་བསྡུ་ནི། འཁོར་བ་དེ་འདྲ་ལགས་པས་ལྷ་མི་དང༌། །དམྱལ་བ་དུད་འགྲོ་ཡི་དྭགས་རྣམ་དག་ཏུ། །སྐྱེ་བ་བཟང་པོ་མ་ལགས་སྐྱེ་བ་ཡི། །གནོད་པ་དུ་མའི་གནོད་གྱུར་ལགས་མཁྱེན་མཛོད། །འཁོར་བ་རྣམས་ནི་གོང་དུ་བསྟན་པའི་སྡུག་བསྔལ་དེ་འདྲ་བ་ཉམས་སུ་མྱོངས་དགོས་པ་ལགས་པས། ལྷ་དང༌། མི་དང༌། དམྱལ་བ། ཡི་དྭགས། དུད་འགྲོ་ལ་སོགས་པ་རྣམས་གང་དུ་སྐྱེ་བ་ནི། གནོད་པ་སྡུག་བསྔལ་གསུམ་དང༌། དྲུག་དང༌། བརྒྱད་ལ་སོགས་པ་དུ་མའི་སྣོད་དམ་རྟེན་གཞིར་གྱུར་པ་ལགས་པར་མཁྱེན་པར་མཛད་ནས་མི་དགེ་ལས་ལྡོག་


TNT21_Page_1109
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱའོ། །ཚིགས་བཅད་འདིར་ལྷ་མིན་མ་བཤད་པ་ནི་ལྷའི་ནང་དུ་འདུས་པའི་དབང་དུ་བྱས་སོ། །དེས་མཐོང་ལམ་འཕྲོས་དོན་དང་བཅས་པ་བསྟན་ཟིན་ནས། འབྲས་བུ་མྱང་འདས་རྒྱུ་སྒོམ་ལམ་དང་བཅས་བཤད་པ་ལ། འབྲས་བུ་མྱང་འདས་ལ་གདམས་པ་དང༌། སྒོམ་ལམ་ལ་གདམས་པ་གཉིས་ལས། དང་པོ་ནི། མགོའམ་གོས་ལ་གློ་བུར་མེ་ཤོར་ན། །དེ་དག་བཟློག་ཕྱིར་བགྱི་བ་བཏང་ནས་ཀྱང༌། །ཡང་སྲིད་མེད་པར་བགྱི་སླད་འབད་འཚལ་ཏེ། །འདི་བས་ཆེས་མཆོག་དགོས་པ་གཞན་མ་མཆིས། ཡང་སྲིད་ལན་མི་དགོས་པ་མྱ་ངན་ལས་འདས་པའི་གོ་འཕངས་ཐོབ་པར་བྱེད་པའི་ཏིང་ངེ་འཛིན་གྱི་གཉམ་བཞག་ལ་གནས་པའི་གང་ཟག་དེའི་མགོ་དང་གོས་ལ་གློ་བུར་དུ་མེ་ཤོར་བར་གྱུར་ལ། མེ་བསད་པའི་ཚེ་དེའི་གཡེང་བས་ཏིང་ངེ་འཛིན་གྱི་བར་ཆད་པར་འགྱུར་བ་དང༌། མ་བསད་ན་ཏིང་ངེ་འཛིན་གོང་དུ་འཕེལ་བར་འགྱུར་ན། མེ་དེ་དག་ཕྱིར་བཟློག་པའི་བགྱི་བ་བཏང་སྟེ། ཡང་སྲིད་མེད་ཅིང་བཟློག་པར་བགྱི་པའི་སླད་དུ་སེམས་རྩེ་གཅིག་པའི་ཏིང་ངེ་འཛིན་གྱི་མཉམ་བཞག་ལས་མི་གཡོ་བར་བྱེད་དགོས་ཏེ། དེ་ལྟ་བུ་ལས་ཆེས་མཆོག་ཏུ་གྱུར་པའི་དགོས་པའམ་དོན་བསྒྲུབ་རྒྱུ་དེ་ལས་གལ་ཆེ་བ་དང་ལྷག་པའི་བྱ་བ་ནི་གང་ཅི་ཡང་ཡོད་པ་མ་ཡིན་པས། ཚུལ་ཁྲིམས་


TNT21_Page_1110
[མ་དཔེ་གཟིགས་ན་འདིར་གནོན།]

དག་དང་ཤེས་རབ་བསམ་གཏན་གྱིས། མྱ་ངན་འདས་ཞི་དུལ་བ་དྲི་མེད་པའི། །གོ་འཕང་མི་རྒ་མི་འཆི་བས་མི་འཚལ། །ས་ཆུ་མེ་རླུང་ཉི་ཟླ་བྲལ་ཐོབ་མཛོད། །རྒྱུའམ་ལམ་ཚུལ་ཁྲིམས་དག་དང༌། ཤེས་རབ་དང༌། ཏིང་ངེ་འཛིན་ཏེ་བསླབ་པ་གསུམ་གྱིས་འབྲས་བུ་མྱ་ངན་ལས་འདས་པའི་གོ་འཕང་ཐོབ་པར་བྱ་ཞིང༌། དེ་ཡང་མྱ་ངན་ནི་སྡུག་བསྔལ་ཡིན་ལ། དེ་སྤངས་པས་མྱ་ངན་ལས་འདས་པ་དང༌། ཞི་བ་ནི་ཚེར་མ་རྩུབ་པ་དང་བྲལ་བ་སྟེ། ཉོན་མོངས་པ་མེད་པའོ། །དུལ་བ་ནི་འཁོར་བར་ཀུན་ཏུ་སྦྱོར་པའི་ལས་མེད་པ་དང༌། དྲི་མ་མེད་པ་ནི་སྐྱོན་དང་བྲལ་བའོ། །འགྲེལ་པར་སྡུག་བསྔལ་ཞི་བས་རབ་ཏུ་ཕྱེ་པའི་ཕྱིར་ཞི་བ་ལྷག་མེད་མྱང་འདས་དང་དབང་པོ་དུལ་བས་ཁྱད་པར་དུ་བྱས་པའི་ཕྱིར་དུལ་བ་ལྷག་བཅས་ལ་འཆད་དོ། །འདུས་བྱས་རྣམས་ནི་རྙིངས་ཤིང་རྒས་པ་དང༌། །འཇིག་ཅིང་མེད་པར་གྱུར་པ་ཡིན་པ་ལས་རྒ་ཤི་མེད་པ་མི་རྒས་འཆི་བ་དང༌། མྱ་ངན་ལས་འདས་པའི་བདེ་བ་དེ་ནི་ཟད་ནས་སླར་འཁོར་བར་སྐྱེ་བ་མི་སྲིད་པའི་ཕྱིར་ཟད་མི་འཚལ་བ། ས་ཆུ་མེ་རླུང་ཉི་ཟླ་དང་བྲལ་བ་སྟེ་མུ་སྟེགས་གཅེར་བུ་རྣམས་ནི་ནམ་མཁའི་དབྱིངས་ན་ཐར་པའི་གྲོང་ཁྱེར་ཁ་དོག་དཀར་པོ་ཞིག་ཡོད་པར་འདོད་པ་དང༌། དབང་ཕྱུག་པ་དང༌། ཁྱབ་འཇུག་པ་རྣམས་ནི། དབང་ཕྱུག་དང་ཁྱབ་འཇུག་གི་གནས་ཐར་པ།


TNT21_Page_1111
[མ་དཔེ་གཟིགས་ན་འདིར་གནོན།]

འདོད་པ་ལ་སོགས་པ་འབྱུང་བའམ། འབྱུང་འགྱུར་ལས་བྱུང་བའི་འདུས་བྱས་ཀྱི་བཀོད་པ་ཐར་པར་འདོད་པ་དེ་ལྟ་བུར་མ་ཡིན་པའི་ཟག་མེད་དབྱིངས་ཀྱི་ཐར་པ་མཆོག་ཐོབ་པར་མཛོད་ཅིག །མུ་སྟེགས་འདོད་པའི་འདུས་བྱས་ཀྱི་གནས་དེ་འདྲ་ནི་ཐར་པ་མ་ཡིན་ཏེ། འབྱུང་བ་ལས་གྱུར་པས་མཐར་འཇིག་པའི་ཕྱིར་རོ། །རྒྱུ་སྒོམ་ལམ་བཤད་པ་ལ། བྱང་ཆུབ་ཡན་ལག་བདུན་ལ་གདམས་པ། རྟེན་འབྲེལ་བཅུ་གཉིས་བསྒོམ་པར་གདམས་པ། འཕགས་ལམ་ཡན་ལག་བརྒྱད་ལ་གདམས་པ་ལས་དང་པོ་ལ་དངོས་དང་འཕྲོས་དོན་ལས། དང་པོ་ནི། དྲན་དང་ཆོས་རབ་འབྱེད་དང་བརྩོན་འགྲུས་དང༌། །དགའ་དང་ཤིན་ཏུ་སྦྱངས་དང་ཏིང་འཛིན་དང༌། །བཏང་སྙོམས་འདི་བདུན་བྱང་ཆུབ་ཡན་ལག་སྟེ། །མྱ་ངན་འདས་ཐོབ་བགྱིད་པའི་དགེ་ཚོགས་ལགས། །དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག །ཆོསརབ་ཏུ་རྣམ་འབྱེད་དེ་ཤེས་རབ་དང༌། བརྩོན་འགྲུས་དང༌། དགའ་བ་དང༌། ཤིན་ཏུ་སྦྱངས་པ་དང༌། ཏིང་ངེ་འཛིན་དང༌། བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་སྟེ། འདི་རྣམས་ལ་བྱང་ཆུབ་ཀྱི་ཡན་ལག་བདུན་ཞེས་བྱ་སྟེ། བྱང་ཆུབ་ནི་ཐར་པ་མྱ་ངན་ལས་འདས་པ་ཡིན་ལ། ཡན་ལག་ནི་དེ་དང་རྗེས་སུ་མཐུན་པའི་དོན་ཏེ། དེ་སྒྲུབ་པའི་ཐབས་སུ་གྱུར་པའི་དོན་ཡིན་ཏེ། དགེ་ཚོགས་


TNT21_Page_1112
[མ་དཔེ་གཟིགས་ན་འདིར་གནོན།]

དེ་རྣམས་ནི་མྱ་ངན་ལས་འདས་པ་ཐོབ་པའི་ཐབས་ཀྱི་ཉམས་ལེན་ཡིན་པས་འབད་པས་སྒོམ་པར་བྱེད་དོ། །དེ་ཡང་མདོ་སྡེ་རྒྱན་དང་དབུས་མཐའ་རྣམ་འབྱེད་ལས་མཐུན་པར་གསུངས་པ། རང་བཞིན་ཡན་ལག་གནས་ཡན་ལག །གསུམ་པ་ངེས་འབྱུང་ཡན་ལག་སྟེ། །བཞི་པ་ཕན་ཡོན་ཡན་ལག་ཡིན། །རྣམ་གསུམ་ཉོན་མོངས་མེད་ཡན་ལག །ཅེས་པ་རང་བཞིན་ནི་དངོས་སམ་གཙོ་བོའི་དོན་ཡིན་པས། བདག་མེད་རྟོགས་པའི་ཤེས་རབ་ནི། བྱང་ཆུབ་ཡན་ལག་གི་དངོས་གཞི་གཙོ་བོ་ཡིན་པས་རང་བཞིན་གྱི་ཡན་ལག་དང༌། གནས་ཀྱི་དོན་ནི་རྟེན་གཞིའི་དོན་ཡིན་ཅིང༌། དམིགས་ཡུལ་བདག་མེད་པའི་དོན་མ་བརྗེད་པ་དྲན་པར་བྱེད་པ་དེ་ལས་ཤེས་རབ་སྐྱེ་བའི་དྲན་པ་ནི་གནས་ཀྱི་ཡན་ལག་དང་ངེས་པར་འབྱུང་བ་ནི་གོང་ནས་གང་དུ་འགྲོ་བ་སྟེ། བརྩོན་འགྲུས་ཀྱི་ཤེས་རབ་གོང་འཕེལ་དུ་བྱེད་པས་བརྩོན་འགྲུས་ནི་ངེས་པར་འབྱུང་བའི་ཡན་ལག་དང༌། ཕན་ཡོན་གྱི་དོན་ནི་གནས་སྐབས་ཀྱི་ཕན་ཡོན་ཏེ། བདག་མེད་སྟོང་ཉིད་ཀྱི་དོན་རྟོགས་པས་དགའ་བདེ་ཁྱད་པར་ཅན་འདྲེན་པར་བྱེད་པ་གནས་སྐབས་ཀྱི་ཕན་ཡོན་ཡིན་པས་དགའ་བདེ་དེ་ནི་ཕན་ཡོན་གྱི་ཡན་ལག་དང༌། ཤིན་ཏུ་སྦྱངས་པ་དང༌། ཏིང་ངེ་འཛིན་བཏང་སྙོམས་གསུམ་ནི་ཉོན་མོངས་མེད་པའི་


TNT21_Page_1113
[མ་དཔེ་གཟིགས་ན་འདིར་གནོན།]

ཡན་ལག་ཡིན་ཅིང༌། དབུས་མཐའ་རྣམ་འབྱེད་ལས། འདི་ལ་གཞི་དང་གནས་དང་ནི། །ངོ་བོ་ཉིད་དུ་བརྗོད་པ་ཡིན། །ཅེས་པ། གཞི་ནི་རྒྱུའི་དོན་ཡིན་པས། ཉོན་མོངས་པའི་བག་ལ་ཉལ་དང༌། རྗེས་སུ་མཐུན་པའི་ལུས་ངག་ཡིད་གསུམ་གྱིས་ཀུན་ཏུ་སྤྱཽད་པ་ནི་གནས་ངན་ལེན་ཡིན་ཞིང༌། དེ་ཉིད་སྔོན་འབད་པས་བསྒྲིམས་ཏེ་བཟློག་དགོས་པ་ཕྱིར་སྦྱངས་པའི་གོམས་ཤུགས་ཀྱིས་ཆེད་དུ་མ་བསྒྲིམས་ཀྱང་མི་འབྱུང་ཞིང༌། གཞན་ཡང་རང་གི་དགེ་བ་ལ་འཇུག་པ་ནི། ཉོན་མོངས་མེད་པ་འབྱུང་བའི་རྒྱུ་ཡིན་ཏེ། དེ་ནས་ཤིན་ཏུ་སྦྱངས་པ་ནི་གཞི་དང༌། གནས་ནི་རྟེན་གཞིར་གྱུར་པའི་དོན་ཡིན་པས། ཉོན་མོངས་པ་མེད་པའི་ཡེ་ཤེས་ཡུན་རིང་དུ་གནས་པ་ཏིང་ངེ་འཛིན་ལས་བྱུང་བའི་ཏིང་ངེ་འཛིན་ནི། ཉོན་མོངས་པ་མེད་པའི་གནས་དང༌། ཉོན་མོངས་པ་མེད་པའི་ཡེ་ཤེས་ཀྱི་ངོ་བོ་ནི་བཏང་སྙོམས་ཏེ། མ་ཆགས་མི་སྡང་བ་ཡིན་ནོ། །གཉིས་པ་འཕྲོས་དོན་བྱང་ཆུབ་ཡན་ལག་བདུན་པོ་དེ་རྣམས་ཀྱི་ནང་ནས་ཉམས་ལེན་གྱི་གཙོ་བོ་རྣམ་འབྱེད་ཤེས་རབ་དང༌། བསམ་གཏན་གྱི་ཏིང་ངེ་འཛིན་སྟོན་པ་ནི། ཤེས་རབ་མེད་ལ་བསམ་གཏན་ཡོད་མིན་ཏེ། །བསམ་གཏན་མེད་པར་ཡང་ནི་ཤེས་རབ་མེད། །གང་ལ་དེ་གཉིས་ཡོད་པའི་སྲིད་པ་ཡི། །


TNT21_Page_1114
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་མཚོ་གནག་རྗེས་ལྟ་བུར་འཚལ་བར་བགྱི། །ཐོས་བསམ་ཀྱི་ཤེས་རབ་ཕྱིན་ཅི་མ་ལོག་པས་མཚམས་སྦྱོར་བ་མེད་ན། གནས་ལུས་ཀྱི་དོན་ལ་མཉམ་པར་འཇོག་པའི་བསམ་གཏན་བསྒོམ་ནུས་པ་ཡོད་པ་མིན་ཅིང༌། བསམ་གཏན་དེ་མེད་པས་ཉོན་མོངས་སྤོང་བ་དང་ཆོས་ཉིད་མངོན་སུམ་དུ་མཐོང་བའི་ཟག་མེད་སྒོམ་བྱུང་གི་ཤེས་རབ་སྐྱེ་བར་འགྱུར་བ་མེད་ལ། ཐོས་བསམ་སྒོམ་གསུམ་གྱི་ཤེས་རབ་དང་གནས་ལུགས་ཡང་དག་པའི་དོན་ལ་མཉམ་པར་འཇོག་པའི་བསམ་གཏན་དེ་གཉིས་རང་གི་རྒྱུད་ལ་འཛོམ་པར་གྱུར་ན། སྲིད་པ་འཁོར་བའི་རྒྱ་མཚོ་བརྒལ་བར་དཀའ་བ་ཉིད་ཀྱང༌། རྨིག་རྗེས་ཀྱི་ཆུ་ལྟ་བུར་འབད་རྩོལ་ཀྱིས་དཀའ་བ་མེད་པར་བརྒལ་བར་འཚལ་བ་སྟེ་ནུས་པ་ཡིན་ནོ། །དེའི་ཡང་འཕྲོས་དོན་འདིར་ཤེས་རབ་ཀྱིས་འཁོར་བ་ལས་གྲོལ་བར་བཤད་ན། ལྟ་བ་ཐམས་ཅད་ཤེས་རབ་ཀྱི་རིགས་ཡིན་པས་འཇིག་རྟེན་མཐའ་ལྡན་ལ་སོགས་པའི་ལྟ་བ་བཅུ་བཞི་པོ་ཡང་སྒོམ་པས་གྲོལ་བར་འགྱུར་བ་ཡིན་ནམ་ཞེ་ན། དེ་ལྟར་མ་ཡིན་པར་སྟོན་པ་ནི། ལུང་མ་བསྟན་ལྟ་བཅུ་བཞི་འཇིག་རྟེན་ན། །ཉི་མའི་གཉེན་གྱིས་རབ་གསུངས་གང་དག་ལགས། །དེ་དག་རྣམས་ལ་བསམ་པར་མི་བགྱིད་དེ། །དེ་ཡི་བློ་ནི་ཞི་བར་བགྱིད་མ་ལགས། །འཇིག་རྟེན་མཐའ་ལྡན་ལ་སོགས་


TNT21_Page_1115
[མ་དཔེ་གཟིགས་ན་འདིར་གནོན།]

པའི་འཇིག་རྟེན་གྲགས་ཆེ་བའི་ལྟ་བ་བཅུ་བཞི་ནི། ཉི་མའི་གཉེན་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ལུང་མ་བསྟན་པའི་ལྟ་བ་ཞེས་པའི་ཐ་སྙད་རབ་ཏུ་གསུངས་པ་གང་དག་སྟེ། དེ་ལྟར་བུའི་ལོག་པའི་ཤེས་རབ་ཀྱི་ལྟ་བ་དེ་དག་རྣམས་ལ་ནི། བསམ་པ་དང་བསྒོམ་པར་བྱ་བ་མ་ཡིན་ཏེ། དེའི་བློ་སྟེ་རང་གི་སེམས་རྒྱུད་ཀྱི་ཉོན་མོངས་པ་ཞི་བར་བགྱིད་པ་མ་ཡིན་པའི་ཕྱིར་རོ། །ལུང་དུ་མ་བསྟན་པའི་ལྟ་བ་བཅུ་བཞི་པའི་སྡོམ་ནི། བདག་དང་འཇིག་རྟེན་མཐའ་ལྡན་དང༌། །མི་ལྡན་གཉིས་ཀ་གཉིས་ཀ་མིན། །བདག་དང་འཇིག་རྟེན་རྟག་པ་དང༌། །མི་རྟག་གཉིས་ཀ་གཉིས་ཀ་མིན། །དེ་བཞིན་གཤེགས་པ་གྲོངས་ཕན་ཆད། །འབྱུང་དང་མི་འབྱུང་གཉིས་གཉིས་མིན། །བདག་སྲོག་གཅིག་དང་ཐ་དད་ཅེས། །ལུང་མ་བསྟན་ལྟ་བཅུ་བཞིའོ། །དེ་ཡང་བདག་དང་འཇིག་རྟེན་མཐའ་ལྡན་ལ་སོགས་པ་ནི། བདག་དང་ཕུང་པོ་མཉམ་མི་མཉམ་དུ་འཛིན་པ། བོང་ཆེ་ཆུང་གི་ཚད་ཀྱི་མཐའ་དང༌། སྔོན་དང་ཕྱི་མའི་དུས་ཀྱི་མཐའ་དང་ལྡན་མི་ལྡན། དེ་གཉིས་ཀ་ཡིན་པ་དང༌། གཉིས་ཀ་མིན་པ། འཇིག་རྟེན་གྱི་ཁམས་ཡུལ་གྱི་སྟེང་འོག་ཕྱོགས་མཚམས་ཀྱི་ཚད་མཐའ་ལྡན་ཡིན་མིན་དུ་འཛིན་དང༌། བསྐལ་བ་ཆགས་འཇིག་ལ་སོགས་པའི་དུས་ཀྱི་མཐའ་ཡོད་མེད་དེ་


TNT21_Page_1116
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ཀ་ཡིན་པ་དང་མིན་པར་འཛིན་པ། བདག་དང་འཇིན་རྟེན་རྟག་པ་དང་མི་རྟག་པ། དེ་གཉིས་གཉིས་ཀ་ཡིན་མིན། དེ་བཞིན་གཤེགས་པ་ཕུང་པོ་ལྷག་མ་མེད་པའི་དབྱིངས་སུ་མྱ་ངན་ལས་འདས་ཕན་ཆད་དེ་ཐར་པ་ནས་སླར་འཁོར་བར་ལྡོག་མི་ལྡོགའབྱུང་མི་འབྱུང་དང༌། དེ་གཉིས་ཀ་ཡིན་མིན། བདག་དང་སྲོག་གཅིག་མི་གཅིག་ཏུ་འཛིན་པ་སྟེ། ལྟ་བ་བཅུ་བཞི་པོ་དེ་རྣམས་ཀྱི་སྒོ་ནས་མུ་སྟེགས་ཀུན་ཏུ་རྒྱུ་མང་པོ་ཞིག་གིས། དེ་བཞིན་གཤེགས་པ་དྲི་བ་ཞུས་པར་དགོས་པའི་དབང་གིས་རེ་ཞིག་ཏུ་ལུང་སྟོན་པ་མ་གནང་བས། ལྟ་བ་ངན་པ་དེ་རྣམས་ལུང་མ་བསྟན་གྱི་ལྟ་བ་ཞེས་བྱའོ། །རྟེན་འབྲེལ་བཅུ་གཉིས་བསྒོམ་པར་གདམས་པ་ལ། རྟེན་འབྲེལ་ལུགས་འབྱུང་ནི། མ་རིག་པ་ལས་ལས་ཏེ་དེ་ལས་ནི། །རྣམ་ཤེས་དེ་ལས་མིང་དང་གཟུགས་རབ་འབྱུང༌། །དེ་ལས་སྐྱེ་མཆེད་དྲུག་སྟེ་དེ་ལས་ནི། །རེག་པ་ཀུན་ཏུ་འབྱུང་བར་ཐུབ་པས་གསུངས། །རེག་པ་ལས་ནི་ཚོར་བ་ཀུན་འབྱུང་སྟེ། །ཚོར་བའི་གཞི་ལས་སྲེད་པ་འབྱུང་བར་འགྱུར། །སྲེད་ལས་ལེན་པ་སྐྱེ་བར་འགྱུར་བ་སྟེ། །དེ་ལས་སྲིད་པ་སྲིད་ལས་སྐྱེ་བ་ལགས། །སྐྱེ་བ་ཡོད་ན་མྱ་ངན་ན་རྒ་དང༌། །འདོད་པས་ཕོངས་དང་འཆི་བས་འཇིགས་སོགས་ཀྱིས། །སྡུག་བསྔལ་ཕུང་པོ་ཤིན་ཏུ་ཆེ་འབྱུང་སྟེ། །མ་རིག་པའི་རྟེན་འབྲེལ་ལས་ལས་ཏེ། འདུ་བྱེད་ཀྱི་


TNT21_Page_1117
[མ་དཔེ་གཟིགས་ན་འདིར་གནོན།]

རྟེན་འབྲེལ་འབྱུང༌། དེ་ལས་མིང་དང་གཟུགས་ཀྱི་རྟེན་འབྲེལ་རབ་ཏུ་འབྱུང་བར་འགྱུར། དེ་ལས་སྐྱེ་མཆེད་དྲུག་གི་རྟེན་འབྲེལ་འབྱུང་སྟེ། དེ་དག་ལས་རེག་པའི་རྟེན་འབྲེལ་ཀུན་ཏུ་འབྱུང་བར་ཐུབ་པས་གསུངས་ལ། རེག་པ་དེ་ལས་ནི་ཚོར་བའི་རྟེན་འབྲེལ་ཀུན་ཏུ་འབྱུང་སྟེ། ཚོར་བའི་གཞི་ཞེས་པ་ནི་ཚོར་བ་ཡང་ཡིན་ལ། སྲེད་པ་ལ་སོགས་པ་འབྱུང་བའི་གཞི་ཡིན་པས་གཞི་མཐུན་བསྡུ་བའི་སྒྲས་བསྟན་པ་ཡིན། དེ་ལས་སྲིད་པའི་རྟེན་འབྲེལ་འབྱུང་བར་འགྱུར། སྲིད་པ་དེ་ལས་ལེན་པའི་རྟེན་འབྲེལ་སྐྱེ་བར་འགྱུར། དེ་ལས་སྲིད་པའི་རྟེན་འབྲེལ་འབྱུང་བར་འགྱུར། སྲིད་པ་དེ་ལས་སྐྱེ་བའི་རྟེན་འབྲེལ་འབྱུང་འགྱུར་བ་ལགས་ཤིང༌། དེ་ལས་རྒ་ཤིའི་རྟེན་འབྲེལ་འབྱུང་བ་སྟེ་གང་སྐྱེ་བ་ཡོད་པ་ན་མྱ་ངན་དང༌། ན་བ་དང༌། རྒས་པ་དང༌། འདོད་པའི་ཕོངས་པ་དང༌། འཆི་བ་ལ་སོགས་པའི་འཇིག་པ་རྣམ་པ་སྣ་ཚོགས་ཀྱི་སྡུག་བསྔལ་གྱི་ཕུང་པོ་ཤིན་ཏུ་ཆེ་བ་མི་བཟད་པ་འབྱུང་བར་འགྱུར་རོ། །རྟེན་འབྲེལ་ལུགས་ལྡོག་མཚོན་བྱེད་ཙམ་བསྟན་པ་ནི། སྐྱེ་བ་འགགས་པས་འདི་ཀུན་འགགས་པར་འགྱུར། །ཞེས་པ་སྐྱེ་བ་འགགས་པས་རྒ་ཤི་འགགས་པ་དང༌། དེ་བཞིན་དུ་སྲིད་པ་འགགས་པས་སྐྱེ་བ་འགགས་པ་ནས། མ་རིག་པ་འགགས་པས་འདུ་བྱེད་འགགས་པའི་བར་དུ་ལུགས་ལྡོག་


TNT21_Page_1118
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་སྦྱར་བར་བྱའོ། །རྟེན་འབྲེལ་གྱི་ཆེ་བ་བསྟན་པ་ནི། རྟེན་ཅིང་འབྲེལ་བར་འབྱུང་འདི་རྒྱལ་བ་ཡི། །གསུང་གི་མཛོད་ཀྱི་གཅེས་པ་ཟབ་མོ་སྟེ། །གང་གིས་འདི་ནི་ཡང་དག་མཐོང་བ་དེས། །སངས་རྒྱས་དེ་ཉིད་རིག་པས་རྣམ་མཆོག་མཐོང༌། །རྟེན་ཅིང་འབྲེལ་བར་འབྱུང་བའི་གཏམ་འདི་ནི་རྒྱལ་བ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གསུང་དམ་པའི་ཆོས་ཀྱི་བང་མཛོད་ཆེན་པོའི་གཅེས་པའི་སྙིང་པོ་དང༌། རྟོགས་དཀའ་ཞིང་རྟོགས་ན་དོན་ཆེན་པོར་འགྱུར་བས་ཟབ་མོ་སྟེ། གང་གི་རྟེན་འབྲེལ་གྱི་དོན་ནི་ཡང་དག་པར་ཕྱིན་ཅི་མ་ལོག་པར་མཐོང་བ་དེ་ནི་བདེན་པ་བཞིའི་དེ་ཁོ་ན་ཉིད་རིག་ཅིང་རྣམ་པ་མཆོག་སྟེ་མ་ནོར་བ་བཅུ་དྲུག་ལ་སོགས་པ་མངོན་སུམ་དུ་མཐོང་བ་ཡིན་ལ་དེ་ནི་ཚོགས་རྒྱ་ཆེན་པོ་དང་ལྡན་ན་སངས་རྒྱས་དང༌། འབྲིང་དུ་བསགས་པར་རང་རྒྱལ། ཆུང་ངུར་བསགས་པ་ཉན་ཐོས་དགྲ་བཅོམ་པར་འགྱུར་རོ། །འདིར་སྤྱི་དོན་ཅུང་ཟད་བརྗོད་ན། མ་རིག་འདུ་བྱེད་རྣམ་ཤེས་དང༌། །མིང་གཟུགས་སྐྱེ་མཆེད་རེག་པ་དང༌། །ཚོར་བ་སྲེད་ལེན་སྲིད་པ་དང༌། སྐྱེ་བ་རྒ་ཤི་བཅུ་གཉིས་སོ། །འདིར་རྟེན་འབྲེལ་གྱི་ངོ་བོ། །དབྱེ་བ་ཡན་ལག་བཅུ་གཉིས་ངོས་བཟུང་བ། དེ་དག་སྐྱེ་བ་གསུམ་ལ་ཇི་ལྟར་འཁོར་བའི་ཚུལ་རྣམས་ལས། དང་པོ་ནི་རྐྱེན་ལས་བྱུང་བའི་ངོ་བོ་ཡིན་ཏེ།


TNT21_Page_1119
[མ་དཔེ་གཟིགས་ན་འདིར་གནོན།]

མཐུན་པའི་རྒྱུ་རྐྱེན་སྣ་ཚོགས་ལ་འབྲས་བུ་འབྱུང་བའི་དོན་ཡིན་ལ། གཉིས་པ་ལ། ངོ་བོའི་དབྱེ་བ་ནི། ཀུན་ནས་ཉོན་མོངས་ཀྱི་རྟེན་འབྲེལ་དང༌། རྣམ་བྱང་གི་རྟེན་འབྲེལ་གཉིས་ལས། དང་པོ་ནི། མ་རིག་པའི་རྐྱེན་གྱིས་འདུ་བྱེད་འབྱུང་བ་ནས། སྐྱེ་བའི་རྐྱེན་གྱིས་རྒ་ཤི་འབྱུང་བའི་བར་དུ་སྦྱར་བའོ། །གཉིས་པ་ནི། མ་རིག་པ་འགགས་པས་འདུ་བྱེད་འགགས་པ་ནས། སྐྱེ་བ་འགགས་པས་རྒ་ཤི་འགགས་པའི་བར་དུའོ། །རྟོགས་བྱེད་ཀྱི་ཤེས་པས་རྟེན་འབྲེལ་སྒོམ་ཚུལ་དང་རྟོག་ཚུལ་ལ་དབྱེ་ན། ལུགས་འབྱུང་ལུགས་ལྡོག་གཉིས་ལས། དང་པོ་ནི། མ་རིག་པ་ལས་འདུ་བྱེད་འབྱུང་བ་དང༌། མ་རིག་པ་འགགས་པས་འདུ་བྱེད་འགགས་པ་ནས་སྐྱེ་བ་ལས་རྒ་ཤི་འབྱུང་བ་དང༌། སྐྱེ་བ་འགགས་པས་རྒ་ཤི་འགགས་པའི་བར་ལུགས་འབྱུང་དུ་བསམ་པ་དང༌། གཉིས་པ་ནི། སྐྱེ་བ་ལས་རྒ་ཤི་འབྱུང་བ་དང༌། སྐྱེ་བ་འགགས་པས་རྒ་ཤི་འགགས་པ་ནས། མ་རིག་པའི་བར་དུ་སྦྱར་ཏེ་གོ་རིམ་ལྡོག་པའི་ཚུལ་གྱིས་བསྒོམ་པའོ། །རྣམ་གཞག་ཐ་དད་ཀྱི་དབྱེ་བ་ལ། སྐད་ཅིག་མའི་རྟེན་འབྲེལ། རྒྱུན་ཆགས་པའི་རྟེན་འབྲེལ། གནས་སྐབས་པའི་རྟེན་འབྲེལ། འབྲེལ་བ་ཅན་གྱི་རྟེན་འབྲེལ་


TNT21_Page_1120
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ལས། དང་པོ་ནི། མ་རིག་པས་ཀུན་ནས་བསླངས་པའི་དགེ་མི་དགེའི་ལས་གང་བྱེད་ཀྱང༌། ལས་དེ་བྱེད་པ་པོའི་སེམས་དང་ལུས་ལ་དུས་སྐད་ཅིག་མར་རྟེན་འབྲེལ་བཅུ་གཉིས་ཚང་བར་བརྩི་བ་ཡིན་ལ། རྒྱུན་ཆགས་པའི་རྟེན་འབྲེལ་ནི། འཁོར་བ་ཐོག་མ་མེད་པ་ནས་ད་ལྟའི་བར་དུ་རྟེན་འབྲེལ་གྱི་འཁོར་ལོ་གཅིག་མཐུད་རྒྱུན་མ་ཆད་པར་བྱུང་བ་དང༌། ཕྱིས་ཀྱང་འཁོར་བ་མཐའ་མེད་པའི་བར་དུ་གཉེན་པོས་མ་བཅོམ་ན་རྒྱུན་མི་འཆད་པར་འབྱུང་བའོ། །གནས་སྐབས་པའི་རྟེན་འབྲེལ་ནི་འོག་ཏུ་འཆད་པར་འགྱུར་རོ། །འབྲེལ་བ་ཅན་གྱི་རྟེན་འབྲེལ་ནི་སེམས་ཅན་ཁོ་ན་ལ་སྦྱར་ན། ལས་དང་ཉོན་མོངས་པ་སྡུག་བསྔལ་རྣམས་གཅིག་ལས་གཅིག་འབྱུང་བ་ཕན་ཚུན་འབྲེལ་བ་དང༌། བེམ་ཆོས་ལ་སྦྱར་ན་ས་བོན་ལས་མྱུ་གུ་འབྱུང་ཞིང༌། མྱུ་གུ་ལས་ས་བོན་འབྱུང་བ་སོགས་རྒྱུ་འབྲས་འབྲེལ་བ་དང༌། བརྟན་གཡོ་གཉིས་ཀ་ཐུན་མོང་དུ་སྦྱར་ན། སེམས་ཅན་གྱི་ལས་དང་ཉོན་མོངས་པ་ལས་འཇིག་རྟེན་གྱི་ཁམས་ཀྱི་སྣང་བ་འབྱུང་ཞིང་གྲུབ་པ་དང༌། འཇིག་རྟེན་གྱི་ཁམས་ལ་བརྟེན་ཅིང་དམིགས་པས་སེམས་ཅན་གྱི་ལས་དང་ཉོན་མོངས་པ་གསོག་པར་བྱེད་པའི་སྣོད་བཅུད་ཐམས་ཅད་འབྲེལ་བ་ཅན་དུ་གྱུར་པ་སྟེ། འབྲེལ་བ་ཅན་གྱི་རྟེན་འབྲེལ་ལ་ནི་རྣམ་པ་བརྒྱད་ཡོད་པར་ཐེག་པ་ཆེན་པོའི་ཆོས་མངོན་པ་ལས་


TNT21_Page_1121
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་སོ། །ཡན་ལག་བཅུ་གཉིས་ཀྱི་ངོ་བོ་ནི། མ་རིག་པ་ལ་དེ་ཁོ་ཉིད་ལ་རྨོངས་པའི་མ་རིག་པ་དང༌། ལས་འབྲས་ལ་རྨོངས་པའི་མ་རིག་པ་གཉིས་ལས། དང་པོ་ནི། བདག་མེད་པའི་དོན་མི་ཤེས་པས་རྨོངས་པ་སྟེ། དེས་ནི་མི་དགེ་བ་དང་ཟག་བཅས་ཐམས་ཅད་ཀུན་ནས་སློང་བར་བྱེད་ཅིང༌། ལས་འབྲས་ལ་རྨོངས་པའི་མ་རིག་པ་ནི། དགེ་མི་དགེ་ལས་འབྲས་བུ་བདེ་སྡུག་འབྱུང་བ་མི་ཤེས་པ་སྟེ། དེས་ནི་མི་དགེ་བ་རྣམས་ཁོ་ན་ཀུན་ནས་སློང་བར་བྱེད་དོ། །འདུ་བྱེད་ལ་ངོ་བོ་ནི་ལུས་ངག་ཡིད་ཀྱི་ལས་གསུམ་གང་རུང་ཞིག་ལ་དབྱེ་ན་བསོད་ནམས་ཀྱི་ལས། བསོད་ནམས་མ་ཡིན་པའི་ལས། མི་གཡོ་བའི་ལས་གསུམ་ལས། དང་པོའི་འདོད་ཁམས་ཀྱི་དགེ་བ་དང༌། གཉིས་པ་ནི་མི་དགེ་བ་ཐམས་ཅད་ཡིན། གསུམ་པ་ནི་བསམ་གཏན་དང་གཟུགས་མེད་དེ་ཁམས་གོང་མ་གཉིས་ཐོབ་པར་བྱེད་པའི་ལས་ཡིན་པས་དགེ་བ་དང༌། འཇིག་རྟེན་པ་དང༌། མཉམ་པ་པ་སྟེ་ཁྱད་ཆོས་གསུམ་ལྡན་ཡིན་ནོ། །ལུང་མ་བསྟན་གྱི་ལས། དགེ་བའི་ནང་ནས་ཟག་མེད་ཀྱི་ལས་ནི་འདུ་བྱེད་ཀྱི་ཡན་ལག་ཏུ་མི་འགྱུར་རོ། །རྣམ་ཤེས་ལ་རྒྱུའི་རྣམ་ཤེས་དང༌། འབྲས་བུའི་རྣམ་ཤེས་ཏེ། དེ་ཡང་ཀུན་གཞི་རྣམ་ཤེས་ཡིན་ཅིང༌། རྒྱུན་གཅིག་ཁོ་ན་ཡིན་པས་རྣམ་ཤེས་


TNT21_Page_1122
[མ་དཔེ་གཟིགས་ན་འདིར་གནོན།]

རང་གི་ངོས་ནས་གསལ་མི་གསལ་དང༌། སྟོབས་ཆེ་ཆུང་མེད་ཀྱང༌། རྣམ་ཤེས་ལ་ལས་ཀྱི་ས་བོན་ཐེབས་པ་ནས་མ་ཤི་བའི་བར་དུ་ལས་ཀྱི་བག་ཆགས་མི་གསལ་ཞིང་སྟོབས་ཆུང་བར་ཡོད་པས་རྒྱུ་དང༌། བར་དོ་དང་རང་ཉིད་མཚམས་སྦྱར་བ་ན། ལས་ཀྱི་ས་བོན་སྨིན་པའི་ཚུལ་གྱིས་སྟོབས་དང་ལྡན་ཞིང་གསལ་བར་འགྱུར་བ་ཡིན་ནོ། །མིང་གཟུགས་ཀྱི་རྟེན་འབྲེལ་ལ། མིང་ནི་མིང་བཞིའི་ཕུང་པོ་སྟེ། ཚོར་བ། འདུ་བྱེད། འདུ་ཤེས་རྣམ་པར་ཤེས་པའི་ཕུང་པོ་བཞི་པོ་གཞན་ལ་རིག་པར་བྱེད་པ་ན། དབང་ཤེས་ལ་བསྟན་དུ་མེད་པའི་མིང་ཁོ་ནས་སྟོན་པར་བྱེད་པ་ཡིན་པས། གཟུགས་ཀྱི་ཕུང་པོ་ནི། མིག་གི་རྣམ་པར་ཤེས་པ་ལ་སོགས་པ་ལ་དངོས་སུ་བསྟན་དུ་ཡོད་པས་གཟུགས་ཞེས་བརྗོད་དེ། དེ་ལྟར་ཕུང་པོ་ལྔ་ནི་མིང་གཟུགས་ཀྱི་རྟེན་འབྲེལ་ཡིན་ནོ། །སྐྱེ་མཆེད་དྲུག་ནི་མིག་གི་སྐྱེ་མཆེད་ནས་ཡིད་ཀྱི་སྐྱཻ་མཆེད་ཀྱི་བར་དྲུག་གོ །རེག་པའི་རྟེན་འབྲེལ་ནི། ཡུལ་དབང་རྣམ་ཤེས་གསུམ་འདུས་པ་ལ་བརྟེན་ནས་ཤེས་པ་རྣམ་པར་འགྱུར་བ་སྟེ། དེ་ཡང་མིག་གི་འདུས་ཏེ་རིག་པ་ནས་ཡིད་ཀྱི་འདུས་ཏེ་རེག་པའི་བར་དྲུག་གོ །ཚོར་བའི་རྟེན་འབྲེལ་ལ་ནི། མིག་གི་འདུས་ཏེ་རེག་པའི་ཚོར་བ་ནས་ཡིད་ཀྱི་དུས་ཏེ་རེག་པའི་ཚོར་བའི་བར་དྲུག་དང༌། དེ་རེ་རེ་ལ་ཡང་བདེ་སྡུག་བཏང་སྙོམས་གསུམ་གྱིས་ཚོར་བ་མྱོང་བའི།


TNT21_Page_1123
[མ་དཔེ་གཟིགས་ན་འདིར་གནོན།]

དབྱེ་བས་བཅོ་བརྒྱད་དུ་འགྱུར་བ་ལས་གང་ཡང་རུང་བ་ཞིག་ཡིན་ནོ། །སྲེད་པའི་རྟེན་འབྲེལ་ནི་ཚོར་བ་ལས་འབྱུང་བས། བདེ་བ་ལ་སྔར་ཡོད་དང་མི་འབྲལ་བར་སྲེད་པ་དང༌། སྔར་མེད་འབྱུང་བར་འདོད་པས་སྲེད་པ། སྡུག་བསྔལ་ལ་འབྲལ་བར་འདོད་པ་དང་སླར་མི་འབྱུང་བར་འདོད་པས་སྲེད་པ། བཏང་སྙོམས་ལ་གནས་པར་འདོད་པས་སྲེད་པའོ། །ལེན་པའི་རྟེན་འབྲེལ་ནི། སྲེད་པའི་ཡུལ་འཚོལ་བར་འདོད་པ་སྟེ། དེ་ལ་འདོད་པ་ཉེ་བར་ལེན་པ་དང༌། ཚུལ་ཞུགས་ཉེ་བར་ལེན་པ་དང༌། ལྟ་བ་ཉེ་བར་ལེན་པ་དང༌། བདག་ཏུ་སྨྲ་བར་ཉེ་བར་ལེན་པ་རྣམས་ལས། འདོད་པ་ཉེ་བར་ལེན་པ་ནི། འདོད་པའི་ཡུལ་རྣམས་ལ་སྲེད་ནས་འཚོལ་བར་འདོད་པ་དང༌། ཚུལ་ཞུགས་ཉེ་བར་ལེན་པ་ནི་ཕྱི་མ་མཐོ་རིས་ཀྱི་ཕུང་པོ་བདེ་བ་དོན་དུ་གཉེར་པ་ཙམ་གྱིས་ཚུལ་ཁྲིམས་དང་བརྟུལ་ཞུགས་ལེན་པར་འདོད་པ་ཡིན་ནོ། །ལྟ་བ་ཉེ་བར་ལེན་པ་ནི་ཚེ་འདིར་རྙེད་པ་བཀུར་བསྟི་གྲགས་པ་ཐོབ་པར་འདོད་པ་དང༌། ཕྱི་མའི་མཐོ་རིས་ཀྱི་བདེ་བ་དོན་དུ་གཉེར་བས་ངན་པའི་ལྟ་བ་འཛིན་པར་འདོད་པ་དང༌། བདག་ཏུ་སྨྲ་བར་ཉེ་བར་ལེན་པ་ནི། བདག་རྒྱུད་ཀྱི་ཕུང་པོ་སྲེད་པས་དེའི་ཕུན་ཚོགས་འདོད་པ་སྟེ། དངོས་པོ་ལ་སེར་སྣས་མཁོ་ཚགས་སུ་བྱེད་འདོད་ལྟ་བུ་དང༌། བདག་ཉིད་སྒྲོག་པར་བྱེད་པ་དང༌། ཕུང་པོ་བཟང་པོ་འདོད་


TNT21_Page_1124
[མ་དཔེ་གཟིགས་ན་འདིར་གནོན།]

པས་བསམ་གཏན་གཟུགས་མེད་ཀྱི་ཏིང་ངེ་འཛིན་བསྒོམ་པར་འདོད་པ་ཚུན་ཆད་དོ། །ཉེར་ལེན་བཞི་པོ་ཆོས་མངོན་གཉིས་སུ་འདི་ལས་རྣམ་གྲངས་གཞན་དུ་གསུངས་ཀྱང་གནད་གཅིག་ཉིད་དོ། །སྲིད་པའི་རྟེན་འབྲེལ་ནི། སྐྱེ་བའི་སྲིད་པར་ཉིང་མཚམས་སྦྱོར་བའི་ལས་མཐུ་ཅན་དུ་གྱུར་པ་ནི་སྲིད་པ་སྟེ། དེ་ལ་གསུམ་ལས། ལས་ཀྱི་སྲིད་པ་ནི་སྟོབས་ཆུང་བ་དང༌། འཆི་བའི་སྲིད་པ་ནི་སྟོབས་འབྲིང་དང༌། ཉིང་མཚམས་སྦྱོར་བའི་སྲིད་པ་ནི་སྟོབས་ཆེན་པོར་གྱུར་པའོ། །སྐྱེ་བའི་རྟེན་འབྲེལ་ནི། མངལ་སྐྱེས། རྫུས་སྐྱེས། དྲོད་གཤེར་སྐྱེས། སྒོང་སྐྱེས་ཀྱི་སྐྱེ་བ་རྣམས་སོ། །རྒ་ཤིའི་རྟེན་འབྲེལ་ཕུང་པོ་འགྱུར་བས་རྒས་པ་དང༌། ན་བ་དང༌། མྱ་ངན་དང༌། སྨྲེ་སྔགས་འདོན་པ། སྡུག་བསྔལ་བ། ཡིད་མི་བདེ་བ་ལ་སོགས་པ་ནས་འཆི་བའི་བར་དུའོ། །དེ་ལྟར་རྟེན་འབྲེལ་བཅུ་གཉིས་ནི། ལམ་གསུམ་མམ། ཀུན་ནས་ཉོན་མོངས་པ་གསུམ་གྱིས་བསྡུས་པ་ཡིན་ཏེ། ཉོན་མོངས་ཀྱི་ལམ་དང༌། ལས་ཀྱི་ལམ་དང༌། སྡུག་བསྔལ་གྱི་ལམ་གསུམ་མོ། །ཡང་ན་ཀུན་ནས་ཉོན་མོངས་པ་གསུམ་སྟེ། ཉོན་མོངས་ཀྱིས་ཀུན་ནས། ཉོན་མོངས་ལས་ཀྱི་ཀུན་ནས་ཉོན་མོངས། སྡུག་བསྔལ་གྱིས་ཀུན་ནས་ཉོན་མོངས་རྣམས་སོ། །དེ་ཡང་ཀླུ་སྒྲུབ་ཉིད་ཀྱིས། དབུ་མ་རྟེན་འབྲེལ་སྙིང་


TNT21_Page_1125
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ལས། དང་པོ་བརྒྱད་པ་དགུ་ཉོན་མོངས། །གཉིས་པ་བཅུ་པ་ལས་ཡིན་ཏེ། །ལྷག་མ་བདུན་ནི་སྡུག་བསྔལ་ལོ། །ཞེས་པ་དང་པོ་མ་རིག་པ། བརྒྱད་པ་སྲེད་པ། དགུ་པ་ལེན་པ་ནི་ཉོན་མོངས་དང༌། གཉིས་པ་འདུ་བྱེད་དང༌། བཅུ་པ་སྲིད་པ་ནི་ལས་ཡིན་ནོ། །ལྷག་མ་རྣམ་པར་ཤེས་པ་ལ་སོགས་པ་ལྔ་དང༌། སྐྱེ་བ་རྒ་ཤི་གཉིས་ཏེ་བདུན་པོ་ནི་སྡུག་བསྔལ་ཞེས་བྱའོ། །གསུམ་པོ་དག་ལས་གཉིས་འབྱུང་སྟེ། །གཉིས་ལས་བདུན་འབྱུང་བདུན་ལས་ཀྱང༌། །གསུམ་འབྱུང་སྲིད་པའི་འཁོར་ལོ་འདི། །ཉིད་ནི་ཡང་དང་ཡང་དུ་འཁོར། །ཞེས་པ་ཉོན་མོངས་པ་ལས་ལས་འབྱུང༌། ལས་ལས་སྡུག་བསྔལ་འབྱུང༌། དེའི་མཐའ་ཟད་པར་མི་འགྱུར་བར་སླར་ཡང་སྡུག་བསྔལ་ལས་ཉོན་མོངས་པ་འབྱུང་བའི་རྒྱུན་ཆགས་པར་འཁོར་བ་ཡིན་ནོ། །དེ་ལ་ལས་ཉོན་ཡན་ལག་ལྔ་ནི་རྒྱུ་དང༌། སྡུག་བསྔལ་ཡན་ལག་བདུན་ནི་འབྲས་བུས་བསྡུས་སོ། །བཞི་པ་ཚེ་གསུམ་ལ་སྦྱར་བ་ནི། གནས་སྐབས་པའི་རྟེན་འབྲེལ་ཁོ་ནའི་དབང་དུ་བྱས་ནས་ཚེ་གསུམ་ལ་སྦྱོར་བ་ཡིན་ཏེ། མངོན་པ་མཛོད་ལས། སྔོན་དང་ཕྱི་མཐར་གཉིས་གཉིས་དང༌། །བར་དུ་བརྒྱད་ཡོངས་རྫོགས་ལྡན་ལ། །ཞེས་པ་སྐྱེ་བ་སྔོན་མ་ལ་མ་རིག་པ་དང༌། འདུ་བྱེད་གཉིས་སྦྱར༌། སྐྱེ་བ་ཕྱི་མ་


TNT21_Page_1126
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སྐྱེ་བ་དང་རྒ་ཤི་གཉིས་སྦྱར༌། སྐྱེ་བ་བར་པ་ལ་རྣམ་པར་ཤེས་པ་ནས་སྲིད་པའི་བར་གྱི་རྟེན་འབྲེལ་གྱི་ཡན་ལག་བརྒྱད་པོ་སྦྱར་རོ། །དེ་ལྟར་ཚེ་གསུམ་ལ་སྦྱར་པའི་དགོས་པ་ནི། སྔོན་དང་ཕྱི་མཐའ་བར་དག་ལ། །རྨོངས་པ་རྣམ་པར་ལྡོག་ཕྱིར་རོ། །ཞེས་པ་ཚེ་བར་པ་ད་ལྟར་གྱི་སྐྱེ་བ་ཡིན་པའི་དབང་དུ་བྱས་ནས། དེའི་རྒྱུ་ཚེ་སྔ་མ་ཡིན་པར་བསྟན་པས། དེ་ཡང་སྐྱེ་བ་སྔོན་མ་སོགས་སྐྱེ་བའི་སྔོན་མཐའ་མེད་པར་ཤེས་པས། སྐྱེ་བའི་སྔོན་གྱི་མཐའ་མ་རྨོངས་པ་ལྡོག་པར་འགྱུར་ཞིང༌། སྐྱེ་བ་ཕྱི་མ་ད་ལྟར་གྱི་སྐྱེ་བའི་འབྲས་བུ་ཡིན་པར་བསྟན་པས། དེའི་ཡང་ཚེ་ཕྱི་མ་སོགས་གཉེན་པོས་མ་བཅོམ་ན་སྐྱེ་བ་མཐའ་མེད་དུ་ཤེས་པས་སྐྱེ་བའི་ཕྱི་མཐའ་ལ་རྨོངས་པ་སེལ་བར་འགྱུར་རོ། །ད་ལྟར་གྱི་སྐྱེ་བ་ཚེ་སྔོན་མའི་འབྲས་བུ་དང་ཕྱི་མའི་རྒྱུན་ཡིན་པ་ཤེས་པ་ན། རྒྱུ་མེད་ལས་བྱུང་བ་དང༌། བྱེད་པའི་སྐྱེས་བུས་བྱས་པར་འདོད་པ་ལ་སོགས་པའི་རྨོངས་པ་ལྡོག་པར་འགྱུར་རོ། །ཚེ་གསུམ་ལ་ཇི་ལྟར་སྦྱོར་བའི་ཚུལ་ནི་སྔོན་ལ་ཉོན་མོངས་པ་ཁོ་ན་ལ་གནས་པའི་སྐབས་ནི་མ་རིག་པའི་ཡན་ལག་ཡིན། འདུ་བྱེད་ཀྱི་ནང་དུ་རྒྱུའི་རྣམ་ཤེས་ཀྱང་བསྡུས་ཏེ། ཉོན་མོངས་པས་ཀུན་ནས་བསླངས་པའི་ལས་ལ་སྤྱོད་བཞིན་པ་དང༌། སྤྱད་ཟིན་པ་ནི་འདུ་བྱེད་ཀྱི་ཡན་ལག་སྟེ། དེ་གཉིས་ཚེ་དང་པོའི་ཁོངས་


TNT21_Page_1127
[མ་དཔེ་གཟིགས་ན་འདིར་གནོན།]

སུ་བསྡུས་པ་དང༌། བར་དོ་དང་ཉིང་མཉམ་སྦྱོར་བའི་གནས་སྐབས་ན་རྣམ་པར་ཤེས་པ་ནི་ཡོད་ལ། གཟུགས་ཀྱི་ཕུང་པོ་མེད་པས་རྣམ་པར་ཤེས་པའི་ཡན་ལག་ཅེས་བྱ། བར་དོའི་རྣམ་པར་ཤེས་པ་མའི་མངལ་དུ་ཞུགས་ཏེ་དཀར་དམར་སེམས་གསུམ་འདྲེས་པ་ན། མིང་བཞི་དང༌། གཟུགས་ཀྱི་ཕུང་པོ་ཙམ་ནི་ཡོད་ལ། མིག་སོགས་སྐྱེ་མཆེད་བཞི་མ་དོད་པས། མིང་གཟུགས་ཀྱི་ཡན་ལག་ཅེས་བྱ། ཟླ་བ་ལྔ་རྫོགས་ན་སྔར་ཡོད་ལུས་དང་ཡིད་ཀྱི་སྐྱེ་མཆེད་སྟེང་དུ། མིག་གི་སྐྱེ་མཆེད་ལ་སོགས་པ་བཞི་མངོན་དུ་གྱུར་པས་སྐྱེ་མཆེད་དྲུག་ཚང་ཞིང༌། གཟུགས་སོགས་ཀྱི་ཡུལ་ལ་སྤྱོད་པར་མི་ནུས་པས་སྐྱེ་མཆེད་ཀྱི་ཡན་ལག་ཅེས་བྱ། བཙས་པ་ནས་དབང་པོ་དྲུག་ཡུལ་ལ་འཇུག་པས་རེག་པ་ཡོད་ཀྱང༌། ཚོར་བ་བདེ་སྡུག་གི་རྒྱུ་མི་ཤེས་པས་རེག་པའི་རྟེན་འབྲེལ་གྱི་ཡན་ལག་ཅེས་བྱ། སྨྲ་བ་དང་འགྲོ་བ་ལ་སོགས་པའི་གནས་སྐབས་ནས་བདེ་སྡུག་གི་རྒྱུ་ཤེས་པ་ལ་སོགས་པའི་ཚོར་བ་རགས་པ་ཡོད་ཀྱང༌། འཁྲིག་པ་ལ་སྲེད་པའི་སེམས་མེད་པ་ནི་ཚོར་བའི་རྟེན་འབྲེལ་གྱི་ཡན་ལག་ཅེས་བྱ། ལོ་བཅུ་གཉིས་ལ་སོགས་པའི་གནས་སྐབས་ན་འཁྲིག་པ་ལ་སྲེད་པའི་སེམས་ཡོད་ཅིང་སྤྱོད་མི་ནུས་པས། སྲེད་པ་ཤས་ཆེ་ལ་ལེན་པ་ཤེས་ཆུང་བས་སྲིད་པའི་རྟེན་འབྲེལ་གྱི་ཡན་ལག་ཡིན། བཅུ་དྲུག་པ་ལ་སོགས་པ་ན་འཁྲིགས་པའི་བྱ་བ་ལ་འཇུག་པས་སྲེད་པའི་ཡུལ་ལ་སྤྱོད་པས་


TNT21_Page_1128
[མ་དཔེ་གཟིགས་ན་འདིར་གནོན།]

ལེན་པ་ཤས་ཆེར་ཡོད་ཅིང༌། ནར་མ་ལོན་པས་བསམ་བཞིན་པའི་ལུས་ཤུགས་ཅན་མང་པོ་གསོག་པར་མི་བྱེད་པས་ལེན་པའི་ཡན་ལག་དང༌། ནར་ལོན་པ་ནས་འཆི་བའི་བར་དུ་དགེ་སྡིག་གི་ལས་ཤུགས་ཆེ་བར་སྤྱོད་པས་སྲིད་པའི་ཡན་ལག་སྟེ། ཡན་ལག་བརྒྱད་པོ་དེ་རྣམས་ནི་ཚེ་བར་པ་ལ་ཚང་པ་ཡིན༌། བར་དོའི་སྲིད་པ་དང་ཉིང་མཚམས་སྦྱོར་བའི་སྲིད་པ་གཉིས་སྐྱེ་བའི་ནང་དུ་བསྡུས་ཏེ། མའི་མངལ་དུ་གནས་པ་ནས་ཕྱིར་བྱུང་བའི་བར་ནི་སྐྱེ་བའི་རྟེན་འབྲེལ་གྱི་ཡན་ལག་དང༌། སྐྱེས་ནས་ཕུང་པོར་འགྱུར་བ་ལ་སོགས་པའི་འཆི་བའི་བར་ནི་རྒ་ཤིའི་རྟེན་འབྲེལ་གྱི་ཡན་ལག་ཡིན་ནོ། །ཡན་ལག་གཉིས་པོ་དེ་ཚེ་གསུམ་པའི་གནས་སྐབས་སུ་སྦྱར་རོ། །དེ་ཡང་འཕགས་པ་ཀླུ་སྒྲུབ་གྱི་རྗེས་འབྲང་རྣམས་རྟེན་འབྲེལ་གྱི་འཁོར་ལོ་ཚེ་གསུམ་ལ་བརྩི་བ་ཤས་ཆེ་བ་འཕགས་ཐོགས་མེད་ནི་སྐྱེ་བ་གཉིས་ལ་རྫོགས་པར་བཞེད་པ་ཤས་ཆེ་སྟེ། དེ་ཡང༌། མ་རིག་པ་ནས་ལེན་པའི་བར་དགུ་པོ་རྣམས་ནི་སྐྱེ་བ་སྔ་མ་ལ་ཚང་བ་དང༌། ཕྱི་མ་གསུམ་ནི་སྐྱེ་བ་རྗེས་མ་ལ་སྦྱོར་བར་མཛད་པ་ཡིན་ནོ། །ཚུལ་འདི་ནི་མ་རིག་པ་དང་འདུ་བྱེད་ནི་འཕེན་པའི་ཡན་ལག་དང༌། རྣམ་ཤེས་ལ་སོགས་པ་ལྔ་ནི་འཕགས་པའི་ཡན་ལག་ཡིན་ནོ། །


TNT21_Page_1129
[མ་དཔེ་གཟིགས་ན་འདིར་གནོན།]

སྲེད་ལེན་སྲིད་པ་གསུམ་ནི་འགྲུབ་བྱེད་ཀྱི་ཡན་ལག་དང༌། སྐྱེ་བ་རྒ་ཤི་གཉིས་ནི་འགྲུབ་པའི་ཡན་ལག་སྟེ་ཡན་ལག་བཞིས་བསྡུས་པའོ། །དེ་དག་ནི་ཀུན་རྗོབ་རྟེན་འབྲེལ་ཡིན་ལ། རེ་ཞིག་དོན་དམ་གྱི་རྟེན་འབྲེལ་ནི། གནས་སྐབས་ཀྱི་དོན་དམ་སྟེ། དཔེར་ན་འདུ་བྱེད་ཀྱི་ཡན་ལག །བདག་དང༌། གཞན་དང་གཉིས་དང༌། གཉིས་ཀ་དང༌། གཉིས་མིན་ལས་མི་སྐྱེ་ཡང་མ་བརྟགས་མ་དཔྱད་པའི་ངོར་མ་རིག་པའི་རྐྱེན་གྱིས་འདུ་བྱེད་ཅེས་ཚོགས་པ་དེ་ལས་སྣང་བ་དེ་ཙམ་ཤར་བ་མི་འགོག་པ་ལྟ་བུ་ལྟེ་འདིར་རྒྱས་པར་མ་བརྗོད་དོ། །འཕགས་ལམ་ཡན་ལག་བརྒྱད་བཤད་པ་ལ། དངོས་དང་འཕྲོས་དོན་གཉིས་ལས། དང་པོ་ལ། འཕགས་ལམ་ཡན་ལག་བརྒྱད་ངོས་བཟུང་བ་ནི། ཡང་དག་ལྟ་དང་འཚོ་དང་རྩོལ་བ་དང༌། །དྲན་དང་ཏིང་འཛིན་ངག་དང་ལས་མཐའ་དང༌། །ཡང་དག་རྟོག་ཉིད་ལམ་གྱི་ཡན་ལག་བརྒྱད། །འདི་ནི་ཞི་བར་བགྱི་སླད་བསྒོམ་པར་བགྱི། །དེ་ཡང་ཡང་དག་པའི་ལྟ་བ་དང༌། དེ་བཞིན་དུ་སྦྱར་ཏེ་འཚོ་བ་དང༌། རྩོལ་བ་དང༌། དྲན་པ་དང༌། ཏིང་ངེ་འཛིན་དང༌། ངག་དང༌། ལས་མཐའ་དང༌། ཡང་དག་པའི་རྟོག་པ་ཉིད་དེ། དེ་རྣམས་ནི་འཕགས་ལམ་ཡང་ཡིན་ལ། ཡན་ལག་ཀྱང་ཡིན་པས། འཕགས་ལམ་གྱི་ཡན་ལག་བརྒྱད་དོ། །དེ་ནི་ཉོན་མོངས་པ་དང་


TNT21_Page_1130
[མ་དཔེ་གཟིགས་ན་འདིར་གནོན།]

སྡུག་བསྔལ་མ་ཞི་བ་ཞི་བར་བྱེད་པ་དང༌། ཞི་བ་རྣམས་ཤིན་ཏུ་མཐར་ཕྱིན་པར་བྱ་བའི་སླད་དུ་བསྟེན་པར་བྱའོ། །གཞུང་འདིར་གོ་རིམ་དེ་བཞིན་དུ་བསྟན་པ་ནི་སྡེབ་སྦྱོར་གྱི་དབང་གིས་ཡིན་གྱི། གཞན་དུ་ན་ལྟ་རྟོག་ངག་ལས་འཚོ་རྩོལ་དྲན་ཏིང་བརྒྱད་ཅེས་སྡོམ་དུ་བྱ་སྟེ། མདོ་ལས་གོ་རིམ་དེ་ལྟར་དུ་གསུངས་སོ། །དེ་ཡང་ཡང་དག་པའི་ལྟ་བ་ནི་གནས་ལུགས་ཀྱི་དོན་ཕྱིན་ཅི་མ་ལོག་པར་རྟོགས་པའི་ཟག་མེད་ཀྱིས་ཤེས་རབ་ཡིན། ཡང་དག་པའི་རྟོགས་པ་ནི་གནས་ལུགས་ཀྱི་དོན་རང་གིས་རྟོགས་པ་ལྟར་གཞན་གྱིས་ཀྱང་རྟོགས་པར་འདོད་པའི་གཞན་ཕན་གྱི་སེམས་ཡིན། ཡང་དག་པའི་ངག་ནི། གནས་ལུགས་ཀྱི་དོན་རང་གིས་རྟོགས་པ་ལྟར་གཞན་ལ་ངག་ཚིག་དྲི་མ་མེད་པས་སྟོན་པར་བྱེད་པ་ཡིན། ཡང་དག་པའི་ལས་ཀྱི་མཐའ་ནི། ལུས་ངག་ཡིད་གསུམ་གྱིས་མི་དགེ་བ་ཕྲ་མོ་ཙམ་ཡང་སྤངས་པའི་དགེ་བའི་སྤྱོད་པ་ཁྱད་པར་ཅན་ལ་གནས་པ་ཡིན། ཡང་དག་པའི་འཚོ་བ་ནི། ལོག་པའི་འཚོ་བ་སྤངས་ནས་ཆོས་དང་མཐུན་པའི་འཚོ་བ་སྟེ་རབ་ཏུ་བྱུང་བའི་དབང་དུ་བྱས་ན་ཟས་བསོད་སྙོམས་པ་དང༌། གོས་ཕྱག་དར་ཁྲོད་ཀྱི་འཚོ་བ་ལ་སོགས་པ་སྦྱངས་བའི་ཡོན་ཏན་བཅུ་གཉིས་ལ་གནས་པ་ལྟ་བུ་ཡིན་ནོ། །ཡང་དག་པའི་རྩོལ་བ་ནི་བརྩོན་འགྲུས་ཡིན་ཅིང༌། དྲན་པ་དང༌། ཏིང་


TNT21_Page_1131
[མ་དཔེ་གཟིགས་ན་འདིར་གནོན།]

ངེ་འཛིན་ཏེ་འཕགས་ལམ་ཡན་ལག་གསུམ་པོ་དེ་ནི་བྱང་ཆུབ་ཡན་ལག་བདུན་གྱི་སྐབས་སུ་བསྟན་པ་དང་འདྲའོ། །འདིར་ཡང་དག་ཅེས་པ་སོ་སོ་སྐྱེ་བོ་ལ་མེད་པའི་འཕགས་པའི་ལམ་ཡིན་པའི་ཕྱིར་དེ་ལྟར་བརྗོད་དོ། །འཕགས་པའི་ལམ་ཡན་ལག་བརྒྱད་དུ་གྲངས་ངེས་བསྟན་པ་ནི། དབུས་མཐའ་རྣམ་འབྱེད་ལས། ཡོངས་སུ་དཔྱོད་དང་གོ་བྱེད་དང༌། །རྣམ་གསུམ་གཞན་ཡིད་ཆེས་པར་བྱེད༌། །མི་མཐུན་ཕྱོགས་ཀྱི་གཉེན་པོར་ནི༌། །ལམ་གྱི་ཡན་ལག་དེ་བརྒྱད་དོ། །ཞེས་པ་གནས་ལུགས་ཀྱི་དོན་བློ་གྲོས་ཀྱིས་ཡོངས་སུ་དཔྱོད་ནུས་པ་ཞིག་དགོས་པ་ལྟ་བ་དང༌། གནས་ལུགས་ཀྱི་དོན་དེ་གཞན་གྱིས་གོ་ཞིང་རྟོགས་པར་བྱེད་དགོས་པ་རྟོགས་པས་འགྲུབ་ཅིང༌། ངག་དང་ལས་དང་འཚོ་བ་གསུམ་གྱིས་གཞན་ཡིད་ཆེས་པར་བྱེད་པ་དང༌། རྩོལ་བ་དང༌། དྲན་པ། ཏིང་ངེ་འཛིན་གསུམ་གྱིས་མི་མཐུན་ཕྱོགས་ཀྱི་གཉེན་པོ་བྱེད་པ་སྟེ། ལྷ་དང་ཚུལ་ཁྲིམས་ཡོད་བྱད་སྨྱུང༌། །གཞན་ལ་རྣམ་པར་རིག་བྱེད་འདོད། །ཉོན་མོངས་ཉེ་བའི་ཉོན་མོངས་དབང༌། །མི་མཐུན་ཕྱོགས་ཀྱི་གཉེན་པོའོ། །དེ་ཡང་རང་རིག་ནི་གནས་ལུགས་ཀྱི་དོན་རྟོགས་པ་གཞན་ངག་ཚིག་དྲི་མ་མེད་པར་བསྟན་པས་ཡང་དག་པའི་ལྟ་བ་དང་ལྡན་པར་ཡིད་ཆེས་པར་འགྱུར་བ་དང༌། སྤྱོད་པ་བདེ་བ་ལ་གནས་པས་ཚུལ་ཁྲིམས་དང་


TNT21_Page_1132
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་པར་ཡིད་ཆེས་པ་དང༌། ཡང་དག་པའི་འཚོ་བ་ལ་གནས་པས་ཡོ་བྱད་སྨྱུང་བར་ཡིད་ཆེས་པར་བྱེད་པས། ངག་ལས་འཚོ་བ་གསུམ་ནི་གཞན་ཡིད་ཆེས་པར་བྱེད་པའི་ཡན་ལག་ཡིན་ནོ། །རྩོལ་པ་བརྩོན་འགྲུས་ཀྱིས་ནི་ཞེ་སྡང་ལ་སོགས་པ་རྩ་བའི་ཉོན་མོངས་པ་འཇོམས་པར་བྱེད། དྲན་པས་ནི་མཉམ་བཞག་གི་གནས་སུ་བྱིངས་རྒོད་ལ་སོགས་པ་ཉེ་བའི་ཉོན་མོངས་པ་འཇོམས་པའི་གཉེན་པོ་བྱེད། ཏིང་ངེ་འཛིན་གྱི་ནི་དབང་ལ་བར་དུ་གཙོད་པའི་སྙོམས་འཇུག་གི་སྒྲིབ་པ་རྣམས་འཇོམས་པའི་གཉེན་པོ་བྱེད་པ་ཡིན་ཏེ། བསམ་གཏན་དང་གཟུགས་མེད་པའི་སྙོམས་པར་འཇུག་པ་དགུ་དང༌། རྫུ་འཕྲུལ་ལ་སོགས་པ་མངོན་པར་ཤེས་པ་དྲུག་དང༌། ཟད་པར་བཅུ་དང་ཟིལ་གྱིས་གནོན་པ་བརྒྱད་ལ་སོགས་པ་རྣམས་ཐོབ་པ་ལ་བར་དུ་གཅོད་པའི་སྙོམས་འཇུག་གི་སྒྲིབ་པ་རྣམས་གཉེན་པོ་ཏིང་ངེ་འཛིན་གྱིས་བཅོམ་ནས། བསམ་གཏན་དང༌། གཟུགས་མེད་པའི་སྙོམས་འཇུག་ཐོབ་ཅིང༌། དེ་དག་ཐོབ་པས་རྫུ་འཕྲུལ་དང༌། མངོན་ཤེས་རྣམས་ལ་དབང་འབྱོར་པ་ཐོབ་པ་ཡིན་ནོ། །འཕགས་ལམ་ཡན་ལག་བརྒྱད་པོ་དེ་ནི་བདེན་པ་བཞི་སྒོམ་པའི་ཐབས་དང༌། འཕགས་པའི་ལམ་དངོས་ཡིན་པར་བསྟན་པ་ནི། སྐྱེ་འདི་སྡུག་བསྔལ་སྲེད་པ་ཞེས་བགྱི་བ། །འདི་ནི་དེ་ཡི་ཀུན་འབྱུང་རྒྱ་ཆེན་ཏེ། །འདི་འགོག་པ་ནི་ཐར་པ་ལགས་ཏེ་ལམ། །དེ་ཐོབ་


TNT21_Page_1133
[མ་དཔེ་གཟིགས་ན་འདིར་གནོན།]

འཕགས་ལམ་ཡན་ལག་དེ་བརྒྱད་ལགས། ཁམས་གསུམ་འཁོར་བ་ཐམས་ཅད་སྡུག་བསྔལ་ཡིན་ཡང༌། དེའི་གཙོ་བོ་སྐྱེ་བ་འདི་ཡིན་ཅིང༌། ལས་ཉོན་ཐམས་ཅད་ཀུན་འབྱུང་ཡིན་ཡང༌། སྐྱེ་བ་ལ་མཚམས་སྦྱོར་བའི་ཉོན་མོངས་ནི་སྲིད་པ་ཞེས་བྱ་བ་དགའ་བའི་ཆགས་པ་ཡིན་པས། དེ་ནི་སྡུག་བསྔལ་འདི་ཡི་རྒྱུ་ཀུན་འབྱུང་ཐམས་ཅད་ཀྱི་གཙོ་བོ་རྒྱ་ཆེན་པོར་གྱུར་པ་ཡིན་ཏེ། དེ་ལྟར་ལས་ཉོན་སྡུག་བསྔལ་གསུམ་པོ་འདི་འགགས་པའི་ཤུགས་ཀྱིས་སེམས་ཉིད་སྤྲོས་བྲལ་དེ་ནི་ཐར་པ་འགོག་པའི་བདེན་པ་ཡིན་ཅིང༌། དེ་ཐོབ་པར་བྱེད་པའི་ལམ་ནི་འཕགས་པའི་ལམ་ཡན་ལག་བརྒྱད་པོ་དེ་ཡིན་པ་ལས། དེ་རྣམས་ཀྱི་ནང་ནས་ཀྱང་ལམ་གྱི་གཙོ་བོ་ཡང་དག་པའི་ལྟ་བ་ཡིན་ནོ། །འཕྲོས་དོན་ནི། དེ་ལྟར་འཕགས་པའི་བདེན་པ་བཞི་པོ་དག །མཐོང་བར་བགྱི་སླད་རྟག་ཏུ་བརྩོན་པར་བགྱི། །པང་ན་དཔལ་གནས་ཁྱིམ་པ་རྣམས་ཀྱིས་ཀྱང༌། །ཤེས་པས་ཉོན་མོངས་ཆུ་བོ་ལས་བརྒལ་བགྱི། །བདག་མེད་པའི་དོན་གཙོ་བོར་གྱུར་པའི་བདེན་བཞི་མི་རྟག་ལ་སོགས་བཅུ་དྲུག་གི་དོན་བསྒོམ་པར་བྱ་ཞིང༌། དེ་ཡང་ཁམས་གསུམ་འཁོར་བ་འདི་དག་སྡུག་བསྔལ་དུ་ཤེས་པར་བྱས་ནས། སྡུག་བསྔལ་གྱི་རྒྱུ་ལས་ཉོན་ཀུན་འབྱུང་རྣམས་སྤཽང་བ་དང༌། སྡུག་བསྔལ་ཐམས་ཅད་ཟད་པའི་མཐའི་ཡེ་ཤེས་འགོག་པ་ཐོབ་པར་


TNT21_Page_1134
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་དགོས་པས་ཀུན་འབྱུང་ཡོང་བ་དང༌། འགོག་པ་ཐོབ་པའི་ཐབས་ལམ་གྱི་ཉམས་ལེན་ལ་སློབ་དགོས་སོ། །དེ་ལྟར་འཕགས་པའི་བདེན་པ་བཞིའི་དོན་མངོན་སུམ་དུ་མཐོང་བར་བགྱི་བའི་སླད་དུ་རྟག་ཏུ་བརྩོན་པ་ཆེན་པོ་ནས་འཕགས་པའི་ལམ་རྒྱུད་ལ་མ་སྐྱེས་པར་ནན་ཏན་དུ་བྱ་དགོས་ཤིང༌། འཕགས་པའི་ལམ་ཐོབ་པ་ན་ཤུགས་འབྱུང་གིས་ཡོན་ཏན་གོང་དུ་འཕེལ་བར་འགྱུར་རོ། །དེ་ལྟར་ན་ཡང་བདེན་པ་བཞིའི་དོན་བསྒོམས་ནས་མངོན་སུམ་དུ་རྟོགས་པར་འགྱུར་བ་ནི། ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་སྟེ་ཚུལ་ཁྲིམས་ལ་གནས་པ་འདོད་པ་ཆུང་ཞིང་ཆོག་ཤེས་པ། དབེན་པ་ལ་གནས་ཤིང་གཡེང་བ་མེད་པ་དེ་དག་གིས་རྩེ་གཅིག་ཏུ་བསྒོམ་པས་ཐོབ་པ་ཡིན་གྱི། རྒྱལ་སྲིད་ཀྱི་བྱ་བས་རྣམ་པར་གཡེང་བ་ལ་སོགས་པ་བདག་ཅག་ཁྱིམ་པ་རྣམས་ཀྱིས་ཅུང་ཟད་རེ་བསྒོམས་པས་དོན་རྟོགས་པར་མི་འགྱུར་སྙམ་ན་མ་ཡིན་ཏེ། སྔོན་སངས་རྒྱས་ཉིད་བཞུགས་པའི་དུས་ན་རྒྱལ་པོ་གཟུགས་ཅན་སྙིང་པོ་དང༌། ཁྱིམ་བདག་མགོན་མེད་ཟས་སྦྱིན་ལ་སོགས་པ་ཡང་དཔལ་དང་ལོངས་སྤྱཽད་ཀྱི་འབྱོར་པ་ཕུན་སུམ་ཚོགས་པ་རང་གི་པང་ན་གནས་པ་བཞིན་དུ་ལོངས་སྤྱོད་པའི་ཁྱིམ་པ་དག་ཀྱང༌། འདོད་ཡོན་ལ་སྤྱཽད་བཞིན་པར་ཡང་དག་པའི་ལྟ་བ་ཤེས་རབ་རྒྱུད་ལ་སྐྱེས་ནས་ཉོན་མོངས་པའི་ཆུ་བོ་ལས་བརྒལ་ཏེ། འཕགས་


TNT21_Page_1135
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ལམ་ཐོབ་པ་ཡིན་ནོ། །ཡང་སྔོན་བྱུང་བ་དེ་རྣམས་ནི་བསོད་ནམས་ཀྱི་ཚོགས་རྒྱ་ཆེན་པོར་བསགས་པ་དབང་པོ་རྣོ་བ་ཡིན་ལ། སྐལ་བ་ཆུང་བ་བདག་ཅག་རྣམས་ཀྱིས་ནི་དེ་ལྟར་དུ་བསྒྲུབ་པར་མི་ནུས་སོ་ཅེ་ན། གང་དག་ཆོས་མངོན་བགྱིས་པ་དེ་དག་ཀྱང༌། །གནམ་ལས་བབས་པ་མ་ལགས་ལོ་ཏོག་བཞིན། །ས་རུམ་ནས་འཐོན་མ་ལགས་དེ་དག་སྔོན། །ཉོན་མོངས་རག་ལས་སྐྱེ་བོ་ཁོ་ནར་བས། །གང་དག་ཁྱིམ་པའི་རྟེན་ལ་འདོད་ཡོན་དང་བཅས་པས་ཆོས་ཉིད་ཀྱི་དོན་མངོན་སུམ་དུ་བགྱིས་པ་དེ་དག་ཀྱང༌། སྔོན་ཐོག་མ་ཉིད་ནས་རང་གྲུབ་ཏུ་བསོད་ནམས་ཆེས་ཆེ་བ་དབང་པོ་རྣོ་བ་ཞིག་རྒྱུ་མེད་པར་གནམ་བབས་སུ་བྱུང་བ་དང༌། ས་འོག་ནས་མྱུ་གུ་ཐོན་པ་བཞིན་དུ་བྱུང་བ་མ་ཡིན་ཏེ། སྔོན་གྱི་གང་ཟག་དེ་རྣམས་ཀྱང་ཐོག་མར་ཉོན་མོངས་ལ་རག་ལས་པ་སྟེ་ཉོན་མོངས་ཀྱི་དབང་དུ་གྱུར་པ། དབང་པོ་རྟུལ་བའི་སོ་སོ་སྐྱེ་བོ་ཕལ་བ་ཞིག་ཀ་ཡིན་ཀྱང༌། དགེ་བའི་ལམ་ལ་རིམ་གྱིས་གོམས་པར་བྱས་པས་རྒྱུད་སྨིན་ནས་ཕྱིས་དབང་པོ་རྣོན་པོར་གྱུར་ཏེ་བདེན་པ་མཐོང་བ་ཡིན་པས་སྒྱིད་ལུག་པར་མི་བྱའོ། །ད་ནི་གོང་དུ་བཤད་པ་ཐམས་ཅད་ཀྱི་སྤྱིའི་དོན་བསྡུས་པ་ནི། བསྙེངས་དང་བྲལ་བ་མང་དུས་གསོལ་ཅི་འཚལ། ཕན་པའི་གདམས་ངག་དོན་པོ་འདི་ལགས་ཏེ། ཁྱོད་ཀྱི་ཐུགས་


TNT21_Page_1136
[མ་དཔེ་གཟིགས་ན་འདིར་གནོན།]

དུལ་མཛོད་ཅིག་བཅོམ་ལྡན་གྱིས། །སེམས་ནི་ཆོས་ཀྱི་རྩ་བ་ལགས་པར་གསུངས། །བསྙེངས་པ་ནི་འཇིགས་པའི་དོན་ཡིན་པས། རྒྱལ་པོ་ནི་སའི་དབང་ཕྱུག་དང་ལྡན་པས་ཚེ་འདིར་འཇིགས་པ་དང་བྲལ་བ་དང༌། སྡིག་པ་སྤངས་ཤིང་དགེ་བ་ལ་སྤྱད་པས་སྐྱེ་བ་ཕྱི་མར་ཡང་སྡུག་བསྔལ་གྱི་འཇིགས་པ་དང་བྲལ་བས། བསྙེངས་དང་བྲལ་ཞེས་རྒྱལ་པོ་ལ་བོས་ནས། སྔར་རྗེས་དྲན་དྲུག་ནས་འཕགས་ལམ་ཡན་ལག་བརྒྱད་ལ་སོགས་པའི་བར་དུ་བསྟན་པ་དེ་ཙམ་གྱིས་དོན་སྟོན་པ་ཡིན་པས། ཁྱེད་ལ་ད་ནི་མང་པོ་གསོལ་བར་བགྱི་མི་དགོས་ཤིང་ཅི་འཚལ་ཏེ་མི་འཚལ་ལོ། །མདོར་བསྡུ་ན། གང་ཞིག་རྒྱུད་ལ་བརྟེན་ན་ཕན་པ་དང་བདེ་བའི་རྒྱུར་འགྱུར་པའི་གདམས་ངག་རྣམས་ཀྱི་དོན་གྱི་སྙིང་པོ་གཙོ་བོ་ནི། སེམས་རྒྱུད་ཀྱི་ཉོན་མོངས་པ་སྦྱོང་བ་འདི་ལགས་པས། རྒྱལ་པོ་ཁྱོད་ཀྱིས་རང་གི་ཐུགས་ཐུལ་བར་མཛོད་ཅིག །བཅོམ་ལྡན་འདས་ཀྱིས་སེམས་ཐུལ་བ་ནི་ཆོས་ཐམས་ཅད་ཀྱི་རྩ་བ་ལགས་པར་གསུངས་ཏེ། སེམས་དུལ་བ་ནི་ལེགས་པ་སྟེ། །ཞེས་དང་རང་གི་སེམས་ནི་ཡོངས་སུ་འདུལ། །འདི་ནི་སངས་རྒྱས་བསྟན་པ་ཡིན། །ཅེས་གསུངས་སོ། །སེམས་དུལ་བ་ལ་ནི་གོང་དུ་བཤད་པའི་ཆོས་ཀྱི་རྣམ་གྲངས་མཐའ་ཡས་པ་བསྒྲུབ་དགོས་ན། དེ་ལྟར་མི་ནུས་སོ་ཞེ་ན། ཁྱེད་ལ་


TNT21_Page_1137
[མ་དཔེ་གཟིགས་ན་འདིར་གནོན།]

དེ་སྐད་གདམས་པ་གང་ལགས་ཏེ། །བས་པར་དགེ་སློང་གིས་ཀྱང་བགྱི་བར་དཀའ། །འདི་ལ་གང་ཞིག་སྤྱཽད་པའི་ངོ་བོ་དེའི། །ཡོན་ཏན་བསྟེན་པས་སྐུ་ཚེ་དོན་ཡོད་མཛོད༌། །གོང་དུ་བསྟན་པ་མཐའ་དག་ནི་བསལ་ཏེ་མ་ལུས་པ་ཡོངས་སུ་རྫོགས་པར་སོ་སོ་སྐྱེ་བོའི་གནས་སྐབས་སུ་ནི་དགེ་སློང་རྣམས་ཀྱིས་ཀྱང་བགྱི་བར་དཀའ་བ་ཡིན་ཏེ། འཕགས་ལམ་པའི་སྤྱོད་ཡུལ་ཡིན་པའི་ཕྱིར་རོ། །དེས་ན་རང་གི་བློ་དང་འཚམས་པ་ཇི་ལྟར་ཉམས་སུ་ལེན་པར་འདོད་པའི་ཆོས་སྐོར་རེ་ལ་སོགས་པ་གང་ཡང་རུང་བ་ཞིག་ཅི་ནུས་ཅི་ལྕོགས་སུ་བསླབས་པས་ཡོན་ཏན་གྱི་ཚོགས་འཕེལ་བར་འགྱུར་ཞིང་སྐུ་ཚེ་དོན་དང་ལྡན་པར་འགྱུར་བས་དེ་བཞིན་མཛོད་ཅིག །ཐེག་ཆེན་ཐུན་མོང་མ་ཡིན་པའི་ལམ་འབྲས་བུ་དང་བཅས་པ་ཕྱོགས་མཚོན་ཙམ་བསྟན་པ་ལ། ལམ་དང་འབྲས་བུ་གཉིས་ལས། དང་པོ་ལ། ལས་དང་པོ་པའི་ས་བཤད་པ། མོས་པས་སྤྱཽད་པའི་ས་བཤད་པ། འཕགས་པའི་ས་བཤད་པ་རྣམས་ལས། དང་པོ་ནི། ཀུན་གྱི་དགེ་བ་ཀུན་ལ་ཡི་རངས་ཞིང༌། །ཉིད་ཀྱི་ལེགས་པར་སྤྱད་པ་རྣམ་གསུམ་ཡང༌། །སངས་རྒྱས་ཉིད་ཐོབ་བགྱི་སླད་ཡོངས་བསྔོས་ནས། །དེ་ཡང་ལས་དང་པོ་པའི་གནས་སྐབས་སུ། ཐེག་ཆེན་དགེ་བའི་བཤེས་གཉེན་བསྟེན་པ་དང༌། བསམ་པ་བྱང་ཆུབ་ཏུ་སེམས་བསྐྱེད་པ་གཉིས་གཞུང་


TNT21_Page_1138
[མ་དཔེ་གཟིགས་ན་འདིར་གནོན།]

ཚིག་གི་དངོས་སུ་བསྟན་ཀྱང་ཤུགས་ལ་འཕངས་པ་ཡིན་པས། དོན་ཐོབ་ཀྱིས་ཁ་བསྐང་བར་བྱ་སྟེ། དགེ་བའི་བཤེས་གཉེན་བསྟེན་པ་ནི། ཐེག་པ་ཐུན་མོང་གི་སྐབས་དགེ་བའི་བཤེས་གཉེན་བསྟེན་པ་ཚངས་པར་སྤྱོད་ཅེས་སོགས་གོང་དུ་བསྟན་པ་སྐབས་འདིར་ཡང་དགོས་པ་དང༌། སངས་རྒྱས་ཉིད་ཐོབ་བགྱི་སླད་ཅེས་པའི་ཟུར་གྱིས་བྱང་ཆུབ་ཏུ་སེམས་བསྐྱེད་དགོས་པ་བསྟན་པས། དགེ་བའི་བཤེས་གཉེན་བསྟེན་པ་དང༌། བྱང་ཆུབ་ཀྱི་སེམས་ལ་གནས་པ་སྔོན་དུ་འགྲོ་བས། རང་གི་ལུས་ངག་ཡིད་གསུམ་གྱིས་ལེགས་པར་སྤྱད་པའི་དགེ་བ་ལ་བརྩོན་པ་དང༌། གཞན་གྱི་དགེ་བ་ལ་ཡི་རང་བ། ཡུལ་གྱི་སྒོ་ནས་དགྲ་གཉེན་མེད་པ། དགེ་བའི་ལས་ཀྱི་ངོ་བོ་ལ་ཆེ་ཆུང་མེད་པར་རང་གཞན་ཀུན་གྱི་དགེ་བ་མཐའ་དག་ཀུན་ལ་རྗེས་སུ་ཡི་རང་བར་བྱེད་པ་དང༌། ཉིད་རང་གི་སྒོ་གསུམ་གྱི་ལེགས་སྤྱད་རྣམ་པ་གསུམ་གྱིས་དགེ་བ་བསྒྲུབས་པ་དང༌། གཞན་གྱི་དགེ་བ་ལ་རྗེས་སུ་ཡི་རང་བར་བགྱིས་པ་དེ་དག་གཞན་དོན་དུ་བྱང་ཆུབ་ཆེན་པོ་ཐོབ་པའི་རྒྱུར་བསྔོ་བར་བྱེད་ཅིང༌། ཚིག་ཟིན་ལ་མི་གསལ་ཡང་དེ་དག་རྣམས་ཀྱང་སྤྲོས་བྲལ་སྟོང་པ་ཉིད་ཀྱི་ལྟ་བས་རྒྱས་འདེབས་དགོས་པ་ཡིན་ཏེ། དགེ་བ་ཐམས་ཅད་སྟོང་ཉིད་ཀྱིས་ཟིན་པར་བྱེད་པ་ནི་ཐེག་པ་ཆེན་པོ་སྤྱྀའི་ལུགས་སོ། །དེ་ལྟར་ཐེག་ཆེན་དགེ་བའི་བཤེས་གཉེན་བསྟན་པ་བྱང་ཆུབ་ཏུ་སེམས་བསྐྱེད་པ།


TNT21_Page_1139
[མ་དཔེ་གཟིགས་ན་འདིར་གནོན།]

སྒོམ་གསུམ་དགེ་བ་ལ་རྩོལ་བ། གཞན་གྱི་དགེ་བ་ལ་རྗེས་སུ་ཡི་རང་བ། གཞན་དོན་དུ་དགེ་བའི་རྩ་བ་བྱང་ཆུབ་ཏུ་བསྔོ་བ། དེ་རྣམས་སྟོང་པ་ཉིད་ཀྱིས་རྒྱས་འདེབས་པ་སྟེ། ཆོས་དྲུག་པོ་དེ་ནི་ཚོགས་ལམ་པའི་ཉམས་ལེན་དངོས་གཞི་ཡིན་ཅིང༌། སྦྱོར་ལམ་དུ་ཡང་དེ་ལྟར་ཉམས་སུ་ལེན་ཀྱང༌། ཚོགས་ལམ་དུ་ནི་མ་གྲུབ་པ་འགྲུབ་པར་བྱེད་པའི་ཐམས་སུ་ལམ་དགེ་ལ་སློབ་ཅིང་སྦྱོར་ལམ་དུ་གྲུབ་ཟིན་གོང་དུ་འཕེལ་བར་བྱེད་པའོ། །ཆེད་གཉེར་གྱིས་འབད་རྩོལ་མི་དགོས་པར་རང་ཉིད་ངང་གིས་ལམ་གྱི་ཉམས་ལེན་དགེ་བའི་ཆོས་མཐའ་དག་འཕེལ་བར་འགྱུར་ན་ཚོགས་ལམ་རྒྱུད་ལ་སྐྱེས་པ་ཡིན་ནོ། །ཚོགས་ལམ་དང༌། ལས་དང་པོ་པའི་ས་དང༌། དད་པའི་ས་རྣམས་དོན་གཅིག་གོ །མོས་སྤྱཽད་ཀྱིས་བཤད་པ་ནི། དེ་ནས་དགེ་བའི་ཕུང་པོ་འདི་ཡིས་ཁྱོད། །སྐྱེ་བ་དཔག་ཏུ་མེད་པར་ལྷ་དང་མིའི། །འཇིག་རྟེན་ཀུན་གྱི་རྣལ་འབྱོར་དབང་མཛད་ནས། །དེའི་རྗེས་ནས་ཚོགས་ལམ་དུ་བསོད་ནམས་རྒྱ་ཆེན་པོར་བསགས་པའི་ཕུང་པོ་ཆེན་པོ་དེའི་རྒྱུས་ཁྱོད་ཀྱིས་སྦྱོར་ལམ་ཐོབ་པ་ན་ལུས་རྟེན་གྱི་ཁྱད་པར་དགོས་པའི་དོན་ཆེན་པོའི་ཆེད་དུ་མ་གཏོགས་ངན་སོང་དུ་མི་སྐྱེ་བས། སྐྱེ་བ་དཔག་ཏུ་མེད་པ་སྟེ་སྐྱེ་བ་ཐམས་ཅད་དུ་མཐོ་རིས་ལྷ་མིའི་ལུས་སུ་འགྱུར་ཞིང༌། ཏིང་ངེ་འཛིན་གྱི་ཁྱད་པར་འཇིག་རྟེན་པ་ཀུན་གྱི་ནང་ཚན་པ་ཡིན་ལ་ཆོས་ཀྱི་བདག་མེད་


TNT21_Page_1140
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་ཉིད་ལ་གསལ་སྣང་ཐོབ་པ་རྣལ་འབྱོར་དུ་བྱེད་པ་ཡང་ཡིན་པ་དང༌། མངོན་ཤེས་ལ་སོགས་པ་ཐུན་མོང་གི་ཡོན་ཏན་བསྒྲུབ་པའི་ཏིང་ངེ་འཛིན་ལ་དབང་བསྒྱུར་བར་བྱེད་དོ། །དེ་ཡང་འདོད་སེམས་རྩེ་གཅིག་པ་དང༌། བསམ་གཏན་དང༌། གཟུགས་མེད་ཀྱི་ཏིང་ངེ་འཛིན་ལ་བརྟེན་ནས་ཞི་གནས་བསྒོམས་པས་འཇིག་རྟེན་པའི་སེམས་དང་ལུས་རྟེན་མཐོ་རིས་སུ་སྐྱེ་བར་བསྟན་པས། འཇིག་རྟེན་པའི་ལམ་ཡིན་པ་དང༌། སྟོང་པ་ཉིད་ལ་གསལ་སྣང་ཐོབ་པའི་ལྷག་མཐོང་ལ་རྣལ་འབྱོར་དུ་བྱེད་པར་བཤད་པས། ཚོགས་ལམ་ལས་འདས་པའི་སྦྱོར་ལམ་ཡིན་པར་སྟོན་ཅིང༌། ཆོས་ཉིད་མངོན་སུམ་དུ་མཐོང་བ་ཡིན་པས། མོས་པས་སྤྱོད་པའི་ས་ཉིད་དོ། །འཕགས་པའི་ས་བཤད་པ་ནི། འཕགས་པ་སྤྱན་རས་གཟིགས་དབང་སྤྱོད་པ་ཡིས། །འགྲོ་བ་ཉམས་ཐག་མང་པོ་རྗེས་བཟུང་སྟེ། །འཁྲུངས་ནས་ན་རྒ་འདོད་ཆགས་ཞེ་སྡང་རྣམས། །བྱང་ཆུབ་སེམས་དཔའ་འཕགས་པ་དེ་ནི་རང་དོན་གྱི་ཡོན་ཏན་ལ། སྤངས་ཐོབ་གཉིས་ཀྱིས་ཐོབ་པའི་ཡོན་ཏན་ནི། སངས་རྒྱས་ཀྱི་རིགས་སུ་འཁྲུངས་པ་ཡིན་ཏེ། ཕ་བཟང་པོའི་ཚུལ་དང་མཐུན་པར་བུ་ཡང་བཟང་པོར་འབྱུང་པ་བཞིན་དུ། ཆོས་ཉིད་མངོན་སུམ་གཟིགས་པའི་ཐུགས་རྣམ་པ་མཐུན་ཞིང་རིགས་མཚུངས་པ་དང༌། སྐུ་ཡང་བྱང་ཆུབ་སེམས་དཔའ་དངོས་གནས་ཀྱི་ལུས། ཡིན་ཀྱི་རང་བཞིན་


TNT21_Page_1141
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་གྱི་ལུས་ནི་མཚན་དཔེས་ཡོངས་སུ་བརྒྱན་པ། ལོངས་སྤྱོད་རྫོགས་པའི་སྐུ་དང་རྣམ་པ་མཚུངས་པ་ཡིན་ནོ། །སྤངས་པའི་ཡོན་ཏན་ནི། འདིར་འདོད་ཆགས་ཞེ་སྡང་གཉིས་མཚོན་བྱེད་དུ་སྨོན་པ་ཡིན་ཞིང༌། བྱང་ཆུབ་སེམས་དཔའ་འཕགས་པའི་ཆེད་དུ་མི་སྤངས་པའི་ཉོན་མོངས་པ་དང༌། དབང་བསྒྱུར་བའི་ཉོན་མོངས་པ་རྣམས་མ་གཏོགས་ཉོན་མོངས་པ་མཐའ་དག་སྤངས་ཤིང༌། སྐྱེ་རྒ་ན་འཆིའི་སྡུག་བསྔལ་བཞི་རྩ་བ་ནས་སྤངས་པ་ཡིན་ཏེ། བྱང་ཆུབ་སེམས་དཔའ་འཕགས་པའི་དངོས་གནས་ཀྱི་ལུས་རྡུལ་ཕྲ་རབ་ཀྱི་ཆོས་ལས་འདས་པ་ཡིད་ཀྱི་རང་བཞིན་ཅན་དེ་ལ་ནི། སྡུག་བསྔལ་བཞི་པོ་དེ་དག་མེད་དེ། ཁམས་གསུམ་ལས་ཡོངས་སུ་འདས་པའི་ཕྱིར་རོ། །དེ་ལྟར་ན་ཡང་སྤྲུལ་པ་དང་སྨོན་ལམ་གྱི་སྐྱེ་བ་ལ་སོགས་པ་སྟོན་པར་བྱེད་པ་ཡང་ཡིན་ནོ། །འགྲོ་བའི་དོན་སྤྱོད་ཚུལ་ནི། འཕགས་པ་སྤྱན་རས་གཟིགས་ཀྱི་སློབ་པ་ལམ་གྱི་གནས་སྐབས་སུ་སེམས་ཅན་སྡུག་བསྔལ་གྱི་གནས་མཐའ་དག་ལས་སྐྱོབ་པར་མཛད་པའི་སྤྱོད་པ་བཞིན་དུ་སྤྲུལ་པ་སྣ་ཚོགས་པས། འགྲོ་བ་སྡུག་བསྔལ་གྱིས་ཉམས་ཐག་པར་འགྱུར་བ་མང་པོ་རྣམས་རྗེས་སུ་བཟུང་སྟེ། ཐར་བའི་གོ་འཕང་ལ་འགོད་པའི་བྱང་ཆུབ་སེམས་དཔའི་སྤྱཽད་པ་རླབས་ཆེན་པོ་དང་ལྡན་པ་ཡིན་ནོ། །ཐེག་ཆེན་ཐུན་མོང་


TNT21_Page_1142
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཡིན་པའི་འབྲས་བུ་བཤད་པ་ལ། ཞིང་ཁམས་དང་བཅས་པའི་རྟེན་གྱི་ཁྱད་པར་བཤད་པ་དང༌། འཕྲིན་ལས་བཤད་པ་གཉིས་ཀྱི་དང་པོ་ནི། བསལ་ཏེ་སངས་རྒྱས་ཞིང་དུ་བཅོམ་ལྡན་འདས། །འོད་དཔག་མེད་དང་འདྲ་བར་འཇིག་རྟེན་གྱི། །མགོན་པོ་སྐུ་ཚེ་དཔག་ཏུ་མེད་པར་མཛོད། །སྔོན་བསྐལ་བ་གྲངས་མེད་གསུམ་ལ་སོགས་པར་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དཔག་ཏུ་མེད་པར་བསྒྲུབས་ཤིང་སྨོན་ལམ་བཏབ་ནས། སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱོང་བར་མཛད་པས། སངས་རྒྱས་རང་སྣང་ཡེ་ཤེས་ཀྱི་ཞིང་ཁམས་འོག་མིན་སྟུག་པོ་བཀོད་པའི་གནས་དང༌། གཞན་སྣང་དུ་ཡང་བདེ་བ་ཅན་ལ་སོགས་པ་གང་དུ་མངོན་པར་རྫོགས་པར་སངས་རྒྱས་པའི་གནས་ནི། འཇིག་རྟེན་གྱི་ཁམས་གཞན་ལས་ཁྱད་པར་དུ་འཕགས་པ་བདེ་བ་དམ་པའི་གནས་ཕུན་སུམ་ཚོགས་པ་འབྱུང་ཞིང༌། རྟེན་ནི་སངས་རྒྱས་རང་སྣང་གི་ཡེ་ཤེས་ཀྱི་སྐུ་མཚན་དང་དཔེ་བྱད་ཀྱིས་ཡོངས་སུ་བརྒྱན་པ། དུས་ཆད་པ་མེད་པར་རྟག་ཏུ་འཚོ་ཞིང་བཞེས་པ་འཁོར་བྱང་ཆུབ་སེམས་དཔའ་ས་བཅུ་པ་རྣམས་ལ་ཆོས་ཀྱི་འཁོར་ལོ་མ་ལུས་པར་རྫོགས་པར་བསྐོར་བའི་ཆོས་ཡོངས་སུ་རྫོགས་པར་སྤྱོད་པས་ལོངས་སྤྱཽད་རྫོགས་སྐུ་ཞེས་བྱ་ཞིང༌། བཅོམ་ལྡན་འདས་འོད་དཔག་ཏུ་མེད་པ་འཁོར་བ་ཇི་སྲིད་གནས་ཀྱི་བར་དུ་འཚོ་ཞིང་བཞེས་པ་དང་རྗེས་སུ་མཐུན་པར། རྒྱལ་པོ་ཁྱོད་ཀྱིས་ཀྱང་འཇིག་རྟེན་གྱི་མགོན་པོ་སྐུ་


TNT21_Page_1143
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་དཔག་ཏུ་མེད་པ་དུས་རྟག་ཏུ་འཕོ་འགྱུར་མེད་པ་ནི་ལོངས་སྤྱོད་རྫོགས་པའི་སྐུ་ཡིན་པས། དེ་ལྟ་བུའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་མཛོད་ཅིག་འདིར་དཔེའི་སྐབས་སུ་བཅོམ་ལྡན་འདས་ཞེས་པ་འབྲས་བུའི་ཡོན་ཏན་འཆད་པར་དགོངས་པ་ཡིན་ཏེ། འདས་ཞེས་པ་ལྷ་དབང་ཕྱུག་སོགས་ཀྱི་མིང་དང་ནོར་འཁྲུལ་བྱུང་བར་དོགས་ནས་ལོ་ཙཱ་བས་བླ་ཐབས་སུ་བསྣན་པའོ། །དེ་ཡང་བྷ་ག་བཅོམ་པ་དང༌། སྐལ་བ་ལ་འཇུག་ཅིང༌། ཝན་ལྡན་པ་སྟེ། བཅོམ་ལྡན་ནི་སྐལ་ལྡན་དུ་འགྱུར་བས། བདུད་བཞི་བཅོམ་པ་དང༌། སྐལ་བ་ལྡན་པ་སྟེ། དེ་ལྟར་ཡང༌། དབང་ཕྱུག་དང་ནི་གཟུགས་བཟང་དང༌། །དཔལ་དང་གྲགས་དང་ཡེ་ཤེས་དང༌། །བརྩོན་འགྲུས་ཕུན་སུམ་ཚོགས་པ་སྟེ། །དྲུག་པོ་དེ་ལ་སྐལ་ཞེས་བྱ། །དེ་ཡང་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལས། དབང་ཕྱུག་ཕུན་སུམ་ཚོགས་པ་དང༌། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལས་གཟུགས་ཕུན་སུམ་ཚོགས་པ་དང༌། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལས་དཔལ་ཕུན་སུམ་ཚོགས་པ་དང༌། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་གྲགས་པ་ཕུན་སུམ་ཚོགས་པ་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་དུས་གསུམ་ཆགས་ཐོགས་མེད་པའི་ཡེ་ཤེས་ཕུན་སུམ་ཚོགས་པ་དང༌། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་གཞན་དོན་འཕྲིན་ལས་ཕུན་སུམ་ཚོགས་པ་འབད་


TNT21_Page_1144
[མ་དཔེ་གཟིགས་ན་འདིར་གནོན།]

མེད་དུ་རྒྱུན་མ་ཆད་པར་འབྱུང་བའི་བརྩོན་འགྲུས་ཕུན་སུམ་ཚོགས་པ་རྣམས་སོ། །འཕྲིན་ལས་བཤད་པ་ལ། ངོ་བོ་དང་དབྱེ་བ་གཉིས་ལས། དང་པོ་ནི། ཤེས་རབ་ཚུལ་ཁྲིམས་གཏོང་འབྱུང་གྲགས་ཆེན་དྲི་མ་མེད། །ལྷ་ཡུལ་ནམ་མཁའ་དང་ནི་ས་སྟེང་རྒྱས་མཛད་ནས། །སངས་རྒྱས་ཀྱིས་འགྲོ་བ་མཐའ་དག་གི་དབང་པོ་དང་མཚམས་པར་ཆོས་ཀྱི་འཁོར་ལོ་མ་ལུས་པར་བསྐོར་བར་མཛད་པས། འགྲོ་བ་རྣམས་རྣམ་དཀར་གྱི་དགེ་བའི་རྩ་བ་ལ་འགོད་པར་མཛད་དོ། །ཤེས་རབ་དང༌། ཚུལ་ཁྲིམས་དང༌། གཏོང་བ་སྦྱིན་པ་སྟེ། དེ་རྣམས་ནི་འཕགས་པ་དགྱེས་པ་དང༌། མཁས་པས་བསྔགས་པར་བྱ་བའི་ཡུལ་ཡིན་པས། གྲགས་པ་ཆེན་པོ་འབྱུང་བ་དང༌། སྐྱོན་གྱིས་མ་གོས་པ་དྲི་མ་མེད་པ་སྟེ། མི་དགེ་བས་མ་གོས་པ། ཉོན་མོངས་པས་མ་གོས་པ། བདེན་འཛིན་གྱིས་མ་གོས་པ་དེ་ལྟ་བུའི་དགེ་བའི་རྩ་བ་ལྷ་ཡུལ་དང༌། ནམ་མཁའ་གནོད་སྦྱིན་རྒྱུ་བའི་གནས་དང༌། ས་སྟེང་གི་ཡུལ་དང༌། དཔེ་མཚོན་ནས། ས་འོག་གི་ཀླུ་ལ་སོགས་པ་སྲིད་པ་གསུམ་གྱི་འཇིག་རྟེན་དུ་རྒྱས་པར་མཛོད་ཅིག །དབྱེ་བ་ལ། མཐོ་རིས་ཀྱི་བདེ་བ་ལ་འགོད་པ། ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐར་པ་ལ་འགོད་པ། སངས་རྒྱས་ཀྱི་བྱང་ཆུབ་ལ་འགོད་པ་རྣམས་སྟོན་པ་ལས། མཐོ་རིས་ཀྱི་བདེ་བ་ལ་འགོད་པ་ནི། ས་ལ་མི་དང་མཐོ་རིས་ལྷ་ནི་ན་ཆུང་མཆོག །བདེ་


TNT21_Page_1145
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་དགའ་བ་ངེས་པར་རབ་ཏུ་ཞི། །ས་ལ་མིའི་ཚོར་བ་སྡུག་བསྔལ་གྱི་ཚོགས་རྣམས་ཉེ་བར་ཞི་བའི་དགའ་བདེ་དང༌། མཐོ་རིས་ལྷ་ནི་ལྷའི་ན་ཆུང་མ་དང་རྩེ་བ་ལ་སོགས་པའི་བདེ་བ་རྒྱས་པར་བྱེད་པ་དང༌། ངེས་པར་ཚོར་བ་སྡུག་བསྔལ་རབ་ཏུ་ཞི་བར་བྱེད་པ་ནི་མཐོ་རིས་ཀྱི་བདེ་བ་ལ་འགོད་པའོ། །དེ་ཡང་ཐར་པའི་སྐལ་བ་མེད་པ་མཐོ་རིས་ཙམ་ལ་འགོད་པ་དང༌། སྐལ་ལྡན་གྱི་ཐར་པའི་ལམ་སྟེགས་སུ་མཐོ་རིས་ལ་འགོད་པ་གཉིས་ཡོད་དོ། །ཉན་རང་གི་ཐར་པ་ལ་འགོད་པ་ན། ཉོན་མོངས་ཉམ་ཐག་སེམས་ཅན་ཚོགས་ཀྱི་འཇིགས་བསྐྱེད་དང༌། འཆི་བ་ཞི་མཛད་ཉོན་མོངས་ཀྱི་ཉམ་ཐག་པའི་སེམས་ཅན་རྣམས་ལ་ཐར་པའི་ལམ་བསྟན་པས། འཇིགས་པ་སྐྱེ་བ་དང༌། འཆི་བ་རྣམས་ཞི་བར་མཛད་པ་སྟེ། ན་བ། རྒས་པ། མི་སྡུག་པ་དང་ཕྲད་པ་དང༌། འདོད་པ་བཙལ་གྱིས་མི་རྙེད་པ་ལ་སོགས་པ་དེ་རྣམས་ཉེ་བར་ཞི་བ་ཉན་རང་གི་བྱང་ཆུབ་ལ་འགོད་པ་ལ། འདི་ནི་ཐར་པའི་སྐལ་བ་ཡོད་ཀྱང་རེ་ཞིག་སངས་རྒྱས་ཐོབ་པའི་སྐལ་བ་མེད་པ་རྣམས་ཀྱི་དོན་དུའོ། །སངས་རྒྱས་ཀྱི་བྱང་ཆུབ་ལ་འགོད་པནི། རྒྱལ་བའི་དབང་པོ་ཉིད་བརྙེས་ནས། །འཇིག་རྟེན་ལས་འདས་མིང་ཙམ་ཞི་བ་མི་གཡོ་བ། །མི་བགྲེས་རྨོངས་པ་མི་མངའི་གོ་འཕང་བརྙེས་པར་མཛོད། །འདི་ན་རིགས་ངེས་མ་ངེས་


TNT21_Page_1146
[མ་དཔེ་གཟིགས་ན་འདིར་གནོན།]

ཇི་ལྟར་ཡང་ཐེག་ཆེན་པའི་སྐལ་བ་ཅན་རྣམས་ཏེ། རྒྱལ་བ་ཡང་ཡིན་ལ་དབང་པོ་ཡང་ཡིན་ཏེ། འཇིག་རྟེན་གྱི་འདྲེན་པ་དབང་པོ་ཡིན་པའི་ཕྱིར་རོ། །དེ་ལྟ་བུའི་གོ་འཕང་བརྙེས་པར་བྱས་པ་ནི་འཇིག་རྟེན་ལས་འདས་པ་ཡིན་ནོ། །ཉན་རང་འཕགས་པ་རྣམས་ཀྱང་འཇིག་རྟེན་ལས་འདས་པ་མ་ཡིན་ནམ་ཅེ་ན། དེ་དག་ནི་རགས་པ་ཙམ་གྱི་དབང་དུ་བྱས་ནས་འཇིག་རྟེན་ལས་འདས་པ་ཡིན་ཡང༌། དེ་དག་ལ་ནི་མ་རིག་བག་ཆགས་ཀྱི་ས་དང༌། ཟག་མེད་ཀྱི་ལས་དང༌། ཡིད་ཀྱི་རང་བཞིན་ཅན་གྱི་ལུས་དང༌། བསམ་གྱིས་མི་ཁྱབ་པའི་ཆོས་འཆི་འཕོ་བ་དང༌། སྐྱེ་བ་ཡོད་པས་ན། འཁོར་བའི་ཉོན་མོངས་པའི་ཞད་མ་དག་པ་ཅུང་ཟད་ཡོད་པས། འཇིག་རྟེན་ལས་ཤིན་ཏུ་འདས་པ་ནི་མ་ཡིན་ནོ། །སངས་རྒྱས་ཀྱི་སྐུ་གསུང་ཐུགས་མཛད་པ་འཕྲིན་ལས་རྣམས། གཞན་གྱི་སྤྱཽད་ཡུལ་དུ་མ་གྱུར་པའི་མིང་ཙམ་གྱིས་སྟོན་པ་ཡིན་ཅིང༌། སྤང་བྱ་སྒྲིབ་སོགས་མཐའ་དག་ཉེ་བར་ཞི་བ་དང༌། མི་གཡོ་བ་རྟག་པའི་སྐུ་སྟེ། དེ་ནི་ཕུང་པོ་འགྱུར་ནས་བགྲེས་པར་མི་འགྱུར། ནོངས་པ་སྟེ་མི་རྟག་པའི་ཚུལ་བསྟན་པ་མྱ་ངན་ལས་འདས་པར་མི་འགྱུར་ཞིང་དེ་དག་མི་མངའ་བ། ལོངས་སྤྱོད་རྫོགས་པའི་སྐུའི་གོ་འཕངས་བརྙེས་པར་མཛོད་ཅིག །ཅེས་གདམས་པའི་ཚུལ་གྱིས་གདུལ་བྱ་སངས་རྒྱས་ལ་འགོད་པའི་འཕྲིན་ལས་བསྟན་པའོ། །


TNT21_Page_1147
[མ་དཔེ་གཟིགས་ན་འདིར་གནོན།]

གཞུང་མཐར་ཕྱིན་པའི་དོན་ནི་གསུམ་སྟེ། བསྟན་བཅོས་ཀྱི་མཚན་སྨོས་པ་ནི། བཤེས་པའི་འཕྲིན་ཡིག་སློབ་དཔོན་ཆེན་པོ་འཕགས་པ་ཀླུ་སྒྲུབ་ཀྱིས་རྒྱལ་པོ་བདེ་སྤྱཽད་བཟང་པོ་ལ་བསྐུར་བ་རྫོགས་སོ།། །།འགྱུར་བྱང་ནི་རྒྱ་གར་གྱི་མཁན་པོ་སརྦ་ཛྙཱ་དེ་བ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་བནྡྷེ་དཔལ་བརྩེགས་ཀྱིས་བསྒྱུར་ཅིང་གཏན་ལ་ཕབ་པའོ། །འགྱུར་གྱི་ཡོན་བདག་ལ་གདམས་པ་ནི། དགེ་གཤེས་ཀླུ་ཡིས་གདམས་པའི་ཆར་རྒྱུན་འདིས༌། །མི་རྗེ་རྒྱལ་པོའི་ཐུགས་ཀྱི་མཚོ་རྒྱས་ནས། །རྒྱལ་སྲིད་འཁོར་གྱི་ཉ་སྦལ་མང་པོ་དག །སྐྱབས་མཛད་རེ་བ་ཡིད་བཞིན་སྐོང་བར་སྨོན། །ཕྱི་མ་གཉིས་ནི་འགྱུར་བྱེད་ལོ་ཙཱ་བས་སྦྱར་བའོ། །དེ་ལྟར་འཕགས་པ་ཀླུ་སྒྲུབ་ཀྱི། །གསུང་གི་བདུད་རྩིའི་ཉིང་ཁུ་ཡིས། །བདེ་སྤྱཽད་རྒྱལ་པོ་སྨིན་མཛད་ལྟར། །གདམས་ངག་གསུང་གི་བདག་དོན་རྙེད། །ཚུལ་འདི་ས་སྤྱོད་ཀུན་གྱི་གཙོ། །རྒྱལ་ཐབས་ཀུན་ལས་རྣམ་རྒྱལ་བས། །དོན་གཉེར་ཀུན་ལ་ཕན་པ་དང༌། །འཕགས་པའི་མཆོག་ཀུན་དགྱེས་ཕྱིར་སྦྱར། །དེ་ལྟར་ཆོས་དོན་དྲི་མེད་ཉི་མའི་སྣང་བ་ཡིས། །འགྲོ་འདི་རྒུད་པའི་མུན་པ་བསལ་ཏེ་ཐེག་མཆོག་ལམ། །གེགས་མེད་མངོན་གྱུར་རང་གཞན་དོན་གཉིས་ལྷུན་གྲུབ་སྟེ། །འགྱུར་མེད་མཆོག་གི་སྐུ་ཡི་འགྲོ་དོན་རྒྱས་གྱུར་ཅིག །ཅེས་སློབ་དཔོན་ཆེན་པོ་འཕགས་པ་ཀླུ་སྒྲུབ་གྱིས་མཛད་པའི་བཤེས་པའི་འཕྲིན་ཡིག་


TNT21_Page_1148
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བྱ་བའི་ཊཱིཀྐ་འདི་ནི། རྗེ་བཙུན་ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐའི་ཞལ་ལུང་ཇི་ལྟ་བ་བཞིན་ས་སྐྱོང་ཀུན་གྱི་དབང་ཕྱུག །གཙང་སྡེ་སྲིད་ཕུན་ཚོགས་རྣམ་རྒྱལ་གྱིས་ཟིན་བྲིས་སུ་བགྱིས་པ་ཡིན་པས། འདིས་ཀྱང་ཀུན་མཁྱེན་ཇོ་ནང་པའི་བསྟན་པ་རྒྱས་པའི་རྒྱུར་གྱུར་ཅིག །སརྦ་མངྒལཾ།།


previousབཤེས་པའི་འཕྲིན་ཡིག་གི་འགྲེལ་པ།next