Nitartha Digital Library
Tibetan
 
previousརྗེས་འཇུག་རྟགས་ཀྱི་དབྱེ་བ་བཤད་པ།no next

རྗེས་འཇུག་རྟགས་ཀྱི་དབྱེ་བ་བཤད་པ།

གཉིས་པ་རྗེས་འཇུག་གི་རྟགས་ཀྱི་དབྱེ་བ་བཤད་པ་ལ་གཉིས། རྟགས་སོ་སོར་ངོས་འཛིན་པ་དང་། དེའི་འཇུག་པ་རྒྱས་པར་འཆད་པའོ།། དང་པོ་ལ་གཉིས།སྤྱིར་རྟགས་གསུམ་དུ་དབྱེ་བ་དང་། ནང་གསེས་རྟགས་བརྒྱད་དུ་དབྱེ་བའོ། །དང་པོ་ནི།

རྗེས་འཇུག་ཡི་གེ་བཅུ་པོ་ལ།།

ཕོ་མོ་མ་ནིང་གསུམ་དུ་དབྱེ།།

ཞེས་པ་སྟེ།རྗེས་འཇུག་ཡི་གེ་བཅུ་པོ་དེ་རྣམས་ལ། ག་ད་བ་ས་བཞི་ཕོ་དང་། ང་མ་འ་གསུམ་མོ་དང་། ན་ར་ལ་གསུམ་མ་ནིང་སྟེ་གསུམ་དུ་དབྱེ་བར་བྱའོ།།

གཉིས་པ་ནང་གསེས་རྟགས་བརྒྱད་དུ་དབྱེ་ནི།

ཕོ་ལ་སྐྱེས་བུ་རབ་འབྲིང་གསུམ།།

མོ་ལ་མོ་དང་ཤིན་ཏུ་མོ།།

མ་ནིང་འགྱུར་དང་མཚན་གཉིས་དང་།།

མཚན་མེད་དག་དང་གསུམ་དུ་འདོད།།

ཅེས་པ་སྟེ། རྟགས་གསུམ་དུ་ཕྱེས་པ་དེ་ལ་སླར་ཡང་ནང་གསེས་ཀྱི་རྟགས་བརྒྱད་དུ་དབྱེ་སྟེ་དེའང་ཕོ་ཡིག་ལ་སྐྱེས་བུ་རབ་འབྲིང་གསུམ་དང་། མོ་ལ་མོ་ཙམ་དང་ཤིན་ཏུ་མོགཉིས་དང་། མ་ནིང་ལ་འགྱུར་བ་མ་ནིང་། མཚན་གཉིས་མ་ནིང་། མཚན་མེད་མ་ནིང་གསུམ་དུ་དབྱེ་བར་འདོད་དོ།།

དེའང་རྗེས་འཇུག་ག་ཡིག་ལ་ཡང་འཇུག་ས་ཡིག་ཞུགས་པ་ནི་རྗེས་འཇུག་ནང་འཕྲད་ཀྱི་སྟོབས་ཀྱིས་སྒྲ་དྲག་པའི་དྲག་པར་འགྱུར་བས་སྐྱེས་བུ་རབ་དང་། རྗེས་འཇུག་བ་ཡིག་ལ་ས་ཡིག་ཞུགས་པ་ནི་སྒྲ་དྲག་པའི་འབྲིང་དུ་འགྱུར་བས་སྐྱེས་བུ་འབྲིང་དང་། ག་བ་གཉིས་ཡང་འཇུག་མེད་པ་དང་། ས་དའི་མཐའ་རྣམས་སྒྲ་དྲག་པའི་ཞན་པར་འགྱུར་བས་སྐྱེས་བུ་ཐ་མའོ། །མོ་ཡིག་ང་མ་གཉིས་ལ་ཡང་འཇུག་ཞུགས་པ་ནི་སྒྲ་ཞན་པའི་དྲག་པར་འགྱུར་བས་མོ་ཙམ་དང་། དེ་གཉིས་ཡང་འཇུག་མ་ཞུགས་པ་དངའ་ཡིག་གི་མཐའ་རྣམས་ནི་སྒྲ་ཤིན་ཏུ་ཞན་པར་འགྱུར་བས་ཤིན་ཏུ་མོའོ། །མ་ནིང་ན་ར་ལ་ནི་མིང་གཞི་ཕོ་ཡིག་གི་མཐར་ཡང་འཇུག་ཡོད་མེད་གང་རུང་དང་། མོ་ཡིག་གི་མཐར་ཡང་འཇུག་མེད་པར་ཞུགས་པའི་ཚེ་སྒྲ་བར་མའི་དྲག་པ་འམ་ཞན་པར་འགྱུར་བས་འགྱུར་བ་མ་ནིང་དང་། མོ་ཡིག་གི་མཐར་ཡང་འཇུག་ད་དང་བཅས་པར་ཞུགས་པ་ནི་སྒྲ་བར་མ་ལས་དྲག་ཞན་གཉིས་ཀའི་ཆ་དང་ལྡན་པར་འགྱུར་བས་མཚན་གཉིས་མ་ནིང་དང་། མ་ནིང་གི་མཐར་ཞུགས་པའི་ཚེ་ཡང་འཇུག་ཡོད་མེད་ཇི་ལྟར་ཡང་སྒྲ་བར་མ་ཙམ་ལས་དྲག་ཞན་གང་དུའང་མི་འགྱུར་བས་མཚན་མེད་མ་ནིང་ངོ་།།

གཉིས་པ་རྟགས་དེ་རྣམས་ཀྱི་འཇུག་པ་རྒྱས་པར་འཆད་པ་ལ་གཉིས། མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། །དང་པོ་ནི།

དེ་ཡང་བྱེད་པ་བཞི་བྱེད་དེ་།།

གང་ལ་འཇུག་བྱེད་གང་གིས་འཇུག་བྱེད།།

ཇི་ལྟར་འཇུག་བྱེད་ཅི་ཕྱིར་འཇུག་བྱེད།།

ཅེས་པ་སྟེ་། དེ་ཡང་རྗེས་འཇུག་ཕོ་མོ་མ་ནིང་གསུམ་རེ་རེ་ལའང་འཇུག་ཚུལ་གྱི་བྱེད་པ་བཞི་བཞིའི་སྒོ་ནས་འཇུག་པ་ཡོད་དེ། མིང་གཞིའི་ཡི་གེ་གང་ལ་འཇུག་པར་བྱེད་པ་དང་། འཇུག་པ་པོ་གང་གིས་འཇུག་པར་བྱེད་པ་དང་། ཚུལ་ཇི་ལྟར་འཇུག་པར་བྱེད་པ་དང་། དགོས་པ་ཅིའི་ཕྱིར་དུ་འཇུག་པར་བྱེད་པའོ།།

གཉིས་པ་རྒྱས་པར་བཤད་པ་ལ་མདོར་བསྟན་ལྟར་བཞི་ལས། དང་པོ་ནི།

གང་ལ་ཡི་གེ་ཐམས་ཅད་ལ།།

ཞེས་པ་སྟེ། རྗེས་འཇུག་བཅུ་པོ་དེ་དག་འཇུག་ཡུལ་གྱི་ཡི་གེ་གང་དང་གང་ལ་འཇུག་ན་མིང་བཞིའི་ཡི་གེ་ཐམས་ཅད་ལ་བྱེ་བྲག་མེད་པར་འཇུག་པའོ།།

གཉིས་པ་ནི།

གང་གིས་བཅུ་པོ་དེ་དག་གི།།

ཞེས་པ་སྟེ། འཇུག་པ་པོ་གང་གིས་འཇུག་ན་རྗེས་འཇུག་བཅུ་པོ་དེ་དག་གིས་འཇུག་གོ།།

གསུམ་པ་ལ་གཉིས། བསྟན་པ་དང་། བཤད་པའོ། །དང་པོ་ནི།

ཇི་ལྟར་རྣམ་པ་གཉིས་ཡིན་ཏེ།།

སྒྲ་ཡི་འཇུག་ཚུལ་དོན་གྱི་འཇུག་ཚུལ།།

ཞེས་པ་སྟེ། རྗེས་འཇུག་རྣམས་ཚུལ་ཇི་ལྟར་འཇུག་པའང་རྣམ་པ་གཉིས་ཀྱི་སྒོ་ནས་འཇུག་པ་ཡིན་ཏེ། རྗེས་འཇུག་ཞུགས་པས་སྒྲ་དྲག་ཞན་དུ་འགྱུར་བ་སྒྲའི་འཇུག་ཚུལ་དང་། དེ་ལྟར་ཞུགས་པས་བདག་གཞན་སོགས་དོན་ཅི་ཞིག་སྟོན་པ་དོན་གྱི་འཇུག་ཚུལ་ལོ།།

གཉིས་པ་བཤད་པ་ལ་གཉིས། སྒྲའི་འཇུག་ཚུལ་དང་། དོན་གྱི་འཇུག་ཚུལ་ལོ། དང་པོ་ལ་གཉིས། དྲག་ཞན་སྤྱིར་འཇུག་ཚུལ་དང་། ནང་གསེས་ཞིབ་ཏུ་འཇུག་ཚུལ་ལོ། དང་པོ་ནི།

ཕོ་གསུམ་མོ་གཉིས་མ་ནིང་གསུམ།།

དྲག་ཞན་བར་མ་གསུམ་དུ་འཇུག།

ཞེས་པ་སྟེ། རྗེས་འཇུག་བཅུ་པོ་ལས་ཕོ་ལ་སྐྱེས་བུ་རབ་འབྲིང་ཐ་གསུམ་དང་། མོལ་མོ་ཙམ་དང་། ཤིན་ཏུ་མོ་གཉིས། མ་ནིང་ལ་འགྱུར་བ་དང་། མཚན་གཉིས་དང་མཚན་མེད་གསུམ་གྱི་སྒོ་ནས་འཇུག་སྟེ། དེ་དག་ཀྱང་ཕོ་གསུམ་མིང་གཞིའི་ཡི་གེ་གང་ལ་ཞུགས་ཀྱང་བརྗོད་པའི་སྒྲ་གདངས་དྲག་པར་འགྱུར་བས་དྲག་པར་འཇུག་པ་དང་། དེ་བཞིན་དུ་མོ་གཉིས་ཞན་པར་འཇུག་པ་དང་། མ་ནིང་གསུམ་བར་མ་སྟེ་རན་པར་འཇུག་པ་ཡིན་ནོ།།

གཉིས་པ་ནང་གསེས་ཞིབ་ཏུ་འཇུག་ཚུལ་ནི།

དྲག་པ་གསུམ་ཉིད་ནང་ཕྲད་དམ།།

གལ་ཏེ་ཞན་པ་ནང་ཕྲད་ན།།

དེ་ལའང་ནང་གི་ཆ་ཤས་ཀྱིས།།

དེ་ཡང་དྲག་ཞན་གཉིས་སུ་དབྱེ།།

མ་ནིང་གསུམ་དུ་གང་གཏོགས་པ།།

དྲག་དང་ཕྲད་ན་དྲག་པར་འགྱུར།།

ཞན་དང་ཕྲད་ན་ཞན་པར་འགྱུར།།

གཉིས་ཀ་དག་དང་ཕྲད་གྱུར་ན།།

དེ་ནི་གཉིས་ཀ་ཅན་དུ་འགྱུར།།

གཉིས་ཀ་དག་དང་མ་ཕྲད་ན།།

གང་དུ་ཡང་ནི་མི་འགྱུར་རོ།།

དེས་ན་འགྱུར་དང་མཚན་གཉིས་དང་།།

མཚན་མེད་དག་དང་གསུམ་དུ་འདོད།།

དེ་ནི་སྒྲ་ཡི་འཇུག་ཚུལ་ལོ།།

ཞེས་པ་སྟེ། རྗེས་འཇུག་ལ་ནང་གསེས་ཀྱི་རྟགས་བརྒྱད་དུ་དབྱེ་ན་དེ་ལ་སྒྲའི་འཇུག་ཚུལ་ཐ་དད་པ་བརྒྱད་ཇི་ལྟར་དབྱེ་ཞེ་ན། དྲག་པོ་གསུམ་སྟེ། ཕོ་ཡིག་སྐྱེས་བུ་རབ་འབྲིང་ཐ་གསུམ་ག་ས་གཉིས་སམ། བ་ས་གཉིས་རྗེས་འཇུག་ནང་ཕྲད་དུ་གྱུར་པ་ན་དེ་ལའང་ནང་གི་ཆ་ཤས་ཀྱིས་བྱེ་བྲག་གིས། སྒྲ་དྲག་པོ་གཞིར་བཞག་པའི་སྟེང་ནས་ནང་གསེས་ཀྱིས་དྲག་ཞན་གཉིས་སུ་དབྱེ་ནས་སྐྱེས་བུ་རབ་འབྲིང་གཉིས་ཏེ། དཀྲིགས། འཁྲུགས། གྲགས། རྟགས། རིགས། ལྟ་བུ་སྐྱེས་བུ་རབ་དང་།སྐབས་ལྟ་བུ་སྐྱེས་བུ་འབྲིང་དང་། ཡང་འཇུག་མེད་པ། སྐད། སྐས། བཀག། བཀབ། ལྟ་བུ་སྒྲ་དྲག་པའི་ཞན་པར་འགྱུར་བས་སྐྱེས་བུ་ཐ་མ་གསུམ་མོ།དམ་ཞེས་པ་དེ་ལའང་ནང་གི་ཆ་ཤས་སོགས་རྐང་པ་གཉིས་འདིར་ཡང་སྦྱར་ཞེས་པའི་དོན་རྟོགས།།

གལ་ཏེ་ཞན་པ་སྟེ་མོ་ཡིག་རྣམས་རྗེས་འཇུག་ཕན་ཚུན་ནང་ཕྲད་པ་ན། དེ་ལའང་ནང་གི་ཆ་ཤས་ཡང་འཇུག་ཡོད་མེད་ཀྱི་དབང་གིས། སྤྱིར་ཞན་པ་གཞིར་བཞག་པ་དེ་ཡང་སྒྲ་དྲག་པ་བསྐང་། བསྐུམས། གངས། ཁེངས་ལྟ་བུ་མོ་ཙམ་དང་། སྒྲ་ཞན་པ། བསྐང་། སྐོམ། བཀའ་ལྟ་བུ་ཤིན་ཏུ་མོ་གཉིས་སུ་དབྱེའོ།།

འགྱུར་བ་སོགས་མ་ནིང་གསུམ་དུ་གང་ཞིག་གཏོགས་པ་རྗེས་འཇུག་ན་ར་ལ་གསུམ་དེ་རྣམས་མིང་གཞི་དང་རྗེས་འཇུག་ནང་འཕྲད་གཉིས་ཀ་ལ་ལྟོས་དགོས་པས། དེའང་མིང་གཞིའི་ཡི་གེ་དྲག་པདང་ཕྲད་པ་ན་ཡང་འཇུག་ཡོད་མེད་ཇི་ལྟར་ཡང་སྒྲ་དྲག་པར་འགྱུར་བ། བསྟནད། བསྟར། བཙལ་ལྟ་བུ་དང་། མིང་གཞིའི་ཡི་གེ་སྒྲ་ཞན་པ་དང་འཕྲད་ན་ཡངའཇུག་མེད་པའི་ཚེ་ཞན་པར་འགྱུར་བ། འགྲན། གཉན། འདུལ། འདར། ལྟ་བུ་སྟེ། དེ་གཉིས་ཀ་འགྱུར་བ་མ་ནིང་དང་། མིང་གཞི་ཞན་ཅིང་ཡང་འཇུག་དྲག་པའི་བར་དུ་ཆུད་དེ་དྲག་ཞན་གཉིས་ཀ་དང་ཕྲད་པར་གྱུར་པ་ན་མ་ནིང་དེ་ནི་སྒྲ་དྲག་ཞན་གཉིས་ཀ་ཅན་དུ་འགྱུར་བ། འཛིནད། གྱུརད། རོལད། ལྟབུ།མཚན་གཉིས་མ་ནིང་དང་། མིང་གཞི་དྲག་ཞན་གཉིས་ཀ་དང་མ་ཕྲད་པར་བར་མ་མ་ནིང་གི་ཡི་གེ་རྣམས་ལ་ཞུགས་པ་ན་ཡང་འཇུག་ཡོད་མེད་གང་ལྟར་ཡང་སྒྲ་དྲག་ཞན་གང་དུ་ཡང་མི་འགྱུར་བ་བར་མ་ཉིད་དུ་གནས་པ། མཁྱེན། འཐོར། ཕྱིནད། འཚོལ། ལྟ་བུ་མཚན་མེད་མ་ནིང་སྟེ། དེས་ན་རིམ་པ་ལྟར་འགྱུར་བ་དང་། མཚན་གཉིས་དང་། མཚན་མེད་མ་ནིང་དག་དང་གསུན་དུ་འདོད་པ་དེ་ནི་སྒྲའི་འཇུག་ཚུལ་ལོ།།

གཉིས་པ་དོན་གྱི་འཇུག་ཚུལ་ལ་གཉིས། མདོར་བསྟན་པ་དང་།རྒྱས་པར་བཤད་པའོ། ། དང་པོ་ནི།

དོན་ནི་རྣམ་པ་གཉིས་ཡིན་ཏེ།།

སྔ་མ་གང་ལྟར་གྱུར་པ་དང་།།

ཕྱི་མ་གང་ལྟར་འགྱུར་བའོ།།

ཞེས་པ་སྟེ། རྗེས་འཇུག་རྣམས་དོན་ནི་གང་དང་གང་ལ་འཇུག་པའི་ཚུལ་ཡང་རྣམ་པ་གཉིས་ཡིན་ཏེ། རྗེས་འཇུག་རང་གི་སྔ་མ་ཏེ། རང་གང་ལ་ཞུགས་པའི་མིང་དེའི་དོན་བདག་གཞན་དང་། དུས་གསུམ་སོགས་གང་ལྟར་གྱུར་པ་དང་། རྗེས་འཇུག་དེས་མིང་འཐའ་དང་ཕྲད་དང་རྣམ་དབྱེ་འདྲེན་ཚུལ་སོགས་ཀྱི་སྒོ་ནས་མིང་ཕྱི་མ་དེའི་དོན་གང་ལྟར་འགྱུར་བའོ།།

གཉིས་པ་རྒྱས་པར་བཤད་པ་ལ་གཉིས། སྔ་མ་གང་ལྟར་གྱུར་པ་དང་། ཕྱི་མ་གང་ལྟར་འགྱུར་བ་འཆད་པའོ། །དང་པོ་ནི།

སྔ་མ་སྔོན་འཇུག་ལྔ་བཞིན་སྦྱར།།

ཞེས་པ་སྟེ། རྗེས་འཇུག་རྣམས་རང་གང་ལ་ཞུགས་པའི་སྔ་མ་མིང་དེས་བདག་གཞན་སོགས་ཅི་ཞིག་སྟོན་ཞེ་ན། མིང་དེའི་སྔོན་དུ་གནས་པ་སྔོན་འཇུག་ལྔ་པོ་དེས་བདག་གཞན་དུས་གསུམ་གང་ཞིག་སྟོན་པ་དེའི་དོན་ཇི་ལྟ་བ་བཞིན་དུ་སྟོན་པས་དེ་ལྟར་སྦྱར་ནསརྟོགས་པར་བྱའོ།།

སྐབས་འདིའི་དཔེར་བརྗོད་དངོས་ནི་སྔོན་འཇུག་གི་སྐབས་སུ་བཀོད་ཟིན་པས་འདིར་ལོགས་སུ་སྨོས་མ་དགོས་མོད།འོན་ཀྱང་ཕྱོགས་མཚོན་པ་ཙམ་ནི། བཏགས། བཏབས། བཀག། བལྟས། བཏབ། བཅད། ལྟ་བུ་ཕོ་ཡིག་རྣམས་འདས་པ་ལ་འཇུག་པ་དང་། འཛུགས་བྱེད། གཤིབས་བྱེད། འཇོག་བྱེད། ལྟ་བུ་བྱེད་པ་བདག་ལ་འཇུག་པ་དང་། གདགས་བྱ། གདབ་བྱ། དགག་བྱ། ལྟ་བུ་གཞན་ལ་འཇུག་པ་དང་། འདེབས་བཞིན་པ། གཏུབ་བཞིན་པ། གཅོད་བཞིན་པ། ལྟ་བུ་ད་ལྟ་བ་དང་། འགྲུབ་པར་འགྱུར། འཆད་པར་འགྱུར། མཁས་པར་འགྱུར། ལྟ་བུ་མ་འོངས་པ་ལ་འཇུག་པའོ།།

དེ་བཞིན་དུ་མོ་ཡིག །བསྐངས། བཀང་། བཀྲམ། ལྟ་བུ་འདས་པ་དང་། འགེངས་བྱེད། འདོང་བྱེད། གསོ་བྱེད། ལྟ་བུ་བདག་དང་། གདམ་བྱ། དགང་བྱ། བཟའ་བྱ་ལྟ་བུ་གཞན་དང་། འདོམས་བཞིན་པ་ལྟ་བུ་ད་ལྟ་བ་དང་། འདོམས་པར་འགྱུར། འགྲོ་བར་འགྱུར། འདམ་པར་འགྱུར་ལྟ་བུ་མ་འོངས་པའོ།།

མ་ནིང་། བསྟནད། བཀརད། བཅལད། ལྟ་བུ་འདས་པ་དང་། བསྟུནད་བྱེད། བརྩོན་བྱེད། གཏོར་བྱེད། འཐུལ་བྱེད། ལྟ་བུ་བདག་དང་། བསྟེན་བྱ། བསྐུར་བྱ། འཁོལ་བྱ། ལྟ་བུ་གཞན་དང་། བསྟུནད་བཞིན་པ་ལྟ་བུ་ད་ལྟ་བ་དང་། འདུནད་པར་འགྱུར། མཐུན་པར་འགྱུར། གསལ་བར་འགྱུར། ལྟ་བུ་མ་འོངས་པའོ།།

ཡང་སྐབས་ལ་ལར་སྔོན་འཇུག་ལ་མ་ལྟོས་པར། དོན་སྟོན་པ་ཅུང་ཟད་རེ་ཡོད་པ་རྣམས་ཀྱང་སྐབས་འདིར་ཤེས་དགོས་ཏེ། གྲགས། བྱབས། གྲུབ། སྤངས། སོང་། གུམ། སྩལད། དུལ། ཚར་ལྟ་བུ་འདས་པ་དང་། སྒྲུགས་བྱེད། སྒྲུབ་བྱེད། རྗེས་བྱེད། སྣང་བྱེད། རྒྱུ་བྱེད། ཕན་བྱེད། ལྟ་བུ་བདག་དང་། རྟོགས་བྱ། ཤེས་བྱ། སྤང་བྱ། སྨྲ་བྱ །ལྟ་བུ་གཞན་དང་། རྟོགས་བཞིན་པ། མྱོང་བཞིན་པ། སྒྲོལ་བཞིན་པ་ལྟ་བུ་ད་ལྟ་བ་དང་། རྟོགས་པར་འགྱུར། ཉམས་པར་འགྱུར། སྨན་པར་འགྱུར། ལྟ་བུ་མ་འོངས་པ་ལ་འཇུག་པ་རྣམས་འདི་མཚོན་ནས་རྒྱ་ཆེར་ཤེས་པར་བྱའོ། །སྐབས་འདིར་ས་ཡིག་གི་འཇུག་ཡང་འཇུག་གཉིས་དང་། ད་ཡིག་གི་ཡང་འཇུག་དུས་འདས་པ་ལ་འཇུག་པ་མང་བ་དང་། འ་ཡིག་འདས་པ་ལ་མི་འཇུག་པའི་ཁྱད་པར་ཙམ་ཡོད་པ་རྣམས་སྔར་གྱི་དཔེར་བརྗོད་དག་ལས་རྟོགས་པར་འཚལ།

གཉིས་པ་ཕྱི་མ་གང་ལྟར་འགྱུར་བ་ལ་གཉིས། མདོར་བསྟན་པ་དང་། རྒྱས་པར་བཤད་པའོ།

ཕྱི་མ་དག་གི་འདྲེན་ཚུལ་ནི་།།

ཞེས་པ་སྟེ། སྔ་མའི་རྗེས་འཇུག་དེས་ཕྱི་མ་མིང་མཐའ་དང་རྣམ་དབྱེ་ཕྲད་དག་གི་འདྲེན་ཚུལ་ནི་སྔ་མའི་རྗེས་འཇུག་དང་ཕྱི་མའི་བརྗོད་བྱ་གཉིས་ཀ་ལ་ལྟོས་པར་བྱའོ།།

གཉིས་པ་རྒྱས་པར་བཤད་པ་ལ་གཉིས། མིང་མཐའ་འདྲེན་ཚུལ་དང་། ཕྲད་དང་རྣམ་དབྱེ་གཉིས་འདྲེན་ཚུལ་ལོ། དང་པོ་ནི།

ཕོ་ཡིས་ཕོ་ཡི་མིང་མཐའ་དྲང་།།

མོ་ཡིས་མོ་ཡི་མིང་མཐའ་དྲང་།།

མ་ནིང་གིས་ནི་མ་ནིང་ངོ་།།

ཞེས་པ་སྟེ། མིང་སྔ་མའི་རྗེས་འཇུག་ཕོ་ཡིག་ཡི་གེས་མིང་ཕྱི་མའི་མིང་གཞི་ཕོའི་མིང་མཐའ་དྲང་བར་བྱ་སྟེ། དཔྱིད་ཀ། བསྟོད། ཕྱིནད། གྲུབ་པ། གཉིས་ཀ། མཁས་པ། དམིགས་པ། རེག་པ། བདག་ཅག་ལྟ་བུ་དང་། དེ་བཞིན་དུ་མོའི་ཡི་གེས་མོའི་མིང་མཐའ་དྲང་བ་ནི། གང་བ། སྙིང་ག། དང་མ། འདུང་མ། འདེམ་ག། ཟླ་བ། དཔའ་བོ། ཉི་མ། དགའ་མ། ལུ་གུ། ལྟ་བུ་དང་། མ་ནིང་གིས་མ་ནིང་གི་མིང་མཐའ་དྲང་བ་ནི། སྟོན་ཁ། དབྱར་ཁ། གཏར་ཁ། ཐལ་ཁ། མཚལ་ཁ། ལྟ་བུའོ། འདིར་རྟགས་མཚུངས་ཁོ་ན་འདྲེན་པར་གསུངས་པ་ནི་གཙོ་བོ་ཆེ་བའི་དབང་གིས་ཡིན་ཏེ། གཞན་དུ་ན་རྟགས་མཚུངས་འདྲེན་དུ་མེད་པའམ། ཡོད་ཀྱངབརྗོད་མི་བདེ་ན། དེ་ཉིད་རང་གི་སྒྲ་མཐུན་པའི།

ཞེས་འབྱུང་བ་ལྟར། ཕལ་ཆེར་བརྗོད་པ་བདེ་བས་སྒྲ་མཐུན་དྲང་བ་ཉིད་ལེགས་ཏེ། ལྷག་མ། བཙས་མ། བདག་མོ་ལྟ་བུ་ཕོས་མོ་དྲང་བ་དང་། དམ་པ་སྙིང་པོ་གང་པོ་ལྟ་བུ་མོས་ཕོ་དྲང་བ་དང་། དར་བ། རྒྱལ་བ། གར་མ། ལྟ་བུ་མ་ནིང་གིས་མོ་ཡིག་དྲངས་པ་རྣམས་ཀྱང་འཇིག་རྟེན་པའི་ཉེ་བར་སྤྱོད་པ་ལས་ཤེས་དགོས་སོ།།

གཉིས་པ་རྣམ་དབྱེ་སོགས་འདྲེན་ཚུལ་ལ་གཉིས། སྤྱིར་འདྲེན་ཚུལ་དང་། ནང་གསེས་འཇུག་ཚུལ་བཤད་པའོ། དང་པོ་ནི།

མིང་མཐའ་དེ་དག་ཉིད་ཀྱིས་ནི།།

དེ་ཉིད་རང་གི་སྒྲ་མཐུན་པའི།།

ཆོས་དངོས་ལས་དང་བྱེད་པ་དང་།།

སྦྱིན་དང་འབྱུང་ཁུངས་འབྲེལ་པ་དང་།།

གནས་དང་བོད་པའ་སྒྲ་ཡང་དྲང་།།

གཞན་ཡང་སླར་བསྡུ་ལྷག་བཅས་དང་།།

འབྱེད་བསྡུད་བསྣན་དང་བདག་པོ་དང་།།

དགག་སྒྲུབ་རྒྱན་དང་དུས་ལའང་འཇུག།

དེ་དག་སྔ་ཤུགས་འདྲེན་པས་འབྱུང་།།

ཞེས་པ་སྟེ། མིང་མཐའ་སྔ་མ་དེ་དག་ཉིད་ཀྱིས། མིང་མཐའ་ཕྱི་མ་དེ་ཉིད་རང་གི་རྟགས་མཚུངས་པའམ་བརྗོད་པ་བདེ་བས་སྒྲ་མཐུན་གྱུར་བའི་ཆོས་དངོས་དེ་རྣམ་དབྱེ་དང་པོ་དོན་གྱི་ངོ་བོ་ཙམ་བརྗོད་པ་དང་། གཉིས་པ་ལས་སུ་བྱ་བ་དང་། གསུམ་པ་བྱེད་པ་པོའམ་བྱེད་པ་ཙམ་དང་། བཞི་པ་སྦྱིན་ཡུལ་གྱིས་མཚོན་པའི་ཆེད་དུ་བྱ་བ་དང་། ལྔ་པ་འབྱུང་ཁུངས་དང་། དྲུག་པ་འབྲེལ་པ་དང་། བདུན་པ་གནས་གཞི་དང་། བརྒྱད་པ་བོད་པའི་སྒྲ་ཡང་དྲུང་ཞིང་།

གཞན་ཡང་། སླར་བསྡུ་དང། ལྷག་བཅས་དང་། འབྱེད་སྡུད་དང་། བསྣན་པ་དང་། བདག་པོ་དང་། དགག་པ་དང། སྒྲུབ་པ་དང་། ཚིག་རྒྱན་དང་། དུས་སྟེ་ཚེ་སྐབས་ཀྱི་སྒྲ་ལ་ཡང་འཇུག་པ་དེ་དག་མིང་མཐའ་སྔ་མའི་ཤུགས་ཀྱིས་འདྲེན་པར་བྱེད་པས་སྦྱོར་ཚུལ་ལེགས་པར་འབྱུང་བ་ཡིན་ནོ།།

གཉིས་པ་ནང་གསེས་འཇུག་ཚུལ་བཤད་པ་ལ་གཉིས། མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། དང་པོ་ནི།

དེ་དག་ནང་གསེས་གང་འཇུག་པ།།

མཐར་སྦྱར་འོག་མིའི་མིང་དོན་ལས།།

ཞེས་པ་སྟེ། སྔར་བཤད་པའི་རྣམ་དབྱེ་དང་ཚིག་ཕྲད་དེ་དག་གི་ནང་གསེས་གང་དང་གང་འཇུག་པ་ནི་མིང་དེའི་མཐར་སྦྱར་རྒྱུའི་འོག་མའི་མིང་དོན་ལས་ཤེས་པར་བྱའོ།།

གཉིས་པ་རྒྱས་པར་བཤད་པ་ལ་གཉིས། རྣམ་དབྱེའི་ནང་གསེས་དང་། འཕྲད་ཀྱི་ནང་གསེས་གང་ཞིག་འཇུག་པའོ། དང་པོ་ནི།

སྤྱི་འཇུག་ཡོད་དམ་བྱེད་པ་ཡོད།

དེ་བཞིན་ཆེད་བྱེད་རྟེན་བྱེད་དང་།

ལས་བྱ་བླང་བྱ་བསྒྲུབ་པར་བྱ

སྔོན་དུ་འོས་པ་གནས་པའམ།

ཞེས་པ་སྟེ།དེ་ལ་རྣམ་དབྱེའི་ནང་གསེས་གང་དང་གང་འཇུག་པ་ནི་རྣམ་དབྱེ་སྦྱར་གཞི་མིང་བདུད་རྩི་ལྟ་བུ་ལ། དེའི་རྗེས་སུ་སྤྱི་ལ་འཇུག་པའི་སྒྲ་གང་ཞིག་ལྟ་བུ་ཡོད་ན། བདུད་རྩི་གང་ཞིག་ཅེས་བོད་སྐད་ལ་མིང་རྐྱང་དང་རྣམ་དབྱེ་དང་པོ་སོ་སོར་མཚོན་མི་ནུས་ཀྱང་། དོན་དུ་མིང་སྔ་མ་ལ་རྣམ་དབྱེ་དང་པོ་འཇུག་པ་དང་། འཚོ་བར་བྱེད་ལྟ་བུ་བྱེད་པའི་སྒྲ་ཡོད་ན་བདུད་རྩིས་འཚོ་བར་བྱེད་ཅེས་རྣམ་དབྱེ་གསུམ་པ་འཇུག་པ་དང་། དེ་བཞིན་དུ་མོས་པ་ལྟ་བུ་ཆེད་དུ་བྱེད་པའི་སྒྲ་ཡོད་ན་བདུད་རྩི་ལ་མོས་ཞེས་བཞི་པ་དང་། བརྟེན་ལྟ་བུ་བརྟེན་བྱེད་ཀྱི་སྒྲ་ཡོད་ན་བདུད་རྩི་ལ་བརྟེན་ཅེས་བདུན་པ་དང་། བསྒྱུར་ལྟ་བུ་ལས་སུ་བྱ་བའི་སྒྲ་ཡོད་ན། བདུད་རྩི་བསྒྱུར་ཅེས་གཉིས་པ་དང་། བླང་བར་བྱ་བ་ལྟ་བུ་བླང་བྱའི་སྒྲ་ཡོད་ན་བདུད་རྩི་ལས་བླང་བར་བྱ་ཞེས་ལྔ་པ་དང་། བསྒྲུབ་པར་བྱ་བའི་དངོས་པོ་རྒྱ་མཚོ་ལྟ་བའི་སྒྲ་ཡོད་ན་བདུད་རྩིའི་རྒྱ་མཚོ་ཞེས་དྲུག་པ་དང་། བདུད་རྩི་མ་ལྟ་བུ་སྔོན་དུ་འབོད་འོས་པར་གནས་པ་དང་། དེ་ལའང་ལས་བཅོལ་རྒྱུ་ལྟ་བུ་ཡོད་ན།བདུད་རྩི་མ་ཀྱེ་བདག་ལ་འཆི་མེད་སྩོལ། ཞེས་རྣམ་དབྱེ་དང་པོ་བོད་པ་གསལ་བྱེད་ཀྱི་སྒྲ་འཇུག་པ་བཅས་ཤེས་པར་བྱའོ། །འམ་ཅེས་པ་ཚིག་ཕྱི་མ་སྡུས་པའི་ཚིག་ཕྲད་དོ།།

གཉིས་པ་འཕྲད་ཀྱི་ནང་གསེས་གང་ཞིག་འཇུག་པ་ནི།

གཞན་ཡང་ཚིག་དོན་འོག་མ་ལས།།

བསྡུ་རྒྱུ་ཡོད་དམ་མེད་པ་དང་།།

གོང་མ་ལས་ཀྱང་དེ་བཞིན་ཏེ།།

རྣམ་གྲངས་དག་ཀྱང་བཀོད་པ་ལས།།

བསྐྱར་བ་ཡོད་དམ་མེད་པ་དང་།།

ཕོ་སྒྲ་དང་ནི་མོ་སྒྲ་དག།།

མིང་གི་མཐའ་ན་ཡོད་མེད་དང་།།

རྒྱན་དུ་གྱུར་པ་རྣམས་ལ་ཡང་།།

དོན་ལ་བསྙེགས་པ་ཡོད་མེད་དང་།།

བསྟེན་བྱ་ལྷག་མ་ཡོད་མེད་དང་།།

ཚིག་དོན་རྫོགས་དང་མ་རྫོགས་ཀྱིས།།

དེ་དག་ནང་གསེས་རྣམ་པར་དབྱེ།།

ཞེས་པ་སྟེ།གཞན་ཡང་མིང་མཐས་ཚིག་ཕྲད་ཀྱི་བྱེ་བྲག་གང་ཞིག་འདྲེན་པའམ་ཕལ་ཆེར་མིང་དེའི་མཐར་སྦྱར་རྒྱུའི་ཚིག་དོན་འོག་མ་ལས་ཤེས་དགོས་ཤིང་། དེའང་ཚིག་དོན་འོག་མ་དེ་ཉིད་ལས་སྔ་མ་བསྡུ་རྒྱུ་ཡོད་པ་ཡིན་ན། ལྷ་དང་མི་དང་ལྷ་མ་ཡིན་དང་དྲི་ཟར་བཅས་པའི་འཇིག་རྟེན་ཡི་རང་སྟེ། ལྟ་བུ་མིང་སྔ་མ་སྔའི་མཐར་སྡུད་པའི་ཕྲད་དང་སྦྱར་བ་དང་། ཚིག་དོན་གོང་མ་ལས་ཀྱང་དེ་བཞིན་དུ་ཕྱི་མ་རྣམས་བསྡུ་རྒྱུ་ཡོད་ན། ལྷས་ཀྱང་བཏུད་ན་མི་དང་ལྷ་མ་ཡིན་དང་དྲི་ཟ་རྣམས་ཀྱི་ལྟ་ཅི་སྨོས།ཞེས་ཕྱི་མ་ཕྱི་མར་སྡུད་པའི་ཕྲད་འཇུག་པ་དང་། མིང་ཚིག་གི་རྣམ་གྲངས་གཅིག་གམ་གཉིས་སམ་མང་པོ་བཀོད་པ་ལས། དེ་དག་ཀྱང་དོན་ལ་བསྐྱར་བ་ཡོད་པ། ཉི་འོད་ནི་གསལ་བའམ་སྣང་བའོ།ལྟ་བུ་ལ་འབྱེད་པ་དང་། འཆི་མེད་དམ་རྣམ་སད་དམ།མིག་གི་འཛུམ་ནི་ལྷའོ། ལྟ་བུ་ལ་སྡུད་པའི་འཕྲད་དང་། ཡང་ཚིག་དོན་གཉིས་ཀ་བསྐྱར་བ། བསྐོར་ཞིང་བསྐོར་ཞིང་སླར་ཡང་དེ་རུ་འབབ། ལྟ་བུ་ལའང་སྡུད་པའི་འཕྲད་འཇུག་པའོ། མིང་གི་མཐར་ཕོ་སྒྲ་སྟེ་པུ་ལིངྒའི་སྒྲ། རྟ་པ་གསེར་པ་ལྟ་བུ། གསར་དུ་སྦྱར་བ་ཡོད་ན་མིང་མཐའ་དེ་ཉིད་བདག་པོའི་སྒྲ་དང་། མོ་སྒྲ་སྟེ་སྟྲཱི་ལིངྒའི་སྒྲ། མེད་མིན་གཟུགས་མེད་ལྟ་བུ་གསར་དུ་སྦྱར་བ་ཡོད་ན་མིང་མཐའ་དེ་ཉིད་དགག་པའི་སྒྲར་འགྱུར་བ་དང་། ཚིག་དོན་སྔ་ཕྱི་ཆོས་མཐུན་པ། མཛེས་ཀྱང་མཛེས་ལ་འོད་ཀྱང་འཚེར། ཞེས་མཐུན་པའི་རྒྱན་གྱི་འཕྲད་དང་། སྔ་ཕྱི་ཚིས་མི་མཐུན་པ། ཁྲོ་བ་སྤངས་ཀྱང་དགྲ་འཇོམས་པ། ཞེས་མི་མཐུན་པའི་རྒྱན་གྱི་ཕྲད་འཇུག་པ་དང་། ཚིག་ཕྲད་དེ་དག་རྣམས་ལ་ཡང་ངེས་པར་དོན་ལ་སྙེགས་པ་ཡོད་ན་མི་སྦྱར་དུ་མི་རུང་ཞིང་། ཚིག་མཛེས་པ་ ཙམ་ལ་ནི་ཇི་ལྟར་འདོད་པར་བྱའོ། བསྟན་བྱ་ལྷག་མ་ཡོད ། རྒྱས་བཏབ་སྟེ་བཞག་ཅེས་ལྷག་བཅས་ཀྱི་འཕྲད་འཇུག་པ་དང་། ཚིག་དོན་དེ་ཉིད་འཕྲོས་དེ་མ་ཐག་ཏུ་བསྟན་བྱ་མེད་པས་རྫོགས་པ་ཡིན་ན།རྟག་གོ། རྫོགས་སོ། །ལྟ་བུ་སླར་བསྡུའི་ཕྲད་འཇུག་པ་དང་། བསྟན་བྱ་ལྷག་མ་ཡོད་ན་རྫོགས་ཚིག་གི་ཕྲད་མི་འཇུག་པ་སོགས་རྣམ་དབྱེ་དང་ཕྲད་དེ་དག་གི་ནང་གསེས་གང་དང་གང་འཇུག་པ་དང་། དོན་ཅི་འདྲ་ཞིག་སྟོན་པ་སོགས་རྣམ་པར་དབྱེ་བར་བྱའོ།།

བཞི་པ་རྗེས་འཇུག་རྣམས་དགོས་པ་ཅིའི་ཕྱིར་འཇུག་པ་འཆད་པ་ལ་གཉིས། རྗེས་འཇུག་གི་དགོས་པ་དངོས་བཤད་པ་དང་། ཞར་བྱུང་ཡི་གེ་སྤྱིའི་དགོས་པ་བཤད་པའོ། །དང་པོ་ནི།

ཅི་ཕྱིར་འཇུག་པར་བྱེད་ཅེ་ན།།

ཡི་གེའི་ཁོངས་ནས་མིང་དབྱུང་སྟེ།།

མིང་གི་ཁོངས་ནས་ཚིག་ཕྱུང་ནས།།

ཚིག་གིས་དོན་རྣམས་སྟོན་པར་བྱེད།།

ཅེས་པ་སྟེ། རྗེས་འཇུག་ཡི་གེ་བཅུ་པོ་དེ་རྣམས་དགོས་པ་ཅིའི་ཕྱིར་འཇུག་པར་བྱེད་ཅེ་ན། སྔོན་འཇུག་ཡོད་མེད་ཇི་ལྟར་ཡང་། མིང་གཞིའི་ཡི་གེ་གཅིག་གམ་གཉིས་སམ་དུ་མ་འདུས་ཀྱང་རུང་རྗེས་འཇུག་གང་རུང་ཞིག་མ་ཞུགས་པར་མིང་དུ་གྲུབ་མི་སྲིད་པས། དེས་ན་ཡི་གེའི་ཁོངས་ནས་དོན་གྱི་ངོ་བོ་སྟོན་པའི་མིང་དབྱུང་བར་བྱ་བའི་ཕྱིར་དང་མིང་གཅིག་གམ་གཉིས་སམ་མང་པོར་སྦྲེལ་ཀྱང་རུང་མཚམས་སྦྱོར་བའམ། དོན་གསལ་བར་བྱེད་པའི་ཕྲད་དང་རྣམ་དབྱེ་སོགས་རྗེས་འཇུག་ལ་ལྟོས་པས་ན། མིང་གི་ཁོངས་ནས་དོན་གྱི་ཁྱད་པར་སྟོན་པའི་ཚིག་ཕྱུང་བའི་ཕྱིར་དང་། དེ་ནས་དེ་ལྟ་བུའི་ཚིག་གིས་འཇིག་རྟེན་དུ་བརྗོད་བྱའི་དོན་ཇི་སྙེད་པ་རྣམས་སྟོན་པར་བྱེད་པའི་ཕྱིར་དུ་འང་རྗེས་སུ་འཇུག་པ་ཡིན་ནོ།།

གཉིས་པ་ཞར་བྱུང་ཡི་གེ་སྤྱིའི་དགོས་པ་བཤད་པ་ལ་གཉིས། དགོས་པ་ལྡོག་ཕྱོགས་ནས་བསྟན་པ་དང་། ཉིང་དགོས་ལྡོག་ཕྱོགས་ནས་བསྟན་པའོ།།དང་པོ་ནི།

མོ་ཡི་ཡི་གེ་མེད་པ་ན།།

ཕོ་ཡིག་བརྗོད་པ་མེད་པར་འགྱུར་

ཕོ་ཡིག་དེ་དག་རྣམས་ལ་ཡང་།།

འཇུག་པར་བཅས་པ་མེད་ན་ནི།།

མིང་དང་ཚིག་ཀྱང་གསལ་མི་ནུས།།

མིང་ཚིག་གསལ་བར་མེད་ན་ནི།།

དོན་རྣམས་བརྗོད་པར་མི་འགྱུར་རོ།།

ཞེས་པ་སྟེ། མོ་ཡི་ཡི་གེ་གི་གུ་སོགས་ཨཱ་ལི་བཞི་པོ་མེད་ན། ཕོ་ཡིག་ཀཱ་ལི་རྣམས་ཁོ་ནས་བརྗོད་པ་མེད་པར་འགྱུར་ཏེ་ཨཱ་ལི་རྣམས་ལ་ལྟོས་པའི་བརྗོད་པ་དེ་སྙེད་མི་ཚང་བར་འགྱུར་བའི་ཕྱིར་དང་། ཕོ་ཡིག་ཀཱ་ལི་དེ་དག་རྣམས་ལའང་ཨཱ་ལི་དང་ལྡན་མི་ལྡན་ཇི་ལྟར་ཡང་འཇུག་པའི་ཡི་གེ་བཅུ་དང་བཅས་པར་མེད་ན་ནི་དོན་གྱི་ངོ་བོ་སྟོན་པའི་མིང་དང་དོན་གྱི་ཁྱད་པར་སྟོན་པའི་ཚིག་ཀྱང་གསལ་བར་མི་ནུས་སྟེ། ཡི་གེའི་ཁོངས་ནས་མིང་ཕྱུང་སྟེ། སོགས་རྒྱུ་མཚན་བཤད་མ་ཐག་པའི་ཕྱིར་དང་། མིང་དང་ཚིག་གསལ་བར་གྱུར་པ་མེད་ན་ནི་རང་དང་གཞན་ལ་དོན་གོ་བར་བྱེད་པའི་བརྗོད་པ་རྣམས་ཀྱང་མེད་པར་འགྱུར་རོ། དེས་ན་ཨཱ་ལི་རྣམས་ནི་ཀཱ་ལི་རྣམས་ཀྱི་བརྗོད་པའི་ཡན་ལག་ཡོངས་སུ་རྫོགས་པའི་ཕྱིར་དང་། འཇུག་པའི་ཡི་གེ་རྣམས་ནི་མིང་ཚིག་གསལ་བར་བྱ་བའི་ཕྱིར་དང་། དེ་ལྟ་བུའི་ཡི་གེའི་ཡན་ལག་མཐའ་དག་དང་ལྡན་པའི་མིང་ཚིག་རྣམས་ཀྱིས་ནི་བརྗོད་བྱའི་དོན་ཇི་སྙིད་པ་མཚོན་ཅིང་བརྗོད་པའི་ཕྱིར་ན་དགོས་པ་དང་བཅས་པ་ཡིན་ནོ།

སྐབས་འདིར་ཁ་གཅིག་གིས། ཀ་ལཱ་པ་ན་འཇམ་དཔལ་གྲགས་པ་དང་། སོགས་དཔེར་བཀོད་ནས་འདིར་བསྟན་གྱི་མོ་ཡིག་ཅེས་པ་ཨཱ་ལི་གཞིར་འདོད་མཁན་རྣམས་སུན་འབྱིན་པར་འདོད་པ་ནི་མ་དག་པས་དག་པ་སུན་འབྱིན་པ་ཡིན་ཏེ།འདིར་ཨཱ་ལི་བཞི་མེད་ན་སྤྱིར་དུ་ཀཱ་ལི་རྣམས་བརྗོད་དུ་མེད་པར་འགྱུར་བར་གསུངས་སྟེ། ཨཱ་ལི་ལ་ལྟོས་པའི་བརྗོད་པ་ཐམས་ཅད་མ་ཚང་བའི་ཕྱིར། དེའང་ཡིན་ཏེ། ཨཱ་ལི་བཞི་གཏན་ནས་མ་སྦྱར་བར་གསུང་བར་དགོངས་འགྲེལ་དང་བཅས་པ་རྒྱུས་པ་ལྟ་ཅི་སྨོས། བཟང་པོ་སྤྱོད་པ་ཙམ་ཡང་བརྗོད་དུ་མེད་པའི་ཕྱིར།བྱ་དཀའི་རྒྱན་ལྟ་བུ་དམིགས་བསལ་ཅུང་ཟད་རེ་ལ་མ་ཁྱབ་ཀྱང་གལ་ཆུང་སྟེ། འདིར་ཡི་གེ་སྤྱིའི་དགོས་པ་བརྗོད་པའི་སྐབས་ཡིན་པའི་ཕྱིར། དེ་ལས་ཁྱོད་རང་གིས་མ་ནིང་གི་ཡི་གེ་རྣམས་ཤུགས་བསྟན་དུ་འདོད་པ་དེ་མཚང་ཆེ་སྟེ། ཤུགས་ལས་བསྟན་དགོས་པའི་རྒྱུ་མཚན་སྨྲ་རྒྱུ་མེད་པའི་ཕྱིར་དེར་མ་ཟད་ཕོ་ཡིག་དེ་དག་རྣམས་ལ་ཡང་སོགས་ཀྱི་ཨཱ་ལི་ཡོད་མེད་ཇི་ལྟར་ཡང་ཕོ་ཡིག་དེ་དག་ལ་འཇུག་པའི་ཡི་གེ་རྣམས་མེད་ན་མིང་ཚིག་གསལ་མི་ནུས་ཞེས་དམིགས་གསལ་དུ་གསུངས་པ་དང་དངོས་སུ་འགལ་ལོ། མི་འདོད་ན་ཕོ་ཡིག་ཀ་ཅ་ཏ་པ་ཙ་ལྔ་གཏོགས་གཞན་མ་ནིང་དང་མོ་ཡིག་རྣམས་ཀྱི་རྗེས་འཇུག་མེད་ཀྱང་མིང་ཚིག་བརྗོད་པ་མཆིས་སོ་འཚལ་སྟོན་པ་སོགས་འགལ་འདུ་འབའ་ཞིག་ཁས་བླངས་དགོས་པར་ཐལ་བས།ད་དུང་གཞུང་འདི་ལ་འདྲིས་པར་གྱིས་ཤོག།

གཉིས་པ་ཉིང་དགོས་ལྡོག་ཕྱོགས་ནས་བསྟན་པ་ནི།

དེ་ལྟར་གྱུར་ན་འཇིག་རྟེན་དུ།།

དོན་མཚོན་བརྗོད་པ་ཀུན་ཀྱང་མེད།།

རིག་བྱེད་སྨྲ་བའང་ཡོད་མི་འགྱུར།།

ཉན་ཐོས་རང་རྒྱལ་སངས་རྒྱས་ཀྱི།།

བསླབ་པ་རྣམས་ཀྱང་མེད་པར་འགྱུར།།

ཞེས་པ་སྟེ། མིང་ཚིག་བརྗོད་པ་མེད་པ་དེ་ལྟར་གྱུར་ན་འཇིག་རྟེན་དུ་དོན་མཚོན་པར་བྱེད་པ་ལུང་དུ་སྟོན་པའི་སྒྲ་སྐད་ཀྱི་བརྗོད་པ་ཀུན་ཀྱང་མེད་ལ། དེས་ན་འཇིག་རྟེན་དང་ཐུན་མོང་བའི་བཟོ་གསོ་སྒྲ་ཚད་སོགས་དང་རིག་བྱེད་སྨྲ་བའང་ཡོད་པར་མི་འགྱུར་ཞིང་། འཇིག་རྟེན་ལས་འདས་པར་ཉན་ཐོས་དང་རང་རྒྱལ་དང་རྫོགས་པའི་སངས་རྒྱས་ཀྱི་བསླབ་རྣམས་སྟོན་ཞིང་བརྗོད་པའང་མེད་པར་འགྱུར་སྟེ། དེ་དག་ཐམས་ཅད་ཡི་གེའི་སྦྱོར་བ་ལ་ལྟོས་དགོས་པའི་ཕྱིར།

གཉིས་པ་གཞུང་ཇི་ལྟར་བརྩམ་པའི་ཚུལ་སྨོན་པ་བཅས་འཆད་པ་ལ་གཉིས།ཇི་ལྟར་བརྩམ་པའི་ཚུལ་དངོས་དང་།དེ་ཀུན་གྱིས་རྟོགས་པར་སྨོན་པའོ།དང་པོ་ནི།

ཇི་ལྟར་འཇིག་རྟེན་སེམས་ཅན་རྣམས།།

ཕུང་པོ་ཁམས་དང་སྐྱེ་མཆེད་དང་།།

གྲུབ་མཐའ་གཞན་ཡང་ཡོད་ན་ཡང་།།

རང་ཉིད་ཀྱིས་ནི་མི་ཤེས་བཞིན།།

དེ་བཞིན་ཡི་གེའིའཇུག་ཚུལ་རྣམས།།

སྨྲ་བ་ཀུན་ལ་གནས་གྱུར་ཀྱང་།།

རང་ཚུལ་དེ་ཉིད་མི་ཤེས་པས།།

དོན་ལ་སྦྱོར་བ་ག་ལ་ཤེས།།

དེ་ཕྱིར་སྨྲ་བའི་དབང་ཕྱུག་གི།།

རྗེས་སྨྲས་་་་་་་་་་་་་་་་་་་་་་་་་་་་་།།

ཞེས་པ་སྟེ། དཔེ་ཇི་ལྟར་ན་འགྲོ་བ་རྣམས་ལ་གཟུགས་སོགས་ཕུང་པོ་ལྔ་དང་ཁམས་བཅོ་བརྒྱད་དང་། སྐྱེ་མཆེད་བཅུ་གཉིས་དང་ཕྱི་ནང་གི་གྲུབ་མཐའ་རྣམས་ཀྱིས་བཞག་པའི་བདག་དང་རྣམ་ཤེས་ཚོགས་བརྒྱད་སོགས་གཞན་དང་གཞན་ཡང་ཐོག་མ་མེད་པ་ནས་ཡོད་ཀྱང་། དེ་ལྟ་བུའི་རྣམ་བཞག་རང་ཉིད་ཀྱིས་ནི་མི་ཤེས་པ་བཞིན་ནོ། དེ་བཞིན་དུ་རང་རང་གི་ཡི་གེ་རྣམས་ཇི་ལྟར་འཇུག་པའི་ཚུལ་རྣམས་ཀྱང་ཡུལ་སོ་སོའི་ལུང་དུ་སྟོན་པའི་སྒྲ་སྐད་ཀྱི་སྨྲ་བ་ཀུན་ལ་རང་བཞིན་གྱིས་གནས་པར་གྱུར་ཅིང་། འོན་ཀྱང་སློབ་དཔོན་མཁས་པས་བརྡ་མ་སྤྲད་པར་མིང་ཚིག་སོགས་ཀྱི་སྦྱོར་བ་རང་ལ་གནས་པའི་ཚུལ་དེ་ཉིད་མི་ཤེས་པས། རྒྱུ་མཚན་དེས་ན་བྱེ་བྲག་ཕྱེད་ནས་དོན་ལ་ཇི་ལྟར་སྦྱོར་བའི་ཚུལ་ག་ལ་ཤེས་ཏེ་མི་ཤེས་སོ། དེ་ལྟར་ན་ཐུན་མོང་དང་ཐུན་མོང་མ་ཡིན་པའི་ཤེས་བྱ་རིག་གནས་མཐའ་དག་ལ་བོད་གངས་ཅན་པའི་སྐྱེ་བོ་རྣམམ་འཇུག་ཏུ་རུང་བའི་དགོས་པ་དེ་ལྟ་བུ་མཐོང་བ་དེའི་ཕྱིར་དུ་འཕགས་པའི་ཡུལ་གྱི་སྨྲ་བའི་དབང་ཕྱུག་མཁས་པ་རྣམས་ཀྱིས་སྦྱོར་བའི་བརྡ་སྤྲད་པའི་བསྟན་བཅོས་རྣམས་ཀྱི་རྗེས་སུ་འབྲངས་ནས་ཡི་གེའི་འཇུག་པ་གསལ་བར་བྱེད་པའི་གཞུང་འདི་ནི་ཐུ་མི་བདག་གིས་སྨྲས་བ་ཡིན་ནོ།།

གཉིས་པ་དེ་ཀུན་གྱིས་རྟོགས་པར་སྨོན་ནི།

་་་་་་་་འདི་ཀུན་རྟོགས་གྱུར་ཅིག།

ཅེས་པ་སྟེ། སྔར་ཇི་སྐད་བཤད་པའི་ཡི་གེའི་འཇུག་པ་ལེགས་པར་སྦྱར་བའི་ཚུལ་འདི་གངས་ཅན་གྱི་སྐྱེ་བོ་ཀུན་གྱིས་རྟོགས་ནས་མིང་ཚིག་བརྗོད་པ་ཐམས་ཅད་ལ་རྨོངས་པ་མེད་པར་སྨྲ་བའི་དབང་ཕྱུག་ཆེན་པོར་གྱུར་ཅིག །ཅེས་རྟགས་ཀྱི་འཇུག་པའི་སྐབས་སོ།།

འདིར་སྨྲས་པ།

གང་ཞིག་འཕགས་པའི་ས་ཆེན་མ་ཐོབ་པ།།

དེ་སྲིད་སོ་སོར་རིག་པ་བཞི་མི་འཐོབ།།

དེས་ན་མིང་ཚིག་བརྗོད་པ་ཡི་གེའི་དོན།།

བདག་འདྲས་གཅིག་ཏུ་སླ་བ་མ་ཡིན་ནོ།།

འོན་ཏེ་སྔོན་བྱོན་མཁས་མང་ཚེས་པའི་གཞུང་།།

རྟགས་གུས་སྦྱོར་བས་འདྲིས་པ་བཅུ་དྲུག་ཆ།།

དཔྱད་གསུམ་མཛེས་སྡུག་ལང་ཚོ་རྫོགས་པས་ན།།

བཤད་པ་རྣམས་ནི་ལེགས་བཤད་ཁོ་ནའོ།།

བློ་གྲོས་ཟབ་ཅིང་གཟུ་བོའི་གནས་ཐོབ་པ།།

ཐ་སྙད་རིག་པའི་བདུད་རྩིའི་བྲོ་བ་གང་།།

དཔྱོད་ཤེས་བློ་ནོར་ལྡན་པས་འདི་མཐོང་ན།།

བཞིན་གྱི་ཀུ་མུཏ་སླར་ཡང་མཛེས་པར་འགྱུར།།

བློ་གསར་དོན་གཉེར་ཅན་ལ་སྨན་པའི་ཕྱིར།།

འཇམ་དབྱངས་ཐུ་མིའི་དགོངས་པ་ཇི་བཞིན་དུ།།

ལུང་དང་རིག་པའི་མེ་ཏོག་འཛུམ་པ་གང།།

ཆོས་ཀྱི་སྣང་བའི་ལེགས་བཤད་ལས་བཏུས་ཏེ།།

ཁེངས་དང་གྲགས་པའི་རོ་མཆོག་རྒྱངས་བསྲིངས་ནས།།

ཚིག་གི་སྤྲོས་པའི་རྫོགས་ཀྱིས་མ་སྦགས་པར།།

དོན་བཟང་རྣམ་པར་བཤད་པའི་སྙིང་པོ་འདི།།

ཀུན་སློང་ལྷག་བསམ་དག་པའི་མཐུ་ཡིས་བྱས།།

མཁས་པར་འདོད་རྣམས་གཞུང་གི་ཚིག་དོན་གྱི།།

ཁོག་རྣམས་འགྲོལ་ཕྱིར་དང་པོ་འདི་ཉིད་བསླབ།།

དེ་ནས་རྣམ་བཤད་མུ་ཏིག་ཕྲེང་མཛེས་ཀྱི།།

དཀའ་གནས་སྤྲོས་མཐའ་མ་ལུས་ཆོད་པར་གྱིས།།

འདི་ལས་བྱུང་བའི་དྲི་མེད་དགེ་བའི་མཐུས།།

མཐའ་ཡས་འགྲོ་ཀུན་གཟུངས་དང་སྤོབས་པ་དང་།།

སྨྲ་བའི་དབང་ཕྱུག་ཚངས་པའི་དབྱངས་ཐོབ་པ།།

བདེ་གཤེགས་དོན་ཀུན་གྲུབ་པ་ཉིད་གྱུར་ཅིག།

ཅེས་པ་འདི་ནི་གཏེར་ཆེན་བླ་མ་རིན་པོ་ཆེའི་ཞལ་སྔ་ནས་གཞུང་འདི་གཉིས་ཀྱི་འགྲེལ་པ་རྒྱས་བསྡུས་འཚམས་པ། དང་པོའི་ལས་ཅན་འཇུག་པ་བདེ་བ་ཞིག་འབྲི་བར་འོས་ཞེས་བཀའ་སྩལ་སྤྱི་བོའི་རྒྱན་དུ་ཕེབས་པ་དང་། སླད་ཀྱི་ཆར་ཡང་སྨུག་པོ་གདོང་གི་རྒྱལ་རིགས་ལས་ཆས་པ་༧རྗེ་དབོན་མཆོག་སྤྲུལ་རྣམ་གཉིས་ལའང་ཉེ་བར་མཁོ་བའི་ཆ་རྐྱེན་དུ་འོག་མིན་མཚུར་གྱི་གདན་ས་ཆེན་པོའི་ཉེ་འདབ་སྐྱེད་ཚལ་དར་རྒྱས་ཆོས་གླིང་གི་གཙུག་ལག་ཁང་ཆེན་པོ་འཆི་མེད་གྲུབ་པའི་བསྟི་གནས་སུ་ “ཀརྨ་ངེས་དོན་འཇམ་དབྱངས་” སམ། བརྡཱ་སྤྲོད་ཀུན་བཤད་ཀྱི་བཏགས་མིང་ “གསུང་རབ་ཕྲེང་བ་བདུད་རྩིའི་སྒྲ་དབྱངས” ཞེས་བྱ་བས་འདུ་འགྱིས་པའི་ཡི་གེ་གཉིས་པར་འབེབ་པ་པོ་ནི། རང་སློབ་རིག་གནས་མཐའ་དག་ལ་འཇུག་པའི་སྤྱན་རས་ཡངས་པ་འགྲོན་ཀརྨ་ཤཱ་ས་ན་ལཀྵྨཱིའོ། །

མཁས་པའི་དབང་པོ་ཐུ་མི་སམ་བྷོ་ཊའི།།

ཤེས་བྱ་ཀུན་གྱི་གཞིར་གྱུར་བརྡཱ་སྤྲོད་གཞུང་།།

སྔོན་བྱོན་དམ་པའི་ལེགས་བཤད་བརྒྱ་ཕྲག་གི།།

སྙིང་པོར་བསྡུས་པའི་གཞུང་བཟང་འདི་ཁོ་ན།།

ཆོས་སྦྱོན་ཟད་མེད་རྒྱ་ཆེར་སྤེལ་བའི་ཕྱིར།།

འོག་མིན་མཚུར་ཕུའི་གདན་སར་པར་དུ་བསྒྲུབས།།

འདིས་མཚོན་དགེ་བས་མཁའ་མཉམ་ཡིད་ཅན་འགྲོ།།

ཆོས་རབ་རྣམ་འབྱེད་བློ་གྲོས་ཐོབ་གྱུར་ཅིག། །


previousརྗེས་འཇུག་རྟགས་ཀྱི་དབྱེ་བ་བཤད་པ།no next