Nitartha Digital Library
Tibetan
ཨོ་རྒྱན་བྱང་ཆུབ་ལོ་མའི་དཔེ་ཚོགས།

1 occurrence of ནང་གི་སྒྲིབ་པ་ཅན་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
དཔལ་རྡོ་རྗེ་སེམས་དཔའི་ཐུགས་ཀྱི་སྒྲུབ་པའི་སྔོན་འགྲོའི་ཟིན་བྲིས་རྣམ་གྲོལ་ཐེམ་སྐས། ཞེ་ཆེན་ཀོང་སྤྲུལ།
  
  
  
  


1 occurrence of ནང་གི་སྒྲིབ་པ་ཅན་
[Clear Hits]

 
previousདཔལ་རྡོ་རྗེ་སེམས་དཔའི་ཐུགས་ཀྱི་སྒྲུབ་པའི་སྔོན་འགྲོའི་ཟིན་བྲིས་རྣམ་གྲོལ་ཐེམ་སྐས། ཞེ་ཆེན་ཀོང་སྤྲུལ།next

དཔལ་རྡོ་རྗེ་སེམས་དཔའི་ཐུགས་ཀྱི་སྒྲུབ་པའི་སྔོན་འགྲོའི་ཟིན་བྲིས་རྣམ་གྲོལ་ཐེམ་སྐས། ཞེ་ཆེན་ཀོང་སྤྲུལ།

༄༅། །དཔལ་རྡོ་རྗེ་སེམས་དཔའི་ཐུགས་ཀྱི་སྒྲུབ་པའི་སྔོན་འགྲོའི་ཟིན་བྲིས་རྣམ་གྲོལ་ཐེམ་སྐས་ཞེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་བཛྲ་ས་ཏྭ་ཡ། འགྱུར་བཅས་ཆོས་ཀུན་འཕོ་མེད་བདེ་བ་ཆེར། །ཡོངས་སྡོམ་སྤྲོ་བསྡུའི་བྱེད་པོ་རྡོ་རྗེ་སེམས། །དབྱེར་མེད་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་ལ། །རྣམ་ཀུན་འདུད་དོ་ཤིས་པའི་མེ་ཏོག་སྩོལ། །གདོད་ནས་ཡེ་གྲོལ་མངོན་པར་བྱང་ཆུབ་ཀྱང་། །སྙིང་རྗེ་ཆེན་པོས་སྲིད་པ་གནས་ཀྱི་བར། །གང་འདུལ་སྒྱུ་འཕྲུལ་དྲྭ་བའི་རོལ་གར་མཁན། །པདྨ་བི་ཛ་སྤྱི་བོའི་རྒྱན་བཞུགས་མཛོད། །བཀའ་གཏེར་གདམས་ཟབ་བདུད་རྩིའི་ཉིང་ཁུ་མཆོག །རྡོར་སེམས་ཐུགས་ཀྱི་སྒྲུབ་པའི་སྔོན་འགྲོ་ཡི། །ཟིན་བྲིས་རྣམ་གྲོལ་ཐེམ་སྐས་འགོད་པ་ལ། །བླ་མ་ལྷག་པའི་ལྷ་ཡིས་གནང་བ་སྩོལ། །དེ་ལ་འདིར་མདོ་རྒྱུད་ཐམས་ཅད་ཀྱི་ཡང་ཞུན། མཆོག་དང་ཐུན་མོང་གི་དངོས་གྲུབ་ཐམས་ཅད་ཀྱི་འབྱུང་གནས། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་བགྲོད་པ་གཅིག་པའི་ལམ་མཆོག་ཐར་འདོད་མ་ལུས་པའི་འཇུག་ངོགས། ཚེ་འདི་ཉིད་ལ་འཚང་རྒྱ་བའི་མྱུར་ལམ། རྡོར་སེམས་ཐུགས་ཀྱི་སྒྲུབ་པའི་རིམ་གཉིས་ཀྱི་ལམ་ཟབ་མོས་སྐལ་ལྡན་གྱི་སློབ་མ་སངས་རྒྱས་ཀྱི་སར་བདེ་མྱུར་གྱི་སྒོ་ནས་ཁྲིད་པའི་ཆོས་ཚུལ་ཐུན་མིན་འདི་ཉིད་ཀྱི་སྔོན་འགྲོ་འཆད་པ་ལ། ཆོས་འཆད་པའི་ཡན་ལག །འཆད་ཉན་ཇི་ལྟར་བྱ་བའི་ཚུལ་དང་། འཆད་བྱ་སྔོན་འགྲོ་དངོས་གཉིས་ལས། དང་པོ་ལ་ཀུན་སློང་དང་ཀུན་སྤྱོད་གཉིས། དང་པོ་ཀུན་སློང་ལའང་། བསམ་པ་རྒྱ་ཆེ་བ་བྱང་ཆུབ་སེམས་ཀྱི་ཀུན་སློང་དང་། ཐབས་རྒྱ་ཆེ་བ་གསང་བ་སྔགས་ཀྱི་ཀུན་སློང་གཉིས། དང་པོ་ནི།

སྤྱིར་ཆོས་འཆད་ཉན་སོགས་སྒོ་གསུམ་གྱི་དགེ་བ་གང་སྒྲུབ་ཀྱང་རྒྱལ་སྲས་ཆེན་པོ་ཞི་བ་ལྷས། དང་པོ་རང་གི་སེམས་བརྟག་ནས། །བརྟན་པས་རིག་པ་ལྡན་པར་བྱ། །ཞེས་པ་ལྟར། ཐོག་མར་ཁ་ཕྱི་བལྟས་སུ་མ་སོང་བར་བློ་རྩེ་ནང་དུ་བཀུག་ནས་ལྟད་མོ་རང་གི་སེམས་ལ་བལྟ་སྟེ། ཆོས་དང་རང་སེམས་ཞུ་དག་ཕེར་བ་ཞིག་དགོས་པས་བསམ་པ་ཀུན་སློང་འདི་ལ་ཅི་ནས་བརྟག་སྟེ་བློ་བཅོས་དགོས། དེ་ཡང་། ཡོན་ཏན་རིན་པོ་ཆེའི་མཛོད་ལས། བསམ་པ་དགེ་དང་མི་དགེའི་འཕེན་བྱེད་ལས། །དགེ་སྡིག་གཟུགས་བརྙན་ཆེ་ཆུང་རྗེས་མི་འགྲོ། །ཞེས་གསུངས་པ་ལྟར། དགེ་བ་དང་མི་དགེ་བ་ལུས་ངག་གི་གཟུགས་བརྙན་ཙམ་ལ་མི་འཇོག་པར་ཀུན་སློང་བསམ་པ་དཀར་ནག་གིས་དགེ་སྡིག་ཏུ་འགྱུར་བའི་ཕྱིར། ཁ་རག་སྒོམ་ཆུང་གིས། ཆེ་འདོད་སྟོན་པར་བྱེད་པ་དང་། །འགྲན་སེམས་སློབ་གཉེར་བྱེད་པ་དང་། །མཁས་འདོད་ང་རྒྱལ་སྨྲ་བ་རྣམས། །ཆོས་ལ་འགྲོའམ་སོམས་ཤིག་ཨང་། །ཞེས་དང་། རྗེ་བཙུན་གྲགས་རྒྱལ་གྱིས། ཚེ་འདི་ལ་ཞེན་པའི་ཐོས་བསམ་དེ། །ང་རྒྱལ་སྒྲུབ་པའི་ལོངས་སྤྱོད་ཅན། །ཐོས་བསམ་དམན་ལ་བརྙས་པ་ཅན། །འཁོར་དང་ལོངས་སྤྱོད་ཚོལ་བ་ཅན། །ངན་འགྲོ་སྒྲུབ་པའི་རྩ་བ་ཅན། །ཆོས་བརྒྱད་ཀྱི་ཐོས་བསམ་བཤོལ་ལ་ཞོག །ཅེས་གསུངས་པ་ལྟར། ཆེ་འདོད། འགྲན་སེམས། ཟུར་ཟ། ང་རྒྱལ། ངོམ་ཆོས། རྙེད་བཀུར་དང་སྙན་གྲགས་དོན་དུ་གཉེར་བ་སོགས་མི་དགེ་བའི་ཀུན་སློང་འདུག་ན། དགེ་བའི་གཟུགས་བརྙན་ཡིན་པས་དེ་སྒྲུབ་པ་བས་མ་སྒྲུབ་ན་དགའ་སྟེ། ཆོས་རྗེ་དྭགས་པོ་རིན་པོ་ཆེས། ཆོས་ཆོས་བཞིན་དུ་མ་སྒྲུབ་ན། ཆོས་ཀྱིས་ངན་སོང་དུ་འགྲོ་བའི་རྒྱུ་བྱེད། ཅེས་པ་ལྟར། ཆོས་ལ་བརྟེན་ནས་ཉེས་པ་སོག་ཅིང་གཞན་བསླུ་བའི་བཅོས་མ་ཉེ་བར་སྒྲུབ་པ་དེས། རྙེད་བཀུར་སྡུད་པ་ནི་ལོག་འཚོ་ཡིན་ཞིང་ཆོས་ལ་བརྟེན་ནས་ཉེས་པ་གཞན་ལས་ཐུ་བའི་ཕྱིར་རང་གིས་རང་ལ་ཁྲེལ་བརྡས་ཏེ་ཀོང་བུ་དྲོ་ཕྱིས། ཕག་སྣ་གཏུན་བརྡུངས་ཀྱི་དཔེ་ལྟར་རྟོག་པ་ངན་པའི་ཀུན་སློང་དེ་དག་རྒྱུན་བཅད། ཡང་བབས་བཅོལ་དུ་འཇུག་པ་ཙམ་ལས་དགེ་མི་དགེའི་ཀུན་སློང་གང་ཡང་མེད་པའི་ལུང་མ་བསྟན་དུ་འདུག་ན་དགེ་བར་བསྒྱུར་བར་བྱ། གལ་ཏེ་དགེ་བའི་ཀུན་སློང་ཙམ་ཡོད་ཀྱང་། ཚེ་འདིའི་ནད་གདོན་སོགས་ཀྱི་གནོད་འཚེའི་སྡུག་བསྔལ་ཞི་བ་དང་། ཕྱི་མ་ངན་སོང་དུ་མི་སྐྱེ་བའི་ཐབས་སུ་བསམ་ན་འཇིགས་སྐྱོབ་ཀྱི་དགེ་བ་ཞེས་བྱ། ཚེ་འདིར་བདེ་སྐྱིད་དང་། ཕྱི་མ་ལ་ལྷ་མིའི་བདེ་བ་ཐོབ་ཆེད་དུ་བསམས་ན་ལེགས་སྨོན་གྱི་དགེ་བ་ཞེས་བྱ། དེ་གཉིས་ལ་བསོད་ནམས་ཆ་མཐུན་ཞེས་བྱ་སྟེ་རང་གི་ཇི་ལྟར་འདོད་པའི་འབྲས་བུ་དེ་འགྲུབ་པས་བསོད་ནམས་ཆ་མཐུན་གྱི་དགེ་བ་ཡིན་ལ། དགེ་བའི་བསམ་པ་རྒྱ་ཆུང་ཞིང་ཐར་པ་དོན་དུ་གཉེར་མ་ཤེས་པས་སྐྱེས་བུ་ཆུང་ངུའི་ལམ་ཡིན་ལ་ད་རེས་དེ་ཙམ་གྱིས་མི་འོང་བས་ཐར་བ་དོན་དུ་གཉེར་དགོས། ཐར་བ་དེ་ཡང་། ཇི་སྐད་དུ། ཐེག་པ་ཆེ་ཆུང་སེམས་བསྐྱེད་ཁྱད། །ཅེས་པ་ལྟར་རང་ཉིད་གཅིག་པུ་སྲིད་པའི་སྡུག་བསྔལ་མཐའ་དག་ལས་ཐར་པར་འདོད་ན་ཐེག་དམན་ཐར་པ་ཆ་མཐུན་ཞེས་མྱང་འདས་ཙམ་ཐོབ་པས་སྔ་མ་ལས་འཕགས་ཀྱང་། གཞན་ཕན་དོན་གཉེར་གྱི་བསམ་པ་མེད་པས་སྐྱེས་བུ་འབྲིང་གི་ལམ་ཡིན། དེ་ནི་སྲིད་ཞིའི་སྐྱོན་ཡོན་ཤེས་ནས་མྱང་འདས་ཐོབ་པར་འདོད་པའི་ངེས་འབྱུང་གི་བསམ་པ་ཐར་པའི་ལམ་ཐམས་ཅད་ཀྱི་རྩ་བ་ཡིན་པས་རྣམ་གྲོལ་གྱི་ལམ་ལ་ཞུགས་པ་རྣམས་ཀྱིས་དང་པོ་དེ་ལྟ་བུའི་བསམ་པ་འབྱུང་པར་གལ་ཆེ། དེ་ལྟར་ནའང་རང་ཉིད་གཅིག་པུའི་བསམ་པ་དེ་ནི་ཐེག་ཆེན་ལམ་གྱི་མི་མཐུན་ཕྱོགས་ཡིན་པས་དུག་བཞིན་སྤངས་ནས་ངེས་འབྱུང་གི་བསམ་པ་དེ་རྒྱ་ཇེ་ཆེར་བཏང་སྟེ། སྔ་མ་ལས་བསམ་པ་རྒྱ་ཆེ་བ་དང་པོ་ནས་མི་གནས་པའི་མྱང་འདས་ཀྱི་རྒྱུར་འགྱུར་བའི་ཐེག་ཆེན་ཐར་པ་ཆ་མཐུན་ཞེས་སྐྱེས་བུ་ཆེན་པོའི་ལམ་བསོད་ནམས་ཚད་མེད་པའི་འཇུག་ངོགས་དམ་པ་དེར་ཞུགས་དགོས། དེ་ཡང་དགེ་བ་གང་ཡིན་ལམ་དུ་འགྱུར་མི་འགྱུར་བསམ་པ་ཡོད་མེད་ལ་རག་ལས་པ་དེས་ན་ཐེག་ཆེན་ལམ་གྱི་རྩ་བ་དམ་པ་གསུམ་དང་ལྡན་པར་བྱ་བ་ཁོ་ན་སྟེ། ཀུན་ཆེན་ཆོས་རྗེས། ཁྱད་པར་ཐེག་ཆེན་དགེ་བ་རླབས་པོ་ཆེ། །སྦྱོར་བ་སེམས་བསྐྱེད་དངོས་གཞི་དམིགས་པ་མེད། །རྗེས་ལ་བསྔོ་བས་ཡོངས་སུ་ཟིན་པ་ནི། །ཐར་ལམ་བགྲོད་པའི་གཅེས་པ་རྣམ་གསུམ་ཡིན། །ཞེས་པ་ལྟར་ཟབ་རྒྱས་ཀྱིི་ལམ་ཐམས་ཅད་ཉམས་སུ་ལེན་ཚུལ་མན་ངག་གི་གཅེས་གནད་གཅིག་པུ་ཡོད་ན་དེས་ཆོག་མེད་ན་ཐབས་ཆགས་ཀྱི་མན་ངག་འདི་གསུམ་ཡིན་པས་དང་པོ་ནས་སྒྲུབ་ཚུལ་འདིའི་སྒོ་ནས་སྒྲུབ་པའི་གང་ཟག་ཐེག་ཆེན་པར་འགྱུར་དགོས་ཀྱི། སྒྲུབ་རྒྱུའི་ཆོས་ཐེག་ཆེན་གྱི་གཞུང་དང་ཆོ་ག་སོགས་ཡིན་པ་ཙམ་གྱིས་དེར་མི་འགྱུར་ལ། དེས་ན་ཆོས་འཆད་ཉན་མཚམས་བསྙེན་སྒྲུབ་ཆོ་ག་ཆོས་སྤྱོད་སོགས་གང་གི་དུས་སུའང་དམ་པ་གསུམ་གྱིས་ཟིན་པར་བྱས་ན། གང་སྒྲུབ་ཐམས་ཅད་ཐེག་ཆེན་ལམ་ལས་གཞན་དུ་འགྱུར་བ་མེད་དེ་འཁོར་ལོའི་མགོན་པོ་པདྨ་བི་ཛ་ཡས། ཐེག་ཆེན་ལམ་གྱི་རྩ་བ་དམ་པ་གསུམ། །འདི་ཡོད་ཅི་བྱེད་བྱང་ཆུབ་ལམ་དུ་འགྲོ། །འདི་མེད་ཡང་དག་ལམ་ལ་འགྲོ་མི་སྲིད། །བྱང་ཆུབ་སྤྱོད་པའི་གཞུང་ཤིང་འདི་ཁོ་ན། །ཞེས་གསུང་།

དེ་ལ་དང་པོ་དགེ་བ་ཐབས་ཀྱིས་ཟིན་པར་བྱེད་པ་སྦྱོར་བ་སེམས་བསྐྱེད་དམ་པ་ནི། འདི་ལྟར་ནམ་མཁས་གར་ཁྱབ་ཀྱི་སེམས་ཅན་ཐམས་ཅད་འཁོར་བར་འཕེན་བྱེད་ཀྱི་རྒྱུ་ལས་དང་ཉོན་མོངས་པ་དང་འབྲས་བུ་སྡུག་བསྔལ་ཀྱིས་ཁྱབ། དེ་ལྟ་བུའི་སེམས་ཅན་རྣམས་ཐོག་མ་མེད་པ་ནས་ད་ལྟའི་བར་དུ་རང་ཉིད་འཁོར་བར་འཁྱམས་པའི་དུས་སུ་ཕ་མ་མ་གྱུར་པ་ནི་གཅིག་ཀྱང་མེད། ཕ་མ་བྱས་པའི་དུས་སུ་ད་ལྟའི་ཕ་མ་བཞིན་དུ་བྱམས་བརྩེས་བསྐྱངས་བའི་དྲིན་ཅན་ཤ་སྟག་ཡིན། དེ་ཐམས་ཅད་ཀྱིས་བདེ་བ་འདོད་ཀྱང་རྒྱུ་དགེ་བ་ནི་སྒྲུབ་མི་ཤེས་སྡུག་བསྔལ་མི་འདོད་ཀྱང་རྒྱུ་མི་དགེ་བ་ནི་སྤང་མི་ཤེས་པར་བག་མེད་བྱུང་རྒྱལ་དུ་སྤྱོད་པས་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོར་བྱིང་ནས་ཐར་པའི་དུས་མེད་པ་འདི་རྣམས་ཁམས་གསུམ་འཁོར་བའི་ལས་སྣང་སྡུག་བསྔལ་བག་ཆགས་ཐམས་ཅད་དང་བྲལ་ཏེ་གཏན་གྱི་བདེ་བ་ཡོན་ཏན་ཀུན་གྱི་འབྱུང་གནས་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ལ་འགོད་པར་བྱ། དེའི་ཆེད་དུ་ལམ་ཟབ་མོ་སྔོན་འགྲོའི་རིམ་པ་འདི་ཉིད་ལེགས་པར་ཉན་ནས་ལེ་ལོ་སོས་དལ་ཕྱི་བཤོལ་རྣམ་གཡེང་སོགས་སུ་མ་སོང་བར་ཚུལ་བཞིན་ཉམས་སུ་ལེན་པར་བགྱིའོ་སྙམ་དུ་སེམས་བསྐྱེད་པར་བྱའོ། །དེ་ཡང་སྙིང་རྗེས་གཞན་དོན་ལ་དམིགས་ཏེ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སྙམ་པ་དང་། ཤེས་རབ་ཀྱིས་རྫོགས་བྱང་ལ་དམིགས་ཏེ་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ་སྙམ་པའི་དོན་གཉིས་སམ་ཟུར་གཉིས་པོ་མ་ཚང་ན་ཐེག་ཆེན་སེམས་བསྐྱེད་དུ་མི་འགྱུར་ལ། ཡང་ཟུར་གཉིས་པོ་ཚང་ཡང་དམ་བཅའ་མེད་ན་གྱུར་ཤོག་ལྟ་བུའི་འདུན་ཅིང་སྨོན་པ་ཙམ་གྱིས་མི་འོང་པར་གསུངས་སོ། །

གཉིས་པ་དགེ་བ་རྐྱེན་གྱིས་མི་བཤིག་པ་དངོས་གཞི་དམིགས་མེད་དམ་པ་ནི། འདི་ལྟར་དམིགས་བཅས་ཀྱི་དགེ་བ་གང་ཡིན་ཡང་དངོས་མཚན་ལ་མངོན་པར་ཞེན་པ་དང་བཅས་པ་ནི་སྲིད་ཞི་གང་རུང་གི་མཐར་ལྷུང་བའི་རྒྱུ་ཙམ་ལས་མེད་པས་གང་བསྒྲུབ་བྱའི་དགེ་བ་དང་། གང་གིས་སྒྲུབ་པ་པོ་རང་ཉིད་གང་གི་དོན་དུ་བསྒྲུབ་པའི་སེམས་ཅན་ཏེ་འཁོར་གསུམ་གྱིས་བསྡུས་པའི་ཆོས་ཐམས་ཅད་རྟེན་འབྱུང་ཙམ་དུ་སྣང་བ་མ་འགགས་པར་རྨི་ལམ་ལྟར་སྣང་ཡང་རང་གི་ངོ་བོ་ནི་གང་ཡང་འདི་ཞེས་དམིགས་པ་མེད་དེ་བརྟགས་ཤིང་དཔྱད་ན་སྐྱེ་འགག་གནས་གསུམ་དང་བྲལ་ཞིང་། ཕྱི་ནང་བར་གསུམ་གང་ནའང་མི་གནས་པའི་སྟོང་གཟུགས་ཉག་གཅིག་གི་རང་བཞིན་དུ་ཤེས་ནས་གང་ལའང་མ་ཞེན་བཞིན་གང་ཡང་མི་འགོག་པར་ཉམས་སུ་ལེན་ཤེས་ན་ཚོགས་གཉིས་ཟུང་འཇུག་གི་དགེ་བ་ཐེག་ཆེན་ལམ་གྱི་དངོས་གཞི་ཡང་དག་པ་ཡིན་ནོ། །

གསུམ་པ་དགེ་རྩ་མི་ཟད་ཅིང་གོང་འཕེལ་དུ་འགྲོ་བ་རྗེས་བསྔོ་བ་དམ་པ་ནི། ད་རེས་ཀྱིས་དགེ་བ་འདིས་མཚོན་པའི་དུས་གསུམ་དུ་བྱས་ཤིང་བསགས་པའི་དགེ་བའི་རྩ་བ་ཇི་སྙེད་ཡོད་པ་ཐམས་ཅད་བློས་གཅིག་ཏུ་བསྡོམས་ཏེ། སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ནས་སྔོན་གྱི་རྒྱལ་བ་སྲས་བཅས་ཀྱིས་ཇི་ལྟར་བསྔོས་པ་བཞིན་དུ་གཞན་རྫོགས་བྱང་ཐོབ་ཆེད་དུ་བསྔོས་ཏེ་འདུན་པ་དྲག་པོས་བཟང་སྤྱོད་སོགས་ཀྱི་ཚིག་ལ་བརྟེན་ནས་སྨོན་ལམ་བཏབ་ན་དགེ་རྩ་དེ་ཉིད་ཇི་ལྟར་འདོད་པ་དེའི་རྒྱུར་གྱུར་ནས་མི་ཟད་ཅིང་འཕེལ་བར་འགྱུར་ཏེ། ཇི་སྐད་དུ། བསྔོ་བ་མི་ཟད་ལམ་ཡིན་ཏེ། །སྤེལ་དང་བསྒྱུར་བའི་ཆོས་ཅན་ཡིན། །ཞེས་དང་། ཆོས་རྗེ་དཔལ་སྤྲུལ་རིན་པོ་ཆེས། དགེ་རྩ་ཆུང་ཡང་བསམ་གྱིས་མི་ཁྱབ་པར། །སྒྱུར་བའི་ཡོངས་བསྔོ་ཐམས་ཅད་མཁྱེན་པའི་བློས། །ཕལ་པའི་དགེ་ཆེན་ཉི་མས་མེ་ཁྱེར་བཞིན། །ཟིལ་གྱིས་མནོན་པ་མདོ་སྡེ་མཐོང་ལས་བྱུང་། །ཞེས་གསུངས་པ་ལྟར་རོ། །དེ་ལྟ་བུའི་ཆོས་སྒོ་བརྒྱད་ཁྲི་བཞི་སྟོང་གི་ཡང་སྙིང་། ཐོག་མཐའ་བར་གསུམ་གྱི་མན་ངག །ཐེག་པ་ཆེན་པོའི་ཁྱད་ཆོས། སྙིང་ནོར་རྣམ་པ་གསུམ་པོ་འདིས་དགེ་རྩ་གང་སྒྲུབ་ཟིན་པ་ཅི་ནས་གལ་ཆེ།

གཉིས་པ་ཐབས་རྒྱ་ཆེ་བ་གསང་བ་སྔགས་ཀྱི་ཀུན་སློང་ནི། ད་ལྟ་ཆོས་འཆད་པའི་གནས་ཁང་དང་སྟོན་འཁོར་སོགས་ཐ་མལ་གྱི་རྣམ་པ་འདི་ལྟ་བུ་མ་ཡིན་པར། གནས་ཕུན་སུམ་ཚོགས་པ་འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ཡེ་ཤེས་འོད་ལྔ་ལས་གྲུབ་པའི་གཞལ་ཡས་ཁང་བཀོད་པ་ཚད་མེད་པས་མངོན་པར་འཕགས་པར་སྟོན་པ་ཕུན་སུམ་ཚོགས་པ་སྐྱོན་ཀུན་ཟད་ཡོན་ཏན་ཀུན་རྫོགས། རིགས་ཀུན་གྱི་ཁྱབ་བདག་དཔལ་རྡོ་རྗེ་སེམས་དཔའ། འཁོར་ཕུན་སུམ་ཚོགས་པ་རྡོ་རྗེ་རིགས་ཀྱི་སེམས་དཔའ་དང་སེམས་མ་ལྷ་དང་ལྷ་མོའི་རང་བཞིན། དུས་ཕུན་སུམ་ཚོགས་པ་རྟག་པ་རྒྱུན་གྱི་འཁོར་ལོར། ཆོས་ཕུན་སུམ་ཚོགས་པ་ཐེག་མཆོག་བླ་ན་མེད་པ་སྒྲ་ཚིག་བྱ་རྩོལ་ལས་འདས་པའི་གཞོམ་མེད་ནཱ་དའི་སྒྲ་དབྱངས་གྲགས་སྟོང་སྐྱེ་མེད་སྒྲོག་པས་སྲིད་ཞིའི་རྒུད་པ་མཐའ་དག་སེལ་བའི་སྒྲ་ལྷང་ལྷང་དུ་ཡོད་སྙམ་པ་སྟེ། དེ་ཐམས་ཅད་ཀྱང་མིན་པ་ལ་ཡིན་པར་གསལ་གདབ་པ་ལྟ་བུ་མ་ཡིན་པར་ཡེ་ནས་ཡིན་པ་ལ་ཡིན་པར་ཤེས་པའི་བློ་བཞག་པ་ཙམ་སྟེ། གསང་སྙིང་ལས། སངས་རྒྱས་ཉིད་ལས་གཞན་པའི་ཆོས། །སངས་རྒྱས་ཉིད་ཀྱིས་མི་བརྙེས་སོ། །ཞེས་གསུང་། ཁྱད་པར་དུའང་། བླ་མ་ནི་སངས་རྒྱས་ཐམས་ཅད་འདུས་པའི་བདག་ཉིད་འདས་པའི་སངས་རྒྱས་རྣམས་ཀྱི་སྤྲུལ་པ། མ་འོངས་པའི་སངས་རྒྱས་རྣམས་ཀྱི་འབྱུང་ཁུང་། ད་ལྟའི་སངས་རྒྱས་རྣམས་ཀྱི་རྒྱལ་ཚབ། སྐལ་བཟང་སངས་རྒྱས་སྟོང་གིས་མ་ཐུལ་བའི་རང་རེ་རྨུ་རྒོད་རྣམས་རྗེས་སུ་འཛིན་པའི་ཕྱིར། ཡོན་ཏན་སངས་རྒྱས་དང་མཉམ་ཡང་བཀའ་དྲིན་སངས་རྒྱས་ལས་ཀྱང་ལྷག་སྟེ། ནམ་མཁའ་དྲི་མ་མེད་པའི་མདོ་ལས། ཀུན་དགའ་བོ། དེ་བཞིན་གཤེགས་པ་ནི་སེམས་ཅན་ཐམས་ཅད་ལ་སྣང་བ་མ་ཡིན་གྱི། དགེ་བའི་བཤེས་གཉེན་ནི་སྣང་བས་ཆོས་སྟོན་ཞིང་ཐར་པའི་ས་བོན་འདེབས་པའི་ཕྱིར། དེ་བཞིན་གཤེགས་པ་ལས་དགེ་བའི་བཤེས་གཉེན་ལྷག་པར་ཟུངས་ཤིག་ཅེས་གསུང་། ཆོས་ཉན་པའི་འཁོར་རྣམས་ཀྱང་གཞི་བདེ་གཤེགས་སྙིང་པོ། རྟེན་མི་ལུས་རིན་ཆེན། རྐྱེན་དགེ་བའི་བཤེས་གཉེན། ཐབས་དེའི་གདམས་ངག་གིས་ཟིན་པས་མ་འོངས་པ་ན་སངས་རྒྱས་པ་ཡིན་ལ། སྤྱིར་ཡང་སྐྱེས་བུ་དམ་པ་དང་ནང་གི་རྣལ་འབྱོར་ལ་གནས་པ་གང་ན་སུ་ཡོད་མི་ཤེས། རྫོགས་པའི་སངས་རྒྱས་ཀྱིས་ང་དང་ང་འདྲ་བ་མ་གཏོགས་གང་ཟག་གི་ཚོད་གང་ཟག་གིས་མི་བཟུང་བར་གསུངས་པས། སུ་ཡིན་ལ་ངན་སྨྲས་སྐུར་འདེབས་མི་བྱ། གལ་ཏེ་བྱས་ན་རང་གི་ཡོན་ཏན་ཕྱགས་མས་འདེབས། གཞན་སྐྱོན་བརྟགས་པ་དེས་རང་ཕུང་པ་ཆོས་ཉིད་ཡིན་པས་རང་སྐྱོན་འབའ་ཞིག་རྟོག་པ་གལ་ཆེ། ད་ལྟ་མངོན་སུམ་དུའང་བླ་མ་ལ་དད་པ་མེད་ཅིང་ཆོས་ལ་དག་སྣང་མེད་པ་ཀུན་ལ། མི་འདོད་པ་དུ་མ་ཐོག་ཏུ་འབབ། གཞན་གྱིས་ཀྱང་དགྲར་མཐོང་འཆི་རྐྱེན་མི་མཚམས་པ་དང་འཆི་རྟགས་ངན་པ་འབྱུང་། ཀུན་ཀྱིས་སྐུར་འདེབས་ཀྱི་ཡུལ་དུ་གྱུར་པ་དང་། བླ་མ་གུས་པས་བསྟེན་ཞིང་གཞན་ལ་དག་སྣང་ཆེ་བ་ཀུན་ལ་བདེ་སྐྱིད་སྙན་གྲགས་རང་ཤུགས་ཀྱིས་འབྱུང་། ཐམས་ཅད་ཀྱིས་བསྟོད་བཀུར་བརྩི་སྣང་བྱེད། འཆི་རྐྱེན་བཟང་ཞིང་རྟགས་ལེགས་པ་སོགས་ནི་མཐོང་ཞིང་ཐོས་པ་འདི་ལགས། དེས་ན་དུས་དང་རྣམ་པ་ཀུན་ཏུ་གཞན་གྱི་སྐྱོན་མི་བརྟག་པར་ཡོན་ཏན་གྱི་ཆ་ཅི་ཡོད་ལ་བསམ་ཞིང་དག་སྣང་སྦྱང་བ་འདི་ཅི་ནས་གལ་ཆེ། གཉིས་པ་ཀུན་སྤྱོད་ཀྱི་རིམ་པ་ནི། སྤྱིར་བདག་ཅག་གི་སྟོན་པ་ཐུགས་རྗེ་ཅན་གྱི་རྗེས་སུ་འཇུག་པ་ཡིན་ཟེར་ནས་གོས་སྣེ་གསུམ་ལུས་ལ་བགོས་པ་ཞིག་ཡིན་ཕྱིན་ཆད་ཁྱིམ་གྱི་མགོ་འཛིན་དང་། བཤས་ཉོ་བཤས་ཚོང་། དགྲ་འདུལ་གཉེན་སྐྱོང་། གྱོད་ནོག་མཁོན། ཚོང་སོ་ནམ། དཀོར་ཁ་གྲོང་ཆོག་སོགས་བྱེད་པ་འདི་ནི་བསྟན་པའི་བླ་བཙོང་དཀོན་མཆོག་གི་རྐང་འདྲེན། རང་གཞན་དམྱལ་བར་འཕེན་པར་ངེས་ལ། དེར་མ་ཟད་དང་པོ་ཆོས་སྒྲུབ་འདོད་ཀྱིས་མན་ངག་རེ་ཟུང་རེ་ཞུས། སྒྲུབ་པ་ཉམས་ལེན་ཅུང་ཟད་རེ་བགྱིས་ཏེ་སྐྱོན་མེད་ལྟ་བུ་གྱུར་ཀྱང་། ཚེ་འདི་བློས་མ་ཐོང་དཀོར་ཁ་གྲོང་ཆོག་སོགས་ལ་གཡེང་ནས་མཐར་ལོ་ཏོག་སད་ཀྱིས་ཁྱེར་བ་བཞིན་འཆི་ཁ་ཆོས་མེད་སྟོང་ལོག་ལ་འགྲོ་དགོས་ཐུག་པ་འབྱུང་ལ། དེ་བས་ཕ་དམ་པས། བྱ་བ་འཚགས་ནས་ཆོས་ལ་བྱེད་དུས་མེད། །དྲན་པའི་ཚེ་ན་རྒྱུགས་ཤིག་དིང་རི་བ། །ཞེས་དང་། གཏེར་ཆེན་བླ་མས། ནོར་ལོངས་སྤྱོད་གསོག་སྤེལ་མཁས་པ་དག །རང་སྤྱོད་དབང་མེད་པར་གཞན་གྱིས་འཕྲོག །འཁོར་བུ་རྟ་མང་ཡང་ངམ་གྲོག་ཐང་། །གྲོགས་གཅེས་པས་བོར་ནས་འགྲོ་བ་མཐོང་། །ཡང་སྲིད་པའི་འཕྲུལ་འཁོར་བདེ་བ་རུ། །སེམས་ཞེན་པའི་ཁྲི་བ་རྦད་ཀྱིས་ཆོད། །ཅེས་གསུང་པ་ལྟར། བློ་ཕ་ལ་མི་འདྲི། གྲོས་མ་ལ་མི་བྱེད། སྣ་ཐག་རང་མགོར་དཀྲིས་ཏེ་རང་ཐག་རང་གིས་རྦད་ཀྱིས་གཅད་དོ། །ཨོ་རྒྱན་ཆེན་པོས། ལོང་གཏམ་ཀུ་རེ་བཞད་གད་གསུམ། །སྒོམ་པའི་བར་ཆད་ཡིན་པས་སྤོངས། །གཉེན་དང་གྲོགས་པོ་སློབ་མ་གསུམ། །ཆོས་བརྒྱད་རྟོད་ཕུར་ཡིན་པས་སྤོངས། །རྫས་དང་འདུ་འཛི་ནོར་རྫས་གསུམ། །ཆོས་ཀྱི་གཡེང་བ་ཡིན་པས་སྤོངས། །གཉིད་དང་སྙོམས་ལས་ལེ་ལོ་གསུམ། །ཆོས་བྱེད་དགྲ་ཆེན་ཡིན་པས་སྤོངས། །ཞེས་དང་། རྗེ་བཙུན་གྲགས་རྒྱལ་གྱིས། ཚེ་འདི་ལ་ཞེན་པའི་ཚུལ་ཁྲིམས་དེ། །ཆོས་བརྒྱད་སྒྲུབ་པའི་རྩ་བ་ཅན། །ཚུལ་ཁྲིམས་ངན་ལ་གཤེ་བ་ཅན། །ཚུལ་ཁྲིམས་ལྡན་ལ་ཕྲག་དོག་ཅན། །རང་གི་ཚུལ་ཁྲིམས་ངོ་ཕག་ཅན། །བཅོས་མའི་ཚུལ་ཁྲིམས་བཤོལ་ལ་ཞོག །ཅེས་དང་། དབེན་པ་བསྡད་ཀྱང་འདུ་འཛི་ཅན། །ལོང་གཏམ་སྨྲ་བའི་ཁ་ཏོན་ཅན། །ཐོས་བསམ་བྱེད་ལ་སྐུར་བ་ཅན། །སྒོམ་པ་གཞན་ལ་ཕྲག་དོག་ཅན། །རང་གི་སྒོམ་པ་རྣམ་གཡེང་ཅན། །ཆོས་བརྒྱད་ཀྱི་བསམ་གཏན་བཤོལ་ལ་ཞོག །ཅེས་དང་། ཀུན་མཁྱེན་ཆོས་རྗེས། འཇིག་རྟེན་བྱ་བ་ཤི་ཤིར་ཟིན་དུས་མེད། །ནམ་བཞག་དུས་ན་ཟིན་པ་ཆོས་ཉིད་ཡིན། །ཞེས་གསུངས་པ་ལྟར་འདིར་སྣང་བྱ་བཞག་གང་ལའང་བློ་རྩེ་མི་གཏོད་པར། ཕ་ཡུལ་རྒྱབ་ཏུ་བསྐྱུར། མི་ཡུལ་དང་དུ་བླངས། གནས་བྲག་རྩ་རུ་བསྡད། གྲོགས་རི་དྭགས་དང་འགྲོགས། བབས་ལུས་སེམས་ལ་བསྐུར། གྱོང་ལྟོ་གོས་གཏམ་གསུམ་ལ་གཏད་དེ་ཆོས་པའི་ཕུག་ནོར་བཅུ་ཞེས་གྲགས་པ་ཆོས་རྗེ་རྒྱ་རས་ཀྱིས། ཅི་ཡོངས་པ་ཤོག །གང་ལྟར་འགྲོ་བ་སོང་། ཅིས་ཀྱང་དགོས་པ་མེད་ཅེས་དྲག་སྔགས་གསུམ་དང་། མི་གྲལ་ནས་བུད། ཁྱི་གྲལ་དུ་བསྙེགས། ལྷ་གྲལ་ཉིད་ཐོབ་ཅེས་བུད་བསྙེགས་ཐོབ་གསུམ་དང་། བློ་ཕུག་ཆོས་ལ་གཏད། ཆོས་ཕུག་སྤྲང་ལ་གཏད། སྤྲང་ཕུག་ཤི་ལ་གཏད། ཤི་ཕུག་གྲོག་སྟོང་ལ་གཏད་ཅེས་གཏད་ས་བཞི་དང་། ཐེབས་མེད་རྡོ་རྗེ་སྔོན་ལ་བཏང་། །ཁྲེལ་མེད་རྡོ་རྗེ་རྗེས་ལ་བཞག །ཡེ་ཤེས་རྡོ་རྗེ་རང་དང་འགྲོགས། །ཞེས་རྡོ་རྗེ་གསུམ་བཅས་བསྩལ་བ་བཞིན་དུ་བྱ་དགོས། རྗེ་བཙུན་ཆེན་པོས། མི་མེད་ལུང་པའི་བྲག་ཕུག་ན། །སྐྱོ་ཆད་དེ་བ་ལ་སངས་དུས་མེད། །བླ་མ་དུས་གསུམ་སངས་རྒྱས་ལ། །ཡིད་དུང་ངེ་བ་ལ་འབྲལ་བ་མེད། །ཅེས་དང་། ཇི་སྐད་དུ། རི་ཁྲོད་དབེན་པའི་གནས་མཆོག་ན། །རྟག་ཏུ་ཆོས་ལ་བསམ་པའི་ཕྱིར། །སྤྱོད་ལམ་ཐམས་ཅད་དགེ་བ་ཡིན། །ཞེས་དང་། ཡིད་སྐྱོ་བའི་གནས་སུ་བསམ་གཏན་འཁོར། །ཞེས་གསུང་པ་ལྟར། སྔོན་གྱི་རྒྱལ་བ་སྲས་བཅས་ཀྱིས་ཞི་བ་བརྙེས་ཤིང་བསྔགས་པའི་གནས་མཆོག་མི་མེད་དབེན་པའི་རི་སུལ་ཁོ་ནར་མི་ཚེ་ཧྲིལ་པོར་རྩེ་གཅིག་ཏུ་སྒྲུབ་པའི་རྒྱལ་མཚན་འཛིན་ཅིང་རྣམ་ཀུན་དྲན་ཤེས་བག་ཡོད་དང་ལྡན་པས་དལ་འབྱོར་ཆུད་ཟོས་ཅུང་ཟད་མ་སོང་བར་བྱ།

ཆོས་ཉན་པའི་ཀུན་སྤྱོད་ལའང་སྤང་བླང་གཉིས། དང་པོ་སྣོད་ཀྱི་སྐྱོན་གསུམ། དྲི་མ་དྲུག །མི་འཛིན་པ་ལྔ་སྟེ་གསུམ། དང་པོ་སྣོད་ཀྱི་སྐྱོན་གསུམ་ནི། རྣ་བ་མི་གཏད་ཁ་སྦུབ་ལྟ་བུའི་སྐྱོན། །ཡིད་ལ་མི་འཛིན་ཞབས་རྡོལ་ལྟ་བུའི་སྐྱོན། །ཉོན་མོངས་དང་འདྲེས་དུག་ཅན་ལྟ་བུའི་སྐྱོན། །ཞེས་པ་ལྟར་དང་པོ་ཆོས་ཉན་པའི་དུས་རང་གི་རྣ་བའི་ཤེས་པ་དེ་ཉིད་གཞན་དུ་མ་ཡེངས་པར་ཆོས་ཀྱི་སྒྲ་ལ་གཏད་དེ་ཉན་དགོས། དེ་ལྟར་མ་ཉན་ན་ལུས་ཆོས་གྲལ་ཡོད་ཀྱང་སེམས་ཆོས་གྲལ་དུ་མེད་པས་ཆོས་མ་ཐོས་པ་དང་ཁྱད་མེད། དེས་ན་སྣོད་ཁ་སྦུབས་སྟེང་བཅུད་ཇི་ཙམ་བླུགས་ཀྱང་མི་ཆགས་པ་དང་འདྲ། གཉིས་པ། ཐོས་པ་དེ་ལ་དོན་གཉེར་དང་ལྡན་པས་ཚིག་དོན་འཛིན་དགོས་ཀྱི། མ་བཟུང་ན་ཆོས་ཇི་ཙམ་ཉན་ཀྱང་སྐྱེད་འདོན་རྒྱུ་མེད་ཅིང་གདམས་པ་རྒྱུད་ཐོག་ཏུ་བཀལ་ནས་ཉམས་སུ་ལེན་མི་ཤེས་པས་སྣོད་ཞབས་རྡོལ་དུ་བཅུད་ཅི་ཙམ་བླུགས་ཀྱང་མི་གནས་པ་དང་འདྲ། གསུམ་པ། ཀུན་སློང་རྙེད་བཀུར་གྲགས་པ་སོགས་ཉོན་མོངས་པ་དང་མ་འདྲེས་པར་ཡང་དག་པའི་འདུ་ཤེས་དང་ལྡན་པས་ཉན་དགོས་ཀྱི། ཉོན་མོངས་དེ་དག་དང་འདྲེས་བཞིན་ཉན་ན་ཆོས་ཀྱིས་རང་རྒྱུད་ལ་མི་ཕན་བར་ཆོས་ཀྱང་ཆོས་མིན་དུ་འགྲོ་བས་དུག་ཅན་གྱི་སྣོད་དུ་བཅུད་བཟང་པོ་བླུགས་པ་དང་འདྲ་བའི་སྐྱོན་ཡོད་ལ། དེས་ན་བདག་ཅག་གི་སྟོན་པས་ཀྱང་། ཀུན་དགའ་བོ་ལ། ཁྱོད་ཀྱིས་ལེགས་པར་ཉོན་ལ་ཡིད་ཟུངས་ཤིག་དང་། ངས་ཁྱོད་ལ་ལེགས་པར་བཤད་དོ། །ཞེས་ཀུན་སློང་ཉོན་མོངས་དང་མ་འདྲེས་པར་ཚིག་རྣ་བས་ཉོན། དོན་ཡིད་ལ་ཟུངས་ཤིག་དང་ཁྱོད་ལ་བཤད་དོ། །ཞེས་གསུངས་པ་ལས། ཀུན་སློང་ངན་པ་དང་རྣ་བ་མི་གཏད་པ་དང་ཡིད་ལ་མི་འཛིན་པར་བཤད་དོ་ཞེས་མ་གསུངས་པས། བསམ་པ་བྱང་ཆུབ་སེམས་དང་མ་བྲལ་པས་ཚིག་རྣ་བས་ཉན་དོན་ཡིད་ལ་བཟུང་སྟེ་ཉན་དགོས་སོ། །

གཉིས་པ་དྲི་མ་དྲུག་ནི། རྣམ་བཤད་རིགས་པ་ལས། ང་རྒྱལ་དང་ནི་མ་དད་དང་། །དོན་དུ་གཉེར་བ་མེད་ཉིད་དང་། །ཕྱི་རོལ་རྣམ་གཡེང་ནང་དུ་སྡུད། །སྐྱོ་བས་ཉན་པའི་དྲི་མ་དྲུག །ཅེས་པ་ལྟར། ཆོས་འཆད་པའི་བླ་མ་ལས་ལུགས་གཉིས་གང་ཐད་ནས་ང་ལྷག་སྙམ་པའི་ང་རྒྱལ། ཆོས་དང་བླ་མ་ལ་མ་དད་པ། ཆོས་ལ་དོན་གཉེར་མེད་པ། སེམས་ཕྱི་རོལ་གྱི་ཡུལ་ལ་རྣམ་པར་གཡེང་བ། ཧ་ཅང་དབང་པོ་སྒོ་ལྔ་ནང་དུ་སྡུད་ཆེས་པ། ཆོས་ཐུན་རིང་དྲག་པ་སོགས་ཀྱིས་སྐྱོ་བ་སྟེ་དྲི་མ་དྲུག་སྤངས་དགོས། ཁྱད་པར་ཐོས་བསམ་ཅུང་ཟད་རེ་བྱས་པས་རྟོག་གེ་བར་གྱུར་ཏེ། བླ་མས་མན་ངག་གི་གནད་གསང་ཇི་འདྲ་ཞིག་བསྟན་ཀྱང་། འདི་ཚོ་ངས་ཤེས་འདི་ལས་ལྷག་ཅིག་ཀྱང་ཤེས་སྙམས་ནས་བླ་མའི་གསུང་ལ་ནོར་འཁྲུལ་གྱི་སྐྱོན་འདོགས། རང་རྒྱུད་ང་རྒྱལ་གྱིས་སྦོས། བཤད་ཚད་འགལ་འདུར་སོང་བའི་གང་ཟག་པས་བླུན་པོ་སྡིག་ཅན་དད་པ་ཅན་ཞིག་དགའ་སྟེ། སྡིག་ཅན་ཆོས་ཀྱིས་ཐུལ་ཡང་། ཆོས་དྲེད་ཆོས་ཀྱིས་མི་ཐུལ་ཟེར་བ་ལྟར་ཡིན་ལ། སྤྱིར་ཡང་ཉོན་མོངས་པ་རྣམས་ལས། ང་རྒྱལ་ཕྲག་དོག་གཉིས་པོ་འདི་ངོས་ཟིན་དཀའ་བས་རང་རྒྱུད་ལ་ཞིབ་བརྟགས་ཀྱིས་ཆོས་དང་འཇིག་རྟེན་ཕྲན་བུ་ལ་ཆེད་དུ་འཛིན་ན་རང་སྐྱོན་མི་མཐོང་ཞིང་གཞན་གྱི་ཡོན་ཏན་མི་ཤེས་པས། ང་རྒྱལ་སྤང་ནས་དམན་པའི་ས་འཛིན། དད་པ་མེད་ན་ཆོས་ཀྱི་འཇུག་སྒོ་འགགས་པ་ཡིན་པས་མི་ལྡོག་པའི་དད་པ་འཆང་། ཆོས་ལ་དོན་གཉེར་བྱེད་པ་ནི་ཡོན་ཏན་གྱི་རྟེན་གཞི་ཡིན་པས་དོན་གཉེར་རབ་འབྲིང་ཐ་གསུམ་བཞིན་ཆོས་པ་ཡང་རབ་འབྲིང་ཐ་གསུམ་འོང་བར་གསུངས་པས་དོན་གཉེར་ཆེན་པོས་དཀའ་ཚེགས་ཁྱད་དུ་བསད། ཕྱི་ཚོགས་དྲུག་གི་ཡུལ་ལ་གཡེང་བས་འཁོར་བའི་འཁྲུལ་སྣང་ཐམས་ཅད་ཀྱི་རྩ་བ་སྡུག་བསྔལ་ཐམས་ཅད་ཀྱི་འབྱུང་ཁུང་ཡིན་པས་གཡེང་བ་སྤངས་ཏེ་དྲན་ཤེས་བག་ཡོད་དང་ལྡན་པར་བྱ། ཧ་ཅང་ནང་དུ་སྡུད་ཆེ་ན་གཉིད་རྨུགས་སོགས་སུ་འགྲོ་ལ། ཆོས་ཀྱི་ཚིག་དོན་རེ་རེ་ནས་སྦར་ཟིན་བྱས་ཀྱང་ཟིན་དུས་མེད་པས་གྲིམ་ལྷོད་རན་པར་བྱས་ཏེ་དབང་པོ་བག་ཡངས་སུ་བཞག །ཆོས་ཐུན་རིང་དྲག་པས་ཚ་གྲང་ལྟོག་སྐོམ་ནད་ཀྱིས་གདུང་བ་ལྟ་བུས་སེམས་སྐྱོ་སྟེ་ཆོས་ཉན་མི་མོས་པ་སྤངས་ཏེ་ཚེ་གང་དུས་བརྒྱའི་ཟ་མ་ལན་གཅིག་ཡིན་པས་ཆོས་ཕྱིར་དཀའ་ཚེགས་ངལ་དུབ་ཇི་ལྟར་བྱུང་ཡང་བཟོད་པར་བྱ་སྙམ་ནས་སྤྲོ་བ་བསྐྱེད་དེ་ཉན།

གསུམ་པ་མི་འཛིན་པ་ལྔ་ནི། ཚིག་འཛིན་ལ་དོན་མི་འཛིན་པ། དོན་འཛིན་ལ་ཚིག་མི་འཛིན་པ། བརྡའ་མ་འཕྲོད་པར་འཛིན་པ། གོང་འོག་ནོར་ནས་འཛིན་པ། ལོག་པར་འཛིན་པ་དང་ལྔ་སྤངས་དགོས། དེ་ཡང་ཚིག་སྙན་སྙན་ལེགས་ལེགས་རེ་བྱུང་ན་ཆེད་འཛིན་གྱིས་དོན་ཟབ་མོར་རྟོག་དཔྱོད་མི་འཇུག་ན་ཚིག་གིས་ཤུན་པས་སེམས་ལ་ཕན་མི་ཐོགས། བཤད་པ་ནི་ཚིག་གི་རོ་ཡིན་པས་ཅི་བྱ་སྙམ་ནས། ཁྱད་བསད་ཀྱིས་དོན་ཟབ་མོར་སྦར་ཟིན་བྱས་ཀྱང་ཚིག་ལ་མ་བསྟེན་པར་དོན་མི་འབྱུང་བས་ཚིག་དོན་ཡ་མ་བྲལ། དྲང་ངེས་ལྡེམ་དགོངས་ཀྱི་གསུང་སྣ་ཚོགས་པ་བརྡའ་མ་འཕྲོད་པར་བཟུང་ན་ཚིག་དོན་འཛོལ་ནས་ཡང་དག་པའི་ཆོས་དང་རྒྱབ་འགལ། གོང་འོག་ནོར་ནས་འཛིན་ན་བསྟན་པའི་བབས་དང་འགལ་ཏེ་འཆད་ཉན་སྒོམ་པ་གང་གི་དུས་སུ་ཡང་འགལ་བ་འདུ། དོན་ལོག་པར་བཟུང་ན་ལོག་རྟོག་རྒྱུན་འབྱམས་ཏེ་རང་རྒྱུད་ཆུད་ཟོས་སུ་འགྱུར་ཞིང་། བསྟན་པའི་ཞབས་འདྲེན་པ་ཡིན་པས་དེ་དག་སྤངས་ཏེ་གོང་འོག་གི་བབས་འབྲེལ་སོགས་མ་ནོར་བ་ཡང་དག་པའི་ལམ་ནས་འཛིན། གང་དཀའ་དང་མང་བ་མི་ཟིན་སྙམ་དུ་སྒྱིད་མི་ལུག་པར་སྙིང་རུས་ཀྱིས་འཛིན། གང་སླ་དང་ཉུང་པ་སླ་ཆོས་ཀྱིས་བརྙས་བཅོས་མི་བྱེད་པར་མི་བརྗེད་པར་འཛིན། གོང་འོག་གི་བབས་འབྲེལ་མ་ནོར་བར་ཚིག་དོན་ཐམས་ཅད་ཡང་དག་པར་འཛིན་དགོས་པ་ཡིན་ནོ། །

གཉིས་པ་བླང་བྱའི་ཀུན་སྤྱོད་ལ། འདུ་ཤེས་བཞི་བརྟེན་པ། ཕར་ཕྱིན་དྲུག་དང་ལྡན་པ། སྤྱོད་ལམ་གཞན་བརྟེན་པ་དང་གསུམ། དང་པོ་ནི། སྡོང་པོ་བཀོད་པ་ལས། རིགས་ཀྱི་བུ་ཁྱོད་ཀྱིས་བདག་ཉིད་ལ་ནད་པའི་འདུ་ཤེས་བསྐྱེད་པར་བྱའོ། །ཆོས་ལ་སྨན་གྱི་འདུ་ཤེས་བསྐྱེད་པར་བྱའོ། །དགེ་བའི་བཤེས་གཉེན་ལ་སྨན་པ་མཁས་པའི་འདུ་ཤེས་བསྐྱེད་པར་བྱའོ། །ནན་ཏན་ཉམས་སུ་ལེན་པ་ལ་ནད་ཉེ་བར་འཚོ་བའི་འདུ་ཤེས་བསྐྱེད་པར་བྱའོ། །ཞེས་གསུངས་པ་ལྟར། རང་ཐོག་མེད་ནས་ཉོན་མོངས་པའི་གཞན་དབང་དུ་གྱུར་ཏེ་སྡུག་བསྔལ་གྱི་མནར་བའི་ནད་པ་འདི་ལ་རང་བློ་དང་འཚམས་པའི་གདམས་ངག་ནད་བརྒྱ་སྨན་གཅིག་བླ་མ་སྨན་པ་མཁས་པས་ཇི་ལྟར་བསྟན་པ་ཉིད་བརྩོན་འགྲུས་དྲག་པོས་ཉམས་སུ་བླངས་ཏེ་ཉིན་རེ་བཞིན་ཉོན་མོངས་པའི་ནད་རྣམས་ཇེ་ཞིར་འགྲོ་བ་ཞིག་བྱའོ་སྙམ་པའི་ཡང་དག་པའི་འདུ་ཤེས་བཞི་བརྟེན་ཅིང་དེའི་མི་མཐུན་ཕྱོགས་སྤང་བྱ། བླ་མ་ལ་གླ་བའི་འདུ་ཤེས། ཆོས་ལ་གླ་རྩིའི་འདུ་ཤེས། རང་ལ་རྔོན་པའི་འདུ་ཤེས། ནན་ཏན་ཉམས་སུ་ལེན་པ་ལ་མདའ་འམ་སྙིས་གླ་བ་གསོད་ཐབས་ཀྱི་འདུ་ཤེས་བཞག་སྟེ་ཆོས་ཉམས་སུ་མི་ལེན་ཞིང་བླ་མའི་མདུན་ནས་ཆོས་ཤིག་ཐོབ་ནས་རྙེད་པ་དང་གྲགས་པ་ཨེ་ཡོང་གི་རེ་བ་ལས། དམ་ཚིག་ལ་མི་བསམ། བླ་མའི་བཀའ་དྲིན་དུ་མི་བརྩི། མན་ངག་ཟོང་དུ་འཚོང་བའི་གང་ཟག་དེས་ནི་བླ་མའི་སྐུ་ཚེ་མཛད་འཕྲིན་ལ་གནོད་ཅིང་། རང་ཉིད་ཀྱང་ངན་སོང་གི་གཏིང་རྡོ་བྱེད་པ་ཡིན་ནོ། །

གཉིས་པ་ཕ་རོལ་ཏུ་ཕྱིན་པ་དྲུག་དང་ལྡན་པར་བྱ་བ་ནི། དེ་ཡང་འཆད་པ་པོས། རྙེད་བསྟོད་སྙན་གྲགས་ཀྱི་རེ་བ་མེད་པར་བསྟན་འགྲོར་སྨན་དུ་རེ་ནས་འཆད་པ་སྦྱིན་པ། གཞན་ལ་ཟུར་ཟ་སོགས་མེད་པ་ཚུལ་ཁྲིམས། ཡང་ཡང་དྲིས་པ་ལ་མི་ཁྲོ་བ་བཟོད་པ། ཉིན་མཚན་ཀུན་ཏུ་ཆོས་བཤད་ན་མི་སྐྱོ་བར་བརྩོན་འགྲུས། ཚིག་དོན་ལ་སེམས་གཏད་པ་བསམ་གཏན། འཁོར་གསུམ་དག་པ་དང་སློབ་མ་ལ་ཐོས་བསམ་བསྐྱེད་པ་ཤེས་རབ་ཡིན་ལ། ཉན་པ་པོས་ཀྱང་། ཆོས་སྤྱོད་ཐམས་ཅད་ཀྱི་མན་ངག་མངོན་པར་རྟོགས་པའི་རྒྱུད་ལས། མེ་ཏོག་སྟན་སོགས་རབ་འབུལ་ཞིང་། །ས་ཕྱོགས་སྤྱོད་ལམ་སྡོམ་པ་དང་། །སྲོག་ཆགས་ཀུན་ལ་འཚེ་མི་བྱ། །བླ་མ་ལ་ནི་ཡང་དག་དད། །མ་ཡེངས་བླ་མའི་གདམས་ངག་ཉན། །དོགས་སེལ་བྱུང་ན་སྐྱོན་ཚིག་དྲི། །སྒྲོལ་མ་ཡན་ལག་དྲུག་དང་ལྡན། །ཞེས་པ་ལྟར། ཆོས་ཀྱི་ཁྲི་བཤམས་ཤིང་སྟན་འདིང་བ་དང་མཎྜལ་དང་མེ་ཏོག་ཕུལ་བ་སོགས་སྦྱིན་པ། གནས་ཁང་ཕྱགས་དར་ཆག་ཆག་སོགས་བྱ་ཞིང་རང་གི་སྤྱོད་ལམ་མ་གུས་པ་སོགས་སྡོམ་པ་ཚུལ་ཁྲིམས། སྲོག་ཆགས་ཕྲ་མོ་ཚུན་ཆད་ལ་གནོད་འཚེ་མི་བྱེད་ཅིང་དཀའ་ཚེགས་ངལ་དུབ་ཐམས་ཅད་ཁྱད་དུ་བསད་པ་བཟོད་པ། བླ་མ་དང་ཆོས་ལ་ལོག་ལྟ་སྤངས་ནས་སྤྲོ་བཞིན་ཉན་པ་བརྩོན་འགྲུས། གདམས་ངག་ལས་ཡིད་གཞན་དུ་མི་ཡེངས་པ་བསམ་གཏན། དོགས་སེལ་སོགས་དྲི་ཞིང་སྒྲོ་འདོགས་གཅོད་པ་ཤེས་རབ་སྟེ། སྒྲོལ་མ་ཡན་ལག་དྲུག་ཅེས་ཉན་པ་པོ་ཕྱིན་དྲུག་དང་ལྡན་པར་བྱའོ། །

གསུམ་པ་སྤྱོད་ལམ་གཞན་བསྟེན་པ་ནི། འདུལ་བ་ལུང་ལས། མ་གུས་པ་ལ་ཆོས་མི་བཤད། །མི་ན་བཞིན་དུ་མགོ་གཡོགས་དང་། །གདུགས་དང་མཁར་བ་མཚོན་ཐོགས་དང་། །མགོ་བོ་དཀྲིས་པ་དག་ལ་མིན། །ཞེས་དང་། ཀུན་ཏུ་བཟང་པོའི་རྒྱུད་ལས། བདེ་བའི་ས་ལ་སྐྱིལ་ཀྲུང་བཅའ། །ས་གཅིག་དག་ལས་གནས་མི་སྤོ། །ཞྭ་མོ་ཡོད་ན་མདུན་དུ་བཞག །སྐྲ་ལོ་ཡོད་ན་མདུན་དུ་ཕབ། །ཅེས་དང་། མ་གནང་ཁྲི་དང་སྟན་སྟེགས་སྤོང་། །མི་ན་བ་ལ་མགོ་གཡོགས་དང་། །དགྲ་མེད་པ་ལ་མཚོན་ཐོགས་དང་། །མ་རྒས་པ་ལ་དབྱུག་ཐོགས་དང་། །ཚུལ་དང་མི་མཐུན་ཐམས་ཅད་སྤངས། །ཞེས་དང་། སྐྱེས་རབས་ལས། རབ་ཏུ་དམའ་བའི་ས་ལ་འདུག །དུལ་བའི་དཔལ་ནི་རྣམ་པར་བསྐྱེད། །དགའ་དང་ལྡན་པའི་མིག་གིས་བལྟ། །ཚིག་ནི་བདུད་རྩི་འཐུང་བ་བཞིན། །རབ་ཏུ་བསྒྲིམས་ཏེ་ཆོས་ཉོན་ཅིག །ཅེས་གསུང་པ་ལྟར་མ་གུས་པའི་སྤྱོད་ལམ་ཐམས་ཅད་སྤང་བར་བྱའོ། །དེ་ལྟ་བུའི་ཉན་ཚུལ་དང་སྒྲུབ་ཚུལ་གལ་ཆེ་སྟེ་གནད་དུ་མ་སོང་བའི་ཆོས་ཡུན་རིང་བསྒྲུབ་པ་བས། གནད་ཤེས་པའི་ཆོས་ཅུང་ཟད་ཅིག་གིས་དགའ་སྟེ། དཔེར་ན་གནད་དུ་ཕོག་ན་མྱུར་བར་སྲོག་འགག་པ་བཞིན། བླ་མའི་མན་ངག་གིས་ཟིན་པའི་ཆོས་ཀྱིས་ཐོག་མེད་ནས་གོམས་པའི་འཁྲུལ་རྟོག་མྱུར་དུ་འགག་པ་ལ་ཚེགས་མེད་པ་ཞིག་འོང་པས། ཆོས་སྒྲུབ་སྔ་བྱེད་པ་ལས་སྒྲུབ་ཚུལ་ཤེས་པ་འདི་གནད་ཆེའོ། །

གཉིས་པ་སྔོན་འགྲོ་དངོས་ལའང་གཉིས་ཏེ། ཐུན་གྱི་སྔོན་འགྲོ་དང་། ལམ་གྱི་སྣོད་རུང་དུ་བྱེད་པའི་སྔོན་འགྲོ་གཉིས་ལས། དང་པོ་ནི། ཉིན་མོ་མི་ཡི་རྒྱུ་འགྲུལ་དང་། མཚན་མོ་སྒྲ་ཡི་ཅ་ཅོ་སོགས་བསམ་གཏན་ལ་ཚེར་མ་མི་འབྱུང་བའི་གནས་དབེན་པ་རང་དབང་ཅན་དུ་སྒོ་ཕྱི་ནང་གི་བྱ་བ་ཐུན་ནང་དེར་སྒྲུབ་མི་དགོས་པར་བྱས་ཏེ། མལ་སྟན་བདེ་བར་ལུས་སེམས་ཁོང་ལྷོད་དེ། དྲིན་ཅན་གྱི་ཕ་རྒན་སླེབས་འོང་ན་ཡང་ཐུན་འདི་ཕེད་ནས་འཁྲུལ་བའི་དབང་དུ་མི་བཏང་སྙམ་པའི་དམ་བཅའ་བྱས་ནས་ལུས་རྣམ་སྣང་ཆོས་བདུན་བཅའ། དེ་ཡང་རྐང་པ་གཉིས་གཡོན་འོག་དང་གཡས་སྟེང་དུ་བྱས་པའི་རྡོ་རྗེའི་སྐྱིལ་ཀྲུང་། ༡ ལག་པ་མཐེ་བོང་གིས་སྲིན་རྩ་མནན་ཏེ། ༢ ཁུ་ཚུར་བརྐྱངས་པ་རླ་གཡས་གཡོན་གཉིས་ཀྱི་ཁུག་པར་བཞག་སྟེ་ལག་ཡུ་དྲང་པོར་བསྲང་ནས་དཔུང་མགོ་གྱེན་དུ་འཐེན། ལྟོ་བ་མདུན་དུ་ཕུལ། ༣ སྒལ་ཚིགས་གསེར་གྱི་དོང་རྩེ་ལྟར་བརྩེགས་ནས་ལྟག་རྩ་བསྲང་། ༤ མགྲིན་པའི་ཨོལ་ཀོས་ཨོལ་མདུད་མནན། ༥ མིག་འབྲས་མི་གཡོ་ཞིང་རྫི་མ་ཐབ་ཐིབ་མི་བྱེད་པར་སྣ་རྩའི་ཐད་ཀྱི་བར་སྣང་ལ་ཅེ་རེ་གཏད། ༦ མགོ་བོ་ཡ་ཡོ་མེད་པར་གཟེང་བྱ་ཞིང་ལུས་ཧྲིལ་གྱིས་བསྒྲིམས་ནས་འཇོག་དགོས་ཏེ། ༧ དེའི་རྒྱུ་མཚན་ཡང་ལུས་གྲོང་ཁྱེར་དང་འདྲ། རྩ་ལམ་བསྲང་དང་འདྲ། རླུང་རྟ་དང་འདྲ། རྣམ་ཤེས་མི་ཞ་བོ་དང་འདྲ་བས་བྱེད་པ་བཅངས་ན་གསང་སྒོ་ཁེགས་པས་མི་རྟ་ནང་དུ་ཚུད་དེ་འགྲོ་མི་ཐུབ་པ་དང་འདྲ་སྟེ། དཔེར་ན་སྦྲུལ་ལ་ཡན་ལག་ཡོད་ཀྱང་མ་གཅུན་ན་མི་གསལ་བ་དང་འདྲ་བས་ན། ལུས་ཀྱི་གནད་དང་ཆུན་ཆེར་ཡོང་བའི་ཐབས་བྱས་པས་ཡེ་ཤེས་ཀྱི་སྣང་བ་རྣམས་གོང་འཕེལ་དུ་འགྱུར་ཏེ། རྟེན་འབྲེལ་ལུས་ལ་བསྒྲིགས་པས་རྟོགས་པ་སེམས་ལ་འཆར་བའི་དགོས་པ་ཡོད་ཅེས་མཁས་གྲུབ་གོང་མ་རྣམས་ཀྱིས་གསུངས་སོ། །ཡང་ན་དེ་ལྟར་མ་ལྕོགས་ན། རྐང་པ་རྡོ་རྗེའི་སྐྱིལ་ཀྲུང་། ༡ སྒལ་ཚིགས་དང་ལྟག་པ་དྲང་པོར་བསྲང་། ༢ མགྲིན་པ་ཅུང་ཟད་སྒུར་བས་ཨོལ་མདུད་ནོན་ཙམ་བྱ། ༣ ལྕེ་རྩེ་ཡ་ཀན་སྦྱར། ༤ མཆུ་སོ་རང་སར་བཞག །༥ ལག་ངར་བསྲང་བའི་མཉམ་བཞག །༦ རྐེད་པ་ཉེད་ལྟོ་བ་ཕྱིར་ཕུལ་བའི་ཆོས་བདུན་ལྷོད་ཆ་ཅན་བྱ། ༧ དེ་ལྟར་ལུས་གནད་གང་རུང་བཅས་ནས། ངག་གི་གནད་ཐུན་གྱི་ཐོག་མར་རླུང་རོ་དགུ་སྤྲུགས་སུ་བསལ་སྟེ། དེ་ཡང་དང་པོ་སྣ་བུག་གཡོན་ནས་ཆུང་འབྲིང་ཆེ་གསུམ་དེ་བཞིན་གཡས་ནས་གསུམ། གཉིས་ཀ་ནས་ཕྲུགས་གཅིག་ཏུ་གསུམ་སྟེ་དགུ་སྤྲུགས་དང་། ཐུན་ཕྱི་མ་རྣམས་ཀྱི་མགོར་གཡོན་གཡས་དབུས་གསུམ་ནས་ལན་རེ་སྟེ་གསུམ་སྤྲུགས་སུ་བསལ། དེའི་ཚེ་དམིགས་པ་ནི། རང་གཞན་སེམས་ཅན་ཐམས་ཅད་ཀྱིས་ཚེ་རབས་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་ནད་གདོན་བར་ཆད་མི་མཐུན་པའི་ཕྱོགས་ཐམས་ཅད་འུབ་ཀྱིས་འདུས་ནས་སྣ་སྒོའི་རླུང་དང་འགྲོགས་ཏེ་ཕྱིར་སང་སང་སོང་བར་བསམ། ཡང་ན། སྣ་བུག་གཡོན་ནས་ནད་ཐམས་ཅད་རྣག་ཁྲག་ལྗན་ལྗིན་གྱི་རྣམ་པ། གཡས་ནས་གདོན་ཐམས་ཅད་སྲོག་ཆགས་སྦལ་སྦྲུལ་སྡོམ་སྡིག་སོགས་ཀྱི་རྣམ་པ། དབུས་ནས་སྡིག་སྒྲིབ་ཐམས་ཅད་དུད་ཁུ་དང་སོལ་ཁུའི་རྣམ་པ་རླུང་དང་འགྲོགས་ཏེ་ཕྱིར་སོང་བར་བསམ་པའམ། ཡང་ན། གཡོན་ནས་འདོད་ཆགས། གཡས་ནས་ཞེ་སྡང་། དབུས་ནས་གཏི་མུག་གིས་བསགས་པའི་ལས་ཉོན་དྲི་མའི་ཚོགས་རྣམས་སང་གིས་སོང་བས་ལུས་ནང་བཤལ་བ་ལྟར་གྱུར་པར་བསམ་ལ། རླུང་འཕེན་དུས་ནས་འབྲུ་འདྲ་བར་དང་པོ་ཆུང་ངུ་བར་ཆེར་བསྐྱེད་ཐ་མ་ནར་གྱིས་འཕང་། འདི་ནི་དཔེར་ན་སྣོད་དུག་ཅན་ཞིག་གི་ནང་བཅུད་བཟང་པོ་བླུགས་པ་ལ་སྔོན་སྣོད་བཀྲུ་བཤལ་བྱེད་པ་དང་མཚུངས་པར། མ་དག་པའི་རྩ་ཁམས་སུ་ལས་རླུང་དང་འགྲོགས་པའི་སྐྱོན་གྱིས་རང་རྒྱུད་ལ་ཡོན་ཏན་མི་འབྱུང་ཞིང་། གལ་ཏེ་ཅུང་ཟད་རེ་སྐྱེས་ཀྱང་སྐྱོན་ཅན་དུ་བྱེད་པ་ཉིད་རྒྱུ་མཚན་ཉིད་ཐེག་པས་ལས་རླུང་གིས་བསྐྱེད་པའི་གཟུང་འཛིན་གྱི་རྟོག་པ་དང་། ཉོན་མོངས་པར་དཔྱད་པ་དང་གཞིགས་པས་གཉེན་པོ་བསྟེན་ལ། འདིར་ནི་ལས་རླུང་ཉིད་དམིགས་གནད་དང་ལྡན་པ་གསལ་བ་སོགས་ཀྱི་དོན་ཆེའོ། །དེ་ནས་སེམས་ཀྱི་གནད་གོང་དུ་བཤད་པ་ལྟར་གྱིས་ཀུན་སློང་བཅོས་དགོས་ཏེ། ངས་ཐུན་སྡོམ་པ་འདི། ཚེ་འདིའི་ནད་གདོན་ཞི་བ་སོགས་ཀྱི་འཇིགས་སྐྱོབ་བམ། རྙེད་བསྟོད་སྒྲུབ་པའི་ལེགས་སྨོན་ནམ་གཉིས་ཀའམ། དེ་དག་གང་ཡིན་རུང་དུག་བཞིན་སྤང་། ལུང་མ་བསྟན་དུ་འདུག་ན་བཅོས། སྐྱེས་བུ་ཆུང་ངུའི་ཀུན་སློང་དེ་འཇིག་རྟེན་ཕལ་པ་རྒན་པོ་རྣམས་ཀྱི་བསམ་བྱ་ཡིན་ལ་ལམ་ཞུགས་ཀྱི་བློ་མིན། སྐྱེས་བུ་འབྲིང་གི་ཀུན་སློང་ཡང་རང་འདོད་སྒྲུབ་པའི་བསམ་པ་ཡིན་པས་སྤང་བྱ་ཡིན། དེས་ན་སྐྱེས་བུ་ཆེན་པོའི་ཀུན་སློང་སེམས་ཅན་སྡུག་བསྔལ་རྒྱུ་འབྲས་གཉིས་དང་བྲལ་ནས་གཏན་བདེ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་དལ་འབྱོར་རྙེད་དཀའ་སོགས་སྔོན་འགྲོ་འདི་དང་འདི་ལྟ་བུ་བསྒོམས་པར་བགྱིའོ་སྙམ་པའི་ཀུན་སློང་བསྐྱེད་དེ། དཔལ་ལྡན་རྩ་བའི་བླ་མ་སོགས་ནས་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་བསྩལ་དུ་གསོལ་ཞེས་ངག་ཏུ་བརྗོད་པ་དང་ཆབ་ཅིག་རང་ཐ་མལ་དུ་གནས་པའི་སྤྱི་བོར་རྟོག་པའི་མཐའ་བརྒྱད་རྣམ་པར་དག་པའི་རང་བཞིན་གྱི་སྣ་ཚོགས་པདྨ་འདབ་མ་བརྒྱད་པ་གེ་སར་ཟེ་ཕོན་དང་བཅས་པའི་སྟེང་དུ་ཐབས་དང་ཤེས་རབ་མཚོན་བྱེད་འོག་ཉི་མ་དང་སྟེང་ཟླ་བའི་དཀྱིལ་འཁོར་རྣམས་རེག་ལ་མ་འབྱར་བའི་ཚུལ་དུ་གསལ་བཏབ། དེ་རྣམས་ལ་གསལ་སྣང་ཐོན་བྱུང་བ་དང་། དེའི་སྟེང་དུ་རང་གི་རྩ་བའི་བླ་མ་ཉིད་རྣམ་པ་རྡོ་རྗེ་སེམས་དཔའ་འམ་ཨོ་རྒྱན་ཆེན་པོ་ལྟ་བུ་གང་མོས་སམ་ཡང་ན་རྒྱུན་གྱི་སྐུ་རབ་བྱུང་སྔགས་པ་གང་གི་ཆ་ལུགས་ཅི་ལྟ་བ་བཞིན་ལ་ཕྱག་གཉིས་ཆོས་འཆད་དམ་མཉམ་བཞག་གི་ཕྱག་རྒྱ་གང་བདེར་བཞུགས་ཤིང་གཟི་བྱིན་མཆོག་ཏུ་འབར་བའི་མཚན་དཔེའི་ལང་ཚོ་རབ་ཏུ་རྒྱས་པའི་སྐུ་ཅན་དུ་ལམ་གྱིས་གསལ་གདབ་སྟེ། དེ་ཡང་རང་གི་དད་མོས་བསྐྱེད་ཚུལ་ལ་ཁྱད་ཡོད་ན་གང་མོས་དེའི་རྣམ་པར་བསྒོམ་པ་ཡིན་ལ། ཁྱད་མེད་ན་བླ་མ་ཉིད་དངོས་སུ་བསྒོམ་པར་གསུངས་སོ། །གང་ལྟར་ཡང་ལས་དང་པོ་བས་ཐོག་མར་ཙབ་ཙུབ་ཅི་དྲག་མང་པོ་མི་བསམ་པར་ལམ་གྱིས་གསལ་བཏབ་སྟེ་རྩེ་གཅིག་ཏུ་བསྒོམ་པར་བྱ། དེ་ལ་གསལ་སྣང་ཐོན་བྱུང་བ་དང་། སྐྱབས་གནས་ཀུན་འདུས་ཀྱི་ངོ་བོར་བསམ་ལ་ཅི་མཛད་ཁྱེད་ཤེས་ཀྱི་མོས་གུས་ཚད་མེད་པས། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་བླ་མ་རིན་པོ་ཆེ་མཁྱེན། བདག་གི་རྒྱུད་སྨིན་ཅིང་གྲོལ་བར་བྱིན་གྱིས་བརླབ་ཏུ་གསོལ། ཟབ་ལམ་གྱི་རྟོགས་པ་ཁྱད་པར་ཅན་རྒྱུད་ལ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། ཚེ་འདི་ཉིད་ལ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་གསོལ་འདེབས་ཀྱི་ཚིག་ཅི་ནུས་དང་། སྤྲོ་ན་བླ་མ་རྒྱང་འབོད་སོགས་ཀྱང་བྱ་སྟེ། མདོར་ན་མོས་གུས་ཀྱི་རྟོགས་པ་གོང་འཕེལ་དུ་མ་གྱུར་པ་དེ་སྲིད་དུ་འདོད་པའི་དོན་ལ་ཞེ་ཐག་པ་ནས་གསོལ་བ་ཕུར་ཚུགས་སུ་འདེབས་དགོས། དེ་ཡང་དལ་འབྱོར་རྙེད་དཀའ་སྒོམ་པའི་ཚེ། བླ་མས་དལ་འབྱོར་ལ་སྙིང་པོ་ལོན་པའི་ཡོན་ཏན་དེ་བདག་རྒྱུད་ལ་སྐྱེ་བར་གསོལ་བ་འདེབས། དེ་བཞིན་ཐུན་མོང་ཐུན་མིན་གྱི་དམིགས་པ་གང་བསྒོམ་ཡང་བླ་མའི་ཐུགས་རྒྱུད་ཀྱི་ཡོན་ཏན་དེ་དང་དེ་རྣམས་བདག་རྒྱུད་ལ་སྐྱེ་བར་གསོལ་བ་བཏབ་རྗེས་བླ་མ་ཉིད་ཐུགས་དགྱེས་པ་ཆེན་པོས་སྐུ་འོད་ལྔའི་གོང་བུར་ལྟེམ་གྱིས་ཞུ་བ་རང་གི་སྤྱི་བོ་ནས་སྙིང་དབུས་སུ་སིབ་ཀྱིས་ཐིམ་སྟེ་རང་གི་སྒོ་གསུམ་དང་བླ་མའི་རྡོ་རྗེ་གསུམ་ཐ་དད་དུ་འཛིན་པའི་རྟོག་པ་དང་ཕྲལ་ཏེ་རང་བཞིན་གཉིས་སུ་མེད་པ་ཆུ་ལ་ཆུ་བཞག་པའི་ཚུལ་གྱིས་སྤྲོས་བྲལ་བདེ་བ་ཆེན་པོའི་ངང་ལ་ཅི་གནས་སུ་མཉམ་པར་བཞག་ལ། མཐར། དགེ་བ་འདི་ཡིས་སོགས་ཀྱིས་དགེ་བསྔོ་བྱ་སྟེ་འདི་ནི་ཆོས་རྒྱལ་གཏེར་བདག་གླིང་པའི་ཕྱག་བཞེས་སུ་འོག་གི་དམིགས་པ་གང་བསྒོམ་ཡང་ཐུན་གྱི་སྔོན་དུ་ངེས་པར་གཏོང་ངོ་། །དེས་བྱིན་རླབས་མྱུར་དུ་འཇུག་པས་དངོས་གཞི་གང་སྒོམ་གྱི་ཉམས་རྟོགས་སྐྱེ་སླ་བར་བྱེད་པའི་སྒོ་ཁྱད་པར་དུ་འཕགས་པ་ཡིན་ནོ། །

གཉིས་པ་ལམ་གྱི་སྣོད་རུང་དུ་བྱེད་པའི་སྔོན་འགྲོ་ལ། རྩ་བར། མཐའ་མེད་འཁོར་བའི་དུཿཁ་ལ༔ ལེགས་པར་བསམ་སྟེ་བློ་ཁ་ལྡོག༔ ཐུན་མོང་ཁྱད་པར་ལམ་དག་ལ༔ བརྩོན་པས་ཞུགས་ཏེ་རང་རྒྱུད་འདུལ༔ ཞེས་གསུངས་པས་གཉིས་ཏེ། ཐུན་མོང་དང་། ཐུན་མོང་མ་ཡིན་པའི་སྔོན་འགྲོའོ། །དང་པོ་ཐུན་མོང་ལ་བཞི་སྟེ། ངེས་འབྱུང་གི་བློ་བཅོས་པ། བཤེས་གཉེན་གྱི་སྤང་བླང་དང་ཆོས་སྣང་བའི་སྒོ་བཤད་པ། ཐེག་པ་སྤྱིའི་རྨིང་རྡོ་སྐྱབས་སུ་འགྲོ་བ། ཐེག་ཆེན་གྱི་རྩ་བ་སེམས་བསྐྱེད་པའི་ཁྲིད་དོ། །དང་པོ་ངེས་འབྱུང་གི་བློ་བཅོས་པ་ལ། དལ་འབྱོར་རྙེད་དཀའ་བསམ་པ། འཆི་བ་མི་རྟག་པ་བསམ་པ། ལས་འབྲས་སྨིན་ཚུལ་བསམ་པ། འཁོར་བའི་ཉེས་དམིགས་བསམ་པ་དང་བཞི་ལས། དང་པོ་ལ། དལ་འབྱོར་ངོས་བཟུང་བ། དེ་ཉིད་རྙེད་དཀའ་ཚུལ་དེ་དོན་ཆེ་བ་བསམ་པ་གསུམ་གྱི།

དང་པོ་ནི། བླ་ན་མེད་པའི་བྱང་ཆུབ་སྒྲུབ་པའི་རྟེན་ཕུན་སུམ་ཚོགས་པ་དལ་འབྱོར་གྱི་མི་ལུས་རིན་པོ་ཆེ་འདིའི་སྟེང་ནས་འགྲོ་ས་གཉིས་ལས་མེད་དེ། ཇི་སྐད་དུ། ལེགས་ན་ཐར་པའི་གྲུ་གཟིངས་ལུས་འདི་ཡིན། །ཞེས་པས་དམ་ཆོས་ཡང་དག་པ་ཞིག་ལུས་རྟེན་འདིའི་སྟེང་སྒྲུབ་ན་བདེ་སྐྱིད་ཀྱི་མགོ་ཚུགས་ཏེ་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་མྱུར་དུ་ཐོབ་པར་འགྱུར་ལ། ཉེས་ན་འཁོར་བའི་གཏིང་རྡོ་ལུས་འདི་ཡིན། །ཞེས་པས་འཇིག་རྟེན་ཚེ་འདི་སྒྲུབ་ན་འཇིགས་དང་སྡུག་བསྔལ་གྱི་མགོ་བཟུང་སྟེ་ངན་སོང་གི་གཏིང་རྡོ་བྱེད་པར་འགྱུར་བས། དེ་ལྟ་བུའི་འདུན་མ་གཏན་ལེགས་གཏན་ཉེས་ཀྱི་སོ་མཚམས་འདི་ལ་སྙིང་པོ་ཅི་ལོན་ལ་བརྩོན་པར་བྱ་དགོས། དེ་ལ་དལ་བ་བརྒྱད་ནི། བརྒྱད་སྟོང་འགྲེལ་ཆེན་ལས། དམྱལ་བ་ཡི་དྭགས་དུད་འགྲོ་དང་། །ཀླ་ཀློ་ཚེ་རིང་ལྷ་དང་ནི། །ལོག་ལྟ་སངས་རྒྱས་ཀྱིས་སྟོང་པ། །ལྐུག་པ་འདི་དག་མི་ཁོམས་བརྒྱད། །ཅེས་པ་ལྟར། དང་པོ་མི་མ་ཡིན་པའི་མི་ཁོམ་པ་བཞི་ལས་དམྱལ་བ་བསྒོམས་ནས་ཆོས་སྒྲུབ་པ་ལ་ཁོམ་མི་ཁོམ་བསམ་པ་ལ།

ཐུན་དང་ཐུན་མཚམས་གཉིས། ཐུན་ལ་ཡང་གཉིས་གསུམ་སོགས་ལུགས་མང་ཡང་འདིར་ནི་ལས་དང་པོ་པ་ལ་འཇུག་བདེ་བའི་ཕྱིར་ནངས་དུས་ཐོ་རངས་བྱ་གྲགས་དང་པོ་ཙམ་ནས་ཐུན་མགོ་འཛིན་ནས་ཉི་མ་མ་ཤར་བར་ཐོར་ཐུན་བསྡོམ་ནས་གྲོལ་ཏེ་ཐུན་མཚམས་ཀྱི་བྱ་བ་ཆུ་གཏོར་སོགས་བྱ། ཉི་མ་དྲོས་ཆེན་ན་སྔ་ཐུན་བསྡམས་ནས་ཉིན་གུང་སླེབ་དུས་གྲོལ་ཏེ་གུང་ཚིག་དཔེ་ལྟས་ཕྱག་སོགས་བྱ། གྲིབ་ཆེན་གུག་ཏུ་ཉེ་བར་ཕྱི་ཐུན་བསྡམས་ཏེ་ཉི་མ་ལ་བ་ན་གྲོལ་ཏེ་གསོལ་ཀ་གསུར་བསྔོ་སྨོན་ལམ་སོགས་བྱ། སྲོད་གདོང་ནག་ཅེས་མི་ངོ་མི་ཤེས་པའི་དུས་སྲོད་ཐུན་བསྡམས་ནས་མི་ཉལ་ཕྱི་བ་ཙམ་ན་ཐུན་གྲོལ་ཏེ་ལུས་སྦྱིན་སོགས་བྱ་ཞིང་ཐུན་བཞི་པ་དེ་དག་ཏུ་བསྒོམས་ན་སེམས་ལས་སུ་རུང་ལ།

ཐུན་མཚམས་རྣམས་སུ་ལས་དང་པོས་བསྒོམ་ཀྱང་གནད་དུ་འགྲོ་དཀའ། ལྷག་པར་བྱིང་རྒོད་འབྱུང་བས་ཐུན་མཚམས་སུ་ཁ་ཏོན་དགེ་སྦྱོར་ལ་བརྩོན་ཞིང་བསྒོམ་པ་ཡང་ཁམས་ཀྱི་ལྕོགས་ཚད་བྱ། དེ་ལྟ་བུའི་ཐུན་རེ་ལ་ཐུན་གྱི་སྔོན་འགྲོ་དང་དངོས་གཞི་རྗེས་གསུམ་ལས། ཐུན་གྱི་སྔོན་འགྲོ་གོང་སྨོས་ལྟར་སོང་ནས། དངོས་གཞི་དམྱལ་བ་ལ་གནས་དང་། ལུས་དང་། སྡུག་བསྔལ་དང་། ཚེ་ཚད་བསྒོམ་པ་བཞི་ལས། དང་པོ། མུན་ནག་རབ་ཏུ་འཁྲིགས་པའི་ལྕགས་སྲེག་གི་ས་གཞིར་མེ་སྨུག་ནག་ཁྲུ་གང་འབར་བ་སྟེང་ན་འདག་མེ་དང་རྡོ་བསྲེག་མཚོན་ཆའི་ཆར་འབེབས་པའི་གནས་སུ་ལུས་ཆེ་ཞིང་རེག་བྱ་སྲན་མི་བཟོད་པ་མདོག་ཁྲག་ཚོས་པ་ལྟ་བུ། སྐྲ་གྱེན་དུ་གཟེངས་ཤིང་མིག་ཟུར་གསུམ་བ་སྤུ་ཁེར་སྐྱེས་ཡན་ལག་རགས་པ། ལྟོ་བ་ཆེ་བ་ཁྲོ་བོ་ལྟ་བུ་འཇིགས་སུ་རུང་བའི་དམྱལ་བའི་སེམས་ཅན་དེ་རྣམས། སྡུག་བསྔལ་ཉིན་མཚན་མེད་པར་མཚོན་གྱིས་གཤོག་པ་དང་། ས་གཞི་དང་རྡོ་བསྲེག་གི་ཆར་པ་སོགས་ཀྱིས་ལུས་མགོ་མཇུག་མེད་པར་བསྲེགས་ཏེ་བདེ་བའི་གོ་སྐབས་ཅུང་ཟད་ཙམ་ཡང་མེད་པར། ཚེ་ཚད་ཀྱང་བར་བསྐལ་སོགས་མྱོང་དགོས། གྲང་དམྱལ་གྱི་གནས་གངས་རི་ཆབ་རོམ་གྱི་ཁྲོད་ཁ་བ་དང་བུ་ཡུག་སྒྲིབས་པ། ལུས་ཚ་དམྱལ་དང་མཚུངས། སྡུག་བསྔལ་གྲང་ཞིང་ཚེ་ཚད་ལོ་དཔག་མེད་མྱོང་དགོས། དེ་ལྟ་བུའི་ཚ་གྲང་གི་དམྱལ་བ་གང་དུ་སྐྱེས་ཀྱང་དམ་ཆོས་སྒྲུབ་ཁོམ་མམ་མི་ཁོམ་ཡང་ཡང་བསམ་སྟེ་དཔྱད་སྒོམ་བྱ། གཉིས་པ་ཡི་དྭགས་ཀྱི་གནས་རྡོ་བསྲེག་གིས་གང་བར་སྡོང་དུམ་མེས་ཚིག་པ་མང་པོར་དུག་ཚེར་ཐ་ཐོར་ཡོད་པ། ཆུ་སྐམ་པའི་གྲམ་པ་སྐྱ་ཁྲོག་གེ་བ་ལ་ན་བལ་སྐམ་པོ་མང་པོ་གཡེང་བ། ལུས་བསྐལ་པའི་རུས་པ་ལྟ་བུ་སྐམ་པོར། མགོ་བོ་རྒྱ་རྫ། མགྲིན་པ་རྟ་རྔ། ལྟོ་བ་ཡུལ་ལྗོངས། ཡན་ལག་འཇག་སྐྱ་ཙམ། ཡི་དྭགས་གཅིག་སོང་བའི་སྒྲ་ལ་ཤིང་རྟ་འཁོར་ལོ་ལྔ་བརྒྱ་དྲུད་པའི་སྒྲ་དང་། ལྷུ་ཚིགས་ནས་མེ་སྟག་དམར་ཚལ་ཚལ་བྱེད་པ། སྡུག་བསྔལ་དབྱར་ཟླ་བ་ཡང་ཚ་ལ་དགུན་ཉི་མའང་གྲང་བ། ལྗོན་ཤིང་ཐོག་ཞུ་ཅན་མཐོང་ཡང་མེད་པར་འགྱུར་ཞིང་། རྒྱ་མཚོ་ཆེན་པོ་མཐོང་བ་ན་སྐམ་ནས་སྡུག་བསྔལ་བ་དང་། ཚེ་ཚད་རིང་མཐའ་མི་ལོ་ཁྲི་དང་ཐུང་ཚད་མ་ངེས་ཤིང་དེར་སྐྱེས་ན་དམ་ཆོས་སྒྲུབ་ཁོམ་ཡོད་མེད་དཔྱད་སྒོམ་བྱ། གསུམ་པ་དུད་འགྲོའི་གནས་ཕལ་ཆེར་གླིང་བར་མུན་ནག་རང་གི་ལག་པ་བརྐྱང་བསྐུམ་ཙམ་ཡང་མི་མངོན་པར། ལུས་ཉ་དང་ཆུ་སྲིན་གྱི་རིགས་རིའི་རྒྱལ་པོར་ལན་གསུམ་སོགས་འཁོར་བ། ཆུང་བ་རྡུལ་ཕྲན་དང་ཁབ་རྩེ་སོགས་ཀྱི་རྣམ་པ། སྡུག་བསྔལ་སྤྱིར་གླེན་ཞིང་གཏི་མུག་པས་བླང་དོར་ལ་རྨོངས། བྱེ་བྲག་ཆེན་པོ་རྣམས་ཀྱིས་ཆུང་ངུ་གྱུར་མིད་དང་། ཆུང་ངུ་རྣམས་ཀྱིས་ཆེན་པོ་རྣམས་ཐལ་མར་འབིགས་ཤིང་གནས་གོས་གོ་བཅད་དེ་ཟ་བའི་སྡུག་བསྔལ་དཔག་ཏུ་མེད་ལ། དེར་སྐྱེས་ན་དམ་པའི་ཆོས་སྒྲུབ་ཁོམ་ཡོད་མེད་དཔྱད་སྒོམ་བྱ། ལྷ་ཚེ་རིང་པོ་ནི་བསམ་གཏན་བཞི་པའི་ལྷ་གནས་འབྲས་བུ་ཆེ་ནས་གྲོང་ལས་དགོན་པའི་ཚུལ་དུ་ཡོད་པར་བཤད། ལུས་སྣང་བ་འོད་ཀྱི་གཟུགས། བདེ་སྡུག་དང་དགེ་སྡིག་གི་འདུ་ཤེས་མེད་པར། བསྐལ་ཆེན་མང་པོའི་བར་དུ་གནས་པས་ཆོས་ཀྱི་སྣང་བ་བྲལ་ཞིང་ལྷ་གཞན་རྣམས་ཀྱང་འདོད་ཡོན་ལ་ཆགས་པ་དང་ཏིང་ངེ་འཛིན་གྱིས་མྱོས་ནས་ཆོས་སྒྲུབ་མི་ཁོམ་པས་དཔྱད་སྒོམ་བྱ། གལ་ཏེ་མིར་སྐྱེས་ཀྱང་མི་ཁོམ་པ་བཞི་ལས་ཡུལ་མཐའ་འཁོབ་ཏུ་སྐྱེས་ན་སངས་རྒྱས་ཀྱི་བསྟན་པ་མེད་པས་ཆོས་བྱེད་མི་ཁོམ། མུ་སྟེགས་བྱེད་དམ་དེ་དང་རྗེས་སུ་མཐུན་པའི་ལོག་ལྟ་ཅན་དུ་སྐྱེས་ན་རང་རྒྱུད་ལོག་ལྟས་བསླད་པས་ཆོས་བྱེད་མི་ཁོམ། མུན་བསྐལ་དུ་སྐྱེས་ན་དཀོན་མཆོག་གི་སྒྲ་ཙམ་ཡང་མི་གྲགས་ཤིང་དགེ་སྡིག་ངོ་མི་ཤེས་པས་ཆོས་བྱེད་དུ་མི་ཁོམ། ལྐུག་པར་སྐྱེས་ན་རྣམ་ཤེས་ལས་སུ་མི་རུང་པས་ཆོས་བྱེད་མི་ཁོམ་པས་སྒོམ་ཚུལ་སྔར་ལྟར་དཔྱད་ནས་བསྒོམ། དེ་དག་གོ་རིམ་ངེས་ཅན་དུ་བསམ། གཅིག་ལེགས་པར་བསམ་པ་རྫོགས་པ་དང་གཞན་ལ་སྤོ། དེ་ནི་ཐུན་གྱི་དངོས་གཞིའོ། །རྗེས་དེ་ལས་བྱུང་བའི་དགེ་རྩས་མཚོན་རང་གཞན་གྱི་ཟག་བཅས་ཟག་མེད་ཀྱི་དགེ་བ་ཐམས་ཅད་བློས་གཅིག་ཏུ་བསྡུས་ཤིང་བཟླུམས་ཏེ་བསྡོམས་ནས་མཁའ་ཁྱབ་ཀྱི་སེམས་ཅན་ཐམས་ཅད་རྣམ་མཁྱེན་རྫོགས་བྱང་ཐོབ་ཆེད་བསྔོ་སྨོན་བྱ། དེ་ནས་ཧར་ལངས་མི་བྱེད་པར་ངས་སྔ་ཐུན་གྱི་མགོར་དམ་བཅས་པ་དེ་འཁྲུལ་པའི་དབང་དུ་སོང་ངམ་མ་སོང་ཕྱི་ལྟས་བྱེད་ལ། ལེགས་པར་ཐུན་ཆོད་དེ་དགའ་ཞིང་ང་རྒྱལ་ན་བསོད་ནམས་འཁྱམས་པོས་ཕྱི་ལྟས་ཟེར་བ་དེ་ཡིན་པས་ང་རྒྱལ་རྒྱུ་ཅི་ཡོད་ཐུན་ཕྱི་མའི་ནང་དུ་དེ་འདྲའི་བཟང་པོ་ཨེ་ཡིན་ལྟ་སྙམ་ནས་ང་རྒྱལ་བཅགས། འཁྲུལ་པ་ཤ་སྟག་ལས་དགེ་བ་སྣ་གཅིག་མ་དྲན་ན་སེམས་སྡུག་ནས་སྒྱིད་ལུག་པར་སྤྲོ་བ་བསྲིང་སྟེ་གཟེངས་བསྟོད། དེ་ཡང་ཐུན་འདིར་འཁྲུལ་སོང་བ་མ་ལེགས་ཀྱང་། ཁྱོད་ཐོག་མེད་ནས་ད་བར་འཁྲུལ་ཅིང་ད་ལྟ་ཡང་ཐུན་དང་ཐུན་མཚམས་ཕྱེ་དགོས་པ་འདི་ཁོ་ན་ལ་ཐུག་པ་མ་གཏོགས། དང་པོ་ནས་མ་འཁྲུལ་ན་སྔར་ནས་སངས་རྒྱས་པར་ཅིའི་ཕྱིར་མི་འགྱུར། དེས་ན་ད་ལྟ་འཁྲུལ་རུང་ཕྱི་མ་རྣམས་ལ་འཁྲུལ་པའི་དབང་དུ་བཏང་རེ་ཤི་སྙམ་པའི་ཞེ་དམ་བྱས་ཏེ་ཐུན་མཚམས་ཀྱི་བྱ་བར་འཇུག་ཅིང་དེའི་སྐབས་སུ་ཡང་དམིགས་རྐང་གང་ཡིན་དེ་མ་བསམ་ན། མགལ་གྱི་མེ་ནང་དུ་ལྕགས་བསྲེག་པ་ཕྱིར་བླང་པ་དང་མཉམ་དུ་ནག་ཁྲོག་གེར་འགྲོ་བ་བཞིན་ཐུན་ནང་དེར་སེམས་ཅུང་ཟད་འགྱུར་རུང་ཐུན་མཚམས་སུ་འཁོར་བའི་བྱ་བཞག་གི་དབང་དུ་བཏང་ན་དངོས་གཞི་བསྒོམ་མ་བསྒོམ་མེད་པར་བློ་དྲེད་དུ་འཆོར་ཉེན་ཡོད་དོ། །ཀུན་མཁྱེན་གྱིས། སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད་ནས་མི་ཁོམས་བརྒྱད་དང་། དེ་ལས་ལོག་པ་དལ་བ་ཐོབ་པའི་རང་བཞིན་ལ་བསམ་སྟེ་ཆོས་ཁོ་ན་བྱ་སྙམ་པ་ཡང་ཡང་དུ་བསམ། རྗེས་དགེ་བ་བསྔོ་ཞིང་སྤྱོད་ལམ་ཐམས་ཅད་དུ་ཡང་དེ་ལྟར་བསམ་ལ་སྦྱར་རོ། །ཞེས་གསུངས། སྒོམ་ཚུལ་འདི་རྣམས་དམིགས་རྐང་འོག་མ་རྣམས་ལ་རིགས་འགྲེ་ཤེས་པར་བྱའོ། །

འབྱོར་བ་བཅུ་ལས། རང་འབྱོར་ལྔ་ནི། མི་ཉིད་དབུས་སྐྱེས་དབང་པོ་ཚང་། །ལས་མཐའ་མ་ལོག་གནས་ལ་དད། །ཅེས་པས་སྤྱིར་ལྷ་ཆོས་ཀྱི་རྟེན་མི་ལུས་རིན་པོ་ཆེ་ཐོབ། སྒོས་བསྟན་པ་གནས་པའི་ཡུལ་དབུས་སུ་སྐྱེས། ཐོས་བསམ་གྱི་རྟེན་མིག་སོགས་དབང་པོ་སྒོ་ལྔ་སྐྱོན་མེད་དུ་ཚང་། ཚེ་འདིར་མཚམས་མེད་པ་སོགས་མ་བྱས་པས་ལམ་གྱི་རྟེན་དུ་རུང་། དམ་པའི་ཆོས་འདུལ་བ་སོགས་སངས་རྒྱས་ཀྱི་གསུང་རབ་རྣམས་ལ་དད་པ་དང་ལྡན་པ་སྟེ་ལྔ་པོ་ནི་རང་རྒྱུད་ཀྱིས་བསྡུས་ཤིང་ཆོས་སྒྲུབ་པའི་ཆ་རྐྱེན་ཡིན་པས་རང་འབྱོར་ཞེས་བྱ།

གཞན་འབྱོར་ལྔ་ནི། སངས་རྒྱས་བྱོན་དང་དེས་ཆོས་གསུང་། །བསྟན་པ་གནས་དང་དེ་རྗེས་འཇུག །གཞན་ཕྱིར་སྙིང་ནས་བརྩེ་བའོ། །ཞེས་པས་སྟོན་པ་སངས་རྒྱས་འཇིག་རྟེན་གྱི་ཁམས་སུ་བྱོན། དེས་དམ་པའི་ཆོས་གསུང་། དེའི་བསྟན་པ་མ་ནུབ་པར་གནས། བསྟན་པ་ལ་རྗེས་སུ་འཇུག་པའི་གང་ཟག་ཀྱང་ཡོད། ཆོས་བྱེད་པ་རྣམས་ལ་གཞན་སྙིང་བརྩེ་བས་མཐུན་རྐྱེན་སྦྱོར་བ་ཡོད་ཅིང་དགེ་བའི་བཤེས་གཉེན་གྱིས་ཐུགས་བརྩེས་རྗེས་སུ་འཛིན་པ་སྟེ། དེ་ལྔ་ནི་གཞན་རྒྱུད་ཀྱིས་བསྡུས་ཤིང་ཆོས་སྒྲུབ་པའི་ཆ་རྐྱེན་ཡིན་པས་གཞན་འབྱོར་ལྔའོ། །དེ་ལ་དལ་བ་ནི་ངོ་བོ་ཡིན་ལ། འབྱོར་པ་ནི་དེའི་ཁྱད་པར་གྱི་ཆོས་ཏེ། ཨུཏྤལ་དང་། དེའི་སྔོན་པོ་ལ་སོགས་པ་བཞིན་ནོ། །དེ་ལྟར་བཅོ་བརྒྱད་ཚང་བའི་མི་ལུས་རིན་པོ་ཆེ་ཞེས་བྱ་བ་དེ་ཡིན་ཀྱང་། ད་དུང་ཡང་འཕྲལ་བྱུང་དང་རིས་ཆད་ཀྱི་མི་ཁོམ་པ་བརྒྱད་ཚན་གཉིས་སུ་གསུངས་པ་ལས། དང་པོ། ཀུན་མཁྱེན་ཆོས་རྗེས། དུག་ལྔ་འཁྲུགས་དང་བླུན་རྨོངས་བདུད་ཀྱིས་ཟིན། །ལེ་ལོ་ཅན་དང་ལས་ངན་མཚོ་ཆེན་རྡོལ། །གཞན་དབང་འཇིགས་སྐྱོབ་ཆོས་ལྟར་བཅོས་པ་སྟེ། །འཕྲལ་བྱུང་རྐྱེན་གྱི་མི་ཁོམ་རྣམ་པ་བརྒྱད། །ཅེས་གསུངས་པ་ལྟར་དལ་འབྱོར་བཅོ་བརྒྱད་པོ་ཚང་བར་ཡོད་ཀྱང་འཕྲལ་བྱུང་རྣམས་ཀྱིས་བརླག་པར་འགྱུར་བས། དེས་ན་དེ་རིང་མེད་ཀྱང་སང་ཉིན་དང་སྔ་ཐུན་ཕྱི་ཐུན་ཐུན་མགོ་ཐུན་མཇུག་ཏུ་འབྱུང་ཉེ་བས་རང་རྒྱུད་ལ་ཞིབ་བརྟགས་ཀྱིས་རེ་རེ་ནས་གཉེན་པོ་བསྟེན་དགོས། དེའང་དུག་ལྔ་ཤིན་ཏུ་རགས་པས་རྒྱུད་དཀྲུགས་པའི་གཉེན་པོ་ལ་མི་སྡུག་པ་དང་བྱམས་པ་ཁམས་ཀྱི་རབ་དབྱེ་སོགས་བསྒོམས། ཤིན་ཏུ་བླུན་པའི་རིགས་ཅན་ཚིག་དོན་གང་ཡང་མི་གོ་བ་འདི་སྔོན་གྱི་སྡིག་སྒྲིབ་ཡིན་པས་སྟོབས་བཞི་ཚང་བའི་བཤགས་པ་དང་ཤེས་རབ་བསྐྱེད་པའི་ལྷ་འཇམ་དཔལ་སོགས་བསྙེན་ཅིང་གསོལ་བ་འདེབས། སྡིག་པའི་གྲོགས་པོས་ཟིན་པ་ལ་དགེ་བའི་བཤེས་གཉེན་ཡིན་མིན་དཔྱད་དེ་ཕྱིའི་རྫུ་འཕྲུལ་སོགས་ལ་མི་བརྟག་པར་ནང་གི་ཐུགས་རྒྱུད་ལ་བྱང་ཆུབ་ཀྱི་སེམས་ཡོད་མེད་ཀྱིས་བརྟག་ལ། ཡོད་ན་འབྲེལ་ཚད་དོན་ལྡན་ཡིན་པས་དགའ་བ་བསྒོམས་ཤིང་མེད་ན་ཐབས་སྣ་ཚོགས་ཀྱིས་དེ་ལས་བྱོལ། ལེ་ལོ་ཆེ་བ་ལ་འཆི་བ་མི་རྟག་པས་རྒྱུད་བསྐུལ་ཏེ་རྟག་སྦྱོར་དང་གུས་སྦྱོར་གྱི་བརྩོན་འགྲུས་རྩོམས། སྔོན་ལས་ངན་པ་སད་ནས་བར་ཆད་ཀྱི་མཚོ་རྡོལ་བ་ལ་འདི་ལྟ་བུ་འོང་བ་མི་རིགས་སོ་མི་བསམ་པར་ལས་རྒྱུ་འབྲས་བསླུ་མེད་ལ་ཡིད་ཆེས་བསྐྱེད་ནས་སྔོན་ལས་ངན་པར་འགྱོད་པ་བྱེད། རང་དབང་མེད་པར་གཞན་དབང་བྲན་དུ་བཀོལ་བ་ལྟ་བུ་ལ་དེ་ལས་ཐར་པའི་ཐབས་ལ་འབད། ལྟོ་གོས་སམ་འཆི་བ་ཙམ་གྱིས་འཇིགས་ཏེ་ཆོས་ལ་ཞུགས་ནས་ཆོས་མིན་སྤྱོད་པ་ལ་ངེས་འབྱུང་དང་བྱང་ཆུབ་ཀྱི་སེམས་ཀྱིས་ཟིན་པར་བྱ། རྙེད་བཀུར་དང་སྙན་གྲགས་ཀྱི་ཕྱིར་དུ་ཆོས་ལྟར་བཅོས་པ་ལ་འཇིག་རྟེན་ཚེ་འདི་སྒྲུབ་པའི་བསམ་སྦྱོར་གྱི་ཉེས་དམིགས་ཤེས་ནས་སྤང་དགོས་སོ། །གཉིས་པ་རིས་ཆད་ཀྱང་། འཆིང་བ་དམ་ལྡན་ཀུན་སྤྱོད་ཤིན་ཏུ་ངན། །འཁོར་བར་མི་སྐྱོ་དད་པ་ཅུང་ཟད་མེད། །མི་དགེ་སྡིག་སྤྱོད་ཆོས་ལ་སེམས་པ་བྲལ། །སྡོམ་དང་དམ་ཚིག་འཆལ་བ་ཞེས་བྱ་བ། །རིས་ཆད་བློ་ཡི་མི་ཁོམ་རྣམ་པ་བརྒྱད། །ཅེས་པས་འདི་བརྒྱད་པོ་གང་བྱུང་ཡང་། རང་རྒྱུད་དང་ཐར་ལམ་གཉིས་སོ་སོར་ཕྲལ་བས་རིས་ཆད་ཅེས་བྱ། དེ་ཡང་ཚེ་འདིའི་ནོར་རྫས་ལུས་ལོངས་སྤྱོད་ལ་ཞེན་ཆགས་ཆེ་བས་རྩོལ་སྒྲུབ་ཀྱི་གཡེང་བས་ཆོས་བྱ་ལོང་མེད་པ་ལ་མི་རྟག་མཐའ་བཞིའི་བསྡུས་པའི་ཉེས་དམིགས་དྲན། ༡ རང་རྒྱུད་ངན་པས་མི་གཞི་ཏིལ་འབྲུ་ཙམ་མེད་ཅིང་ཀུན་སྤྱོད་ཡར་སྐྱེད་འདོན་རྒྱུ་མེད་པ་ལ་སྔོན་གྱི་དམ་པ་རྣམས་ཀྱིས། སློབ་མའི་སེམས་རྒྱུད་འཆོས་ཤེས་ཀྱང་། །མི་གཞི་འཆོས་མི་ཤེས་གསུངས་པ་ལྟར་བཤེས་གཉེན་ཁྱད་པར་ཅན་དང་འཕྲད་ཀྱང་དམ་པའི་ལམ་དུ་བསྒྱུར་དཀའ། ༢ འཁོར་བ་དང་ངན་སོང་གི་སྡུག་བསྔལ་ཇི་ཙམ་བཤད་ཀྱང་མི་སྐྲག་པ་ལ་འཁོར་བའི་ཉེས་དམིགས་ཤེས་ནས་ངེས་འབྱུང་གི་བློ་བསྐྱེད། ༣ ཐར་པའི་ཕན་ཡོན་ཇི་ཙམ་བཤད་ཀྱང་མི་དད་པ་ལ་ཆོས་དང་བླ་མའི་ཡོན་ཏན་བསམ་སྟེ་མི་ལྡོག་པའི་དད་པ་འཆང་། ༤ མི་དགེ་བ་ལ་རང་བཞིན་གྱིས་དགའ་བས་ཉེ་བར་མ་ཞི་བ་ལ་ངེས་འབྱུང་སོགས་ཐབས་སྣ་ཚོགས་ལ་འབད། ༥ ཁྱི་ལ་རྩྭ་བྱིན་པ་བཞིན་དམ་ཆོས་མི་སེམས་པ་ལ་འཁོར་འདས་ཀྱི་སྐྱོན་ཡོན་དང་ཐར་པའི་ཕན་ཡོན་སོགས་ཀྱིས་བསྐུལ། ༦ སེམས་བསྐྱེད་དང་སྡོམ་པའི་རྩ་བ་ཉམས་པ། ༧ བླ་མ་དང་མཆེད་གྲོགས་ལ་དམ་ཚིག་ཉམས་པ་ཡང་། ༨ རང་རང་གི་གཞུང་ནས་བཤད་པ་བཞིན་ཕྱིར་བཅོས་དང་བཤགས་སྡོམ་བྱ་དགོས། དེ་ལྟར་མ་བྱས་ན་ཆོས་རྒྱུད་ལ་མི་སྐྱེ་ཞིང་ངན་སོང་དུ་འགྲོ་བའི་རྩ་བ་བྱེད་པས་སྔར་རང་རྒྱུད་ལ་མ་གོས་པར་དགའ་བ་དང་། ཕྱིན་ཆད་མི་འབྱུང་བའི་ཐབས་ལ་བསླབ། དེ་ལྟར་ཚང་བའི་ལུས་རྟེན་ཁྱད་པར་ཅན་འདི་ལྟ་བུ་ལན་གཅིག་རྙེད་པའི་སྐབས་སུ་དམ་པའི་ཆོས་ལ་འབད་དགོས། དེ་ལྟར་མ་འབད་ན་འདི་ལས་བསླུས་པ་གཞན་མེད་སྙམ་དུ་བསམ་པར་བྱ་སྟེ། སྤྱོད་འཇུག་ལས། འདི་འདྲའི་དལ་བ་རྙེད་གྱུར་ནས། །བདག་གི་དགེ་གོམས་མ་བྱས་ན། །འདི་ལས་བསླུས་པ་གཞན་མེད་དེ། །འདི་ལས་རྨོངས་པ་གཞན་མེད་དོ། །ཞེས་གསུངས་པ་བཞིན་ནོ། །

གཉིིས་པ་དེ་ཉིད་རྙེད་དཀའ་ཚུལ་ནི། དེ་ལྟ་བུའི་ལུས་རྟེན་ཁྱད་པར་ཅན་དེ་ཉིད། རྗེ་བཙུན་གྲགས་རྒྱལ་གྱིས། དལ་འབྱོར་མི་ལུས་ཐོབ་པ་འདི། །ཕོ་སྒོ་མཐོ་བས་མ་ལགས་ཏེ། །བསོད་ནམས་བསགས་པའི་འབྲས་བུ་ཡིན། །ཞེས་གསུང་པས་སྤྱིར་རང་གི་དེ་སྔོན་དགེ་བ་ཅི་བསགས་དང་ད་ལྟར་བསགས་ཚུལ་ལ་བསམ་ན་དགེ་བ་རེ་ཡོད་པ་ཉུང་ཞིང་མི་དགེ་བ་ནི་བསམ་གྱིས་མི་ཁྱབ་པས་དལ་འབྱོར་གྱི་མི་ལུས་རིན་པོ་ཆེ་འདི་འདྲ་བ་ཐོབ་པར་དཀའ། བྱེ་བྲག་དལ་བའི་རྒྱུར་ཕྱི་སོ་ཐར་གྱི་སྤང་བླང་ལ་དང་པོ་རྩ་བ་བཞིའི་ནང་དུ་བསམ་ན་མོ་སྐྱོན་མ་ཕོག་པ་ཙམ་ལས་ཡིད་རྟོན་རུང་བའི་ཚུལ་ཁྲིམས་དཀོན། ནང་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཟབ་མོ་ལྟ་བ་དང་རྒྱ་ཆེན་སྤྱོད་པའི་སྲོལ་གཉིས་ཀྱི་བསླབ་བྱ་དང་། གསང་བ་སྔགས་ཀྱི་དམ་ཚིག་རྣམས་ལ་བསམ་ན་ཡང་དལ་བ་ཐོབ་པའི་རྒྱུ་ཡིད་རྟོན་རུང་བ་དཀའ། གལ་ཏེ་ཚུལ་ཁྲིམས་རྣམ་དག་རེ་ཡོད་དུ་སྲིད་ཀྱང་། འབྱོར་བའི་རྒྱུ་ཡར་མཆོད་མར་སྦྱིན་སོགས་དགེ་བའི་ཆོས་རང་རྒྱུད་ལ་བརྟགས་ན་ཤིན་ཏུ་དཀོན། དེ་ཡང་སྦྱིན་སོགས་རྒྱ་ཆེན་པོ་དང་ལྡན་ཡང་ཚུལ་ཁྲིམས་དང་མི་ལྡན་ན། ལྷ་མིའི་ལུས་རྟེན་མི་ཐོབ་སྟེ་དབུ་མ་འཇུག་པ་ལས། སྐྱེས་བུ་ཚུལ་ཁྲིམས་རྐང་པ་ཆག་གྱུར་ན། །སྦྱིན་པས་ལོངས་སྤྱོད་ལྡན་ཡང་ངན་འགྲོར་ལྟུང་། །ཞེས་གསུངས་ཤིང་དེར་མ་ཟད་མང་དུ་ཐོས་པ་སོགས་ཀྱི་ཡོན་ཏན་ཡོད་ཀྱང་མི་ཕན་ཏེ། དེ་ཉིད་ལས། མངོན་མཐོའི་རྒྱུ་ནི་ཚུལ་ཁྲིམས་ལས་གཞན་མེད། །ཅེས་དང་། ཏིང་འཛིན་རྒྱལ་པོ་ལས། ཚུལ་ཁྲིམས་འཆལ་བས་ངན་འགྲོར་དེ་འགྲོ་སྟེ། །དེ་ལ་ཐོས་པ་མང་པོས་སྐྱོབ་མི་ནུས། །ཞེས་གསུངས་གལ་ཏེ་ཚུལ་ཁྲིམས་ཡང་བསྲུང་། མཆོད་སྦྱིན་སོགས་དགེ་བ་རྒྱ་ཆེན་ལ་བརྩོན་ཀྱང་། རྐྱེན་བདུད་དང་། གཤིན་རྗེའི་འཇིག་རྟེན་ལ་སོགས་པ་ཕུན་ཚོགས་གཞན་དང་གཞན་དུ་བསྔོས་ན་མི་ཕན་པས་གཙོ་བོ་སྔོན་གྱི་སྨོན་ལམ་དང་འཆི་ཀའི་མཚམས་སྦྱོར་ཁོ་ན་ལ་རག་ལས་ཤིང་། དེ་ཡང་ཇི་སྐད་དུ། སྔ་མ་གང་བྱས་ད་ལྟའི་ལུས་ལ་ལྟོས། །ཞེས་པས། སྔོན་བསགས་བསོད་ནམས་ཀྱི་འབྲས་བུས་ད་ལྟའི་ལུས་རྟེན་ཁྱད་པར་ཅན་འདི་ཐོབ་པ་ཡིན་ལ། ཕྱི་མ་གར་འགྲོ་ད་ལྟའི་ལས་ལ་ལྟོས། །ཞེས་པས་རང་རེ་རྣམས་ཀྱི་བསམ་སྤྱོད་ལ་དཔག་ན། ཆོས་རྗེ་དཔལ་སྤྲུལ་རིན་པོ་ཆེ་ནས། ཕྱི་མ་ལ་འབྲོག་པ་ཞོ་འཐུང་ས་རོང་པ་སྒོག་ལི་ཟ་ས་ཞིག་ལ་མི་སྐྱེ་ངེས་པར་རེད་གསུངས་པ་ལྟ་བུ་ཡིན་ཏེ། ས་སྙིང་འཁོར་ལོ་བཅུ་པའི་མདོ་ལས། འཁོར་བར་མི་ཉིད་དུ་སྐྱེ་བར་དཀའ་བའི་གང་ཟག་བཅུ་ཡོད་དེ། གང་ཞེ་ན། དགེ་བའི་རྩ་བ་མི་བསྐྱེད་པ་དང་། བསོད་ནམས་ཀྱི་ཚོགས་མི་གསོག་པ་དང་། སྡིག་པའི་གྲོགས་པོའི་རྗེས་སུ་སྤྱོད་པ་དང་། ཉོན་མོངས་པས་ཉིང་མཚམས་སྦྱོར་བ་དང་། ཚེ་ཕྱི་མའི་སྡུག་བསྔལ་ལ་མི་འཇིགས་པ་དང་། ཉོན་མོངས་པས་སེམས་འཁྲུགས་པ་དང་། ལེ་ལོ་དང་གཡེང་བས་ཆོས་ལ་རྟག་ཏུ་གཡེལ་བ་དང་། སངས་རྒྱས་ཀྱི་བཀའ་ལ་ཞུགས་ཀྱང་རྗེས་སུ་མི་སྤྱོད་པ་དང་། ལོག་པར་ལྟ་བའི་རྗེས་སུ་འཇུག་པ་དང་། ལོག་པར་ལྟ་བ་དམ་དུ་འཛིན་པའོ། །ཞེས་གསུང་པས་མཚོན་རྒྱུ་སྡིག་པ་མི་དགེ་བ་ལ་སྤྱོད་པ་ཆེས་མང་བས་འབྲས་བུ་དལ་འབྱོར་གྱི་རྟེན་ཐོབ་པར་དཀའ་སྟེ། འདུལ་བ་ལུང་ལས། མཐོ་རིས་ནས་ངན་སོང་དུ་འགྲོ་བ་ནི་ས་ཆེན་པོའི་རྡུལ་ཙམ་ལ། མཐོ་རིས་ནས་མཐོ་རིས་སུ་འགྲོ་བ་ནི་སེན་མོའི་སྟེང་གི་རྡུལ་ཙམ་མོ། །ངན་སོང་ནས་ངན་སོང་དུ་འགྲོ་བ་ནི་ས་ཆེན་པོའི་རྡུལ་ཙམ་ལ། ངན་སོང་ནས་མཐོ་རིས་སུ་འགྲོ་བ་ནི་སེན་མོའི་སྟེང་གི་རྡུལ་ཙམ་མོ། །ཞེས་གསུངས། འོ་ན་མི་མང་པོ་འདུག་པས་དེ་ཙམ་ཐོབ་ཅི་དཀའ་སྙམ་ན། བརྟག་དཔྱད་མ་བྱས་པ་ཡིན་ཏེ། བྱས་ན་ངན་སོང་ནི་སའི་རྡུལ་དང་། མཐོ་རིས་སེན་མོའི་རྡུལ་ཙམ་ཡིན་ཏེ། བཀའ་གདམས་པའི་མན་ངག་ལས། དུད་འགྲོ་ནི་ཆང་ངར་མའི་སྦང་མ་ཙམ། ཡི་དྭགས་ནི་ཁ་བ་བུ་ཡུག་འཚུབས་པ་ཙམ། དམྱལ་བ་ནི་སའི་རྡུལ་ཙམ་ཡོད་པར་གསུང་། དེས་ན་འགྲོ་བ་གཞན་ལ་ལྟོས་ན་མི་ལུས་ཐོབ་པ་མེད་པའི་ཚད་ཙམ་ཡིན། ཁ་འཐོར་དུད་འགྲོ་ཙམ་ལ་ལྟོས་ན་མི་ལུས་ཐོབ་མི་སྲིད་པའི་ཚད་དུ་གདའ། དེ་ལྟར་བསམ་ན་སྤྱིར་མིའི་འགྲོ་བ་ཉུང་། སྒོས་འཛམ་བུ་གླིང་པའི་མི་ཉུང་། ཡང་སྒོས་དེང་སང་ཆོས་དར་བའི་ཡུལ་ནི་རྒྱ་ཆུང་། དེར་སྐྱེས་པ་ལའང་བསྟན་སྒོར་ཞུགས་པ་ནི་ཆེས་ཉུང་ཞིང་། དེའི་ཁྲོད་ནའང་དམ་པའི་ཆོས་ཚུལ་བཞིན་སྒྲུབ་པ་ནི་ཉིན་མོའི་སྐར་མ་དང་འདྲ་སྟེ་མི་སྲིད་པའི་ཚད་ཙམ་དུ་འདུག་པས། ད་རེས་ཅི་ནས་ཀྱང་ཆོས་ལ་འབད་དགོས་ཏེ། ཀུན་མཁྱེན་ཆོས་རྗེས། འདི་ལྟར་སེམས་ཅན་ཙམ་གྱི་ལུས་མཐོང་ན། །མི་ལུས་ཐོབ་པ་འཁོར་ལོས་སྒྱུར་རྙེད་འདྲ། །མི་ལུས་ནང་ནས་དད་ལྡན་ཆོས་ཀྱི་རིགས། །དེ་བས་དཀོན་ཕྱིར་སངས་རྒྱས་ཐོབ་དང་མཚུངས། །དེ་བས་རྟག་ཏུ་དལ་འབྱོར་བསམ་འཚལ་ལོ། །ཞེས་གསུངས་ལ། དེ་ཉིད་དཔེ་ཇི་ལྟར་ན་ཕྱིའི་རྒྱ་མཚོ་ཆེན་པོ་ན་གཉའ་ཤིང་བུ་ག་གཅིག་པ་ཞིག་ལ། རུས་སྦལ་ཞར་བ་ཞིག་གིས་ལོ་བརྒྱ་བརྒྱ་ན་སྐེ་རེ་བསྲིང་བ་ལན་རེ་བྱས་ཏེ་བུག་པ་ནང་དུ་མགྲིན་པ་ཨེ་ཚུད་ལྟ་བ་དང་ཆོས་མཚུངས་ཏེ། དེ་ཡང་ཤིང་དེ་ལ་བུ་ག་མང་ཞིག་ཡོད་ན། གཅིག་ལ་མ་ཐར་ཡང་གཅིག་ལ་ཐར་སྲིད་མོད། བུ་ག་གཅིག་ལས་མེད། དེ་ས་གཅིག་ཏུ་སྡོད་པ་ཞིག་ཡིན་ན་ཆུད་སླ་མོད། ཤིང་དེ་ནི་སྲིད་པའི་རླུང་དང་ཆུ་བོའི་རླབས་ཀྱིས་བསྐྱོད་ནས་སྟེང་འོག་ཕྱོགས་མཚམས་ཐམས་ཅད་དུ་འགྲོ། རུས་སྦལ་མིག་ཡོད་ན་བལྟས་མོད་ཀྱིས། མིག་ནི་ཞར་ནས་མེད། ཡང་ཡང་ལྟ་བ་ཞིག་ཡིན་ན་སྐབས་འགའ་ཞིག་ཏུ་ཆུད་པ་ཡིན་ཀྱང་། ལོ་བརྒྱ་བརྒྱ་ན་སྐེ་རེ་བསྲིང་བ་ལས་མི་བྱེད་ལ། དེ་ནི་དངོས་སུ་ཡོད་མ་ཡིན་ཏེ། རྒྱ་མཚོ་ཆེན་པོ་ནི་ངན་སོང་གསུམ་གཏིང་ཟབ་ཅིང་རྒྱ་ཆེ། རུས་སྦལ་ལོང་བ་ངན་སོང་གི་འགྲོ་བ་བླང་དོར་གྱི་མིག་དང་བྲལ། ལོ་བརྒྱ་རེ་ན་ལན་གཅིག་སྟེང་དུ་འོང་བ་ངན་སོང་གི་གནས་ལས་མྱུར་དུ་ཐར་དཀའ་བ། གཉའ་ཤིང་བུ་ག་གཅིག་པ་ལྷ་མིའི་ལུས་རྟེན་རྒྱ་ཆུང་ཞིང་ཤིན་ཏུ་ཉུང་བ་རླུང་གིས་དེད་པ་མི་དགེ་བའི་རྐྱེན་གྱིས་གཞན་དབང་ཅན་དུ་མཚོན་ཏེ། བཤེས་སྤྲིངས་ལས། རྒྱ་མཚོ་ཆེར་གཡེང་གཉའ་ཤིང་བུག་པ་དང་། །རུས་སྦལ་ཕྲད་པ་བས་ཀྱང་དུད་འགྲོ་ལས། །མི་ཉིད་ཆེས་ཐོབ་དཀའ་བས་མི་དབང་གིས། །དམ་ཆོས་སྤྱོད་ལ་དེ་འབྲས་མཆིས་པར་མཛོད། །ཅེས་དང་། ཀུན་མཁྱེན་ཆོས་རྗེས། མཚོ་དབུས་གཡེང་བའི་གཉའ་ཤིང་བུ་ག་དང་། །རུས་སྦལ་མགྲིན་ཆུད་སྲིད་ཀྱི་ངན་སོང་ལས། །མིར་གྱུར་རྙེད་དཀའ་དེ་བཞིན་རྩིག་ངོས་ཀྱི། །ཞལ་ཞལ་ལོགས་ལ་སྲན་མ་ཆགས་སྲིད་ཀྱི། །མིར་གྱུར་ནའང་ཡུལ་དབུས་སྐྱེས་པ་དཀོན། །ཨུ་དུམ་ཝཱ་ར་འཇིག་རྟེན་འབྱུང་དཀའ་བ། །དེ་བས་ཆོས་ཞུགས་ཡང་དག་ལམ་འཕྲད་དཀོན། །ཁབ་མིག་རས་ཡུག་ཚུད་པ་དཀའ་བས་ཀྱང་། །ལམ་རྙེད་དེ་དག་ཚུལ་བཞིན་སྒྲུབ་པས་དཀོན། །མཚོ་གླིང་དག་ནས་ནོར་བུ་རྙེད་པས་ཀྱང་། །ཡང་དག་བླ་མ་རྙེད་པར་དཀའ་བས་ན། །དེ་དག་བསམ་ལ་བརྩོན་པས་སྒྲུབ་འཚལ་ལོ། །ཞེས་གསུང་པ་ལྟར་སྤྱིར་མི་ལུས་རྙེད་དཀའ། ཁྱད་པར་ཆོས་ལྡན་གྱི་མི་ལུས་འདི་འདྲ་རྙེད་པ་ནི། སྔོན་དམ་པའི་ཆོས་ལ་འདུན་པ་དང་སྦྱིན་སོགས་བསོད་ནམས་རྒྱ་ཆེན་པོ་བསགས་པའི་འབྲས་བུ་བསླུ་མེད་ཡིན་ཏེ། བཤེས་སྤྲིངས་ལས། མཐུན་པར་གྱུར་པའི་ཡུལ་ལ་གནས་བཅས་ཤིང་། །སྐྱེས་བུ་དམ་པ་རྣམས་ལ་བསྟེན་པ་དང་། །བདག་ཉིད་ལེགས་སྨོན་སྔོན་ཡང་བསོད་ནམས་བགྱིས། །འཁོར་ལོ་ཆེན་པོ་བཞི་ནི་ཁྱོད་ལ་མངའ། །ཞེས་གསུང་། དེས་ན་ད་རེས་ལུས་རྟེན་འདིའི་སྟེང་དུ་སྙིང་པོ་ཞིག་ལེན་དགོས། གྲོང་ཆོག་པ་རྣམས་ཀྱིས་བསྐྱེད་རྫོགས་གང་ཡང་མེད་པར་ཞལ་ཟས་རུལ་པ་སྨན་རཀ་གཡའ་ཁུ་མ་ཞིག་བླུགས་ནས་སྙིང་པོ་མེད་ལས་དངོས་གྲུབ་སྙིང་པོ་བླངས་ཟེར་བ་ལ་དོན་འབྲས་ཅི་ཡང་མེད། མི་གཙང་བའི་རང་བཞིན་ཅན་གྱི་ལུས་རྟེན་འདི་ལ་སྙིང་པོ་དམ་པའི་ཆོས་ཀྱི་སྙིང་པོ་ཞིག་ལོན་ན་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྙིང་པོ་དེ་ཡིན། ད་རེས་འདིའི་སྟེང་ཡར་འགྲོ་མར་འགྲོའི་ས་མཚམས་རྟ་ཁ་སྲབ་ཀྱི་བསྒྱུར་བ་ལྟ་བུ་ཞེས་སྐྱིད་སྡུག་གང་གདམ་ན་ཡང་ད་ལྟ་རང་ལག་ན་ཡོད་དེ། དམ་པའི་ཆོས་ཤིག་སྒྲུབ་ན་ཚེ་སྟོད་ལས་ཚེ་སྨད་སྐྱིད། ཚེ་སྨད་བས་བར་དོ་སྐྱིད། བར་དོ་བས་ཡང་སྲིད་སྐྱེ་བ་ཕྱི་མ་སྐྱིད། དེས་ན་བདེ་ནས་བདེ་བར་འགྲོ་བ་ཡིན་ཏེ། སྤྱོད་འཇུག་ལས། བྱང་ཆུབ་སེམས་ཀྱི་རྟ་ཞོན་ནས། །བདེ་ནས་བདེ་བར་འགྲོ་བ་ལ། །སེམས་ཤེས་སུ་ཞིག་སྒྱིད་ལུག་འགྱུར། །ཞེས་དང་། བསོད་ནམས་ཀྱིས་ནི་ལུས་བདེ་ལ། །ཤེས་རབ་ཀྱིས་ནི་སེམས་བདེ་ན། །གཞན་དོན་འཁོར་བར་གནས་ཀྱང་ནི། །སྙིང་རྗེ་ཅན་དག་ཅི་སྟེ་སྐྱོ། །ཞེས་པས། བསོད་ནམས་ཀྱིས་ལུས་བདེ་སྟེ་རིགས་དང་ཡོན་ཏན་གྱི་འབྱོར་པ་ཐོབ་ཅིང་། ཡེ་ཤེས་ཀྱིས་སེམས་བདེ་སྟེ་དོན་དམ་སྤྲོས་བྲལ་དང་ཀུན་རྫོབ་སྒྱུ་མ་ལྟ་བུར་མཐོང་བས་འཁོར་བའི་སྡུག་བསྔལ་གྱི་འཇིགས་པ་དང་བྲལ་བས་བདེ་བར་འགྱུར་ལ། སྡིག་པ་མི་དགེ་བ་ཞིག་སྒྲུབ་ན་ཚེ་སྟོད་ལས་ཚེ་སྨད་སྡུག །ཚེ་སྨད་བས་བར་དོ་སྡུག །བར་དོ་བས་ཡང་སྲིད་ཕྱི་མ་སྡུག་སྟེ་ངན་འགྲོ་མུ་མཐའ་མེད་པར་འཁྱམ་དགོས་པས་ད་རེས་འདིར་སྐྱེས་བུ་ཆེན་པོའི་ལམ་བླ་ན་མེད་པར་སྙིང་པོ་ཞིག་ལེན་དགོས་བསམ་མོ། །

གསུམ་པ་རྙེད་པ་དོན་ཆེ་བར་བསམ་པ་ནི། དེ་ལྟ་བུའི་རྟེན་ཕུན་སུམ་ཚོགས་པ་ཐོབ་དུས་འདིར། གནས་སྐབས་སྐྱེས་བུ་ཆུང་ངུའི་ལམ་གྱི་འབྲས་བུ་མངོན་པར་མཐོ་བའི་རྟེན་གྱི་འབྱོར་པ་མཐའ་དག་དང་། འབྲིང་གི་ལམ་ཐེག་པ་འོག་མའི་མྱང་འདས་དང་། ཆེན་པོའི་ལམ་བླ་ན་མེད་པའི་བྱང་ཆུབ་ཀྱང་དཀའ་བ་མེད་པར་སྒྲུབ་ནུས་ལ། གཞན་ཡང་། རྒྱལ་བ་ཐམས་ཅད་ཀྱང་རྟེན་འདི་ལ་བརྟེན་ནས་གདོད་མའི་སར་གཤེགས་པ་ཤ་སྟག་ཡིན་ཞིང་། རྟེན་འདི་ལྟ་བུ་མ་ཐོབ་ན་ཐར་པ་ལྟ་ཅི་མཐོ་རིས་ཀྱི་བདེ་འབྲས་ཙམ་ཡང་སྒྲུབ་པའི་ཐབས་གཞན་མེད་དེ། ཙནྡྲ་གོ་མིས། བདེ་གཤེགས་ལམ་བསྟེན་འགྲོ་བ་འདྲེན་པ་ཆས་གྱུར་ཅིང་། །སེམས་ཀྱི་སྟོབས་ཆེན་མི་ཡིས་རྙེད་པ་གང་ཡིན་པའི། །ལམ་དེ་ལྷ་དང་ཀླུ་ཡིས་མི་རྙེད་ལྷ་མིན་དང་། །མཁའ་ལྡིང་རིག་འཛིན་མིའམ་ཅི་དང་ལྟོ་འཕྱེ་མིན། །མི་ཡི་དངོས་པོ་ཤིན་ཏུ་རྙེད་དཀའ་རྙེད་གྱུར་ན། །དོན་དུ་བརྣག་པ་གང་ཡིན་དེ་ནི་བསྟུན་ཏེ་སྒྲུབ། །ཅེས་དང་། ཨོ་རྒྱན་ཆེན་པོས། རྙེད་དཀའི་དལ་འབྱོར་མི་ལུས་རིན་ཆེན་འདི། །རྒྱུ་རྐྱེན་དཔེ་གྲངས་གང་ལ་བརྟགས་དཔྱད་ཀྱང་། །ངེས་པར་དཀའ་སྟེ་རྒྱལ་ཀུན་འདིར་བརྟེན་འདུས། །དེ་ཕྱིར་དལ་འབྱོར་རྙེད་དཀའ་བསམ་པ་ལ། །ཕོངས་པས་གཏེར་རྙེད་བཞིན་དུ་སྤྲོ་བ་བསྐྱེད། །ཉིན་མཚན་མི་དལ་དམ་ཆོས་སྒྲུབ་པར་བྱ། །ཞེས་དང་། གཏེར་ཆེན་བླ་མའི་ཟབ་གཏེར་ལས། དེ་ལྟར་དལ་འབྱོར་གྱི་མི་ལུས་རིན་པོ་ཆེ་འདི་ཉིད་དགོས་འདོད་འབྱུང་བའི་ཡིད་བཞིན་གྱི་ནོར་བུ་དང་འདྲའོ། །རྙེད་པར་དཀའ་བ་ནི་ཉིན་མོའི་སྐར་མ་དང་འདྲའོ། །སྡིག་པ་མི་དགེ་བའི་ལས་གསོག་པས་མི་གཙང་བའི་སྣོད་དང་འདྲའོ། །འཇིག་པར་སླ་བ་ནམ་སྨད་ཀྱི་མེ་ཏོག་དང་འདྲའོ། །འདི་ཡར་འགྲོ་མར་འགྲོའི་ས་མཚམས་བྱེད་པས་ལམ་ཁ་བྲག་དང་འདྲའོ། །དགེ་བའི་རྩ་བ་མཐའ་དག་གི་རྟེན་བྱེད་པས་ཞིང་ས་གཤིན་པོ་དང་འདྲའོ། །མཐོ་རིས་དང་ཐར་བར་འཛེག་པའི་ཐེམ་སྐས་དང་འདྲའོ། །འཁོར་བ་དང་ངན་སོང་དུ་ལྟུང་བར་བྱེད་པའི་གཅོང་རྡོ་དང་འདྲའོ། །ཞེས་གསུང་། དེས་ན་རང་ཅག་རྣམས་ཀྱིས་དབུལ་པོས་ཡིད་བཞིན་གྱི་ནོར་བུ་རྙེད་པ་ལྟར་ད་རེས་འདོད་དོན་ཁྱད་པར་ཅན་སྒྲུབ་ཏུ་རུང་བའི་རྟེན་ཕུན་སུམ་ཚོགས་པ་ཐོབ་པའི་དུས་འདིར། སྔར་མདོ་མེད་དུ་དེ་ཙམ་ཞིག་ཐལ། ད་ནི་ཅི་ནས་ཀྱང་ཆུད་ཟོས་དང་སྟོང་ལོག་ཏུ་མི་གཏོང་བར་ལུས་ངག་ཡིད་གསུམ་དམ་པའི་ཆོས་ལ་བརྩོན་པ་བསྐལ་ཆེན་གྱི་མེ་སྦར་བ་ལྟ་བུ་བྱ་དགོས། རང་རེ་རྣམས་ཀྱིས་ཚེ་འདིའི་བྱ་བྱེད་སྤྱོད་ལམ་ཐམས་ཅད་ནི་གཅིག་རྗེས་སུ་གཅིག་བསླེབས་ཏེ་ཆུ་ཡི་གཉེར་མ་ལྟ་བུ་ལས་ཟིན་ཚར་དུས་མེད་ཅིང་མདོ་དོན་ཆུང་། འཆི་དུས་ཕན་ཆད་རྒྱུན་ཆགས་སུ་ཕན་པ་དམ་པའི་ཆོས་ཁོ་ན་མ་གཏོགས་གཞན་མེད་སྙམ་ནས་ཚེ་འདིའི་འཁོར་འདབ་གཉེན་བཤེས་ལོངས་སྤྱོད་སོགས་གང་ལའང་མ་ཆགས་པར་ཐར་པའི་ལམ་སྣ་ཟིན་པའི་ཐབས་ཁོ་ན་ལ་འབད་དགོས། གལ་ཏེ་མ་འབད་ན་དེད་དཔོན་རྒྱ་མཚོའི་གླིང་ལས་སྟོང་ལོག་བྱེད་པ་ལས་ཀྱང་ཆེས་བླུན། སྲོག་མ་ཆད་ཀྱང་རོ། འདྲེས་མ་ཁྱེར་ཡང་སྨྱོན་པ། དབུགས་མ་བྲལ་ཡང་བེམ་པོ་དང་ངེས་པར་འདྲ་སྟེ། སྤྱོད་འཇུག་ལས། འདི་འདྲའི་དལ་བ་རྙེད་གྱུར་ནས། །བདག་གིས་དགེ་གོམས་མ་བྱས་ན། །འདི་ལས་བསླུས་པ་གཞན་མེད་དེ། །འདི་ལས་རྨོངས་པ་གཞན་མེད་དོ། །ཞེས་དང་། གཏེར་ཆེན་བླ་མས། དལ་དང་འབྱོར་པས་བརྒྱན་པ་མི་ཡི་རྟེན། །རྙེད་ལས་ཆེས་རྙེད་དཀའ་ཞིང་དོན་ཆེ་བ། །འདི་འདྲ་ཐོབ་ནས་གཏན་འདུན་མ་བསྒྲུབ་ན། །དེ་ལས་རྨོངས་ཤིང་བླུན་པ་ཅི་ཞིག་ཡོད། །ཅེས་གསུང་པ་ལྟར་ཡིན་པས། གྲུ་ཡོད་དུས་ཆུ་བོ་ལས་བརྒལ་དགོས། དཔའ་བའི་དཔུང་ཚོགས་དུས་དགྲ་སྡེ་འདུལ་དགོས། ཆུ་ལུད་དྲོད་གཤེར་འཛོམས་དུས་ས་བོན་ཅི་ཐེབས་ལ་བརྩོན་དགོས་པ་བཞིན་དུ། ད་རེས་ལམ་སྒྲུབ་པའི་མཐུན་རྐྱེན་ཐམས་ཅད་ཕུན་སུམ་ཚོགས་པའི་དུས་འདིར་བྱ་བ་ཐམས་ཅད་མདོ་མེད་དུ་མ་སོང་བར་སྐྱེ་བ་གཏན་གྱི་སོ་ནམ་རང་འགོ་འདོན་པའི་འདུན་གྲོས་སུ་དམ་པའི་ཆོས་གཤའ་མ་ཞིག་རང་མི་བྱེད་རེ་ཤི་སྙམ་ནས་དྲག་ཏུ་བསམ་པར་བྱའོ། །བློ་འབྱོངས་པའི་ཚད་དགེ་བཤེས་སྤྱན་སྔ་པ་ལྟ་བུ་ཞིག་དགོས། ཁོང་མནལ་ཡེ་མ་ལོག་པར་དགེ་སྦྱོར་ཁོ་ན་མཛད་པས། དགེ་བཤེས་སྟོན་པས། བུ་ཁམས་དུབ་པ་རེ་སང་། ཁམས་ལོག་ཉེན་ཡོད་གསུང་པས། ཁམས་སང་བ་ཡང་དེ་ཀ་ལགས་ཏེ། བདག་གི་དལ་འབྱོར་རྙེད་དཀའ་བསམ་ཙ་ན། ཁམས་སང་ལོང་མི་འདུག་གསུང་། ཁོང་གིས་མི་གཡོ་བའི་བསྙེན་པ་དུང་ཕྱུར་དགུ་གསུང་པ་ཡིན། མི་ཚེ་ལ་མནལ་ཡེ་མ་ལོག་པ་ཡིན་ནོ། །དེ་ལྟ་བུའི་བློ་ངེས་པར་མ་སྐྱེས་བར་དུ་བསྒོམ་པར་བྱའོ། །

གཉིས་པ་འཆི་བ་མི་རྟག་པ་བསམ་པ་ལའང་གསུམ། ངེས་པར་འཆི་བ་བསམ་པ། ནམ་འཆི་ཆ་མེད་བསམ་པ། འཆི་བ་ལ་ཅིས་ཀྱང་མི་སྟོངས་པར་བསམ་པ་གསུམ་ལས། དང་པོ་ནི། ནམ་ཞིག་འཆི་བ་འོང་སྙམ་པ་ཐམས་ཅད་ལ་ཡོད་ཀྱང་། རེ་ཞིག་མི་འཆི་སྙམ་པའི་བློ་ངན་དེ་འཆི་ཁ་ཚུན་ཆད་ལ་འབྱུང་། བློ་ངན་དེས་བསླུས་ནས། ཚེ་འདིའི་རྣམ་གཡེང་ལ་འབྱམས། ཕྱི་མའི་དོན་སྒྲུབ་པ་ལ་ཕྱི་བཤོལ་ལེ་ལོའི་དབང་དུ་འགྲོ་བས་མི་རྟག་པ་བསྒོམ་པ་གལ་ཆེ་སྟེ། དེ་ཡང་སྤྱི་མཐུན་གྱི་བསོད་ནམས་ལས་གྲུབ་པའི་ཕྱི་སྣོད་ཀྱི་འཇིག་རྟེན་འདི་ཡང་ཆགས་པའི་མགོ་བརྩམས་པ་ན་མས་ནས་ཡར་ཆགས་ཏེ་ནམ་མཁའ་ཅི་ཡང་མེད་པའི་དབྱིངས་སྟོང་ལ་གོ་འབྱེད་པའི་ཁོངས་སུ། རླུང་རྡོ་རྗེའི་རྒྱ་གྲམ་རྡོ་རྗེས་ཀྱང་མི་ཤིགས་པ་ཆགས། དེའི་སྟེང་དུ་ཆུ་ཡི་དཀྱིལ་འཁོར་རྡོ་རྗེ་ལྟར་སྲ་བ་ཆགས། དེའི་སྟེང་དུ་དབང་ཆེན་གསེར་གྱི་ས་གཞི་མུ་ཁྱུད་ཆེན་པོ་བསམ་གཏན་དང་པོའི་ཚད་ཙམ་ཆགས་པའི་ནང་དུ་ཁམས་རབ་འབྱེད་པའི་རླུང་གི་རི་རབ། འབྲིང་འབྱེད་པའི་རླུང་གི་གསེར་རི། ཐ་མ་འབྱེད་པའི་རླུང་གིས་གླིང་བཞི་རྡོ་སོལ་ལྕགས་རི་དང་བཅས་པ་ཆགས། བཅུད་ཀྱི་སེམས་ཅན་རྣམས་ཡས་ནས་མར་ཆགས་ཏེ་སྲིད་རྩེ་ནས་བཟུང་སྟེ་དམྱལ་བའི་བར་དུ་རྟོག་པ་ཇེ་རགས་ཇེ་རགས་སུ་སོང་སྟེ་རིམ་གྱིས་དམྱལ་བའི་སེམས་ཅན་གཅིག་སྐྱེ་བའི་བར་ཆགས་པ་ལ་བར་བསྐལ་ཉི་ཤུ་དང་། དེ་ནས་གནས་པའི་མགོ་བརྩམས་ཏེ། སྐྱེ་དགུ་རྣམས་ཚེ་ལོ་དཔག་མེད་ནས་བཅུ་པའི་བར་དུ་འགྲིབ་པར་ཡ་ཐོག་རིང་མོ། དེ་ནས་ཚེ་ལོ་བརྒྱད་ཁྲིར་འཕེལ་ཏེ། ཡང་བཅུ་པའི་བར་དུ་འགྲིབ་པའི་ཁུག་པ་གཅིག་སྟེ། དེ་ལྟར་འཕེལ་འགྲིབ་བཅོ་བརྒྱད་རྫོགས་ནས་ཡར་འཕེལ་དཔག་མེད་དུ་འཕེལ་ནས་གཅིག་འགྲིབ་པ་ན་སངས་རྒྱས་མོས་པ་བྱོན་ནས་བརྒྱད་ཁྲིར་ཐུག་པར། མ་ཐོག་ཐུང་ངུ་ཞེས་བྱ་སྟེ་གནས་པའི་བར་བསྐལ་ཉི་ཤུ། བརྒྱད་ཁྲི་ནས་འཇིག་པའི་མགོ་བརྩམས་ཏེ་ཞིང་འདིའི་དམྱལ་བ་ལ་སེམས་ཅན་གསར་སྐྱེས་གཅིག་མེད་པར་ཞིང་གཞན་གྱི་དམྱལ་བར་སྐྱེས་ཤིང་སྐྱེ་ཟིན་རྣམས་ལས་སྲབ་ནས་གནས་གོང་མར་སྐྱེས་པ་སོགས་རིམ་གྱིས་སྟོང་པ་ནས་བཟུང་། ཚེ་ལོ་བཅུ་པའི་ཚོད་ལ་བསྐལ་པ་འཇིག་པའི་མེ་བདུན་གྱིས་ཐམས་ཅད་ཚིག་ནས་ཐལ་བར་བྱེད་ལ། མེ་ནི་ཉི་མ་སྟེ། མདོ་ཁ་ཅིག་ལས་ཉི་མ་བདུན་དུ་གསུང་ལ། ལ་ལ་ནས་ཉི་མ་བདུན་གྱི་དྲོད་ཉི་མ་གཅིག་ལ་ཡོད་པར་གསུངས། དོན་ལ་ཉི་མ་བྱེ་བ་ཕྲག་བརྒྱ་བོ་ཉིད་བདུན་འགྱུར་གྱིས་ཚར་སོང་སྟེ་འཚིག་པ་ཡིན། དེ་ནས་ཐལ་བ་དེ་དག་ཆུས་བཤལ། རླུང་གི་གཏོར་བས་མཐར་ནམ་མཁའ་གཅིག་ཏུ་གྱུར་པའི་བར་དུ་འཇིག་པའི་བར་བསྐལ་ཉི་ཤུ། དེ་ནས་ནམ་མཁའ་སྟོང་པ་གཅིག་ཏུ་གྱུར་པ་སྟོང་པའི་བར་བསྐལ་ཉི་ཤུ་སྟེ། ཏིང་འཛིན་རྒྱལ་པོ་ལས། ནམ་ཞིག་འཇིག་རྟེན་ཁམས་འདི་འབྱུང་བ་དང་། །འཇིག་རྟེན་ཐམས་ཅད་ནམ་མཁར་གྱུར་པའི་ཚེ། །ཇི་ལྟར་སྔོན་བཞིན་ཕྱིས་ཀྱང་དེ་བཞིན་ཏེ། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །ཞེས་གསུངས་པ་བཞིན། ཕྱིའི་སྣོད་བཅུད་འཇིག་པའི་དཔེས། ནང་རང་གི་ལུས་ཀྱང་འཇིག་སྟེ། ལུས་འདི་སྣོད་དང་། རྣམ་ཤེས་བཅུད་ཀྱི་སེམས་ཅན་ལྟ་བུ་ཡིན། དང་པོ་མའི་མངལ་དུ་ཆགས་ནས་བཙའ་བའི་བར་ཆགས་པ། བྱིས་པ་ནས་ན་བའི་བར་གནས་པ། འཆི་ནད་ཀྱིས་བཏབ་ནས་འཆི་བའི་བར་འཇིག་པ། དཀར་ལམ་ཆུ་འཇིག །དམར་ལམ་མེ་འཇིག །ནག་ལམ་རླུང་འཇིག །བརྒྱལ་བ་སྟོང་པའི་སྐབས་ཡིན་པས་ཕྱི་ནང་སྣོད་བཅུད་ཐམས་ཅད་མི་རྟག་པའི་ཚུལ་ལ་བསམ་ཏེ་ཐུན་དང་ཐུན་མཚམས་སྔ་མ་བཞིན་བྱ། སྤྱིར་མཐོ་སྲིད་པའི་རྩེ་མོ་ནས་དམའ་ན་རཀ་དམྱལ་བའི་གདན་ལ་ཐུག་པ་ཡན་ཆོད་སྐྱེ་ཤིའི་འཁོར་ལོ་ལས་མ་འདས་ཏེ། ཚེ་རིང་པོ་བསྐལ་པར་ཐུབ་པ་རྣམས་ཀྱང་འཆི། ཐུང་བ་སྐད་ཅིག་ལས་མེད་ཀྱང་འཆི། བར་མ་ལོ་ཟླ་ཞག་སོགས་ཐུབ་པ་རྣམས་ཀྱང་འཆི་བ་ལས་མ་འདས་ཏེ། མྱ་ངན་བསལ་བ་ལས། སའམ་འོན་ཏེ་མཐོ་རིས་ན། །སྐྱེས་ནས་ལ་ལ་མ་ཤི་བ། །འགའ་ཞིག་ཁྱོད་ཀྱིས་མཐོང་བའམ། །ཐོས་སམ་འོན་ཏེ་ཐེ་ཚོམ་ཟ། །ཞེས་གསུང་། བྱེ་བྲག་སྔོན་གྱི་དུས་སུ་བྱོན་པའི་མར་མེ་མཛད་སོགས་འཁོར་ཉན་ཐོས་དང་བྱང་ཆུབ་སེམས་དཔའི་ཚོགས་དང་བར་བར་དུ་རང་སངས་རྒྱས་བཅས་བྱོན་ནས། ཐེག་གསུམ་དམ་པའི་ཆོས་ཀྱིས་གདུལ་བྱ་རྣམས་ཀྱི་ངོ་སྐལ་བཞིན་དོན་མཛད་ཅིང་སྐུ་མྱ་ངན་ལས་འདས་ཤིང་བསྟན་པ་དམ་པའི་ཆོས་ཀྱང་རིམ་གྱིས་ནུབ། ད་ལྟ་བདག་ཅག་གི་སྟོན་པ་མཉམ་མེད་ཤཱཀྱའི་རྒྱལ་པོའི་བསྟན་པ་འདི་ལ་ཉན་ཐོས་དང་བྱང་སེམས་ཀྱི་ཚོགས་དང་། རྒྱན་དྲུག་མཆོག་གཉིས་མཁན་སློབ་ཆོས་གསུམ་སོགས་རྒྱ་བོད་གཉིས་ན་སྐྱེས་ཆེན་གནམ་ཀྱི་སྐར་ཚོགས་ལྟ་བུ་བྱོན་པ་རྣམས་ཀྱང་སྐུ་གཤེགས་ཤིང་བསྟན་པ་དམ་པའི་ཆོས་ཀྱི་ལྷགས་ཞབས་ཙམ་སྟེ། ཏིང་འཛིན་རྒྱལ་པོ་ལས། གང་ཡང་སངས་རྒྱས་རང་སངས་རྒྱས། །སངས་རྒྱས་རྣམས་ཀྱི་ཉན་ཐོས་ཀྱང་། །སྐུ་ལུས་འདི་བཞིན་སྤང་མཛད་ན། །སྐྱེ་བོ་ཕལ་པ་སྨོས་ཅི་དགོས། །ཞེས་གསུང་། སྐྱེ་ནདགུའི་བདག་པོ་ཚངས་པ་ཁྱབ་འཇུག་སོགས་ཚེ་བསྐལ་བར་ཐུབ་ཅིང་གཟི་བརྗིད་ཕུན་སུམ་ཚོགས་པ་རྣམས་ཀྱང་། ཀུན་མཁྱེན་ཆོས་རྗེས། ས་གསུམ་འབྱོར་པ་དམ་པའི་གཞི་གྱུར་པ། །ཚངས་དང་བདེ་འབྱུང་མིག་སྟོང་དབང་པོ་སོགས། །གྲགས་དང་བསོད་ནམས་གཟི་འོད་འབར་བ་ཡི། །འཆི་བདག་གནས་ལས་རྒྱལ་བའི་སྐབས་མེད་ལ། །ཞེས་གསུང་། ལྷ་མིའི་དྲང་སྲོང་མངོན་ཤེས་ལྔ་དང་ལྡན་ཞིང་རྫུ་འཕྲུལ་གྱིས་ནམ་མཁར་འགྲོ་བ་རྣམས་ཀྱང་། མྱ་ངན་བསལ་བ་ལས། དྲང་སྲོང་ཆེན་པོ་ལྔ་མངོན་ཤེས། །མཁའ་ལ་རྒྱངས་རིང་འགྲོ་བ་ཡང་། །གང་དུ་འཆི་མེད་སྤྱོད་ཡུལ་བའི། །ས་དེར་འགྲོ་བ་ནུས་མ་ཡིན། །ཞེས་གསུང་། འཇིག་རྟེན་མི་ཡུལ་འདིར་ཡང་གླིང་བཞི་ལ་དབང་བསྒྱུར་བའི་རྒྱལ་པོ་དང་། རྒྱལ་ཕྲན། བློན་པོ། དགེེ་སྦྱོང་། བྲམ་ཟེ། ཁྱིམ་བདག་སོགས་འགྲོ་བ་ཇི་སྙེད་པ་ཀུན་ཀྱང་འཆི་བ་ལས་མ་འདས་ཏེ། ཆེད་དུ་བརྗོད་པ་ལས། རིན་ཆེན་བདུན་ལྡན་རྒྱལ་པོ་དང་། །གཞན་ཡང་རྒྱལ་ཕྲན་བློན་པོ་དང་། །དགེ་སྦྱོང་བྲམ་ཟེ་ཁྱིམ་བདག་སོགས། །འགྲོ་བ་འདི་ཀུན་མི་རྟག་སྟེ། །རྨི་ལམ་འགྲོ་བ་ཇི་བཞིན་ནོ། །ཞེས་གསུང་། མདོར་ན་ལུས་ཅི་འདྲ་ཞིག་བླང་། གནས་གྲོགས་ལོངས་སྤྱོད་གང་ལ་བརྟེན་ཀྱང་འཆི་བ་ལས་མ་འདས། ས་སྟེང་འདིར་འགྲོ་བ་སྔར་བྱུང་བ། ད་གཟོད་འབྱུང་འགྱུར། ད་ལྟ་དངོས་སུ་ཡོད་པ་འདི་ཐམས་ཅད་འཆི་བ་ལས་མ་འདས། རང་རེའི་མཐོང་ཆོས་སུའང་། ཡུལ་གྱི་ནང་མི་ཁྱིམ་མཚེས། གྲོགས་གཉེན་འདུན་སྒོ་ཁྱི་ར་ཕྱུགས། དགྲ་སྡང་བ། ན་ཟླ་སྤུན་སྲིང་སོགས་དགྲ་གཉེན་བར་མའི་འགྲོ་བ་ཅི་ཙམ་ཞིག་ཤི། དེས་ན་བདག་ལ་མི་འཆི་བའི་བློ་གདེང་ཅི་ཞིག་ཡོད་དེ། མདོ་ལས། བྱུང་དང་འབྱུང་བར་འགྱུར་པ་ཇི་སྙེད་པ། །ཀུན་ཀྱི་ལུས་འདི་གཏོང་ནས་འགྲོ་བ་དང་། །དེ་ཀུན་འཇིག་པར་མཁས་པས་རྟོགས་བགྱི་སྟེ། །ཆོས་ལ་གནས་བགྱི་ངེས་པ་སྤྱད་པ་སྤྱོད། །ཅེས་གསུང་། གཞན་ཡང་ད་ལྟ་ཅུང་ཟད་གནས་པའི་སྐབས་འདིར་ཡང་། སྔོན་བསྐལ་པ་རྫོགས་ལྡན་གྱི་དུས་དང་། སུམ་ལྡན་དང་། ཉིས་ལྡན་དང་། ཐ་མ་རྩོད་ལྡན་གྱི་དུས་བཞིར་འགྱུར་བ་དང་། མི་ཚེ་གཅིག་ལའང་བཙས་པ་བུ་ཆུང་གི་དུས་དང་། བྱིས་པ་གཞོན་ནུའི་དུས་དང་། དར་ལ་བབས་པའི་དུས་དང་། རྒས་ཤིང་འཁོག་པའི་དུས་བཞིར་འགྱུར་བ་དང་། ལོ་གཅིག་ལའང་དཔྱིད་ས་བོན་རྨོ་རྐོའི་དུས་དང་། དབྱར་ལོ་འདབ་རླན་རྒྱས་ཀྱི་དུས་དང་། སྟོན་འབྲས་བུ་བཅུད་རྫོགས་ཀྱི་དུས་དང་། དགུན་ས་རྐམ་རྡོ་འཁྱགས་ཀྱི་དུས་བཞིར་འགྱུར་བ་དང་། དེ་བཞིན་དུ་ཉིན་མཚན་སྐད་ཅིག་ཐང་ཅིག་གིས་འགྱུར་བས་ཀྱང་མི་རྟག་པར་མངོན་སུམ་གྱིས་གྲུབ་ལ། ཕྲ་བ་ཆོས་ཉིད་ཀྱི་མི་རྟག་པ་བྱིས་པ་རྣམས་ཀྱིས་དངོས་སུ་མི་མཐོང་ཡང་འཕགས་པ་རྣམས་ཀྱིས་གཟིགས་པས་མི་བསླུ་བར་གྲུབ་ལ། དོན་དུ་བེམ་ཤེས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་སྐད་ཅིག་མའི་ཕྲེང་བ་ལས་མ་འདས་པ། དེས་ན་སྐད་ཅིག་རེ་རེ་སྡོད་པ་མེད་པར་འཆི་བ་ལ་ཇེ་ཉེར་སོང་བས་སྔར་དེ་ཙམ་ཞིག་འདས། ད་དུང་ཡང་བསྣོན་པ་མེད་ཅིང་བར་མ་ཆད་དུ་འགྲིབ་པ་ཡིན་ཏེ། སྤྱོད་འཇུག་ལས། ཉིན་མཚན་སྡོད་པ་ཡོངས་མེད་པར། །ཚེ་འདི་རྟག་ཏུ་གོད་འགྱུར་ཞིང་། །སྣོན་པ་གུད་ནས་འོང་མེད་ན། །བདག་ལྟ་འཆི་བ་ཅིས་མི་འགྱུར། །ཞེས་གསུང་། གཞན་ཡང་བསགས་པ་ཐམས་ཅད་མི་རྟག་སྟེ་འཛད། མཐོན་པོ་ཐམས་ཅད་མི་རྟག་སྟེ་དམའ། དར་བ་ཐམས་ཅད་མི་རྟག་སྟེ་གུད། འདུས་པ་ཐམས་ཅད་མི་རྟག་སྟེ་འབྲལ། བཟང་པོ་ཐམས་ཅད་མི་རྟག་སྟེ་འགྱུར། བརྩེགས་པ་ཐམས་ཅད་མི་རྟག་སྟེ་འགྱེལ། སྐྱེས་པ་ཐམས་ཅད་མི་རྟག་སྟེ་འཆི་བར་འགྱུར་བས་གང་ལའང་ཡིད་བརྟན་མི་རུང་སྟེ། འདུལ་བ་ལུང་ལས། བསགས་པ་ཀུན་ཀྱི་མཐའ་འཛད་ཅིང་། །མཐོན་པོ་རྣམས་ཀྱི་མཐའ་ལྷུང་འགྱུར། །སྐྱེས་པའི་མཐའ་ནི་འཆི་བ་སྟེ། །འདུས་པའི་མཐའ་ནི་འབྲལ་བ་ཡིན། །ཞེས་གསུང་པས། རང་རེ་རྣམས་ཀྱིས་གཞོན་པའི་དུས་སུ་བསམ་པ་མ་རྙེད་པས་ཆོས་མ་བྱུང་། མཐར་རྒས་ནས་ཆོས་བྱེད་ལོ་བྱས་ཀྱང་ལུས་སེམས་ཀྱི་སྟོབས་ཟད་པས་བོགས་སྐྱེད་མི་འབྱུང་། དེའི་བར་ཕྱེད་ནི་གཉིད་ཀྱིས་འདས། ཕྱེད་ཀྱང་འགྲོ་འདུག་བྱ་བྱེད་སོགས་དོན་མེད་འབའ་ཞིག་གིས་དུས་འདའ་བས་ཆོས་བྱེད་པའི་སྐབས་ཅུང་ཟད་ཅིག་མི་འདུག་པའི་ཚུལ་ལ་བསམ།

གཉིས་པ་ནམ་འཆི་ཆ་མེད་བསམ་པ་ནི། སྤྱིར་སྒྲ་མི་སྙན་མ་གཏོགས་འགྲོ་བ་གཞན་གྱི་ཚེ་ལ་ངེས་པ་མེད། བྱེ་བྲག་འཛམ་བུ་གླིང་པའི་ཚེ་ལ་ངེས་པ་མེད། ཡང་སྒོས་སྙིགས་མ་ལྔ་བདོའི་ཚེ་ལ་ངེས་པ་མེད་དེ་གཏེར་ལུང་རྣམས་ལས་སུམ་བཅུ་ཁ་རལ་དུ་གསུངས། གལ་ཏེ་སྔོན་གྱི་དགེ་བའི་མཐུས། ཚེ་ལོ་དྲུག་ཅུ་བདུན་ཅུ་ཙམ་འཕང་དུ་སྲིད་ཀྱང་། དེ་རིང་ནས་བརྩི་རྒྱུ་མིན། སྔར་དེ་ཙམ་འདས། ད་ཇི་ཙམ་ཐུབ་མི་དཔོག །རྒན་པ་རྣམས་འཆི་བ་ཡོལ་ཟེར་པ་མེད། གཞོན་པ་རྣམས་ལ་འཆི་བས་མི་ཚུགས་ཟེར་བ་མེད། ཕྲུ་གུ་རྣམས་ལ་འཆི་མ་རན་ཟེར་བ་མེད་པར། རྒན་གཞོན་བར་མའི་གོ་རིམ་ངེས་པ་ཅན་མེད་པར་གློ་བུར་དུ་ཤི་བ་མཐོང་ཐོས་སུ་གྱུར་པ་རྣམས་ལ་བརྟག་ནའང་རང་ཅག་ཀྱང་དེའི་རང་བཞིན་ལས་མ་འདས་པར་ངེས་ཏེ། ཆེད་དུ་བརྗོད་པའི་ཚོམས་ལས། གང་གི་ནུབ་མོ་ཁོ་ན་ནས། །མངལ་དུ་དང་པོ་འཇུག་པའི་མི། །དེ་ནི་བསྣོན་མེད་གོད་འགྱུར་ཞིང་། །སོང་བ་ལས་ཀྱང་བཟློག་པ་མེད། །སྔ་དྲོ་སྐྱེ་བོ་མང་མཐོང་བ། །ཕྱི་དྲོ་ཁ་ཅིག་མཐོང་མི་འགྱུར། །ཕྱི་དྲོ་སྐྱེ་བོ་མང་མཐོང་བ། །སྔ་དྲོ་ཁ་ཅིག་མཐོང་མི་འགྱུར། །སྐྱེས་པ་བུད་མེད་མང་པོ་དག །དར་ལ་བབ་པའང་འཆི་འགྱུར་ན། །དེ་ལ་མི་འདི་གཞོན་ཞེས་ཏེ། །གསོན་པའི་གདེང་དྲོད་ཅི་ཞིག་ཡོད། །ཁ་ཅིག་མངལ་དུ་འཆི་བར་འགྱུར། །དེ་བཞིན་ཁ་ཅིག་བཙས་པའི་སར། །ཁ་ཅིག་གོག་པོ་འགོག་ཙམ་ནས། །དེ་བཞིན་ཁ་ཅིག་ཡོངས་རྒྱུག་ནས། །ལ་ལ་རྒས་དང་ལ་ལ་གཞོན། །ལ་ལ་དར་ལ་བབ་པའི་མི། །རིམ་གྱིས་རབ་ཏུ་འགྲོ་འགྱུར་ཏེ། །འབྲས་བུ་སྨིན་པ་ལྟུང་བ་བཞིན། །ཞེས་གསུང་། དེས་ན་ང་ལོ་ཉུང་སྙམ་ནས་མི་འཆི་བའི་གདེང་མེད། ཟས་གོས་སོགས་ཀྱི་མཐུན་རྐྱེན་འཛོམས་སྙམ་ནས་མི་འཆི་བའི་གདེང་མེད། ནད་མེད་སྙམ་ནས་མི་འཆི་བའི་གདེང་མེད། གལ་ཏེ་མི་འཆི་བའི་གདེང་ཞིག་སྟོན་པ་ཐུགས་རྗེ་ཅན་གྱི་ལུང་བསྟན་ནམ། རང་ལ་ཟག་མེད་ཀྱི་མངོན་ཤེས་ཐོབ་ནས་མི་འཆི་བ་ཤེས་པའམ། གཤིན་རྗེ་ཆོས་རྒྱལ་དང་འཕྲད་ནས་འདི་ཙམ་དུ་ཁོ་བོས་ཁྲིད་ཅེས་ཤག་པོ་བསྒྲིགས་ནས་གནང་བ་ཡོད་ན་མ་གཏོགས། ད་ལྟའི་ཚེ་འདིའི་འཕེན་པ་ནི་སྣུམ་ཟད་པའི་མར་མེ་བཞིན་དེ་རིང་སང་ཉིན་ཙམ་ལས་ཨེ་ཡོད་མི་ཤེས། གལ་ཏེ་ཚེ་ཟད་པ་ལ་སངས་རྒྱས་སྨན་བླ་བྱོན་ནས་སྨན་སྦྱིན་རྒྱུ་དང་། ཚེ་དཔག་མེད་ཀྱིས་ཚེ་དབང་བསྐུར་རྒྱུ། ཕྱག་ན་རྡོ་རྗེས་སྲུང་སྐྱོབ་བྱེད་རྒྱུ་མེད་པས་འོ་སྐོལ་སང་གནང་དང་ཚེ་ཕྱི་མ་གང་སྔ་མི་ཤེས་པས། ཚེ་འདིའི་བྱ་བྱེད་ཀྱིས་ཅི་བྱ། ལུས་ནི་ཆུ་བུར་ལྟར་ཉམ་ཆུང་། དབུགས་ནི་ན་བུན་ལྟར་ཡལ་སྐྱེན། སེམས་ལ་རང་དབང་མ་ཐོབ་པས་གར་འགྲོ་བརྟོལ་མེད། འཆི་བའི་རྐྱེན་ནི་མང་། གསོན་པའི་རྐྱེན་ནི་ཉུང་། ཤི་རྐྱེན་དེ་ཡང་འདིས་བྱེད་དང་འདིས་མི་བྱེད་བྱ་བ་མེད་དེ། ཕྱིའི་རྐྱེན་ལོངས་སྤྱོད་དང་སྙན་གྲགས་ལ་སོགས་དོན་དུ་གཉེར་ནས་གཡུལ་ངོར་ཕྱིན་པའམ། གཅན་གཟན་ཁྱི་སོགས་ཀྱིས་རྨུགས་པའམ། མཛོ་གཡག་རྭ་ཅན་གྱིས་བརྡུངས་པའམ། རྟ་སོགས་ཀྱིས་བསྐྱུར་ནས་འཆི་བ་སོགས་མི་དང་དུད་འགྲོ་དང་གདོན་ལ་སོགས་པ་སེམས་ཅན་དུ་གཏོགས་པ་དང་། གཡང་ས་དང་མེ་ཆུ་མཚོན་ཆ་ལ་སོགས་པ་སྣོད་དང་འབྱུང་བར་གཏོགས་པ། ནང་ལུས་ལ་ནད་རིགས་བཞི་བརྒྱ་རྩ་བཞི་སོགས་མདོར་ན་འཆི་རྐྱེན་འདིས་མི་བྱེད་བྱ་བ་མེད། མི་འཆི་བར་འཚོ་བའི་རྐྱེན་དུ་འདོད་པའི་ཟས་གོས་གནས་མལ་སྨན་ལ་སོགས་པ་ཡིན་ན། ཁ་ཟས་མ་འཕྲོད་པ་དང་སྨན་མ་ཞུ་པ་སོགས་འཚོ་བའི་རྐྱེན་དུ་རེ་བ་ཡང་ནམ་ཞིག་འཆི་རྐྱེན་བྱེད་པ་མང་བས་དེས་ན་ཕྱི་ནང་གི་དངོས་པོ་ཐམས་ཅད་ལ་འདི་ཀུན་ཀྱིས་ཀྱང་བདག་འཆི་བའི་རྐྱེན་ཇི་ལྟར་བྱེད་མི་ཤེས། ད་ལྟ་རང་ཡང་ཇི་ལྟར་འགྱུར་མི་ཤེས་ཏེ། བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས། གློ་བུར་གྱི་འཆི་བའི་རྐྱེན་དགུ་སྟེ། མི་འཕྲོད་པའི་ཟས་ཟ་བ་དང་། ཟས་འགྲངས་ཀྱང་མང་དུ་ཟ་བ་དང་། སྔ་མ་མ་ཞུ་བར་ཕྱི་མ་ཟ་བ་དང་། བཤང་ལྕི་དུས་སུ་མི་འདོར་བར་བསྡོམ་པ་དང་། ནད་པས་སྨན་པ་དང་ནད་གཡོག་གི་ངག་མི་ཉན་པ་དང་། མཚན་མོ་འགྲོ་བས་གདོན་དང་འབྱུང་པོ་དྲག་པོས་བཏབ་པ་དང་། སྐྱུགས་སྨན་བཏང་ནས་བརྣང་ནས་མི་སྐྱུགས་པ་དང་། མ་བརྟག་པའི་དྲག་ཤུལ་སྤྱོད་པ་དང་། བག་མེད་པར་བུད་མེད་ལ་འཁྲིགས་པ་སྤྱོད་པའོ། །ཞེས་དང་། ལུང་ལས། ཁ་ཅིག་ཟས་ཀྱིས་བརྣང་ནས་འཆི། །ལ་ལ་སྨན་གྱིས་འཆི་བའང་ཡོད། །མི་མཐུན་རྐྱེན་ལྟ་ཅི་ཞིག་སྨོས། །ཞེས་དང་། བཤེས་སྤྲིངས་ལས། ཚེ་འདི་གནོད་མང་རླུང་གིས་བཏབ་པ་ཡི། །ཆུ་ཡི་ཆུ་བུར་བས་ཀྱང་མི་རྟག་ན། །དབུགས་དབྱུང་དབུགས་རྔུབ་གཉིད་ཀྱི་གང་ལོག་པ། །སད་ཁོམ་གང་ལགས་དེ་ནི་ངོ་མཚར་ཆེ། །ཞེས་གསུང་། གཞན་ཡང་གཏེར་ཆེན་བླ་མའི་ཟབ་གཏེར་ལས། སྔར་ཤི་བ་མཐོང་ཞིང་ཐོས་པ་ཐམས་ཅད་ནི་རང་རང་ལ་འཆི་བ་འོང་བའི་བརྡ་སྟོན་པ་དང་འདྲའོ། །ཚེ་ལ་ལོང་སྐབས་མེད་པར་འཆི་བ་ནམ་མཁའི་གློག་འཁྱུག་པ་དང་འདྲའོ། །ཚེ་ལ་གཏད་སོ་མེད་པ་རི་གཟར་གྱི་འབབ་ཆུ་དང་འདྲའོ། །ཚེ་འདི་རྟག་པར་འཛིན་པ་ནམ་མཁའི་འཇའ་ཚོན་འཛིན་པ་དང་འདྲའོ། །ནམ་འཆི་ཆ་མེད་པ་ཤིང་སྡོང་གི་འདབ་ཆགས་འཕུར་བ་དང་འདྲའོ། །འཆི་བའི་ཚེ་གཞན་གང་གིས་ཀྱང་མི་སྟོངས་པ་ཤིང་སྡོང་འགྱེལ་བའི་ཡལ་འདབ་ལོ་འབྲས་དང་འདྲའོ། །ཚེ་མྱུར་དུ་འཛད་པ་ལྟག་ཆུ་བོར་བའི་རྫིང་བུ་མཐིལ་རྡོལ་དང་འདྲའོ། །སྐད་ཅིག་གིས་ཀྱང་འཆི་བར་ཉེ་བ་གསོད་སར་ཁྲིད་པའི་དུད་འགྲོ་དང་འདྲའོ། །ཞེས་དང་། ཕ་དམ་པས། འཆི་བདག་བདུད་ནི་ནམ་འོང་ཚོད་མེད་པས། །དོགས་ཟོན་འཕྲལ་ལ་གྱིས་ཤིག་དིང་རི་བ། །ཞེས་གསུངས། དེས་ན་ནམ་འཆི་ཆ་མེད་སྙམ་དུ་བསམ་པར་བྱ་སྟེ། སྤྱོད་འཇུག་ལས། དེ་རིང་ཁོ་ནར་མི་འཆི་ཞེས། །བདེ་བར་འདུག་པ་རིགས་མ་ཡིན། །ཞེས་དང་། ཀླུ་སྒྲུབ་ཀྱིས། འཆི་བའི་རྐྱེན་ནི་མང་བ་སྟེ། །གསོན་པའི་རྐྱེན་ནི་ཉུང་ཟད་ཅིག །དེ་དག་ཉིད་ཀྱང་འཆི་བའི་རྐྱེན། །དེས་ན་རྟག་ཏུ་ཆོས་མཛོད་ཅིག །ཅེས་གསུངས་པ་བཞིན་ནོ།

གསུམ་པ་འཆི་བ་ལ་ཆོས་མ་གཏོགས་ཅིས་ཀྱང་མི་ཕན་པར་བསམ་པ་ནི། དེ་ལྟ་བུའི་འཆི་བ་དེ་གློ་བུར་ཐོག་བབ་ཏུ་བྱུང་བའི་ཚེ་དམ་པའི་ཆོས་མ་གཏོགས་པའི་ཟས་གོས་གནས་མལ་ལོངས་སྤྱོད་ཕ་མ་གཉེན་བཤེས་གྲོགས་དགའ་མཛའ་སུས་ཀྱང་མི་ཕན། གྲྭ་སྟོང་ཕྲག་མང་པོའི་བླ་མ་ཡིན་ཡང་གྲྭ་པ་གཅིག་ཙམ་ཁྲིད་དབང་མེད། སྡེ་འབུམ་ཕྲག་མང་པོའི་མགོ་དཔོན་ཡིན་ཡང་གཡོག་པོ་གཅིག་ཁྲིད་དབང་མེད། འཛམ་བུ་གླིང་གི་ལོངས་སྤྱོད་ལ་དབང་ཡང་ཁབ་སྐུད་གཅིག་ཁྱེར་དབང་མེད། རྣམ་པར་རྒྱལ་བའི་ཁང་བཟང་ལྟ་བུ་ཡོད་ཀྱང་སྡོད་དབང་མེད་པར་མ་ཟད་ཐ་ན་གཅེས་པར་བསྐྱངས་བའི་ལུས་ཀྱང་ཤུལ་དུ་བཞག་ནས་འགྲོ་དགོས་ཐུག་ལ། དེའི་ཚེ་དཔའ་ཡང་སྟོབས་ཀྱིས་འགྲན་དུ་མེད། འབྱོར་ཡང་ནོར་གྱིས་བསླུ་རྒྱུ་མེད། མཁས་ཀྱང་ཤགས་ཀྱིས་འདེབས་སུ་མེད། མགྱོགས་ཀྱང་བྲོས་ས་དང་གབ་ས་མེད་པར། མལ་གྱི་ཐ་མ་རུ་ཉལ། གཏམ་དང་ཟས་གོས་ཀྱི་ཐ་མ་ལ་སྤྱོད། འཆི་ཁ་གནད་གཅོད་ཀྱི་སྡུག་བསྔལ་དྲག་པོས་ནོན་ཏེ། ཀྱེ་མ་ད་ནི་འཆི་བའོ། །སྙམ་ནས་སྙིང་མི་དགའ་ཞིང་ཡིད་སྐྱོ་དུང་ངེ་བར་སྔར་བྱས་ཀྱི་སྡིག་པ་དྲན་པས་འགྱོད་ཅིང་དམྱལ་མེའི་འུར་སྒྲ་དང་སེམས་ཅན་གྱི་སྨྲེ་སྔགས་གཤིན་རྗེའི་ང་རོ་སོགས་ཐོས་པའི་འཁྲུལ་སྣང་ལང་མ་ལིང་དུ་ཤར་ཏེ་འཇིགས་སྐྲག་ཆེན་པོས་སོར་མོ་བྲང་ལ་འཐམས། བྲང་སེན་རྗེས་ཀྱིས་བཀང་། ངུས་པའི་མཆི་མ་ཁྲག་ཏུ་འབབ། སྡར་སྐད་ཀྱི་འོ་དོད་དྲག་པོ་འབོད་དེ། སྤྱོད་འཇུག་ལས། གློ་བུར་འཆི་བདག་འོངས་ནས་ནི། །ཀྱེ་ཧུད་བཅོམ་ཞེས་སེམས་པར་འགྱུར། །མྱ་ངན་ཤུགས་ཀྱིས་སྐྲག་པ་ཡི། །མིག་དམར་གདོང་ལས་མཆི་མ་འཛག །ཉེ་དུ་རེ་ཐག་ཆད་པ་དང་། །གཤིན་རྗེའི་ཕོ་ཉའི་བཞིན་ལ་བལྟ། །རང་སྡིག་དྲན་པས་གདུང་བ་དང་། །དམྱལ་བའི་སྒྲ་ནི་ཐོས་པ་ཡིས། །སྐྲག་པས་མི་གཙང་ལུས་གོས་ཤིང་། །མྱོས་པར་འགྱུར་ཚེ་ཅི་ཞིག་བྱ། །ཞེས་དང་། ཁྲོ་ཕུ་ལོ་ཙཱས། བྲང་ལག་གི་འཐབ་མོ་ཨ་ཙ་མ། །ཞེས་གསུང་། དེ་ཡང་ཕྱི་དབུགས་ཆད་དུ་ཉེ་བ་ན་ངན་སོང་གི་སུན་མ་བསླེབས་ཏེ་སྣང་བ་ཐམས་ཅད་འཇིགས་སྐྲག་དང་། ཚོར་བ་ཐམས་ཅད་སྡུག་བསྔལ་དུ་སྐྱེས། ལུས་ཀྱི་འབྱུང་བ་སྡུད་དེ། དབུགས་ནི་ངར། ཡན་ལག་ནི་གཡོབ། འདུ་ཤེས་ནི་འཁྲུལ། ཚེ་འདིའི་སྣང་བ་ནི་ནུབ། གཉེན་བཤེས་ཀུན་ཀྱིས་མཐའ་བསྐོར་ཏེ་སྨྲེ་སྔགས་ཀྱིས་ཁྱོད་མ་ཤི་ང་མ་སྐྱུར་ཟེར་ཡང་ད་ལྟ་རང་རེ་ལ་ཆོས་ཕྱོགས་བཤོལ་འདེབས་པ་ལྟ་བུ་དེ་དུས་མི་ནུས་ཏེ། རྒྱལ་སྲས་ཐོགས་མེད་ཀྱིས་རིག་རིག་མིག་གིས་ཉེ་དུའི་གདོང་ལ་བལྟ། །ནོམ་ནོམ་ལག་པས་རང་གི་གོས་ལ་འཇུ། །ངར་ངར་དབུགས་ཀྱི་ཕྲེང་བ་ཆད་ལ་ཉེ། །འཇིགས་འཇིགས་འདྲ་བའི་གཤིན་རྗེས་ཟིན་པ་ན། །ཞེས་གསུང་། དེ་ཡང་ལུས་ཀྱི་རྩ་ཆེན་དང་རྩ་ཕྲན་རྣམས་ཆད་ཅིང་སྲོག་གི་ཟུང་ཆད་ཚེ་ལུས་ཀྱི་ཁྲག་རྣམས་སྲོག་རྩར་འདུས་ཏེ། སྙིང་གི་དཀྱིལ་དུ་ཁྲག་གི་ཐིགས་པ་རྒྱབ་པས་འཇིགས་ཟིང་ཟིང་སྔངས་ཡེད་ཡེད་ཟུག་བཟོད་གླགས་མེད་པར། ཧ་ཞེས་དབུགས་རིང་བ་གསུམ་ཕྱིར་འཕང་པས་ཕྱི་དབུགས་ཁྲོག་གིས་ཆད་དེ། གདོང་སྐྱ་ཧམ་མེ་མིག་སྔོ་ཅེ་རེ། མཆི་མ་ཁྲ་ཐ་རེ་རྣམ་ཤེས་ནག་ཐུམ་གྱིས་བརྒྱལ་ཞིང་ནང་དབུགས་ཆད་པའི་ཚེ་འཆི་ཟེར་བ་དེ་ཡིན། ཀུན་གྱིས་ནད་པ་ཤོར་ཐལ་ཟེར་ཞིང་ངུ་རྒྱང་དིར་གྱིས་སོང་། གཤིན་རྗེའི་ལས་མཁན་ཤིན་ཏུ་ཁྲོས་འཁྲུགས་རྔམས་པའི་རང་གཟུགས། མི་སྡུག་པའི་མགོ་བརྙན་སྣ་ཚོགས་པ། ལུས་ཆེ་བ་ནམ་མཁའ་དང་མཉམ་པ། འབྲིང་བ་རི་རབ་ཙམ། ཆུང་བ་དཔག་ཚད་ཙམ་རེ་ཡོད་པ། ལག་ན་མཚོན་ཆ་སྣ་ཚོགས་ཐོགས་པ། ཁ་ནས་སོད་སོད་དང་རྒྱོབ་རྒྱོབ་འབྲུག་ལྟར་སྒྲོགས་པ། སྡང་མིག་ཉི་ཟླ་ལྟར་འཚེར་བ་བགྲད་པ། སྐྲ་གྱེན་དུ་བརྫེས་པ། ཨམ་གཙིགས་བསྡམ་པ། སོ་ཞོ་ངོམ་པ། བཞིན་རས་བསྡུ་བ། གཉེར་ཚགས་བསྡམ་པ། ལྟོ་བ་ཆེ་བ། ཡན་ལག་རགས་པ། མིག་གིས་བལྟར་མི་བཟོད་པ་དེ་དག་གི་སྤར་སེན་ཤ་བཟུང་ལྟར་རྣོ་བས་ལུས་ལ་འཛིན། ཐག་ཞག་ནག་པོས་སྐེ་ནས་བསྡམ། ཐོ་ལུམ་ཆེན་པོ་མགོ་ལ་བསྣུན་གྱིན་ཕྱི་མའི་ལམ་པོ་ཆེར་རང་གཅིག་པུར་ཁྲིད་པས། ཤ་ཟིང་དང་སྤུ་ཟིང་གི་ངང་དུ་འཁྲུལ་སྣང་འཇིགས་སྐྲག་བཟོད་གླགས་མེད་པ་ལ་སྤྱོད་པའི་ཚེ། སྐྱབས་མེད་མགོན་མེད་གཉེན་མེད་གྲོགས་མེད་གཅིག་པུར་ལམ་ནག་པོ་ཐུར་དུ་བླངས་ཏེ་ལས་ཀྱི་རླུང་དམར་དྲག་པོས་རྒྱབ་ནས་དེད། འཇིགས་པའི་མུན་པ་ནག་པོས་སྔུན་ནས་བསུས། གཤིན་རྗེས་དམག་ཚོགས་རྣམས་ཀྱིས་འཕྲང་ལ་བཅུར་ཏེ་བར་དོའི་རྟགས། འགྲོ་བའི་ལམ་བཞིའི་འོད་དཀར་པོའི་ལམ་ལྷ་དང་ལྷ་མིན། ནག་པོ་དམྱལ་བ། དམར་པོ་ཡི་དྭགས་སེར་པོ་མི་དང་དུད་འགྲོའི་ལམ་ཡིན། ཡ་ང་བའི་གཡང་ས་གསུམ་ནི་སྤྱིར་མུན་ཚབ་ཚུབ་ཀྱི་དུས་ལྟ་བུ་འདོད་ཆགས་ཀྱི་རང་མདངས་གང་དུ་བལྟས་པ་ཐམས་ཅད་དམར་ཟིང་ཟིང་བ་དང་། ཞེ་སྡང་གི་རང་མདངས་དཀར་ལྷག་ལྷག་གཏི་མུག་གི་རང་མདངས་ནག་བུན་བུན་པའི་སྣང་བ་ཤར། འཇིགས་པའི་སྒྲ་བཞི་ནི་ས་གཡོ་ཞིང་རི་ཉིལ་བ་དང་། ཆུ་བོ་རྦ་ཀློང་འཁྲུགས་པ་དང་། ནགས་ཚལ་མེས་ཚིག་པ་དང་། རླུང་དྲག་པོས་གཡོ་ཞིང་འདེགས་པའོ། །ངེས་པའི་རྟགས་ལྔ་ནི། རི་དང་ར་བ་སོགས་ལ་ཐོགས་མེད་དུ་འཇུག་པ་དང་། ལུས་ཀྱི་རྣམ་འགྱུར་དང་ངག་གི་བརྗོད་པ་གཞན་གྱིས་མི་ཐོས། རྐང་རྗེས་དང་གྲིབ་མ་མི་འབྱུང་། མངོན་ཤེས་ཕྲ་མོ་ཡོད། ཉི་ཟླ་མི་མཐོང་པས་མུན་གྱི་སྣང་བ་འཆར་བའོ། །མ་ངེས་པའི་རྟགས་དྲུག་ནི། ཁང་སྟོང་ས་ཕུག་སོགས་གནས་མ་ངེས་པ། ལྷ་ཡི་དྭགས་འདྲེ་སྲིན་སོགས་གྲོགས་མ་ངེས་པ། རང་དབང་དུ་དཀའ་བའི་རིགས་དྲུག་གི་ཟས་སྣ་ཚོགས་སུ་སྣང་བས་ཟས་གོས་མ་ངེས་པ། ཟམ་རྡར་ངལ་སྟེགས་སོགས་རྟེན་མ་ངེས་པ། སྤྱོད་ལམ་སྣ་ཚོགས་སྐད་ཅིག་གིས་འགྱུར་བས་སྤྱོད་ལམ་མ་ངེས་པ། བདེ་སྡུག་གི་སྣང་བ་སྣ་ཚོགས་རྟག་མི་བཟོད་པར་འགྱུར་ཞིང་མ་ངེས་པའོ། །བར་དོའི་འཁྲུལ་སྣང་དེར། འཁྱགས་ལྟོགས་སྐོམ་གསུམ་གྱི་གདུང་བ། འཇིགས་སྐྲག་སྔངས་གསུམ་གྱི་འཚེ་བ། དགྲ་དང་གཅན་གཟན་སོགས་ཀྱིས་དེད་སྣང་། མ་རུངས་པའི་སྒྲ་སྐད་དང་གཅོང་རོང་ཟབ་མོའི་ལམ་འཕྲང་། ཡ་ང་བའི་ཡུལ། ཉམ་ང་བའི་ས། བགྲོད་དཀའ་བའི་གནས་མྱ་ངམ་ཆེན་པོའི་ཐང་། གཡང་ས་དང་ངམ་གྲོག །གད་བྲག་དང་ནགས་ཁྲོད། མེ་དཔུང་དང་ཆུ་བོ། གངས་ཞོད་དང་བུ་ཡུག །རླུང་དམར་འཚུབས་པའི་ཀློང་དུ་གར་འགྲོ་དང་འདིར་འགྲོ་མི་ཤེས། རང་དབང་མི་ཐོབ། ཆ་རྒྱུས་མེད་པའི་ཡུལ་ཕྱོགས་ས་ཚུགས་མེད་པ་དེར། རང་གཅིག་པུར་ཁྱི་སྡོམ་ལྟར་འཁྱམས་ཏེ། ཞག་བདུན་བདུན་རེའི་མཚམས་སུ་སྔར་འཆི་རྐྱེན་མེ་ཆུ་ནད་མཚོན་སོགས་གང་ཡིན་དེས་འཆི་བའི་སྣང་བ་རེའི་སྡུག་བསྔལ་མྱོང་ཞིང་། ཤུལ་མི་རྣམས་ལ་བོས་ཀྱང་མི་གོ་བས་འཚིག་པ་ཟ། དེ་དག་ལ་བརྩེ་གདུང་བྱས་ཀྱང་འདྲེར་འགྱུར། སྐྱེ་བ་ལེན་མི་ཐུབ་པར་ལོ་དང་བསྐལ་པ་སོགས་བར་དོའི་ཚེ་ཚད་ངེས་པ་མེད་དེ། སྔོན་དགྲ་བཅོམ་པ་ཞིག་ཁྱིམ་བདག་གི་སྒོར་བསོད་སྙོམས་ལ་ཕེབས་པར། བར་དོའི་རྣམ་ཤེས་ཉམ་ཐག་པ་མིག་གིས་ལྟ་མི་བཟོད་པ་རྒྱུ་བར་གཟིགས་ཏེ། ཏིང་འཛིན་གྱི་མཐུས་བཀུག་ཏེ། གང་ཡིན་དྲིས་པས། དུད་ཚང་འདིའི་ཕ་མ་ཡིན་ལུས་ལེན་མ་ཐུབ་པས་མི་ཚེ་གསུམ་ལ་འཇིགས་སྐྲག་གི་སྡུག་བསྔལ་ཆེན་པོས་མནར་ཏེ་འདིར་ཆགས་ཞེན་གྱིས་འཁོར་བ་ཡིན་ཟེར་གྱིན་ངུས་པས། མཆི་མ་ཐམས་ཅད་ཁྲག་ཏུ་དམར་ལྷབ་ལྷབ་འབབ་སྐད། ཡང་གཏེར་ཆེན་ཀརྨ་གླིང་པའི་སྲས་ཆུང་བ་རྡོ་རྗེ་རྒྱལ་མཚན་སྐུ་གཤེགས་པའི་རྗེས་ཟླ་བ་བཅུ་གཅིག་མཚམས་སུ་སྐུ་སྲས་ཆེ་བ་ཉི་ཟླ་ཆོས་རྗེ་ཞེས་བར་དོའི་སྒྱུ་ལུས་གྲུབ་པ་དེས་བཙལ་བ་ན། བསྐལ་པའི་མུན་ནག་གི་ཁྲོད་དུ་ལས་རླུང་གིས་དེད་བཞིན་ཤིང་ཅིག་ཁུར་ནས། ང་སྐྱོ་སྐྱོ་འདི་བར་དོའི་རྣམ་ཤེས་སྐྱོ། །སྡུག་སྡུག་འདི་བར་དོའི་རྣམ་ཤེས་སྡུག །ཅེས་སོགས་ཀྱིས་སྐྱོ་གླུ་ལེན་བཞིན་རྒྱུ་བ་གཟིགས་ཏེ་ངོ་སྤྲོད་སོགས་མཛད་ཀྱང་ཚེ་འདིར་ཞེན་ཆེ་བས་ལུས་བླངས་མ་ཐུབ་དེ་རྗེས་ལོ་གཅིག་གི་མཚམས་སུ་བཙལ་སོང་བའི་ཚེའང་སྔར་ལྟར་སྐྱོ་གླུ་ལེན་གྱིན་ཤིང་ཞིག་གཞོག་ཚུལ་གྱིས་ཡོད་པ་ལ། བྱིན་རླབས་མཛད་པས་མི་ལུས་བླངས་བ་རྒྱ་ར་བ་ནམ་མཁའ་རྒྱ་མཚོ་ཟེར་བ་དེ་ཡིན། ཡབ་ཨོ་རྒྱན་པདྨའི་སྤྲུལ་པ་དང་། ཡུམ་རྗེ་བཙུན་སྒྲོལ་མའི་སྤྲུལ་པའི་སྐུ་སྲས་ལའང་ཉེར་ལེན་གྱི་སྡུག་བསྔལ་དེ་འདྲ་ཞིག་ཡོད་ན་རང་རེ་རྣམས་ལ་སྨོས་ཅི་དགོས། ད་ལྟའི་ཡུལ་འདྲེ་དང་ནད་གདོན་གྱི་བདག་པོ་ཕལ་ཆེར། གནས་ཡུལ་ཁང་ཁྱིམ་མི་ནོར་ཟས་གསུམ་སོགས་ལ་ཆགས་ཞེན་ཆེ་བས། གནས་རིས་གང་ལ་ཡང་ལུས་བླངས་མ་ཐུབ་མི་མིན་མི་རུ་བརྫུ་བའི་གནས་ངན་དུ་གྱུར་པས། སྡེ་བརྒྱད་གཞི་བདག་སོགས་ཀྱི་འཁོར་དུ་བཀོལ་བཞིན་འཁྲུལ་སྣང་གི་སྡུག་བསྔལ་དུ་མ་ལ་སྤྱོད་དགོས་པ་མང་། དེ་ལྟར་ཚེ་འདི་ཕྱི་གཉིས་ཀྱི་མཚམས་སུའང་སྡུག་བསྔལ་དེ་འདྲ་ན། ཕྱི་མ་ངན་སོང་གི་སྡུག་བསྔལ་ཚབ་ཆེ་ལ་ཡུན་རིང་བ་བཟོད་གླགས་མེད་པ་སྨོས་ཅི་དགོས་ཏེ། སྤྱོད་འཇུག་ལས། ཁྱོད་ནི་ཉ་གསོན་འགྲེ་བ་ལྟའི། །ཚེ་འདིར་འཇིགས་དང་ལྡན་གྱུར་ན། །སྡིག་བྱས་དམྱལ་བ་མི་བཟོད་པའི། །སྡུག་བསྔལ་རྣམས་ནི་སྨོས་ཅི་དགོས། །ཞེས་གསུངས་ཤིང་དེ་ཚེ་ད་ལྟ་རང་རེ་རྣམས་ཀྱིས་གཅེས་པར་བསྐྱངས་བའི་ལུས་རོ་རུ་གྱུར་ཏེ། ངམ་གནག་པ། ལྗི་ཡོལ་བ། མི་སྡུག་པ། མཐོང་ན་འཇིགས་པ། སྐྱུགས་བྲོ་བ། ཀུན་ཀྱིས་ཡིད་དུ་མི་འོངས་པའི་གནས་སུ་མཐོང་སྟེ། ཡོལ་བས་བསྒྲིབས། ཐ་གུས་བསྡམས། འགྲམ་འོག་ཏུ་སྤོ་ཐོའམ་རྡོ་ཞིག་བཅུག །ཕོར་བ་དེ་སྔས་སུ་སྦུབ་ནས་བཞག །དེ་ནས་མེ་ལ་བསྲེག་གམ། ཆུར་བསྐྱུར་རམ། ས་འོག་ཏུ་བཅུག་གམ། བྱ་ཁྱི་གཅན་གཟན་སོགས་ལ་ཟར་བཅུག་པ་སོགས་ཀྱིས་མེད་པར་བྱེད་ཐབས་ལ་རྩོལ་བ་ལས་གཞན་མེད་དེ། རྗེ་མི་ལས། སེམས་བརྩེ་བ་མང་ཡང་གཅིག་པུར་འགྲོ། །གྲོགས་བཟང་པོ་ཡོད་ཀྱང་སྐྱུགས་བྲོ་ལྟས། །ཕུང་པོ་རྒྱང་དུ་བསྐྱུར་ནས་བྲོས། །མེས་བསྲེག་ཆུར་བསྐྱུར་དོང་དུ་བཅུག །ཅེས་གསུངས་ལ། དེ་དུས་རྗེས་སུ་འབྲང་བ་ནི་རང་གིས་བསགས་པའི་ལས་དགེ་སྡིག་གཉིས་ཁོ་ན་སྟེ། རྒྱལ་པོ་ལ་གདམས་པའི་མདོ་ལས། དུས་ཀྱི་ཉེན་ཏེ་རྒྱལ་པོ་འགྲོ་གྱུར་ན། །ལོངས་སྤྱོད་མཛའ་དང་གཉེན་བཤེས་རྗེས་མི་འབྲང་། །སྐྱེས་བུ་དག་ནི་གར་གནས་གར་འགྲོ་ཡང་། །ལས་ནི་གྲིབ་མ་བཞིན་དུ་རྗེས་སུ་འབྲང་། །ཞེས་གསུངས། དེས་ན་ཕྱི་ནང་སྣོད་བཅུད་ཀྱི་འགྱུར་བ་ཐམས་ཅད་རང་ལ་མི་རྟག་སྟོན་པའི་བརྡར་ངེས་ཤེས་བསྐྱེད་ནས། ཚེ་འདིའི་བྱ་བྱེད་ཐམས་ཅད་ནི་ཟིན་ཚར་དུས་མེད་ཅིང་དོན་ཆུང་། འཆི་དུས་ཕན་ཆད་ཕན་པའི་ཆོས་གཤའ་མ་ཞིག་མི་བྱེད་རེ་ཤི་སྙམ་དུ་ཞེ་དམ་དྲག་པོས་ཆོས་ལ་བརྩོན་པ་སྒེག་མོའི་མགོ་ལ་མེ་ཤོར་བ་ལྟ་བུ་རེ་ཅིས་ཀྱང་བྱེད་དགོས་ཏེ། བཤེས་སྤྲིངས་ལས། མགོ་འམ་གོས་ལ་གློ་བུར་མེ་ཤོར་ན། །དེ་དག་བཟློག་བསླད་བགྱི་བ་བཏང་ནས་ཀྱང་། །ཡང་སྲིད་མེད་པར་བགྱིད་བསླད་འབད་འཚལ་ཏེ། །དེ་བས་ཆེས་མཆོག་དགོས་པ་གཞན་མ་མཆིས། །ཞེས་དང་། ཀུན་མཁྱེན་ཆོས་རྗེས། ཚེ་འདི་མི་རྟག་འཇིམ་པའི་བུམ་པ་འདྲ། །སང་དང་འཇིག་རྟེན་ཕྱི་མའི་སྣང་བ་གཉིས། །སྔོན་ལ་གང་འབྱུང་ངེས་པ་མེད་པས་ན། །དེ་རིང་ཉིད་ནས་དམ་པའི་ཆོས་མཛོད་ཅིག །ཅེས་གསུངས་པ་བཞིན་ནོ། །འབྱོངས་པའི་ཚད་ཁ་རག་སྒོམ་ཆུང་ལྟ་བུ་ཡིན་ཏེ་ཁོང་གཙང་གི་ཇོ་མོ་ཁ་རག་གི་རི་ཁྲོད་དུ་སྒྲུབ་པ་བྱེད་པ་ལ་བྱོན་པས་བྲག་ཕུག་གི་སྒོར་ཚེར་ཕུང་ཞིག་འདུག་པ་ན་བཟའ་ཐོགས་ནས་དང་པོ་བཅད་སྙམ་པ་ལས་རྗེས་སུ་ཨ་ཅང་བྲག་ཕུག་གི་ནང་འདིར་འཆི་བ་ལས་སླར་ཨེ་ལྡོག་མི་ཤེས་དེ་བས་དགེ་སྦྱོར་རང་བྱས་ན་ཁེབས་ཆེ་དགོངས་ནས་བཅད་རྒྱུ་མ་བྱུང་། ཡང་སྒོར་བྱོན་སྐབས་དེ་བཞིན་བྱུང་བ་ལ་ང་སྒོ་ནང་དུ་ཨེ་ལྡོག་མི་ཤེས་དགོངས་ཏེ། དེ་ལྟར་གནས་དེར་ལོ་བཅུ་གཉིས་ཀྱི་བར་དུ་བཞུགས་ཏེ། བླ་མ་གྲུབ་པ་ཐོབ་ཀྱང་ཚེར་ཕུང་གཅོད་རྒྱུ་མ་བྱུང་པ་ཡིན། དེས་ན་རང་རེ་རྣམས་ཀྱང་དེ་ལྟ་བུ་རྒྱུད་ལ་མ་སྐྱེས་ཀྱི་བར་དུ་མི་རྟག་པ་གཤའ་མ་ཞིག་བསྒོམ་པར་བྱའོ། །

གསུམ་པ་ལས་འབྲས་སྨིན་ཚུལ་བསམ་པ་ལ། ལས་འབྲས་སྤྱིར་བསམ་པ། བྱེ་བྲག་ཏུ་བསམ་པ། ཐམས་ཅད་ལས་ཀྱི་རང་བཞིན་དུ་བསམ་པ་དང་གསུམ་ལས། དང་པོ་ནི། སྤྱིར་ཀུན་སློང་བསམ་པ་བཟང་ཞིང་སྦྱོར་བ་གཞན་ལ་ཕན་པའི་རྒྱུར་འགྱུར་པའི་དགེ་བའི་ལས་ཀྱི་འབྲས་བུ་བདེ་བ་དང་། ཀུན་སློང་ཉོན་མོངས་དུག་གསུམ་སྦྱོར་བ་གཞན་ལ་གནོད་པའི་རྒྱུར་གྱུར་པའི་མི་དགེ་བའི་ལས་ཀྱི་འབྲས་བུ་སྡུག་བསྔལ་ཏེ་དཀར་ནག་གི་ལས་འབྲས་མི་བསླུ་བར་སོ་སོར་སྨིན་ཚུལ་བསམ་གྱིས་མི་ཁྱབ་པར་སངས་རྒྱས་ཀྱི་གསུང་མདོ་སྡེ་རྣམས་དང་བྱེ་བྲག་ལས་བརྒྱ་བ་དང་ལས་རྣམ་འབྱེད་འཛངས་བླུན་དྲན་པ་ཉེར་བཞག །གང་པོའི་རྟོགས་བརྗོད་སོགས་ལས་གསུངས་པ་རྣམས་མཇལ་ཞིང་དེ་ཙམ་མ་ནུས་ན་ཐམས་ཅད་མཁྱེན་པ་ཆེན་པོ་རིགས་བརྒྱའི་ཁྱབ་བདག་རྗེ་བླ་མ་ནས་སྩལ་བའི་ལས་འབྲས་རྣམ་བཞག་ཡང་དག་ཐར་ལམ་བགྲོད་པའི་ཐེམ་སྐས་ལ་སོགས་ལ་ཞིབ་མཇལ་བྱས་ཏེ་དེ་ཐམས་ཅད་ལ་བླང་དོར་བྱེད་དགོས། ལས་དགེ་སྡིག་གང་ཡིན་རུང་། རྒྱུ་ལས་ཀྱི་དུས་ན་ཆུང་ངུ་ལས་མེད་ཀྱང་འབྲས་བུའི་དུས་ན་འཕེལ་ཆེ་སྟེ། མདོ་ལས། སྡིག་པ་ཆུང་ངུ་དག་ལ་ཡང་། །མི་གནོད་སྙམ་དུ་བརྙས་མི་བྱ། །མེ་སྟག་ཆུང་ངུ་ཙམ་གྱིས་ནི། །རྩྭ་ཕུང་རི་ཙམ་བསྲེག་པར་བྱེད། །ཅེས་དང་། དགེ་བ་ཆུང་ངུ་དག་ལ་ཡང་། །མི་ཕན་སྙམ་དུ་བརྙས་མི་བྱ། །ཆུ་ཡི་ཐིག་པ་དག་གིས་ནི། །སྣོད་ཆེན་རིམ་གྱིས་འགེང་པར་བྱེད། །ཅེས་དང་། ཀུན་མཁྱེན་འཇིགས་མེད་གླིང་པས། གང་ཞིག་ས་བོན་ཡུངས་འབྲུ་ཙམ་པའི་ཤིང་། །ཨ་ཤྭ་ཏ་ཡི་འབྲས་བུ་ལོ་དུས་སུ། །ཡལ་ག་རེ་ལའང་དཔག་ཚད་ཙམ་འཕེལ་པས། །དགེ་སྡིག་གཟུགས་བརྙན་འཕེལ་བའི་དཔེར་མི་ཕོད། །ཅེས་གསུང་། དེས་ན་རང་གིས་བསགས་པའི་ལས་དེ་གཉེན་པོས་མ་བཅོས་ན། འབྲས་བུ་མ་སྨིན་གྱི་བར་དུ་ཆུད་འཛད་པ་མི་སྲིད་པས་བླང་དོར་གྱི་གནས་ལ་གཟབ་པ་གལ་ཆེ་སྟེ། མདོ་ལས། ལུས་ཅན་དག་གི་ལས་རྣམས་ནི། །བསྐལ་པ་བརྒྱར་ཡང་ཆུད་མི་ཟ། །ཚོགས་ཞིང་དུས་ལ་བབས་པ་ན། །འབྲས་བུ་ཉིད་དུ་སྨིན་པར་འགྱུར། །ཞེས་གསུངས་པ་བཞིན་ནོ། །

གཉིས་པ་བྱེ་བྲག་ཏུ་བསམ་པ་ལ། མི་དགེ་བ་སྤང་བྱར་བསམ་པ། དགེ་བ་བསྒྲུབ་བྱར་བསམ་པ། ལུང་མ་བསྟན་དགེ་བར་བསྒྱུར་པ་གསུམ་ལས། དང་པོ་ནི། དེ་ལ་འཁོར་བའི་སྡུག་བསྔལ་ཐམས་ཅད་རྒྱུ་མི་དགེ་བ་ལས་བྱུང་མོད། མི་དགེ་བ་དེ་ལ་ཡང་། གང་སྤྱད་པ་ཙམ་གྱིས་ཐར་ལམ་ལ་བར་དུ་གཅོད་ཅིང་སྡིག་ཏུ་འགྱུར་བ་རང་བཞིན་གྱི་ཁ་ན་མ་ཐོ་བ། གང་བཅས་པ་ཉིད་ནས་སྡིག་ཏུ་འགྱུར་བ་བཅས་པའི་ཁ་ན་མ་ཐོ་བ། འཇིག་རྟེན་ན་སྐྱེ་བོས་སྨད་ཅིང་སྡིག་ཏུ་འགྱུར་བ་འཇིག་རྟེན་གྱི་ཁ་ན་མ་ཐོ་བ་གསུམ་ལས། དང་པོར་ཡུལ་ལ་ལྟོས་ནས་སྟོབས་ཆེ་བ་ཚེ་འདི་ཉིད་ཀྱི་ཕ་གསོད་པ། མ་གསོད་པ། དགྲ་བཅོམ་པ་བཀྲོང་བ། དགེ་འདུན་འཁོར་ལོའི་དབྱེན་བྱེད་པ། དེ་བཞིན་གཤེགས་པའི་སྐུ་ལ་ངན་སེམས་ཀྱི་ཁྲག་འབྱིན་པ་སྟེ། འདི་ལྔ་ལས་གང་རུང་རེ་སྤྱད་ན་སྐྱེ་བ་གཞན་གྱི་བར་མཚམས་མེད་པར་ངན་སོང་དམྱལ་བ་ཆེན་པོ་མནར་མེད་པར་སྐྱེ་བར་འགྱུར་བས་མཚམས་མེད་པའི་ལས་ཞེས་བྱའོ། །མཆོད་རྟེན་གཤིགས་པ། བྱང་སེམས་ངེས་གནས་བཀྲོང་པ། དགྲ་བཅོམ་མ་ལ་ལོག་པར་གཡེམ་པ། འཕགས་པ་རྒྱུན་ཞུགས་སོགས་སློབ་པ་གསོད་པ། དགེ་འདུན་གྱི་འདུ་སྒོ་འཕྲོག་པ་སྟེ། ཉེས་པ་སྔ་མ་དང་ཆ་འདྲ་བས་ཉེ་བའི་མཚམས་མེད་ལྔ་ཞེས་པའོ། །རྣམ་པའི་སྒོ་ནས་ལུས་ཀྱི་སྲོག་གཅོད་པ་སོགས་བཅུ་ནི་འོག་ཏུ་སྟོན་ལ། ཡུལ་དང་བྱ་བ་གཉིས་ཀ་ལ་ལྟོས་ནས་ལྕི་ཞིང་ལོག་པ་དང་བཅས་པའི་ཁ་ན་མ་ཐོ་བ། རང་ལས་ཡོན་ཏན་ཆེ་བའི་མཁས་པའི་གྲལ་གོང་སྡོད་པ། ཡེ་ཤེས་ལྡན་པའམ་རང་ལས་བསླབ་པ་རྒན་པའི་དགེ་སློང་གི་ཕྱག་ལེན་པ། སྒྲུབ་པ་པོའི་འཚོ་བའི་ཟས་ལ་རང་གར་སྤྱོད་པ། ཚོགས་འཁོར་དང་གཏོར་མའི་ཡོ་བྱད་སོགས་དམ་ལྡན་སྔགས་པའི་རྫས་ལ་སྤྱོད་པ་སྟེ། མི་འོས་པའི་སྤྱོད་པ་ལོག་པ་ལ་ཞུགས་པས་ལོག་པའི་ལྕི་བ་བཞི། མི་ཆོས་ཀྱི་མནའ་ཟོས་པ། ཉན་ཐོས་ཀྱི་འདུལ་ཁྲིམས་ཉམས་པ། བྱང་སེམས་ཀྱི་བསླབ་བྱ་ཉམས་པ། གསང་སྔགས་ཀྱི་དམ་ཚིག་ཉམས་པ་སྟེ། འདི་བཞི་གང་ལ་སྤྱོད་པ་དེའི་རང་རང་གི་ངང་ཚུལ་ཉམས་པར་བྱེད་པའི་ཉམས་པའི་ལྕི་བ་བཞི་དང་། གཏི་མུག་གི་དབང་གིས་རྒྱལ་བའི་བཀའ་ཚད་མར་སྨད་པ། ང་རྒྱལ་གྱིས་མཁས་པ་གཞན་གྱི་ཡོན་ཏན་ལ་སྨོད་པ། ཕྲག་དོག་གིས་གཞན་གྱི་བདེན་པའི་ཚིག་ལ་སྨད་པ། ཕྱོགས་ལྷུང་གིས་གཞན་གྱི་ཆོས་ལ་སྐྱོན་མེད་བཞིན་དུ་ཡོད་པར་སྒྲོ་བཏགས་ནས་དགག་སྒྲུབ་བགྱི་བ་སྟེ་ཡུལ་གཉན་པོ་ལ་སྨད་པས་སྨད་པའི་ལྕི་བ་བཞི་དང་། མཚམས་མེད་ལྔ་ལས་ཁྲག་འབྱིན་ལྕི་སྟེ་གཞན་བཞི་སངས་རྒྱས་ལ་བརྟེན་ནས་བཤགས་ནུས་ཀྱང་འདིས་བཤགས་ཡུལ་སྤང་བའི་ཕྱིར་རོ། །མི་དགེ་བཅུ་ལས་ལོག་ལྟ་ལྕི་སྟེ་རྒྱུ་འབྲས་ཡིད་ཆེས་ཀྱི་ལྟ་བ་ཡོད་ན་གཞན་རྣམས་འཆོས་རུང་ལ། འདིས་ནི་དགེ་རྩ་རྒྱུན་གཅོད་ཅིང་ཕྱིར་འཆོས་མི་སྲིད་དོ། །ངེས་དོན་གྱི་ཆོས་མཉམ་པ་ལ་གཅིག་གི་ཕྱོགས་བཟུང་ནས་གཅིག་ཤོས་ཁྱད་གསོད་ནི་ཆོས་སྤོངས་པའི་སྒྲིབ་པར་འགྱུར་བ་དང་། བྱང་སེམས་གཞན་ལ་ཉེས་པ་བརྗོད་པའི་ས་བོན་གཞི་མེད་པར་གལ་དུ་འཛུགས་ཏེ་ཡོད་པར་སྒྲོ་བཏགས་ནས་སྐུར་བ་འདེབས་པ་སྟེ་ཡུལ་ཁྱད་པར་ཅན་ལ་སྐུར་པ་བཏབ་པས་ཉེས་པ་ཤིན་ཏུ་ལྕི་བའི་ཕྱིར་སྐུར་པའི་ལྕི་བ་བཞི་སྟེ་དེ་ལྟར་བཅུ་དྲུག་དང་། ལོག་པ་བརྒྱད་ནི། དཀར་ནག་ཕྱོགས་ལ་སྨད་དང་བསྟོད། །དགེ་བ་ཅན་གྱི་ཐུགས་དཀྲུགས་དང་། །བསོད་ནམས་ཅན་གྱི་ཚོགས་བཅག་དང་། །བླ་མ་ལྷ་དང་མཆེད་ལྕམ་སྤངས། །དཀྱིལ་འཁོར་གཉན་པོ་དྲལ་དང་བརྒྱད། །འདི་དག་ལོག་པ་བརྒྱད་དུ་གསུང་། །ཞེས་བྱ་བ་ལོག་པ་ལ་ཞུགས་པས་ལོག་བརྒྱད་ལ་སོགས་པའོ། །གཉིས་པ། གང་སྤྱད་པ་ཙམ་གྱིས་ཀུན་ལ་སྡིག་ཏུ་མི་འགྱུར་ཀྱང་། ཁྲིམས་ལྡན་གྱིས་སྤྱད་ན་ཉེས་པར་འགྱུར་བ། རབ་བྱུང་ལ་ཕྱི་དྲོའི་ཁ་ཟས། ཆོས་གོས་འབྲལ་སྤངས། བྱང་སེམས་ལ་གཞན་གྱི་སྡུག་བསྔལ་སེལ་བར་མི་བྱེད་པ་དང་། ནད་གཡོག་མི་བྱེད་པ་སོགས་དང་། གསང་སྔགས་ལ་སྣོད་བཅུད་ཐ་མལ་དུ་འཛིན་པ་ལྟ་བུ་སྟེ་སྟོན་པ་ཐུགས་རྗེ་ཅན་གྱིས་བཅས་པའི་སྡོམ་གསུམ་གྱི་ཉེས་ལྟུང་གི་རིགས་ཇི་སྙེད་པའོ། །གསུམ་པ། འཇིག་རྟེན་ན་སྐྱེ་བོ་ཡ་རབས་རྣམས་ཀྱིས་མཐོང་ཞིང་ཐོས་ན་སྨད་པར་འགྱུར་བའི་གནས། བླང་དོར་གྱི་གནས་མི་ཤེས་པ་དང་། ཤེས་ཀྱང་མ་གུས་པ་དང་། བྱ་བ་ཀུན་ལ་མ་བརྟགས་པར་བག་མེད་པར་འཇུག་པ་དང་། དཀོན་མཆོག་དང་ལས་འབྲས་སོགས་ལ་ཡིད་ཆེས་ཀྱི་དད་པ་མེད་པ་དང་། ཉོན་མོངས་པ་རགས་པས་རྒྱུད་རྩུབ་ཅིང་མ་བསྡོམས་པ་སོགས་ཏེ། མདོར་ན་ཀུན་གྱིས་འཕྱ་ཞིང་ཁྲེལ་བར་འགྱུར་བའི་སྡིག་པའི་ལས་རྣམས་སོ། །དེ་ཐམས་ཅད་ཀྱི་ནང་ནས་ཀྱང་སེམས་བསྐྱེད་པའི་བྱང་ཆུབ་སེམས་དཔའ་དང་བླ་མ་རྡོ་རྗེ་སློབ་དཔོན་མཆེད་དང་ལྕམ་དྲལ་བཅས་པ་ལ་གནོད་པའི་ལས་བགྱིས་པ་དང་དམ་པའི་ཆོས་སྤངས་པ་སོགས་ནི་ཉེས་པ་ཤིན་ཏུ་ལྕི་བར་གསུངས་སོ། །དེ་དག་གིས་མི་དགེ་བའི་ལས་སྤྱིར་བསྟན་ནས། ལས་བཅུའི་རང་བཞིན་བྱེ་བྲག་ཏུ་བསམ་པ་ནི། མཛོད་ལས། དེ་ནས་ཆེ་ལོང་བསྡུས་ནས་ནི། །དགེ་དང་མི་དགེ་ཅི་རིགས་པར། །ལས་ཀྱི་ལམ་ནི་བཅུར་བཤད་དོ། །ཞེས་དང་། རྫོགས་པ་ཆེན་པོ་སེམས་ཉིད་ངལ་གསོ་ལས། མི་དགེའི་ལས་བཅུ་ལུས་གསུམ་ངག་གི་བཞི། །ཡིད་གསུམ་རིམ་བཞིན་སོ་སོར་དབྱེ་བ་ནི། །ཞེས་སྡེ་ཚན་གསུམ་དུ་བསྡུས་པ་ལས།

དང་པོ་ལུས་ཀྱི་གསུམ་ལས་སྲོག་གཅོད་པའི་ངོ་བོ་ནི་འཚོ་བའི་རྒྱུན་གཅོད་པ་ཡིན། དབྱེ་ན། དུག་གསུམ་གྱི་སྒོ་ནས་འབྱེད་དེ་འདོད་ཆགས་ཀྱིས་ཤ་དང་པགས་པ་སོགས་འདོད་པའི་ཕྱིར་གསོད་པ། ཞེ་སྡང་གིས་ཀུན་ནས་མནར་སེམས་པས་མི་ཤ་ཆགས་པ་སོགས་གསོད་པ། གཏི་མུག་གིས་དེ་ལྟ་བུའི་བསམ་པ་གང་ཡང་མེད་ཀྱང་བྱིས་པས་བྱེའུ་གསོད་པ་ལྟ་བུ་ཡིན། དེའི་ཡན་ལག་བཞི་སྟེ། སྡིག་པ་འདི་ལྟ་བུ་བྱའོ་སྙམ་པའི་བློ་སྔོན་དུ་སོང་བ་དང་གཅིག །སྦྱོར་བ་དོན་དུ་གཉེར་བ་སྟེ་དེ་ལ་རྩོལ་བས་འཇུག་པ་དང་གཉིས། དངོས་གཞི་ཉམས་སུ་མྱོང་སྟེ་བསད་པ་དང་གསུམ། མཇུག་འགྱོད་པ་མེད་པར་རྗེས་སུ་ཡི་རང་པ་དང་བཞིས་རྫོགས་པ་ཡིན། འདིར་སྐབས་ཀྱི་འཕྲོས་དོན་ཅུང་ཟད་བཤད་ན། གོང་སྨོས་གཏི་མུག་གི་སྲོག་གཅོད་པ་དངོས་ནི། གཞན་གཞུང་ལས་མ་ཧཱ་དེ་བ་དང་། དཀའ་བཟློག་མ་སོགས་མཆོད་པའི་ཕྱིར་མ་ཧེ་སོགས་གསོད་པར་བཤད་པ་དང་། ཀླ་ཀློ་རྣམས་ཀྱི་སྲོག་གཅོད་དགེ་བར་འཛིན་པ་དེ་ཡིན་ལ། དེང་སང་བླ་སེར་རྣམས་གྲོང་ཆོག་ཏུ་བྱོན་རྒྱུ་དང་རྟེན་བཞེངས་སོགས་ལ་དམིགས་ནས་སྲོག་གཅོད་པ་ནི། དེ་དག་གི་ལྟ་གྲུབ་དང་མི་མཐུན་ཡང་སྤྱོད་པ་ནི་མཉམ་པོར་ཞུགས་པ་ཡིན་པས་ནང་པ་སངས་རྒྱས་པའི་ལུགས་ལས་གཞན་དུ་གྱུར་པར་ཤེས་པར་བྱ་དགོས་ཏེ། ཇི་སྐད་དུ། སངས་རྒྱས་འཇིག་རྟེན་ཕན་བརྩོན་པའི། །ཆོས་ནི་འཚེ་བ་མེད་པ་ཡིན། །དེ་ལ་ཡིད་བརྟེན་དེའི་རྗེས་ཞུགས། །དེ་ཡང་འཚེ་བ་མེད་པར་བརྗོད། །ཡུན་རིང་ཕན་པའི་བྱ་བ་མཛད། །དེ་ལས་བྱང་ཆུབ་ཐོབ་གྱུར་ནས། །རྟག་ཏུ་འཚེ་མེད་ཕན་པར་སྤྱོད། །འཁོར་ལའང་ཕན་པ་བརྩོན་པར་འདོམས། །བྲམ་ཟེའམ་ཡང་ན་དགེ་སྦྱོང་ནི། །གཞན་གྱི་ཐོས་པའི་ཚིག་ལའང་། །འདིས་གནོད་བྱས་པའི་ཚུལ་ཡོད་མིན། །ཀུན་ཏུ་དགེ་བའི་ངང་ཚུལ་འདིའོ། །ཞེས་གསུངས་སོ། །ཚུལ་དེས་རྒྱལ་བ་དགྱེས་པའི་ཐབས་སུ་མི་འགྱུར་ཞིང་རང་གཞན་ཕན་བདེའི་འབྲས་བུ་བསྐྱེད་མི་སྲིད་དེ། སྤྱོད་འཇུག་ལས། ཇི་ལྟར་ལུས་ལ་ཀུན་ནས་མེ་འབར་བ། །འདོད་པ་ཀུན་གྱིས་ཡིད་བདེར་མི་འགྱུར་བ། །དེ་བཞིན་སེམས་ཅན་གནོད་པ་བྱས་ན་ཡང་། །ཐུགས་རྗེ་ཆེ་རྣམས་དགྱེས་པའི་ཐབས་མེད་དོ། །ཞེས་དང་། སྡིག་པ་སྤྱོད་པས་བདེ་འདོད་ཀྱང་། །གང་དང་གང་དུ་འགྲོ་གྱུར་པ། །དེ་དང་དེར་ནི་སྡིག་པ་དེས། །སྡུག་བསྔལ་མཚོན་གྱིས་རྣམ་པར་འཇོམས། །ཞེས་གསུངས་ཤིང་། གཞན་ཡང་རང་གིས་དངོས་སུ་བསད་པ་དང་། གཞན་ལ་ལྐོག་ཏུ་གསོད་བཅུག་པ་སོགས་རྣམ་སྨིན་གྱི་འབྲས་བུ་བསྐྱེད་པ་ལ་ཁྱད་པར་མེད་དེ། མཛོད་ལས། དམག་ལ་སོགས་པ་དོན་གཅིག་ཕྱིར། །ཐམས་ཅད་བྱེད་པ་པོ་བཞིན་ལྡན། །ཞེས་གསུངས། མ་ཟད་རྗེས་སུ་ཡི་རངས་བྱས་པ་ལའང་རྣམ་སྨིན་མཉམ་པར་གསུངས་སོ། །ཉེས་དམིགས་རྒྱས་པར་རྗེ་བླ་མའི་གསུང་རབ་ལས་འབྱུང་བ་དང་འོག་གི་སྐྱབས་འགྲོའི་སྐབས་སུའང་ཅུང་ཟད་སྟོན་ནོ། །དེ་དང་འབྲེལ་བར་ཡུལ་སྲོལ་ཁ་ཅིག་ན་དགེ་འདུན་པར་ཆང་འདྲེན་སྲོལ་དང་། བཙུན་གཟུགས་ཁ་ཅིག་གིས་དེ་ལ་འཕྱོར་ཟས་སུ་བྱེད་པའང་སྣང་མོད། དེས་ནི་རང་ཉིད་སྟོན་པའི་རྗེས་འཇུག་མ་ཡིན་པའི་ནང་ཆ་ཟང་མར་ངོམས་པ་སྟེ། འདུལ་བ་ལུང་ལས། ང་ལ་སྟོན་པར་ཁས་འཆེ་བའི་དགེ་བསྙེན་ཡན་ཆོད་ཀྱིས། ཆང་མི་བཙོ། མི་བླུད། མི་བཏུང་། དེ་ལྟ་མི་བྱེད་ན་ངའི་འཁོར་མིན་ལ། ང་ཡང་དེའི་སྟོན་པ་མིན་ནོ། །ཞེས་གསུངས་ལ། ཐ་མ་ཁ་ནི། སྔོན་སངས་རྒྱས་བཞུགས་དུས་མ་བྱུང་ལ། དེའི་རྗེས་སུ་བྱུང་བས་བཅས་པ་དངོས་ཀྱིས་མ་ཕོག་ཀྱང་། དོན་ལ་མདོ་རྩ་བར། རྩ་བ་དང་སྡོང་པོ་དང་། འདབ་མ་དང་། མེ་ཏོག་དང་། འབྲས་བུ་མྱོས་པར་འགྱུར་བ་རྣམས་ཀྱང་ངོ་། །ཞེས་གསུངས་པའི་བྱེ་བྲག་མྱོས་འགྱུར་གྱི་རྫས་ཏེ། དེ་ལ་བརྟེན་ནས། ཉོན་མོངས་འཕེལ་ཞིང་བསླབ་པ་གཞན་ལའང་གནོད་པའི་ཕྱིར་ཏེ། དེ་ཉིད་ཀྱི་དྲི་རོ་ལ་སྲེད་པ་དང་། དེའི་ཉེས་པར་རྨོངས་པའི་གཏི་མུག །ཕ་རོལ་པོར་འགྲན་སེམས་དང་ཁེངས་སེམས་ཀྱིས་ཀྱང་ཚུལ་དེར་འཇུག་པ་དང་། དེའི་ཆེད་རྫུན་དང་། རློམ་སེམས་དང་། བརྣབ་སེམས་དང་། རྐུ་ཐབས་ཀྱི་སྦྱོར་བ་སོགས་ཉེས་པ་དུ་མ་མངོན་སུམ་གྱིས་མཐོང་ལ་དེས་ན་བཅས་པ་དང་རང་བཞིན་གྱི་ཁ་ན་མ་ཐོ་གཉིས་ཀ་ཡིན་ཞིང་། གུ་རུའི་གཏེར་ལུང་རྣམས་ལས་མིང་དོན་དབྱེ་བ་རྒྱུ་དང་ཉེས་དམིགས་སོགས་རྒྱ་ཆེར་གསུང་ལ། རྗེ་བླ་མ་ཐམས་ཅད་མཁྱེན་པ་ཆེན་པོས་ཀྱང་། དགེ་འདུན་པའི་ཚོགས་གྲལ་དུ་འཐེན་པ་པོ་གཅིག་བྱུང་ན་དེར་འཚོགས་ཀྱི་སྒྲུབ་པའི་འབྲས་བུ་ཆུད་གསོན་པ་དང་། རྟེན་ཁྱད་པར་ཅན་གྱི་སྤྱན་སྔར་འཐེན་ན་ཡེ་ཤེས་པ་སྐད་ཅིག་ཀྱང་མི་བཞུགས་པར་གཤེགས་པར་འགྱུར་བ་དང་། དབང་དང་རབ་གནས་སོགས་སྐབས་འཐེན་ན་ཡེ་ཤེས་པ་དང་དཀར་ཕྱོགས་སྐྱོང་བའི་ལྷ་རྣམས་ཕྱོགས་སུ་ཉེ་མི་ནུས་ཤིང་ནག་ཕྱོགས་དམ་སྲི་འབྱུང་པོའི་ཚོགས་རྣམས་སྤྲིན་བཞིན་དུ་འདུ་བས་མཐོང་བའི་ཆོས་ཚེ་འདི་ལ་ཡང་ནད་མཚོན་མུ་གེའི་བསྐལ་ངན་དར་བ་སོགས་བཀྲ་མི་ཤིས་ཤིང་། ཕྱི་མར་འཐུང་བ་པོ་རྣམས་བསྐལ་པ་གཅིག་གི་བར་དུ་ཚ་བའི་དམྱལ་བ་མྱོང་དགོས་པ་སོགས་ཉེས་པ་མཐའ་ཡས་སོ། །ཞེས་གསུངས། གཉིས་པ་མ་བྱིན་ལེན་པའི་ངོ་བོ་ནི། གཞན་གྱི་རྫས་བདག་གིར་བྱེད་པ་ཞིག་ཡིན། དབྱེ་ན་མཐུས་ལེན་པ་དངོས་སུ་འཕྲོག་པ་ལྟ་བུ། འཇབ་བུས་ལེན་པ་མ་ཚོར་བར་རྐུ་བ། གཡོ་སྒྱུས་ལེན་པ་བྲེ་སྲང་གི་ཟོལ་ལ་སོགས་པ་བྱེད་པ་ཡིན། དེ་རྫོགས་པར་བྱེད་པའི་ཡན་ལག་སྔར་ལྟར་བཞི་ཚང་བས་རྫོགས། གསུམ་པ་འདོད་པས་ལོག་པར་གཡེམ་པའི་ངོ་བོ་ནི། འདོད་པའི་ཡུལ་རང་དབང་དུ་མ་གྱུར་པ་ལ་གཡེམ་པ་ཞིག་ཡིན། དབྱེ་ན། རྒྱལ་པོས་བསྲུངས་པ་རྒྱལ་པོའི་བཙུན་མོ་འབངས་ཀྱིས་སྤྱོད་དུ་མི་རུང་པའམ། ཁྲིམས་བཅས་པས་སྤྱོད་དུ་མི་རུང་པ་ལྟ་བུ། ཕ་མས་བསྲུངས་པ་ནི། རྒྱ་གར་པ་བབ་ཅོལ་དུ་སྤྱད་དུ་མེད་དེ། ཕོ་མོ་ཁྱིམ་དུ་མ་བསྙུན་གྱི་བར་ཕ་མས་བསྲུངས་པ་ལྟ་བུ་ལ་སྤྱད་པའོ། །མི་ཆོས་ཀྱིས་བསྲུངས་པ་ཞེས། མ་སྲིང་ལ་སོགས་པ་ངོ་ཚ་བའི་གནས་ལ་སྤྱོད་དུ་མི་རུང་བའོ། །ལྷ་ཆོས་ཀྱི་བསྲུངས་པ་ཞེས། སློབ་དཔོན་གྱི་ཕྱག་རྒྱ་མའམ། འདུལ་ཁྲིམས་ཅན་ལ་སོགས་པ་ཡིན། བདག་གི་དབང་དུ་བྱས་པའི་གྲོགས་ལའང་སྤྱད་དུ་མི་རུང་བའི་སྐབས་ཡོད་དེ། དུས་མི་རུང་བ་ཉ་སྟོང་བརྒྱད་གསུམ་ལ་མི་རུང་། གནས་དཀོན་མཆོག་གི་རྟེན་སོགས་ཀྱི་སྤྱན་སྔར་མི་རུང་། ཡན་ལག་མ་ཡིན་པ་བྱོལ་སོང་གི་སྤྱོད་ཚུལ་སོགས་མི་རུང་ངོ་། །དེ་དག་ནི་ཁྱིམ་པའི་དབང་དུ་བྱས་ཀྱི། ཚངས་སྤྱོད་རྣམས་ནི་མི་ཚངས་སྤྱོད་པ་ཅི་འདྲ་ཞིག་བརྟེན་ཀྱང་ལོག་གཡེམ་མོ། །དེ་རྫོགས་བྱེད་ཡན་ལག་སྔར་ལྟར་བཞི་ཚང་བས་རྫོགས།

གཉིས་པ་ངག་གི་མི་དགེ་བ་བཞི་སྟེ། དང་པོ་རྫུན་དུ་སྨྲ་བའི་ངོ་བོ་ནི། དངོས་པོའི་ཆོས་ལ་མི་གནས་པ་ལ་དེར་ངག་གི་བརྗོད་པ། དབྱེ་ན། ཕན་གནོད་མེད་པའི་རྫུན་རྒན་པོས་རྫུན་བྱེད་པ་ལྟ་བུ། ཕན་གནོད་ཡོད་པའི་རྫུན་ཡུལ་གཅིག་ལ་ཕན་གཅིག་ལ་གནོད་པའི་རྫུན་དང་། མི་ཆོས་བླ་མའི་རྫུན་ཞེས་ཏེ་བདག་གི་རྒྱུད་ལ་མངོན་པར་ཤེས་པ་ལ་སོགས་པའི་ཡོན་ཏན་ཡོད་པར་སྨྲ་བ་རྣམས་ཡིན། དེ་རྫོགས་བྱེད་ཡན་ལག་སྔར་ལྟར་བཞི་ཚང་བས་རྫོགས། གཉིས་པ་ཕྲ་མའི་ངོ་བོ་ནི་གཞན་གྱི་མཛའ་བོ་དབྱེ་བ་ཞིག་ཡིན། དབྱེ་ན། བཙན་ཕྲ་ཞེས་བྱ་སྟེ་ངོས་ནས་རྒོལ་བ་དང་། གཞོགས་ཕྲ་སྟེ་ཟུར་ཟློས་བྱེད་པ་དང་། ལྐོག་ཕྲ་སྟེ་ལྐོག་ཏུ་གཞན་ལ་སོ་སོར་སྒྲོགས་པ་རྣམས་ཡིན། ཡན་ལག་སྔར་དང་འདྲ། གསུམ་པ་ཚིག་འཁྱལ་བའི་ངོ་བོ་ནི། དལ་བ་ཆུད་གསོན་པ་ཞིག་ཡིན། དབྱེ་ན། མི་དཔོན་དང་། སྒྲུང་རྡེའུ་དང་། བྲེ་མོའི་གཏམ་མོ། །ཡན་ལག་སྔར་དང་འདྲ། བཞི་པ་ཚིག་རྩུབ་གྱི་ངོ་བོ་ནི། གཞན་གྱི་ཞེ་གཅོད་པའི་ངག །དབྱེ་ན། ངོ་མཚང་འབྲུ་བ། བརྒྱུད་དེ་ཞེ་གཅོད་པ། ལྐོག་ཏུ་ཞེ་གཅོད་པ་རྣམས་ཡིན། ཡན་ལག་བཞིས་རྫོགས།

གསུམ་པ་ཡིད་ཀྱི་མི་དགེ་བ་ལ་གསུམ་སྟེ། དང་པོ་བརྣབ་སེམས་ཀྱི་ངོ་བོ་ནི། ཕུན་སུམ་ཚོགས་པ་ལ་ཆགས་པ། དབྱེ་ན། བདག་གི་ལ་ཡོད་པ་གཞན་ལ་མི་གཏོང་བ། གཞན་གྱི་དེ་བདག་གི་དབང་དུ་བྱ་བར་འདོད་པ། དེ་གཉིས་ཀ་མ་ཡིན་པའི་བདག་པོ་མེད་པ་ས་འོག་གི་གཏེར་ལྟ་བུ་ཕུན་སུམ་ཚོགས་པ་ལ་ཆགས་པ་རྣམས་ཡིན། ཡན་ལག་བཞིས་རྫོགས་ཏེ་ཡིད་ཀྱི་གསུམ་པོའི་གཞི་བསམ་སྦྱོར་བ་མཐར་ཐུག་གི་ཕྱི་མ་གསུམ་ངོ་བོ་གཅིག་ཀྱང་ལྡོག་པ་ཙམ་གྱི་སྒོ་ནས་དབྱེ་གསུང་། ཀུན་མཁྱེན་གྱིས། གཞན་གྱི་ཡོ་བྱད་ལ་སོགས་པ་རང་གི་ཡིན་པར་གྱུར་ན་ཅི་མ་རུང་སྙམ་པ་ནི་བརྣབ་སེམས་དངོས་དང་། ཐོས་པ་ལ་སོགས་པ་ཕ་རོལ་པོ་ལ་ཁྲོ་བཞིན་དུ་བདག་གིར་གྱུར་ན་སྙམ་པ་ནི་ཕྱོགས་མཐུན་ནོ། །གསུངས་སོ། །གཉིས་པ་གནོད་སེམས་ཀྱི་ངོ་བོ་ནི། གཞན་ལ་བསམ་ངན་འཆང་བ། དབྱེ་ན་ཞེ་སྡང་གི་ཆ་ལས་བྱུང་བ། འཁོན་དུ་འཛིན་པའི་ཆ་ལས་བྱུང་བ། ཕྲག་དོག་གི་ཆ་ལས་བྱུང་བ་གསུམ་ཡིན། ཡན་ལག་བཞིས་རྫོགས། གསུམ་པ་ལོག་པར་ལྟ་བའི་ངོ་བོ་ནི། བདེན་པའི་དོན་ལས་ཕྱིན་ཅི་ལོག་པ། དབྱེ་ན། སྒྲོ་སྐུར་འདོགས་པ་དང་། མུ་སྟེགས་ལྟར་རྟག་ཆད་དུ་ལྟ་བ་དང་། ཁྱི་དང་བྱ་ཡི་དཀའ་ཐུབ་ལ་སོགས་པ་ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་དང་། འཇིགས་ཚོགས་ལ་ལྟ་བ་རྣམས་ཡིན། ཡན་ལག་བཞིས་རྫོགས། ཀུན་མཁྱེན་གྱིས། ལས་འབྲས་ལ་སྐུར་པ་འདེབས་ཤིང་རྟག་ཆད་ཀྱི་མཐར་ལྷུང་བ་ནི་ལོག་ལྟ་དངོས་དང་། ཡང་དག་པའི་ཆོས་དང་དེ་སྟོན་པའི་དགེ་བའི་བཤེས་གཉེན་ལ་སོགས་པ་ཆོས་དང་མཐུན་པ་ལ་སྒྲོ་སྐུར་འདེབས་པ་ནི་དེའི་ཕྱོགས་མཐུན་ནོ་གསུངས་སོ། །དེ་ལྟར་བཅུ་པོ་ནི་ལས་ལམ་རྫོགས་པའི་དབང་དུ་བྱས་ཀྱི། བསམ་བཞིན་མ་ཡིན་པར་ནོར་ཏེ་བསད་པ་སོགས་བཅུ་པོའི་ཕྱོགས་མཐུན་ཐམས་ཅད་ཀྱང་སྤོང་བ་ལ་ནན་ཏན་དུ་བསླབ་པར་བྱའོ། །

མི་དགེ་བ་དེ་དག་གི་འབྲས་བུ་ནི་གསུམ་སྟེ། རྣམ་སྨིན་དང་། རྒྱུ་མཐུན་དང་། བདག་པོའི་འབྲས་བུའོ། །དང་པོ་ནི། མི་དགེ་བ་དེ་དག་ཀྱང་ཀུན་སློང་དྲག་ཞན་ལ་སོགས་པའི་བྱེ་བྲག་གིས་ཆེ་འབྲིང་ཆུང་གསུམ་དུ་འགྱུར་ལ། དེ་ཡང་ཆེ་བས་དམྱལ་བ། འབྲིང་གིས་ཡི་དྭགས། ཆུང་བས་དུད་འགྲོར་སྐྱེ་བ་ཡིན་ཏེ། འོག་ཏུ་བཤད་པའི་སྡུག་བསྔལ་རྣམས་མྱོང་བར་འགྱུར་རོ། །གཉིས་པ་ལ་མྱོང་བ་རྒྱུ་མཐུན་ནི། སྲོག་བཅད་པས་ཚེ་ཐུང་། བརྐུས་པས་ལོངས་སྤྱོད་ཆུང་། ལོག་གཡེམ་ཀྱིས་དགྲ་མང་། རྫུན་གྱིས་སྐུར་བ་མང་། ཕྲ་མས་གྲོགས་དང་མཁོན། ཚིག་རྩུབ་ཀྱིས་མི་སྙན་པ་ཐོས། ངག་འཁྱལ་གྱིས་ངག་མི་བཙུན། བརྣབ་སེམས་ཀྱིས་རེ་བ་མི་འགྲུབ། གནོད་སེམས་ཀྱིས་འཇིགས་པ་བསྐྱེད། ལོག་ལྟས་གླེན་ཅིང་གཏི་མུག་པར་འགྱུར་རོ། །བྱེད་པ་རྒྱུ་མཐུན་ནི། སྔར་ལས་དེ་དང་དེ་བྱས་པས། ཕྱིས་ཀྱང་དེ་དང་དེ་ལ་དགའ་བའོ། །གསུམ་པ་བདག་པོའི་འབྲས་བུ་ནི། ཕྱི་རོལ་ཡུལ་ལ་སྨིན་པར་འགྱུར་ཏེ། སྲོག་གཅོད་ཀྱིས་འབྲུ་དང་སྨན་སོགས་མཐུ་ཆུང་། བརྐུས་པས་ལོ་ཉེས། ལོག་གཡེམ་གྱིས་ས་ཕྱོགས་རྡུལ་དང་ཁུག་སྣ་ཆར་རྡུལ་གྱིས་འཁྲིགས། རྫུན་སྨྲས་པས་ས་ཕྱོགས་དྲི་ང་ཞིང་ལྗན་ལྗིན་གྱིས་གང་། ཕྲ་མས་ས་གཞི་གཡང་ས་དང་ངམ་གྲོག་རད་རོད་དུ་གྱུར། ཚིག་རྩུབ་ཀྱིས་ཐང་སྐྱ་བོ་དང་ཚེར་མ་དང་ཚ་སྒོ་ཅན་དུ་འགྱུར། བཀྱལ་བས་ནམ་ཟླ་དུས་བཞི་ཚུལ་མིན་དུ་འགྱུར། བརྣབ་སེམས་ཀྱིས་འབྲུ་ཕྲ་བ་དང་ངན་པར་འགྱུར། གནོད་སེམས་ཀྱིས་རོ་བཅུད་བཟང་པོ་རྣམས་ངན་པར་འགྱུར། ལོག་ལྟས་འབྲུ་རྣམས་ཉུང་ངུ་ནས་གཏན་མེད་ཀྱི་བར་དུ་འགྱུར་བ་སོགས་སོ། །དེ་ལྟར་རྒྱུ་མཐུན་དང་བདག་པོའི་འབྲས་བུ་འདི་རྣམས་སྐྱེ་བ་དེ་དང་ཕྱི་མའི་བར་སྐབས་མ་ངེས་པར་འབྱུང་བའོ། །དེ་ལྟ་བུའི་མི་དགེ་བ་བཅུ་པོ་ལ། སྡིག་པ་ཆེ་ཆུང་གི་ཁྱད་པར་ཡོད་དེ། སྤྱིར་ཉོན་མོངས་པའི་སྒོ་ནས་དབྱེ་ན། ཞེ་སྡང་གི་སྒོ་ནས་མི་དགེ་བཅུ་སྤྱད་ན་དམྱལ་བ། འདོད་ཆགས་ཀྱི་སྒོ་ནས་ཡི་དྭགས། གཏི་མུག་གིས་སྤྱད་ན་དུད་འགྲོར་སྐྱེའོ། །ཡུལ་གྱི་སྒོ་ནས་ཆེ་ཆུང་ཡོད་དེ། ཡུལ་ཁྱད་པར་ཅན་ལ་མི་དགེ་བཅུ་སྤྱད་པས་དམྱལ་བ། ཡུལ་ཐ་མལ་པ་ཕལ་བ་ལ་ཡི་དྭགས། ཡུལ་དམན་པས་དུད་འགྲོར་སྐྱེ་བར་འགྱུར་རོ། །གྲངས་ཀྱི་སྒོ་ནས་མང་དུ་སྤྱད་ན་དམྱལ་བ། ལན་འགར་སྤྱད་ན་ཡི་དྭགས། ལན་རེ་ཙམ་གྱིས་དུད་འགྲོར་སྐྱེ་བར་ཡང་གསུང་། དེ་ཡང་བྱེ་བྲག་ཏུ་སྲོག་གཅོད་པའི་ནང་ནས་སེམས་བསྐྱེད་པའི་བྱང་སེམས་སྲོག་དང་ཕྲལ་བའི་སྡིག་ཆེ། མ་བྱིན་པར་ལེན་པའི་ནང་ནས་དཀོན་མཆོག་གི་དཀོར་རྐུ་བ་སྡིག་ཆེ། འདོད་ལོག་ནང་ནས་དགྲ་བཅོམ་མ་ལ་སྤྱད་ན་སྡིག་ཆེ། རྫུན་གྱི་ནང་ནས་བླ་མ་དང་དགེ་འདུན་མཆོད་པར་འོས་པའི་མགོ་བསྐོར་བ་སྡིག་ཆེ། ཕྲ་མའི་ནང་ནས་དགེ་འདུན་གྱི་དབྱེན་བྱས་པ་སྡིག་ཆེ། ཚིག་རྩུབ་ནང་ནས་དགེ་འདུན་ལ་མི་སྙན་པ་བརྗོད་པ་སྡིག་ཆེ། ངག་འཁྱལ་ནང་ནས་དགེ་སློང་བསམ་གཏན་གཉིས་མེད་ཀྱི་དོན་སྒོམ་པའི་གློ་དཀྲུགས་པ་སྡིག་ཆེ། བརྣབ་སེམས་ནང་ནས་དཀོན་མཆོག་གི་ནོར་ལ་བརྣག་པ་སྡིག་ཆེ། གནོད་སེམས་ནང་ནས་མཚམས་མེད་པ་ལྔ་ཤོམ་པ་སྡིག་ཆེ། ལོག་ལྟའི་ནང་ནས་ཡང་དག་པའི་དོན་ལ་སྐུར་བ་འདེབས་པ་སྡིག་ཆེ་གསུངས། སྤྱིར་བསྟན་ན་མི་དགེ་བཅུ་ཉིད་ལ་ཡང་ཁྱད་ཡོད་དེ། སྲོག་གཅོད། ཕྲ་མ། ཚིག་རྩུབ། གནོད་སེམས་བཞིས་དམྱལ་བ། འདོད་ལོག །མ་བྱིན་པར་ལེན་པ། བརྣབ་སེམས་གསུམ་གྱིས་ཡི་དྭགས། རྫུན་ངག་འཁྱལ། ལོག་ལྟ་གསུམ་གྱིས་དུད་འགྲོར་སྐྱེའོ། །ཞེས་གསུངས་སོ། །

གཉིས་པ་དགེ་བ་སྒྲུབ་བྱར་བསམ་པ་ནི། སྤྱིར་གདུལ་བྱའི་རྒྱུད་ཀྱི་སྤང་བྱ་ཉོན་མོངས་པ་བརྒྱད་ཁྲི་བཞི་སྟོང་སོགས་ཀྱི་གཉེན་པོ་བླང་བྱ་དགེ་བའི་ལས་བསམ་གྱིས་མི་ཁྱབ་ཀྱང་། བསྡུ་ན། བསོད་ནམས་ཆ་མཐུན། ཐར་པ་ཆ་མཐུན་བླ་ན་མེད་པའི་དགེ་བ་དང་གསུམ་ལས། དང་པོ་ནི། གང་ཟག་སོ་སོའི་སྐྱེ་བོ་བདག་མེད་པའི་དོན་མ་རྟོགས་ཤིང་འཁོར་བ་མཐའ་དག་ལ་ངེས་འབྱུང་མ་སྐྱེས་པས་ཐབས་ཤེས་རྒྱ་ཆུང་བའི་དབང་གིས་ཕྱི་མ་ལྷ་མིའི་བདེ་འབྲས་ཙམ་དོན་དུ་གཉེར་བའི་སྒོ་ནས་སྦྱིན་པ་གཏོང་བ་དང་ཚུལ་ཁྲིམས་བསྲུང་བ་དང་སྙོམས་འཇུག་གི་ཏིང་ངེ་འཛིན་གོམས་པར་བྱེད་པ་ལ་སོགས་པའོ། །

གཉིས་པ་ནི། གང་ཟག་གི་བདག་མེད་ཙམ་རྟོགས་པའི་ཤེས་རབ་དང་འཁོར་བ་མཐའ་དག་ལ་ངེས་པར་འབྱུང་བའི་བློས་སྲིད་པའི་ཕུན་ཚོགས་དོན་དུ་གཉེར་བ་མ་ཡིན་ཡང་རང་ཉིད་གཅིག་པུ་ཐར་པའི་རང་ལམ་གྱི་འབྲས་བུ་ཉི་ཚེ་བ་ལ་དམིགས་པའི་ཐབས་ཤེས་ཕྱོགས་གཅིག་གིས་ཟིན་པའི་དགེ་བའི་རྩ་བ་ཇི་སྙེད་པའོ། །

གསུམ་པ་ནི། བདག་མེད་གཉིས་རྟོགས་ཀྱི་མཁྱེན་པས་འཁོར་གསུམ་ཡང་དག་མི་དམིགས་པར་ཤེས་པ་དང་སེམས་ཅན་ལ་བརྩེ་བའི་སྙིང་རྗེ་ཟུང་དུ་ཆུད་པའི་ཐབས་ཤེས་ཁྱད་པར་ཅན་གྱིས་ཟིན་པའི་དགེ་བའི་རྩ་བ་རྣམས་ཏེ། གཞུང་གཞན་ན་ཕྱི་མ་གཉིས་གཅིག་ཏུ་བྱས་པ་ལ་ཐར་ཆ་དང་། སྦྱོར་ལམ་པའི་རྒྱུད་ཀྱི་དགེ་རྩ་རྣམས་ལ་ངེས་འབྱེད་ཆ་མཐུན་ཏེ་གསུམ་དུ་དབྱེ་བའང་ཡོད་དོ། །དེ་ཐམས་ཅད་ཀྱི་ནང་ནས་དམ་པའི་ཆོས་འཛིན་པ་དང་། སེམས་ཅན་ཀྱི་སྲོག་བསླུ་བ་དང་། བྱང་ཆུབ་སེམས་ཀྱིས་ཟིན་པའི་དགེ་བ་སོགས་ནི་ཆེས་ཁྱད་པར་དུ་འཕགས་ཏེ། བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་ལས། རྫོགས་པའི་བྱང་ཆུབ་སེམས་དང་ཆོས་འཛིན་དང་། །ཆོས་སྒྲུབ་པ་དང་སྲོག་ཆགས་སྙིང་བརྩེ་བ། །ཆོས་གཞི་འདི་དག་ཡོན་ཏན་མཐའ་ཡས་ཏེ། །འདི་དག་མཐའ་ནི་རྒྱལ་བས་མི་གསུང་ངོ་། །ཞེས་གསུངས་ལ། བྱེ་བྲག་སེམས་ཉིད་ངལ་གསོ་ལས། མཐོ་རིས་འཕེན་པ་དགེ་བའི་ལས་བཅུ་ཡང་། །མི་དགེ་བཅུ་སྤངས་སེམས་པ་དགེ་བ་སྟེ། །སྲོག་མི་གཅོད་དང་མ་བྱིན་ལེན་པ་སྤངས། །ལོག་པར་མི་གཡེམ་རྫུན་དང་ཕྲ་མ་སྤངས། །ངག་འཁྱལ་ཚིག་རྩུབ་མི་སྨྲ་བརྣབ་སེམས་མེད། །གནོད་སེམས་ལོག་ལྟ་རིང་དུ་སྤངས་པ་སྟེ། །ཞེས་པས་མི་དགེ་བ་བཅུ་ལས་ལོག་ཙམ་གྱིས་དེའི་རྣམ་སྨིན་གྱིས་མི་གོས་ཀྱང་རྒྱུད་བསྡོམས་པ་མེད་པའི་ཕྱིར་བསོད་ནམས་ཀྱི་འཕེལ་མི་འབྱུང་ཞིིང་དགེ་བཅུ་མཚན་ཉིད་པར་མི་འགྱུར་ལ། དེས་ན་མི་དགེ་བ་བཅུ་པོ་དེ་ཡིད་ཀྱིས་སྤངས་ནས་ལུས་ངག་གི་སླར་ལོག་པའི་སྤོང་སེམས་སྤྱོད་ལམ་དང་བཅས་པ་དེ་དགེ་བ་བཅུའི་ངོ་བོ་ཡིན་ཏེ། ཡུམ་ལས། བདག་ཉིད་ཀྱང་སྲོག་གཅོད་པ་སྤོངས་པ་ཡིན་ཞེས་པ་ལ་སོགས་བཅུ་གསུངས་སོ། །དེ་ཡང་གང་ཟག་གམ་རྟེན་ཁྱད་པར་ཅན་སོགས་ཀྱི་སྤྱན་སྔར་རང་གི་ཁས་བླང་སོགས་ཀྱིས་རྒྱུད་བསྡམས་པར་བྱེད་པ་ཉིད་ཤིན་ཏུ་གལ་ཆེ། དེ་ལ་མི་དགེ་བཅུ་ཡིད་ཀྱིས་སྤངས་པའི་གོ་དོན་ནི། མི་དགེ་བ་དེ་རྣམས་ཀྱི་ཉེས་དམིགས་མཐོང་བས་སྐྱོན་ཅན་དུ་ཤེས་ནས་ནམ་དུ་ཡང་མི་འདོད་པ་ཡིན། ལུས་ངག་གི་སླར་ལོག་པ་ནི། དེ་དག་བྱས་ན་གནས་སྐབས་ཁེ་ཆེ་ཞིང་འབད་མེད་དུ་བྱེད་ཐུབ་པའི་སྐབས་བྱུང་ཡང་ཡིད་ཀྱིས་སྤངས་པ་དེ་དྲན་པས་བྱ་བ་དེ་ལ་འཇུག་པར་མི་ནུས་པ་སྟེ། ལུས་ངག་གི་བདུན་པོ་ལ་ནི་འདི་གཉིས་ཀ་ཚང་དགོས་ལ། ཡིད་ཀྱི་གསུམ་ནི་ཡིད་ཀྱིས་སྤོང་བ་ཁོ་ནས་ཆོག །དེ་ལྟ་བུའི་སྤོང་སེམས་ནི་མི་དགེ་བའི་གཉེན་པོར་འགྱུར་ཞིང་ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས་ཀྱི་ངོ་བོའང་ཡིན་ཏེ། སྤྱོད་འཇུག་ལས། སྤོང་བའི་སེམས་ནི་ཐོབ་པ་ལ། །ཚུལ་ཁྲིམས་ཕ་རོལ་ཕྱིན་པར་བཤད། །ཅེས་སོ། །དེ་ལྟ་བུའི་སྤོང་སེམས་འཕེན་ཤུགས་ཆེ་བ་ཡོད་ན། གཉིད་རྨུགས་དང་རྣམ་གཡེང་སོགས་ཀྱིས་བར་ཆོད་ཀྱང་། རྐྱེན་དེ་དམིགས་པའི་ཚེ་ཉེས་སྤྱོད་དུ་ཤེས་ནས་སྡོམ་པར་འགྱུར་ཏེ། འདི་ནི་སྔར་གྱི་འཕེན་ཤུགས་དེའི་ས་བོན་གྱི་མཐུ་ལས་བྱུང་བ་ཡིན་ནོ། །དེས་ན་མི་དགེ་བཅུ་སྤང་བའི་སེམས་པ་ས་བོན་དང་བཅས་པ་ནི་དགེ་བ་བཅུ་ཡིན་ཞིང་། དེར་མ་ཟད་དགེ་བ་ཆོས་སྡུད་ཀྱི་དབང་དུ་བྱས་པའི། གཞན་གྱི་སྲོག་བསྐྱབས་པ་དང་། སྦྱིན་པ་རྒྱ་ཆེན་གཏོང་བ་དང་། ཚངས་སྤྱོད་ལ་གནས་པ་དང་། བདེན་པར་སྨྲ་བ་དང་། འཐབ་པ་རྣམས་སྡུམ་པ་དང་། ཞི་ཞིང་དུལ་བར་སྨྲ་བ་དང་། གཞན་གྱི་ཡོན་ཏན་བརྗོད་པ་དང་། སེམས་ཅན་རྣམས་ལ་བྱམས་པར་བྱ་བ་དང་། ཆགས་པ་མེད་པ་དང་། ལས་འབྲས་དང་ཡང་དག་པའི་དོན་ལ་ཐེ་ཚོམ་བྲལ་བ་སྟེ། མཐུན་ཕྱོགས་བཅུ་པོ་སྒྲུབ་པ་དང་། །གཞན་ཡང་། དབུས་མཐའ་ལས། ཡི་གེ་འབྲི་མཆོད་སྦྱིན་པ་དང་། །ཉན་དང་ཀློག་དང་འཛིན་པ་དང་། །འཆད་དང་ཁ་ཏོན་བྱེད་པ་དང་། །དེ་སེམས་པ་དང་བསྒོམ་པ་སྟེ། །སྤྱོད་པ་འདི་བཅུའི་བདག་ཉིད་ནི། །བསོད་ནམས་ཕུང་པོ་དཔག་ཏུ་མེད། །ཅེས་དང་། སྦྱིན་པ་ནས་ཡེ་ཤེས་བར་གྱི་ཕར་ཕྱིན་བཅུ་སོགས་མདོར་ན་སྒོ་གསུམ་གྱི་དགེ་བའི་ལས་ལ་ཅི་ནུས་སུ་བརྩོན་པར་བྱའོ། །དགེ་བཅུའི་འབྲས་བུ་ཡང་གསུམ་སྟེ། རྣམ་སྨིན་དང་། རྒྱུ་མཐུན་དང་། བདག་པོའི་འབྲས་བུའོ། །དང་པོ་ནི། དགེ་བ་དེ་དག་ཀྱང་སྦྱོར་དངོས་མཇུག་གསུམ་ཐམས་ཅད་དགེ་སེམས་ཀྱིས་ཟིན་པ་དང་། མ་ཟིན་པ་ལས་དགེ་བའི་སྟོབས་ཆེ་འབྲིང་ཆུང་དུ་འགྱུར་བས། ཆེན་པོས་ཁམས་གོང་མའི་ལྷ་དང་། འབྲིང་གིས་འདོད་པའི་ལྷ་དང་། ཆུང་ངུས་མིར་སྐྱེ། དགེ་བ་ཡིན་ཀྱང་བསམ་པ་མ་དག་པ་སོགས་ཀྱིས་ནི་ལྷ་མིན་དུ་སྐྱེ་བར་མདོ་ལས་བཤད། དེ་ཉིད་ཐབས་ཤེས་ཕྱོགས་གཅིག་པའམ་ཐབས་ཤེས་བླ་ན་མེད་པས་ཟིན་ན་བྱང་ཆུབ་གསུམ་གང་རུང་རེའི་རྒྱུར་འགྱུར་ཞིང་རང་རང་གི་འབྲས་བུ་འབྱིན་པར་བྱེད་པའོ། །གཉིས་པ་རྒྱུ་མཐུན་ལ་མྱོང་བ་རྒྱུ་མཐུན་སྔར་མི་དགེ་བའི་སྐབས་སུ་བཤད་པ་དེ་ཉིད་འདིར་མཐུན་ཕྱོགས་སུ་གྱུར་པ་སྟེ། རིན་ཆེན་ཕྲེང་བ་ལས། ཚེ་རིང་འབྱོར་པ་དགྲ་སྤང་དང་། །བསྟོད་དང་གྲགས་མང་སྙན་པའི་གཏམ། །ཚིག་བཙུན་བསམ་པ་འགྲུབ་པ་དང་། །ཡིད་བདེ་བ་དང་བློ་གྲོས་འཕེལ། །འདི་དག་དགེ་བའི་རྒྱུ་མཐུན་བཅུ། །ཞེས་སོ། །བྱེད་པ་རྒྱུ་མཐུན་ནི་སྔར་གང་བྱས་དེ་ལ་ཕྱིས་ཀྱང་འཇུག་སྤྲོ་ཞིང་དགའ་བའོ། །གསུམ་པ་བདག་འབྲས་ནི་ཡུལ་ལ་སྨིན་ཏེ། མཐུ་ཆེ་ལོ་ལེགས་ཉམས་དགའ་བ། །མཐོ་དམན་སྙོམས་དང་ཞིང་ས་གཤིན། །རྩི་ཤིང་རྒྱས་དང་དུས་ཚིགས་རན། །འབྲུ་སྦོམ་རོ་ཞིམ་འབྲས་བུ་རྒྱས། །དགེ་བ་བཅུ་ཡི་བདག་འབྲས་ཡིན། །ཞེས་སོ། །མན་ངག་གི་ལུགས་ལ་སྐྱེས་བུ་བྱེད་འབྲས་ནི་དགེ་སྡིག་གང་ཡིན་ཀྱང་འཇོམས་བྱེད་ཀྱི་རྐྱེན་དང་མ་འཕྲད་ན་གོང་ནས་གོང་དུ་འཕེལ་ཏེ་དཔག་ཏུ་མེད་པར་འགྱུར་བ་ཡིན་ནོ། །དེ་ལྟ་བུའི་མི་དགེ་བའི་ལས་དང་། དགེ་བའི་ལས་གཉིས་བསྒོམ་དུས་རྒྱུ་འབྲས་ཐོ་གཏུགས་ནས་བསམ་དགོས། དེ་ལྟར་དགེ་བ་བཅུ་ལ་གནས་པ་འདི་ནི་འདི་ཕྱི་ཀུན་ཏུ་བདེ་བའི་རྒྱུ་ཡིན་པས་ཅི་ནས་ཀྱང་བསྒྲུབ་པར་བགྱིའོ་སྙམ་དུ་བསམ་པ་གལ་ཆེའོ། །

གསུམ་པ་ལུང་མ་བསྟན་པའི་ལས་ནི། ཀུན་སློང་དགེ་མི་དགེའི་བསམ་པ་གང་གིས་ཀྱང་མ་ཟིན་ཞིང་། འབྲས་བུ་བདེ་སྡུག་གང་དུའང་ལུང་བསྟན་དུ་མེད་པའི་ལས་ཟས་ཟ་བ་འགྲོ་འདུག་འཆག་པ་ཉལ་བ་གཏམ་སྨྲ་བ་བཟོ་ལ་སོགས་པ་སྟེ། དེས་ནི་དལ་འབྱོར་དོན་མེད་སྟོང་ཟད་དུ་དུས་འདའ་བར་བྱེད་པའི་ཕྱིར་དེ་ཉིད་དགེ་བར་བསྒྱུར་བ་གལ་ཆེ་བས། བདག་གིས་སྤྱོད་ལམ་འདི་དག་ཐ་མལ་དོན་མེད་དུ་མི་འགྱུར་བར། ད་ཕྱིན་ཅི་ནས་དགེ་བ་ལ་བསྒྱུར་བར་བྱའོ་སྙམ་དུ་འགྲོ་བའི་ཚེ་མིག་གཉའ་ཤིང་ཙམ་དུ་བལྟ་ཞིང་། གཞན་དང་འཕྲད་ན་འཛུམ་པའི་མདངས་ཀྱིས་ལེགས་པར་འོངས་སོ་ཞེས། སྙན་པའི་གཏམ་གྱིས་དགའ་བར་བྱ་བ་དང་། འདུག་པའི་ཚེ་སྐྱིལ་ཀྲུང་དྲང་པོར་བསྲང་སྟེ་ཆོས་སྤྱོད་བཅུའི་བྱ་བ་ཅི་རིགས་པ་ལ་འཇུག་པ་དང་། ཟས་ཟ་བའི་ཚེ། དཀོན་མཆོག་རྗེས་སུ་དྲན་པས་ཕུད་གཏོར་ཕུལ་ལ་ཆགས་སྲེད་སྤངས་ཏེ། ལུས་གསོ་བ་དང་སྲིན་བུའི་རིགས་ལ་ཕན་པའི་བློས་ཁམས་དང་ཏིང་ངེ་འཛིན་ལ་ཇི་ཙམ་འཕྲོད་པ་དེ་ལོངས་སྤྱད་དེ་ཟས་ཀྱི་བསྔོ་བ་བྱ་བ་རྣམས་དང་། མཚན་མོ་ཉལ་བའི་ཚེ་གཞོགས་གཡས་ཕབ་ལ་མགོ་བྱང་དང་ཁ་ནུབ་ཏུ་བསྟན་ནས་ཉལ་ཏེ། འཆི་བ་དྲན་པ་དང་། དཀོན་མཆོག་གསུམ་སྔས་སུ་དྲན་པ་དང་། དགེ་བའི་བྱ་བ་ལ་ལྡང་བ་དང་སྣང་བའི་འདུ་ཤེས་བཞག་ནས་ཆོས་ཉིད་ངང་དུ་བློ་གནས་པས་ཉལ་ཞིང་། ནངས་པར་ལང་བ་ན་དཀོན་མཆོག་གསུམ་དང་བྱང་ཆུབ་ཀྱི་སེམས་དྲན་པས་ལངས། རྨི་ལམ་དུ་སྡིག་པ་མཐོང་ན་འཕྲལ་དུ་བཤགས་ཤིང་དགེ་ན་ཡི་རངས་ཙམ་བྱས་ཏེ། རང་གཞན་ལ་ཕན་པར་འགྱུར་བའི་ཆོས་སྤྱོད་ཀྱིས་དུས་འདའ་བར་བྱ། ཁྱད་པར་ཕལ་པོ་ཆེའི་སྤྱོད་ཡུལ་ཡོངས་སུ་དག་པའི་མདོ་སྡེ་ལས་གསུངས་པ་ལྟར། གོས་གྱོན་པ་ན་ངོ་ཚ་ཁྲེལ་ཡོད་ཀྱི་གོས་གྱོན་པར་གྱུར་ཅིག །སྐ་རགས་འཆིང་དུས་དམ་ཚིག་དང་སྡོམ་པའི་སྐ་རགས་འཆིང་བར་གྱུར་ཅིག །སྒོ་འབྱེད་དུས། ཆོས་ཉིད་ཟབ་མོའི་སྒོ་འབྱེད་པར་གྱུར་ཅིག །གཅོད་དུས། ངན་སོང་གི་སྒོ་གཅོད་པར་གྱུར་ཅིག །འགྲོ་དུས་བྱང་ཆུབ་ཀྱི་ལམ་དུ་འགྲོ་བར་གྱུར་ཅིག །རྟ་ཞོན་དུས། བརྩོན་འགྲུས་ཀྱི་རྟ་ཞོན་པར་གྱུར་ཅིག །ཆུ་བརྒལ་དུས་འཁོར་བའི་མཚོ་ལས་བརྒལ་བར་གྱུར་ཅིག །གྱེན་དང་སྐས་ལ་འཛེག་ཚེ་ཐར་པའི་ལམ་ལ་འཛེག་པར་གྱུར་ཅིག །འདོད་པའི་གནས་སུ་སླེབས་པའི་ཚེ། མྱང་འདས་ཀྱི་གྲོང་དུ་ཕྱིན་པར་གྱུར་ཅིག །བླ་མ་དང་གང་ཟག་བཟང་པོ་མཇལ་བའི་ཚེ། ཡང་དག་པའི་བླ་མ་དང་མཇལ་ནས་རྗེས་སུ་འཛིན་པར་གྱུར་ཅིག །དཀོན་མཆོག་གི་རྟེན་དང་མཇལ་བའི་ཚེ་སངས་རྒྱས་ཀྱི་ཞིང་ཁམས་རྣམ་དག་ཏུ་སྐྱེ་བར་གྱུར་ཅིག །ལམ་དུ་ཉལ་དུས་ཆོས་ཀྱི་ལམ་དུ་ཉལ་བར་གྱུར་ཅིག་སྙམ་དུ་དེ་དང་དེ་སེམས་བསྐྱེད་ལ། མདོར་ན་སྒོ་གསུམ་གྱི་བྱ་བྱེད་ཐམས་ཅད་བྱང་ཆུབ་སེམས་ཀྱིས་ཟིན་པར་བྱ་སྟེ། བཞི་བརྒྱ་པ་ལས། བསམ་པ་བྱང་ཆུབ་སེམས་ལྡན་ལ། །དགེ་བའམ་གལ་ཏེ་མི་དགེའང་རུང་། །ཐམས་ཅད་དགེ་ལེགས་ཉིད་འགྱུར་ཏེ། །གང་ཕྱིར་ཡིད་དེའི་དབང་གྱུར་ཕྱིར། །ཞེས་དང་། སྤྱོད་འཇུག་ལས། དེང་ནས་བརྩམས་ཏེ་གཉིད་ལོག་གམ། །བག་མེད་གྱུར་ཀྱང་བསོད་ནམས་ཤུགས། །རྒྱུན་མི་ཆད་པ་དུ་མ་ཞིག །ནམ་མཁའ་མཉམ་པར་རབ་ཏུ་འབྱུང་། །ཞེས་གསུང་པ་ལྟར་ཁ་ཕྱིར་བལྟས་སུ་མ་སོང་བར་བློ་རྩེ་ནང་དུ་བཀུག་སྟེ་ཅི་བྱས་དགེ་བའི་ལས་ལམ་དུ་འགྱུར་བའི་ཐབས་ལ་བརྩོན་པར་བྱའོ། །

གསུམ་པ་ཐམས་ཅད་ལས་ཀྱི་རང་བཞིན་དུ་བསམ་པ་ནི། མདོ་སྡེ་ལས་བརྒྱ་པ་ལས། ལུས་ཅན་རྣམས་ཀྱི་བདེ་སྡུག་ནི། །ལས་རྣམས་ཡིན་པར་ཐུབ་པས་གསུང་། །ལས་རྣམས་ཀྱང་ནི་སྣ་ཚོགས་ལ། །དེ་ཡིས་འགྲོ་འདི་སྣ་ཚོགས་བྱས། །སྣ་ཚོགས་རྣམ་པར་འཁྱམས་ཤིང་འཇུག །ལས་ཀྱི་དྲྭ་བ་འདི་ཆེའོ། །ཞེས་གསུངས་པས། ལས་དེ་ལ་གཅིག་ཏུ་དཀར་བའི་ལས་ནི། ལས་དང་རྣམ་སྨིན་གཉིས་ཀ་གཅིག་ཏུ་དཀར་བའི་ལས་དགེ་བ་ཁམས་གོང་མའི་བདེ་བ་མྱོང་བྱེད་བསམ་གཏན་གྱི་ས་ལ་རྟེན་པ། གཅིག་ཏུ་གནག་པའི་ལས་ནི་སྡུག་བསྔལ་འབའ་ཞིག་སྐྱེད་བྱེད་མི་དགེ་བ། དཀར་ནག་འདྲེས་མའི་ལས་ནི་འདོད་པའི་རྟེན་ལ་བདེ་སྡུག་སྤེལ་མར་མྱོང་བྱེད་ཀྱི་ལས་ཏེ་རང་གི་ངོ་བོ་དཀར་ནག་འདྲེས་མ་མིན་ཡང་ལས་སྣ་ཚོགས་པའི་དབང་གིས་རྣམ་སྨིན་མྱོང་ཚུལ་ལམ་བྱེད་ལས་ཀྱི་སྒོ་ནས་དེ་ལྟར་བཞག་པའོ། །བསམ་སྦྱོར་གྱི་ཁྱད་པར་ལས། བསམ་པ་དཀར་ལ་སྦྱོར་བ་ནག་པ། དེད་དཔོན་སྙིང་རྗེ་ཅན་གྱིས་མི་ནག་མདུང་ཤིང་ཅན་བསད་པ་ལྟ་བུ། བསམ་པ་ནག་ལ་སྦྱོར་བ་དཀར་བ་གཞན་གསོད་པའི་ཕྱིར་བསྙེན་བཀུར་བྱེད་པ་ལྟ་བུ། གཉིས་ཀ་དཀར་བ་སངས་རྒྱས་ཐོབ་པའི་ཕྱིར་གཞན་སྲོག་སྐྱོབ་པ་ལྟ་བུ། གཉིས་ཀ་ནག་པ་སྡང་སེམས་ཀྱིས་མཚོན་བསྣུན་ཏེ་བསད་པ་ལྟ་བུ་སྟེ་འདི་ནི་གཙོ་བོར་བསམ་པ་རྒྱུའི་ཀུན་སློང་ཉིད་གཙོ་ཆེ་བའི་དབང་གིས་དགེ་སྡིག་ཏུ་འགྱུར་ཚུལ་ལོ། །འབྲས་བུ་མྱོང་ཚུལ་ལ་ལྟོས་ནས། མཐོང་ཆོས་མྱོང་འགྱུར་དཀོན་མཆོག་དང་ཕ་མ་སོགས་ཡུལ་གཉེན་པོ་ལ་ཀུན་སློང་བསམ་པ་དྲག་པོས་ལས་སྟོབས་ཆེན་བྱས་པ་འགའ་ཞིག་འབྲས་བུ་ཚེ་འདིར་སྨིན་པའོ། །སྐྱེས་ནས་མྱོང་འགྱུར་སྐྱེ་བ་འདིའི་འོག་ཏུ་སྐྱེ་བ་གཞན་གྱིས་བར་མ་ཆད་པར་ཕྱི་མའི་རྟེན་དེ་ཁོ་ནར་སྨིན་འགྱུར་གྱི་ལས་སོ། །ལན་གྲངས་གཞན་ལ་མྱོང་བ་སྐྱེ་བ་གསུམ་ཕན་ཆོད་ཀྱི་རྟེན་ལ་སྨིན་ངེས་ཀྱི་པལས་རྣམས་སོ། །འདིའི་སྟེང་དུ་ལས་ཁ་ཅིག་གཉེན་པོ་སྟོབས་ལྡན་གྱིས་ས་བོན་ནུས་མེད་དུ་བཅོམ་པ་མྱོང་བར་མ་ངེས་པའི་ལས་དང་བཞིར་ཡང་གསུངས། སྤྱིར་སྡིག་པ་གང་ཡིན་ཀྱང་སྟོབས་བཞིས་བཤགས་ན་ལས་སྲབ་པར་འགྱུར་ཏེ། ཉི་མས་ཁ་བ་སྲབ་པ་དང་མཚུངས་ཤིང་། བྱང་ཆུབ་ཀྱི་སེམས་རྒྱུད་ལ་སྐྱེས་ན་སྡིག་པ་མ་བཤགས་ན་ཡང་རང་དག་ལ་འགྲོ་སྟེ་ཉི་མས་མུན་པ་སེལ་བ་ལྟར་ལ་དགེ་བ་ཡང་དགེ་རྩ་ཟད་པའི་རྒྱུ་བཞིས་ཆུད་འཛད་པ་ཡིན་ནོ། །འདི་ནི་ལས་སྟོབས་ཆེ་ཆུང་གི་སྒོ་ནས་བཞག་པ་ཡིན། འབྲས་བུ་སྐྱེད་ཚུལ་ལ་ལྟོས་ནས། ལས་དཀར་རྣམ་སྨིན་དཀར་བ། དགེ་བ་བྱས་པས་བདེ་འགྲོར་སྐྱེ་བ་ལྟ་བུ། ལས་ནག་རྣམ་སྨིན་གནག་པ། མི་དགེ་བ་བྱས་པས་ངན་སོང་དུ་སྐྱེ་བ་ལྟ་བུ། ལས་དཀར་རྣམ་སྨིན་གནག་པ། མི་སྡུག་བསྔལ་ཅན་ལྟ་བུ། ལས་ནག་རྣམ་སྨིན་དཀར་བ། ལྷའི་གླང་པོ་ཆེ་རབ་བརྟན་ལྟ་བུའོ། །འདི་ནི་རྣམ་སྨིན་དང་རྒྱུ་མཐུན་གྱི་འབྲས་བུ་བསྐྱེད་པའི་ལས་ལས་ཕྱེ་བའོ། །འཕེན་རྫོགས་ཀྱི་དབྱེ་བ་ལ་ལྟོས་ནས། འཕེན་བྱེད་དགེ་ལ་རྫོགས་བྱེད་ཀྱང་དགེ་བ་མིའི་རྟེན་ཅན་ལ་འཁོར་སྒྱུར་ལྟ་བུ། འཕེན་བྱེད་དགེ་ལ་རྫོགས་བྱེད་མི་དགེ་བ་མཐོ་རིས་སུ་སྐྱེས་ཀྱང་མི་ནད་བུ་ཅན་ལྟ་བུ། འཕེན་བྱེད་མི་དགེ་བ་ལ་རྫོགས་བྱེད་ཀྱང་མི་དགེ་བ། ངན་སོང་གི་རྟེན་སྡུག་བསྔལ་དོས་དྲགས་པ་མནར་མེད་ལྟ་བུ། འཕེན་བྱེད་མི་དགེ་བ་ལ་རྫོགས་བྱེད་དགེ་བ་ཀླུ་ཕྱུག་པོ་ལྟ་བུ་སྟེ། འདི་ལ་འཕེན་རྫོགས་གཉིས་ཀ་བྱེད་པ་དང་གང་རུང་རེ་བྱེད་པའི་ལས་ཡོད་ཅིང་། དེ་ཡང་གཅིག་གིས་དུ་མ་དང་། དུ་མས་དུ་མ་དང་། དུ་མས་གཅིག་དང་། གཅིག་གིས་གཅིག་འཕེན་པའི་ལས་ཏེ་མུ་བཞིར་འཕེན་རྫོགས་གཉིས་ཀར་ཡོད་པར་གསུངས་སོ། །ལྕི་ཡང་བྱེད་ཚུལ་ལ་གསུམ་ལས། རྟག་པའི་ཀུན་སློང་། མངོན་ཞེན་གྱི་ཀུན་སློང་། གཉེན་པོ་མེད་པའི་ཀུན་སློང་། དེ་གསུམ་དགེ་སྡིག་གཉིས་འདྲ། ཡོན་ཏན་གྱི་ཞིང་དཀོན་མཆོག་ལ་བརྟེན་ནས། དགེ་བ་དང་མི་དགེ་བཅུ་བསགས་པ་དང་། ཁྱད་པར་རྡོ་རྗེ་ཐེག་པའི་ལུགས་ལ་བླ་མ་དཀོན་མཆོག་ཀུན་འདུས་ཀྱི་ངོ་བོ་ཡིན་པས་དེ་ལ་བརྟེན་པའི་དགེ་སྡིག་གང་བསགས་ཀྱང་ཕན་ཡོན་ཉེས་པ་ལྕི། ཕན་བཏགས་པའི་ཡུལ་ཕ་མ་སོགས་རང་ལ་ཕན་བཏགས་པར་ཕན་གནོད་བྱེད་པ་ཕན་ཡོན་ཉེས་པ་ལྕི། སྡུག་བསྔལ་བའི་ཡུལ་ཡུན་རིང་གི་ནད་པ་དང་ཉམ་ཐག་པའི་སྤྲང་པོ་སོགས་ལ་བརྟེན་པའི་དགེ་སྡིག་གི་ཕན་གནོད་བྱེད་པ་ཕན་ཡོན་དང་ཉེས་པ་ལྕི། དེ་ལྟ་བུའི་ལས་མྱོང་བ་ལ་དུས་སྔ་ཕྱིའི་གོ་རིམ་ནི། དགེ་སྡིག་གཉིས་ཀྱི་འབྲས་བུ་ལྕི་བ་དེ་སྔོན་དུ་མྱོང་བ་ཡིན། ལྕི་ཡང་མཉམ་ན་འཆི་ཁའི་མཚམས་སྦྱོར་གང་གིས་ཉེ་བ་དེ་སྔོན་དུ་མྱོང་། འཆི་ཁའི་མཚམས་སྦྱོར་མཉམ་ན། སྔར་གོམས་ཤུགས་གང་ཆེ་དེ་སྔོན་དུ་མྱོང་། གོམས་ཤུགས་འདྲ་ན། སྔར་བྱས་པའི་གོ་རིམ་ལྟར་གང་སྔོན་དུ་བྱས་པ་དེ་ཐོག་མར་སྨིན་པ་ཡིན་ནོ། །དེས་ན་འཁོར་བའི་བདེ་སྡུག་དང་མཐོ་དམན་ཐམས་ཅད་ཀྱང་རང་གི་ལས་དགེ་སྡིག་གིས་བྱས་པ་ཡིན་ལ། བྱང་ཆུབ་གསུམ་དང་དེའི་བདེ་ལེགས་ཐམས་ཅད་པའང་ཐར་པ་ཆ་མཐུན་གྱི་ལས་ཁྱད་པར་ཅན་སོ་སོས་བྱས་པའི་ཕྱིར། ལས་འདི་ནི་རི་མོ་མཁན་དང་འདྲ་བ་གཅིག་གིས་མང་པོར་བསྒྱུར་བ། རྗེས་སུ་འགྲོ་བས་ལུས་ཀྱི་གྲིབ་མ་དང་འདྲ་བ། རང་གིས་བྱས་པ་གཞན་ལ་མི་འཕོ། གཞན་གྱི་ལས་རང་ལ་མི་འཕོ་བས་ལུས་ཐ་དད་ཀྱི་བདེ་སྡུག་ལྟ་བུ། དགེ་སྡིག་ཤུགས་དྲག་པས་མཐོ་རིས་དང་ངན་འགྲོར་འཕེན་པ་རྒྱལ་པོ་དབང་པོ་ཆེ་ལྟ་བུ། རྒྱ་ཆེ་བས་ནམ་མཁའི་དབྱིངས་ལྟ་བུ། རྣམ་པ་གྲངས་མང་བས་ཚོང་དུས་ཀྱི་ཟོང་ལྟ་བུ། ཕན་ཚུན་གཅིག་ཏུ་མི་འདྲེས་པས་ཟ་འོག་གི་བེར་ཁྱིམ་ལྟ་བུ། དཀར་ནག་ངོ་བོ་མི་འགྱུར་བས་ཨུཏྤལ་དང་ཀུ་མུད་ལྟ་བུ། གང་ཅི་བསགས་པ་དེ་དག་དང་མཐུན་པའི་འབྲས་བུ་རེ་འབྱིན་པར་བྱེད་པའི་ཕྱིར་བདག་གིས་ཐམས་ཅད་ལས་སུ་ཤེས་པར་བྱས་ལ་བླང་དོར་བརྩོན་པར་བྱ་དགོས་ཏེ། རྗེ་ཐམས་ཅད་མཁྱེན་པ་བླ་མ་པདྨ་བི་ཛ་ཡས། འཁོར་འདས་བདེ་སྡུག་ལས་ཀྱི་སྤྲུལ་པས་ཏེ། །ལས་འབྲས་མི་བསླུ་ཐུབ་གསུང་གཅེས་པའི་མཛོད། །ཕྱོགས་ཙམ་གོ་ཞིང་རང་དབང་ཡོད་དུས་འདིར། །འཇུག་ལྡོག་ལག་ལེན་མཛོད་ཅིག་ཤེས་ལྡན་རྣམས། །ཞེས་སོ། །འབྱོངས་པའི་ཚད་ནི། བྲམ་ཟེ་སྒྲ་མཁན་ལྟ་བུ་སྟེ། ཁོང་གིས་རང་ཉིད་ཀྱི་རྒྱུད་ལ་བརྟགས་ཏེ། དགེ་སེམས་སྐྱེས་པ་ན་རྡེའུ་དཀར་པོ་རེ། སྡིག་སེམས་སྐྱེས་པ་ན་ནག་པོ་རེ་བོར་བས། དང་པོ་རྡེལ་ནག་འབའ་ཞིག་བྱུང་། དེ་ནས་གཉེན་པོ་བསྐྱེད་དེ་བསྒོམ་པས་བར་དུ་དཀར་ནག་འདྲེས་པ་དང་། མཐར་རྡེའུ་དཀར་པོ་འབའ་ཞིག་ཏུ་བྱུང་བར་གསུངས། ཚུལ་དེ་ལྟ་བུ་གོམས་པར་བྱ་ཞིང་ལག་ཏུ་ལོན་པར་བྱའོ།། །།

བཞི་པ་འཁོར་བའི་ཉེས་དམིགས་བསམ་པ་ལ་གསུམ། ངན་སོང་གི་སྡུག་བསྔལ་བསམ་པ། མཐོ་རིས་ཀྱི་སྡུག་བསྔལ་བསམ་པ། སྡུག་བསྔལ་གསུམ་གྱི་རང་བཞིན་སྤྱིར་བསམ་པའོ། །དང་པོ་ནི། དེ་ཡང་སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་རྟེན་ཅིང་འབྲེལ་བར་འབྱུང་བའི་ཆོས་ཉིད་བརྟགས་མི་བཟོད་ཅིང་མ་བརྟགས་ཉམས་དགའ་བ་ཙམ་དུ་རྒྱུ་འབྲས་བསླུ་བ་མེད་པར་དཀར་ནག་གི་ལས་དང་ལས་ཀྱི་འབྲས་བུ་ནམ་ཡང་ཆུད་མི་འཛའ་བར་ཟིན་འབྱུང་གི་ཕུང་པོའི་སྟེང་དུ་སྨིན་པར་ངེས་ཤིང་དེས་ན་བདག་ཚེ་འདིར་ཡང་སྡིག་པ་མི་དགེ་བ་ཇི་སྙེད་ཅིག་བསགས། དེར་མ་ཟད་ཚེ་རབས་སྔ་མ་རྣམས་སུ་བསགས་པའི་བག་ཆགས་ཀུན་གཞི་ལ་བཞག་པས་སད་འགྱུར་ཡང་ཆེས་མང་བས་ངན་སོང་དུ་མི་སྐྱེ་བའི་གདེང་ཚད་ཅི་ཞིག་ཡོད། དེར་སྐྱེས་ན་སྡུག་བསྔལ་གྱི་རྣམ་པ་ཅི་འདྲ་ཞིག་མྱོང་བར་འགྱུར་སྙམ་དུ་བསམ་དགོས་ཏེ། ཀླུ་སྒྲུབ་ཀྱིས། རབ་ཏུ་ཚ་ཞིང་གྲང་བ་ཡི། །དམྱལ་བ་ཉི་མ་གཅིག་བཞིན་དྲན། །བཀྲེས་སྐོམ་དག་གིས་རིད་པ་ཡི། །ཡི་དྭགས་དག་ཀྱང་དྲན་པར་བྱ། །རྨོངས་པའི་སྡུག་བསྔལ་རབ་མང་བའི། །བྱོལ་སོང་ལྟ་ཞིང་དྲན་པར་བྱ། །དེའི་རྒྱུ་རྣམས་སྤང་བདེ་རྒྱུ་སྤྱད། །ཅེས་གསུངས་པ་ལྟར་དང་པོ་དམྱལ་བའི་སྡུག་བསྔལ་བསམ་པ་ལ་བཞི་ལས། དང་པོ་ཚ་དམྱལ་གྱི་སྡུག་བསྔལ་བསམ་པ་ནི། དེ་ལ་གནས་ཀྱི་ཁྱད་པར་ལྕགས་བསྲེགས་ཀྱི་ས་གཞི་རི་རོང་ངམ་གྲོག་ཅན། མེ་ལྕེ་ཁྲུ་གང་ཙམ་རྟག་ཏུ་འབར་ཞིང་ཟངས་ཞུན་དང་འགྱུར་བྱེད་ཀྱི་ཁུ་བ་འབབ་པ། ལྕགས་བསྲེགས་ཀྱི་སྡོང་པོ་མེ་འབར་བས་གཏམས་པ། གདུག་པའི་བྱ་དང་གཅན་གཟན་དང་དམྱལ་སྲུང་གཤེད་མ་མི་བསྲུན་པ་དུ་མས་གང་བ། ལྕགས་བསྲེགས་ཀྱི་རྩིགས་པ་དང་མེ་འོབས་ཀྱིས་བསྐོར་བ། དེ་ཡང་བསྐལ་པ་འཇིག་དུས་ཀྱི་མེ་ལས་ཚ་ཞིང་། དེ་ལས་འོག་མ་འོག་མ་རྣམས་བདུན་འགྱུར་གྱིས་ཚ་སྟེ། རྣམ་འབྱེད་ལས། ཐ་མ་ཙན་དན་དུས་མཐའ་དང་། །དམྱལ་མེ་རྣམས་ཀྱང་གོ་རིམ་བཞིན། །བདུན་འགྱུར་གྱིས་ནི་རབ་ཏུ་ཚ། །དེ་བཞིན་སྡུག་བསྔལ་བདུན་ཕྲག་འགྱུར། །ཞེས་གསུངས། དེར་སྐྱེ་བ་བར་དོ་རྣམས་ཆར་རླུང་གིས་དེད་པས་གྲང་བའི་རྣམ་པར་ཤར་བའི་ཚེ་ཚ་དམྱལ་གྱི་གནས་མཐོང་ནས། དེར་དྲོ་བར་ཤེས་ཏེ་སྲེད་པས་རྒྱུགས་པ་ན་དེར་ཚུད་པའི་སྐད་ཅིག་ལ་གཉིད་སད་པ་ལྟར་སྐྱེ་བར་འགྱུར་ཞིང་། དེ་ཡང་རེག་པ་ཚོར་ངེས་རྐྱེན་ལུས་འཇམ་ཞིང་མཉེན་པས་ལུས་སེམས་གཉིས་ཀའི་ཆ་ནས་བཟོད་སྲན་ཆུང་བས་ཀྱང་སྡུག་བསྔལ་ལྷག་པར་ཆེའོ། །བྱེ་བྲག་སོ་སོའི་སྡུག་བསྔལ་གྱི་ཁྱད་པར་ནི། ཡང་སོས་རྣམས་ནི། ཕན་ཚུན་མཐོང་བའི་ཚེ་དགྲ་བོའི་འདུ་ཤེས་ཀྱིས་ཞེ་སྡང་དྲག་པོ་སྐྱེས་ཏེ་ལས་དབང་གིས་མཚོན་ཆ་སྣ་ཚོགས་ལག་ཏུ་བྱུང་བས་བསྣུན་རིས་བྱས་པས་སྡུག་བསྔལ་དྲག་པོ་དང་བཅས་བརྒྱལ་ཞིང་འགྱེལ་བའམ། འགའ་ཞིག་ནམ་མཁའ་ནས་མཚོན་ཆའི་ཆར་བབས་ཏེ་ལུས་བརྒྱ་སྟོང་དུམ་བུར་མང་པོའི་བར་དུ་འཐོར་བ་བཅས་ནམ་མཁའ་ནས་ཡང་སོས་པར་གྱུར་ཅིག་ཅེས་པའི་སྒྲ་བྱུང་བའམ། རླུང་གྲང་མོ་ལངས་པས་སླར་སོས་ཏེ་སྔར་ལྟར་སྡུག་བསྔལ་མི་བཟོད་པ་ལས་མ་ཟད་ཀྱི་བར་དུ་མྱོང་ལ། སྐྱེ་བའི་རྒྱུ་ཡང་དྲན་ཉེར་ཚིག་ལེ་ལས། ཆགས་དང་གཏི་མུག་འཇིགས་དང་ཁྲོ། །མི་གང་མི་ནི་གསོད་པ་དང་། །གཞན་ཡང་བསྐྱེད་ནས་གསོད་བྱེད་པ། །དེ་དག་ངེས་པར་ཡང་སོས་འགྲོ། །ཞེས་སོ། །ཐིག་ནག་པ་རྣམས་ནི། དམྱལ་སྲུང་རྣམས་ཀྱིས་ལུས་ཀྱི་སྤྱི་གཙུག་ནས་རྐང་སེན་གྱི་བར་ཐིག་བཞིའམ་བརྒྱད་སོགས་བཏབ་སྟེ་སོག་ལེ་དང་རལ་གྲི་སོགས་མེ་འབར་བས་འདྲལ་བ་དང་གཤོག་པའི་སྡུག་བསྔལ་ལོ། །རྒྱུ་ནི། ཕ་དང་མ་དང་གྲོགས་དང་གཉེན། །བཤེས་གཉེན་ལ་ནི་འཁུ་བྱེད་དང་། །ཕྲ་མའི་རྫུན་ནི་སྨྲ་བའི་མི། །ཐིག་ནག་ཏུ་ནི་སྐྱེ་བར་བཤད། །ཅེས་སོ། །བསྡུས་འཇོམས་རྣམས་ནི། ལྕགས་ཀྱི་རི་ར་ལུག་དང་སྟག་སེང་ལ་སོགས་པའི་གདོང་བ་ལྟ་བུའི་བར་དུ་ལུས་བཅུག་ནས་བཙིར་བ་དང་། ལྕགས་ཀྱི་ཐོ་གཏུམ་ཆེན་པོས་ཏིལ་བཞིན་དུ་འཚིར་བ་དང་། ལྕགས་བསྲེགས་ཀྱི་ཕ་བོང་ཆར་དུ་འབབ་པས་བརྡུང་ཞིང་ཕྱེ་མར་འཇོམས་པས་སྡུག་བསྔལ་ལོ། །རྒྱུ་ནི། ར་དང་ལུག་དང་ཝ་དག་དང་། །རི་བོང་བྱི་བ་རི་དྭགས་ཕག །གཞན་ཡང་བསྐྱེད་ནས་བསད་བྱས་ན། །ལུས་ཅན་བསྡུས་འཇོམས་འགྲོ་བར་འགྱུར། །ཞེས་སོ། །ངུ་འབོད་པ་རྣམས་ནི། འཇིགས་སྐྲག་གིས་གནས་འཚོལ་བ་ན། ལྕགས་ཀྱི་ཁང་པ་མཐོང་ནས་དེར་ཞུགས་མ་ཐག་སྒོ་ཟུམ་ཞིང་ཕྱི་ནང་ཀུན་ནས་མེ་འབར་བས་ངུ་ཞིང་འོ་དོད་འབོད་ཀྱང་སྐྱབས་མི་རྙེད་པས་སྡུག་བསྔལ་ལོ། །རྒྱུ་ནི། འདིར་ནི་ལུས་ཅན་གང་དག་གིས། །ལུས་དང་ངག་ཡིད་ཉོན་མོངས་བྱེད། །གང་དག་ལྷད་འཇུག་གཞན་གཡོ་བྱེད། །མི་དེ་དག་ནི་ངུ་འབོད་འགྲོ། །ཞེས་སོ། །ངུ་འབོད་ཆེན་པོ་རྣམས་ནི། གཞན་སྔར་དང་འདྲ་བ་ལས་ལྕགས་ཁང་ཉིས་རིམ་དུ་ཚུད་དེ་སྒོ་ནང་མ་ནས་ཐར་ཀྱང་ཕྱི་མ་ནས་ཡུན་རིང་པོའི་བར་མི་ཐར་པའི་སྡུག་བསྔལ་ལོ། །རྒྱུ་ནི། གང་གི་ལྷ་དང་བྲམ་ཟེ་དངོས། །བླ་མའི་རྫས་འཕྲོག་སྡུག་བསྔལ་བྱས། །གང་དག་གཏམ་པ་འཕྲོག་བྱེད་པ། །དེ་དག་ངུ་འབོད་ཆེན་པོར་འགྲོ། །ཞེས་སོ། །ཚ་བ་པ་རྣམས་ནི། ལྕགས་ཀྱི་ཕྲུ་བ་དཔག་ཚད་དུ་མ་ཡོད་པར་ཉ་བཞིན་བསྲེག་ཅིང་ཐོ་ལུམ་འབར་བས་བརྡུང་བ་དང་། མདུང་རྩེ་གསུམ་པས་སྤྱི་བོ་དང་ཕྲག་པ་གཉིས་སུ་བཤང་ལམ་ཐལ་བྱུང་དུ་འབིག་པ་དང་། མདུང་རྩེ་གཅིག་པས་བཤང་ལམ་ནས་སྤྱི་བོའི་བར་འབིག་པ་དང་། ལྕགས་ཀྱི་བུམ་པར་བཅུག་སྟེ་མདག་མེ་འབར་བའི་གསེབ་ཏུ་དམྱལ་བ། ཡན་ལག་དང་ལྕེ་ཕུར་བུ་འདེབས་པ་སོགས་བསམ་གྱིས་མི་ཁྱབ་པའི་སྡུག་བསྔལ་ལོ། །རྒྱུ་ཡང་། ནགས་ལ་སོགས་པར་མེ་གཏོང་དང་། །ལས་དེ་དག་ལ་འཇུག་བྱེད་གང་། །སྐྱེས་བུ་དེ་ནི་མེ་འབར་བའི། །ཚ་བ་ངུ་ཞིང་སྲེག་པར་འགྱུར། །ཞེས་སོ། །རབ་ཏུ་ཚ་བ་ནི། ལྕགས་ཟངས་འཇུ་བྱེད་ཁོལ་མའི་ནང་དུ་སྤྱི་ཚུགས་སུ་འཚོད་ནས་ཤ་རུས་ཞིག་ནས་ཀེང་རུས་ལྟར་གྱུར་པ་ན་ལྕགས་ཀྱི་ས་གཞི་ལ་བཀྲམ་པས་དེ་མ་ཐག་འཚོ་བ་ན་ཡང་འཚོད་པར་བྱེད་ཅིང་ཁ་འབྱེད་བྱེད་ཀྱིས་ཕྱེད་ཞིང་ལྕག་ཀྱི་ཐོ་ལུམ་དང་། ཟངས་ཞུན་བླུད་པས་ཁ་དང་ལྐོག་མ་དང་ནང་ཁྲོལ་ཐམས་ཅད་ཚིགས་སྟེ་མཐར་རོ་སྨད་ནས་ཤམ་ཤམ་ཐོན་པ་སོགས་སྡུག་བསྔལ་བཟོད་ཐབས་མེད་པ་ཡོད་ལ། རྒྱུ་ནི། མེད་པར་ལྟ་བ་གང་ཞིག་གིས། །ཆོས་དང་ཆོས་མིན་ལོག་སྟོན་ཅིང་། །གཞན་དག་ལ་ནི་ཉོན་མོངས་བྱེད། །དེ་ནི་རབ་ཏུ་ཚ་བར་སྲེག །ཞེས་སོ། །མནར་མེད་པ་རྣམས་ནི། ལྕགས་ཀྱི་ས་གཞིར་ཕྱོགས་ཀུན་ནས་མེ་རབ་ཏུ་འབར་བས། ལུས་ཀྱི་ཤ་རུས་རྐང་གི་བར་སྲེག་ཅིང་ལུས་དང་མེ་དབྱེར་མི་ཕྱེད་པར་འབར་བས་སྨྲེ་སྔགས་འབྱིན་པ་ལས་སེམས་ཅན་དུ་མངོན་པ་ཙམ་དང་། གཞན་ཡང་ལྕགས་ཀྱི་ཞུབ་མར་མདའ་མེ་འབར་བ་དང་ལྷན་ཅིག་རྡོད་པ་དང་། ལྕགས་བསྲེགས་ཀྱི་རི་ཆེན་པོ་ལ་འབག་འཛེག་བྱེད་དུ་འཇུག་པ་དང་། ལྕེ་ཕྱུངས་ཏེ་ལྕགས་བསྲེགས་ཀྱི་གཞི་ལ་བརྒྱངས་ནས་ཕུར་བུས་འདེགས་པ་དང་། པགས་པ་བཤུ་བ་དང་། ཁ་འབྱེད་བྱེད་ཀྱིས་ཕྱེས་ཏེ་ལྕགས་ཀྱི་ཐོ་ལུམ་དང་ཟངས་ཞུན་ལྡུད་པས་ཁ་དང་ལྐོག་མ་ནང་ཁྲོལ་ཐམས་ཅད་འཚིག་པ་སོགས་ཀྱི་སྡུག་བསྔལ་བཟོད་ཐབས་མེད་པ་མྱོང་བས་དེ་ལས་མནར་རྒྱུ་གཞན་མེད་པས་མནར་མེད་ཅེས་བྱའོ། །རྒྱུ་ནི། མཚམས་མེད་ལྔ་དང་། བཀའ་ལ་ཉོ་ཚོང་བགྱིས་པ་སོགས་སྐྱེ་བར་གསུངས་པ་དང་། ཡོན་ཏན་དག་གི་ཆེ་བ་ལ། །གནོད་པ་དྲག་པོ་བྱས་པའམ། །བླ་མ་ཕ་མ་བསད་བྱས་ན། །ངེས་པར་བསྐལ་པ་མནར་མེད་འཚེད། །ཅེས་སོ། །དེ་རྣམས་ཀྱི་ཚེ་ཚད་ཀྱི་ཁྱད་པར་ནི། མཛོད་ལས། ཡང་སོས་ལ་སོགས་དྲུག་རིམ་བཞིན། །འདོད་ལྷའི་ཚེ་དང་ཉིན་ཞག་མཉམ། །ཞེས་པས། མི་ལོ་ལྔ་བཅུ་ལ་རྒྱལ་ཆེན་རིགས་བཞིའི་ཞག་གཅིག་དེ་སུམ་ཅུ་ཟླ་བ་དེ་བཅུ་གཉིས་ལ་ལོར་བྱས་པའི་རང་རང་ལོ་ལྔ་བརྒྱ་ནི་རྒྱལ་ཆེན་རིགས་བཞིའི་ཚེ་ཚད་ཡིན། ལྷ་ལོ་ལྔ་བརྒྱ་ནི་ཡང་སོས་ཀྱི་ཞག་གཅིག །དེ་ལྟར་བརྩིས་པའི་རང་ལོ་ལྔ་བརྒྱ་ཡང་སོས་ཀྱི་ཚེ་ཚད་དོ། །དེ་བཞིན་མི་ལོ་བརྒྱ་ལ། རྩ་གསུམ་པའི་ཞག་གཅིག །དེའི་ལོ་སྟོང་ཐིག་ནག་པའི་ཞག་གཅིག་བྱས་པའི་རང་ལོ་སྟོང་དང་། མི་ལོ་ཉིས་བརྒྱ་འཐབ་བྲལ་གྱི་ཞག་གཅིག །དེའི་ལོ་ཉིས་སྟོང་བསྡུས་འཇོམས་ཀྱི་ཞག་གཅིག་བྱས་པའི་རང་ལོ་ཉིས་སྟོང་དང་། མི་ལོ་བཞི་བརྒྱ་དགའ་ལྡན་གྱི་ཞག་གཅིག །དེའི་ལོ་བཞི་སྟོང་ངུ་འབོད་ཀྱི་ཞག་ཏུ་བྱས་པའི་རང་ལོ་བཞི་སྟོང་དང་། མི་ལོ་བརྒྱད་བརྒྱ་འཕྲུལ་དགའི་ཞག་གཅིག །དེའི་ལོ་བརྒྱད་སྟོང་ངུ་འབོད་ཆེན་པོའི་ཞག་གཅིག་བྱས་པའི་རང་ལོ་བརྒྱད་སྟོང་དང་། མིའི་ལོ་སྟོང་དྲུག་བརྒྱ་ལ་གཞན་འཕྲུལ་པའི་ཞག་གཅིག །དེའི་ལོ་ཁྲི་དྲུག་སྟོང་ལ་ཚ་བའི་ཞག་གཅིག་བྱས་པའི་རང་ལོ་ཁྲི་དྲུག་སྟོང་གི་བར་ཐུབ་ཅིང་། རབ་ཏུ་ཚ་བ་བར་བསྐལ་ཕྱེད་དང་། མནར་མེད་བར་གྱི་བསྐལ་པ་གཅིག་ཏུ་གནས་པར་གསུང་ལ། ཁྱད་པར་སྔགས་སུ་བླ་མ་ལ་ཐུགས་འགལ་བཏང་བ་སོགས་ཀྱི་དམ་ཚིག་ཉམས་པ་དག་ནི་བསྐལ་པ་འཇིག་ཀྱང་ཞིག་པར་མི་འགྱུར་བའི་རྡོ་རྗེའི་དམྱལ་བར་སྐྱེ་བར་འགྱུར་ཏེ། རྒྱུད་ལས། བླ་མ་ལ་ནི་སྨོད་པ་དང་། །ཐུགས་དཀྲུགས་པ་ཡི་ཉེས་པ་ནི། །ཕྱི་ཡི་རྒྱ་མཚོ་ཆེན་པོ་ལས། །ཆུ་དེ་སྐྲ་ཡིས་གཏོར་གྱུར་པས། །དེ་ཡི་ཚད་ནི་སྡུག་བསྔལ་མྱོང་། །རྡོ་རྗེའི་དམྱལ་བར་གྲགས་པ་ཡིན། །ཞེས་གསུངས་སོ། །གཉིས་པ་གྲང་དམྱལ་གྱི་སྡུག་བསྔལ་ནི། གནས་ཀྱི་ཁྱད་པར་ཉི་ཟླ་སོགས་མེད་པའི་མུན་ཁྲོད་གངས་དང་འཁྱག་པའི་གཅོང་རོང་རླུང་དང་བུ་ཡུག་ཤིན་ཏུ་གྲང་བས་ཀུན་ཏུ་ཁེབ་པ་དེ་ཡང་གོང་མ་གོང་མ་ལས་འོག་མ་འོག་མ་རྣམས་བདུན་འགྱུར་གྱིས་གྲང་བར་བཤད། དེར་སྐྱེ་བའི་བར་དོ་རྣམས་མེ་ནང་དུ་འཚིག་པ་ལྟ་བུའི་སྣང་བ་ཤར་ནས་གྲང་དམྱལ་གྱི་གནས་རྣམས་མཐོང་བས་དེ་ལ་སྲེད་པས་རྒྱུགས་ཏེ་དེ་ཉིད་དུ་རང་རང་གི་ལས་ཀྱི་དབང་གིས་གཉིད་སད་པ་ལྟར་སྐད་ཅིག་དེ་མ་ཐག་སྐྱེ་བར་འགྱུར་ཞིང་། སྡུག་བསྔལ་གྱི་ཁྱད་པར་ནི། ཆུ་བུར་ཅན་ནི་རླུང་དང་བུ་ཡུག་གི་གྲང་བས་བཏབ་པས་ལུས་ཆུ་བུར་ཧྲམ་ཧྲམ་པས་གང་བས་འཁུམས་ཏེ་སྡུག་བསྔལ་ལོ། །ཆུ་བུར་རྡོལ་བ་ཅན། གྲང་དྲག་པས་ཆུ་བུར་ཡར་རྡོལ་ཏེ་དེའི་ནང་སྐྱེས་པའི་ལྕགས་ཀྱི་འབུ་མཆུ་རྣོན་གྱིས་པགས་པ་འབྲལ་ཞིང་ཁྲག་དང་ཆུ་སེར་འཛག་པའང་འཁྱག་པར་འགྲོ་བས་སྡུག་བསྔལ། ཨ་ཆུ་ཟེར་བ། སྐད་ཤུབ་ཤུབ་པོས་འབྲུ་ངག་ཅན་ཅུང་ཟད་ཙམ་ཐོན་པས་སྨྲེ་སྔགས་འདོན་པ། ཀྱི་ཧུད་ཟེར་བ། དེ་བས་གྲང་བས་འབྲུ་ངག་མི་ཐོན་པར་ཀྱི་ཧུད་ཅེས་ངུ་སྐད་ཤུབ་ཤུབ་འདོན་པ། སོ་ཐམ་ཐམ་པ་དེ་བས་ཤིན་ཏུ་གྲང་བས་སྐད་མི་ཐོན་པར་ལུས་འདར་བས་ཉམ་ཐག་ཅིང་སོ་འདར་རྡེབ་པའོ། །ཨུཏྤལ་ལྟར་གས་པ། དེ་བས་ཀྱང་གྲང་བའི་ཤུགས་ཀྱིས་པགས་པ་སྔོན་པོར་གྱུར་ཏེ་ཁ་ལྔའམ། དྲུག་ཏུ་གྱེས་ནས་གས་པ། པདྨ་ལྟར་གས་པ་ནི། སྔོན་མ་ལས་ཀྱང་ཐལ་ནས་དམར་པོར་གྱུར་ཏེ་ཁ་བཅུའམ་དེ་བས་ཀྱང་མང་བར་གས་པ། པདྨ་ཆེན་པོ་ལྟར་གས་པ་ནི། གྲང་བའི་མཐར་ཐུག་པས་པགས་ཤུས་ནས་ཤིན་ཏུ་དམར་བ་ཁ་བརྒྱའམ་སྟོང་ལ་སོགས་པར་གས་པས་སྡུག་བསྔལ་བཟོད་ཐབས་མེད་ལ། སྐྱེས་རབས་ལས། མེད་པར་ལྟ་བ་ཚེ་རབས་ཕྱི་མ་ལ། །གནས་པ་དེས་ན་མུན་ནག་རླུང་གྲང་ལྡང་། །དེས་ན་རུས་པའང་འཇིག་པའིི་ནད་སློང་ན། །བདག་ལ་ཕན་འདོད་སུ་ཞིག་དེ་རུ་འཇུག །ཅེས་སོ། །ཚེ་ཚད་ཀྱི་ཁྱད་པར་ཡང་། མཛོད་ལས། ཏིལ་སྦྱངས་ནང་ནས་ལོ་བརྒྱ་ཞིག ། ཏིལ་གཅིག་ཕྱུང་བས་ཟད་གྱུར་པས། །ཆུ་བུར་ཅན་གྱི་ཚེ་ཚད་ཡིན། །གཞན་གྱི་ཚེ་ནི་ཉི་ཤུའི་འགྱུར། །ཞེས་པས། ཡུལ་མ་ག་དྷའི་ཁལ་བརྒྱད་ཅུ་འགྲོ་བའི་སྣོད་ཏིལ་སྦྱང་ཞེས་པ་ཏིལ་གྱིས་ཕྱུར་བུར་བཀང་སྟེ། ལོ་བརྒྱ་བརྒྱ་ན་ཏིལ་གཅིག་ཕྱུངས་བས་ཏིལ་ཐམས་ཅད་ཟད་པ་ན་ཆུ་བུར་ཅན་གྱི་ཚེ་ཚད་དང་། དེ་ལས་འོག་མ་འོག་མ་ཉི་ཤུའི་འགྱུར་གྱིས་རིང་བར་གསུངས་སོ། །གསུམ་པ་ཉེ་འཁོར་བ་ནི། ཚ་དམྱལ་བརྒྱད་པོ་ཐམས་ཅད་ཀྱི་ཕྱོགས་བཞི་པོ་རེ་རེ་ན་མེ་མར་མུར་གྱི་འོབས། རོ་མྱགས་ཀྱི་འདམ། མཚོན་ཆའི་ཐང་། ཐལ་ཚན་གྱི་ཆུ་བོ་རབ་མེད་བཞི་གནས་པས་བཞི་བཞི་བཅུ་དྲུག་སྟེ། ཚ་དམྱལ་དངོས་གཞི་ལས་ཐོན་པའམ། དེ་ཉིད་དུ་སྐྱེས་ཀྱང་རུང་སྟེ། ཕྱོགས་གང་དུ་བྲོས་ཀྱང་མདག་མེ་འབར་བའི་འུབ་ཏུ་ཚུད་དེ། རྐང་པ་བཞག་མ་ཐག་ཤ་པགས་ཐམས་ཅད་བསྲེགས་ཤིང་བཏེག་ན་ཡང་འཚོ་བ་དང་། དེ་ལས་ཐར་ཡང་རོ་མྱགས་ཀྱི་འདམ་རྫབ་ཤིན་ཏུ་དྲི་ང་བར་བྱིང་ནས་སྲིན་བུ་མཆུ་རྣོན་རྣམས་ཀྱིས་ཤ་པགས་རུས་པའི་བར་ཕུག་སྟེ་ཟ་བ་དང་། དེ་ལས་ཐར་ཡང་སྤུ་གྲིས་གཏམ་པའི་ལམ་ལ་བསླེབས་ཏེ་རྐང་པ་བཞག་མ་ཐག་དུམ་བུར་གཅོད་ཅིང་ཡང་འཚོ་བ་དང་། རལ་གྲི་ལོ་མའི་ནགས་ཚལ་དུ་ཕྱིན་ཏེ་དེའི་གྲིབ་མ་ལ་འཁོད་པ་ན་ལས་རླུང་གིས་བསྐྱོད་པས་རལ་གྲིའི་ཆར་བབས་ཏེ་ལུས་དུམ་བུར་གཅོད་ཅིང་འགྱེལ་བ་ན་ཁྱི་རྣམས་རུབ་སྟེ་ཟ་བ་དང་ལྕགས་ཀྱི་ཤལ་མ་ལིའི་ཚལ་མཐོང་ནས་དེར་བྲོས་ཏེ་འབབས་འཛེགས་བྱས་པས་ཚེར་མ་རྣོན་པོ་སོར་བཅུ་དྲུག་པ་ཡས་མན་དུ་བལྟ་བ་ལས་ལུས་ཁྲོལ་ཚགས་བཞིན་ཕུག་ནས་ཁྲ་སོགས་བྱ་ལྕགས་མཆུ་ཅན་གྱིས་མིག་འབྲུ་ཞིང་ཤ་འཐོག་པ་སོགས་ཀྱིས་སྡུག་བསྔལ། དེ་ལས་ཐར་ཡང་ཚ་བས་གདུང་པས་ཆུ་ཀླུང་འབབ་པ་མཐོང་སྟེ་དེར་རྒྱུགས་པ་ན་འགྱུར་བྱེད་ཀྱི་ཆུ་བོ་རབ་ཏུ་ཚ་བའི་ནང་དུ་ལྷུངས་ཏེ། གཏིང་དུ་སོང་བས་ཤ་རུས་བྱེ་ཞིང་སྟེང་དུ་ཐོན་པ་ན་ཡང་སྐྱེ་ཞིང་ནུབ་པ་དང་། འབྲོས་པར་འདོད་ཀྱང་འགྲམ་གཉིས་ན་དམྱལ་སྲུང་གཏུམ་པོ་རྣམས་ཀྱིས་སྲུང་ཞིང་བྲོས་སུ་མི་སྟེར་བ་སོགས་ཀྱིས་སྡུག་བསྔལ་ཏེ། དེ་དག་ལས་སྤུ་གྲི་དང་། ནགས་ཚལ་དང་། ཤལ་མ་ལི་རྣམས་རིགས་གཅིག་ཏུ་བསྡོམས་པས་ཉེ་འཁོར་བ་སྟེ། རྒྱུ་ནི། ཚིག་ལེ་ལས། གང་ཞིག་བརྟུལ་ཞུགས་བཟང་མནོས་ནས། །ལེགས་པར་སྲུབ་པར་མི་བྱེད་པ། །དེ་ནི་ངེས་པར་ཤ་དང་རུས། །འཇིགས་པའི་མེ་མ་མུར་དུ་བསྲེག །གང་ཞིག་ཆོས་ཀྱི་སྟེགས་འཇིགས་ཤིང་། །ཡང་དག་མ་ཡིན་ལམ་སྨྲ་བའི། །མི་དེ་དག་ནས་སྤུ་གྲིའི་སོས། །གཏམས་པའི་ལམ་དུ་འགྲོ་བར་འགྱུར། །བག་ཕབ་པ་ལ་གནོད་བྱེད་མིའི། །ནགས་ཚལ་རལ་གྲི་འདབ་ཅན་ཏུ། །གཏུབ་བྱས་ངུ་ཞིང་བྱ་རྒོད་ཁྱི། །འུག་པ་བྱ་རོག་ཟ་བར་འགྱུར། །བྱི་བོ་བྱེད་པ་ཤལ་མ་རི། །ལྕགས་ཀྱི་རྩེ་མོ་རྩེ་མོ་འབར། །སོར་ནི་བཅུ་དྲུག་ཡོད་པ་ལ། །ངུ་ཞིང་སྟོབས་ཀྱིས་འཛེག་པར་འགྱུར། །བུད་མེད་ཤིན་ཏུ་འཇིགས་འཇིགས་ལྟའི། །མཆུ་རྣོན་ལུས་ཆེ་འབར་བ་ཡིས། །གཞན་གྱི་བུད་མེད་འཕྲོག་པ་ལ། །འཇུས་ནས་ཟ་བ་ཁོ་ནར་འགྱུར། །ཆུ་སྐྱེས་ཉ་ལ་སོགས་བསད་ན། །ཆུ་བོ་རབ་མེད་འབར་བ་ཡིས། །ཟངས་ཀྱི་ཁུ་བའི་ཆུར་འགྲོ་ཞིང་། །མི་དེ་མེས་ཀྱང་བསྲེག་པར་འགྱུར། །ཞེས་སོ། འདི་དག་ལ་ཚེ་ཚད་ནི་ངེས་པ་མ་བཤད་ཀྱང་སོ་སོར་ལོ་བརྒྱ་སྟོང་དུ་གནས་དགོས་པ་ཡིན་ནོ། །བཞི་པ་ཉེ་ཚེ་བ་ནི། དམྱལ་བ་དངོས་གཞིའི་ཉེ་འཁོར་དང་། རྒྱ་མཚོའི་འགྲམ། ས་འོག་དང་། ས་སྟེང་སོགས་ངེས་མེད་དུ་གནས། རྩིག་པ་དང་། གཏུན་བུ་དང་། ཕྲུ་བ་དང་། ཕྱག་ཤིང་འདྲ་བ་སོགས་ལུས་ཀྱི་རྣམ་པ་མ་ངེས་པར། སྡུག་བསྔལ་གྱི་ཁྱད་པར་མེས་བསྲེག་པ་འཁྱགས་ཤིང་གས་པ་གཤེད་མས་གསོད་ཅིང་ཟ་བ་སོགས་དང་། ཉིན་མཚན་བདེ་སྡུག་འགྱུར་བ་སོགས་སྣ་ཚོགས་མ་ངེས་པ་ཡོད་དེ། ཚིག་ལེ་ལས། སེན་མོས་ཤིག་ལ་སོགས་བཅོམ་ནས། །དེ་དག་ལུས་ནི་ཆེར་འགྱུར་ལ། །སྟོན་བརྒྱར་ཡང་དང་ཡང་དུ་ཞིང་། །བྲག་སྒོར་སོ་ཡིས་འཇོམས་པར་འགྱུར། །ཞེས་སོགས་གསུངས་ལ། ཚེ་ཚད་ཀྱང་ངེས་པ་མེད་པར་གསུངས། བཤེས་སྤྲིང་ལས། འདི་ན་ཉིན་གཅིག་མདུང་ཐུང་སུམ་བརྒྱ་ཡིས། །རབ་ཏུ་དྲག་བཏབ་སྡུག་བསྔལ་གང་ཡིན་པ། །དེས་ནི་དམྱལ་བའི་སྡུག་བསྔལ་ཆུང་ངུ་ཡི། །འོལ་ཡང་མི་མཆི་ཆར་ཡང་མི་ཕོད་དོ། །ཞེས་གསུངས། དེ་དག་བསམ་ཚུལ་དལ་བའི་སྐབས་བཞིན་གནས་ལུས་རྟེན་སྡུག་བསྔལ་ཚེ་ཚད་དང་སྐྱེ་བའི་རྒྱུ་བཅས་བསམ། དེ་ལྟར་བསམ་པའི་དུས་ན་སེམས་སྡུག་ལྷུང་ངེ་འོང་བ་དེ་སྐྱོ་ཤས་ཡིན། དེ་ལས་ཐར་འདོད་ཀྱི་བློ་སྐྱེ་བ་ནི་ངེས་འབྱུང་གི་བསམ་པ་ཡིན། དམྱལ་བ་དེར་སྐྱེ་བའི་རྒྱུ་དུག་གསུམ་གྱིས་ཀུན་ནས་བསླངས་བའི་མི་དགེ་བ་བཅུ་ཀ་ཆེན་པོར་བསགས་པ་དང་། གཙོ་བོ་ཞེ་སྡང་གིས་སྲོག་གཅོད་པ་སོགས་སྔར་སྨོས་པ་བཞིན་ཡིན་པས། དེ་ལྟ་བུའི་ལས་རང་རྒྱུད་ལ་ཐོག་མེད་ནས་བསགས་པ་གྲངས་ཀྱིས་མི་ཆོད་པ་ཡོད་པས་དེ་ལ་གཉེན་པོ་སྟོབས་བཞི་ཚང་བའི་བཤགས་པ་སླན་ཆད་དེ་ལྟ་བུའི་ཞེ་སྡང་གི་ལས་ཤ་མཐེབ་གཏོགས་བྱས་ནས་གསོད་ཀྱང་མི་བྱེད་སྙམ་པའི་དམ་བཅའ། དེར་སྐྱེས་པའི་སེམས་ཅན་རྣམས་ལ། མར་ཤེས། དྲིན་དྲན། དྲིན་གཟོ་འདོད་ཀྱི་རྟོག་པ་བསྐྱེད། དེ་ལྟ་བུའི་སྡུག་བསྔལ་རྒྱུ་འབྲས་དང་བྲལ་བར་གྱུར་ཅིག་ཅེས། སྨོན་ལམ་དང་འབྲེལ་བ། བྲལ་ན་ཅི་མ་རུང་སྙམ་པའི་འདུན་པ། བྲལ་བ་ཞིག་ངས་བྱ་སྙམ་པའི་དམ་བཅའ་དང་འབྲེལ་བ། དེ་དང་བྲལ་བར་སྐྱབས་བསླུ་བ་མེད་པ་དཀོན་མཆོག་གསུམ་གྱི་བྱིན་གྱིས་རློབས་ཤིག །ཅེས་གསོལ་འདེབས་དང་འབྲེལ་བ་སྟེ་འབྲེལ་བ་བཞི་ལྡན་བཅས་བྱའོ། །དེ་དག་གིས་རང་འདོད་ཡིད་བྱེད་ཀྱི་བློ་ངན་ཤུགས་ཀྱིས་ལྡོག་པ་ཡིན་གསུང་། དེ་བཞིན་འགྲོ་བ་གཞན་ལའང་གནས་ལུས་སྡུག་བསྔལ་ཚེ་ཚད་སོགས་ཞིབ་ཏུ་བསམ། སྐྱོ་ཤས་ངེས་འབྱུང་བཤགས་པ་དམ་བཅའ་མར་ཤེས་དྲིན་དྲན་སོགས་བསྒོམ་ཚུལ་དེས་རིགས་འགྲེ་དགོས་སོ། །

གཉིས་པ་ཡི་དྭགས་ཀྱི་སྡུག་བསྔལ་བསམ་པ་ནི། ཡི་དྭགས་རྩ་བའི་གནས་འཛམ་གླིང་འདིའི་འོག་དཔག་ཚད་ལྔ་བརྒྱ་འདས་པ་ན་ཡོད་ཅིང་། ཁ་འཐོར་བ་ས་གཞི་རི་ཀླུང་ཐམས་ཅད་ལ་ཁྱབ་པར་ཡོད། དེ་ལ་དྲན་པ་ཉེར་བཞག་ལས་རིགས་སོ་དྲུག་ཏུ་གསུངས་ཀྱང་བསྡུ་ན་བྱིངས་ན་གནས་པ་དང་། ཁ་འཐོར་བ་གཉིས་ལས། དང་པོ། ཕྱིའི་སྒྲིབ་པ་ཅན་ནི། བཀྲེས་སྐོམ་གྱི་ཉེས་པས་ཁ་ལུས་ཐམས་ཅད་སྐམ་ཞིང་རིད་པ། མགྲིན་པ་དང་ཡན་ལག་ཕྲ་བ་སྐྲ་འཛིངས་པ། ཟས་སྐོམ་འཚོལ་ཕྱིར་ཀུན་ཏུ་རྒྱུགས་ཀྱང་མི་རྙེད་ཅིང་། རྒྱང་རིང་པོ་ནས་ཟས་དང་ཆུ་ཀླུང་ལྗོན་ཤིང་སོགས་མཐོང་ཡང་། དེར་ཕྱིན་པ་ན་ཕལ་ཆེར་ཤུལ་ཙམ་ཡང་མེད་པ་དང་རྣག་ཁྲག་དང་སོལ་བ་སོགས་སུ་སྣང་བ་དང་། དེ་ལྟར་མ་གྱུར་ཀྱང་། སྐྱེས་བུ་མཚོན་ཐོགས་པས་བསྲུངས་ཤིང་དབང་མེད་པ་སོགས་ཀྱིས་སྡུག་བསྔལ།  ནངགིསྒྲིབཅན ་ནི། ཇི་སྐད་དུ། ཁ་ཅིག་ཁ་ནི་ཁབ་ཀྱི་མིག་ཙམ་ལ། །ལྟོ་བ་རི་ཡི་གཏོས་ཙམ་བཀྲེས་པས་ཉེན། །མི་གཙང་གྱི་ནར་བོར་བ་ཅུང་ཟད་ཀྱང་། །འཚོལ་བའི་མཐུ་དང་ལྡན་པ་མ་ལགས་སོ། །ཞེས་པ་ལྟར། ཁ་ཁབ་མིག་ཙམ། མགྲིན་པ་རྟ་རྔ་ཙམ། ལྟོ་བ་ཡུལ་ལྗོངས་ཙམ། ཟས་སྐོམ་མི་རྙེད་ཅིང་ཅུང་ཟད་རྙེད་ཀྱང་ཁར་མི་ཚུད། ཚུད་ཀྱང་ཟས་རྣམས་མགྲིན་ཕུགས་སུ་སྟོར། སྐོམ་རྣམས་ཁ་ཡི་དུག་གིས་སྐམ། ཅུང་ཟད་མིད་ཀྱང་མགྲིན་པ་ནས་མི་ཐར། ཐར་ཡང་ལྟོ་བ་མི་ཁེངས་པ་སོགས་ཀྱིས་སྡུག་བསྔལ། ཟས་སྐོམ་གྱི་སྒྲིབ་པ་ཅན་རྣམས་ནི། བཟའ་བཏུང་ཁོང་དུ་སོང་ཚད་མེ་འབར་བར་གྱུར་ནས་ནང་ཁྲོལ་སོགས་སྲེག་པ་དང་། བཤང་གཅི་དང་རྣག་ཁྲག་སོགས་མི་གཙང་ཞིང་དྲི་ངལ་བ་དང་། དུག་དང་མེ་མདག་སོགས་ངན་པ་དང་། སྡུག་བསྔལ་བསྐྱེད་པ་ཁོ་ན་ཟ་དགོས་པ་སོགས་ཀྱིས་སྡུག་བསྔལ། དེ་ཐམས་ཅད་སྤྱི་མཐུན་དུ་རྟག་ཏུ་བཀྲེས་སྐོམ་གྱིས་ཉེན་ཞིང་གོས་དང་བྲལ་བ་དང་། སོས་ཀ་ཟླ་བས་ཀྱང་འཚིག་ཅིང་། དགུན་ཉི་མས་ཀྱང་གྲང་བ་དང་། རྟག་ཏུ་འཚོལ་འགྲོས་ཀྱིས་ངལ་ཞིང་ཆད་པ་དང་། ཉམ་ཞན་པས་རུས་ཚིག་འཁྲོགས་ཏེ་མེ་འབར་བ་དང་། ཕན་ཚུན་དགྲར་གྱུར་པས་འཆིང་བ་དང་། གསོད་པའི་འཇིགས་པ་དང་། གཏད་ས་མེད་པར་འཇིགས་སྐྲག་ཆེན་པོས་འགྲོ་བ་སོགས་སྡུག་བསྔལ་དོས་དྲག་ལ་ཡུན་རིང་བ་མྱོང་དགོས་སོ། །གཉིས་པ་མཁའ་ལ་རྒྱུ་བ་ནི། གནོད་སྦྱིན་སྲིན་པོ་བཙན་དང་ཤི་འདྲེ་སོགས་ཏེ་འདི་དག་ཀྱང་ཡི་དྭགས་ཀྱི་འགྲོ་བས་བསྡུས་པའི་ཕྱིར་སྡུག་བསྔལ་དཔག་ཏུ་མེད་དེ། ཡུལ་ཡིད་དུ་མི་འོང་བ་དང་། འཚེ་བ་དང་། ཉམས་ང་བ་དང་། བཀྲེས་སྐོམ་དང་། གང་དུ་སྙིང་ཉེ་བར་ཕྱིན་ཡང་དེ་དག་ལ་སྔོན་འཆི་ཀའི་གནད་གཅོད་ཀྱི་ནད་དེས་གནོད་པ་དང་། རང་ཡང་ནད་དེས། གཏན་དུ་གདུང་བས་གཞན་ལ་སྤོ་འདོད་པ་དང་། ཚེ་དང་མདངས་འཕྲོག་པ་སོགས་གཞན་གནོད་འབའ་ཞིག་སྒྲུབ་པས་སླར་དམྱལ་བ་སོགས་སུ་སྐྱེ་བའི་རྒྱུ་སྒྲུབ་པ་དང་། རིགས་སྔགས་མཁན་གྱིས་བཅིངས་པ་སོགས་སྡུག་བསྔལ་མཐའ་ཡས་པ་མྱོང་དགོས་སོ། །ཚེ་ཚད། མཛོད་ལས། ཟླ་བ་ཉིན་ཞག་གིས་ལྔ་བརྒྱ། །ཞེས་དང་། བཤེས་སྤྲིང་ལས། ལྔ་སྟོང་དག་དང་ཁྲིར་ཡང་འཆིར་མི་འགྱུར། །ཞེས་པར། མིའི་ཟླ་བ་གཅིག་ལ་ཞག་གཅིག་བྱས་པས་རང་ལོ་ལྔ་བརྒྱ་སྟེ་མི་ལོ་ཁྲི་དང་ལྔ་སྟོང་དུ་གནས་པ་ཡིན་ནོ། །སྐྱེ་བའི་རྒྱུ་ཡང་། བཤེས་སྤྲིངས་ལས། དེ་ལྟར་ཡི་དྭགས་རྣམས་ཀྱི་སྣ་ཚོགས་པའི། །སྡུག་བསྔལ་རོ་གཅིག་ཐོབ་པ་གང་ལགས་པ། །དེ་ཡི་རྒྱུ་ནི་སྐྱེ་བོ་འཇུངས་དགའ་བ། །སེར་སྣ་འཕགས་མིན་ལགས་པར་སངས་རྒྱས་གསུངས། །ཞེས་དང་། ཨོ་རྒྱན་ཆེན་པོས། དེར་སྐྱེ་བའི་རྒྱུ་ནི་སེར་སྣ་དང་འཇུར་གེགས་ཡིན། སེར་སྣ་ནི་རང་གིས་གཏོང་མི་ཕོད་པ་ཡིན། །འཇུར་གེགས་བྱ་བ་གཞན་གཏོང་བ་ལ་གེགས་བྱེད་པ་ལ་ཟེར་བ་ཡིན་གསུངས། དེ་ལྟ་བུའི་སྡུག་བསྔལ་གྱི་རྒྱུ་སེར་སྣ་འཇུར་གེགས་སོགས་ཀྱི་མ་གོས་པར་བསྒྲིམས་ཏེ་བག་ཡོད་པར་བྱའོ། །

གསུམ་པ་དུད་འགྲོའི་སྡུག་བསྔལ་བསམ་པ་ལ་གཉིས་ལས། བྱིང་ན་གནས་པ་ནི། ཕྱིའི་རྒྱ་མཚོ་ཆེན་པོ་དང་། གླིང་བར་ཉི་ཟླ་མེད་པའི་མུན་པའི་གླིང་དང་ཉ་དང་དུང་དང་ཆུ་སྲིན་སོགས་ཀྱིས་གོ་མཚམས་མེད་པར་གང་བ། སྐྱོབ་པའི་རྟེན་དང་གནས་མེད་པས་རླབས་ཀྱིས་བདས་ཏེ་ངེས་མེད་དུ་འཁྱམས། ཕན་ཚུན་གཅིག་ལ་གཅིག་ཟ་སྟེ། ཆེ་བས་ཆུང་བ་མིད་པ་དང་། ཆུང་བས་ཆེ་བའི་ལུས་ཕུག་སྟེ་ཟ་བ་དང་། རང་གི་ཤ་རང་གིས་བཅད་དེ་ཟ་བ་སོགས་དང་། ཀླུ་རྣམས་ནི་ཉིན་མཚན་ནམ་སྔ་དྲོ་ཕྱི་དྲོ་གང་རུང་བདེ་ཡང་། ཚ་གྲང་བཀྲེས་སྐོམ་སོགས་སོ་སོའི་སྡུག་བསྔལ་མང་པོས་ཉེན་པ་དང་། བྱེ་ཚན་གྱིས་ཉིན་རེ་བཞིན་བསྲེག་ཅིང་ཤ་རུས་སོ་སོར་ཕྱེ་བ་དང་། ཁྱུར་མི་ཚུད་བར་གྲོགས་མེད་གཅིག་པུ་དང་། མཁའ་ལྡིང་གིས་ཟ་བ་སོགས་རྟག་ཏུ་དགྲ་བྱུང་གིས་དོགས་པའི་འཇིགས་སྐྲག་གི་སྡུག་བསྔལ་བཟོད་ཐབས་མེད། གཉིས་པ་ཁ་འཐོར་བ་ལྷ་དང་མིའི་ཡུལ་ན་ཡོད་པ་འདི་རྣམས་ཡིན། མིས་བདག་ཏུ་བཟུང་བ་རྣམས་ནི་དགྲ་བྱུང་གིས་དོགས་པའི་འཇིགས་སྐྲག་གིས་རྟག་ཏུ་མནར་བས་སེམས་ལ་བདེ་བ་མེད་ཅིང་བྱ་དང་གཅན་གཟན་གྱིས་ཟ་བ་དང་། རྔོན་པ་ཉ་པ་བྱ་གཤོར་བ་སོགས་ཀྱིས་ཤ་དང་པགས་པ་རུས་པ་སོགས་ཀྱི་ཕྱིར་གསོད་པ་དང་། གཅིག་གིས་གཅིག་ཟ་བ་སོགས་ཀྱིས་སྡུག་བསྔལ་མཐའ་ཡས། བདག་ཏུ་བཟུང་བ་རྣམས་ཀྱང་སྤུ་འབྱིན་པ་དང་། སྣ་འབིག་པ་དང་། བརྡེག་ཅིང་བསྐུལ་པ་དང་། ཁུར་ལྕི་བས་མནར་བ་དང་། ཁྲག་བསྟར་བ་དང་། གསོད་པ་དང་། ཁོང་ལག་གཏོང་བ་དང་། པགས་པ་བཤུ་བ་དང་། གཤེད་མ་ལ་གཏད་པ་སོགས་དང་སྤྱི་མཐུན་དུ་གླེན་ཞིང་གཏི་མུག་པས་བླང་དོར་མི་ཤེས་པར་འཐོམ་སྟེ་སྡུག་བསྔལ་བ་དང་། གཞན་ཡང་བཀྲེས་སྐོམ་ཚ་གྲང་ངལ་དུབ་སོགས་དམྱལ་བ་དང་ཡི་དྭགས་ཀྱི་སྡུག་བསྔལ་དང་འདྲ་རུང་དུ་ཡོད་དེ་མཐོང་ཆོས་མངོན་གྱུར་བཞིན་ནོ། །ཚེ་ཚད་ནི། དུད་འགྲོ་རྣམས། མཆོག་རིང་བསྐལ་པའོ། །ཞེས་པས། ཚེ་རིང་བ་རྣམས་བསྐལ་པ་ཙམ་ཐུབ་ཅིང་། ཐུང་པ་ངེས་མེད་དུ་བཤད་དོ། །སྐྱེ་བའི་རྒྱུ་ཡང་། ཚིག་ལེ་ལས། རང་གི་ལུས་དང་ངག་ཡིད་ཀྱིས། །སྡིག་པའི་ལས་ནི་གང་བྱས་པ། །དེས་ན་དུད་འགྲོར་སྐྱེ་བས་ན། །དེ་ནི་ཆུང་ཡང་མ་བྱེད་ཅིག །ཅེས་དང་། ཨོ་རྒྱན་ཆེན་པོས། དེར་སྐྱེ་བའི་རྒྱུ་ནི་སྡིག་པ་ཕྲ་མོ་ལ་མི་འཛེམ་པ་ཡིན་གསུངས་སོ། །དེ་ལྟར་ངན་འགྲོའི་སྡུག་བསྔལ་བསམ་པ་ནི། ད་ལྟ་མེ་ནང་མཛུབ་མོ་བཅུག་ནས་ཡུད་ཙམ་སྡོད་པ་དང་། དགུན་གྲང་སྒང་འཁྱགས་སྦུབས་སུ་གཅེར་བུར་སྡོད་པ་དང་། ཉིན་ཁ་ཡར་བཟའ་བཏུང་མེད་པ་དང་། ལུས་ལ་བང་བུ་ལྗི་ཤིག་གིས་སོ་བཏབ་ཙམ་ཡང་བཟོད་དཀའ་ན། ངན་སོང་གསུམ་གྱི་སྡུག་བསྔལ་ཇི་ལྟར་བཟོད་སྙམ་དུ་ད་ལྟའི་རང་ཉམས་ལ་དཔག་ནས་འཇིགས་སྐྲག་གིས་སྐྱོ་ཤས་ངེས་འབྱུང་དྲག་པོས་བསྐུལ་ནས་དལ་འབྱོར་དོན་ཡོད་པར་བྱའོ། །

གཉིས་པ་མཐོ་རིས་ཀྱི་ཉེས་དམིགས་བསམ་པ་ནི། བསོད་ནམས་ཆ་མཐུན་གྱི་དགེ་བའི་ལས་ལམ་ཆུང་འབྲིང་ཆེན་པོར་བསགས་པས་འབྲས་བུ་མི་དང་འདོད་ལྷ་དང་ཁམས་གོང་མའི་ལྷར་རིམ་གྱིས་སྐྱེས་ནས་དེ་དང་དེའི་གནས་སྐབས་ཀྱི་བདེ་འབྲས་ལ་སྤྱོད་ཀྱང་འགྱུར་ཞིང་མི་རྟག་པས་འཁོར་བའི་གནས་རིས་མཐོ་དམན་གང་ཡང་སྡུག་བསྔལ་གྱི་རང་བཞིན་ལས་མ་འདས་ཏེ། དེ་ལ་དབྱེ་ན། མིའི་སྡུག་བསྔལ་བསམ་པ། ལྷ་མིན་གྱི་སྡུག་བསྔལ་བསམ་པ། ལྷའི་སྡུག་བསྔལ་བསམ་པ་དང་གསུམ་ལས། དང་པོ་ནི། སྤྱིར་སྐྱེ་རྒ་ན་འཆིའི་སྡུག་བསྔལ་ཚད་མེད་དེ། སྐྱེ་བའི་སྡུག་བསྔལ་ཚད་མེད་དེ། སྐྱེ་བའི་ཚེ་བར་དོའི་རྣམ་ཤེས་དྲི་ཟ་ཉེ་བར་འཁོར་བ་དང་ཕ་མའི་ཁུ་ཁྲག་འདྲེས་པ་ལ། ཞག་བདུན་ཚན་བདུན་དུ་མེར་མེར་ནུར་ནུར་ལ་སོགས་པས་ལུས་ཆགས་ཤིང་། དེ་ནས་གོང་དུ་འཕེལ་ཏེ། མའི་ལྟོ་བ་ན་གནས་དུས། དྲི་ང་བ་དང་། སྐྱུག་བྲོ་བ་དང་། འཁུམས་པ་དང་། མ་ཡི་ཟས་གོས་སྤྱོད་ལམ་ཉེས་པས་རེས་འགའ་མེ་དོང་དུ་ཚུད་པ་ལྟ་བུ་ཧ་ཅང་ཚ་བ་དང་། རེས་གངས་དང་ཆུའི་ནང་དུ་ཚུད་པ་ལྟར་གྲང་བ། རེས་རིས་ནོན་པ་ལྟར་ལྗི་བ་རེས་གཡང་ལ་བསྐྱུར་ཉམས་ང་བ་དང་། བཙའ་རན་པའི་དུས་ན་མགོ་མཇུག་ལྡོག་ནས་སྤྲུགས་པ་ལྟར་ཤིན་ཏུ་སྡུག་བསྔལ་བ་དང་། བཙའ་དུས་བསྡུས་འཇོམས་ཀྱི་དམྱལ་བ་ལྟར་ཉམས་ཐག་པས་དར་ཅིག་བརྒྱལ་བ་དང་། ལག་པས་རེག་དུས་ཤ་འུར་སྤུ་གྲིས་རེག་པ་ལྟར་མི་བཟོད་པ་དང་། ཁྲུས་བྱས་པ་ན་པགས་པ་བཤུ་བ་ལྟར་ཚ་བ་སོགས་ཀྱིས་སྡུག་བསྔལ་ལ། སློབ་སྤྲིང་ལས། ཤིན་ཏུ་མི་བཟད་དྲི་ང་མི་གཙང་གཅེར་བས་འགགས། །རབ་ཏུ་དོག་པ་མུན་ནག་འཐིབ་པོར་འདུག་པ་ཡི། །མངལ་གནས་དམྱལ་བ་ལྟ་བུའི་ནང་དུ་དེར་ཞུགས་ནས། །ལུས་ཡོངས་བསྐུམས་ལ་སྡུག་བསྔལ་ཆེན་པོར་གནས་དགོས་སོ། །ཞེས་གསུངས། དེ་ནས་རིམ་གྱིས་རྒས་པའི་ཚེ། ཁ་དོག་ཉམས་པས་ལུས་ཀྱི་མདོག་མི་སྡུག་པས་ཐལ་ཁ། མགོ་དཀར། དབང་པོའི་བཀྲག་ཤོར། དབྱིབས་ཉམས་པས་སོ་གོག་ལུས་རྒུར་ཞིང་ཡན་ལག་འཁྱོགས། ཤ་སྐམ། པགས་པ་ལྷོད། གདོང་བྱད་གཉེར་མས་གང་། མཐུ་ཉམས་པས་ལྡང་བ་དཀའ། འགྲོ་ན་འཁྱོར། འདུག་ན་བུབ། སྨྲ་ན་ལྡབ་ལྡིབ་ཏུ་འགྱུར། དབང་པོ་ཉམས་པས་མིག་མི་གསལ་ཞིང་རྣ་བ་འོན། ལོངས་སྤྱོད་ཉམས་པས་ཁ་ཟས་ཉུང་ན་བཀྲེས། མང་ན་མི་འཇུ་བ་སོགས་འདོད་ཡོན་ལ་སྤྱོད་དུ་མེད་ཅིང་། ཀུན་ཀྱིས་ཡིད་དུ་མི་འོང་། ངག་ཏུ་འཆི་བར་སྨོན་ཀྱང་དོན་ལ་ཤི་ཡི་དོགས་པ་སོགས་སྡུག་བསྔལ་དཔག་ཏུ་མེད་དེ། ཆོས་རྗེ་དྭགས་པོ་རིན་པོ་ཆེས། རྒ་བའི་སྡུག་བསྔལ་ཡང་དཔག་ཏུ་མེད་དེ་མདོར་ན་བཅུ་ཐམ་པའོ། །དེ་ཡང་གཟུགས་ཡོངས་སུ་འགྱུར་བ་དང་། སྒྲ་ཡོངས་སུ་འགྱུར་བ་དང་། པགས་པ་ཡོངས་སུ་འགྱུར་བ་དང་། ཁ་དོག་ཡོངས་སུ་འགྱུར་བ་དང་། མཐུ་སྟོབས་ཡོངས་སུ་འགྱུར་བ་དང་། གཟི་བརྗིད་ཡོངས་སུ་འགྱུར་བ་དང་། བསོད་ནམས་ཡོངས་སུ་འགྱུར་བ་དང་། ནད་མེད་པ་ཡོངས་སུ་འགྱུར་བ་དང་། སེམས་ཡོངས་སུ་འགྱུར་བ་དང་། གནས་སྐབས་འདས་ཤིང་ཚེའི་མཇུག་བརྟུལ་བའོ། །ཞེས་གསུངས། སྔོན་ལས་འཕྲལ་རྐྱེན་གྱིས་ནད་ཀྱིས་ཐེབ་པའི་ཚེ། འབྱུང་བཞིའི་འདུ་བ་འཁྲུགས་པས་ཟུག་གཟེར་ཚོར་བ་རགས། ལུས་ཀྱི་རང་བཞིན་འགྱུར་ཞིང་འཚིག་ཅིང་ཡིད་མི་བདེ། དབང་པོའི་སྟོབས་ཉམས་པས་མལ་ནས་ལྡང་འདུག་དཀའ། འདོད་པའི་བཟའ་བཏུང་དང་གཉིད་སོགས་ལ་སྤྱོད་དབང་མེད་པས་འདུ་ཤེས་འཁྲུགས། མི་འདོད་པའི་སྨན་དང་གཏར་སྲེག་སོགས་བརྟེན་དགོས་པ་དང་། གདོན་བགེགས་བར་ཆད་ལངས་པས་གློ་བུར་ཡེ་འདྲོག་ཆེ། ལོངས་སྤྱོད་འཛད་པ་དང་ཤི་ཡིས་དོགས་པའི་སྡུག་བསྔལ་དཔག་ཏུ་མེད་དེ། རྒྱ་ཆེར་རོལ་པ་ལས། ནད་བརྒྱ་ལང་དང་ནད་འཐིབས་སྡུག་བསྔལ་གྱིས། །འགྲོ་བ་གཙོས་ཏེ་མི་ཡི་ཡི་དྭགས་བཞིན། །ཞེས་གསུངས། འཆི་བའི་ཚེ་སྨན་དཔྱད་རིམ་འགྲོ་ཅི་བྱས་ཀྱང་མ་ཕན་པར། སྔར་འདོད་པས་བསྒྲུབས་པའི་ལོངས་སྤྱོད་དང་དབང་ཐང་འཁོར་གྲོགས་ཐམས་ཅད་དང་ཕངས་ཤིང་སྡུག་པའི་ལུས་ཀྱང་བཞག་སྟེ་གནད་གཅོད་ཀྱི་སྡུག་བསྔལ་དྲག་པོ་དང་བཅས་ཏེ་འཆི་ཞིང་བར་དོར་འཁྱམས་པར་འགྱུར་ཏེ། ཨོ་རྒྱན་ཆེན་པོས། དེ་ནས་འཆི་བའི་སྡུག་བསྔལ་ནི། །ཀུན་ལ་ཐོག་བབ་ཐབས་སུ་འབྱུང་། །མལ་གྱི་ཐ་མ་ཤི་ལ་འཇུག །གོས་ཀྱི་ཐ་མ་རོ་གོས་གྱོན། །ཟས་ཀྱི་ཐ་མ་དུར་བརྒྱག་སྙོད། །གཏམ་གྱི་ཐ་མ་ཁ་ཆེམས་བཞག །གཉེན་འདུན་རྣམས་ཀྱིས་མཐའ་བསྐོར་ཡང་། །ངོ་མི་ཤེས་ཤིང་བླ་ཅོལ་སྨྲ། །ཟས་སྐོམ་རྣམས་ཀྱིས་མཐའ་བསྐོར་ཡང་། །དོང་ཁར་འོང་བ་ཆུ་ལས་མེད། །ཕན་པའི་ཐབས་མེད་ནུས་མཐུར་རྡུག །ཐམས་ཅད་ཁོ་ཐག་ཆོད་པའི་ཚེ། །མི་ཚེ་དོན་མེད་ཡེང་ལ་སོང་། །ཆོས་མ་སྤྱོད་ཅིང་སྡིག་སྤྱད་པ། །འོ་འགྱོད་བྲང་ལ་སེན་མོས་འབྲད། །འགྱོད་ཀྱང་ཅི་ཕན་བྱ་བ་ཐལ། །འཁོར་བའི་གཡང་ལ་ཉམ་ང་བས། །འབྲུ་ཚུག་བལྟ་ཞིང་ཤི་སྦར་འཐོམ། །རླུང་སེམས་གནས་སུ་མི་སྡོད་པས། །དབུགས་ནི་ཧ་རིང་ཕྱིར་ལ་འདོན། །རང་ལུས་འབྱུང་བ་སྡུད་པ་ལས། །སྣང་བ་འཇུག་པར་གྱུར་པའི་ཚེ། །འོད་གསལ་ངང་ལ་ཅུང་ཞིག་བརྒྱལ། །དེ་ལས་ལངས་ཏེ་བྲེད་སྡངས་ནས། །ཕན་ཚུན་གར་རྒྱུགས་སུ་ཟློས་ཀྱང་། །བརྡའ་མི་འཕྲོད་ཅིང་མགོན་སྐྱབས་མེད། །ཤི་བར་ཤེས་ཤིང་ཆོ་ངེས་འདེབས། །འཇིགས་ཤིང་སྐྱི་གཡའ་གཤིན་རྗེ་ཡིས། །ཕོ་ཉས་རང་དབང་མེད་པར་འཁྲིད། །ལྷན་ཅིག་སྐྱེས་པའི་ལྷ་འདྲེ་ཡིས། །དགེ་སྡིག་གྲངས་འདེབས་འཐེན་འཐེན་བྱེད། །གཤིན་རྗེ་ཆོས་ཀྱི་རྒྱལ་པོ་ཡིས། །སྲིད་པ་ལས་ཀྱི་མེ་ལོང་བསྟན། །ལམ་རྒྱུད་ལྔ་ཡི་བདག་པོ་ཡིས། །གང་ཐོབ་ལམ་ལ་སྦྱོར་བར་བྱེད། །སྔ་མའི་གཟུགས་ཅན་ཡིད་ཀྱི་ལུས། །བར་དོར་སྡུག་བསྔལ་སྣ་ཚོགས་མྱོང་། །ཞེས་གསུངས། བྱེ་བྲག་སྡུག་བསྔལ་བཞི་པོ་དེ་ཤས་ཆུང་བའི་བར་སྐབས་སུ་ཡང་། ལོངས་སྤྱོད་མངའ་ཐང་སོགས་ཚེ་འདིའི་བདེ་འབྱོར་ཕྲ་མོ་སྒྲུབ་པའི་དོན་དུ་ལུས་སྲོག་ཐེད་ལ་བོར་ནས་དཀའ་བ་ཇི་སྙེད་ཅིག་བྱས་ཀྱང་འདོད་པའི་དོན་མ་འགྲུབ་བའི་སྡུག་བསྔལ། ཚ་གྲང་བཀྲེས་སྐོམ་ནད་གདོན་དགྲ་ཇག་སོགས་ཡིད་དུ་མི་འོང་བའི་རྐྱེན་དང་འཕྲད་པའམ་འཕྲད་དུ་དོགས་པས་སྡུག་བསྔལ། གཉེན་གྲོགས་འཁོར་འདབ་ལོངས་སྤྱོད་སོགས་དགའ་བདེ་སྐྱིད་པའི་དཔལ་དང་བྲལ་བའི་སྡུག་བསྔལ། མདོར་ན་ཟག་བཅས་ཀྱི་ཕུང་པོ་འདི་གྲུབ་ཕྱིན་ཆོད་སྡུག་བསྔལ་གྱི་རང་བཞིན་ལས་མ་འདས་ཏེ་འབྱོར་ལྡན་རྣམས་འཁོར་དང་ལོངས་སྤྱོད་ཇི་ཙམ་ཆེ་བ་ལྟར། དེ་དག་བསྲུང་བའི་སྡུག་བསྔལ་ཡང་ཆེ་ལ། དབུལ་པོ་རྣམས་ཟས་གོས་སོགས་འདོད་པའི་ཡོན་ཏན་བཙལ་ཡང་མ་རྙེད་པར་ཕོངས་པའི་སྡུག་བསྔལ་དང་ལྡན་པ་སྟེ། སྐྱེས་རབས་ལས། གཅིག་ནི་བསྲུང་བས་ཉོན་མོངས་ལ། །གཉིས་པ་འཚོལ་བས་ཤ་ཐང་ངོ་། །ཕྱུག་གམ་ཡང་ན་དབུལ་ཡང་རུང་། །གང་ནའང་དགའ་བ་མེད་པར་འགྱུར། །ཞེས་གསུང་པ་ལྟར། རང་ཅག་གིས་མངོན་དུ་གྱུར་པ་འདི་ཀས་མཚོན་ནོ། །

གཉིས་པ་ལྷ་མིན་སྡུག་བསྔལ་བསམ་པ་ནི། རྒྱུ་མཐུན་གྱི་འབྲས་བུས་ལྷའི་ཕུན་ཚོགས་མཐོང་ནས་དེ་ལ་ཕྲག་དོག་གི་གདུང་བ་མི་བཟོད་པས། དུས་དུས་སུ་ལྷ་དང་འཐབ་པས། ལྷ་མིན་བསོད་ནམས་ཆུང་བས་གསོད་པ་དང་བརྡེག་པ་དང་། ཡན་ལག་གཅོད་འདྲ་ལ་སོགས་ཀྱི་སྡུག་བསྔལ་དྲག་པོ་འབྱུང་ཞིང་། དེའི་ཚེ་ལྷ་རྣམས་ནི་མགོ་བོ་དང་སྐེད་པ་མ་ཆད་ན་གནད་དུ་ཕོག་ཀྱང་སླར་འཚོ་ལ། ལྷ་མིན་རྣམས་ནི་མི་ལྟར་གནད་དུ་ཕོག་པས་འཆི་སྟེ། ཤི་བའི་གཟུགས་བརྙན་གསེར་གྱི་ས་གཞིའི་སྟེང་དུ་ཀུན་སྣང་ཞེས་པའི་མཚོ་ལ་ཤར་བས་དམག་མ་ལོག་གོང་ནས་ཉེ་དུ་རྣམས་མྱ་ངན་གྱིས་གདུང་བར་བཤད་ཅིང་། ལྷ་མིན་ཕལ་ཆེར་ནག་ཕྱོགས་ཡིན་པས་ཆོས་ལ་མི་དགའ་འགའ་ཞིག་མོས་སུ་ཆུག་ཀྱང་རྣམ་སྨིན་གྱི་སྒྲིབ་པ་ཅན་ཡིན་པས་ཁྱད་པར་རྟོགས་པའི་གནས་མེད་དེ། བཤེས་སྤྲིངས་ལས། ལྷ་མིན་དག་ནའང་རང་བཞིན་གྱིས་ལྷ་ཡི། །དཔལ་ལ་སྡང་ཞིང་ཡིད་ཀྱིས་སྡུག་བསྔལ་ཆེ། །དེ་དག་བློ་དང་ལྡན་ཡང་འགྲོ་བ་ཡི། །སྒྲིབ་པས་བདེན་པ་མཐོང་བ་མ་མཆིས་སོ། །ཞེས་གསུངས། ཚེ་ཚད་ཀྱང་སའི་དངོས་གཞི་ལས་སུམ་ཅུ་རྩ་གསུམ་དང་འདྲ་བར་གསུངས་སོ། །གསུམ་པ་ལྷའི་སྡུག་བསྔལ་བསམ་པ་ལ་གཉིས་ཏེ། འདོད་པའི་ལྷ་དང་། ཁམས་གོང་མའི་སྡུག་བསྔལ་ལོ། །དང་པོ་འདོད་པའི་ལྷ་རྣམས་ནི། འདོད་ཡོན་ལ་བག་མེད་དུ་སྤྱད་པས་གཡེངས་ཏེ་ཚེ་ཟད་པ་མ་ཚོར་བ་འཆི་བ་ལ་ཐུག་ཙ་ན། ལུས་ཀྱི་མདངས་མི་སྡུག་པ་དང་། སྟན་ལ་མི་དགའ་བ་དང་། མེ་ཏོག་གི་ཕྲེང་བ་རྙིང་བ་དང་། གོས་ལ་དྲི་མ་ནག་པོ་ཆགས་པ་དང་། ལུས་ལ་སྔོན་མེད་པའི་རྔུལ་འབྱུང་བ་སྟེ། །འཆི་ལྟས་ལྔ་ལྷ་ཡི་ཞག་བདུན་གྱི་གོང་དུ་འབྱུང་བས་འཆི་འཕོའི་སྡུག་བསྔལ་དོས་དྲག་ལ་ཡུན་རིང་། དེའི་ཚེ་རང་གི་ལྷ་མོ་དང་འཁོར་རྣམས་ཀྱིས་སྤངས་ཏེ་ལྷ་གཞན་གྱི་དྲུང་དུ་སོང་བས་སྡུག་བསྔལ་དང་ཡིད་མི་བདེ་བ་ཆེར་བསྐྱེད་ཅིང་། ཁྱད་པར་ལྷའི་དཔལ་འབྱོར་ལ་ཆགས་ཀྱང་དབང་མེད་དུ་འབྲལ་བར་ཤེས། ཤི་ནས་ལྷར་སྐྱེ་བ་ནི་སྲིད་པ་ཙམ་སྟེ་མིར་སྐྱེ་བའང་ཉུང་། ཕལ་ཆེར་ངན་སོང་དུ་སྐྱེ་བ་དང་། དེའི་སྡུག་བསྔལ་བཟོད་དཀའ་ཡུན་རིང་དུ་མྱོང་དགོས་པར་ཤེས་ནས་སྡུག་བསྔལ་བཟོད་གླགས་མེད་པར་འབྱུང་སྟེ། དྲན་ཉེར་ལས། ལྷ་ཡི་གནས་ནས་ལྟུང་བ་ན། །སྡུག་བསྔལ་རབ་ཏུ་སྐྱེ་བ་གང་། །དེ་ལ་སེམས་ཅན་དམྱལ་བ་ཡི། །བཅུ་དྲུག་ཆར་ཡང་མི་ཕོད་དོ། །ཞེས་གསུངས། གཞན་ཡང་། ལྷ་བསོད་ནམས་ཆེ་བ་རྣམས་མཐོང་ནས་བསོད་ནམས་ཆུང་བ་རྣམས་སེམས་ཁོང་དུ་ཆུད་པ་དང་། མཐུ་ཆེ་བས་ཆུང་བ་རྣམས་གནས་ནས་བསྐྲོད་པ་དང་། ཁྱད་པར་རྒྱལ་ཆེན་རིགས་བཞི་དང་སུམ་ཅུ་རྩ་གསུམ་པ་རྣམས་ལྷ་མིན་དང་འཐབ་ཅིང་རྩོད་པ་དང་། ལུས་མཚོན་གྱིས་རྨས་པ་དང་བསོད་པ་སོགས་ཀྱི་སྡུག་བསྔལ་དྲག་པོ་ཡོད་དོ། །

གཉིས་པ་ཁམས་གོང་མའི་སྡུག་བསྔལ་བསམ་པ་ནི། གཟུགས་གཟུགས་མེད་གཉིས་ན་སྡུག་བསྔལ་མངོན་གྱུར་པ་མེད་ཀྱང་འདུ་བྱེད་ཀྱི་སྡུག་བསྔལ་ཁོ་ནའི་རང་བཞིན་ལས་མ་འདས་པ་དང་། ཏིང་ངེ་འཛིན་གྱིས་མྱོས་པ་ལྟར་གྱུར་པས་སོ་སྐྱེ་རྣམས་ཡོན་ཏན་གོང་འཕེལ་དུ་འགྲོ་བ་མེད་ཅིང་། ཏིང་ངེ་འཛིན་གྱི་རོ་མྱོངས་པ་དེ་དང་འབྲལ་མི་ཕོད་ཅིང་། དེས་རང་རང་གི་ཏིང་འཛིན་དེ་ལས་ཉམས་ནས་འཆི་བའང་ཡོད། སྒོས་སུ་དེར་གནས་པའི་སོ་སྐྱེས་རྣམས་སྔོན་ལས་ཀྱི་འཕེན་པ་ཟད་པ་ན་སླར་ངན་སོང་སོགས་འདོད་ཁམས་རྣམས་སུ་སྐྱེ་བ་ཉིང་མཚམས་སྦྱོར་བར་འགྱུར་ཏེ། བཤེས་སྤྲིངས་ལས། ལྷ་ཡུལ་འདོད་བདེ་ཤིན་ཏུ་ཆེན་པོ་དང་། །ཚངས་ཉིད་ཆགས་བྲལ་བདེ་བ་ཐོབ་ནས་སླར། །མནར་མེད་མེ་ཡི་བུད་ཤིང་གྱུར་པ་ཡི། །སྡུག་བསྔལ་རྒྱུན་མི་ཆད་པ་བརྟེན་འཚལ་ལོ། །ཞེས་གསུངས། དེས་ན་ཁམས་གསུམ་འཁོར་བའི་གནས་རིས་མཐོ་དམན་གང་དུ་སྐྱེས་ཀྱང་སྡུག་བསྔལ་གྱི་རང་བཞིན་ལས་མ་འདས་ཏེ། ཨོ་རྒྱན་ཆེན་པོས། འཁོར་བ་ནིི་ཁམས་གསུམ་གྱི་སེམས་ཅན་ཡིན་ལ། དེ་དག་ནི་སྡུག་བསྔལ་གྱི་རང་བཞིན། སྡུག་བསྔལ་གྱི་ངོ་བོ། སྡུག་བསྔལ་གྱི་ཡོ་ལང་ཡིན་ཏེ། རྩ་བའི་སྡུག་བསྔལ་བཞི་ལུ་གུ་རྒྱུད་དང་འདྲ་སྟེ་གཅིག་གཤམ་ལ་གཅིག་འབྲེལ། ཡན་ལག་གི་སྡུག་བསྔལ་དྲུག་ནི་རྒྱ་མཚོའི་རླབས་དང་འདྲ་སྟེ་བུད་པ་དང་སངས་པ་མེད། ཉིང་ལག་གི་སྡུག་བསྔལ་ནི་གནམ་གྱི་སྐར་མ་དང་འདྲ་སྟེ་གྲངས་དང་ཚད་མེད། དེས་ན་གང་དུ་སྐྱེས་ཀྱང་སྡུག་བསྔལ་གྱི་ཡོ་ལང་། སུ་དང་འགྲོགས་ཀྱང་སྡུག་བསྔལ་གྱི་གྲོགས་པོ། གང་དུ་ཕྱིན་ཀྱང་སྡུག་བསྔལ་གྱི་གནས་སོ། །གང་ཡིན་ཀྱང་སྡུག་བསྔལ་གྱི་སྣོན་མར་འདུག་པས། ལོ་ཀའི་ཕུན་སུམ་ཚོགས་པ་ཐམས་ཅད་སྡུག་བསྔལ་གྱི་རྒྱུ། མ་ཚོགས་པ་ཐམས་ཅད་སྡུག་བསྔལ་གྱི་འབྲས་བུ་སྟེ་སྡུག་བསྔལ་ལུ་གུ་རྒྱུད་དང་འདྲ་བས་གཅིག་གཤམ་ནས་གཅིག་འབྲེལ། ཆུ་ཡི་གཉེར་མ་དང་འདྲ་སྟེ་བུད་པ་དང་སངས་པ་མེད། གནམ་གྱི་སྐར་མ་དང་འདྲ་སྟེ་གྲངས་དང་ཚད་མེད་དོ། །མདོར་ན་འདོད་པ་སེམས་ཀྱི་སྡུག་བསྔལ། མྱོང་བ་ལུས་ཀྱི་སྡུག་བསྔལ། སྣང་བ་ཡུལ་གྱི་སྡུག་བསྔལ། སྒོ་གསུམ་རྩོལ་སྒྲུབ་ཀྱི་སྡུག་བསྔལ་ཏེ། སྡུག་བསྔལ་མེད་པ་གཅིག་ཀྱང་མེད་དོ། །དེ་ལྟར་བསམ་ཙ་ན་འཁོར་བ་འདི་ལ་བློ་ལྡོག་པ་ཡིན་ནོ། །ཞེས་གསུངས་སོ། །

གསུམ་པ་སྡུག་བསྔལ་གསུམ་གྱི་རང་བཞིན་བསམ་པ་ནི། སྤྱིར་འཁོར་བའི་གནས་རིས་མཐོ་དམན་གང་དུ་སྐྱེས་ཀྱང་སྡུག་བསྔལ་རྒྱུ་འབྲས་ལ་སྤྱོད་པ་ཤ་སྟག་སྟེ། ཁ་ཅིག་སྔོན་གྱི་སྦྱིན་འབྲས་ཕྲ་མོས་འཕང་པའི་དབང་གིས་ལྷ་དང་མི་ཡི་གནས་སོགས་སུ་སྐྱེས་ཤིང་འཁོར་དང་ལོངས་སྤྱོད་ཕུན་སུམ་ཚོགས་པ་ལྟར་སྣང་ཡང་བསམ་པ་མི་དགེ་བས་ཟིན་ཅིང་སྦྱོར་བ་སྡིག་པ་འབའ་ཞིག་ལ་སྤྱོད་པའི་དབང་གིས་ཕྱི་མ་ངན་སོང་དམྱལ་བ་ནས་ཐར་དུས་མེད་པའི་སྡུག་བསྔལ་གྱི་རྒྱུ་ལ་སྤྱོད་པ་དང་། གང་དག་ངན་སོང་གསུམ་སོགས་འབྲས་བུ་སྡུག་བསྔལ་གྱི་རྣམ་པ་སྣ་ཚོགས་པ་དོས་དྲག་ལ་ཡུན་རིང་དུ་སྤྱོད་པ་སྟེ། དེ་ཡང་མདོར་བསྡུ་ན་རྣམ་པ་གསུམ་སྟེ། སྡུག་བསྔལ་གྱི་སྡུག་བསྔལ་ནི་སྐྱེས་ཙམ་ཉིད་ནས་སྡུག་བསྔལ་དུ་ཤེས་ཤིང་ཀུན་ཀྱིས་ཡིད་དུ་མི་འོང་ཞིང་མི་འདོད་པ་ཚ་གྲང་བཀྲེས་སྐོམ་སོགས་ཚོར་བ་སྡུག་བསྔལ་ཏེ་དཔེ་རིམས་ནད་དྲག་པོས་གཟིར་བ་དང་འདྲ་སྟེ། རྣམ་འབྱེད་ལས། སྲིད་པའི་སྡུག་བསྔལ་ནི་བསིལ་བའི་སྐབས་མེད་པ་མེ་ཡི་འོབས་ལྟ་བུའོ། །འཇིགས་ཤིང་ཉམས་ང་བ་གཅན་གཟན་ཁྲོ་བོ་དང་མི་རྒོད་ཀྱི་ནང་ན་གནས་པ་ལྟ་བུའོ། །ཐར་པའི་གོ་སྐབས་དཀའ་བ་རྒྱལ་པོའི་བཙོན་ར་ལྟ་བུའོ། །ཡང་དང་ཡང་དུ་འབྱུང་བ་རྒྱ་མཚོའི་རླབས་ལྟ་བུའོ། །བདེ་འགྲོའི་སྲོག་འཇོམས་པ་ཧ་ལ་ཧ་ལ་ལྟ་བུའོ། །ཞེས་གསུངས། འདི་གཙོ་བོ་ངན་སོང་གསུམ་ནའོ། །འགྱུར་བའི་སྡུག་བསྔལ་ནི། འདོད་པར་ཚེ་དང་ལོངས་སྤྱོད་སོགས་ནས་ཟག་བཅས་ཀྱི་བསམ་གཏན་གྱི་བདེ་བ་ཚུན་ཆོད་མཐར་འགྱུར་ཞིང་མི་རྟག་པས། དེ་ཡི་ཚེ་སྡུག་བསྔལ་གྱི་རྒྱུར་འགྱུར་བས་ཚོར་བ་བདེ་བའི་ཆ་ཐམས་ཅད་ཡིན་ཏེ། དཔེ་འབྲས་ཆན་དུག་དང་འདྲེས་པ་ཟ་བ་དང་འདྲ་སྟེ། པད་དཀར་ལས། ལྷའི་རྒྱལ་སྲིད་ནི་སྡུག་བསྔལ་འབྱུང་བའི་རྒྱུ་ལགས་སོ། །མི་རྣམས་ཀྱི་རྒྱལ་སྲིད་ཀྱང་སྡུག་བསྔལ་འབྱུང་བའི་རྒྱུ་ལགས་སོ། །ཞེས་གསུངས། གཙོ་བོར་མི་དང་འདོད་ལྷ་རྣམས་སོ། །ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་ནི། སྡུག་བསྔལ་དེ་གཉིས་ཀའི་གཞི་འདུ་བྱེད་ཉེར་ལེན་ཕུང་པོ་ཙམ་འདི་སྡུག་བསྔལ་ཐམས་ཅད་ཀྱི་བསྐྱེད་གཞི་ཡིན་ཏེ། འདི་ལས་སྐྱེ་རྒ་སོགས་སྡུག་བསྔལ་ཐམས་ཅད་རིམ་ཅན་དུ་འབྱུང་ཞིང་འདུ་བྱེད་པས་ན། འདི་ཚོར་བ་བཏང་སྙོམས་ཁོ་ན་དང་ལྡན་པའི་ཚེ་འདུ་བྱེད་ཀྱི་སྡུག་བསྔལ་ཁོ་ནའི་མིང་ཐོབ་པ་ཡིན་ཏེ། དཔེ་འབྲས་ཀྱི་ནད་མ་སྨིན་པ་དང་འདྲའོ། །དེ་ཡང་སོ་སྐྱེས་རྣམས་ཀྱིས་འདུ་བྱེད་ཀྱི་སྡུག་བསྔལ་འདི་མི་ཚོར་ཏེ། དཔེར་ན་རིམས་ནད་དྲག་པོས་ཟིན་ཙ་ན་ལུས་ཀྱི་ན་ཚ་ཁལ་ཁོལ་གཞན་ཡོད་ཀྱང་མི་ཚོར་བ་དང་འདྲ་ལ། འཕགས་པ་རྣམས་ཀྱིས་འདུ་བྱེད་ཀྱི་སྡུག་བསྔལ་འདི་གཟིགས་ཏེ། རིམས་ནད་ཕལ་ཆེར་སོས་ཙ་ན་ལུས་ཀྱི་ན་ཚ་ཁལ་ཁོལ་ཡོད་པ་ཚོར་བ་བཞིན་ནོ། །མདོ་ལས། ཚོར་བ་གང་ཅི་ཡང་རུང་བ་དེས་ན་ཐམས་ཅད་སྡུག་བསྔལ་ལོ། །ཞེས་གསུངས། གཙོ་བོ་བསམ་གཟུགས་བཞིན་ནོ། །འདི་ལས་ཐར་ན་གཞན་གཉིས་ལས་ཐར་པའི་སྐབས་མེད་དེ་ཤིང་གི་རྩ་བ་མ་བཅད་ན་ལོ་འདབས་བཅད་ཀྱང་མི་ལང་བ་བཞིན་ཤེས་པར་བྱའོ། །འབྱོངས་པའི་ཚད་ནི། དགེ་བཤེས་གླང་རི་ཐང་པ་ལྟ་བུ་ཞིག་དགོས་ཏེ། གླང་ཐང་པ་ལ་ཉེ་གནས་ཀྱིས། བླ་མ་གཞན་ཚོས་གླང་རི་ཐང་པ་ངོ་ནག་ཟེར་གྱིན་གདའ་ཞུས་པས། ཁམས་གསུམ་འཁོར་བའི་སྡུག་བསྔལ་འདི་ལ་བསམ་ན་ངོ་གདོང་དཀར་པོ་འདུག་གེ་གསུངས་། སྐོར་གཅིག་ཁོང་གི་མཎྜལ་གྱི་སྟེང་ན་གཡུ་ཞིག་ཡོད་པ་བྱི་བ་གཅིག་གིས་བཏེགས་པས་མ་ཐེག་པ་ལ། ཙིག་ཙིག་ཞེས་བྱི་བ་གཞན་ལ་སྦྲན་ནས་གཅིག་གིས་ཕུལ། གཅིག་གིས་འཐེན་པ་གཟིགས་པས་ཞལ་འཛུམ་པ་ཞིག་བྱུང་བ་མ་གཏོགས་ནམ་ཡང་ཞལ་འཛུམ་པ་ཙམ་ཡང་མ་མཛད་པར་གྲགས་སོ། །དེས་ན་དེ་ལྟ་བུའི་ཚུལ་གྱིས་རྟག་ཏུ་གོམས་པར་བྱའོ། །

གཉིས་པ་བཤེས་གཉེན་གྱི་སྤང་བླང་དང་ཆོས་སྣང་བའི་སྒོ་བཤད་པ་ལའང་བསྟེན་བྱ་བཤེས་གཉེན་གྱི་སྤང་བླང་དང་། ཞར་བྱུང་སྣོད་ལྡན་ཡིན་མིན་གྱི་སློབ་མའི་སྤང་བླང་དང་། ཆོས་སྣང་བའི་སྒོ་དད་པ་བཤད་པ་དང་གསུམ་ལས། དང་པོ་ནི། དེ་ལྟར་ངེས་འབྱུང་གི་བློ་བཅོས་པ་བློ་ལྡོག་རྣམ་བཞིའམ། ཞེན་ལོག་གི་ཆོས་རྣམ་པ་བཞི་ཞེས། དོན་ལ་དལ་འབྱོར་རྙེད་དཀའ་དང་ཚེ་མི་རྟག་པ་གཉིས་ཀྱིས་ཚེ་འདི་ལ་ཞེན་པ་ལྡོག་དགོས་ཏེ། ཞེན་པ་བཞི་བྲལ་ལས། ཚེ་འདི་ལ་ཞེན་ན་ཆོས་པ་མིན། །ཞེས་པས། དེ་ཡང་དལ་འབྱོར་རྙེད་དཀའ་ཞིང་དོན་ཆེ་ལ་ཡར་འགྲོ་མར་འགྲོའི་ས་མཚམས་ལུས་རྟེན་ཁྱད་པར་ཅན་འདི་ཡང་། ནམ་འཆི་དང་འདི་འཆིའི་ངེས་པ་མེད་པར་འཆི་བའི་དབང་དུ་འགྲོ་བ་ཆོས་ཉིད་ཡིན་པས། ཚེ་འདི་སྒྲུབ་པ་ལ་སྙིང་པོ་མེད་པར་ཤེས་ནས་སྐྱེ་བ་ཕྱི་མ་དོན་དུ་གཉེར། འཁོར་བའི་རྒྱུ་འབྲས་གཉིས་བསམ་པས་ཕྱི་མ་ཕན་ཆད་ཀྱི་འཁོར་བ་ལ་བློ་ལྡོག །དེའི་ཚུལ་ཡང་། སྐྱེས་བུ་ཆུང་ངུས་ངན་སོང་ལ་བློ་ལྡོག་ནས་མཐོ་རིས་དོན་དུ་གཉེར། སྐྱེས་བུ་འབྲིང་གིས་ཁམས་གསུམ་འཁོར་བ་ལ་བློ་ལྡོག་ནས་ཐར་པ་དོན་དུ་གཉེར། སྐྱེས་བུ་ཆེན་པོས་རང་དོན་ཡིད་བྱེད་ཀྱི་བློ་ལྡོག་ནས་མཐའ་གཉིས་ལ་མི་གནས་པའི་མྱང་འདས་དོན་དུ་གཉེར། དེ་ཡང་འཁོར་བའི་ཉེས་དམིགས་བསམ་པའི་དུས་སུ་སེམས་སྡུག་ལྷུང་ངེ་སྐྱོ་ཤས་དང་། དེ་ལས་ཐར་འདོད་ཀྱི་ངེས་འབྱུང་གི་བསམ་པ་སྐྱེ་བའི་དུས་རང་ཉིད་གཅིག་པུ་ཐར་པ་ཙམ་གྱིས་མི་ཕན་པར་ཐོག་མེད་ནས་དྲིན་གྱིས་བསྐྱང་པའི་མ་རྒན་རྣམས་ཤུལ་དུ་ལུས་པས་དེ་ལས་ཁྲེལ་བོར་བ་སུ་ཡང་མེད་པས་དེ་རྣམས་རྣམ་མཁྱེན་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ་དགོས་སྙམ། དེ་ཡང་རང་བཟོ་དང་ཕོ་ཚོད་ཀྱིས་མི་ཐོབ་ལ། རང་ལ་བརྩེ་བའི་ཕ་མ་གཉེན་བཤེས་དང་། འཇིག་རྟེན་ན་ཆེ་དགུར་གྲགས་པའི་ཚངས་པ་བརྒྱ་བྱིན་སོགས་ཀྱིས་ཀྱང་སྟོན་མི་ཤེས། དེ་གང་གིས་སྟོན་ཤེས་ན་བླ་མ་དགེ་བའི་བཤེས་གཉེན་ཁྱད་པར་ཅན་གྱིས་ལམ་སྟོན་པས། དེས་ན་བླ་མ་དགེ་བའི་བཤེས་གཉེན་དང་དགེ་བའི་གྲོགས་པོ་ཅི་ནས་བསྟེན་དགོས་ཏེ། འདུལ་བ་ལུང་ལས། སཱ་ལའི་ཤིང་ལ་འཁྲི་ཤིང་བཞིན། །དམ་པ་རྣམས་ནི་བསྟེན་གྱུར་ན། །བཟང་པོའི་དཔལ་གྱིས་འཁྱུད་པར་འགྱུར། །ཞེས་གསུངས། དེ་ཡང་ཁྱི་དང་གློ་བ་འཕྲད་པ་བཞིན་སུ་ཐུག་ཐུག་ཅིག་གིས་མི་འོང་། ལྟ་སྤྱོད་ཕྱིན་ཅི་ལོག་ཏུ་སྟོན་པའི་བདུད་ཀྱི་བཤེས་གཉེན་ཞིག་དང་གྲོགས་པོ་བྱས་ན་རང་གི་རྒྱུད་ཆུད་ཟོས་ནས་འདི་ཕྱི་གཉིས་ཀར་རང་ཕུང་གཞན་བརླག་གི་རྒྱུར་འགྱུར་བས། དགེ་བའི་བཤེས་གཉེན་མཚན་ཉིད་དང་ལྡན་པ་ཞིག་བཙལ་བར་བྱེད་དགོས་པ་ལ། དང་པོ་བླ་མ་བརྟགས་དགོས། དེ་ལ་སྤྱིར་རིང་པོ་རྣ་ཐོས་ཐུང་ཐུང་མིག་རིག །མོ་དང་པྲ་ལ་སོགས་པས་བརྟགས་པ་དང་། བྱེ་བྲག་ཆོས་ཀྱིས་བརྟགས་དགོས་ཏེ། ཉན་རང་གི་དགེ་བའི་བཤེས་གཉེན་ནམ་མཁན་པོ་བརྟན་མཁས་ཀྱི་ཡོན་ཏན་དང་ལྡན་པ། བྱང་ཆུབ་སེམས་དཔའི་དགེ་བའི་བཤེས་གཉེན། མདོ་རྒྱན་ལས། བཤེས་གཉེན་དུལ་བ་ཞི་ཞིང་ཉེར་ཞི་བ། །ཡོན་ཏན་བརྩོན་བཅས་ལྷག་པར་ལུང་གིས་ཕྱུག །དེ་ཉིད་རབ་ཏུ་རྟོགས་ལ་སྨྲ་མཁས་ལྡན། །བརྩེ་བའི་བདག་ཉིད་སྐྱོ་ངལ་སྤང་ལ་བསྟེན། །ཞེས་པ་ལྟར་ཡོན་ཏན་བཅུ་ལྡན། རྡོ་རྗེ་ཐེག་པའི་བཤེས་གཉེན་བླ་མ་ཉིད་རྒྱུད་སྡེ་རང་རང་གི་གཞུང་ནས་བཤད་པ་ལྟར་གྱི་ཡོན་ཏན་དང་ལྡན་པ། ཁྱད་པར་དུ། པཎ་ཆེན་བི་མ་ལས། བླ་མ་དེ་ཡང་དཀྱིལ་འཁོར་ཕྱི་ནང་གི་དབང་རྫོགས་པ་ཐོབ་པ། ༡ སྡོམ་པ་དང་དམ་ཚིག་དག་པ། ༢ རྒྱུད་སྡེ་སོ་སོའི་དོན་ལ་མཁས་པ། ༣ བསྙེན་སྒྲུབ་ལས་སྦྱོར་དང་བཅས་པའི་དོན་ལ་སྦྱངས་ལ། ༤ རྟོགས་པ་ལྟ་བས་མ་རྨོངས་པ། ༥ ཉམས་མྱོང་སྒོམ་པ་ལ་འདྲིལ་པ། ༦ སྣ་ཚོགས་སྤྱོད་པ་དང་འབྲེལ་བ། ༧ སྙིང་རྗེས་གདུལ་བྱ་འདྲེན་པ་སྟེ་བརྒྱད་དང་ལྡན་པའོ། །ཞེས་གསུང་། དེའི་སྟེང་དུ་ཀུན་མཁྱེན་གྱིས་བརྒྱུད་པ་ལ་སེལ་མེད་ཅིང་བྱིན་རླབས་ཀྱི་ན་བུན་ཐུ་ལེ་བ་ཞིག་དང་། དགུ་ལྡན་དགོས་ཞེས་གསུང་ལ། ལྷག་པར་མན་ངག་སྟོན་པའི་བླ་མ་ནི། རྫོགས་པ་ཆེན་པོ་རང་ལམ་གྱི་དབང་བཞིས་རྒྱུད་སྨིན་ཅིང་། དམ་ཚིག་ལ་བསྲུང་དུ་ཡོད་པ་སྐུ་གསུང་ཐུགས་ཀྱི་དམ་ཚིག་ཉེར་བདུན་དང་། ཡན་ལག་གི་དམ་ཚིག་ཉེར་ལྔ། སྲུང་དུ་མེད་པ་མེད་ཕྱལ་གཅིག་པུ་ལྷུན་གྲུབ་བཞིས་རྒྱུད་བསྡམས་ཤིང་། ཀ་དག་ཁྲེགས་ཆོད་དང་ལྷུན་གྲུབ་ཐོད་རྒལ་གཉིས་ཀྱི་ཆོས་ཉིད་མངོན་སུམ་མཐོང་ནས། ལམ་སྣང་བཞིའི་ས་མཚམས་ཀྱི་གོ་མྱོང་རྟོགས་གསུམ་ཅི་རིགས་དང་ལྡན་པ། བརྒྱུད་པ་གསེར་གྱི་ཉག་ཐག་ལ་དམ་སེལ་གྱི་གཡའ་ཡིས་མ་གོས་པར། བརྒྱུད་པ་གོང་མའི་བྱིན་རླབས་བུམ་པ་གང་བྱོའི་ཚུལ་དུ་སྙན་ནས་སྙན་དུ་བརྒྱུད་པའི་བྱིན་རླབས་ཐོབ་པ་སྟེ་དེ་ལྟ་བུའི་ཡོན་ཏན་དང་ལྡན་པ་ཞིག་ཨེ་ཡིན་བརྟག །ཁྱད་པར་དུ་བྱང་ཆུབ་ཀྱི་སེམས་ཡོད་མེད་ཀྱིས་བརྟགས་ཏེ་སེམས་དང་ལྡན་ཕྱིན་འབྲེལ་ཚད་དོན་ལྡན་བཟང་འབྲེལ་ཚེ་གཅིག་སངས་རྒྱས། ངན་འབྲེལ་འཁོར་བ་མཐའ་ཅན་ཡིན་པས་ཕྱིའི་རྫུ་འཕྲུལ་སོགས་ལ་མི་བརྟག །སྤྱིར་ཡང་དུས་ཀྱི་དབང་གིས་གཞུང་ནས་བཤད་པ་ལྟར་དཀའ་ནའང་རང་ལས་ལྷག་པའི་ཡོན་ཏན་ཅན་བསྟེན་འོས་ཏེ། དོན་དམ་བསྙེན་པ་ལས། རྩོད་ལྡན་དབང་གིས་བླ་མའི་སྐྱོན་དང་ཡོན་ཏན་འདྲེས། །རྣམ་པ་ཀུན་ཏུ་སྡིག་པ་མེད་པ་ཡོད་མ་ཡིན། །གང་ཞིག་ཡོན་ཏན་ལྷག་པ་ཡང་ནི་ལེགས་དཔྱོད་ནས། །བུ་རྣམས་ཀྱིས་ནི་དེ་ལ་བསྟེན་པར་འགྱུར་བའོ། །ཞེས་གསུངས་ཞིང་དེ་ལས་གཞན་དུ་གྱུར་པ་སྡིག་པའི་བཤེས་གཉེན་དང་གྲོགས་པོ་ནི། འདི་ལར་སྡོམ་དང་དམ་ཚིག་ཉམས་ཤིང་ཐོས་པ་ཆུང་། ལེ་ལོ་དང་ང་རྒྱལ་ཆེ་ཞིང་ཀོ་ལོང་དུག་ལྔ་རགས། ཚེ་འདིའི་འཁོར་དང་ཡོ་བྱད་དང་གྲགས་པ་དོན་དུ་གཉེར། དབེན་པར་གནས་ཀྱང་འདུ་འཛི་དང་ཉོན་མོངས་པའི་ཆར་པ་འབབ། ཕྱི་མ་རྒྱང་རིང་དུ་འཕངས་ཤིང་རང་ལས་གཞན་པའི་ཆོས་དང་གང་ཟག་ཐམས་ཅད་ལ་སྐུར་པ་འདེབས། ངག་ཏུ་ཆོས་ལྟར་མཁས་མཁས་སྟོན་ཡང་དོན་རང་གི་སེམས་ལ་མི་ཕན། ཚིག་དང་དོན་གཉིས་ཡ་བྲལ་དུ་སོང་བའི་ཟོག་པོའི་རིགས་དེ་དག་ལ། མི་གཙང་བ་ཕྱི་སའི་ཕུང་པོ་ལྟ་བུའི་ཚོགས་མ་བསགས་པའི་འཁོར་སྦྲང་བུ་ལྟ་བུ་མང་དུ་འདུ་ཡང་། དད་ལྡན་ཐར་པ་འདོད་པ་དག་ངན་འགྲོར་འཁྲིད་པས་ན་རིང་དུ་སྤོངས་ཤིག་ཅེས་དང་། སྡིག་པའི་གྲོགས་པོ་དེ་ཡང་། ཇི་ཙམ་འགྲོགས་པ་དེ་ཙམ་སྡིག་པ་འཕེལ་ཞིང་དགེ་བ་འགྲིབ་ཅིང་ཉོན་མོངས་པ་ཆར་བཞིན་དུ་བབས་པས་བདེ་འགྲོ་འགོག་ནས་ངན་འགྲོའི་འབབ་སྟེགས། དམ་པ་རྣམས་སྨད་ཅིང་དཀར་པོའི་ཆོས་ལ་སྡང་ཞིང་ནག་པོའི་ཆོས་ལ་བརྟེན་ཏེ་སྐལ་མཉམ་མི་དགེ་སྤྱོད་པ་རྣམས་བསྔགས་ནས་དུས་རྟག་ཏུ་ལོག་ལམ་ངན་འགྲོར་འཁྲིད་པར་བྱེད་པ་དེ་དག་བློ་མིག་ལྡན་པས་སྤོངས་ཤིག་ཅེས་གདམས་པ་ལྟར་བརྟགས་ནས་སྤངས་དགོས། དེ་ཡང་ཆ་རྒྱུས་མེད་པའི་ལུང་སྟོང་ལམ་དགྲའི་གནོད་འཚེ་ཡོད་སར་འགྲོ་བ་ན་ལམ་མཁན་བཟང་ངན་ཞིབ་བརྟགས་བགྱིས་ཏེ་འཚོལ་དགོས་ན། ད་རེས་ལེགས་ཉེས་གང་འགྱུར་ལམ་སྟོན་བཤེས་གཉེན་བཟང་ངན་ཁོ་ན་ལ་རག་ལས་པ་ཡིན་པས་ཅིའི་ཕྱིར་བརྟག་དཔྱད་བྱས་ཏེ་དགེ་བའི་བཤེས་གཉེན་མི་འཚོལ། དེས་ན་འདིར་བཤད་པའི་བླ་མའི་ཡོན་ཏན་ཚང་པ་ཡིན་མིན་ལེགས་པར་བརྟགས་ཤིང་མ་ནོར་བར་དཔྱད་དེ་བཙལ་ནས་རྙེད་པ་དེའི་ཞབས་པད་སྤྱི་བོར་བསྟེན་པར་འོས་ལ། དེ་ཉིད་སངས་རྒྱས་དངོས་ཀྱི་འདུ་ཤེས་དང་མ་བྲལ་བར་བྱ་སྟེ། རྔ་བོ་ཆེའི་མདོ་ལས། མྱ་ངན་མ་བྱེད་ཀུན་དགའ་པོ། །སྨྲེ་སྔགས་མ་འདོན་ཀུན་དགའ་བོ། །ང་ཉིད་ཕྱི་མའི་དུས་ཀྱི་ཚེ། །དགེ་བའི་བཤེས་གཉེན་ཉིད་སྤྲུལ་ནས། །ཁྱོད་ལ་སོགས་པའི་དོན་བྱེད་འགྱུར། །ཞེས་གསུངས། དེ་ལྟ་བུའི་བླ་མ་དམ་པ་ནི་ངེས་དོན་དུ་སངས་རྒྱས་སུ་བཞུགས་ཀྱང་གདུལ་བྱ་ཐབས་ཀྱིས་དྲང་པའི་དོན་དུ་འཕྲལ་གྱི་མཛད་སྤྱོད་ཐ་མལ་བཞིན་དུ་དགྲ་བཏུལ་ཡང་སྡང་བ་མེད། གཉེན་སྐྱོང་ཡང་ཆགས་པ་མེད། འདུ་འཛིས་བྲེལ་ཡང་རྣམ་པར་མི་གཡེང་། ལོངས་སྤྱོད་བསགས་ཀྱང་ཞེན་པ་མེད། ཐོབ་དང་མངའ་ཐང་ཡོད་ཀྱང་ཁེངས་པ་མི་སྐྱེ་བར་སྣང་བ་ཐམས་ཅད་སྒྱུ་མ་ལྟ་བུའི་ཚུལ་དུ་གཟིགས་ནས། མཛད་སྤྱོད་གང་ཡང་གདུལ་བྱའི་རྒྱུད་དང་བསྟུན་པའི་དགོངས་པ་ཅན་གྱི་མཛད་སྤྱོད་ཁོ་ན་ཡིན་པས་ཀུན་ལས་ཁྱད་པར་འཕགས། གཞན་རྒྱུད་ཀྱི་ཐེ་ཚོམ་གཅོད་ཅིང་འཁོར་གྱི་ལོག་སྒྲུབ་དང་སྐྱོ་ངལ་བཟོད་པའི་བུ་གཅིག་པའི་མ་ལྟ་བུ་དེ་ལ་འཁོར་བའི་རྒྱ་མཚོ་ལས་སྒྲོལ་བའི་གྲུ་པོ་ཆེ་ལྟ་བུ་སོགས་དཔེ་བཅུ་གཉིས་ཀྱིས་དྲན་པར་གསུངས་སོ། །བར་དུ་བླ་མ་བསྟེན་པའི་ཚུལ་ཡང་། ཉོན་མོངས་པའི་ནད་ཞི་བར་བྱ་བའི་ཕྱིར། ནད་པས་སྨན་པ་བསྟེན་པ་དང་། ཉེས་པའི་འཇིགས་པ་བསྐྱབ་པའི་ཕྱིར་དམངས་ཀྱིས་རྒྱལ་པོ་བསྟེན་པ་དང་། སྐྱེ་ཤིའི་འཇིགས་པ་ལས་ཐར་བར་བྱ་བའི་ཕྱིར་མགྲོན་པོས་སྐྱེལ་མ་བསྟེན་པ་དང་། རང་གཞན་གྱི་དོན་གཉིས་འགྲུབ་པར་བྱ་བའི་ཕྱིར་ཚོང་པས་དེད་དཔོན་བསྟེན་པ་ལྟ་བུ་དང་། འཁོར་བའི་ཆུ་བོ་ལས་བརྒལ་བའི་ཕྱིར་གྲུ་པས་མཉན་པར་བསྟེན་པ་ལྟར་བྱ་དགོས་ཚུལ་གསུངས་ཤིང་ཁྱད་པར་དུ་སྲོག་ལ་བབས་ཀྱང་བླ་མ་དགེ་བའི་བཤེས་གཉེན་དེ་དག་གི་སྐྱོན་ལ་མི་རྟོག་ཅིང་ཡོན་ཏན་འབའ་ཞིག་དྲན། གལ་ཏེ་ཅུང་ཟད་མ་དད་ན་རྨི་ལམ་གྱི་སྣང་བ་ལྟར་བདེན་མེད་དུ་ཤེས་པས་ཐུན་ཚད་ལས་མ་འདས་པར་བཤགས་པ་བྱ་སྟེ་སྐྱོན་གཅིག་སེམས་པར་ཡོན་ཏན་བརྒྱ་འགྱུར་དུ་བསམ་ལ་ངག་ཏུའང་བརྗོད། དུས་རྟག་ཏུ་བླ་མ་མི་མཉེས་པ་ཆ་དང་བཅས་པ་སྤངས་ནས་མཉེས་པ་བསྒྲུབ། བླ་མས་བཀའ་བསྩལ་ཟུར་ཙམ་ཡང་མི་བཅག །བླ་མའི་འཁོར་དུ་གཏོགས་པའང་བླ་མ་བཞིན་དུ་བཀུར་ཏེ་རང་གི་སློབ་མ་མི་བསྡུ། གཞན་ལ་ཆོས་བཤད་དབང་བསྐུར་སོགས་ཀྱང་གནང་བ་ཞུ་ནས་བྱ། ལུས་ཀྱིས་བླ་མའི་སྤྱན་སྔར་ལུས་ངག་ཡིད་གསུམ་བསྡམ་ཞིང་རྐང་བརྐྱངས་སྐྱིལ་ཀྲུང་རྒྱབ་བསྟན་ངོ་མཛུབ་མི་གནག་ཁྲོ་གཉེར་སོགས་སྤང་། ངག་གིས་བབ་ཅོལ་དུ་སྨྲ་བ་རྫུན་དང་ཕྲ་མ་གཞན་སྐྱོན་ཚིག་རྩུབ་འབྲེལ་མེད་ཀྱི་སྨྲ་བ་རྣམས་མི་བྱ། ཡིད་ཀྱིས་བླ་མའི་རྫས་ལ་བརྣབ་སེམས་དང་། ཉེ་འཁོར་དང་སློབ་མ་སོགས་ལ་གནོད་སེམས་ཆ་བཅས་བསྡོམ་ཞིང་། བླ་མའི་མཛད་སྤྱོད་སྣ་ཚོགས་པར་ཁ་ཞེ་འཛོལ་བས་འཁྲུལ་བར་མི་བརྟག་ཅིང་། གལ་ཏེ་ཐུགས་མི་དགྱེས་པ་སོགས་བྱུང་ན་བླ་མ་དང་གཞན་མཆེད་གྲོགས་སོགས་གང་མཁོན་དེ་སྤྱི་བོར་བསྒོམ་ལ་ཕྱག་མཆོད་དང་རབ་ཏུ་འགྱོད་པས་མཆི་མ་འབྱིན་བཞིན་ཐལ་མོ་སྦྱར། ཀྱེ་ཀྱེ་བླ་མ་རིན་པོ་ཆེ་སོགས་ཀྱིས་ཉིན་མཚན་ཐུན་བཞིར་གསོལ་བ་ལན་བདུན་བདུན་དུ་གདབ་པས་འཁོན་དང་སྒྲིབ་པ་འབྱོང་ངེས་གསུངས། སྤྱོད་ལམ་གཞན་ཡང་། བླ་མ་མཇལ་ཚེ་ལྡང་བ་དང་ཕྱག་འཚལ་ཞིང་བཞུགས་པའི་ཚེ་སྟན་སོགས་མཁོ་པའི་ཡོ་བྱད་འབུལ་ཞིང་བསྟོད་བསྔགས་དང་ཐལ་མོ་སྦྱར། འབྱོན་བཞུད་ཚེ་ལངས་དང་ཞབས་འབྲིང་བསུ་སྐྱེལ་སོགས་བྱ་སྟེ། མདོར་ན་བླ་མ་དང་འགྲོགས་པའི་དུས་རྟག་ཏུ་དྲན་ཤེས་བག་ཡོད་ཀྱིས་གུས་འཇིགས་ཞུམ་པ་དང་བཅས་པས་བག་མ་གསར་བ་བཞིན་དུ་ཞི་དུལ་དང་ལྡན་པ་བྱ་དགོས་ཤིང་། དེར་མ་ཟད་དུས་གཞན་དུ་ཡང་། སྤྱོད་འཇུག་ལས། བྲེ་མོའི་གཏམ་ནི་སྣ་ཚོགས་དང་། །ངོ་མཚར་ལྟད་མོ་རྣམ་མང་པོ། །ཀུན་ལ་འཇུག་པར་གྱུར་པ་ན། །དེ་ལ་ཆགས་པ་སྤང་བར་བྱ། །དོན་མེད་ས་རྐོ་རྩྭ་གཅོད་དང་། །ས་རིས་འབྲི་སོགས་བྱེད་གྱུར་ན། །བདེ་གཤེགས་བསླབ་པ་དྲན་བྱས་ནས། །སྐྲག་པས་དེ་ཡི་མོད་ལ་བཏང་། །གང་ཚེ་བསྐྱོད་པར་འདོད་གྱུར་ཏམ། །སྨྲ་བར་འདོད་པར་གྱུར་ན་ཡང་། །དང་པོ་རང་གི་སེམས་བརྟགས་ནས། །བརྟན་པས་རིག་པ་ལྡན་པར་བྱ། །གང་ཚེ་རང་ཡིད་ཆགས་པ་དང་། །ཁྲོ་བར་འདོད་པ་དེ་ཡི་ཚེ། །ལས་སུ་མི་བྱ་སྨྲ་མི་བྱ། །ཤིང་བཞིན་དུ་ནི་གནས་པར་བྱ། །རྒོད་དང་ག་ཞར་བཅས་པ་དང་། །གལ་ཏེ་ང་རྒྱལ་རྒྱགས་ལྡན་པའམ། །མཚང་འབྲུ་བ་ཡི་བསམ་པ་དང་། །གལ་ཏེ་སྐྱོར་འབྱིན་བསླུ་སེམས་སམ། །གང་ཚེ་བདག་བསྟོད་ལྷུར་ལེན་པའམ། །གཞན་ལ་སྨོད་པ་ཉིད་དང་ནི། །གཤེ་བཅས་འགྱོད་དང་བཅས་གྱུར་ལ། །དེ་ཚེ་ཤིང་བཞིན་གནས་པར་བྱ། །རྙེད་དང་བཀུར་སྟི་གྲགས་འདོད་པའམ། །གཡོག་འཁོར་དོན་དུ་གཉེར་འདོད་པའམ། །བདག་སེམས་རིམ་གྲོ་འདོད་གྱུར་ན། །དེ་ཚེ་ཤིང་བཞིན་གནས་པར་བྱ། །གཞན་དོན་ཡལ་བར་འདོར་བ་དང་། །རང་དོན་གཉེར་བར་འདོད་པ་དང་། །སྨྲ་བར་འདོད་པའི་སེམས་བྱུང་ན། །དེ་ཚེ་ཤིང་བཞིན་གནས་པར་བྱ། །མི་བཟོད་ལེ་ལོའི་འཇིགས་པ་དང་། །དེ་བཞིན་སྤྱི་བརྟོལ་མུ་ཅོར་དང་། །རང་གི་ཕྱོགས་ཞེན་སེམས་བྱུང་ན། །དེ་ཚེ་ཤིང་བཞིན་གནས་པར་བྱ། །དེ་ལྟར་ཀུན་ནས་ཉོན་མོངས་དང་། །དོན་མེད་བརྩོན་པའི་ཡིད་བརྟགས་ནས། །དེ་ཚེ་དཔའ་བོས་གཉེན་པོ་ཡིས། །ཡིད་ནི་བརྟན་པོར་གཟུང་བར་བྱ། །ཤིན་ཏུ་ངེས་དང་རབ་དད་དང་། །བརྟན་དང་གུས་དང་ཞེ་ས་བཅས། །ངོ་ཚ་ཤེས་དང་འཇིགས་དང་བཅས། །ཞི་ཞིང་གཞན་དགའ་བྱེད་ལ་བརྩོན། །ཕན་ཚུན་མི་མཐུན་བྱིས་པ་ཡི། །འདོད་པ་རྣམས་ཀྱིས་མི་སྐྱོ་ཞིང་། །ཉོན་མོངས་སྐྱེས་པས་འདི་དག་གི །སེམས་འདི་འབྱུང་སྙམ་བརྩེར་ལྡན་དང་། །ཁ་ན་མ་ཐོ་མེད་དངོས་ལ། །བདག་དང་སེམས་ཅན་དབང་བྱས་ཤིང་། །སྤྲུལ་བཞིན་ང་རྒྱལ་མེད་པར་ནི། །ཡིད་ནི་རྟག་ཏུ་བཟུང་བར་བྱ། །རིང་ཞིག་ལོན་ནས་དལ་བའི་མཆོག །ཐོབ་པར་ཡང་དང་ཡང་བསམ་ནས། །སེམས་དེ་ལྟ་བུ་རི་རབ་ལྟར། །རབ་ཏུ་མི་གཡོ་བཟུང་བར་བྱ། །ཞེས་དང་། སེམས་སྲུང་འདོད་པ་རྣམས་ལ་ནི། །དྲན་པ་དང་ནི་ཤེས་བཞིན་དག །སྲོག་ལ་བབ་ཀྱང་སྲུངས་ཤིག་ཅེས། །བདག་ནི་དེ་ལྟར་ཐལ་མོ་སྦྱོར། །ཞེས་སོ། །སྤྱིར་ཡང་། འཇམ་མགོན་བློ་གྲོས་མཐའ་ཡས་ཀྱིས། མོས་གུས་རབ་ལ་དགེ་སྦྱོར་རབ། འབྲིང་ལ་འབྲིང་། ཐ་མར་ལ་དགེ་སྦྱོར་ཡང་ཐ་མར་འགྱུར། ན་རོ་མེ་ཏྲིི་མི་ལ་བྱ་ཡུལ་པ་སོགས་ཀྱིས་བླ་མའི་དོན་དུ་དཀའ་བ་ཆེན་པོ་སྤྱད་པས་དེ་ཁོ་ནས་དངོས་གྲུབ་ཐོབ་པ་དེ་འདྲ་ནི་རང་རེས་མི་ནུས། བཅོས་མིན་གྱི་མོས་གུས་ཀྱང་སྐྱེ་དཀའ་བས་གསོལ་འདེབས་ཀྱིས་སྣ་ཁྲིད་ནས་རིམ་གྱིས་སློབ་བཅུག་པ་ཡིན། མོས་གུས་ལམ་དུ་འགྲོ་བའི་ཡན་ལག་བཞི་ཡོད་དེ། བླ་མ་ལ་སྐྱོན་གྱི་རྣམ་པར་མཐོང་ན། སངས་རྒྱས་ཡེ་ཤེས་ཀྱིས་འཇམ་དཔལ་ཁྱིམ་བཙུན་བུ་སྨད་ཅན་དུ་གཟིགས་པའི་ཚེ་མ་དད་པའི་རྣམ་རྟོག་སྐྱེས་པས་མཆོག་གི་དངོས་གྲུབ་ལ་བར་དུ་གཅོད་པ་ལྟར། བདག་རང་གི་སེམས་རྒྱུད་མ་དག་པས་ལན། སངས་རྒྱས་ལ་སྐྱོན་ཞིག་ག་ལ་ཡོད། གང་མཛད་མཛད་དུ་ཆུག །མི་ཚངས་པར་སྤྱོད་པ་དང་རྫུན་མཛད་པ་སོགས་མཐོང་ན་ཡང་། འདི་ཀ་གདུལ་བྱ་འདུལ་ཐབས་བླ་ན་མེད་པ་ཞིག་ཡིན་མོད་འདི་ལ་བརྟེན་ནས་སེམས་ཅན་མང་ཞིག་སྨིན་གྲོལ་ལ་འགོད་པ་ཐེ་ཚོམ་མེད་པས་གཞན་དག་ཁྲིམས་གཙང་མ་སྲུང་བ་ལས་ཀྱང་འདི་བརྒྱ་འགྱུར་སྟོང་འགྱུར་ངོ་མཚར་ཆེ། གཡོ་སྒྱུ་ཚུལ་འཆོས་མ་མཛད་པ་འདི་ཁོ་ནས་དམ་པའི་ཀུན་སྤྱོད་ལ་འཁྲུལ་པ་མེད་སྙམ་དུ་བསྒོམ། ཁྱད་པར་དུ་རང་ལ་བཀའ་བསྐྱོན་བྱུང་ན་ལས་ངན་ཟད། ཕྱག་འཇུག་གནང་ན་གདོན་བགེགས་འབྲོས། ལྷག་པར་བདག་ལ་ཐུགས་བརྩེ་བས་འཇིག་རྟེན་ན་ཕས་བུ་ལ་བྱ་བ་བཞིན་ཟོལ་འགྲོགས་མི་མཛད་པ་བཀའ་དྲིན་ཆེ་སྙམ་དུ་བསམ། མི་དགྱེས་པའི་རྣམ་འགྱུར་དང་ཐུགས་མི་གཏོད་པ་ལྟར་སྣང་ན་རང་གི་ལས་སྒྲིབ་མ་དག་པས་ལན་སྙམ་དུ་སྒྲིབ་སྦྱང་དང་བླ་མའི་སྐུ་གསུང་ཐུགས་ཀྱི་ཞབས་ཏོག་སོགས་དགྱེས་པའི་ཐབས་ལ་འབད་དེ་མདོར་ན་བླ་མའི་སྐྱོན་མི་རྟོག་པ་དང་གཅིག །བཀའ་བརྒྱུད་གོང་མའི་ཞལ་ནས། མཚན་ལྡན་བླ་མ་རིན་ཆེན་འདིས། །གང་མཛད་ཐམས་ཅད་ལེགས་པ་ཡིན། །ཅི་མཛད་ཐམས་ཅད་ཡོན་ཏན་ཡིན། །མི་གསོད་བཤན་པ་མཛད་ན་ཡང་། །དེ་ཁས་འཚེང་ཤིང་དེ་ཁ་ལེགས། །སེམས་ཅན་ཐུགས་རྗེས་འཛིན་པར་ངེས། །ལོག་གཡེམ་འཆལ་བའི་ཚུལ་སྟོན་ཡང་། །ཡོན་ཏན་འཕེལ་ཞིང་ཡོན་ཏན་འབྱུང་། །ཐབས་ཤེས་ཟུང་དུ་འཇུག་པའི་བརྡའ། །རྫུན་གྱིས་གཞན་མགོ་བསྐོར་བ་ན། །བརྡའ་ཐབས་རྣམ་པ་སྣ་ཚོགས་ཀྱིས། །འགྲོ་ཀུན་ཐར་པའི་ལམ་ལ་འདྲེན། །རྐུ་འཕྲོག་ཆོམ་པོ་མཛད་ན་ཡང་། །གཞན་གྱི་ཡོ་བྱད་ཚོགས་སུ་བསྒྱུར། །སྐྱེ་བོའི་ཕོངས་པ་ཞི་བ་ཡིན། །དོན་ལ་འདི་འདྲའི་བླ་མ་ཡིས། །བཀའ་བཀྱོན་མཛད་ན་དྲག་སྔགས་ཡིན། །རྐྱེན་ངན་བར་ཆད་སེལ་བར་ངེས། །བརྡུང་རྡེག་མཛད་ན་བྱིན་རླབས་ཡིན། །དངོས་གྲུབ་ཐམས་ཅད་དེ་ལས་འབྱུང་། །མོས་གུས་ཅན་ཚོ་ཉམས་རེ་དགའ། །ཞེས་གསུང་པ་ལྟར་ཅི་མཛད་ཡོན་ཏན་དུ་ཤེས་པ་དང་གཉིས། བླ་མ་ལ་མོས་གུས་སྒོམ་པ་དེས་ཚེ་འདིར་ཐུགས་དགྱེས་མི་དགྱེས་ལ་མི་ལྟོས་པ་ལྟ་ཞོག །མཆོག་གི་དངོས་གྲུབ་ཨེ་ཐོབ་ཀྱི་རེ་བའང་མེད་པར་ཐུགས་རྗེས་འཛིན་རུང་མ་འཛིན་རུང་དངོས་གྲུབ་ཐོབ་རུང་མ་ཐོབ་རུང་། རང་ལ་བྱ་རྒྱུ་མོས་གུས་ལས་མེད་པ་རེ་དོགས་འགོག་པའི་ཐག་ཆོད་གསུམ། འཇིག་རྟེན་པས་ནི་ཡ་རབས་ཤིག་གིས་རང་གི་དཔོན་ལ་དངོས་ལྐོག་བར་གསུམ་དུ་ཞེས་ཇི་ཙམ་ཞིག་བྱེད་ནུས་པར་འདུག །དེ་ནི་ཚེ་འདི་བ་ལོ་ཤས་ཟླ་ཤས་ཀྱི་དོན་ཡིན། རང་རེའི་བླ་མ་འདི་ནས་བྱང་ཆུབ་མ་ཐོབ་ཀྱི་བར་དུ་རེ་ལྟོས་བྱ་ས་ཚེ་འདི་ཕྱི་བར་གསུམ་དུ་བདེ་ལེགས་ཀྱི་ཡོན་ཏན་ཆེ་ཆུང་ཅི་འདྲ་ཞིག་བྱུང་ཡང་བླ་མའི་སྐུ་དྲིན་ཁོ་ན་ཡིན། རང་ལ་ཆོས་ཀྱི་ཡོན་ཏན་ཅི་འོང་བླ་མ་ཁོ་ན་ལ་རག་ལས་པ་ཡིན་པས་ལུས་ངག་ཡིད་ཀྱི་བྱ་བྱེད་ཐམས་ཅད་བླ་མའི་ཞབས་ཏོག་ཏུ་དམིགས། བླ་མ་ལ་སྐུ་ཚེ་མཛད་ཕྲིན་རྒྱས་པར་སྨོན་པ་ཚུན་ཆད་ཀྱིས་མཉེས་གཤིན་པའི་བསམ་པ་མི་འབྲལ་བ་དང་བཞི་སྟེ་བསམ་པ་དེ་བཞིན་གྱིས་བླ་མ་བསྟེན་ན་རང་རྒྱུད་སྨིན་གྲོལ་ཞིག་མི་འོང་ཀ་མེད་དུ་འདུག །སྦྱོར་བ་ལའང་བཀའ་ཅི་གསུང་སྒྲུབ་པ་དང་ཐུགས་དགོངས་ལ་གང་ཡོད་བྱེད་པ་གཉིས་ལ་ཐམས་ཅད་འདུ་སྟེ། ལུས་ཀྱིས་ཕྱག་བསྐོར། བྲི་དྲུབ་རྐང་མགྱོགས། ཐ་ན་ཆུ་ལེན་ཐལ་ཕྱགས་ཚུན་ཆད་བྱ། ངག་གིས་གསོལ་འདེབས་བསྟོད་བཀུར། གཞན་ལ་བླ་མའི་ཡོན་ཏན་བསྒྲག །ཐུགས་སུ་འཐད་པའི་ཞུ་ལེན་དང་། ཚིག་འཇམ་ཞིང་ཞེ་སར་བཅས་པས་དོན་གབ་སྦས་མེད་པར་བྱ། དངོས་ལྐོག་གང་དུའང་སྐུར་འདེབས་ཀྱི་ཚིག་ཕྱེད་དུ་ལོངས་པའང་མི་སྨྲ། ཡིད་ཀྱིས་མོས་གུས་དག་སྣང་མ་གཏོགས་ལོག་ལྟ་སྐད་ཅིག་ཀྱང་མ་ཤོར་བར་བྱ། གལ་ཏེ་ལས་ངན་བསླངས་པ་སོགས་ཀྱི་ཡིད་ལ་མི་འཐད་པ་བྱུང་ནའང་དེ་མ་ཐག་ཏུ་དྲན་པས་ཟིན་པར་བྱ་སྟེ་ལུས་ངག་གི་རྣམ་འགྱུར་ཏུ་ཡེ་མ་ཐོན་པར་བྱ། སྔོན་ལས་ངན་པའི་ཐུགས་འགལ་གྱི་རིགས་ཤོར་ན་ལུས་ལོངས་སྤྱོད་དང་བཅས་པས་བཤགས་པ་ཚབས་སུ་འགྲོ་བ། ཡིག་བརྒྱ། བསྐང་བཤགས་སོགས་བཤགས་སྡོམས་ལ་འབུངས། བླ་མ་དང་ཐུགས་འགལ་ཡོད་པའི་རིགས་དང་བློ་མཐུན་པ། ཟས་གཅིག་ཏུ་ཟ་བ། ཐ་ན་གཏམ་ལབ་ཀྱང་མཉེས་གཤིན་པའི་བསམ་པས་བྱ་མི་རུང་། རང་གི་བླ་མ་ལ་སྙིང་ཐག་པ་ནས་སྨོད་མཁན་དེ་དང་། རང་ཡང་སྙིང་ཉེ་བར་བྱས་ན་སློབ་དཔོན་ལ་དངོས་སུ་མ་སྨད་ཀྱང་སློབ་དཔོན་རང་གིས་སྨད་པ་དང་ཁྱད་མེད་པར་བཤད། ཡོ་བྱད་ཀྱི་སྒོ་ནས་རང་གང་གཅེས་པའི་དངོས་པོ་རྣམས་དང་། བླ་མ་ཉིད་ཐུགས་དགྱེས་པའི་རིགས་གང་དང་ཅི་ཡོད་ཕོངས་པ་མེད་པར་འབུལ། དངོས་པོ་ནོམ་ཆེན་སྤུས་དག །རྟ་ཕྱུགས་གཞོན་པ་སོགས་དོན་ལོ་བའི་ཡོ་བྱད་རྣམས་རང་གིས་འཚག །རང་ལ་གང་མ་ཉན་ཚད་དེ་བླ་མ་ལ་འབུལ། མིང་ཆེན་པོ་བཏགས། དབང་ཆོས་རྩ་བ་གང་ཆེ་དེ་ཞུ། ཅུང་ཟད་མ་བྱུང་ན་མི་དགའ་ལྟ། དྲིན་བརྩི་ཚུར་ལ་བྱེད། ཆོས་གདམས་ངག་གནང་ཐུབ་པ་ལ་དྲིན་བརྩི་མེད་པར་ཞུ་རོགས་ཉན་རོགས་བྱས་པ་ལ་ཁ་དྲིན་བརྩི་རྒྱུ་ཡོད་པར་སྐད། འབུལ་བ་ཞབས་ཏོག་བྱས་པ་དེ་རང་གི་དོན་ཡིན་པར་མི་ཤེས་པར་བླ་མ་ལ་ཡུས་ཆེ་བ་ངོ་སོ་འཕྱར་པ་དེ་འདྲ་ནི་ཐོག་མ་ནས་སྡོད་ཐུབ་ན་དགའ་བར་གདའ་བས་དེས་ན་མོས་གུས་ཕྱིན་ཅི་མ་ལོག་པར་སྐྱེ་བས་རྒྱུད་ལ་བྱིན་རླབས་ཞུགས་པའི་རྟགས་དངོས་ཉམས་རྨི་ལམ་གཞུང་དུ་གསལ་པ་ལྟར་དང་། ཁྱད་པར་ཆོས་བརྒྱད་བུན་ལོང་དུ་འགྲོ། ཚེ་བློས་ཐོངས། ཤེས་པ་གསལ་སྟོང་རྗེན་པར་བུད་ནས་རྟོགས་པ་ཐལ་ཐོལ་སྐྱེས་ན་མཆོག་གི་རྟགས་ཡང་དག་པ་ཡིན་འདུག །དངོས་གཞི་སྒོམ་སྐྱེ་མི་སྐྱེ་འདི་ལ་རག་ལས་པས་ཞི་ལྷག་ལ་ཧབ་རྒྱུག་གི་མཐོ་བསྙབ་མི་བྱ་བར་རང་རྒྱུད་ལ་ཡོན་ཏན་གྱི་གཞི་སྣ་རེ་ཐེབ་པར་གཅེས་སོ། །ཞེས་གདམས་པ་ལྟར་བྱ། མདོར་ན་བླ་མ་དེ་ཉིད་ལ་རབ་སྒྲུབ་པའི་མཉེས་པས་བསྟན་པའི་ཆུ་རྒྱུན་འཛིན། འབྲིང་ཞབས་ཏོག་མཉེས་པས་སྒོ་གསུམ་གྱི་སྒྲིབ་པ་སྦྱང་། ཐ་མ་ཟང་ཟིང་གི་མཉེས་པས་ཚོགས་གཉིས་ཀྱི་བྲེ་ཁ་གང་བ་སྟེ་མཉེས་པ་གསུམ་གྱི་ཞབས་ཏོག་སྒྲུབ་པའི་སྒོ་ནས་བསྟེན། ཐ་མ་དགོངས་སྤྱོད་བསླབ་པའི་ཚེ། དང་པོ་བླ་མའི་ཐུགས་དམ་གྱི་མཐིལ་གང་ཡིན་པ་དེ་རང་རྒྱུད་ལ་ལོན་དགོས། བླ་མའི་དགོངས་པ་མ་ལོན་པར་སྤྱོད་པ་ལ་བསླབ་ན། ཚུལ་འཆོས་སུ་འགྲོ་ཉེན་ཆེ་བས་དགོངས་པ་ལོན་ནས་དེ་དང་མཐུན་པར་སྤྱོད་པ་ཅི་ནས་གལ་ཆེའོ། །གཉིས་པ་ཞར་བྱུང་རྗེས་སུ་འཛིན་བྱ་སློབ་མ་སྣོད་ལྡན་ཡིན་མིན་བརྟག་པ་ལ་སྤང་བྱ་སྐལ་བ་ངན་པའི་སློབ་མ་ཉེས་པ་དུ་མའི་སྣོད་དུ་གྱུར་པ། དད་པ་དང་ངོ་ཚ་ཁྲེལ་ཡོད་སྙིང་རྗེ་ཆུང་བ། རིགས་དང་རང་བཞིན་ཀུན་སྤྱོད་དང་སྐལ་བ་ངན་པ། སེམས་དང་ལས་དང་ཉོན་མོངས་དུག་ལྔ་རགས་པ། དགེ་སྡིག་དང་བསླབ་པ་འཆལ་བ། སྡོམ་དང་དམ་ཚིག་མི་བསྲུང་བ། ཉོན་མོངས་པའི་སྒོ་མི་སྡོམ་པས་གཉེན་པོ་ལ་རྨོངས་པ། ཤེས་རབ་ཆུང་ལ་མགུ་དཀའ་བ། ཁོང་ཁྲོ་དང་ཚིག་རྩུབ་ཉི་ཚེ་འཕེལ་བ། ཆོས་མིན་གྱི་བྱ་བ་ལ་རང་གིས་བརྩོན་པ། སངས་རྒྱས་ཀྱི་བླ་འཚོང་། ཆོས་ཀྱི་རྐང་འདྲེན། དགེ་འདུན་གྱི་སྒབ་བསྡུམ་པ་དེ་དག་བླ་མའི་མདུན་ཆོས་ཚོལ་བ་ན་ལོག་པའི་འདུ་ཤེས་བཞི་བསྟེན་པའི་གང་ཟག་དེ་ནི་ཚེ་འདིར་བཀྲ་མི་ཤིས། ཕྱི་མ་ངན་སོང་དུ་འཁྱམས་པ་ཡིན་ཏེ། དམ་ཚིག་གསུམ་བཀོད་རྒྱུད་འགྲེལ་དུ། གསང་སྔགས་རྡོ་རྗེའི་སློབ་དཔོན་སྨོད། །ཆོས་ལ་དབང་ཟ་ནོར་དང་བརྗེ། །རིགས་པས་དམ་ཚིག་མི་བསྲུང་བ། །དེ་དག་ཚེ་འདིར་ཚེ་ཐུང་ཞིང་། །དཔལ་དང་སྐལ་བ་བཟང་པོ་ཉམས། །མཁའ་འགྲོའི་ཆད་པས་སྡུག་བསྔལ་ཞིང་། །ཕྱི་མར་ངན་སོང་ཉིད་དུ་ལྷུང་། །ཞེས་གསུངས། དེ་ལྟར་མ་བརྟགས་པའི་སྐྱོན་ནི། དང་པོ་བླ་མ་དང་། སློབ་མའི་རྒྱུད་མ་བརྟགས་པར་དཔོན་སློབ་དུ་བཟུང་། དེ་ནས་གསར་འགྲོགས་ཀྱིས་བཀུར་སྟི་རྙེད་པ་བྱས་ཀྱང་། རྐྱེན་ཅུང་ཟད་ཀྱིས་ཁྲོས་ནས་འཕྱར་ཀ་དང་། ཚིག་རྩུབ་དང་། གཅིག་པུར་འདུག་ནའང་སྐྱོན་ཉི་ཚེ་སེམས་ཤིང་། དེའི་ཉེ་བར་འཁོར་བ་ཐམས་ཅད་སུན་འབྱིན་པ་དང་། ཁ་ཅིག་ངོར་བསྟོད་ཅིང་གུས་པའི་ཟོལ་དུ་འཆོས་ཀྱང་། ཡིད་མ་དད་པ་དང་མི་གུས་པའི་རྣམ་པ་བསྟན་ཅིང་། ལྐོག་ནས་གཡོ་སྒྱུས་བསླུ་བ་དེ་དག་ཀྱང་བླ་མ་ལ་སྨད་པའི་ཕྱིར་ཉེས་པ་ཚད་མེད་དེ། བླ་མ་ལྔ་བཅུ་པ་ལས། མནར་མེད་ལ་སོགས་འཇིགས་རུང་པ། །དམྱལ་བར་བརྟེན་པ་གང་ཡིན་པ། །སློབ་དཔོན་ལ་ནི་དམོད་པ་སྟེ། །དེ་ལ་གནས་པར་ཡང་དག་བཤད། །ཅེས་གསུངས་སོ། །བླང་བྱ་ནི་སྐལ་བ་བཟང་པོའི་སློབ་མ་དད་པ་དང་ཤེས་རབ་ཆེ་ཞིང་བརྩོན་འགྲུས་དང་དྲན་ཤེས་བག་ཡོད་ལྡན་པ། ཇི་ལྟར་བསྩལ་བའི་བཀའ་ལས་མི་འདའ་བར་སྡོམ་པ་དང་དམ་ཚིག་ལ་དངོས་ལྐོག་མེད་པ་བསྲུངས་ནས་སྒོ་གསུམ་གྱི་སྤྱོད་པ་དུལ་ཞིང་སྙིང་རྗེ་དང་ཕན་སེམས་ཆེ་བ། ཁོངས་ཡངས་ཤིང་སྤྲོ་རིང་བ་གཏོང་ཕོད་དང་དག་སྣང་ཆེ་བ། བློ་རབ་ཏུ་བརྟན་ཞིང་མོས་གུས་ཆེ་བའི་གང་ཟག་དེ་སྣོད་ལྡན་དུ་བཟུང་ངོ་། །

གསུམ་པ་ཆོས་སྣང་བའི་སྒོ་དད་པ་ནི། དཀོན་མཆོག་ལ་སྐྱབས་སུ་འགྲོ་བ་སོགས་དཀར་ཆོས་ཀྱི་ཡོན་ཏན་ཐམས་ཅད་རང་རྒྱུད་ལ་བསྐྱེད་པའི་རྒྱུའམ་རྩ་བ་ལྟ་བུ་ནི་དད་པ་ཕུན་སུམ་ཚོགས་པ་ཉིད་ཡིན་ཏེ། བཅོམ་ལྡན་འདས་ཀྱིས། དད་པ་དཀར་པོའི་ཆོས་རྣམས་ཀྱི། །སྔོན་དུ་འགྲོ་དང་བསྐྱེད་པར་བྱ། །སྡུག་བསྔལ་མཐར་ཕྱིན་འདོད་པ་དང་། །བདེ་བའི་མཐར་ཡང་འགྲོ་འདོད་པས། །དད་པའི་རྩ་བ་བརྟན་བྱས་ནས། །བྱང་ཆུབ་ལ་ནི་བློ་བརྟན་བྱ། །ཞེས་དང་། མཁས་མཆོག་དཔའ་བོས། དད་པ་འཁོར་ལོ་རིན་པོ་ཆེ། །ཉིན་མཚན་དགེ་བའི་ལམ་སྣ་འདྲེན། །ཞེས་འཕགས་པའི་ནོར་བདུན་གྱི་ཐོག་མར་གསུང་ལ། དེ་ཡང་། དད་པའི་ངོ་བོ་ནི། སྤང་བླང་གི་ཡུལ་ལ་འཇུག་ལྡོག་གིས་དམིགས་པའི་བློ་རབ་ཏུ་དྭངས་པ་སྟེ། དབྱེ་ན་དང་འདོད་ཡིད་ཆེས་ཕྱིར་མི་ལྡོག་པ་དང་བཞི་ལས། དང་པོ་ནི། རྒྱུ་མཚན་ཞིབ་ཏུ་ཤེས་མི་དགོས་པར་རྒྱལ་བའི་སྐུ་གསུང་ཐུགས་རྟེན་དང་བླ་མ་དགེ་བའི་བཤེས་གཉེན་གྱི་ཞལ་མཇལ་བའམ། ཡོན་ཏན་དང་རྣམ་ཐར་ཐོས་པ་ལྟ་བུའི་རྐྱེན་གྱིས་ཐུགས་རྗེ་མ་ཆུང་སྙམ་སྟེ་སེམས་དང་པ་འདྲེན་ནས་དད་པ་སྐྱེས་པ་དེ་ཡིན། འདོད་པའི་དད་པ་ནི་འཁོར་བའི་སྡུག་བསྔལ་ཐོས་པས་དེ་དང་བྲལ་བར་འདོད་ཅིང་། མངོན་མཐོ་དང་ངེས་ལེགས་ཀྱི་བདེ་བ་ཐོས་པས་ཐོབ་འདོད་དང་དགེ་སྡིག་རྒྱུ་འབྲས་ལ་བླང་དོར་འདོད་པ་རྣམས་ཡིན། ཡིད་ཆེས་པའི་དད་པ་ནི། དཀོན་མཆོག་རིན་པོ་ཆེ་རྣམ་གསུམ་གྱི་ཡོན་ཏན་དང་བྱིན་རླབས་ཐུན་མོང་མ་ཡིན་པ་རྒྱུ་མཚན་ཤེས་ནས་སྙིང་ཁུང་རུས་པའི་གཏིང་ནས་ཡིད་ཆེས་པས་སྐྱིད་སྡུག་ཅི་བྱུང་ཡང་དཀོན་མཆོག་མཁྱེན་ནོ་སྙམ་པའི་ཡིད་ཁྱེད་ཤེས་ཀྱི་དད་པ་ཡིན། ཕྱིར་མི་ལྡོག་པའི་དད་པ་རང་གི་སྲོག་ལ་བབས་ཀྱང་དཀོན་མཆོག་གསུམ་ལས་བློ་མི་ལྡོག་པ་ཞིག་དགོས་ཏེ། སྔོན་ནང་པའི་དགེ་བསྙེན་ཞིག་ཕྱི་རོལ་པས་བཟུང་སྟེ་ཁྱོད་ཀྱིས་སྐྱབས་གནས་མཆོག་གསུམ་བློས་མ་བཏང་ན་གསོད་དོ་ཞེས་བསྡིགས་པ་ན། དགེ་བསྙེན་གྱིས་ཚིག་ཙམ་དུ་ནི་ཁྱོད་ཀྱི་འདོད་པ་སྒྲུབ། སྙིང་ནས་ནི་མི་གཏོང་བྱས་པས་སྲོག་དང་བྲལ་ལོ། །དེ་འདྲ་བའི་བློ་གཏད་ཅིག་ཡོད་ཕྱིན་དད་པ་སྔ་མ་གསུམ་པོ་ཡང་དེར་འདུས་ཤིང་ངང་ངམ་ཤུགས་ཀྱིས་འབྱུང་བ་ཡིན་ནོ། །དད་པ་དེ་དག་རྒྱུད་ལ་མ་སྐྱེས་པ་སྐྱེ་བ་དང་སྐྱེས་པ་གོང་འཕེལ་དུ་འགྲོ་བའི་རྒྱུ་ནི་མང་དུ་ཡོད་ཀྱང་བསྡུ་ན། བླ་མ་དགེ་བའི་བཤེས་གཉེན་བསྟེན་ནས་སངས་རྒྱས་དངོས་མཐོང་གི་མོས་གུས་བསྐྱེད། གྲོགས་ཁྱད་པར་ཅན་ཆོས་དང་རང་རྒྱུད་འདྲེས་ངེས་བསྟེན་ཞིང་དེའི་རྗེས་སུ་འབྲང་། མདོ་རྒྱུད་ཟབ་མོའི་གསུང་རབ་རྣམས་ལྟ་ཞིང་འཆི་བ་མི་རྟག་པ་ཡང་ཡང་བསམ། དཀོན་མཆོག་གི་ཡོན་ཏན་དང་རྒྱུ་འབྲས་སྟོན་པའི་མདོ་དང་གཏམ་རྒྱུད་རྣམས་ལྟ་ཞིང་ཉན། ཟབ་མོའི་སྒོམ་སྒྲུབ་སོགས་ལ་སྔར་བས་བརྩོན་པ་ཆེར་བསྐྱེད། དད་པ་འགྲིབ་པའི་རྐྱེན། བླ་མ་དགེ་བའི་བཤེས་གཉེན་དང་ཆོས་བྱེད་རྣམས་ཀྱི་སྐྱོན་ལ་རྟོག་པ། ཐ་མལ་གྱི་གྲོགས་ངན་དང་འགྲོགས་པ། ཉམས་ལེན་གྱི་བརྩོན་འགྲུས་འགྲིབ་པ། འདོད་ཡོན་ལ་རང་གར་སྤྱོད་པ། དཀོན་མཆོག་ལ་མོས་གུས་མེད་པ་སྟེ། འདིའི་དུས་སུ་བཟློག་པའི་ཐབས། བླ་མ་དཀོན་མཆོག་མཆེད་གྲོགས་དང་བཅས་པའི་ཡོན་ཏན་བསམ་ཞིང་ཆོས་ཐམས་ཅད་ལ་དག་སྣང་མོས་གུས་བསྐྱེད། ཕ་རོལ་ངན་པར་མཐོང་བ་དེ་རང་མ་དག་པའི་རྟགས་ཏེ་མཁྲིས་ནད་ཅན་གྱིས་དུང་སེར་པོ་འཛིན་པ་བཞིན་ནོ་སྙམ་ནས་རང་ལ་གྲོས་གདབ། ཐ་མལ་པའི་གྲོགས་དང་མི་འགྲོགས། འདོད་ཡོན་གྱི་ཉེས་དམིགས་དྲན་པར་བྱས་ལ། དད་པ་འགྲིབ་པའི་སྐྱོན་ཐམས་ཅད་བདུད་དུ་ཤེས་པར་བྱ་ལ་གཉེན་པོ་བསྐྱེད་དོ། །དེ་ཡང་ཆོས་བྱེད་ལས་དང་པོ་པ་ཁ་ཅིག་བླ་མ་དང་འགྲོགས་དུས་དད་པ་ཆེ་ཆེ་ལྟར་བྱེད་ཀྱང་བྲལ་ནས་ཐ་མལ་ལས་ཀྱང་ལོག་པ་དང་། ཁ་ཅིག་རྐྱེན་དང་འཕྲད་དུས་དད་པ་སྐྱེ་ཡང་ཡུན་དུ་མི་བརྟན་པར་ཅིག་ཅར་ཡལ་བ་དང་། ཁ་ཅིག་རང་འདོད་པའི་ཆོས་དང་ལོངས་སྤྱོད་དམ་ནད་གདོན་གྱིས་གཙེས་པ་མ་གྲོལ་བར་དད་པ་ཆེ་ཆེ་འདྲ་ཡང་། དེ་དྲག་པའམ་ཐོབ་དུས་ཕྱི་ནས་སྤོང་བ་དང་། ཁ་ཅིག་དགེ་སྦྱོར་གཅིག་བྱེད་འཕྲོ་ལ་གཅིག་བརྩམས་ཏེ་མཐར་གཉིས་ཀའི་མགོ་མི་ཐོན་པ་དང་། ཁ་ཅིག་ཆོས་ཟབ་མོ་གཅིག་དང་རྩ་བའི་བླ་མ་གཅིག་ལ་མི་བྱེད་པར་གང་བདེར་འཇུག་ནས་མཐར་དམ་ཉམས་ཀྱི་རྒྱུ་སྒྲུབ་པ་དང་། ཁ་ཅིག་དད་པ་ཅུང་ཟད་རེ་སྐྱེས་རྐྱེན་ཕྲ་མོ་རེས་ཀྱང་འགྲིབ་པའི་གློ་བུར་ཡེ་འདྲོག་ཅན་དེ་ལྟ་བུའི་རིགས་སྤངས་ནས། འགྱུར་ལྡོག་མེད་པ་རི་རྒྱལ་ལྟ་བུ། འཕེལ་འགྲིབ་མེད་པ་ཉི་མ་ལྟ་བུ། ཁ་གཏིང་མེད་པ་རྒྱ་མཚོ་ལྟ་བུ། བྱས་ཡུས་མེད་པ་མ་ལྟ་བུ། མཐའ་དབུས་མེད་པ་ནམ་མཁའ་ལྟ་བུ། ཐང་ལྷོད་མེད་པ་གཞུ་བདུང་བའི་རྒྱུད་ལྟ་བུ། གཞན་གྱིས་བསྒྱུར་རམ་བཀའ་བཀྱོན་སོགས་ཀྱི་རྐྱེན་གྱིས་མི་འཕྲོག་པ་ནམ་མཁའ་ལྟ་བུ། རྒྱུན་ཆད་མེད་པ་ཆུ་བོའི་གཞུང་ལྟ་བུ། གུས་ཤིང་མཉེན་ལྕུག་དང་ཞེ་སས་བརྒྱན་པའི་དད་པ་དར་ཐག་ལྟ་བུ་བཅུས་བསྟེན་པར་བྱ་ཞིང་དད་པ་མེད་པའི་སྐྱོན་རྒྱ་མཚོའི་གཏིང་གི་ཕ་བོང་དང་འདྲ་སྟེ་ཆོས་ཀྱིས་རང་རྒྱུད་ལ་མི་ཕན། མཉན་པ་མེད་པའི་གྲུ་དང་འདྲ་སྟེ་འཁོར་མཚོའི་ཕ་རོལ་དུ་མི་བགྲོད། ལོང་བ་ལྷ་ཁང་དུ་ཕྱིན་པ་དང་འདྲ་སྟེ་ཚིག་དོན་ངོ་མི་འཕྲོད། ས་བོན་མེས་ཚིག་པ་དང་འདྲ་སྟེ་བྱང་ཆུབ་ཀྱི་མྱུ་གུ་མི་འཁྲུངས། གཡང་མོ་འཁོར་དོངས་སུ་ཚུད་པ་དང་འདྲ་སྟེ་སྡུག་བསྔལ་གྱི་གནས་ནས་མི་ཐར། ལག་རྡུམ་གསེར་གླིང་དུ་ཕྱིན་པ་དང་འདྲ་སྟེ་དལ་འབྱོར་སྟོང་ལོག་ཏུ་འགྲོ་བའི་སྐྱོན་ཡོད་དེ། །མདོ་ལས། དད་པ་མེད་པའི་མི་རྣམས་ལ། །དཀར་པོའི་ཆོས་ནི་མི་འབྱུང་སྟེ། །ས་བོན་མེ་ཡིས་ཚིག་པ་ལ། །མྱུ་གུ་སྔོན་པོ་ཇི་བཞིན་ནོ། །ཞེས་གསུངས། གང་ལ་དད་པ་ཡོད་པའི་ཡོན་ཏན་ནི། ཞིང་ས་གཤིན་པོ་དང་འདྲ་སྟེ་དཀར་པོའི་ལོ་ཏོག་ཐམས་ཅད་འཕེལ། ཡིད་བཞིན་གྱི་ནོར་བུ་དང་འདྲ་སྟེ་རང་གཞན་གྱི་དགོས་འདོད་ཐམས་ཅད་འབྱུང་། ཁྲིམས་ཆགས་པའི་རྒྱལ་པོ་དང་འདྲ་སྟེ་བདག་གཞན་བདེ་སྐྱིད་ལ་འགོད། གེགས་ཡོད་པའི་མཁར་ཟིན་པ་དང་འདྲ་སྟེ་ཉེས་པས་མི་གོས་ཤིང་ཡོན་ཏན་ཐམས་ཅད་སྡུད། ཆུ་བོ་ཆེན་པོའི་གཟིངས་དང་འདྲ་སྟེ་སྐྱེ་རྒ་ན་འཆིའི་སྡུག་བསྔལ་ལས་སྒྲོལ། འཇིགས་སར་སྐྱེལ་མ་དང་འདྲ་སྟེ་འཁོར་དང་ངན་སོང་གི་འཇིགས་པ་ལས་སྒྲོལ་བར་བྱེད་ལ། ཕན་ཡོན་ཀྱང་བསྡུ་ན། དཀར་ཆོས་ཀྱི་རྟེན་གཞིར་གྱུར་ཅིང་འཁོར་བའི་སྡུག་བསྔལ་སེལ་ནས་ཐར་པའི་ལམ་སྣ་ཟིན་ཏེ་ཆོས་ཀྱི་སྣོད་དུ་གྱུར། སངས་རྒྱས་བྱང་སེམས་རྣམས་ཀྱིས་དགོངས་ལ་ངོ་ཚ་ཁྲེལ་ཡོད་དྲན་ཤེས་བག་ཡོད་ཤེས་རབ་སོགས་དང་ལྡན། དག་པའི་ཞིང་དུ་སྐྱེས་ཏེ་སྐྱེ་བ་ཀུན་ཏུ་བླ་མ་དམ་པ་དང་ཆོས་གྲོགས་ཁྱད་པར་ཅན་དང་འཕྲད་ནས་ཆོས་ལ་སྤྱོད། དཀར་པོ་ལ་དགའ་བའི་ལྷས་བསྲུངས་ཤིང་བདེ་བར་གཉིད་ལོག་ལ་རྨི་ལམ་དུ་བླ་མ་དཀོན་མཆོག་མཇལ་ཆོས་ལ་སྤྱོད་པའི་སྣང་བ་དང་མི་འབྲལ་བར་གཉིད་སད། ཅི་བསམ་འགྲུབ་ནས་བདེ་བར་ཚེའི་དུས་བྱེད་ཅིང་སངས་རྒྱས་བྱང་སེམས་རྣམས་ཀྱིས་ལམ་སྣ་འདྲེན་ཞིང་བར་དོའི་འཇིགས་པ་མེད་པར་གང་དུ་སྨོན་པའི་སྐྱེ་གནས་སུ་སྐྱེས་ཏེ་དཀོན་མཆོག་གི་གདུང་འཚོ་བ། མྱུར་དུ་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་ཐོབ་པ་སྟེ། རྒྱས་པར་བསྐལ་པ་མཐའ་ཡས་པར་བརྗོད་ཀྱང་ཟད་པར་མི་འགྱུར་ཏེ། དཀོན་མཆོག་ཏཱ་ལ་ལས། གང་གིས་ཞིང་བཅུའི་རྡུལ་སྙེད་སེམས་ཅན་ལ། །བདེ་བ་ཀུན་ཀྱིས་བསྐལ་པར་བསྙེན་བཀུར་བས། །ཆོས་འདི་དད་པའི་བསོད་ནམས་ཅི་འདྲ་བ། །ཁྱད་པར་འཕགས་པ་དེ་ཉིད་དེ་ལ་མེད། །ཅེས་དང་། གསང་བ་བསམ་གྱིས་མི་ཁྱབ་པའི་མདོ་ལས། དད་པ་དང་ལྡན་ན་སངས་རྒྱས་མཐོང་བ་དང་། ཆོས་ཉན་པ་དང་། དགེ་འདུན་ལ་བསྙེན་བཀུར་བྱེད་པ་ལ་མི་ཉམས་ཤིང་། གང་དུ་སྐྱེས་ཀྱང་དེ་དང་མི་འབྲལ་བར་འགྱུར་རོ། །ཞེས་སོགས་ཕན་ཡོན་མཐའ་ཡས་སོ། །དེས་ན་རང་རྒྱུད་ལ་དུས་དང་རྣམ་པ་ཀུན་ཏུ་དད་པ་རྣམ་དག་ཞིག་འབྱོངས་པ་ཅི་ནས་གལ་ཆེའོ། །ཐུན་མོང་ངེས་འབྱུང་གི་བློ་བཅོས་པའི་ཁྲིད་ཟིན།

༈ གསུམ་པ་ཐེག་པ་སྤྱིའི་རྨང་རྡོ་སྐྱབས་སུ་འགྲོ་བ་ལ། སྐྱབས་སུ་འགྲོ་དགོས་པའི་རྒྱུ་མཚན། སྐྱབས་ཡུལ་ངོས་བཟུང་བ། ཇི་ལྟར་སྐྱབས་སུ་འགྲོ་བའི་ཚུལ། ཕན་ཡོན་བསླབ་བྱ་དང་བཅས་པའོ། །དང་པོ་ནི། འཇིགས་པས་ཉེན་ནས་དེ་ལས་སྐྱོབ་པའི་སྐྱབས་དོན་དུ་གཉེར་བ་ཡིན་ལ་དེ་ཡང་ཕྱི་རོལ་པ་རྣམས་འཇིག་རྟེན་པའི་ལྷ་ཁྱབ་འཇུག་དང་དྲག་པོ་དབང་ཕྱུག་སོགས་སྐྱབས་རྣམ་དག་མ་ཡིན་པ་ལ་མཐར་ཐུག་གི་སྐྱབས་སུ་བཟུང་སྟེ་རེ་ལྟོས་བཅའ་བ་ནི་ལོག་པའི་ལམ་ལ་ཞུགས་པའི་སྐྱབས་འགྲོ་ཡིན་ཕྱིར། དེས་འཁོར་བའི་སྡུག་བསྔལ་ལས་སྐྱོབ་མི་ནུས་པས་དེ་ལས་ལྡོག་སྟེ། རང་གཞན་སེམས་ཅན་ཐམས་ཅད་འཇིགས་རུང་འཁོར་བའི་སྡུག་བསྔལ་ལས་བསྐྱབས་ནས་ཐར་པ་མཆོག་གི་བདེ་བ་ལ་འགོད་པའི་ཕྱིར་གཏན་དུ་བསླུ་བ་མེད་པའི་སྐྱབས་གནས་དཀོན་མཆོག་རིན་ཆེན་གསུམ་ལ་རེ་ལྟོས་བཅས་ཏེ་སྐྱབས་གནས་སུ་ཁས་བླང་པའི་ཤུགས་ཀྱིས་གཞན་ལོག་པའི་སྐྱབས་གནས་རྣམས་སྤང་བར་དོན་གྱིས་ཁས་བླངས་ཤིང་དམ་དུ་བཅའ་བ་ནི་སྐྱབས་སུ་འགྲོ་བའི་དོན་པོ་ཡིན་ལ་དེས་ནི་གནོད་པ་ཐམས་ཅད་ལས་སྐྱོབ་ཅིང་ཕུན་སུམ་ཚོགས་པའི་ཡོན་ཏན་ཐམས་ཅད་ཀྱང་ཐོབ་པ་ཉིད་དེ། མདོ་ལས། སངས་རྒྱས་ཆོས་དང་དགེ་འདུན་རྣམས། །སྐྱབས་ཀྱི་མཆོག་ཏུ་གྱུར་པ་སྟེ། །སྐྱབས་དེ་དག་ལ་བརྟེན་ནས་ནི། །སྲིད་པའི་འཇིགས་པ་ཆེ་ལས་སྒྲོལ། །ཞེས་གསུངས།

གཉིས་པ་སྐྱེས་བུ་གསུམ་གྱི་སྐྱབས་ཡུལ་གྱི་ཁྱད་པར་ནང་པའི་སྐྱེས་བུ་ཆུང་ངུའི་སངས་རྒྱས་ཀྱི་སྐུ་གཟུགས། གསུང་རབ་དམ་པའི་ཆོས་གླེགས་བམ། དགེ་འདུན་ཡང་སོ་སྐྱེས་དགེ་འདུན་ཚུལ་ཁྲིམས་ལྡན་པ་ཙམ་ལས་རྒྱུ་མཚན་ཆེར་ཤེས་མི་དགོས་པར་རང་ཉིད་ངན་སོང་ལས་ཐར་ནས་ལྷ་མིའི་གོ་འཕང་ཐོབ་ཆེད་ཇི་སྲིད་འཚོ་དང་རང་འབྲས་མ་ཐོབ་བར་སྐྱབས་སུ་འཛིན་ཞིང་ཕྱི་རོལ་པས་དེ་ལྟར་མི་འཛིན་ལ། སྐྱེས་བུ་འབྲིང་གིས་རྒྱུ་མཚན་ཤེས་པས། མཛོད་ལས། གང་ཞིག་གསུམ་ལ་སྐྱབས་འགྲོ་བ། །སངས་རྒྱས་དགེ་འདུན་བྱེད་པའི་ཆོས། །མི་སློབ་པ་དང་གཉིས་ཀ་དང་། མྱ་ངན་འདས་ལ་སྐྱབས་སུ་འགྲོ། །ཞེས་པ་ལྟར། སངས་རྒྱས་སྐུ་སྡུག་བསྔལ་བདེན་པའི་ལྷག་མ་ཡིན་ཏེ། རྒྱལ་པོ་ཟས་གཙང་གི་སྲས་རྒྱལ་བུ་དོན་གྲུབ་ཅེས་སོ་སྐྱེ་ཞིག་གིས་ལམ་ལྔ་སྟན་ཐོག་གཅིག་ཏུ་བགྲོད་ནས་མངོན་པར་བྱང་ཆུབ་པར་འདོད་པས་སྐུ་ལུས་སྔར་སོ་སྐྱེས་དེ་ཡིན་པས་སྐྱབས་ཡུལ་མིན་ལ། སྐྱབས་ཡུལ་ནི་སངས་རྒྱས་སངས་རྒྱས་སུ་བྱེད་པའི་ཆོས་སངས་རྒྱས་ཀྱི་ཐུགས་རྒྱུད་ཀྱི་མི་སློབ་པའི་ལམ་བདེན་བདག་མེད་གཉིས་རྟོགས་ཀྱི་མཁྱེན་པ་དེ་སངས་རྒྱས་དང་། དགེ་འདུན་གྱི་སྐུ་ལུས་སྡུག་བདེན་གྱི་ལྷག་མ་ཡིན་པས་དགེ་འདུན་དགེ་འདུན་དུ་བྱེད་པའི་ཆོས་སློབ་མི་སློབ་ཀྱི་ཐུགས་རྒྱུད་ལམ་བདེན་གང་ཟག་གི་བདག་མེད་རྟོགས་པའི་མཁྱེན་པ་ཉིད་དགེ་འདུན་ཡིན་ཏེ་སངས་རྒྱས་མི་སློབ་པ་དང་། དགེ་འདུན་ལ་དགྲ་བཅོམ་པ་མི་སློབ་པ་དང་གཞན་གསུམ་སློབ་པ་སྟེ་གཉིས་ཀ་དང་། སངས་རྒྱས་དང་དགེ་འདུན་གྱི་ཐུགས་ཀྱི་སྤང་བྱ་སྤངས་པའི་ཆ་འགོག་བདེན་མྱ་ངན་ལས་འདས་པ་ཆོས་ཏེ། དེ་ལྟ་བུའི་དཀོན་མཆོག་གསུམ་པོ་སྐྱབས་ཀྱི་མཆོག་ཏུ་བཟུང་སྟེ་འཁོར་བ་མཐའ་དག་སྡུག་བསྔལ་དུ་ཤེས་པས་རང་ཉིད་གཅིག་པུ་ཐར་འདོད་ཀྱིས་ཇི་སྲིད་འཚོ་དང་རང་འབྲས་དགྲ་བཅོམ་པའི་གོ་འཕང་མ་ཐོབ་བར་སྐྱབས་སུ་འགྲོ་བའོ། །ཐེག་ཆེན་ལ་རྒྱུ་འབྲས་ཀྱི་དབྱེ་བས་གཉིས་ལས། རྒྱུའི་ཡུལ་ནི། གཞན་རྒྱུད་ཀྱིས་བསྡུས་པའི་དཀོན་མཆོག་གསུམ་སྟེ། དེ་ལ་འབྲས་བུ་འགྲུབ་པའི་ཆེད་དུ་སྟོན་པ་ལམ་གྲོགས་ཀྱི་ཚུལ་དུ་སྐྱབས་སུ་ཞུ་བའོ། །འབྲས་བུའི་ཡུལ་ནི། རང་གི་སེམས་ཉིད་དཀོན་མཆོག་གསུམ་དུ་བཞུགས་པ་སྟེ། དེ་མ་འོངས་པ་ན་མངོན་དུ་འགྱུར་བའི་ཕྱིར་སྨོན་པས་དགེ་བ་ལ་སྤྱོད་ཅིང་རྒྱུ་ལ་འཇུག་པའོ། །དེ་ལས་རྒྱུའི་ཡུལ་གྱི་སྐྱབས་ཡུལ་བཤད་པ་ནི། གཞན་རྒྱུད་ལ་བྱོན་ཟིན་པའི་དཀོན་མཆོག་གསུམ་སྟེ། དེས་འཁོར་བའི་འཇིགས་པ་ལས་སྐྱོབ་ཅིང་ཐར་པ་བླ་ན་མེད་པའི་འབྲས་བུ་ལ་འགོད་ནུས་པའི་ཕྱིར་དེ་ལ་དཀོན་མཆོག་གསུམ་གྱི་སངས་རྒྱས་ནི། རྒྱུད་བླ་མ་ལས། འདུས་མ་བྱས་ཤིང་ལྷུན་གྱིས་གྲུབ། །གཞན་གྱི་རྐྱེན་གྱིས་རྟོགས་མིན་པས། །མཁྱེན་དང་བརྩེ་དང་ནུས་པར་ལྡན། །དོན་གཉིས་ལྡན་པའི་སངས་རྒྱས་ཉིད། །ཅེས་གསུང་པ་ལྟར། རྒྱུ་རྐྱེན་གྱི་འདུས་མ་བྱས་པ་དང་། །ཡོན་ཏན་ལྷུན་གྱིས་གྲུབ་པ་དང་། །གཞན་རྐྱེན་གྱིས་རྟོགས་པ་མིན་པར་སོ་སོར་རང་རིག་པའི་ཡེ་ཤེས་ཀྱིས་མངོན་སུམ་དུ་རྟོགས་པ་གསུམ་རང་དོན་ཕུན་ཚོགས་ཀྱི་ཡོན་ཏན་དང་། ཇི་ལྟ་བ་དང་ཇི་སྙེད་པ་གཟིགས་པས་ཤེས་བྱ་ཐམས་ཅད་མཁྱེན་ནས་དམིགས་པ་མེད་པའི་བརྩེ་བའི་སྙིང་རྗེ་ཆེན་པོས་ལམ་སྟོན་ཞིང་སྡུག་བསྔལ་དང་ཉོན་མོངས་ཐམས་ཅད་སྤོང་བར་ནུས་པ་གསུམ་གཞན་དོན་ཕུན་ཚོགས་ཀྱི་ཡོན་ཏན་ཏེ། དེ་ལྟ་བུའི་དོན་གཉིས་མཐར་ཕྱིན་པའི་ཡོན་ཏན་དབྱེ་བའི་ཡ་གྱལ་དུ་བྱས་པས་ཡོན་ཏན་བརྒྱད་ལྡན་གྱི་སངས་རྒྱས་སྐུ་བཞི་ཡེ་ཤེས་ལྔ་ཡི་བདག་ཉིད། ཆོས་ནི། བསམ་མེད་གཉིས་མེད་རྟོག་མེད་པ། །དག་གསལ་གཉེན་པོའི་ཕྱོགས་ཉིད་ཀྱིས། །གང་ཞིག་གང་གིས་ཆགས་བྲལ་བ། །བདེན་གཉིས་མཚན་ཉིད་ཅན་དེ་ཆོས། །ཞེས་པས་རྣམ་རྟོག་གིས་བསམ་གྱིས་མི་ཁྱབ་ཅིང་ལས་དང་ཉོན་མོངས་པ་དང་། རྣམ་པར་རྟོག་པ་ཞི་བ་མཐར་ཐུག་པ་གསུམ་གང་ཞིག་ཆགས་པ་དང་བྲལ་བ་འགོག་བདེན་གྱི་ཡོན་ཏན་དང་། དྲི་མ་དག་ཅིང་ཡེ་ཤེས་ཀྱི་སྣང་བ་གསལ་བ་ཅན་ཉོན་མོངས་པའི་གཉེན་པོར་གྱུར་པ་མཐར་ཐུག་པ་གསུམ་གང་གིས་ཆགས་པ་དང་བྲལ་བ་ལམ་བདེན་གྱི་ཡོན་ཏན་ཏེ། དེ་ལྟ་བུའི་བདེན་གཉིས་མཚན་ཉིད་ཅན་ཡོན་ཏན་བརྒྱད་ལྡན་རྟོགས་པའི་ཆོས་དང་། དེ་བརྗོད་བྱར་སྟོན་པའི་གསུང་རབ་མིང་ཚིག་ཡི་གེར་སྣང་ཞིང་གྲགས་པའི་ལུང་དང་། དགེ་འདུན་ནི། ཇི་ལྟར་ཇི་སྙེད་ནང་གི་ནི། །ཡེ་ཤེས་གཟིགས་པ་དག་པས་ན། །བློ་ལྡན་ཕྱིར་མི་ལྡོག་པའི་ཚོགས། །བླ་མེད་ཡོན་ཏན་དང་ལྡན་ཉིད། །ཅེས་པས། གནས་ལུགས་བདེ་གཤེགས་སྙིང་པོ་མངོན་སུམ་རྟོགས་པ་ཇི་ལྟར་མཁྱེན་པའི་ཡེ་ཤེས་དང་། དེས་སེམས་ཅན་ཐམས་ཅད་ལ་ཁྱབ་པར་གཟིགས་པ་ཇི་སྙེད་མཁྱེན་པའི་ཡེ་ཤེས་དང་། གཉིས་སུ་མེད་པར་ནང་སོ་སོར་རང་རིག་པའི་ཡེ་ཤེས་གསུམ་རིག་པའི་ཡོན་ཏན་དང་། ཡེ་ཤེས་དེ་ཉིད་ཉོན་ཤེས་སྙོམས་འཇུག་གི་སྒྲིབ་པ་གསུམ་མམ། ཉོན་མོངས་ལས་གྲོལ་བ་དང་། ཤེས་སྒྲིབ་ལས་གྲོལ་བ་དང་། རང་འདོད་ཡིད་བྱེད་ལས་གྲོལ་བ་ནི་གྲོལ་བའི་ཡོན་ཏན་གསུམ་དང་དྲུག་གམ། དབྱེ་གཞི་དབྱེ་བའི་ཡ་གྱལ་དུ་བྱས་པས་བརྒྱད་དང་ལྡན་པའི་རྒྱལ་སྲས་འཕགས་པ་རྣམས་ཡིན་ལ་རྗེས་མཐུན་པ་ཐེག་ཆེན་ཚོགས་སྦྱོར་གྱི་ལམ་ལ་གནས་པ་དང་ཉན་རང་འཕགས་པ་རྣམས་སོ། །མཐར་ཐུག་གི་སྐྱབས་གནས་ནི། སངས་རྒྱས་ཉག་གཅིག་ཡིན་ཏེ། དེ་མཐར་ཐུག་གི་ཆོས་དང་དགེ་འདུན་ཡང་ཡིན་པའི་ཕྱིར། དེ་ཉིད་ལས། དམ་པའི་དོན་དུ་འགྲོ་བ་ཡི། །སྐྱབས་ནི་སངས་རྒྱས་ཉག་གཅིག་ཡིན། །ཐུབ་པ་ཆོས་ཀྱི་སྐུ་ཅན་ཕྱིར། །ཚོགས་ཀྱང་དེ་ཡི་མཐར་ཐུག་གོ །ཞེས་སོ། །དེ་གསུམ་གྱི་སྟེང་སྔགས་ལས་ཁྱད་པར་གྱི་ཡུལ་རྩ་བ་གསུམ་བསྣན་ཏེ་དྲུག་བསྐོར་དུ་བྱེད་པ། བླ་མ་དཀོན་མཆོག་ཀུན་འདུས་ཡི་དམ་ནི་སངས་རྒྱས། མཁའ་འགྲོ་ཆོས་སྐྱོང་ཡེ་ཤེས་པ་རྣམས་དགེ་འདུན་གྱི་ནང་ཚན་དུ་འདུའང་། རྩལ་དུ་གཏོན་ཏེ་སྒོས་སུ་སྐྱབས་འགྲོ་བྱེད་པ་ནི། གསང་སྔགས་ཀྱི་ལམ་འདིར་བྱིན་རླབས་ཞུ་བའི་ཡུལ་བླ་མ། དངོས་གྲུབ་ཞུ་བའི་ཡུལ་ཡི་དམ། ཕྲིན་ལས་སྒྲུབ་བའི་གྲོགས་མཁའ་འགྲོ་ཆོས་སྐྱོང་ཡེ་ཤེས་པ་རྣམས་ཡིན་པའི་རྒྱུ་མཚན་གྱིས་སོ། །དེ་རྣམས་ཀྱིས་ཇི་ལྟར་སྐྱོབ་པའི་ཚུལ། སངས་རྒྱས་ལ་སྟོན་པ་ཞུ་སྟེ། བླང་དོར་གྱི་གནས་མི་ཤེས་པ་སྟོན་མཁན་ཞུ་བ་དང་། ཆོས་ལ་སྐྱབས་དངོས་ཞུ་སྟེ། སངས་རྒྱས་དེས་བསྟན་པའི་ཆོས་ཉམས་སུ་བླངས་པས་འཇིགས་པ་ཀུན་ལས་ཐར་པའི་བདེ་བ་མཆོག་དེ་ཐོབ་པའི་ཕྱིར་རོ། །དགེ་འདུན་ལ་ཟླ་གྲོགས་ཞུ་སྟེ། །རྒྱུས་མེད་ཀྱི་ལམ་དུ་འགྲོ་བ་ལ་ལམ་སྣ་འཚོལ་བ་ཡིན། དཔེར་ན་ལམ་སྣ་བ་གར་སོང་ལ་འགྲོ་དགོས་པ་བཞིན་དེ་རྣམས་ཀྱིས་གང་མཛད་ཀྱི་རྗེས་སུ་སློབ་དགོས་པ་ཡིན། དངོས་ནི་འཕགས་པ་མངོན་སུམ་དུ་མཇལ་བའི་དབང་དུ་བྱས་མོད། འཕགས་པ་ལས་གཅིག་ལས་གཅིག་ཏུ་བརྒྱུད་པའི་མན་ངག་ལག་ལེན་གྱི་རྒྱུན་ཡོད་པའི་སོ་སྐྱེའི་དགེ་འདུན་རྣམ་དག་ཡོད་ན་དེ་ལ་ཡང་བློ་གང་གཏད་འཆའ་རུང་ལ་གསང་སྔགས་སུ་ནི་དེ་ཐམས་ཅད་བླ་མ་ཉིད་ཀྱིས་མཛད་པས་སྐྱབས་གནས་ཀུན་འདུས་ཏེ། སྡོམ་འབྱུང་ལས། བླ་མ་སངས་རྒྱས་བླ་མ་ཆོས། །དེ་བཞིན་བླ་མ་དགེ་འདུན་ཏེ། །བླ་མ་དཔལ་ལྡན་རྡོ་རྗེ་འཆང་། །ཞེས་གསུངས་པའི་ཕྱིར་རོ། །མདོར་ན་ཐུན་མོང་པ་རྒྱུའི་སྐྱབས་འགྲོས་ཐུན་མོང་མ་ཡིན་པ་འབྲས་བུའི་སྐྱབས་འགྲོ་འགྲུབ་པའི་རྒྱུ་བྱེད་པས་དཀོན་མཆོག་གསུམ་མགོན་སྐྱབས་སུ་ཁས་ལེན་པ་ཡིན་ནོ། །

གསུམ་པ་ཇི་ལྟར་སྐྱབས་སུ་འགྲོ་བའི་ཚུལ་ནི་འདི་ལྟར་ཉམས་སུ་ལེན་ཞིང་སྦྱོར་བ་ལག་ལེན་འདེབས་ཚུལ་ལ། ཐུན་དང་ཐུན་མཚམས་གཉིས་ལས། དང་པོ་ལ། སྔོན་དངོས་རྗེས་གསུམ་ལས། དང་པོ་སྔར་སྨོས་པ་བཞིན་ཐུན་གྱི་སྔོན་འགྲོ་རྣམས་སོང་ནས་དངོས་གཞི་ལ། འཇིགས་རུང་འཁོར་བའི་སྡུག་བསྔལ་མེའི་འོབས་དང་འདྲ་བ་ལས། སེམས་ཅན་ཐམས་ཅད་སྒྲོལ་བའི་སྐྱབས་དཔུང་ར་མདའ་བསླུ་བ་མེད་པའི་སྐྱབས་གནས་དཀོན་མཆོག་རིན་ཆེན་རྣམ་གསུམ་ལ་ཞུ་སྙམ་པས། རང་གར་གནས་པའི་ས་ཕྱོགས་འདི་ཉིད་ཉམས་དགའི་ཞིང་ཁམས་ས་གཞི་ཡངས་ཤིང་རྒྱ་ཆེ་ལ་ཁོད་སྙོམ་པར་གྱུར་པའི་རང་བཞིན་ཅན་ནམ། ཡང་ན་བཻཌཱུརྱའི་ས་གཞི་ལ་གསེར་གྱི་མིག་མང་རིས་སུ་བྲིས་པ། མཐའ་བསྐོར་ཐམས་ཅད་རིན་པོ་ཆེའི་ར་བས་ཟླུམ་པོར་བྱས་པ། བདུད་རྩིའི་ཆུ་དང་། དཔག་བསམ་གྱི་ཤིང་། མེ་ཏོག་གི་ཚལ། འདོད་ཡོན་གྱི་ལྷ་མོ། སྤྲུལ་པའི་བྱ་ཚོགས་སྐད་སྙན་པར་སྒྲོགས་པས་གང་བ། མནན་ན་ནེམ་ཞིང་བཏེགས་ན་འཕར་སྙམ་བྱེད་པ། ཡངས་ཤིང་རྒྱ་ཆེ་ལ་ཁོད་སྙོམ་པའི་དབུས་སུ་དཔག་བསམ་གྱི་ཤིང་གི་སྡོང་པོ་རྒྱུ་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པ། རྩ་བ་བརྟན་ཞིང་ཡལ་འདབ་རྒྱས་པ་མེ་ཏོག་དང་འབྲས་བུའི་ཁུར་གྱིས་དུད་པ། རྒྱ་ཁྱོན་ནམ་མཁའི་དབྱིངས་སུ་ཁྱབ་པ། དེའི་ཡལ་ག་དབུས་དང་ཕྱོགས་བཞིར་གྱེས་པའི་ཕན་ཚུན་ཐམས་ཅད་གསེར་གྱི་ཐ་གུས་བྲིས་པ། མེ་ཏོག་གི་ཆུན་འཕྱངས་དང་། ཁ་དོག་སྣ་ཚོགས་པའི་དར་དཔྱངས། རིན་པོ་ཆེའི་དྲྭ་བ་དྲྭ་ཕྱེད་དང་། གསེར་དངུལ་གྱི་དྲིལ་གཡེར་ལ་སོགས་པས་མཛེས་པར་སྤྲས་པ། རླུང་གཡོས་པ་ཙམ་གྱིས་མི་རྟག་སྡུག་བསྔལ་སྟོང་བདག་མེད་ལ་སོགས་པའི་ཆོས་ཀྱི་སྒྲ་ལྷང་ལྷང་དུ་སྒྲོག་པ། དེ་ཡང་དངོས་འཛིན་གདོས་བཅས་ཅན་གྱི་རྣམ་པར་མ་ཡིན་པ་འཇའ་ཚོན་འོད་ཀྱི་རང་བཞིན་ཅན་དུ་གསལ་བཏབ། དེ་ལ་གསལ་སྣང་ཐོན་པ་ན། དབུས་ཀྱི་ཡལ་ག་ལ་སེང་གེ་ཆེན་པོ་བརྒྱད་ཀྱིས་བཏེགས་པའི་རིན་པོ་ཆེའི་ཁྲི་མཐོ་ཞིང་ཡངས་པ། དེའི་སྟེང་དུ་པདྨ་དང་ཟླ་བའི་གདན་ལ་ངོ་བོ་རང་གི་རྩ་བའི་བླ་མ་ཉིད་རྣམ་པ་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་པ་གཡས་རྡོ་རྗེ་ཐུགས་ཀར་འཛིན་ཅིང་། གཡོན་དྲིལ་བུ་དཀུར་བརྟེན་པ་ཡུམ་རྡོ་རྗེ་སྙེམས་མ་དཀར་མོ་གྲི་ཐོད་འཛིན་པ་དང་མཉམ་པར་སྦྱོར་བ། ཞབས་རྡོ་རྗེ་དང་པདྨའི་སྐྱིལ་ཀྲུང་གིས་བཞུགས་པ་དར་དང་རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་འོད་དང་འོད་ཟེར་མུ་མེད་པ་འཕྲོ་བའི་བདག་ཉིད་ཅན་སྐུ་ལ་མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་དཔེ་བྱད་བཟང་པོ་བརྒྱད་ཅུས་སྤྲས་པ། གསུང་དབྱངས་ཡན་ལག་དྲུག་ཅུའི་སྒྲ་སྒྲོགས་པ། ཐུགས་ཏིང་ངེ་འཛིན་གྱི་སྒོ་བརྒྱ་ཕྲག་དུ་མ་ལ་མཉམ་པར་འཇོག་པའི་བདག་ཉིད་ཅན་དུ་གསལ་བའི་དབུ་གཙུག་ནས་ཡར། འཁོར་ལོའི་མགོན་པོ་པདྨ་བི་ཛ་ཡ། འཇམ་མགོན་རྡོ་རྗེ་འཆང་བློ་གྲོས་མཐའ་ཡས། ཐམས་ཅད་མཁྱེན་པ་འཇམ་དབྱངས་མཁྱེན་བརྩེའི་དབང་པོ། རྗེ་བཙུན་མ་ཕྲིན་ལས་ཆོས་སྒྲོན། གནུབས་ཆེན་ཡང་སྲིད་ཕྲིན་ལས་རྣམ་རྒྱལ། དབང་ཆེན་སྤྲུལ་པ་པདྨ་བསྟན་འཛིན། བི་མའི་རྣམ་འཕྲུལ་རིན་ཆེན་རྣམ་རྒྱལ། ཟབ་གཏེར་སྒོ་འབྱེད་རིག་འཛིན་འགྱུར་མེད་རྡོ་རྗེ། ལོ་ཆེན་བཻ་རོ་ཙཱ་ན། རྒྱལ་ཡུམ་ཡེ་ཤེས་མཚོ་རྒྱལ། ཨོ་རྒྱན་པདྨ་འབྱུང་གནས། པཎ་ཆེན་བི་མ་མི་ཏྲ། གྲུབ་པའི་རིག་འཛིན་ཧཱུྃ་ཀ་ར། ཟུང་འཇུག་མཐར་ཕྱིན་ཤྲཱི་སེང་ཧ། སྤྲུལ་སྐུ་དགའ་རབ་རྡོ་རྗེ། ལོངས་སྐུ་རྡོ་རྗེ་སེམས་དཔའ། ཆོས་སྐུ་ཀུན་ཏུ་བཟང་པོའི་བར་ཐོག་བརྩེགས་ཀྱི་རྣམ་པ་ཅན་དཀོན་མཆོག་ཀུན་འདུས་ཀྱི་ངོ་བོར་བཞུགས་པར་བསམ། དེ་ནས་ཕྱོགས་བཞིར་གྱེས་པའི་ཡལ་ག་ལ་གདན་གྱི་བཀོད་པ་མཐོ་ཞིང་ཡངས་པར། མདུན་མར་ཁྱད་པར་གྱི་སངས་རྒྱས་དཀོན་མཆོག་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ཡབ་ཡུམ་ལ་ཡི་དམ་རྒྱུད་སྡེ་བཞི་དྲུག་རྒྱལ་བ་རྒྱ་མཚོའི་དཀྱིལ་འཁོར་གྱི་ལྷ་ཚོགས་ཀྱིས་བསྐོར་བ། གཡས་སུ་ཐུན་མོང་གི་སངས་རྒྱས་སྟོན་པ་ཐུབ་པའི་དབང་པོ་ལ་བསྐལ་བཟང་གི་སངས་རྒྱས་སྟོང་རྩ་གཉིས་སོགས་ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་མཆོག་གི་སྤྲུལ་སྐུ་རྣམས་ཀྱིས་བསྐོར་བ། རྒྱབ་ཏུ་ཆོས་དཀོན་མཆོག་གླེགས་བམ་བརྩེགས་པའི་རྣམ་པ་ཅན་འོད་ཀྱི་དྲྭ་མིག་གི་ཀློང་ན་རྫོགས་པ་ཆེན་པོའི་རྒྱུད་འབུམ་ཕྲག་དྲུག་བཅུ་རྩ་བཞིས་སྟེང་མ་ཐམས་ཅད་གདོང་དར་རང་ལ་བསྟན་ཏེ་ཁྲ་ཆེམ་མེར་བཞུགས་ཤིང་ཨཱ་ལི་ཀཱ་ལིའི་རང་སྒྲ་སྒྲོགས་པ། གཡོན་དུ་ཐུན་མོང་གི་དགེ་འདུན་འཇམ་དབྱངས་སྤྱན་གཟིགས་ཕྱག་རྡོར་སོགས་གཙོ་བོར་གྱུར་པའི་ཉེ་སྲས་བརྒྱད་ལ་བྱང་སེམས་འཕགས་པའི་དགེ་འདུན་དང་། མཆོག་ཟུང་གཉིས་དང་གནས་བརྟན་བཅུ་དྲུག་སོགས་ཉན་རང་འཕགས་པའི་ཚོགས་ཀྱིས་བསྐོར་བ། དེ་ཐམས་ཅད་ཀྱི་མཐའ་བསྐོར་དུ་སྔགས་ཁྱད་པར་ཅན་གྱི་དགེ་འདུན་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་ཡེ་ཤེས་ཀྱི་སྤྱན་དང་ལྡན་པ་རྣམས་སྤྲིན་ཕུང་གཏིབས་པ་ལྟ་བུར་བཞུགས་པར་མོས་ལ། དེ་ཐམས་ཅད་ཀྱང་རྩ་བའི་བླ་མའི་ཐུགས་བདེ་སྟོང་གི་སྣང་ཆ་ལས་མ་གཡོས་བཞིན་དུ་ཐུགས་རྗེ་ལ་བྲི་གང་དང་དགོངས་པ་ལ་མཐོ་དམན་མེད་པར་མཁྱེན་བརྩེ་ནུས་གསུམ་གྱི་ཡོན་ཏན་དཔག་ཏུ་མེད་པ་མངའ་བས་བདག་ཉིད་ལ་རྗེས་སུ་བརྩེ་ཞིང་འདྲེན་པའི་དེད་དཔོན་ཆེན་པོ་གཅིག་ཏུ་བཞུགས་པར་བསམ། རང་དང་ལྷན་ཅིག་ཏུ་གཡས་སུ་སྐྱེ་བ་ད་རེས་ཀྱི་ཕ། གཡོན་དུ་མ། མདུན་དུ་དགྲ། རྒྱབ་ཏུ་གཉེན་མཐའ་བསྐོར་དུ་དགྲ་གཉེན་བར་མ་རིས་སུ་མ་ཆད་པའི་སེམས་ཅན་ཐམས་ཅད་དལ་འབྱོར་བཅོ་བརྒྱད་དང་ལྡན་ཏེ་ས་གཞིའི་ངོས་ན་ཁྲོམ་ཚོགས་པ་ལྟར་འདུས་ནས་དེ་དག་གི་བྱང་རང་གིས་དྲངས་ཏེ། ལུས་གུས་པའི་སྒོ་ནས་པུས་མོ་བཙུགས་ཤིང་ཐལ་མོ་སྦྱར། ངག་གུས་པའི་སྒོ་ནས་སྐྱབས་འགྲོ་དང་གསོལ་འདེབས་ཀྱི་ཚིག་འུར་དེངས་ཀྱིས་སྒྲོག །ཡིད་གུས་པའི་སྒོ་ནས་བདག་སོགས་སེམས་ཅན་ཐམས་ཅད་དུས་འདི་ནས་བཟུང་སྟེ་སྙིང་པོ་བྱང་ཆུབ་ལ་མཆིས་ཀྱི་བར་དུ་སྐྱབས་དང་སྐྱེལ་མ་མགོན་དང་དཔུང་གཉེན་རེ་ས་ལྟོས་ཤིང་བླ་མ་དཀོན་མཆོག་རིན་པོ་ཆེ་ཁྱེད་རྣམས་ལས་མེད་པས། སྐྱིད་སྡུག་ལེགས་ཉེས་ཁྱེད་རང་ཤེས་སོ་སྙམ་དུ་རེ་ལྟོས་བློ་གཏད་ལིང་བསྐྱུར་གྱིས་མོས་གུས་གདུང་ཤུགས་དྲག་པོས་སྐྱབས་འགྲོ་བྱེད་པར་མོས་ནས། ན་མོ་ཕྱོགས་དུས་བདེ་གཤེགས་རྒྱལ་བ་སྲས་བཅས་ལ༔ ཞེས་སོགས་བརྒྱ་སྟོང་ཁྲི་འབུམ་སོགས་ཅི་ནུས་བརྗོད་ཅིང་གྲངས་བསགས། དེ་ཁ་ཙམ་ཚིག་ཙམ་གྱིས་མི་ཕན་པས། དཀོན་མཆོག་གསུམ་གྱི་ཆེ་བའི་ཡོན་ཏན་ཤེས་པ་དང་། རང་ནང་པ་དང་གཞན་ཕྱི་རོལ་པ་གཉིས་ཀྱི་ཁྱད་པར་ཤེས་པ་རང་གི་སྐྱབས་གནས་ཡོན་ཏན་དྲན་པས་སྐྱབས་སུ་འགྲོ་བར་དམ་བཅའ་བ། སྐྱབས་གནས་གཞན་མི་འཚོལ་བ་སྟེ་ཁྱད་ཆོས་བཞི་ཚང་ན་སྐྱབས་འགྲོ་རྣམ་དག་ཏུ་འགྱུར་བ་ཡིན་ལ། ཁྱད་པར་ཐེག་པ་ཆེན་པོའི་དབང་དུ་བྱས་ཏེ་ཆེད་དུ་བྱ་བ་སེམས་ཅན་ཐམས་ཅད་སྐྱོབ་པའི་སྙིང་རྗེ་ཆེན་པོས་ཀུན་ནས་བསླངས་ཏེ། འདི་རྣམས་འཁོར་བའི་སྡུག་བསྔལ་ལས་ད་ལྟ་ཉིད་དུ་སྐྱོབ་པར་མཛད་དུ་གསོལ་སྙམ་པས། དུས་རྫོགས་པའི་སངས་རྒྱས་མ་ཐོབ་ཀྱི་བར་དེ་སྲིད་དུ་སངས་རྒྱས་ལས་སྟོན་པ་གཞན་མི་བསྟེན་པ་དང་། དམ་པའི་ཆོས་ལས་ཕྱི་རོལ་པའི་ལམ་ལོག་པ་མི་བསྟེན་པར། དགེ་འདུན་པ་ལས་མུ་སྟེགས་པ་དང་འཇིག་རྟེན་པའི་མནའ་ཟ་རོགས། གཏམ་སྣོག་རོགས། མི་དགེ་བ་སྒྲུབ་རོགས་རྣམས་གྲོགས་སུ་མི་བསྟེན་པར། སྟོན་པ་ལམ་གྲོགས་ཀྱི་ཚུལ་དུ་དམ་བཅའ་བས་སྐྱབས་སུ་འགྲོ་བའོ། །ཐུན་འཇོག་ཁར་མོས་གུས་དུང་བ་ཞིག་བྱས་པའི་རྐྱེན་གྱིས་སྐྱབས་གནས་རྣམས་ཀྱི་སྐུ་ལས་འོད་ཟེར་འཕྲོས་རང་གཞན་སེམས་ཅན་ཐམས་ཅད་ལ་ཕོག་པས་སྡིག་སྒྲིབ་ཉེས་ལྟུང་དྲི་མའི་ཚོགས་ཐམས་ཅད་བྱང་ཞིང་དག་ནས་དག་པའི་ཞིང་ཁམས་སུ་འུར་དེང་གིས་སོང་བར་བསམ། སྐྱབས་ཡུལ་རྣམས་འོད་དུ་ཞུ་ནས་བླ་མ་རྡོ་རྗེ་སེམས་དཔའ་ལ་ཐིམ། དེ་ཡང་འོད་དུ་ཞུ་བ་རང་ལ་བསྟིམས་ཏེ་སྐྱབས་ཡུལ་དང་རང་སེམས་ཐ་དད་དུ་འཛིན་པའི་རྟོག་པ་སྤངས་ནས་རྣམ་པར་མི་རྟོག་པའི་ངང་ལ་མཉམ་པར་འཇོག་པ་ནི་གནས་ལུགས་དོན་གྱི་སྐྱབས་འགྲོའམ་འབྲས་བུའི་སྐྱབས་འགྲོའི་ཉམས་ལེན་ཏེ་དེའི་ངང་དུ་ལ་བཟླ། རྗེས་ཐོབ་ཏུ་ཚོགས་ཞིང་སོགས་སྔར་བཞིན་གསལ་བཏབ་ཏེ་དགེ་བ་བསྔོ་བ་རྣམས་བྱའོ། །ཐུན་མཚམས་རྣམས་སུ་སེམས་དྲན་ཤེས་དང་མ་བྲལ་བར་སྐྱབས་ཡུལ་ལྷ་ཚོགས་དེ་དག་འགྲོ་བའི་ཚེ་ཕྲག་པ་གཡས་ཀྱི་ནམ་མཁར་བསྒོམ། དེ་བསྐོར་བ་བྱེད་པའི་རྟེན་ཡིན། འདུག་པའི་ཚེ་སྤྱི་བོའི་གཙུག་གི་ནམ་མཁའ་ལ་བསྒོམ། དེ་གསོལ་བ་འདེབས་པའི་རྟེན་ཡིན། ཟ་འཐུང་གི་ཚེ་མགྲིན་པའི་དབུས་སུ་བསྒོམ། དེ་ཅི་ཟ་ཅི་འཐུང་གི་ཕུད་མཆོད་ས་ཡིན། ཉལ་བའི་ཚེ་སྐྱབས་ཡུལ་རྣམས་མ་བསྡུས་པར་དེ་ཉིད་ལ་མགོ་ཕྱོགས་པར་ཉལ་བར་བསམ་ལ། མོས་གུས་དུང་ངེ་བའི་ངང་གཉིད་དུ་འགྲོ་བར་བྱའོ། །ཡང་ཐུན་ཕར་སྡོམ་པའི་ཚེ། དང་པོ་སྒོ་ཕྱིར་འབུད་དེ་སྒོ་ཕྱི་ནང་བཅད། སྣབས་འབུད་གདོང་ཕྱི་སོགས་ལས་ཀ་ཡོད་ཚད་སྒྲུབ་ནས་ཐུན་ཕེད་དེ་རྒྱུག་མི་དགོས་པར་བྱས། ཐུན་མཚམས་ཀྱི་རྟོག་ཉོབ་རྣམས་མ་བཅད་ན་ཐུན་དེ་ལེགས་པར་མི་ཆོད་པས། ཐུན་ནང་དེར་སེམས་འཁྲུལ་བར་མི་བཏང་བའི་དམ་བཅའ་དང་། ཞེ་དམ་བཅའ་བ་དེ་ཡང་མི་གཏོང་སྙམ་པར་བྱ། དེ་ནས་སེམས་འདས་པའི་རྗེས་མི་འབྲང་། མ་འོངས་པའི་མདུན་མི་བསུ། ད་ལྟའི་རྟོག་པ་འཕྲོ་མི་མཐུད་པར་ཅི་གནས་སུ་བཞག །དེ་ནི་བསྐྱེད་རྫོགས་བསྒོམ་པའི་དུས་སུ་བགེགས་བསྐྲད་ནས་སྲུང་འཁོར་བསྒོམ་པ་དང་འདྲ་གསུང་། དེ་ནས་ལུས་གནད་སོགས་སྔར་སྨོས་པ་ལྟར་ལ། ཐུན་གྱི་རྗེས། དམ་བཅའ་དང་ལྡན་མི་ལྡན་བརྟགས་ཏེ། ལྡན་ན་དགའ་བ་དང་མི་ལྡན་ན་སེམས་སྡུག་པ་ལ་ང་རྒྱལ་བཅགས་ཤིང་གཟེངས་བསྟོད་པ་སོགས་སྔར་བཞིན་བྱ། དེ་ལྟ་བུའི་སྦྱོར་དངོས་རྗེས་གསུམ་པོ་ཐུན་གཅིག་མ་བཅད་ན་མ་གཏོགས་བཅད་ནས་ཚང་དགོས་པས་སེམས་བསྐྱེད་སོགས་འོག་མ་རྣམས་ལའང་འགྲེའོ། །དེ་ནས་ནངས་སྔ་ལྡང་བའི་ཚེ་རང་ཡི་དམ་གྱི་ང་རྒྱལ་དང་ལྡན་པས། ནམ་མཁའ་དང་བར་སྣང་ཐམས་ཅད་དཔའ་བོ་དང་རྣལ་འབྱོར་མའི་ཚོགས་ཀྱིས་ཅང་ཏེའུ་དང་དྲིལ་བུའི་སྒྲ་དང་ཨཱཿལི་ཀཱ་ལིའི་རང་སྒྲས་སད་པར་བསམ་ཞིང་། ཐུན་གྱི་སྔོན་འགྲོ་འདྲའོ། །

བཞི་པ་ཕན་ཡོན་བསླབ་བྱ་དང་བཅས་པ་ལས། ཕན་ཡོན་ནི། སྐྱབས་སུ་སོང་མ་ཐག་ནང་པ་སངས་རྒྱས་པའི་གྲལ་དུ་ཚུད་པ་ཡིན་ཏེ། ཇི་སྐད་དུ། ཕྱི་པ་ནང་པ་སྐྱབས་འགྲོའི་ཁྱད། །ཅེས་དང་། བསླབ་པའི་གཞི་འཛིན་པས་ཡོན་ཏན་གྱི་རྟེན་དུ་འགྱུར་ཏེ། སྐྱབས་འགྲོ་བདུན་བཅུ་པ་ལས། སྡོམ་པ་ཀུན་ལ་ཡོད་མོད་ཀྱང་། །སྐྱབས་སུ་མ་སོང་བ་ལ་མེད། །ཅེས་གསུངས། གཞན་ཡང་གནས་སྐབས་ཕྱི་ནང་གི་བར་ཆད་དང་འཇིགས་པ་ཐམས་ཅད་སེལ་ནས་འདོད་པའི་དོན་མཐའ་དག་འགྲུབ་ཅིང་། ཕྱི་མར་མཐོ་རིས་ལྷ་དང་མི་ཡི་བདེ་བ་ཐོབ་པ་དང་། མཐར་ཐུག་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་པར་འགྱུར་ཏེ། ཉི་མའི་སྙིང་པོའི་མདོ་ལས། སངས་རྒྱས་སྐྱབས་སུ་སེམས་ཅན་སུ་འགྲོ་བ། །བདུད་རྣམས་བྱེ་བས་བསད་པར་མི་ནུས་ཏེ། །ཚུལ་ཁྲིམས་ཉམས་ཤིང་བློ་ནི་འཁྲུགས་གྱུར་ཀྱང་། །དེ་ནི་ངེས་པར་སྐྱེ་བའི་ཕ་རོལ་འགྲོ། །ཞེས་དང་། མདོ་རྒྱལ་མཚན་དམ་པ་ལས། འཚེ་བ་དག་ནི་ཐམས་ཅད་དང་། །ངན་སོང་དང་ནི་གནས་མིན་དང་། །འཇིགས་ཚོགས་ཐེག་པ་དམན་པ་ལས། །སྐྱོབ་ཕྱིར་སྐྱབས་ཀྱི་དམ་པར་བཤད། །ཅེས་དང་། གང་ཞིག་གསུམ་ལ་སྐྱབས་འགྲོ་བ། །དེ་ཡིས་སངས་རྒྱས་མྱུར་དུ་ཐོབ། །ཅེས་སོ། །བསླབ་བྱ་ལ་ཐུན་མིན་དང་ཐུན་མོང་གཉིས་ལས། དང་པོ་དགག་སྒྲུབ་ཆ་མཐུན་གསུམ་ལས། དང་པོ་ནི། མྱང་འདས་ལས། གང་ཞིག་སངས་རྒྱས་སྐྱབས་འགྲོ་བ། །དེ་ནི་ཡང་དག་དགེ་བསྙེན་ཏེ། །ནམ་དུ་ཡང་ནི་ལྷ་གཞན་ལ། །སྐྱབས་སུ་འགྲོ་བ་མ་ཡིན་ནོ། །དམ་པའི་ཆོས་ལ་སྐྱབས་འགྲོ་བས། །འཚེ་ཞིང་གནོད་པའི་སེམས་དང་བྲལ། །དགེ་འདུན་ལ་ཡང་སྐྱབས་འགྲོ་བ། །མུ་སྟེགས་ཅན་དང་འགྲོག་མི་བྱ། །ཞེས་གསུངས་པ་ལྟར། སངས་རྒྱས་ལ་སྐྱབས་སུ་སོང་ནས་ཚངས་པ་དབང་ཕྱུག་སོགས་ལྷ་ཀླུ་མཐུ་བོ་ཆེ་དང་། བཞི་བདག་སོགས་འཁོར་བར་འཁོར་བའི་ལྷ་རྣམས་ལས་སྐྱབས་མི་འཚོལ། དེ་དག་མཆོད་ཅིང་ལས་བཅོལ་དགོས་པའི་ཚེ་དཀོན་མཆོག་གི་ཕྲིན་ལས་སྒྲུབ་པའི་ཕོ་ཉ་བར་དམིགས་ཏེ་རྗེ་བོའི་བྲན་ལ་བཟའ་བཏུང་བྱིན་ནས་ལས་འདི་ལྟ་བུ་གྱིས་ཤིག་ཅེས་བསྒོ་བ་དང་འདྲ་བར་བྱེད། གལ་ཏེ་མཆོག་གསུམ་ཡིད་ཀྱིས་བོར་ཏེ་དེ་དག་ལ་རེ་བ་བྱས་ན་བསླབ་བྱ་ཉམས་ཤིང་འདི་ཕྱི་ཀུན་ཏུ་ཕོངས་པར་འགྱུར་རོ། །ཆོས་ལ་སྐྱབས་སུ་སོང་ནས་སེམས་ཅན་ལ་གནོད་འཚེ་སྤང་དགོས། དེ་ཡང་འཚོ་བ་བྲལ་བ་བྱས་པ་ལས་ཆེ་བའི་གནོད་འཚེ་མི་སྲིད་པས། བླ་སེར་རྣམས་གྲོང་ཆོག་ལ་བྱོན་དུས་བཞེས་རྒྱུའམ་དགོན་གྱི་འཚོགས་པ་དང་རྟེན་བཞེངས་སོགས་ལ་དམིགས་ཏེ་སྦྱིན་བདག་ནས་དངོས་སུ་བསད་ནས་དྲངས་པའམ། གཞན་ལས་ཤ་བསྐྱིས་ཏེ་དེ་དག་ལ་དྲངས་ནས། རྗེས་སོར་ཤ་སྐྱིན་དུ་བསད་པའམ། ལྐོག་ཏུ་གཞན་ལ་གསོད་བཅུག་ཀྱང་འདྲ། དོན་ལ་དེ་དག་གིས་ཐོག་མར་སྡོམ་པ་ཀུན་གྱི་གཞི་རྟེན་སྐྱབས་འགྲོའི་བསླབ་བྱ་ཉམས་པར་མ་ཟད། སོ་ཐར་གྱི་ཁྲིམས་དང་འགལ་ཏེ། གཞན་གནོད་གཞིར་བཅས་སྤངས་པ་ལུས་ངག་གི་སྤང་བདུན་གཙོ་བོར་གྱུར་པའི་ཕྱིར། སྐྱོན་འདི་དག་འབྱུང་བར་དགོངས་ནས། དགེ་སློང་རྣམས་ཀྱིས་རྣམ་གསུམ་དག་པའི་ཤ་ལས་གཞན་སྤོང་དགོས་པ་དང་། སེམས་ཅན་ལ་གནོད་པའི་རྩྭ་ཆུ་ཙམ་ལའང་ལོངས་སུ་སྤྱོད་པ་རྗེས་སུ་མ་གནང་བས་མཁོ་བའི་ཡོ་བྱད་ཆུ་ཚགས་སོགས་ཀྱང་དགོས་དོན་དེ་ཡིན། བྱང་སེམས་ལས་གཞན་དོན་དུ་འགྱུར་ན་ལུས་ངག་གི་ལས་བདུན་གནང་བའི་སྐབས་ཡོད་ཀྱང་ཚུལ་འདི་ལྟ་བུ་མ་ཡིན་ཏེ། སྟོན་པའི་རྣམ་ཐར་དང་སྐྱེས་རབས་གང་དུ་ཡང་མ་བསྟན་པའི་ཕྱིར། དེས་ན་བསླབ་བྱའི་གཙོ་བོ་བདག་བས་གཞན་གཅེས་ཀྱིས་སེམས་ཅན་བློས་མི་སྤོང་བ་ཡིན་པས་དེ་དང་མངོན་སུམ་འགལ་ལ། སྔགས་སུ་ཏ་ན་ག་ན་ཡི་སྤྱོད་པ་སོགས་གསུང་བ་ཡོད་དེ། དེ་ནི་གྲུབ་པའི་སྤྱོད་པ་ནུས་པས་སྒྲོལ་བ་དང་། སྙིང་རྗེས་གསོ་བ་གཉིས་ཀ་ནུས་པ། རྒྱ་གར་གྱི་ཤ་བ་རི་པ། བོད་ཀྱི་ཟུར་ཆེ་ཆུང་ལྟ་བུ་ཡིན་གྱི་ཕལ་གྱི་སྤྱོད་ཡུལ་མིན་ཏེ། ལས་དང་པོ་པས་རྣལ་འབྱོར་པ་དང་། རྣལ་འབྱོར་པས་གྲུབ་པ་དང་། གྲུབ་པས་ཐམས་ཅད་མཁྱེན་པའི་སྤྱོད་པ་མི་བྱ་བར་གསུངས་པས་ཤེས་ལ། ཐར་པ་ནག་པོ་ཕྱོགས་ཀྱི་ལོ་རྒྱུས་ཀྱིས་ཀྱང་ཤེས་ནུས་སོ། །དེས་ན་དབང་གི་སྡོམ་བཟུང་སྐབས་སུ། དེང་ནས་སྲོག་གཅོད་མི་བྱ་ཞིང་། །ཞེས་ཁས་བླང་དང་འགལ་ཞིང་དངོས་གཞི་བདེ་གཤེགས་བཀའ་འདས་ཀྱི་རྩ་ལྟུང་དུ་འདུ་བའི་ཕྱིར། དེས་ན། རྡོ་རྗེ་རྩེ་མོ་ལས། བརྟན་པ་མ་ཐོབ་བར་དུ་ནི། །ཁ་ན་མ་ཐོ་རྡུལ་མེད་ཅིང་། །སྡོམ་པ་གསུམ་ལ་གནས་པར་བྱ། །ཞེས་སོ། །ཚུལ་དེ་ལ་དགོངས་ནས་ཚོགས་འཁོར་སོགས་ཀྱི་སྐབས་སུའང་འཕགས་ཡུལ་དུ་བཟའ་བའི་ཕྱིར་གསོད་པར་མི་འགྱུར་བའི་མི་ལ་སོགས་པའི་ཤ་ལྔ་པོ་དམ་ཚིག་གི་རྫས་སུ་གསུངས་པ་དང་། གལ་ཏེ་མ་རྙེད་ན་བག་ཟན་ལས་བྱས་པའི་ཕྱུགས་ཙན་དན་སོགས་ཀྱིས་ཁ་སྒྱུར་བ་ལ་དེར་མོས་པ་བྱ་གསུངས་པའི་དོན་ཡང་དེ་ཡིན་ནོ། །དེ་ལྟར་སེམས་ཅན་གཅིག་ཙམ་མི་སྐྱ་ཕལ་པ་ཞིག་གིས་བསད་པའི་རྣམ་སྨིན་གྱི་འབྲས་བུ་བར་བསྐལ་གཅིག་ལ་ཉི་ཚེ་བའི་དམྱལ་བར་གནས་དགོས་པ་དྲན་ཉེར་གསུང་ན་རབ་བྱུང་ཞིག་གིས་སྲོག་ལ་འབག་ན་རྣམ་སྨིན་གྱི་འབྲས་བུ་དེ་ལས་ཆེར་མྱོང་པ་སྨོས་མ་དགོས་པ་དེར་མ་ཟད་སེམས་ཅན་ལས་ངན་རྣམས་ལོག་པའི་སྨོན་ལམ་ལ་གོམས་པས་འཆི་ཀ་མའི་སྨོན་ལམ་མཐུ་བཙན་པས། སྔོན་ཤཱཀྱ་རྣམས་ཉ་པར་གྱུར་ཚེ་ཉ་ཆེན་པོ་གཉིས་ཀ་བར་བཏགས་ནས་བསད་པས། དེ་གཉིས་ཀྱིས་ད་ལྟ་ངེད་གཉིས་ཉེས་མེད་དུ་གསོད་པ་འདི་བཞིན་མ་འོངས་པ་ན་ངེད་གཉིས་ཀྱིས་ཀྱང་ཁྱེད་རྣམས་ཉེས་མེད་དུ་གསོད་པར་གྱུར་ཅིག་ཅེས་སྨོན་ལམ་བཏབ་པས། ཕྱིས་ཉ་ཆེན་གཉིས་རྒྱལ་པོ་འཕགས་སྐྱེས་པོ་དང་། བློན་པོ་མ་ལ་གནོད་གཉིས་སུ་གྱུར་ནས། ཤཱཀྱ་རིགས་བརྒྱད་ཁྲི་འཕགས་པའི་ཆོས་ཐོབ་ཟིན་ཀྱང་ཉིན་གཅིག་ལ་ཁ་འདགས་པར་བྱས་པའི་ལོ་རྒྱུས་ལ་དཔག་ན་དེ་ལྟར་མི་འགྱུར་བའི་ངེས་པ་མེད་པ་དང་། འཕགས་པ་ཀཱ་ཏྱ་ན་གྲོང་ཞིག་ཏུ་བསོད་སྙོམས་ལ་བྱོན་པས་དེ་ན་བུད་མེད་གཅིག་གིས་བུ་ཞིག་པང་། ཉ་ཤ་ཞིག་ཟ། དེའི་རུས་པ་ཁྱི་མོ་ཞིག་གིས་ཟ་བ་ལ་རྡོས་རྡེག་པར་གཟིགས་ནས་མངོན་ཤེས་ཀྱིས་བརྟགས་པས། ཉ་དེ་བུད་མེད་དེའི་ད་ལྟའི་ཕ་དང་ཁྱི་མོ་དེ་ད་ལྟའི་མ། བུ་དེ་ཚེ་སྔོན་རང་གསོད་པའི་དགྲ་པོ་དེ་ཡིན་པར་གཟིགས་ནས། ཕ་ཤ་ཟ་ཞིང་མ་ལ་རྡེག །གསོད་པའི་དགྲ་བོ་པང་དུ་བླང་། །ཆུང་མས་ཁྱོ་ཡི་རུས་པ་མུར། །འཁོར་བའི་ཆོས་ལ་གད་མོ་བྲོ། །ཞེས་གསུངས། དེས་ན་བསད་བྱའི་སེམས་ཅན་དེ་ད་ལྟ་རང་གི་ཕ་མ་སོགས་སྔར་ཤི་བ་དེ་དག་མིན་པའི་ངེས་པའང་མི་འདུག་ལ། ཚེ་སྔོན་གྱི་ཕ་མ་ནི་ངེས་པར་ཡིན་པས་ཁྱིམ་པའམ་རབ་བྱུང་གང་ཡིན་ཀྱང་སྲོག་གཅོད་ཀྱི་ལས་འདི་ཤིན་ཏུ་གཟབ་དགོས་སོ། །གཞན་ཡང་བྱོན་པའི་སྐབས་སོགས་རྟ་ཁལ་ལ་ཞོན་པ་དང་འགེལ་བ་བརྡུངས་བརྡེག་སོགས་ཀྱི་སྡུག་བསྔལ་ཆེན་པོ་གཏད་པའང་། སངས་རྒྱས་ཀྱི་རྗེས་འཇུག་མིན་ཏེ། སྔོན་སངས་རྒྱས་འཁོར་བཅས་གྲོང་སོགས་སུ་བྱོན་པ་ན་ཞབས་ཐང་ཁོ་ནས་བྱོན་པ་དེ་ཡང་། འཚེ་བ་སྤང་དགོས་པའི་དོན་གྱིས་ཡིན་ལ་ཐབས་སྡུག་ནས་རྟ་རྒན་ཞིག་ཆིབས་རྒྱུ་མ་ལོན་པ་ག་ལ་ཡིན། དེས་ན་ཇོ་བོ་རྗེ་བོད་དུ་བྱོན་དུས་བོད་ཀྱི་བླ་ཆེན་རྣམས་ཀྱིས་མངའ་ཐང་བསྐྱེད་དེ་རྟ་དྲེལ་མང་པོ་དེད་ནས་ཆིབས་བསུ་ཕེབས་ཚེ། དང་པོ་གཞི་བདག་མི་མ་ཡིན་ཡིན་ནམ་གསུང་ནས་ཐུགས་དོགས་གནང་བར། ལོ་རྒྱུས་ཞུས་པས་ཇོ་བོ་བཤུམ་ནས་སེམས་ཅན་མང་པོ་ལ་སྡུག་གཏད་པ་འདི་འདྲ་ཐུབ་པའི་རྗེས་འཇུག་གི་ཚུལ་མ་ཡིན་ཞེས་ཕྱིར་བྲོས་གནང་མཛད་སྐད་འདུག་ལ། དེ་ལྟར་ན་སེམས་ཅན་གཞན་ལ་གནོད་འཚེ་ཕྲ་བ་ཚུད་ཆད་ཅི་ནས་སྤང་དགོས། དགེ་འདུན་ལ་སྐྱབས་སུ་སོང་ནས་གྲོགས་མུ་སྟེགས་ཅན་དངོས་སམ་མིན་ཀྱང་དཀོན་མཆོག་ལ་ཡིད་ཆེས་མེད་ཅིང་། བློ་ཁ་དགེ་བར་མི་ཕྱོགས་པར་དགྲ་འདུལ། གཉེན་སྐྱོང་། ཚོང་སོ་ནམ་སོགས་མི་དགེ་བ་ཤ་སྟག་སྒྲུབ་པའི་གང་ཟག་རྣམས་དང་མི་འགྲོག་དེ་དང་ཁ་བློ་སྤྱོད་གསུམ་གཅིག་པར་བྱས་ན་སྐྱབས་འགྲོའི་བསླབ་བྱ་ཉམས་པར་མ་ཟད་རང་རྒྱུད་ལ་ཡོན་ཏན་གསར་དུ་སྐྱེ་རྒྱུ་མེད་ཅིང་སྔར་ཡོད་རྣམས་ཀྱང་འགྲིབ་པར་འགྱུར་བས་ཅི་ནས་གཟབ་པ་གལ་ཆེ།

གཉིས་པ་བསྒྲུབ་པའི་བསླབ་བྱ་ནི། སངས་རྒྱས་ལ་སྐྱབས་སུ་སོང་པས་སངས་རྒྱས་ཀྱི་སྐུ་རྟེན་དང་། ཐུགས་རྟེན་སཙྪ་ཆག་དུམ་ཡན་ཆད་སངས་རྒྱས་དངོས་ཀྱི་འདུ་ཤེས་བཞག་སྟེ་མ་གུས་པ་སྤང་། གུས་པས་མཆོད། སྤྱིར་བོར་བཏེགས་གཙང་སར་འཇོག་དགོས་ཏེ། པད་དཀར་ལས། སྐུ་གཟུགས་རྣམ་པ་མང་པོ་དེ་སྤྲུལ་ནས། །འགྲོ་བ་དགེ་ལ་སྤྱོད་པའི་དོན་བྱེད་དོ། །ཞེས་གསུང་། ཆོས་ལ་སྐྱབས་སུ་སོང་བས། གསུང་རབ་ཡི་གེ་ན་གཅིག་ཡན་ཆད་ལ་ཆོས་དཀོན་མཆོག་དངོས་ཀྱི་འདུ་ཤེས་བཞག་ནས། ས་རྗེན་དང་། འགོམ་ཡུག་དང་། སོ་དྲེག་དང་། མཆིལ་མ་བསྒོ་བ་སོགས་མ་གུས་པ་སྤང་བ་སོགས་སྔར་ལྟར་བྱ་སྟེ། སྙན་གྱི་གོང་རྒྱན་ལས། ལྔ་བརྒྱའི་ཐ་མར་གྱུར་པ་ན། །ང་ཉིད་ཡི་གེའི་གཟུགས་སུ་གནས། །ང་ཡིན་སྙམ་པའི་ཡིད་བྱོས་ལ། །དེ་ཚེ་དེ་ལ་གུས་པར་གྱིས། །ཞེས་གསུང་། དགེ་འདུན་ལ་སྐྱབས་སུ་སོང་བས། རབ་བྱུང་གི་རྟགས་ལྷན་པ་དམར་སེར་དང་སྐ་རགས་སེར་པོ་བཅིངས་པ་ཡན་ཆད་དགེ་འདུན་དཀོན་མཆོག་དངོས་ཀྱི་འདུ་ཤེས་བཞག་ནས་མ་གུས་པ་སྤང་བ་སོགས་བྱ་སྟེ། ཇི་སྐད་དུ། མ་འོངས་ཐུབ་པའི་བསྟན་པ་ནུབ་པའི་ཚེ། །དམར་དང་སེར་པོའི་གོས་ཀྱི་རས་མ་ཀུན། །ལྷ་རྣམས་ཀྱིས་བསྡུས་དད་པའི་རྟེན་དུ་ཁྱེར། །རི་རབ་རྩེ་རུ་མཆོད་རྟེན་བྱེད་པར་གསུངས། །ཞེས་སོ། །གསུམ་པ་ཆ་མཐུན་གྱི་བསླབ་བྱ་ནི། རང་ལ་ལམ་སྟོན་པའི་དགེ་བའི་བཤེས་གཉེན་ཉིད་སངས་རྒྱས་དཀོན་མཆོག་དངོས་ཀྱི་འདུ་ཤེས་བཞག་ནས་བརྙེད་བཀུར་ཞབས་ཏོག་ལ་འབད། དེས་བཀའ་སྩལ་བའི་གསུང་རྣམས་ཆོས་དཀོན་མཆོག་དངོས་ཀྱི་འདུ་ཤེས་བཞག་སྟེ། ཅི་གསུང་དང་ལེན་གྱི་གསུང་ཟུར་ཙམ་ཡང་མི་བཅག །བླ་མའི་འཁོར་སློབ་རྣམས། དགེ་འདུན་དཀོན་མཆོག་དངོས་ཀྱི་འདུ་ཤེས་བཞག་སྟེ་སྒོ་གསུམ་གུས་པས་བསྟེན་ཏེ་མི་མཉེས་པ་སྐད་ཅིག་ཙམ་ཡང་མི་བྱ། སྤྱིར་སྔགས་ཀྱི་ལུགས་འདིར་བླ་མ་ཉིད་སྐྱབས་གནས་ཐམས་ཅད་ཀྱི་ངོ་བོ་ཡིན་པས། འདིའི་སྐུ་གསུང་ཐུགས་དང་འགལ་ན་མགོ་ཆད་པ་གསོ་མི་རུང་བ་བཞིན་སྐྱབས་གནས་རྒྱ་མཚོའི་ཐུགས་དང་འགལ་བ་ཡིན་ལ། འདིའི་ཐུགས་ཟིན་ན་སྐྱབས་གནས་རྒྱ་མཚོའི་ཐུགས་ཟིན་པས་མི་མཉེས་པའི་བྱ་བ་རྨི་ལམ་ཙམ་དུ་བྱུང་ཡང་སྙིང་ནས་འགྱོད་བཤགས་དྲག་པོ་བྱས་ནས་ཅི་མཉེས་ཀྱི་སྤྱོད་པ་ལ་བརྩོན་པ་གལ་ཆེ། གཉིས་པ་ཐུན་མོང་བ་ནི། སྲོག་དང་བྱ་དགར་དཀོན་མཆོག་གསུམ་མི་སྤང་། །དགོས་གལ་ཆེ་ཡང་ཐབས་གཞན་མི་འཚོལ་ཞིང་། །དུས་མཆོད་མི་བཅགས་རང་གཞན་སྐྱབས་འགྲོར་འགོད། །གར་འགྲོའི་ཕྱོགས་ཀྱི་སངས་རྒྱས་ལ་ཕྱག་འཚལ། །ལྔ་རྣམས་ཐུན་མོང་བསླབ་བྱ་རཇོ་བོར་བཞེད། །ཅེས་པ་ལྟར་རང་གི་སྲོག་དང་རྒྱལ་སྲིད་སོགས་བྱ་དགའ་ཆེན་པོའི་ཆེད་དུ་དཀོན་མཆོག་གསུམ་མི་སྤང་བ་དང་། དགོས་གལ་ཆེན་པོ་ཇི་ལྟར་བྱུང་ཡང་ཐབས་གཞན་མི་འཚོལ་བར་དཀོན་མཆོག་ལ་སྐྱབས་སུ་འགྲོ་ཞིང་མོ་རྩིས་སོགས་ཀྱང་ཕྲིན་ལས་སུ་ཤེས་པས་འཇུག་ཅིང་ནད་གདོན་རྒྱལ་པོ་སོགས་ཀྱི་གནོད་འཚེའི་སྡུག་བསྔལ་ཇི་ལྟར་བྱུང་ཡང་བདག་ལ་འདི་འདྲ་འོང་དོན་མེད་མི་བསམ་པར་ལས་ངན་འཛད་པའི་ཆེད་དུ་གནང་བ་ཡིན། དེ་བཞིན་དུ་ཆགས་སྡང་རྨོངས་གསུམ་གྱི་རྟོག་ངན་བྱུང་ཡང་རང་རྒྱུད་ལ་ཉོན་མོངས་བག་ཉལ་ཡོད་པ་ཡིན་ཞེས་བླ་མ་དཀོན་མཆོག་གིས་བྱ་གཏོང་བྱུང་བསམ་ཞིང་འདི་ཉིད་མི་འབྱུང་པ་ཞིག་ཁྱེད་མཁྱེན་སྙམ་དུ་བསྒོམ། སྐྱིད་ཀྱི་རྒྱུ་དད་པ་ངེས་འབྱུང་བྱང་སེམས་སོགས་བྱུང་ན་གོང་འཕེལ་དུ་འགྱུར་བ་བླ་མ་དཀོན་མཆོག་ལ་གསོལ་བ་འདེབས། སྐྱིད་ཀྱི་འབྲས་བུ་ཟས་གོས་བྱུང་ན་ཕོ་རྒོད་པས་མིན་བླ་མ་དཀོན་མཆོག་གི་ཐུགས་རྗེ་ཡིན་པས་བཀའ་དྲིན་དྲན་ནས་དྲིན་གཟོ་དགོས། དུས་མཆོད་མི་བཅགས་པ་སྟེ་ཐ་ན་ཅི་ཟ་ཅི་འཐུང་གི་ཕུད་ཀྱིས་མཆོད། ཕུད་སྐོང་རེ་ཡང་འཆང་དགོས། དེང་སང་དྲེགས་པ་རང་རྒྱུད་པ་མཆོད་པ་ལས་དཀོན་མཆོག་མཆོད་ས་ཁྱད་པར་འཕགས་པ་ཡིན་པ་དྲག་ཞན་སུས་མི་སེམས་ཀྱང་དོན་ལ་ཕུད་སྐོང་དུ་ཕུད་རེ་བླུགས་ཏེ་སྟོན་པ་བླ་མེད་སོགས་ཀྱིས་མཆོད་པ་འབུལ་བས་ཀྱང་བཀའ་དྲིན་གཟོ་བ་ཡིན། དེར་མ་ཟད་ཆུ་རེ་བླང་ན་ཡང་ཆུ་ཕུད་གསུམ་རེ་འབུལ་བ་སོགས་ཀྱིས་མཚོན་ལུས་ལོངས་སྤྱོད་ཐམས་ཅད་དཀོན་མཆོག་ལ་འབུལ་ནས་མངའ་ཐང་ཆོས་ཕྱོགས་སུ་བསྐོར། དེ་ཡང་འབད་རྩོལ་རི་བོ་ཙམ་ཞིག་བྱེད་པ་ལས། །བསོད་ནམས་མེ་སྟག་ཙམ་ཞིག་བསགས་ན་དགའ། །ཞེས་པ་བཞིན་བསོད་ནམས་བསགས་དགོས། ཚོགས་བསགས་པའི་ཡུལ་ཁྱད་པར་ཅན་དགེ་འདུན་ཡིན་ཏེ། སངས་རྒྱས་དང་ཆོས་གཉིས་ལ་མཆོད་པའི་ཕན་ཡོན་ལས་བཞེས་པའི་བསོད་ནམས་ཚད་མེད་ལ། དགེ་འདུན་ལ་ཕུལ་བཞེས་གཉིས་ཀའི་བསོད་ནམས་ཐོབ་པ་དང་། ཁྱད་པར་བླ་མ་མཆོད་ན་དཀོན་མཆོག་བཞི་པ་མཆོད་པ་ཡིན་པས་བསོད་ནམས་ཚད་མེད་པར་གསུངས། ཕན་ཡོན་ཤེས་པས་རང་སྐྱབས་སུ་འགྲོ་ཞིང་གཞན་སྐྱབས་སུ་འགྲོར་གཞུག་པ་དང་། གར་འགྲོའི་ཕྱོགས་ཀྱི་སངས་རྒྱས་ཡིད་ལ་བྱས་ཏེ་ཕྱག་མཆོད་འབུལ་ནས་ལམ་དུ་འགྲོ་བ་སྟེ་ལྔ་པོ་ཐུན་མོང་གི་བསླབ་བྱ་ཡིན་ཞེས་ཇོ་བོ་རྗེས་བཞེད་དོ། །

བཞི་པ་ལམ་དམན་པ་ལས་ཁྱད་པར་དུ་བྱེད་པ་བྱང་ཆུབ་སེམས་བསྐྱེད་པ་ལ་བཞི། སེམས་བསྐྱེད་དགོས་པའི་རྒྱུ་མཚན། དེའི་ངོ་བོ། དབྱེ་བ་ཇི་ལྟར་བསྐྱེད་ཚུལ། ཕན་ཡོན་བསླབ་བྱ་དང་བཅས་པའོ། །དང་པོ་ནི། མཐར་འབྲས་རྫོགས་པའི་བྱང་ཆུབ་ཆེན་པོ་ཉིད་ཐོབ་པར་མི་འདོད་ན་ཕར་ཞོག་འདོད་ཕྱིན་ཆད་དེ་སྒྲུབ་པའི་རྒྱུ་ཐེག་པ་ཆེན་པོའི་ལམ་གྱི་རྩ་བ་ནི་བདག་བས་གཞན་གཅེས་ཀྱི་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་ཁོ་ན་ལ་རག་ལས་ཏེ། བྱང་ཆུབ་སེམས་འགྲེལ་ལས། བྱང་ཆུབ་སེམས་ནི་མ་བསྐྱེད་པར། །སངས་རྒྱས་ནམ་ཡང་མི་ཐོབ་ཅིང་། །འཁོར་བར་རང་གཞན་དོན་སྒྲུབ་པའི། །ཐབས་གཞན་ཡོད་པ་མ་ཡིན་ནོ། །ཞེས་དང་། འཇུག་པ་ལས། ཉན་ཐོས་སངས་རྒྱས་འབྲིང་རྣམས་ཐུབ་དབང་སྐྱེས། །སངས་རྒྱས་བྱང་ཆུབ་སེམས་དཔའ་ལས་འཁྲུངས་ཤིང་། །སྙིང་རྗེའི་སེམས་དང་གཉིས་སུ་མེད་བློ་དང་། །བྱང་ཆུབ་སེམས་ནི་རྒྱལ་སྲས་རྣམས་ཀྱི་རྒྱུ། །ཞེས་སོ། །གཉིས་པ་ལ། ངོ་བོ་ནི། གཞན་དོན་དུ་རྫོགས་པའི་བྱང་ཆུབ་ཐོབ་པར་འདོད་པ་སྟེ། མངོན་རྟོགས་རྒྱན་ལས། སེམས་བསྐྱེད་པ་ནི་གཞན་དོན་ཕྱིར། །ཡང་དག་རྫོགས་པའི་བྱང་ཆུབ་འདོད། །ཅེས་སོ། །དེ་ཡང་ཆེད་དུ་བྱ་བ་སེམས་ཅན་ཐམས་ཅད་བླ་ན་མེད་པ་རྫོགས་པའི་བྱང་ཆུབ་ཆེན་པོ་ཐོབ་པའི་ཕྱིར། རྒྱུ་བྱམས་པ་དང་སྙིང་རྗེ་རླབས་ཆེན་པོ་ལས་བྱུང་བ། གྲོགས་སེམས་ཅན་མ་ལུས་པའི་དོན་གྱི་ཁུར་ཆེན་རང་ཉིད་ཀྱིས་ཁྱེར་བའི་སྙིང་སྟོབས་ལྷག་བསམ་དང་ལྡན་པ། ངོ་བོ་འགྲོ་ཀུན་སྒྲོལ་ནུས་པའི་རྫོགས་བྱང་ཐོབ་པར་འདོད་པའོ། །

དབྱེ་བ་ལ། བློ་སྟོབས་ཀྱིས་དབྱེ་ན་གསུམ་ལས། སྙིང་རྗེས་གཞན་དོན་ལ་དམིགས་པ་མཚུངས་ཀྱང་། ཤེས་རབ་ཀྱིས་རྫོགས་བྱང་དམིགས་པར་རང་ཉིད་སངས་རྒྱས་ནས་གཞན་སྒྲོལ་བར་འདོད་པ་འདོད་ཆེན་པོ་རྒྱལ་པོ་ལྟ་བུའི་སེམས་བསྐྱེད། རང་ཉིད་དང་སེམས་ཅན་ལྷན་ཅིག་སངས་རྒྱས་པར་འདོད་པ་མཉན་པ་ལྟ་བུ་ཡེ་ཤེས་དམ་པའི་སེམས་བསྐྱེད། སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་སར་རང་ཉིད་ཀྱིས་བཀོད་ནས་གཟོད་སངས་རྒྱས་པར་འདོད་པ་དཔེ་མེད་པ་རྫི་བོ་ལྟ་བུའི་སེམས་བསྐྱེད་པ་དང་། ས་མཚམས་ཀྱིས་དབྱེ་ན་བཞི་སྟེ། ཚོགས་སྦྱོར་ལམ་ན་ཀུན་རྫོབ་བྱང་སེམས་མཚན་ཉིད་པ་རྒྱུད་ལ་སྐྱེ་རུང་ཡོད་ཀྱང་དོན་དམ་བྱང་སེམས་དོན་སྤྱིའི་སྒོ་ནས་གོ་བའམ་མྱོང་བ་ལས་མངོན་སུམ་མ་རྟོགས་པས་མོས་པས་སྤྱོད་པའི་སེམས་བསྐྱེད། ས་དང་པོ་ནས་བདུན་པའི་བར་ལ་མཉམ་བཞག་སྐབས་སུ་ཉོན་ཡིད་འགགས་ནས་རྗེས་ཐོབ་ཏུ་ངར་འཛིན་ཕྲ་བ་རེ་སྐྱེས་ཀྱང་ལམ་གྱི་བར་ཆད་དུ་མི་འགྱུར་བས་ལྷག་བསམ་དག་པའི་སེམས་བསྐྱེད། དག་ས་གསུམ་དུ་སྔར་ཚོགས་སྦྱོར་སྐབས་སུ་སྨོན་ལམ་གང་བཏབ་སྒྲུབ་རན་ནས་གཞན་དོན་རླབས་པོ་ཆེ་འགྲུབ་པའི་དུས་ཡིན་པས་རྣམ་པར་སྨིན་པའི་སེམས་བསྐྱེད། སངས་རྒྱས་ཀྱི་ས་ན་སྒྲིབ་གཉིས་བག་ཆགས་དང་བཅས་པ་སྤང་ནས་ཀུན་རྫོབ་སེམས་བསྐྱེད་སྔར་བྱང་ཆུབ་སྙིང་པོ་མཆིས་ཀྱི་བར་གྱི་ཁས་བླང་ལས་འདས་ཀྱང་། དོན་དམ་སེམས་བསྐྱེད་ཐོབ་ལ་མ་ཉམས་པའི་ཚུལ་དུ་ཡར་ལྡན་ཡོད་པས་སྒྲིབ་པ་སྤང་བའི་སེམས་ཞེས་བྱ། ངོ་བོའི་སྒོ་ནས་དབྱེ་ན། ཀུན་རྫོབ་དང་དོན་དམ་སེམས་བསྐྱེད་གཉིས་ལས། དང་པོ་ནི། འགྲོ་བ་ཆས་པ་ལྟར་སངས་རྒྱས་ཐོབ་འདོད་ནི་སྨོན་པ་དང་། འགྲོ་བཞིན་པ་ལྟར་སངས་རྒྱས་སྒྲུབ་པའི་ཐབས་བྱང་སེམས་ཀྱི་སྤྱོད་པ་ལ་འཕྲལ་དུ་སྦྱོར་བ་ནི་འཇུག་པ་སྟེ། སྤྱོད་འཇུག་ལས། བྱང་ཆུབ་སེམས་དེ་མདོར་བསྡུ་ན། །རྣམ་པ་གཉིས་སུ་ཤེས་བྱ་སྟེ། །བྱང་ཆུབ་སྨོན་པའི་སེམས་དང་ནི། །བྱང་ཆུབ་འཇུག་པ་ཉིད་ཡིན་ནོ། །འགྲོ་བར་འདོད་དང་འགྲོ་བ་ཡི། །བྱེ་བྲག་ཇི་ལྟར་ཤེས་པ་ལྟར། །དེ་བཞིན་མཁས་པས་འདི་གཉིས་ཀྱི། །བྱེ་བྲག་རིམ་པར་ཤེས་པར་བྱ། །ཞེས་སོ། །དོན་དམ་སེམས་བསྐྱེད་གསང་སྔགས་ལུགས་ལ་ཆོ་ག་ལ་བརྟེན་ནས་སྐྱེ་བར་བཤད་ཀྱང་། མཚན་ཉིད་པ་སྒོམ་པའི་སྟོབས་ལས་སྐྱེ་དགོས་ཏེ། དེ་ཡང་། རྫོགས་པའི་སངས་རྒྱས་རབ་མཉེས་བྱས། །བསོད་ནམས་ཡེ་ཤེས་ཚོགས་རབ་བསགས། །ཆོས་ལ་མི་རྟོག་ཡེ་ཤེས་ནི། །སྐྱེ་ཕྱིར་དེ་ནི་དམ་པར་འདོད། །ཅེས་དམ་པ་གསུམ་སྟེ། ཡོངས་འཛིན་དམ་པ་ཕྱི་ནང་གཉིས་ཏེ། ཕྱི་ཚོགས་ལམ་ནས་བཟུང་མཐོང་ལམ་གྱི་བར་ལ་བླ་མ་དང་སངས་རྒྱས་མང་པོ་རབ་ཏུ་མཉེས་པར་བྱས་པ་དང་། ནང་གི་ཡོངས་འཛིན་སྙིང་རྗེ་དང་ཤེས་རབ་རྣམ་གཉིས་ཀྱིས་ཡོངས་སུ་བཟུང་བ་དང་། རྗེས་སྒྲུབ་དམ་པ་སྣང་བཅས་བསོད་ནམས་དང་སྣང་མེད་ཡེ་ཤེས་ཀྱི་ཚོགས་གཉིས་བསགས་པ་དང་། རྟོགས་པ་དམ་པ་དེའི་མཐའ་ལ་རྣམ་པར་མི་རྟོགས་པའི་ཡེ་ཤེས་མཐོང་ལམ་དོན་གྱི་རྟོགས་པ་སྐྱེ་བ་དེ་ཡིན། དེས་ན་ཡོངས་འཛིན་དམ་པ། རྗེས་གྲུབ་དམ་པ། རྟོགས་པ་དམ་པ་གསུམ་ལ་བརྟེན་ནས་མཚན་ཉིད་པ་སྐྱེ་དགོས་སོ། །

གསུམ་པ་སེམས་བསྐྱེད་ཚུལ་ནི། ཀུན་རྫོབ་སེམས་བསྐྱེད་འདི་ཟབ་མོ་ལྟ་རྒྱུད་དང་རྒྱ་ཆེན་སྤྱོད་རྒྱུད་གཉིས་པོ་གང་རུང་གི་ཆོ་ག་ལ་བརྟེན་ནས་སྐྱེ་དགོས་པས་འདིར་སེམས་སྡོམ་འབོག་པ་སྔོན་དུ་འགྲོ་བས་དེ་ཉིད་མི་ཉམས་ཤིང་གོང་འཕེལ་ཕྱིར་དུ་འདི་ལྟར་ནམ་མཁའ་ལ་མཐའ་དང་མུ་མེད་པ་བཞིན་དུ་སེམས་ཅན་གྱི་ཁམས་ལ་ཡང་མཐའ་དང་མུ་མེད། དེ་ཐམས་ཅད་རིགས་དྲུག་སོ་སོའི་ལས་སྣང་སྡུག་བསྔལ་བག་ཆག་དང་བཅས་པས་ཁྱབ་པའི་སེམས་ཅན་དེ་རྣམས་ཀྱིས་ཚེ་རབས་ཐོག་མ་མེད་པ་ནས་རང་གི་ཕ་མ་བསམ་གྱིས་མི་ཁྱབ་པ་བྱས་པ་ཤ་སྟག་ཏུ་ངེས་པས། དེ་ལ་འདི་ལྟར་བསམ་པར་བྱ་སྟེ། འཁོར་བའི་ཐོག་མ་འདི་ཙམ་ཞེས་ཚད་བཟུང་དུ་མེད་པ་ནས་ད་ལྟའི་བར་དུ་རང་རེ་རྣམས་འཁོར་བས་ས་ལག་མཐིལ་ཙམ་དུ་ལན་གྲངས་དཔག་མེད་སྐྱེ་མ་མྱོང་ས་མེད་པས་རྫུས་སྐྱེས་མ་གཏོགས་མངལ་སྐྱེས་ཞིག་ཡིན་ནས་མ་མེད་པ་མི་སྲིད་ལ། དེས་ན་སེམས་ཅན་གཅིག་གིས་མ་བྱས་པ་ཚད་བཟུང་མི་ཤེས་ཏེ། བཤེས་སྤྲིངས་ལས། མ་ཡི་ཐུག་མཐའ་རྒྱ་ཤུག་ཚིག་གུ་ཙམ། །རིལ་བུར་དྲིལ་ཀྱང་ས་ཡི་ལོངས་མི་འགྱུར། །ཞེས་གསུངས། དེ་བཞིན་དུ་སེམས་ཅན་ཐམས་ཅད་ཀྱིས་ཀྱང་མ་ལན་གྲངས་དཔག་མེད་བྱས་ལ། མ་བྱས་པའི་དུས་སུ་རང་ཉིད་དྲི་ཟ་ཉེ་བར་ལེན་པའི་རྣམ་ཤེས་བར་དོ་ན་འཁྱམས་པའི་ཚེ་སྔོན་ལས་དང་ཕ་མའི་འདུ་འཕྲོད་ཀྱི་རྒྱུ་རྐྱེན་གྱིས་མངལ་དུ་ཞུགས་ཏེ། ཟླ་དགུ་ངོ་བཅུར་ལུས་བཟུང་ནས། མས་ཟས་ཟོས་པའི་དྭངས་མ་དང་ལུས་ཟུངས་ཐམས་ཅད་བུ་ཡི་ལྟེ་བར་བརྒྱུད་དེ་བུའི་སྲོག་གི་གསོས་སུ་བསྐྱེད་པ་ལུས་བསྐྱེད་པའི་དྲིན། ཕྱིར་བཙས་པའི་ཚེ་ཤི་མིན་སོས་མིན་ཉ་རེ་ཉོ་རེ་མ་དྲིན་མོ་ཆེས་ཤི་རྒྱུ་ཤི་མ་བཅུག་རིགས་རྒྱུད་སྐམ་མ་བཅུག་པར་བུ་བཙས་པར་དགའ་སོ་བཟུང་ནས་བརྩེ་བའི་སེམས་ཀྱིས་བསྐྱང་། བྱམས་པའི་མིག་གིས་བལྟས། དགའ་བའི་མདངས་ཀྱིས་ཕྱུང་། སྙན་པའི་ངག་གིས་བོས་ཏེ་ལག་སོར་མོ་བཅུས་པང་དུ་བླང་ནས་འཆི་མ་བཅུག་པ་སྲོག་བྱིན་པའི་དྲིན། དེ་ནས་བར་དོའི་རྣམ་ཤེས་ཁ་ལ་ཟས་མེད་ལག་ཏུ་ནོར་མེད་རྒྱབ་ན་གོས་མེད་པའི་འཁྱམས་པོ་ཕར་ངོ་ཕར་ལ་མི་ཤེས་ཚུར་ངོ་ཚུར་ལ་མི་ཤེས་པ་ཞིག་གི་ཁྱིམ་དུ་ཕྱིན་པ་ན། མ་དྲིན་མོ་ཆེ་དེས་ཟས་ཀྱི་དྭངས་མ་མངར་བའི་ནུ་ཞོ་བྱིན་པས་དེའི་དྭངས་མ་མིག་ལ་བབས་སོང་བ་འཆི་བའི་དུས་སུ་མིག་མཆི་མ་ཁྲ་རི་ལི་ལི་འགྲིལ་བ་དེ་ཡིན་ལ་སྙིགས་མ་ལུས་ཀྱི་ནང་དུ་གནས་ཏེ་ཟས་ཀྱི་བཅུད་ལེན། ལུས་བསྐྱེད་པར་བྱེད་དེ་འཆི་བའི་དུས་ལུས་ཟུང་ཞེས་སྐྱུག་པའམ་སྦྱོང་བར་བྱེད་པ་ཡིན་ལ། གོས་ཀྱི་དང་པོ་ཤ་དྲོད་ལ་བཅར། དེ་ནས་ཅུང་ཟད་ཟ་ནུས་དུས་ཟས་ཀྱི་ཕུད། དཀར་གྱི་དྲུང་། དམར་གྱི་ཕུད། ཟས་གང་བཟང་གང་ཞིམ་ཟས་སྙོད། མི་གཙང་བ་ལག་པས་ཕྱིས། འགྲང་ལྟོག་ལག་པས་བྱུག །ཚ་གྲང་མཛུབ་མོས་ཚད་བཟུང་སྟེ་བྱིན། གོས་ཀྱི་རྩེ་མོ་གང་དྲོ་གང་འཇམ་བུ་ལ་གོས་བྱེད། ཡར་དཀོན་མཆོག་ལ་མཆོད་པ། མར་ངན་སློང་ལ་སྦྱིན་པ། ཤི་བོའི་རྒྱབ་ཀྱི་དགེ་རྩ། གསོན་པོའི་ཁ་ཟས་རྒྱབ་གོས་གང་ཡང་མི་བྲ་བར་སྡིག་སྡུག་གཏམ་ངན་ཐམས་ཅད་ཁྱད་དུ་བསད་ནས། སྐར་མ་ལ་ཞྭ། བ་མོས་ལྷམ། རྒབ་མས་ལྕགས་རྐང་ཁྲག་ས་ལ་བརྡབ། ལག་ཁྲག་རྡོ་ལ་བརྡབ། གདོང་ཤ་མི་ལ་བྱིན། ཉ་ཤ་ཁྱི་ལ་བྱིན་ནས་བསགས་པའི་ལོངས་སྤྱོད་སེར་སྣ་དང་ཕོངས་སེམས་མེད་པར་བུ་ལ་བྱིན་ནས་ཁ་ཟས་མེད་ཟས་དང་སྤྲད། ལག་ནོར་མེད་ནོར་དང་སྤྲད། རྒྱབ་གོས་མེད་གོས་དང་སྤྲད་པར་མ་ཟད་འཁོར་སྒྱུར་གྱི་རྒྱལ་སྲིད་སྦྱིན་ནུས་ཀྱང་ཆེ་རུ་སོང་བ་བསམ་རྒྱུ་མེད་པ་ཡོ་བྱད་བསྟབས་པའི་དྲིན། ནར་ཅུང་ཟད་སོན་ཏེ་ཟ་ཤེས་འགྲོ་ཤེས་ཙམ་ན། ཟས་ཟ་ལུགས། གོས་གྱོན་ལུགས། གོམ་པ་འདོར་ལུགས། གཏམ་སྨྲ་ལུགས་སོགས་འཇིག་རྟེན་གྱི་ཐ་སྙད་ཐམས་ཅད་བསླབ་སྟེ་བུ་ཆུང་ལ་མི་འདོད་པ་བྱུང་ཚེ་མ་རང་གི་སྙིང་བཏོན་པ་ལྟ་བུའི་གཅེས་ཀ་དང་རིན་ཐང་ཆེ་བར་བཟུང་པས། ད་ལྟ་ཉྭ་ཀ་བ། བ་སྤུ་སྡོང་པོ་མ་སོང་གི་བར་སྐྱེད་བསྲིང་བ་འཇིག་རྟེན་བསྟན་པའི་དྲིན་ཡིན་ལ། དེ་ལྟར་ལུས་བསྐྱེད་པ། སྲོག་བྱིན་པ། ཡོ་བྱད་བསྟབས་པ། འཇིག་རྟེན་བསྟན་པ་བཞི་ནི་འཇིག་རྟེན་ཕྱོགས་ཀྱི་དྲིན་དྲན་པ་ཡིན། ཆོས་ཀྱི་ཕྱོགས་ནས་དལ་འབྱོར་གྱི་མི་ལུས་རིན་པོ་ཆེ་འདི་ཡང་མ་དྲིན་མོ་ཆེས་བསྐྱེད། བྱང་ཆུབ་སྒྲུབ་པའི་མཐུན་རྐྱེན་ཟས་གོས་གནས་མལ་ཡོ་བྱད་འདི་དག་ཀྱང་མ་སེམས་ཅན་ཞིག་མེད་ན་རང་སྟོབས་ཀྱིས་མི་འགྲུབ། རྒྱལ་སྲས་བྱང་སེམས་རྣམས་ཀྱིས་དང་པོ་སེམས་བསྐྱེད་པ་ཡང་མ་སེམས་ཅན་མེད་ན་བསྐྱེད་པའི་ཐབས་མེད། བར་དུ་སྤྱོད་པ་རྒྱ་མཚོ་ལ་བསླབ་པ་ཡང་མ་སེམས་ཅན་མེད་ན་བསླབ་པའི་ཡུལ་མེད། དེས་ན་མཐར་རྫོགས་པའི་སངས་རྒྱས་ཀྱང་མེད་པས་ཆོས་ཀྱི་ཕྱོགས་ནས་ཀྱང་དྲིན་ཆེ། དེ་ལྟར་ལུགས་གཉིས་ཀྱི་དྲིན་དྲན་པ་ཡིན། ད་ནི་མ་དྲིན་མོ་ཆེས་དེ་སྔོན་ཁེ་དང་རྒྱལ་ཁ་བུ་ལ་བྱིན། གྱོང་དང་བུབ་ཁ་རང་ལ་བླངས་ནས་དྲིན་ཆེན་པོས་བསྐྱངས་པས། བདག་ད་རེས་ཐེག་ཆེན་གྱི་ཆོས་དང་མཇལ། དགེ་བའི་བཤེས་གཉེན་གྱིས་རྗེས་སུ་བཟུང་། ལམ་གྱི་ཁེ་ཉེན་ཤེས་པའི་དུས་འདིར་མ་རྒན་གྱི་སྐྱིད་སྡུག་བུས་བལྟ་དགོས་སྙམ་ནས་དྲིན་གཟོ་འདོད་ཀྱི་རྟོག་པ་བསྐྱེད་ལ། དེ་རྣམས་འདོད་རྒྱུ་བདེ་བ་འདོད་ཀྱང་བདེ་བའི་རྒྱུ་དགེ་བ་ནི་བསྒྲུབ་མི་ཤེས། སྡུག་བསྔལ་མི་འདོད་ཀྱང་སྡུག་བསྔལ་གྱི་རྒྱུ་མི་དགེ་བ་ནི་སྤང་མི་ཤེས་པར་ཞེ་འདོད་དང་ལག་ལེན་ཕྱིན་ཅི་ལོག་ཏུ་གྱུར་པའི་སྨྱོན་པ་ལྟ་བུ་འདི་རྣམས་འཁོར་བའི་སྡུག་བསྔལ་གྱི་རྒྱ་མཚོའི་རྦ་ལ་བྱིང་། གཏི་མུག་གི་མུན་པ་མཐུག་པོས་བསྒྲིབས། ལམ་དང་ལམ་མིན་གྱི་བླང་དོར་མི་ཤེས། ཡང་དག་པའི་ལམ་སྟོན་གྱི་བཤེས་གཉེན་དང་བྲལ། སྐྱབས་མགོན་དཔུང་གཉེན་རེ་ལྟོས་གང་ཡང་མེད་པར་ལོང་བ་ཐང་དཀྱིལ་དུ་ལུས་པ་འདྲ་བའི་སེམས་ཅན་འདི་དག་སྡུག་བསྔལ་རྒྱུ་འབྲས་གཉིས་དང་བྲལ་ཏེ། ཐར་པའི་མཆོག་བླ་ན་མེད་པ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་མྱུར་དུ་ཐོབ་པར་བྱ་སྙམ་པའི་དམ་བཅའ་བ་སྨོན་པ་སེམས་བསྐྱེད་དང་། དེའི་ཆེད་དུ་དཔལ་རྡོ་རྗེ་སེམས་དཔའི་བསྐྱེད་རྫོགས་ཀྱི་ལམ་ཟབ་མོ་བསྒོམས་པར་བགྱིའོ་སྙམ་པའི་དམ་བཅའ་ཞིང་དངོས་སུ་སྦྱོར་བས་བརྩོན་པ་ནི་འཇུག་པ་སེམས་བསྐྱེད་དེ། དེ་ལྟ་བུའི་ཚུལ་གྱིས་མདུན་མཁར་ཚོགས་ཞིང་སྐྱབས་ཡུལ་ལྟར་གསལ་བཏབ་པའི་སྤྱན་སྔར། ཧོ༔ དེང་ནས་བཟུང་སྟེ་འཁོར་བ་མ་སྟོང་བར༔ ཞེས་སོགས། མ་འགྲོ་དྲུག་གི་སེམས་ཅན་རྣམས་སྙིང་དུ་བཅངས་པའི་ལྷག་བསམ་དྲག་པོས། བརྒྱ་སྟོང་ཁྲི་འབུམ་སོགས་ཅི་ནུས་བརྗོད་ཅིང་། དེ་ཡང་ཁ་ཡེངས་མིག་ཡེངས་ཚིག་ཙམ་དུ་མ་སོང་བར་སེམས་རྩེ་གཅིག་པའི་སྒོ་ནས་ཚོགས་ཞིང་སྐྱབས་ཡུལ་རྣམས་ཀྱིས་བདག་གི་བསམ་སྦྱོར་ཐམས་ཅད་ཇི་ལྟ་བ་བཞིན་མཁྱེན་ངེས་སོ་སྙམ་པས་བླ་མ་དཀོན་མཆོག་ལ་དད་པ་དང་། སེམས་ཅན་ཐམས་ཅད་སྡུག་བསྔལ་ལས་བསྒྲལ་བར་འདོད་པའི་སྙིང་རྗེ་དང་དེའི་ཆེད་དུ་རྫོགས་པའི་སངས་རྒྱས་ཐོབ་པར་འདོད་པའི་འདུན་པ་དྲག་པོ་དང་མ་བྲལ་བའི་ལྷག་པའི་བསམ་པ་ཡང་ནས་ཡང་དུ་བསྐྱེད་ཅིང་རྒྱུན་དུ་གོམས་པར་བྱའོ། །ཐུན་མཐར་ཚོགས་ཞིང་རྣམས་དགྱེས་པས་འོད་དུ་ཞུ་རང་གཞན་སེམས་ཅན་ཐམས་ཅད་ལ་ཐིམ་པས་སྐྱབས་ཡུལ་རྣམས་ཀྱི་ཐུགས་རྒྱུད་ན་བཞུགས་པའི་བྱམས་སྙིང་རྗེ་བྱང་ཆུབ་སེམས་ཀྱི་གནས་ལུགས་རྟོགས་པའི་ལྟ་བ་ཕྱིན་ཅི་མ་ལོག་པ་དེ་རང་གཞན་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་སྐྱེས་པར་མོས་ལ་མི་དམིགས་པའི་ངང་ལ་དར་གཅིག་མཉམ་པར་བཞག །རྗེས་བདག་གཞན་མཉམ་བརྗེ་བྱང་ཆུབ་ཀྱི་སེམས་བསྒོམ་པར་བྱ་སྟེ། དེ་ལ་བདག་གཞན་མཉམ་པ་ནི་ཐོག་མ་མེད་པ་ནས་བདག་གཞན་མ་མཉམ་པར་རང་ཕྱོགས་གཞན་ཕྱོགས་བཟུང་བས། ད་ནི་བདག་དང་དེའི་ཕྱོགས་ལ་ཆགས་པ་བཏང་། གཞན་དང་དེའི་ཕྱོགས་ལ་སྡང་བ་བཏང་དགོས། དེ་གཉིས་ཀའི་རྩ་བ་རང་འདོད་སྒྲུབ་པའི་བསམ་སྦྱོར་འདི་ལ་ཐུག་པས་དེའི་སྐྱོན་ཤེས་ནས་རང་གཞན་གཉིས་སྡོམ་སྟེ། མཁའ་ཁྱབ་ཀྱི་སེམས་ཅན་ངའི་མ་ཡིན། ང་བུ་ཡིན་པས་མ་བུ་གཉིས་སྐྱིད་སྡུག་མཉམ་པ་ཡིན་པས་སེམས་ཅན་ཐམས་ཅད་ངེད་ཚང་ཡིན། ངེད་གཉིས་ཀས་བདེ་བ་འདོད་པ་དང་། སྡུག་བསྔལ་མི་འདོད་པ་དང་། རྟག་ཏུ་སྐྱིད་ཅིང་ལེགས་ན་དགའ་བ་ཆབས་ཅིག་སྟེ་མཉམ་པ་ཡིན་ཡང་། སེམས་ཅན་རྣམས་ཀྱིས་ནི་དེའི་རྒྱུ་དགེ་སྡིག་ངོ་མི་ཤེས་ཤིང་བླང་དོར་གྱི་གནས་ལ་རྨོངས་པས་རྟག་ཏུ་སྡུག་བསྔལ་གསུམ་ལ་སྤྱོད་པ་སྙིང་རེ་རྗེ། ཀྱེ་མ་སེམས་ཅན་བདེ་བ་དང་མི་ལྡན་པ་རྣམས་བསམ་སྦྱོར་གཉིས་ཀས་བདེ་བ་ངས་སྒྲུབ་དགོས། དེ་ལ་སེམས་ཅན་ཐམས་ཅད་ཀྱི་བདེ་བའི་འབྲས་བུ་ལྷ་མིའི་གོ་འཕང་ནས་སངས་རྒྱས་བར་གྱི་བདེ་བ་དང་བདེ་བའི་རྒྱུ་ངེས་འབྱུང་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་རྒྱུ་འབྲས་དང་ལྡན་པར་གྱུར་ཅིག །ལྡན་ན་ཅི་མ་རུང་། ལྡན་པ་ཞིག་བདག་གིས་བྱའོ་བྱིན་གྱིས་རློབས་ཤིག་ཅེས་སྨོན་པ་དང་འབྲེལ་བ། འདུན་པ་དང་འབྲེལ་བ་དམ་བཅའ་དང་འབྲེལ་བ་གསོལ་འདེབས་དང་འབྲེལ་བ་སྟེ་བཞི་པོ་བསྒོམ། དེ་བཞིན་དུ་སེམས་ཅན་སྡུག་བསྔལ་རྒྱུ་འབྲས་ཀྱི་ཉམ་ཐག་པ་སྡུག་བསྔལ་རྒྱུ་འབྲས་དང་བྲལ་བར་འདོད་པ་དང་། བདེ་ཞིང་སྐྱིད་པ་རྣམས་དགའ་བདེ་དེ་དང་དུས་རྟག་ཏུ་མི་འབྲལ་བར་འདོད་པ་དང་། ཉེ་རིང་ཆགས་སྡང་ཅན་རྣམས་ཆགས་སྡང་མེད་པའི་སེམས་བཏང་སྙོམས་ལ་གནས་པར་འདོད་པ་སྟེ། ཀུན་ཀྱང་ཐར་པའི་ལམ་ལ་ཞུགས་ཏེ་རྟག་ཏུ་དགེ་བའི་ཆོས་ལ་སྤྱོད་ཅིང་། བདག་དང་སེམས་ཅན་ཐམས་ཅད་མྱུར་དུ་རྫོགས་པའི་སངས་རྒྱས་ཐོབ་པར་གྱུར་ཅིག་སྙམ་དུ་སྙིང་ཐག་པ་ནས་འབྲེལ་བ་བཞི་དང་ལྡན་པར་བྱ། དེ་ལྟར་བསམ་པས་སེམས་ཅན་གྱི་མགོ་ན་ན་བྱང་ཆུབ་སེམས་དཔའ་རང་གི་སེམས་ན་བ་ཞིག་དགོས། སྦྱོར་བས་ཁ་བ་ཞིག་གི་ནང་དུ་འགྲོ་བ་ལ་རང་ལ་ལྷྭམ་ཡོད་ཅིང་གཞན་ལ་མེད་ན་ལྷམ་ཡ་བགོས་སྟེ་འགྲོ་ཐུབ་པ་ཞིག་དགོས་གསུང་། དེ་ནས་བདག་གཞན་བརྗེ་བ་ནི། གང་སྙིང་རྗེ་བའི་སེམས་ཅན་གཅིག་ཐོག་མར་མདུན་དུ་བསམ་ནས། རང་གི་བདེ་བ་དང་ལེགས་པ་ལུས་ལོངས་སྤྱོད་དགེ་བའི་རྩ་བ་དང་བཅས་པ་ཐམས་ཅད་བློས་ལིང་གིས་ཕུད་དེ་གོས་གཡོགས་པ་ལྟར་དེ་ལ་བྱིན་པ་དེ་ཉིད་བདེ་ཞིང་སྐྱིད། སེམས་ཅན་དེའི་སྡུག་བསྔལ་དང་ཉེས་པ་ཅི་ཡོད་པ་ཐམས་ཅད་ཚུར་བླངས་ཏེ། རང་གི་སྟེང་དུ་བཞག་པས་རང་སྡུག་བསྔལ་བ་དང་གཞན་སྡུག་བསྔལ་དང་བྲལ་བ་ལ་དགའ་བ་བསྐྱེད་དེ་དང་དུ་བླང་པ་ནི་གོས་བརྗེ་བ་ལྟར་བྱ་ཞིང་། དེ་ལྟར་འབྱོངས་དུས་དབུགས་ཕར་རྒྱུ་བ་ན་བདག་གི་བདེ་བ་སེམས་ཅན་ལ་སྦྱིན། ཚུར་རྔུབ་དུས་སེམས་ཅན་གྱི་སྡུག་བསྔལ་ཚུར་དང་དུ་བླང་སྟེ་སྦྱང་། དེ་ལྟར་སེམས་ཅན་གཅིག་ནས་ཐམས་ཅད་ཀྱི་བར་དུ་བཏང་ལེན་སྤེལ་མར་བྱ། མཐར་བུ་གཅིག་པའི་མ་བུ་ལ་བརྩེ་བ་བཞིན་དུ། བདག་འཁོར་བར་གནས་རུང་ན་རུང་ཤི་རུང་། ཉམས་ཉེས་ཅི་བྱུང་ཡང་བཟོད་ཀྱི་མ་སེམས་ཅན་འདི་རྣམས་འཁོར་བར་འཁྱམས་ཤིང་སྡུག་བསྔལ་བ་ག་ལ་བཟོད་སྙམ་དུ་བརྩེ་སེམས་ཐུན་མོང་མ་ཡིན་པ་བསྐྱེད་ཅིང་སེམས་ཅན་ཐམས་ཅད་ཀྱི་གཉེར་ཁ་ང་ལ་ཡོད་སྙམ་དུ། དགྲ་གཉེན་བར་མའི་འགྲོ་བ་གང་ཅི་མཐོང་བ་དང་ཐོས་པའི་སེམས་ཅན་རྣམས་ཀྱིས་མཚོན་ནམ་མཁའ་ཁྱབ་པའི་སེམས་ཅན་ཐམས་ཅད་ལ་ལྷག་པའི་བྱང་སེམས་ཀྱིས་བལྟ་ཞིང་གོམས་པར་བྱ་བ་ཅི་ནས་གལ་ཆེའོ། །ཐུན་རྗེས་སུ་འཁོར་གསུམ་ཡོངས་སུ་དག་པའི་ཚུལ་གྱིས་བསྔོ་བས་རྒྱས་གདབ་པར་བྱ་ཞིང་ཐུན་མཚམས་རྣམས་སུའང་དེའི་ཉམས་བསྐྱངས་ཤིང་སེམས་ཅན་ལ་ཕན་པ་བརྩོན་པར་བྱའོ། །འདི་ནི་ཐེག་པ་ཆེན་པོ་ལམ་གྱི་རྨང་རྡོ་ཡིན་པས་ངག་འདོན་གྲངས་བསགས་ཙམ་གྱིས་ཆོག་པར་མི་འཛིན་པར་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་རྣམ་གཉིས་ལ་གོམས་པ་གལ་ཆེའོ། །

བཞི་པ་ཕན་ཡོན་བསླབ་བྱ་དང་བཅས་པ་ལས། ཕན་ཡོན་ནི། སེམས་བསྐྱེད་མ་ཐག་ནས་རྒྱལ་སྲས་བྱང་ཆུབ་སེམས་དཔའི་མིང་ཐོབ་ཅིང་འགྲོ་བ་ལྷ་དང་བཅས་པའི་མཆོད་སྡོང་དུ་གྱུར། བསླབ་པ་གསུམ་སོགས་ཡོན་ཏན་ཐམས་ཅད་ཀྱི་གཞི་རྟེན་དང་དགེ་བ་ཐམས་ཅད་ཐེག་ཆེན་ཐར་པ་ཆ་མཐུན་དུ་འགྲོ། སྡིག་པ་མཐའ་ཡས་པ་སྐད་ཅིག་ལ་ཟད་པར་བྱེད་ཅིང་སྡུག་བསྔལ་ཐམས་ཅད་ཀྱི་རྩ་བ་དྲུངས་ནས་འབྱིན། དགེ་རྩ་ཕྲ་མོ་རེ་བྱས་པའང་བསོད་ནམས་ཆེས་ལྷག་པར་འཕེལ་ཏེ་ནམ་ཡང་འཛད་པ་མེད་པར་ཐར་པའི་ལམ་སྣ་ཟིན་པས་རྫོགས་པའི་བྱང་ཆུབ་ཏུ་ངེས་པར་འགྲོ་བ་སོགས་ཕན་ཡོན་ཚད་མེད་པ་ཐོབ་སྟེ། ཨོ་རྒྱན་དུས་གསུམ་མཁྱེན་པས། ཉན་རང་ལས་ཁྱད་པར་དུ་འཕགས་ཏེ་ཐེག་པ་ཆེན་པོའི་ཁྱུར་ཚུད་པ་དང་། ཉོན་མོངས་པ་དང་སྡིག་སྒྲིབ་རྩ་བ་ནས་བཅོད་པ་དང་། སྒོ་གསུམ་གྱི་དགེ་བའི་ལས་བྱས་པ་ཐམས་ཅད་དོན་ཡོད་པའི་རྒྱུར་འགྱུར་བ་དང་། རྒྱུད་ལ་བསོད་ནམས་ཀྱི་ཚོགས་ཆེན་པོ་རྫོགས་པར་འགྱུར་བ་དང་། སངས་རྒྱས་བྱང་ཆུབ་སེམས་དཔའ་དང་ཆོས་སྐྱོང་པ་ཆེན་པོ་རྣམས་ཀྱིས་རྟག་ཏུ་དགོངས་པ་དང་། སེམས་ཅན་ཐམས་ཅད་མས་བུ་བཞིན་དུ་བརྩེ་ཞིང་མཐོང་ནས་ཡིད་དུ་འོང་བ་དང་། རྟག་ཏུ་ཐེག་པ་ཆེན་པོའི་ཆོས་དང་མི་འབྲལ་བ་དང་། མདོར་ན་སངས་རྒྱས་ཀྱི་ཆེ་བའི་ཡོན་ཏན་ཡིད་བཞིན་དུ་འགྲུབ་ནས། མྱུར་དུ་མངོན་པར་རྫོགས་པར་སངས་རྒྱ་བ་ལ་སོགས་པའི་ཡོན་ཏན་བསམ་གྱིས་མི་ཁྱབ་པས་འདི་ལ་ནན་ཏན་གྱིས་ཤིག་ཅེས་དང་། དེ་བཞིན་གཤེགས་པའི་གསང་བའི་མདོ་ལས། བྱང་ཆུབ་སེམས་ཀྱི་བསོད་ནམས་གང་། །དེ་ལ་གལ་ཏེ་གཟུགས་མཆིས་ན། །ནམ་མཁའི་ཁམས་ནི་ཀུན་གང་སྟེ། །དེ་ནི་དེ་བས་ལྷག་པར་འགྱུར། །ཞེས་སོགས་རྒྱ་ཆེར་གསུངས་སོ། །བསླབ་བྱ་ནི་སྤྱིར་ཐེག་ཆེན་གྱི་ཉམས་སུ་བླང་བྱའི་ཆོས་ཐམས་ཅད་སེམས་བསྐྱེད་ཀྱི་བསླབ་བྱར་འགྲོ་མོད། ཁྱད་པར་དུ་སྨོན་པའི་བསླབ་བྱ་དང་། འཇུག་པའི་བསླབ་བྱ་གཉིས་ལས་དང་པོ་ནི། བྱང་ཆུབ་སེམས་དཔའ་ཟླ་འོད་གཞོན་ནུས། སེམས་ཅན་བློས་མི་གཏོང་བ་དང་། །སེམས་དེའི་ཕན་ཡོན་དྲན་བྱ་དང་། །ཚོགས་གཉིས་བསགས་པར་བྱ་བ་དང་། །ཡང་ཡང་བྱང་སེམས་སྦྱོང་བ་དང་། །དཀར་ནག་ཆོས་བརྒྱད་བླང་དོར་ཏེ། །ལྔ་པོས་སྨོན་པའི་བསླབ་བྱ་བསྡུས། །ཞེས་གསུང་སྟེ། དེ་ལ་དང་པོ་སེམས་ཅན་བློས་མི་འདོར་བ་ནི། བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་དེ་ཉིད་མི་འཆོར་བའི་ཐབས་སམ་རྒྱུའི་གཙོ་བོ་ཡིན་ནོ། །

གཉིས་པ་བྱང་ཆུབ་སེམས་ཀྱི་ཕན་ཡོན་དྲན་པ་ནི། བྱང་ཆུབ་ཀྱི་སེམས་དེ་མི་ཉམས་པའི་ཐབས་ཡིན་པས་རྒྱས་པར་སྡོང་པོ་བཀོད་པ་སོགས་ལས་གསུང་པ་དང་། བསྡུ་ན། ངན་སོང་ཐམས་ཅད་བཟློག་བགྱིད་ཅིང་། །མཐོ་རིས་ལམ་ནི་རབ་སྟོན་པ། །རྒ་ཤི་མེད་པར་འདྲེན་བགྱིད་པའི། །བྱང་ཆུབ་སེམས་ལ་ཕྱག་འཚལ་ལོ། །ཞེས་པ་འདི་ལྟ་བུ་དུས་རྒྱུན་ངག་ཏུ་བརྗོད་ཅིང་དོན་བསམ་པར་བྱའོ། །གསུམ་པ་དུས་རྒྱུན་དུ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསགས་པ་ནི་བྱང་ཆུབ་དེའི་སྟོབས་བསྐྱེད་པའི་ཐབས་སོ། །བཞི་པ་ཡང་ནས་ཡང་དུ་བྱང་ཆུབ་ཀྱི་སེམས་སྦྱོང་བ་ནི། བྱང་ཆུབ་ཀྱི་སེམས་གོང་ནས་གོང་དུ་འཕེལ་བའི་ཐབས་ཏེ། བྱམས་སོགས་ཚད་མེད་བཞིར་བློ་སྦྱོང་བ་དང་བདག་གཞན་མཉམ་བརྗེའི་བྱང་ཆུབ་ཀྱི་སེམས་བསྒོམ་པ་དང་ཉིན་མཚན་དུས་དྲུག་ཏུ་བྱང་མཆིས་མའམ། བསྡུ་ན། སངས་རྒྱས་ཆོས་ཚོགས་ཙམ་གྱིས་བྱང་སྡོམ་རང་སྟོབས་ཀྱིས་ལེན་པ་རྣམས་སོ། །ལྔ་པ་དཀར་ནག་ཆོས་བརྒྱད་ལ་བླང་དོར་བྱ་བ་ནི་ཚེ་རབས་ཐམས་ཅད་དུ་བྱང་ཆུབ་ཀྱི་སེམས་བརྗེད་བྱེད་ཀྱི་རྒྱུ་བླ་མ་དང་མཆོད་འོས་བསླུ་བ་དང་། གཞན་འགྱོད་པའི་གནས་མ་ཡིན་པ་ལ་འགྱོད་པ་བསྐྱེད་པ་དང་། སེམས་བསྐྱེད་པའི་བྱང་ཆུབ་སེམས་དཔའ་ལ་སྡང་སེམས་ཀྱིས་སྐྱོན་བརྗོད་པ་དང་། སེམས་ཅན་ལ་གཡོ་སྒྱུས་སྤྱོད་པ་སྟེ་ནག་པོའི་ཆོས་བཞི་སྤང་ཞིང་། མི་བརྗེད་པའི་རྒྱུ་དེ་ལས་ལྡོག་པ། ཤེས་བཞིན་དུ་རྫུན་མི་སྨྲ་བ་དང་། བྱང་ཆུབ་སེམས་དཔའ་ལ་སྟོན་པའི་འདུ་ཤེས་བསྐྱེད་པ་དང་། སེམས་ཅན་ལ་གཡོ་སྒྱུ་མེད་པར་ལྷག་པའི་བསམ་པ་ལ་གནས་པ་དང་། སེམས་ཅན་ཐམས་ཅད་ཐེག་པ་ཆེན་པོ་ལ་ཡང་དག་པར་འགོད་པ་སྟེ་དཀར་པོའི་ཆོས་བཞི་ལ་བསླབ་བོ། །

གཉིས་པ་འཇུག་པའི་བསླབ་བྱ་ལ་དགག་སྒྲུབ་ཀྱི་བསླབ་བྱ་གཉིས་ལས། དང་པོར་དབུ་སེམས་གཉིས་ལས། དང་པོ་ལ་རྩ་ལྟུང་ཉི་ཤུ་ནི། དཀོན་མཆོག་གི་དཀོར་ཕྲོག་པ་ནི། སངས་རྒྱས་ཀྱི་དཀོར་མཆོད་རྟེན་ནམ་སྐུ་གཟུགས་ཀྱི་རྫས། ཆོས་ཀྱི་དཀོར་གླེགས་བམ་དང་ཆོས་སྨྲ་བའི་ཆ་རྐྱེན། དགེ་འདུན་གྱི་དཀོར་དགེ་འདུན་སྤྱིའི་རྫས་ཏེ། དེ་ལྟར་བསྔོས་པ་ལས་མར་མེ་ཀོང་བུ་གང་ངམ་ནས་བྲེ་གང་ཡན་ཆད་ཤེས་བཞིན་དུ་རང་གིས་འཕྲོག་པ་གཞན་ལ་འཕྲོག་ཏུ་བཅུག་པའོ། ༡ །དམ་པའི་ཆོས་སྤངས་པ་ནི་སངས་རྒྱས་ཀྱིས་གསུང་པའི་ཆོས་ཐེག་པ་ཆེ་ཆུང་གང་ཡང་རུང་བ་ལ་ཐར་པ་ཐོབ་པའི་ཆོས་མ་ཡིན་ཞེས་རང་གིས་སྤོང་བར་བྱེད་དམ་གཞན་ལ་སྤང་དུ་འཇུག་པའོ། ༢ །དགེ་སྦྱོང་ལ་ཆད་པ་གཅོད་པ་ནི། ཚུལ་ཁྲིམས་ལྡན་ནམ་ཚུལ་ཁྲིམས་འཆལ་ཡང་རུང་རབ་བྱུང་གི་རྟགས་ཙམ་འཆང་པ་ལའང་ཁྲིམས་གཅོད་པ་དང་བཙོན་དུ་བཟུང་བ་དང་བསླབ་པ་འབེབས་པ་དང་གསོད་པ་སོགས་བྱེད་པའོ། ༣ ། མཚམས་མེད་པའི་ལས་བྱེད་པ་སྔར་སྨོས་པ་ལྟར་རོ། ༤ །ལོག་ལྟ་ནི་ལས་རྒྱུ་འབྲས་དང་ཚེ་སྔ་ཕྱི་མེད་ཅེས་སྙིང་ནས་མི་དགེ་བ་ལ་འཇུག་པ་སྟེ། ༥ རྒྱལ་པོ་ལ་འབྱུང་ཉེ་བ་ལྔ་དང་། གོང་གི་དཀོན་མཆོག་དཀོར་འཕྲོག་པ་ནས་མཚམས་མེད་པར་གྱི་བཞི་པོའི་སྟེང་དུ། གྲོང་སོགས་འཇོམས་པ་སྟེ། ༦ གྲོང་ནི་ཁྱིམ་གཅིག་པ། ལྗོངས་ནི་མི་རིགས་བཞི་ཡོད་པ། གྲོང་ཁྱེར་ནི་བཟོ་རིགས་བཅོ་བརྒྱད་ཡོད་པ། གྲོང་བརྡལ་ནི་ཚོང་པ་མང་པོ་ཚོགས་པའི་གནས། ཡུལ་འཁོར་ནི་ཙམ་པ་ཀ་ལྟ་བུ་སོགས་ཡུལ་ཆེན་པོ་རྣམས་གང་ཡང་རུང་གཅིག་འཇོམས་པ་སྟེ་བློན་པོར་འབྱུང་ཉེ་བ་ལྔ་དང་། ཐེག་པ་ཆེན་པོ་ལ་བློ་མ་སྦྱང་པའི་གང་ཟག་ལ་སྣོད་མ་བརྟགས་པར་ཟབ་མོ་སྟོང་པ་ཉིད་བསྟན་ན་དེར་སྐྲག་ནས་བྱང་ཆུབ་ཀྱི་སེམས་བཏང་སྟེ་ཉན་ཐོས་སུ་སྨོན་པ་དང་། ༡ རྫོགས་པའི་བྱང་ཆུབ་ཀྱི་ལམ་ཐེག་ཆེན་དུ་ཞུགས་པ་ལ་ཁྱོད་ཀྱིས་བསྐལ་པ་གྲངས་མེད་དུ་མར་དཀའ་སྤྱོད་སོགས་མི་ནུས་ཀྱི། དེ་བས་ཉན་རང་གི་ལམ་ལ་ཞུགས་དང་ཚེགས་མེད་པར་འཁོར་བ་ལས་ངེས་པར་འབྱུང་ངོ་ཞེས་ཐེག་དམན་དུ་སེམས་བསྐྱེད་བཅུག་པ་དང་། ༢ གང་ཟག་ཉན་ཐོས་རིགས་ཅན་སོ་ཐར་སློབ་པའམ་སློབ་པར་འདོད་པ་ལ་དགོས་པ་ཆེར་མེད་བཞིན། ཁྱོད་ཀྱི་སོ་ཐར་ཚུལ་ཁྲིམས་ཀྱིས་ཅི་ཞིག་བྱ། དེ་བས་བྱང་ཆུབ་ཏུ་སེམས་བསྐྱེད་པར་བྱེད་ན་སོ་ཐར་གྱི་ཉེས་པ་རྣམས་བྱང་སེམས་ཀྱི་མཐུས་འཇོམས་པར་འགྱུར་རོ་ཞེས་སམ་སོ་ཐར་སྤང་ནས་ཐེག་ཆེན་སློབ་ཏུ་བཅུག་པ་དང་། ༣ ཉན་ཐོས་ཀྱི་ཐེག་པར་ཇི་ཙམ་བསླབ་ཀྱང་ཆགས་སོགས་མི་བཟློག་པས། དེ་ལས་བཟློག་པར་གྱིས་ཤིག་ཅེས་རང་ཡང་འཛིན་ཞིང་གཞན་ལའང་འཛིན་དུ་འཇུག་པ་དང་། ༤ ཕྲག་དོག་གིས་གཞན་བྱང་ཆུབ་སེམས་དཔའ་རྙེད་བཀུར་ཅན་ལ་ཉེས་པའི་སྐྱོན་བརྗོད་ཅིང་རང་ཉིད་ཡོན་ཏན་མེད་པར་ཡོན་ཏན་ཅན་དུ་སྒྲོགས་པར་བྱེད་པ་དང་། ༥ རྙེད་བཀུར་གྱི་ཕྱིར་རང་གིས་ཟབ་མོ་སྟོང་པ་ཉིད་ཀྱི་དོན་མ་རྟོག་ཀྱང་རྟོགས་སོ་ལྟ་བུའི་མི་ཆོས་བླ་མའི་རྫུན་གྱིས་གཞན་མགོ་བསྐོར་བ་དང་། ༦ རྒྱལ་པོ་ལྟ་བུ་མི་དབང་ཆེན་དང་དགེ་སློང་གཞན་གཉིས་ཀྱི་བར་དུ་རང་གི་ཕྲ་མ་བཅུག་ནས་དགེ་སློང་དེ་ལ་ཆད་པ་གཅོད་དུ་འཇུག་ཅིང་དགེ་སློང་དེས་ཀྱང་དཀོན་མཆོག་གི་དཀོར་བརྐུས་ནས་རང་ལ་ལྐོག་ཏུ་བྱིན་པ་ན། དེ་རང་གིས་ལེན་པའམ་གཞན་དབང་པོ་ཆེ་དེ་ལ་བྱིན་པ་དང་། ༧ སྤོང་བ་བསམ་གཏན་པ་ལ་གནོད་པའི་ཁྲིམས་ངན་བཅས་ཏེ། དེས་བསམ་གཏན་བསྒོམ་པ་སོགས་ལ་བར་དུ་གཅོད་པ་དང་། ༨ དེ་དག་གི་རྙེད་པ་སོགས་ལོངས་སྤྱོད་འཕྲོག་ནས་ཀློག་པ་ཁ་ཏོན་པ་ལ་སྦྱིན་པ་སོགས་ཐབས་སྣ་ཚོགས་ཀྱིས་བར་དུ་གཅོད་ཅིང་ཏིང་ངེ་འཛིན་འདོར་དུ་བཅུག་པ་སྟེ་ཕལ་པ་ལ་འབྱུང་ཉེ་བ་བརྒྱད་བཅས་དེ་ལྟར་རྒྱལ་བློན་ཕལ་པའི་རྩ་ལྟུང་དུ་བཞག་པ་ནི། གཙོ་བོ་གང་ཟག་དེ་ལ་འབྱུང་ཉེ་བའི་སྒོ་ནས་བཞག་ལ་གཞན་གྱི་རྩ་ལྟུང་མི་འགྱུར་བ་ནི་མིན་པས་ཐམས་ཅད་ཀྱིས་ཐམས་ཅད་བསྲུང་བར་བྱའོ། །དེ་ལྟར་ནམ་སྙིང་མདོ་ལས། བཅྭོ་བརྒྱད་དུ་ཕྱེ་བ་ཡང་རྫས་སུ་བཅུ་བཞིར་འདུ་སྟེ། བློན་པོའི་རྩ་ལྟུང་དང་པོ་བཞི་རྒྱལ་པོའི་རྩ་ལྟུང་བཞི་ལས་ཐ་དད་མེད་པས་སོ། །དེ་ལྟར་བཅྭོ་བརྒྱད་པོའི་སྟེང་དུ། གསང་ཆེན་ཐབས་ལ་མཁས་པའི་མདོ་ལས་རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་ཉན་ཐོས་དང་རང་སངས་རྒྱས་ཡིད་ལ་བྱེད་པས་གནས་པ་འདི་ནི་བྱང་ཆུབ་སེམས་དཔའི་རྩ་བའི་ལྟུང་བ་ལྕི་བའོ། །ཞེས་སྨོན་སེམས་འདོར་བ་དང་། དཀོན་བརྩེགས་ལས་གསུང་པའི་འཇུག་སེམས་སྤང་སྟེ། སྦྱིན་སོགས་སྒྲུབ་པར་དམ་བཅས་པ་ལས་ཉམས་ཏེ་རང་གི་ནུས་ཚོད་ཙམ་ཡང་མི་སྒྲུབ་བོ་སྙམ་པའི་དགེ་བ་ལ་མི་སྦྱོར་བ་སྟེ་འདི་གཉིས་བསྣན་པས་དབུ་མ་ལུགས་ཀྱི་རྩ་ལྟུང་ཉི་ཤུར་འགྱུར་རོ། །

གཉིས་པ་ནི་འཕགས་པ་ཐོགས་མེད་ཀྱིས་ཐེག་པ་ཆེན་པོའི་མདོ་སྣ་ཚོགས་ལས་བཏུས་ནས་བྱང་ཆུབ་སེམས་དཔའི་སར་གསུངས་པ། ཆགས་པའི་དབང་གིས་རྙེད་པ་སྟེ་ཡོན་འབུལ་བ་དང་བཀུར་སྟི་སྟེ་གདན་སྟོབས་ལ་སོགས་ལ་ལྷག་པར་ཞེན་པའི་དབང་གིས་བདག་ལ་བསྟོད་པ་དང་ཡོན་ཏན་ཅན་གཞན་ལ་སྨོད་པ་དང་། ༡ སེར་སྣའི་དབང་གིས་སྡུག་བསྔལ་དང་མགོན་མེད་པར་ཟང་ཟིང་དང་སྣོད་ལྡན་ལ་ཆོས་མི་སྟེར་པ་དང་། ༢ ཞེ་སྡང་གི་དབང་གིས་གཞན་ཕ་རོལ་པོས་བཟོད་གསོལ་ཤད་སྦྱང་ཚུལ་མཐུན་བྱས་ཀྱང་མི་བཟློག་པར་འཁོན་དུ་འཛིན་པ་དང་། ༣ ཕ་རོལ་པོ་ལ་ཁྲོ་བས་ཚིག་རྩུབ་སྨྲས་པ་ཙམ་གྱིས་མི་ཆོག་པར་རྡེག་ཅིང་འཚོག་པས་འཚེ་བར་བྱེད་པ་སྟེ་རྩ་ལྟུང་བཞིའོ། །གཞན་ཡང་བསླབ་བཏུས་ནས་གསུང་པའི་ཉེས་བྱས་ཕྲ་མོ་བརྒྱད་བཅུ་དང་། སྡོམ་པ་ཉི་ཤུ་པ་ནས་གསུངས་པའི་ཉེས་བྱས་ཕྲ་བ་ཞེ་དྲུག་སོགས་སྲོལ་གཉིས་ཀ་ནས་བསྟན་པའི་ཡན་ལག་གི་ཉེས་བྱས་ཕྲ་བ་རྣམས་ཏེ་མདོར་ན་སྒོ་གསུམ་གྱི་བྱ་བའི་ལས་གཞན་ལ་གནོད་པ་གཞི་དང་བཅས་པ་སྤོང་བའོ། །

གཉིིས་པ་སྒྲུབ་པའི་བསླབ་བྱ་ཕྱིན་དྲུག་དང་བསྡུ་དངོས་བཞི་ལས། དང་པོ་ལའང་སྦྱིན་པ་ལ་གསུམ་སྟེ། ཟང་ཟིང་གི་སྦྱིན་པ། ཟས་གོས་ཡོ་བྱད་སོགས་ཅི་འབྱོར། ཐ་ནའང་སློང་མོ་བ་ཁ་སྟོང་དུ་མི་མངགས་ཙམ་རེ་སྦྱིན། མདོར་ན་རང་ལ་ཡོད་པའི་དངོས་པོ་ལུས་ལོངས་སྤྱོད་ཁ་རྗེ་དབང་ཐང་ཚེ་བསོད་ནམས་དགེ་བའི་རྩ་བ་ཇི་སྙེད་ཡོད་པ་ལ་བདག་འཛིན་བཅད་དེ་སེམས་ཅན་ཐམས་ཅད་ལ་བཏང་སེམས་ཡང་ཡང་གོམས་པར་བྱ། མི་འཇིགས་པའི་སྦྱིན་པ། ནད་པར་སྨན། གདོན་ལ་སྲུང་བ། གཡང་ས་ལ་ལམ་སྟོན། འཇིགས་སར་སྐྱེལ་མ། སྒྲུབ་པ་ལ་བར་ཆད་བཟློག་པ། ཆད་པས་གཅོད་པ་དང་། དགྲ་རྐུན་གཅན་གཟན་ལས་སྐྱོབ་པ་སོགས་དངོས་སུ་ཅི་ལྕོགས་ལག་ལེན་དུ་བཏབ། རྗེས་སུ་ངན་སོང་དང་འཁོར་བའི་སྡུག་བསྔལ་ཚུད་ཆད་སྐྱོབ་ནུས་པའི་སྨོན་ལམ་གདབ། ཆོས་ཀྱི་སྦྱིན་པ། རང་ལ་ཆོས་བཤད་པའི་ནུས་པ་ཡོད་ན་རྙེད་བཀུར་ལ་མི་བལྟ་བར་ང་རྒྱལ་སོགས་དང་མ་འདྲེས་པའི་ཆོས་བཤད་ཅི་ནུས་བྱ། མི་ནུས་ན་མི་དང་མི་མ་ཡིན་པར་ཞལ་ནས་གསུང་པའི་གཟུངས་སྔགས་སོགས་རང་ནུས་གང་ཡོད་བསྒྲག །ཚུལ་ཁྲིམས་ལ་གསུམ་ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས། རང་བཞིན་དང་བཅས་པའི་ཁ་ན་མ་ཐོ་བའི་ཉེས་ལྟུང་ཕྲ་མོས་ཀྱང་མ་གོས་པ་བྱ་ཞིང་། ཁྱད་པར་རང་རྒྱུད་ལ་བརྟག་སྟེ་ཉེས་ལྟུང་གང་འབྱུང་བ་དེ་ལ་ཆེད་དུ་གཉེན་པོ་བརྟེན་ནས་སྤང་དགོས། དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས། དགེ་བ་སྣ་རེ་ཙམ་མ་ཡིན་པར་ཕྱོགས་ཐམས་ཅད་ནས་ལག་ལེན་ལ་གདབ་ཅིང་མ་ཐེབ་པ་རྣམས་ནམ་ཞིག་འགྲུབ་པའི་སྨོན་ལམ་ཚུན་ཆད་བྱ། སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས། བྱང་ཆུབ་ཏུ་སེམས་བསྐྱེད་ཕྱིན་ཆད་གཞན་ལ་ཕན་པ་དངོས་སུ་འགྲུབ་ཏུ་རུང་བ་རྣམས་བསྒྲུབ། མི་འགྲུབ་པ་རྣམས་ལའང་སྨོན་ལམ་གདབ་དགོས། སྤྱིར་ཚུལ་ཁྲིམས་དེ་ཡང་ཕྱི་ལུས་ངག་གི་ཀུན་སྤྱོད་ཙམ་ཞིག་གཞན་གྱི་མིག་སྔར་ཞི་དུལ་བྱས་པས་མི་འོང་། མངོན་ལྐོག་མེད་པར་རང་སེམས་དཔང་པོར་འཇོག་ནུས་པ་ཞིག་ཨེ་ཐོན་བལྟ་དགོས། དེ་ཡང་གཞན་གནོད་གཞིར་བཅས་སྤང་པ་སོ་ཐར་གཞན་ཕན་གཞིར་བཅས་སྒྲུབ་པ་བྱང་སེམས། སྒོ་གསུམ་རྡོ་རྗེ་གསུམ་གྱི་རང་བཞིན་དུ་ཤེས་པ་སྔགས་ཀྱི་སྡོམ་པ་འདུ་བ་ཡིན་པས་རང་གི་ནུས་ཚོད་ཀྱིས་མི་དགེ་བཅུ་སྤང་ནས་གཞན་ཕན་གཞིར་བཅས་སྒྲུབ་སྟེ་སྒོ་གསུམ་རྡོ་རྗེ་གསུམ་དུ་ཤེས་པར་བྱ། ཚུལ་ཁྲིམས་མ་དག་ན་ཉམས་རྟོགས་ཀྱི་ཡོན་ཏན་གང་ཡང་མི་སྐྱེ་བས་ཅི་ནས་གཟབ་པ་གལ་ཆེ། བཟོད་པ་ལ་གནོད་བྱེད་ལ་ཇི་མི་སྙམ་པའི་བཟོད་པ། གཞན་གྱི་ཚིག་ངན། རྡེག་རྡུང་། འཕྲོག་བཅོམ་སོགས་ཇི་ལྟར་བྱས་ཀྱང་ཁོང་མི་འཁྲུག་པར་བྱ། སྡུག་བསྔལ་དང་ལེན་གྱི་བཟོད་པ། ཆོས་སྒྲུབ་པའི་ཚེ་མཐུན་རྐྱེན་མ་འཛོམས་པ་དང་། ན་ཚ་ལྟོག་སྐོམ། ངལ་དུབ་ཐང་ཆད་ལ་མི་ལྟོས་པར་བཟོད་སྲན་ཐུབ་ཅིང་མི་འཁྲུགས་པ་དགོས། ཆོས་ལ་ངེས་སེམས་ཀྱི་བཟོད་པ་སྔགས་ཀྱི་ཐབས་མཁས་ཟབ་མོ་དང་སངས་རྒྱས་བྱང་སེམས་ཀྱི་མཛད་པ་རླབས་ཆེན་དང་། སྟོང་ཉིད་སྤྲོས་བྲལ་གྱི་དོན་ལ་མི་སྐྲག་པར་སྙིང་སྟོབས་ཀྱི་སྤོབས་པ་བསྐྱེད་པ་དེ་ཡིན། ཁྱད་པར་དུ་ཁོང་ཁྲོ་ཚོགས་ངན་གྱོད་ནང་མཁོན་འདི་ཤིན་ཏུ་ཉེས་པ་ཆེ་སྟེ་སྡོམ་པ་དང་དམ་ཚིག་རལ། རང་གཞན་གྱི་རྒྱུད་འཚིག །ཁྱིམ་པ་རྣམས་ཀྱི་སེམས་སུན་འབྱིན། ཡོན་ཏན་བརྒྱ་ཡོད་ཀྱང་སྐྱོན་གཅིག་པོ་འདིས་སྒྲིབ་པས་འདི་ལ་ཅི་ནས་གཟབ་འཚལ། བརྩོན་འགྲུས་ལ་གསུམ། གོ་ཆའི་བརྩོན་འགྲུས་དགེ་བའི་རིགས་ཕྲ་མོ་ལ་འདི་ལྟ་བུ་མ་བྱས་ཀྱང་ཆོག་སྙམ་པའི་ཁྱད་གསོད་དང་རྒྱ་ཆེན་པོ་ལ་འདི་ཙམ་སྒྲུབ་མི་ནུས་སྙམ་པའི་ཞུམ་པ་གཉིས་ཀ་མི་བྱེད་པར་དགེ་བ་ལ་སྤྲོ་བའི་སེམས་དཔའ་མི་ཞུམ་པར་དཀའ་བ་དང་དུ་བླང་། ལྕི་བ་རྒྱབ་ཏུ་ཁུར། ལུས་སྲོག་འབེན་དུ་བཙུགས་ཏེ་སྙིང་ནས་ཆོས་ཤིག་མི་སྒྲུབ་རེ་སྙམ་དུ་དམ་བཅའ་བ་དེ་ཡིན། སྦྱོར་བའི་བརྩོན་འགྲུས་ཆོས་སྒྲུབ་བློ་ཞིག་ཡོད་ཀྱང་སང་བྱ་དང་གནང་བྱའི་དབང་དུ་སོང་ནས་མི་ཚེ་འཛད་པ་དེ་སྤངས་ནས། མྱུར་བ་ཉིད་དུ་དགེ་བ་ལ་འཇུག་ནས་མཐར་མ་ཕྱིན་བར་དུ་སྙོམས་ལས་མི་བྱེད་པར་བརྩོན་པ་དེ་ཡིན། ཆོག་པར་མི་འཛིན་པའི་བརྩོན་འགྲུས་ནི། རང་དགེ་སྦྱོར་གང་ལ་ཞུགས་པ་དེའི་དྲོད་རྟགས་ཕན་ཡོན་ཕྲན་བུ་བྱུང་བ་ཙམ་གྱིས་ཆོག་པར་མི་འཛིན་པར་ཚེ་དང་སྒྲུབ་པ་སྙོམ་པའི་དམ་བཅའ་བླང་ནས་མཐར་འབྲས་མངོན་དུ་མ་གྱུར་བར་དུ་བརྩོན་ཤུགས་དྲག་པོ་ཆུ་བོའི་རྒྱུན་བཞིན་དུ་བརྩོན། བསམ་གཏན་ལ་གསུམ། བྱིས་པ་ཉེར་སྤྱོད་ཀྱི་བསམ་གཏན། བདེ་གསལ་མི་རྟོག་པའི་ཉམས་ལ་ཞེན་ནས། དེ་ཉིད་ཆེད་གཉེར་གྱིས་ཉམས་ཞེན་གྱི་བརྩི་དང་མ་བྲལ་བ་ལ་བྱ། དོན་རབ་འབྱེད་པའི་བསམ་གཏན་དེ་འདྲའི་ཉམས་ཞེན་དང་བྲལ་ནས་བསམ་གཏན་གྱི་རོ་མྱོང་མེད་ཀྱང་སྟོང་འཛིན་གཉེན་པོའི་ཕྱོགས་ལ་ཞེན་ནས་སྒོམ་པ་ལ་བྱ། དེ་བཞིན་གཤེགས་དགེའི་བསམ་གཏན། སྟོང་འཛིན་གྱི་གཉེན་པོའི་བློ་དང་བྲལ་ཏེ། ཆོས་ཉིད་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་ལ་གནས་པ་ལ་བྱའོ། །དེ་གསུམ་ཡང་ཞི་གནས་སྐྱོན་བྲལ་ཞིག་ལ་བསྟེན་དགོས། ཞི་གནས་ནི་ཡོན་ཏན་ཐམས་ཅད་ཀྱི་གཞི་ཡིན་པས་རྩ་བ་ཚུགས་ངེས་ཤིག་མ་བྱུང་ཐབས་མེད། དེའི་རྒྱུ་སེམས་དབེན་དགོས། དེ་ཡང་ལུས་དབེན་ལས་བྱུང་། དེ་ཡང་དོན་ཉུང་ཞིང་བྱ་བ་ཉུང་བ་ལ་འབྱུང་། དེའི་རྒྱུར་འདོད་པ་ཆུང་བ་དགོས། དེ་ཡང་ཟས་གོས་གནས་མལ་ངན་ངོན་ཙམ་གྱིས་ཆོག་ཤེས་པ་སྟེ། མདོར་ན་ཞི་གནས་རྩ་བ་འདོད་ཆུང་ཆོག་ཤེས་ལ་ཐུག་གོ །ཤེས་རབ་ལ་གསུམ། དང་པོ་ཐོས་པའི་ཤེས་རབ་ཀྱིས་བླང་དོར་གྱི་མིག་ཕྱེ། བར་དུ་བསམ་པའི་ཤེས་རབ་ཀྱིས་ཐེ་ཚོམ་གྱི་སྒྲོ་འདོགས་ཆོད། ཐ་མ་སྒོམ་པའི་ཤེས་རབ་ཀྱིས་གནས་ལུགས་ཀྱི་དོན་གཏན་ལ་འབེབས་པའོ། །ཡང་ན། དང་པོ་ཐོས་པའི་དུས་སུ་ཡིད་ཆེས་ཀྱི་དད་པ་སྐྱེས། བར་དུ་བསམ་པའི་དུས་སུ་ཐར་ལམ་ལ་ངེས་ཤེས་རྙེད། ཐ་མ་སྒོམ་པའི་དུས་སུ་ཡང་དག་པའི་ཡེ་ཤེས་འབྱུང་བའོ། །ཡང་ན་གནས་ལུགས་སྟོང་ཉིད་རྟོགས་པས་དོན་དམ་ཤེས་པའི་ཤེས་རབ། རྒྱུ་འབྲས་རྟེན་འབྲེལ་ལ་ནང་བྱན་ཚུད་པ་ཀུན་རྫོབ་ཤེས་པའི་ཤེས་རབ། བསྡུ་བའི་དངོས་པོ་བཞིའི་སྒོ་ནས་འགྲོ་དོན་ཤེས་པའི་ཤེས་རབ་སོགས་དབྱེ་བ་མང་ངོ་། །དེ་དག་ཀྱང་སྦྱོར་དངོས་རྗེས་གསུམ་དམ་པ་གསུམ་གྱི་རྩིས་ཟིན་པར་བྱ། གཉིས་པ་བསྡུ་དངོས་བཞི་ནི། གདུལ་བྱ་འཁོར་དུ་མ་འདུས་པ་རྣམས་ཟང་ཟིང་གི་སྦྱིན་པས་མགུ་བར་བྱས་ལ་འཁོར་དུ་འདུས་ནས་སྙན་པར་སྨྲ་བའི་བློས་དྲངས་ཏེ། གདུལ་བྱ་རང་རང་གི་བློ་དང་མཚམས་པར་ཆོས་སྤྱོད་དུ་འཇུག་ཅིང་སེམས་ཅན་དེ་དག་དམ་པའི་ཆོས་དང་དགེ་བ་ལ་སྦྱོར་བའི་རང་ཡང་དེ་དང་མཐུན་པར་འཇུག་པ་སྟེ། མཁས་མཆོག་དཔའ་བོས། སྦྱིན་པའི་གཡབ་མོས་ལེགས་བོས་ཏེ། །སྙན་པར་སྨྲ་བའི་ཚིག་གིས་བསུས། །དོན་སྤྱོད་གྲོས་ཆེན་གདབ་པར་བྱ། །དོན་མཐུན་པ་ཡིས་བག་ཕབ་སྟེ། །ཞེས་གསུངས་སོ། །

གཉིས་པ་ཐུན་མོང་མ་ཡིན་པའི་སྔོན་འགྲོ་ལ་གསུམ་སྟེ། སྡིག་སྒྲིབ་སྦྱོང་བ་ཡིག་བརྒྱའི་ཁྲིད། ཚོགས་བསགས་པ་མཎྜལ་གྱི་ཁྲིད། བྱིན་རླབས་ཀྱི་རྩ་བ་བླ་མའི་རྣལ་འབྱོར་གྱི་ཁྲིད་དོ། །དང་པོ་སྡིག་སྒྲིབ་སྦྱོང་བ་ཡིག་བརྒྱའི་ཁྲིད་ལ་བཞི། སྦྱོང་དགོས་པའི་རྒྱུ་མཚན། སྦྱང་བྱ་ངོས་བཟུང་བ། སྦྱོང་བྱེད་ཀྱི་གཉེན་པོ་སྒོམ་ཚུལ། དེས་སྡིག་སྒྲིབ་དག་པའི་རྟགས་ཕན་ཡོན་དང་བཅས་པའོ། །

དང་པོ་ནི། སྤྱིར་མི་འདོད་པ་ཐམས་ཅད་ཐོག་ཏུ་འབབ་ཅིང་འདོད་པའི་དོན་མི་འགྲུབ་པའི་རྒྱུ་ནི་སྡིག་པ་མི་དགེ་བའི་ལས་ཡིན་ལ་ལས་དེ་ཡང་རྒྱུའི་དུས་ན་ཆུང་ཡང་འབྲས་བུའི་དུས་ན་འཕེལ་ཆེ་བ་དང་། མི་དགེ་བའི་ལས་ཀྱི་འབྲས་བུ་ནི་སྡུག་བསྔལ་ཉིད་དུ་སྨིན་པ་དང་ལས་བྱེད་པ་པོ་ལས་གཞན་དུ་མི་འཕོ་བ་དང་། རང་གིས་བྱས་པའི་ལས་གཉེན་པོས་བཅོམ་ན་མ་གཏོགས་ནམ་ཡང་ཆུད་མི་འཛའ་བ་སྟེ་ཁྱད་ཆོས་བཞི་དང་ལྡན་ཞིང་། ཁྱད་པར་རས་སྣམ་དྲི་མ་ཅན་ལ་ཚོས་མི་འགོ་ལ་དྲི་མ་དེ་སྦྱང་ན་ཚོས་གང་ཡང་འགོ་བ་ལྟར། རང་རྒྱུད་ཀྱི་སྡིག་སྒྲིབ་མ་དག་ན་ཏིང་ངེ་འཛིན་རྣལ་མ་རྒྱུད་ལ་མི་སྐྱེ་ཞིང་ཅུང་ཟད་རེ་སྐྱེས་ཀྱང་། གེགས་ལྡང་པས་མཐར་མི་ཕྱིན་པ་སོགས་དངོས་གཞིའི་སྒོམ་རྒྱུད་ལ་མི་སྐྱེ་བའི་བར་གཅོད་ཐུ་ཤོས་སྡིག་སྒྲིབ་ཡིན་པས་དེ་སྦྱོང་བའི་གཉེན་པོ་བྱ་བརྒྱ་འུར་རྡོ་གཅིག་གིས་འདེད་པ་ལྟ་བུའི་ཐབས་མཆོག་བླ་མ་དཔལ་རྡོ་རྗེ་སེམས་དཔའི་སྒོམ་བཟླས་ལ་འབད་པར་བྱ་དགོས། དེ་ཡང་རྡོ་རྗེ་སེམས་དཔས་སྔོན་སློབ་པ་ལམ་གྱི་གནས་སྐབས་སུ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དཔག་མེད་བསགས་ཤིང་མ་འོངས་པ་ན་བདག་གི་མཚན་ཙམ་འཛིན་པ་རྣམས་སྡིག་ལྟུང་ཐམས་ཅད་དག་པ་ཞིག་འོང་བར་ཤོག །དེ་ལྟར་མ་ཡིན་ན་བདག་འཚང་མི་རྒྱ་བར་ཤོག་ཅེས་སྨོན་ལམ་བཏབ་པ་ཉིད་ཡོངས་སུ་འགྲུབ་ནས་བླ་མ་རྡོ་རྗེ་སེམས་དཔར་སངས་རྒྱས་པ་ཡིན་པས་ན། ཕྱོགས་བཅུའི་སངས་རྒྱས་རེ་རེའི་མདུན་དུ་ཕྱིན་ནས་སྡིག་ལྟུང་བཤགས་པར་བརྩོན་པ་བས་དཀྱིལ་འཁོར་ཐམས་ཅད་ཀྱི་སྤྲོ་བསྡུའི་བྱེད་པོ་བླ་མ་དང་རྡོ་རྗེ་སེམས་དཔའ་དབྱེར་མེད་བསྒོམས་ནས་བཤགས་པ་ལ་འབད་པས་སྡིག་ལྟུང་དག་སྟོབས་ཆེ་བར་གསུངས་སོ། །

གཉིས་པ་ནི། རིན་ཆེན་ཕྲེང་བ་ལས། འདོད་ཆགས་ཞེ་སྡང་གཏི་མུག་གསུམ། །དེས་བསྐྱེད་ལས་ནི་མི་དགེ་བ། །མི་དགེ་བ་ལས་སྡུག་བསྔལ་ཀུན། །དེ་བཞིན་ངན་འགྲོ་ཐམས་ཅད་དོ། །ཞེས་གསུངས་པ་ལྟར། འདོད་ཆགས་ཞེ་སྡང་གཏི་མུག་གསུམ་གྱི་ཀུན་ནས་བསླང་བའི་ལས་ལུས་ངག་ཏུ་དངོས་སུ་མ་ཐོན་པ་ཡིད་ཀྱི་ལས། དངོས་སུ་རྣམ་འགྱུར་ཐོན་པ་ནི་ལུས་ངག་གི་ལས་ཏེ་ལས་ཐམས་ཅད་ཀྱི་སྔོན་དུ་ཡིད་འགྲོ་དགོས་ཏེ། ཇི་སྐད་དུ། འཇིག་རྟེན་ནག་པོར་འགྲོ་བའི་ཕྱིར། །ཡིད་ནི་དུག་གི་རྩ་བ་ཡིན། །ཞེས་གསུངས། སྡིག་པའི་ལས་དེ་ལའང་མཚམས་མེད་ལྔ། དེ་དང་ཉེ་བ་ལྔ། མི་དགེ་བ་བཅུ། ལྕི་བ་བཞི། ལོག་པ་བརྒྱད་དུ་གྲགས་པ་སོགས་དང་། སྡོམ་པ་གསུམ་དང་འགལ་བའི་ཉེས་ལྟུང་བཅས་རང་གིས་བགྱིས་པ་དང་། གཞན་ལ་བྱེད་དུ་བཅུག་པ་དང་། བྱས་པ་ལ་རྗེས་སུ་ཡི་རངས་ཤིང་བསྟོད་པ་བརྗོད་པ་སོགས་མདོར་ན་རང་རེ་རྣམས་ཀྱིས་མི་ཤེས་མི་ཚོར་བ་སྐྱེ་བ་ཐོག་མེད་ནས་བསགས་པའི་སྡིག་ལྟུང་རི་བོ་ཙམ་ཞིག་ཁུར་དུ་ཁུར་བའི་སྟེང་། ད་ལྟ་ལུས་ངག་ཡིད་གསུམ་གྱི་བསམ་སྦྱོར་དུ་གྱུར་ཚད་ཕལ་ཆེར་དུག་གསུམ་ཁོ་ནའི་དབང་གིས་སྡིག་སྒྲིབ་ཁ་སྣོན་ཏུ་བསགས་པ་ཁོ་ན་རེད་འདུག །དེའི་ཉེས་པས་ཚེ་འདིར་ལྷ་མི་ཀུན་གྱིས་འཕྱ་ཞིང་སྨོད། བྱུར་ཆགས་མང་པོ་ལྡང་། ལྷ་སྲུང་རྣམས་གཡེལ་ཞིང་གདོན་བགེགས་ཀྱིས་གླགས་ལྟ། སྐྱེ་བོ་ངན་པའི་གྲལ་དུ་ཚུད། འབྲེལ་ཚད་ལ་སྡིག་པའི་གྲིབ་ཀྱིས་ཕོག་པས་བཀྲ་མི་ཤིས། རྨི་ལམ་ཡང་ངན་པ་སྣ་ཚོགས་རྨི། རང་ཡང་མི་བདེ། འཆི་རྐྱེན་ངན་པ་དང་འཆི་ནད་དྲག་པོ་འབྱུང་། འཆི་བའི་ཚེ་གནད་གཅོད་འཇིགས་སྐྲག་གི་སྡུག་བསྔལ་དང་། བར་དོ་ཡང་འཁྲུལ་ཚབ་ཆེ། འཆི་བའི་འོག་ཏུ་ཡང་སྡིག་ལས་ཆེ་འབྲིང་ཆུང་གསུམ་དང་མཐུན་པའི་ངན་སོང་གསུམ་གྱི་སྡུག་བསྔལ་དོས་དྲག་ལ་ཡུན་རིང་བ་མྱོང་། ནམ་ཞིག་མཐོ་རིས་སུ་སྐྱེས་ན་ཡང་ཚེ་ཐུང་བ། ནད་མང་བ། ཉེས་མེད་དུ་དགྲ་གྱོད་ལྡང་བ། ཡུལ་ལ་ལོ་ཉེས་དང་ནང་འཁྲུགས་སོགས་འབྱུང་། རྒྱུ་མཐུན་གྱི་འབྲས་བུ་སྡིག་པ་ལ་དགའ་ཞིང་སྡུག་བསྔལ་རྒྱུན་མི་ཆད་དུ་འཕེལ་བ་སྟེ། སྤྱོད་འཇུག་ལས། སྡུག་བསྔལ་ཡིད་མི་བདེ་བ་དང་། །འཇིགས་པ་རྣམ་པ་སྣ་ཚོགས་དང་། །འདོད་པ་རྣམས་དང་བྲལ་བ་ནི། །སྡིག་པ་སྤྱོད་ལས་འབྱུང་བར་འགྱུར། །ཞེས་གསུངས། དེ་ལྟ་བུའི་ཉེས་དམིགས་རྣམས་དྲན་པས་བཤགས་པའི་ཐབས་ལ་ཕྱི་ཤོལ་དུ་མ་ལུས་པར་འཕྲལ་དུ་འབད་དགོས་ཏེ། དེ་ལས། བདག་ནི་སྡིག་པ་མ་བྱང་བར། །སྔོན་དུ་འགུམ་པར་འགྱུར་དུ་མཆི། །ཇི་ལྟར་འདི་ལས་ངེས་ཐར་བར། །མྱུར་བའི་ཚུལ་གྱིས་སྐྱབ་ཏུ་གསོལ། །ཞེས་གསུངས་པ་བཞིན་ནོ། །ཁྱད་པར་ཁྲིད་ཀྱི་སྔོན་འགྲོའི་སྐབས་འདིར་སྦྱང་བྱའི་སྡིག་སྒྲིབ་ནི། དངོས་གཞིའི་ཉམས་མྱོང་འཕྲལ་དུ་སྐྱེ་བ་ལ་བར་དུ་གཅོད་པའི་སྡིག་སྒྲིབ་རགས་པ་འགའ་ཞིག་སྟེ། གཙོ་བོ་ཚེ་འདིར་བསགས་པའི་སྡིག་པ་རྣམས་དུས་ཉེ་བས་སྒྲིབ་ཚབ་ཆེ། དེའི་ནང་ནས་ཀྱང་སྡོམ་པ་གསུམ་དང་འགལ་བའི་ཉེས་ལྟུང་སྒྲིབ་ཚབ་ཆེ། ཁྱད་པར་དུ་རྩ་བ་ཡན་ལག་གི་དམ་ཚིག་འགལ་འཁྲུལ་དང་དཀོན་མཆོག་གི་དཀོར་དང་སྐུ་གླུད་ཟོས་པ་སོགས་ལྷག་པར་ལམ་གྱི་ཡོན་ཏན་སྐྱེ་བ་ལ་གེགས་ཆེ་བ་ཡིན་པས་སྦྱོང་པ་ལ་འབད་དགོས་སོ། །

གསུམ་པ་ནི། སྤྱིར་སྡིག་སྒྲིབ་སྦྱོང་བར་བྱེད་པའི་གཉེན་པོ་ནི་མཐོལ་བཤགས་ཏེ། ཉེས་པ་བྱས་པ་གསང་ཞིང་སྦས་ན་སྡིག་པའི་ས་བོན་བཏབ་པ་ལ་གཡོ་སྒྱུའི་ཆུ་ལུད་འཛོམས་པ་དང་འདྲ་བས་ཇེ་འཕེལ་དུ་འགྱུར། མ་གསང་ཞིང་སྐྱོན་དུ་ཤེས་པས་བསྒྲགས་ན་ཅུང་ཟད་སྟོབས་ཆུང་དུ་འགྲོ་ཞིང་ནམ་ཡང་འཕེལ་བར་མི་འགྱུར། དེའི་ཕྱིར་བཤགས་ཡུལ་རྣམས་ཀྱི་སྤྱན་སྔར་མ་སྦས་པར་བདག་གིས་ཉེས་པ་འདི་ལྟ་བུ་བྱས་སོ། །ཞེས་སྨྲས་པ་ནི་མཐོལ་བ་ཡིན་ལ། ལས་དེ་ལ་འགྱོད་པ་དྲག་པོས་སེམས་གདུང་བ་དང་བཅས་པ་ནི་བཤགས་པ་སྟེ། རང་ཉིད་སྐྱོན་དང་བཅས་པས་གནོང་ཞིང་ངོ་ཚ་ན་ཡང་གསོང་པོར་སྨྲ་བའི་སྒོ་ནས་བཤགས་ཡུལ་རྣམས་ཀྱིས་བརྩེ་བས་རྗེས་སུ་བཟུང་སྟེ་ལས་འདི་དག་པར་མཛད་དུ་གསོལ་ཞེས་སྙིང་ཐག་པ་ནས་བརྗོད་པ་ནི་བཤགས་པའི་དོན་གྱི་སྙིང་པོ་ཡིན། དེ་ལ་བཤགས་པ་ཐམས་ཅད་གཉེན་པོ་སྟོབས་བཞིའི་བཤགས་པར་ཚང་དགོས་ཏེ། ཞི་བ་ལྷས། སྦྱང་བྱ་སྡིག་པའི་སྒོ་དྲུག་ནི། །སྦྱོང་བྱེད་གཉེན་པོ་སྟོབས་བཞིས་སྦྱང་། །སྦྱོང་ཚུལ་དམ་པ་གསུམ་ལྡན་པས། །ཞེས་གསུངས་པ་བཞིན། དང་པོ་སྡིག་པ་བཤགས་པའི་རྟེན་ནམ་ཡུལ་ནི་སོ་ཐར་གྱི་མཁན་སློབ་དགེ་འདུན་དང་བཅས་པའམ། བྱང་སེམས་ཀྱི་བླ་མ་དགེ་བའི་བཤེས་གཉེན་ནམ་གྲོགས་ཚངས་པ་མཚུངས་པར་སྤྱོད་པའམ། ལྟུང་བཤགས་ཀྱི་སངས་རྒྱས་སོ་ལྔ་དང་ཐར་པ་ཆེན་པོའི་ཕྱོགས་བཅུ་སངས་རྒྱས་སོགས་དང་། གསང་སྔགས་ཀྱི་བླ་མ་དང་དཀྱིལ་འཁོར་གྱི་ལྷ་ཚོགས་སམ། བླ་མ་རྡོ་རྗེ་སེམས་དཔའ་བསྒོམ་པ་རྣམས་ཡིན་ལ། སྐབས་འདིར་ཀུན་འདུས་ནོར་བུའི་ལུགས་སུ་བསྒོམ་པ་ལ་རྟེན་གྱི་སྟོབས་ཕྱི་ནང་ལས། ཕྱི་ཡི་རྟེན་གྱི་སྟོབས་རྡོར་སེམས་དང་། ནང་གི་རྟེན་གྱི་སྟོབས་སྐྱབས་འགྲོ་དང་སེམས་བསྐྱེད། ཁྱད་པར་སྙིང་རྗེ་ཆེན་པོ་བསྐྱེད་དགོས་དེས་ན་ཀུན་སློང་བཅོས་པ་གལ་ཆེ། དེ་ལ་རྟེན་གྱི་སྟོབས་ཀྱི་ངོ་བོ་ཡུལ་ཁྱད་པར་ཅན་དང་། སུན་འབྱིན་པའི་སྟོབས་ཀྱི་ངོ་བོ་འགྱོད་པ་དང་། སོར་ཆུད་པའི་སྟོབས་ཀྱི་ངོ་བོ་ཕྱིན་ཆད་སྡོམ་སེམས་དང་། གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས་ཀྱི་ངོ་བོ་ཆོས་ལ་དོན་གཉེར་གྱི་འདུན་པ་བསྐྱེད་པ་རྣམས་ཡིན། བྱེད་ལས་ཀྱང་། རྟེན་གྱི་སྟོབས་ཀྱིས་སྡིག་པ་ཉམས་སྨད་པར་བྱེད། སུན་འབྱིན་པས་སྡིག་པའི་འཕེལ་ཀ་གཅོད། སོར་ཆུད་པས་སྡིག་པའི་འཕྲོ་གཅོད། ཀུན་ཏུ་སྤྱོད་པས་སྡིག་པ་རྩ་བ་དྲུངས་ནས་འབྱིན་པར་བྱེད་དོ། །དེ་ལ་འདིར་ཉམས་རྟོགས་སྐྱེ་བ་ལ་བར་དུ་གཅོད་པའི་སྡིག་སྒྲིབ་འཕྲལ་དུ་སྦྱོང་བའི་དོན་དུ་རྡོར་སེམས་སྒོམ་བཟླས་ནི། རང་ཉིད་ཐ་མལ་སྤྱི་སྟེང་པད་ཟླའི་སྟེང༔ སོགས་ནས། སྡིག་སྒྲིབ་ཉེས་ལྟུང་དྲི་མ་ཐམས་ཅད་སྦྱོང་བ་བརྗོད། སྤྱིར་རང་ལུས་ལྷར་གསལ་པའམ། ལུས་འཛིན་མེད་ཀྱི་སྤྱི་བོར་བསྒོམ་པ་སོགས་ཡོད་ཀྱང་། འདིར་ལས་ངན་སྡིག་རྒན་ཐ་མལ་དུ་གནས་པའི་སྤྱི་བོའི་སྤུ་འཁྱིལ་གྱིི་ཁར་པདྨ་དཀར་པོ་འདབ་མ་བརྒྱད་པ་གེ་སར་ཟེ་ཕོན་དང་བཅས་པའི་སྟེང་ཁ་ཡར་བལྟ་བ་རྩིབ་སོར་བཞི་པའམ་མདའ་གང་ཙམ་རང་རང་གི་ཚངས་བུག་ཏུ་ཟུག་པ། དེའི་སྟེང་དུ་ཟླ་བའི་དཀྱིལ་འཁོར་ཉ་གང་བ་རྣམས་གསལ་གདབ། དེ་ལ་གསལ་སྣང་ཐོན་པ་དང་། དེའི་སྟེང་དུ་ཧཱུྃ་ཡིག་དཀར་པོ་ཚོན་གང་བ་གསལ་ཞིང་འཚེར་བ་རང་གི་ཁ་བལྟ་ཕྱོགས་སུ་མདུན་གཏད་པ། དེ་ལས་འོད་ཟེར་ཁ་དོག་ལྔ་ལྡན་བུན་ཟེར་གྱིས་འཕྲོས། ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་རྣམས་ལ་སྐུ་གསུང་ཐུགས་མཉེས་པའི་མཆོད་པ་འབུལ། སེམས་ཅན་ཐམས་ཅད་ལ་ཕོག་པས་སྡིག་སྒྲིབ་སྦྱང་། འོད་ཟེར་ཚུར་འདུས་ཡོངས་སུ་གྱུར་པ་ལས། ངོ་བོ་རང་གི་དྲིན་ཆེན་རྩ་བའི་བླ་མ་དེ་ཉིད་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ་གངས་ཀྱི་རི་བོ་ལ་ཉི་མ་ཤར་བ་ལྟ་བུའི་གཟི་བརྗིད་འབར་བ་སྒེག་ཅིང་འཛུམ་ལ་རབ་ཏུ་རྒྱས་པའི་ཞལ་ཅན་མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་ཅུས་མཛེས་པར་བྱས་པ་ཞལ་གཅིག །ཕྱག་གཉིས་པ། གཡས་རྡོ་རྗེ་རྩེ་ལྔ་པ་ཐུགས་ཀར་གསོར་ཞིང་། གཡོན་དྲིལ་བུ་དཀུར་བརྟེན་པའི་ཚུལ་གྱིས་ཤེས་རབ་མ་ལ་འཁྱུད་པ། ཞབས་སེམས་དཔའི་སྐྱིལ་མོ་ཀྲུང་གིས་བཞུགས་ཤིང་། ཡུམ་རྡོ་རྗེ་སྙེ་མ་དཀར་མོ་གྲི་གུག་དང་ཐོད་པ་འཛིན་པས་མགུལ་ནས་འཁྱུད་པ་དང་མཉམ་པར་སྦྱོར་བ། གཉིས་ཀའང་ང་རྒྱལ་མ་སྤངས་གནས་སུ་དག་པའི་བརྡར་ཕྱག་ཞབས་རྣམས་གསེར་ཞུན་མ་ལྟར་མཉེན་པ། ཞེ་སྡང་མ་སྤངས་གནས་སུ་དག་པའི་བརྡར་ཕྱག་སོར་རྣམས་སྦྲུལ་གྱི་མཇུག་མ་ལྟར་ལྕུག་པ། འདོད་ཆགས་མ་སྤངས་གནས་སུ་དག་པའི་བརྡར་ཐབས་ཤེས་ཕན་ཚུན་གཡུ་ལྗང་ལྟར་འཁྲིལ་བ། གཏི་མུག་མ་སྤངས་གནས་སུ་དག་པའི་བརྡར་སྐུ་སྐེད་ཐང་ཤིང་ལྟར་དྲངས་ཤིང་ལྡེམ་པ། ཕྲག་དོག་མ་སྤངས་གནས་སུ་དག་པའི་བརྡར་བྱིས་པ་ལོ་བརྒྱད་ལྟར་གཞོན་ཤ་ཆགས་པ། ཐུགས་ལ་མ་རིག་པ་མེད་པའི་རྟགས་སུ་ཟླ་བ་ལྟར་གསལ་བ། ཆེ་བའི་ཡོན་ཏན་ལྷུན་གྱིས་གྲུབ་པའི་རྟགས་སུ་ཉི་མ་ལྟར་འཚེར་བ། མཚན་དཔེ་ཡོངས་སུ་རྫོགས་པའི་བརྡར་དབུས་ཀྱི་རི་བོ་མཆོག་རབ་ལྟར་ལྷུན་སྡུག་པ། ཐམས་ཅད་ཟིལ་གྱིས་གནོན་པའི་བརྡར་སེངྒེ་འབུམ་བཤིབས་པ་ལྟར་གཟི་བྱིན་དང་ལྡན་པ་སྟེ་ཞི་བའི་ཉམས་དགུ་དང་ལྡན་པ། དར་དཀར་པོ་གསེར་གྱི་ངང་རིས་ཅན་ཀྱི་སྟོད་གཡོགས། ཚི་གུ་སྟེ་དར་སྣ་ཚོགས་པའི་སྨད་དཀྲིས། དར་སྣ་ལྔའི་ཅོད་པཎ། དར་མཐིང་ཁྲའི་ཟི་ལྡིར་ཏེ་རྒྱབ་འཕེན། གར་གྱི་ཕུ་དུང་སྟེ་དར་གྱི་ཆས་གོས་ལྔ་དང་། རིན་པོ་ཆེ་སྣ་ཚོགས་པའི་དབུ་རྒྱན། སྙན་ཆ། མགུལ་རྒྱན། སེ་མོ་དོ། ཕྱག་གདུབ། ཞབས་གདུབ། སྐ་རགས། དོ་ཤལ་ཏེ་རིན་པོ་ཆེའི་རྒྱན་བརྒྱད་ཀྱིས་མཛེས་པར་སྤྲས་པ། འོད་ཟེར་མཐའ་ཡས་མུ་མེད་པར་སྤྲོ་ཞིང་། བདེ་སྟོང་གཉིས་སུ་མེད་པའི་ངོ་བོར་བཞུགས་པ། དེའི་ཐུགས་ཀར་པདྨ་དཀར་པོ་འདབ་མ་བརྒྱད་པ་ལ་ཟླ་བ་ཉ་གང་བའི་སྟེང་དུ་རྡོ་རྗེ་དཀར་པོ་རྩེ་ལྔ་པ་འགྲེང་སྟབས་སུ་ལངས་པའི་ལྟེ་བར་ཧཱུྃ་དཀར་པོ། དེ་ལ་ཡིག་བརྒྱའི་སྔགས་ཕྲེང་རྣམས་ཤིན་ཏུ་ཕྲ་བ་དངུལ་ཆུའི་མདོག་ལྟ་བུ་ཧཱུྃ་གི་མཐའ་བསྐོར་དུ་རེག་ལ་མ་འབྱར་བའི་ཚུལ་གྱིས་བསྐོར་བར་དམིགས་ཏེ། དེ་ཉིད་སྐྱབས་གནས་ཀུན་འདུས་སུ་མོས་པ་རྟེན་གྱི་སྟོབས་ཡིན། དེ་ནས་སུན་འབྱིན་པའི་སྟོབས་ལ་སྦྱང་བྱ་སྡིག་པའི་སྒོ་དྲུག་པོ་ཡིན་ཏེ། དང་པོ་དུས་ཀྱི་སྒོ་འཁོར་བ་ཐོག་མ་མེད་པ་ནས་དུས་ཉི་མ་དེ་རིང་གི་བར་དུ་བསགས་པའི་སྡིག་པ་དང་ཚེ་འདིར་རང་བཞིན་དང་བཅས་ལྟུང་གི་སྡིག་པ་རང་གི་ཡིད་ལ་དྲན་པ་ལོ་ཟླ་དུས་ཚོད་འདི་དང་འདི་ལྟ་བུ་རང་གིས་བགྱིས་པ་དང་། གཞན་ལ་བགྱིད་དུ་བསྩལ་བ་དང་། བགྱིད་པ་ལ་རྗེས་སུ་ཡི་རངས་པའི་སྡིག་པ་དེ་དག་ཐམས་ཅད་སེམས་ཀྱིས་མི་གསང་། ལུས་ཀྱིས་མི་འཆབ། ངག་གིས་མཐོལ་ལོ་བཤགས་སོ་ཞེས་བཤགས་དགོས། དེ་ཡང་རང་གི་ཉེས་པ་བྱས་པ་དེ་སུས་མ་མཐོང་བས་རྒྱལ་བ་སྲས་བཅས་ཀྱིས་མི་གཟིགས་སོ་སྙམ་ན། སྐྱེས་རབས་ལས། མ་མཐོང་བཞིན་དུ་སྡིག་པ་བྱས་ནའང་། །དུག་ཟོས་བཞིན་དུ་བདེ་བར་ག་ལ་འགྱུར། །ལྷ་དང་རྣལ་འབྱོར་ཅན་གྱི་དྲང་སྲོང་གིས། །རྣམ་དག་མིག་གིས་མི་མཐོང་མི་སྲིད་དོ། །ཞེས་པ་ལྟར། རྒྱལ་བ་སྲས་བཅས་ཀྱིས་མི་གཟིགས་པ་མི་སྲིད་དེ་ལོང་བའི་མཐའ་ན་མིག་ཅན་བརྒྱས་བསྐོར་བ་ལྟ་བུ་ཡིན་པས། ཡིད་ལ་དྲན་མི་དྲན་ཐམས་ཅད་ངོ་ཚ་འཇིགས་སྐྲག་འགྱོད་པ་དང་བཅས་པའི་སྒོ་ནས་བཤགས། གཉིས་པ་ཀུན་སློང་གི་སྒོ་ལས་དེ་ཀུན་ནས་སློང་བྱེད་ཆགས་སྡང་རྨོངས་གསུམ་གྱི་ཀུན་སློང་སྡིག་པ་ཐམས་ཅད་དང་། གསུམ་པ་འགྲིམས་པའི་སྒོའམ་བསགས་པའི་སྒོ་ལུས་ངག་ཡིད་གསུམ་གྱི་སྡིག་པ་མི་དགེ་བ་བསགས་པ་ཐམས་ཅད། བཞི་པ་ངོ་བོའི་སྒོ། རང་བཞིན་གྱི་སྡིག་པ་མི་དགེ་བ་བཅུ་དང་། མཚམས་མེད་པ་ལྔ་ལ་སོགས་པ་དང་། བཅས་པའི་ལྟུང་བ་སོ་བྱང་སྔགས་གསུམ་གྱི་སྡོམ་པ་དང་འགལ་བ་ཐམས་ཅད། ལྔ་པ་ཡུལ་གྱི་སྒོ། སྲིད་པ་འཁོར་བ་དང་། ཞི་བ་མྱང་འདས་ཀྱི་ཡུལ་གཉིས་ལ་བརྟེན་ནས་བསགས་པའི་སྡིག་པ་ཐམས་ཅད། དྲུག་པ་བྱེད་ལས་ཀྱི་སྒོ། ཚེ་འདིར་ཚེ་ཐུང་ནད་མང་ནོར་དབུལ་སོགས་དང་། ཕྱི་མ་ངན་འགྲོ་མུ་མཐའ་མེད་པར་འཁྱམས་པ་སོགས་ཀྱི་རྒྱུ་སྡིག་ལྟུང་ཐམས་ཅད་ལ་དུག་དྲག་པོ་ཁོང་དུ་སོང་བ་ལྟ་བུའི་གནོང་འགྱོད་ཀྱིས་བླ་མ་རྡོ་རྗེ་སེམས་དཔར་ཐོག་མེད་ནས་ད་ལྟའི་བར་བསགས་པའི་སྡིག་ལྟུང་ཁྱོད་ཀྱི་སྤྱན་སྔར་མི་འཆབ་མི་སྦེད་མཐོལ་ལོ་བཤགས་སོ་གནོང་ངོ་འགྱོད་དོ་སྙམ་དུ་བཤགས་ཏེ་བདག་གི་སྡིག་པ་དེ་དུས་ད་ལྟ་མྱུར་བ་འདུག་ས་འདི་རུ་དག་པ་ཁྱེད་མཁྱེན་སྙམ་སྟེ་སྙིང་ཁུང་ནས་བཤགས། དེ་ཡང་འཇིག་རྟེན་ན་རྒྱུ་ཟས་ཕྲན་བུ་སྐྱིས་པ་ལའང་ཉག་བསྡུང་སྟེ་སྙེག་དགོས་ན། ཐར་ལམ་གྱི་བར་གཅོད་ཐུ་ཤོས་སྡིག་སྒྲིབ་ཡིན་པས་དེ་དག་ཆེད་ཅིའི་ཕྱིར་ཉག་བསྡུང་སྟེ་བཤགས་མི་དགོས། སོར་ཆུད་པའི་སྟོབས་ནི། དཔེར་ན་ར་བ་སོགས་སྔར་ཞིག་པ་ཕྱིས་སོར་ཆུད་པ་དང་མཚུངས་པར་སོ་བྱང་སྔགས་གསུམ་གྱི་སྡོམ་པ་ཞིག་རལ་དུ་གྱུར་པ་ཕྱིས་བཤགས་པས་སོར་ཆུད་ནས་ཕྱིན་ཆད་སྲོག་ལ་བབས་ཀྱང་མི་བྱེད་སྙམ་པའི་དམ་བཅའ་བ་ཡིན། དེ་ཡང་རང་རེ་རྣམས་ཀྱིས་སྡོམ་པ་གསུམ་པོ་བླངས་ཟིན་པས་དམིགས་བསལ་བྱེད་རྒྱུ་མེད་ཀྱང་། ད་ལྟའི་དུས་ན་བླ་སེར་རྣམས་ཀྱིས་མི་འཆབ་བོ། །མི་སྦེད་དོ། །སླན་ཆད་ཀྱང་གཅོད་ཅིང་སྡོམ་པར་བགྱིད་ལགས་སོ། །ཞེས་ཁ་ནས་འདོན་ཅིང་ཁོང་དུ་མི་དགེ་བ་ཤ་སྟག་ལ་སྤྱོད་པ་འདིས་ཅི་ཡང་མི་འོང་། དེས་ན་སྲོག་གཅོད་ལྟ་བུ་གཅིག་པུ་ལའང་རང་གིས་མི་སོད་རྒྱུ་རྣམས་མི་གསོད་ཅེས་དམ་བཅའ་ནས་སྲོག་གཅོད་སྤང་བའི་ཚུལ་ཁྲིམས་དང་ལྡན་ཞིང་ཕན་ཡོན་ཐོབ་ལ། དམ་མ་བཅས་ན་སྡིག་པ་མེད་ཙམ་ལས་སྲོག་གཅོད་སྤངས་བའི་བསོད་ནམས་མི་ཐོབ་ལ། དེས་ན་ཁྱིམ་པ་རྣམས་ཀྱིས་མི་སོད་རྒྱུ་སེངྒེ་སོགས་མི་གསོད་ཅེས་དམ་བཅའ་ཞིང་། རབ་བྱུང་རྣམས་ཀྱིས་ཀྱང་ངས་སྲོག་དམར་པོ་བཏོན་ཀྱང་སེམས་ཅན་སེངྒེ་ལྟ་བུ་རེ་རེ་ནས་བཟུང་ཐམས་ཅད་མི་བསད། དེ་ལྟ་བུའི་དམ་བཅའ་དེ་སྲོག་ལ་བབས་ཀྱང་མི་གཏོང་སྙམ་པའི་དམ་བཅའི་ལྕགས་ཀྱུ་གཉིས་པས་ཟིན་པར་བྱ། དེ་བཞིན་མ་བྱིན་ལེན་སོགས་མི་དགེ་ལྷག་མ་དགུ་པོ་དང་། མཚམས་མེད་ལྔ་དེ་དང་ཉེ་བ་ལྔ། ལྕི་བ་བཞི་ལོག་པ་བརྒྱད། ཕྱི་སོ་སོར་ཐར་པའི་སྡོམ་པ། ནང་བྱང་ཆུབ་སེམས་དཔའི་བསླབ་པ། གསང་བ་རིག་འཛིན་སྔགས་ཀྱི་དམ་ཚིག་དང་འགལ་བ་ཐམས་ཅད་ནང་གསེས་རེ་རེ་ནས་མི་འགལ་བར་བྱ་སྙམ་པའི་དམ་བཅའ་རེ་རེ་དང་། དེ་ལྟ་བུའི་དམ་བཅའ་དེ་ཤ་འདི་མཐེབ་བཏོག་བྱས་ནས་བསད་སོང་ན་ཡང་གཏོང་རེ་ཤི་སྙམ་པའི་དམ་བཅའི་ལྕགས་ཀྱུ་གཉིས་པ་རེས་ཟིན་པར་བྱ། དེ་ལྟར་རང་གི་བསྲུང་ནུས་པ་རྣམས་ལ་མི་བྱེད་སྙམ་པའི་དམ་བཅའ་དང་། མི་ནུས་པ་རྣམས་འདི་དང་འདི་ངས་བསྲུང་ཅི་ནུས་སུ་བསྲུང་བ་ཡིན་ན་བླ་མ་རྡོ་རྗེ་སེམས་དཔའ་ཁྱེད་ཀྱིས་བདག་གི་རྒྱུད་ཡོངས་སུ་དག་པར་བྱིན་གྱིས་བརླབ་ཏུ་གསོལ་སྙམ་པའི་སྒོ་ནས། དམ་བཅའ་རེ་བྱེད་ན་རྒྱུད་ཇེ་དག་ཏུ་འགྲོ་བ་ཡིན། དེ་ལྟར་མ་ཡིན་པར་སྤོམ་ཡོར་ཙམ་དུ་སླད་ཆད་ཀྱང་གཅོད་ཅིང་སྡོམ་པར་བགྱིད་ལགས་སོ། །ཞེས་བརྗོད་པ་ཙམ་གྱིས་མི་འོང་། གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས་ནི། མི་དགེ་བའི་གཉེན་པོར་འགྲོ་བ་ཐམས་ཅད་དང་སྐབས་འདིར་བདུད་རྩི་འབེབས་སྦྱོང་གི་དམིགས་པ་རྣམས་ཡིན། དེ་ལྟར་སྟོབས་བཞིའི་དམིགས་གནད་དྲན་བཞིན་པའི་ངང་ནས་ཡི་གེ་བརྒྱ་པ། ༈ རྗེ་བླ་མའི་གསུང་འདི་ལྟར་བཀླག་སྟེ། ཨོཾ་འོང་འབད་འཛར་སད་ཏོ། ས་མ་ཡ། མ་ནུ་པཱ་༼འ་ཆུང་འདི་རྣམས་མིག་འབྱེད་འཛུམ་གཉིས་རེའི་ཡུན་བཀླག་མཆན། ༽ ལ་ཡ། འབད་འཛར་སད་ཏོ་ཏ་ཝེ་ནོ་པ། ཏིས་ཋ་དིར་རྀ་ཌྷོ་མེ་བྷ་ཝ། སུ་ཏོས་ཡོ་མེ་བྷ་ཝ། སུ་པོས་ཡོ་མེ་བྷ་ཝ། ཡང་ན་སུ་ཏོ་ཥ་ཡོ་དང་སུ་པོ་ཥ་ཡོ་༼ལྟར་བཀླག་ཀྱང་རུང་ལ་ཕྱི་མ་ལྟར་ན་མགྱོགས་པར་བཀླག་དགོས།༽ མཆན། ཨ་ནུ་རཀ་ཏོ་མེ་བྷ་ཝ། སར་ཝ་སིདྡྷིམ་མེ་པྲའམ་པར་ཡད་ཚ། སར་ཝ་ཀར་མ་སུ་ཙ་མེ། ཙིད་ཏཾ། ཤ་རེ་ཡས། ཀུ་རུ་ཧུ་འུང་། ཧ་ཧ་ཧ་ཧ་ཧོཿ༼རྣམ་བཅད་རྣམས་དྲག་ཏུ་བཅད་དགོས།༽ མཆན། བྷ་ག་ཝཱན། སར་ཝ་ཏ་ཐཱ་ག་ཏ། འབད་འཛར་མཱ་མེ་མུན་ཙ་འབད་འཛིར་བྷ་ཝ་མ་ཧཱ་ས་མ་ཡ་སད་ཏོ་ཨ་ཧར། ༼འདིའི་ཨོཾ་དང་དྲྀ་ཧཱུྃ་ཨཱཿའདི་རྣམས་ཀློག་ཚེ་གཞུང་གསལ་ལྟར་ཚིག་གི་ཟུར་ཕྱིན་དགོས་པའི་དོན་ཡིན་པས་དེ་དག་དཀྱུས་གཅིག་ཏུ་བཀླག་ནས་སྒྲ་ཟུར་ཐོན་ངེས་བྱ་བ་གལ་ཆེ་བ་ལས། དེ་དག་འབྲུ་རེ་རེ་བཞིན་སོ་སོར་ཚིག་བར་བཅད་ནས་བརྗོད་དགོས་པའི་དོན་མིན།༽མཆན། དག་ཅིང་གསལ་བ་མི་ཚིག་སོགས་ཀྱིས་བར་མ་ཆོད་པར་བརྒྱ་སྟོང་ཁྲི་འབུམ་སོགས་སྡིག་སྒྲིབ་དག་པའི་རྟགས་མཚན་མངོན་དུ་མ་གྱུར་གྱི་བར་དུ་བཟླ་བར་བྱའོ། །

སྐབས་ཀྱི་འཕྲོས་དོན་ལ། ཆོས་རྗེ་རྡོ་རྗེ་འཆང་དཔལ་སྤྲུལ་རིན་པོ་ཆེ་ནས། དེ་ལྟར་རྡོར་སེམས་སྒོམ་བཟླས་བྱེད་པ་འདི་ལ་སོགས་པ་བཟླས་བརྗོད་གང་བྱེད་ཀྱི་དུས་སུ་སེམས་དམིགས་པ་ལས་གཞན་དུ་མ་ཡེངས་པ་དང་། བཟླས་བརྗོད་མི་ཚིག་གིས་བར་མ་ཆོད་པ་ནི་ཅི་ནས་གལ་ཆེ་སྟེ། རྒྱུད་ལས་ཀྱང་། གལ་ཏེ་ཏིང་འཛིན་འདི་མེད་ན། །རྒྱ་མཚོའི་འཇིང་གི་ཕ་བོང་བཞིན། །བསྐལ་པར་བཟླས་ཀྱང་འབྲས་མི་འབྱིན། །ཞེས་དང་། དེ་བཞིན་དུ། དག་དང་མ་དག་སྟོང་འགྱུར་ཡིན། །ཏིང་འཛིན་ཡོད་མེད་འབུམ་འགྱུར་ཡིན། །ཞེས་གསུང་། སྔགས་དང་བསྙེན་པ་བཟླ་བའི་དུས་སུ་ཐ་མལ་མ་དག་པའི་ལོང་གཏམ་གཞན་དང་བསྲེས་ནས་བཟླ་བ་ནི། སྔགས་མ་དག་པ་ཡིན་ཏེ། དཔེར་ན་གསེར་དང་དངུལ་ལ་ར་གན་ནམ་ཟངས་ལ་སོགས་པ་ཅུང་ཟད་འདྲེས་ཀྱང་། གསེར་མིན་ནམ་དངུལ་ལོག་ཏུ་གྲགས་ཏེ། དེས་གསེར་དངུལ་གྱི་གོ་མི་ཆོད་པ་དང་འདྲ། དེས་ན། ཨོ་རྒྱན་ཆེན་པོའི་ཞལ་ནས་ཀྱང་། ལོ་གཅིག་འབག་བསྙེན་བྱས་པ་བས། །ཟླ་གཅིག་སྨྲ་བཅད་བྱས་པ་དགའ། །ཞེས་གསུང་། དེས་ན་ད་ལྟའི་གྲོང་ཆོག་པ་རྣམས་ཀྱང་ཚོགས་གྲལ་སོགས་སུ་འདོན་པ་དང་བཟླས་བརྗོད་ཀྱི་དུས་སྨྲ་བཅད་བྱེད་པ་ནི་ཅི་ནས་ཀྱང་གལ་ཆེ། ཐ་མལ་པའི་ངག་འཁྱལ་དང་འདྲེས་པའི་འདོན་ཟློས་སོགས་ལ་སྙིང་པོ་ཅི་ཡང་མེད་པ་དང་། ཁྱད་པར་དུ་གཤིན་པོ་སོགས་ཀྱི་དོན་ཡིན་ན། བར་དོ་ན་གནས་པའི་སེམས་ཅན་ནི། འཇིགས་སྐྲག་དང་སྡུག་བསྔལ་ལ་སོགས་པས་གདུང་བའི་ཚེ་ཕན་དུ་རེ་ནས་ཡོན་གནས་དང་བླ་མཆོད་ལ་སོགས་པའི་དྲུང་དུ་རྒྱུག །དེའི་ཚེ་དེ་དག་གི་ཏིང་ངེ་འཛིན་མི་གསལ་བ་དང་། སྡོམ་པ་དང་དམ་ཚིག་མི་དག་པ་དང་། ཆགས་སྡང་གི་གཏམ་དང་རྟོག་པ་ལ་སོགས་པ་འཆར་གྱིན་ཡོད་ན། བར་དོའི་འགྲོ་བ་དེ་མངོན་ཤེས་དང་ལྡན་པ་ཡིན་པས། དེ་དག་ཤེས་ན་བླ་མཆོད་ལ་ལོག་ལྟའམ་ཞེ་སྡང་སྐྱེས་ནས་རྐྱེན་དེས་ངན་སོང་དུ་འགྲོ་བ་བཤད་པས། དེ་ལྟ་བུའི་བླ་མཆོད་ནི་ཡོད་པ་ལས་མེད་པ་དགའ། ཁྱད་པར་གསང་སྔགས་རྡོ་རྗེ་ཐེག་པའི་ཆོ་ག་རྣམས་ནི། བསྐྱེད་རིམ་གསལ་འདེབས་བརྗོད་པ་ཚིག་གི་སྒོ། །ཞེས་བསྐྱེད་རིམ་གྱིས་གནད་དེ་དག་གསལ་འདེབས་པའི་ཚིག་ཙམ་ཡིན་པ་ལ། གསལ་འདེབས་རྒྱུའི་བསྐྱེད་རྫོགས་ཀྱི་དོན་ལ་བློ་ཁ་ཙམ་ཡང་མི་ཕྱོགས་པར་ཁ་ཚིག་སྟོང་པ་ཞིག་གིས་གསལ་གསལ་བསྒོམ་བསྒོམ་དམིགས་དམིགས་ལ་སོགས་པ་ཆོ་གའི་ཚིག་རིགས་མང་པོ་ཞིག་གྱར་མ་གྱེར་ཁུག་འུར་འུར་ཆེམ་ཆེམ་དུ་ཁྱེར་ཏེ། དོན་གྱི་སྙིང་པོ་ངག་གི་བཟླས་བརྗོད་བསྙེན་པ་དངོས་ལ་ཐུག་ཙ་ན། བློ་བག་གིས་སློད་ཐ་ན་ལུས་ཚུགས་དྲང་པོ་ཞིག་ཡོད་པ་ཡན་ཆད་ཤིག་གིས་བཤིག་མི་དགེ་པ་བརྒྱ་ཕྲག་གི་འབྱུང་ཁུངས་ཐ་མ་ཁ་ལ་སོགས་པ་གཞིབ། ཕུ་མདའ་ལ་ཤོད་ཀྱི་གཏམ་འབྲེལ་བ་མེད་པའི་ངག་འཁྱལ་མང་པོའི་གཏེར་སྒོ་ཕྱེ། ཕྲེང་བ་སྟོང་བགྲང་། རྒྱུ་ནག་བདའ་བདའ་བྱེད་པས་དུས་འདའ། ཕྱི་འཕྲེད་ཙ་ན་གནམ་ལ་གཅིག་བལྟས་ནས། བཛྲ་པུཥྤེ་དྷུ་པེ་ཟེར་ཞིང་རོལ་མོ་འུར་ཆེམས་སེར་གཏོང་བ་ནི། ཆོ་གའི་གཟུགས་བརྙན་ལས་ཀྱང་ཐ་ཆད་པ་ཡིན་པས། དེ་ལྟ་བུ་ལས་ནི་བསམ་པ་རྣམ་པར་དག་པའི་སྒོ་ནས་ལྟུང་བཤགས་སམ་བཟང་སྤྱོད་ཚར་རེ་ཙམ་བཏོན་ན་དེས་དགའ་ངེས་སོ། །དེ་ལྟར་མ་དག་པའི་བཟླས་བརྗོད་དང་ཆོ་གའི་གཟུགས་བརྙན་ལ་བརྟེན་ནས་གཤིན་པོ་ངན་སོང་དུ་འཕེན་པའི་བླ་མཆོད་དེས་ནི། གསོན་པོའི་སྐུ་རིམ་བྱས་ཀྱང་ཕན་ལས་གནོད་པ་ཆེ་བ་དེ་དང་འདྲ། དེ་ལྟ་བུ་དེས་དཀོར་ཟོས་པ་ཡང་ལྕགས་ཀྱི་ཐོ་ལུམ་མེ་འབར་བ་ཟོས་པ་དང་འདྲ་ངེས་པ་དེ་ཡིན་ནོ། །དེས་ན་དད་ཟས་གཤིན་དཀོར་ཟ་བ་རྣམས་ནི་བླ་མའམ་གྲྭ་པ་སུ་ཡིན་ཀྱང་འདྲ་སྟེ། ཤ་ཆེ་ཆུང་ཐུད་སྲབ་མཐུག་འབུལ་བ་བཟང་ངན་ཁོ་ན་ལ་ཐུགས་དམ་གྱི་མཐིལ་དུ་མི་བྱ་བར། ནད་པའམ་ཤི་བོ་སུ་ཡིན་ཀྱང་འདྲ་སྟེ་གལ་འགག་ལ་བབ་སྟེ་སྡུག་ཐུག་པའི་སེམས་ཅན་སྐྱབས་དང་བྲལ་པ་དེ་ལ་ཕན་འདོད་ཀྱི་བྱམས་པ་དང་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ཀྱིས་ཟིན་པར་བྱས་ནས། བསྐྱེད་རྫོགས་རང་གི་གང་ཤེས་སྙིང་ཐག་པ་ནས་མ་ཡེངས་པར་འབད། དེ་ལྟར་མི་ཤེས་པ་རྣམས་ཀྱང་ཚིག་རྗེས་དོན་དྲན་ཙམ་མམ་ཐ་ན་ཉམ་ཐག་པའི་སེམས་ཅན་ལ་བྱམས་པ་དང་སྙིང་རྗེ་དཀོན་མཆོག་གསུམ་གྱི་བདེན་མཐུ་བསླུ་བ་མེད་པ་ལ་དད་པ་ངེས་ཤེས་སོགས་ལུས་ངག་ཡིད་གསུམ་ཆུན་གཅིག་དྲིལ་གྱིིས་འབད་དེ། ཆོ་ག་དང་བཟླས་བརྗོད་སོགས་སྒྲ་དག་སྒྲོས་གཙང་པ་རེ་འགྲུབ་ངེས་བྱས་ན་སྐྱབས་གནས་དཀོན་མཆོག་གསུམ་གྱི་ཐུགས་རྗེ་རྒྱུ་འབྲས་བསླུ་བ་མེད་པའི་ནུས་མཐུ་བྱང་ཆུབ་སེམས་ཀྱི་ཕན་ཡོན་ཚད་མེད་པ་རྣམས་ལ་བརྟེན་ནས། ནད་པ་དང་ཤི་བོ་གང་ཡིན་དེ་ལ་ཕན་ཐོགས་ངེས་ཤིང་། མིའི་སྟན་ཐོག་ནས་རང་གི་སྒྲིབ་པ་སྦྱོང་ཟེར་བ་ལྟར། རང་གཞན་གྱི་ཚོགས་གཉིས་མཉམ་དུ་རྫོགས། འབྲེལ་ཚད་ཐར་པའི་ལམ་ལ་འགོད་པ་ཡིན་པས་དེ་ལྟ་བུ་ལ་ཅི་ནས་འབད་དགོས་སོ། །ཞེས་གདམས་པ་ལྟར་ལགས་པས་ཀུན་ཀྱིས་ཐུགས་ལ་ཅི་ནས་འཆང་བར་ཞུ། དེ་ལྟར་བཟླས་པའི་ཚེ་ཐོག་མར་ཐུགས་ཀའི་ས་བོན་དང་། ཞབས་ཀྱི་མཐེ་བོང་གི་རྩེ་མོ་དང་། ཡབ་ཡུམ་མཉམ་སྦྱོར་གྱི་མཁའ་གསང་དང་མཐར་སྐུ་ཡི་ཆ་ཐམས་ཅད་ནས་བྱང་སེམས་བདུད་རྩིའི་རྒྱུན་དཀར་ཆིལ་ཆིལ་བབ་པ་པད་སྡོང་ལ་འཁྲིལ་བའི་ཚུལ་དུ་བྱུང་པ་རང་གི་ཚང་བུག་ནས་ཞུགས། ནད་ཐམས་ཅད་རྣག་ཁྲག་ལྗན་ལྗིན། གདོན་ཐམས་ཅད་སྡིག་སྦྲུལ་སོགས་སྲོག་ཆགས་ཕྲ་མོའི་རྣམ་པ། སྡིག་སྒྲིབ་ཐམས་ཅད་སོལ་ཁུའམ་དུད་ཁུའི་རྣམ་པ་ཅན་ནག་ཉིལ་གྱིས་རང་གི་དབང་པོའི་སྒོ་དང་བ་སྤུའི་བུ་ག་ཚུན་ཆད་ནས་ཕུ་ཆུ་དྲག་པོས་ཐལ་བ་བརྡས་པ་བཞིན་ཤམ་ཤམ་ཐོན་ཏེ། རང་གི་མལ་ཞབས་སུ་འཆི་བདག་ལས་ཀྱི་གཤིན་རྗེ་ལ་འཁོར་ལན་ཆགས་ཀྱི་བདག་པོ་བདག་མོ་ཐམས་ཅད་ཀྱིས་བསྐོར་ཏེ་ཁ་ལག་སྦར་གསུམ་བཟེད་ནས་ཟ་སྙམ་འཆའ་སྙམ་འགྲོགས་ཏེ་གནས་པ་དེ་རྣམས་ཀྱི་ཁ་ལག་སྦར་གསུམ་གྱི་ནང་དུ། ས་གས་ཏེ་སྔར་གྱི་མ་དག་པའི་ཁྲག་རུལ་སོགས་མ་ཡིན་པར་དག་པ་བདུད་རྩིའི་རང་བཞིན་ཅན་དུ་བབས་པས་ཐམས་ཅད་ངོམས་ཤིང་ཚིམ་ནས། ལན་ཆག་བུ་ལོན་ཤ་མཁོན་བྱང་ཞིང་། དུས་མ་ཡིན་པའི་འཆི་བ་བསླུས་པར་བསམ་ལ། དེ་དག་གི་ཁ་ལག་སྦར་གསུམ་ཡང་ཟུམ། ས་གས་པ་ཡང་སོས། རང་གི་ལུས་ཀྱང་ཕྱི་གསལ་ནང་གསལ་ཤེལ་གོང་དྲི་མེད་ལྟ་བུར་གྱུར་པར་མོས། སླར་ཡང་སྔར་ལྟར་གསོལ་བ་བཏབ་པས་བྱང་སེམས་བདུད་རྩིིའི་རྒྱུན་དེས་རང་གི་སྤྱི་གཙུག་ནས་རྐང་སེན་གྱི་བར་དུ་མེར་ཁྲིག་གེ་ལྟེམ་ཙེར་གྱིས་གང་བས་སྒོ་གསུམ་གྱི་སྒྲིབ་པ་བག་ཆགས་དང་བཅས་པ་བྱང་། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་དང་བཅས་པའི་དབང་དང་དངོས་གྲུབ་ཐོབ། ཁྱད་པར་དངོས་གཞིའི་ལམ་གྱི་ཡོན་ཏན་མཐའ་དག་རྩོལ་མེད་དུ་སྐྱེ་ནུས་པའི་སྣོད་རུང་དུ་བྱིན་གྱིས་བརླབ་པར་མོས། ཐུན་མཐར། བདེ་མཆོག་མངོན་འབྱུང་གི་རྒྱུད་ཚིག །མགོན་པོ་བདག་ནི་སོགས་དང་། ཆོས་རྒྱལ་འཕགས་པའི་གསུང་སྐུ་གསུང་ཐུགས་རྩ་བ་དང་། ཡན་ལག་སོགས་ཀྱིས་བཤགས་པ་ཕུལ་བས། བླ་མ་རྡོ་རྗེ་སེམས་དཔའ་ཞལ་འཛུམ་པ་དང་བཅས་ཏེ་ཞལ་ནས། འོ་རིགས་ཀྱི་བུ་ཁྱེད་རྣམས་ཀྱི་སྡིག་སྒྲིབ་དག་པ་ཡིན་ནོ། །ཞེས་གནང་བ་བྱིན་པར་བསམ་ལ། སྤྱི་བོའི་བླ་མ་རྡོ་རྗེ་སེམས་དཔའ་ནི་དབུའི་ནོར་བུ་ནས་མར་འོད་དུ་ཞུ། གདན་པདྨ་ནས་ཡར་འོད་དུ་ཞུ། ཐུགས་འོད་ལྔའི་གོང་བུའི་རང་བཞིན་དུ་གྱུར་པ་དེ་ཉིད་རང་གི་ཚངས་བུག་ནས་ཞུགས་སྙིང་དབུས་སུ་སིབ་ཀྱིས་ཐིམ་པར་བསམ་ལ་སྡིག་སྒྲིབ་ཀྱི་ངོ་བོར་ཆེར་གྱིས་བལྟས་ལ། འཁོར་གསུམ་ཡང་དག་བརྗོད་བྲལ་བདེ་བ་ཆེན་པོའི་ངང་དུ་ཅི་གནས་སུ་བཞག་སྟེ། ཕྱོགས་བཅུ་རྒྱས་པའི་མདོ་ལས། གང་ཞིག་འགྱོད་ཚངས་བྱེད་འདོད་ན། །དྲང་པོར་འདུག་ལ་ཡང་དག་ལྟོས། །ཡང་དག་ཉིད་ལ་ཡང་དག་བལྟ། །ཡང་དག་མཐོང་ན་རྣམ་པར་གྲོལ། །དེ་ནི་འགྱོད་ཚངས་མཆོག་ཡིན་ནོ། །ཞེས་གསུངས་རྗེས་བསྔོ་བ་བྱ་སྟེ་དེ་ལྟ་བུ་སྡིག་སྒྲིབ་དག་པའི་རྟགས་མ་བྱུང་བར་དུ་འབད་དོ། །

བཞི་པ་སྡིག་སྒྲིབ་དག་པའི་རྟགས་དང་ཕན་ཡོན་བསྟན་པ་ནི། དེ་ལྟར་སྟོབས་བཞིའི་དམིགས་པ་དང་ལྡན་པས་སྡིག་པ་བཤགས་པས་དག་པའི་རྟགས་ནི། ནམ་མཁའ་ལ་འཕུར་བ། ཁྲུས་བྱས་པ་ཆུ་བོ་ཆེན་པོ་བརྒལ་བ། ལུས་ལ་རྣག་ཁྲག་ཟག་པ། འཁྲུ་སྐྱུག་སོགས་ཉམས་སམ་རྨི་ལམ་དུ་ལན་མང་པོ་བྱུང་ན་ཡིན་ལ། དངོས་སུ་སྔར་ལས་རིག་པ་དྭངས་ཤིང་དམིགས་པ་གསལ་བ། ལུས་ཡང་བ་དད་པ་དང་སྙིང་རྗེ་ངེས་འབྱུང་སོགས་ཆེར་སོང་ཞིང་། ཆགས་སྡང་གཉིད་རྨུགས་ལེ་ལོ་སོགས་ཆུང་ངུ་སོང་ན་སྡིག་སྒྲིབ་དག་པའི་རྟགས་མཆོག་ཡིན་ནོ། །ཕན་ཡོན་ནི། མདོ་ལས། གང་ཞིག་སྡིག་པའི་ལས་བྱས་པ། །དགེ་བས་འགགས་པར་བྱེད་པ་སྟེ། །སྤྲིན་བྲལ་ཉི་མ་ཟླ་བ་ལྟར། །འཇིག་རྟེན་འདི་ན་ཀུན་ཏུ་གསལ། །ཞེས་ཕྱིན་ཆད་སྡིག་པ་སྤོང་བའི་སྒོ་ནས་སྔར་བྱས་ཀྱི་གཉེན་པོར་དགེ་བ་ལ་འབད་ན་སྡིག་སྒྲིབ་དག་པར་འགྱུར་ཏེ། ཉི་ཟླའི་འོད་ཀྱིས་མུན་པ་བསལ་པ་བཞིན་ནོ། །ཁྱད་པར་ཡི་གེ་བརྒྱ་པའི་བཟླས་བརྗོད་ལ་འབད་པའི་ཕན་ཡོན་ཡང་། གསར་རྙིང་རྒྱུད་སྡེ་རྣམས་ལས་མགྲིན་གཅིག་ཏུ་གསུངས་པའི་དོན་རྒྱ་གཞུང་ལས་མདོར་བསྡུས་འབྱུང་བ་ནི། ཇི་སྐད་དུ། ཁྱབ་བདག་ཡེ་ཤེས་ལྔའི་རང་བཞིན། །གཟུངས་དང་སྔགས་དང་ཕྱག་རྒྱ་དང་། །མཆོད་རྟེན་དཀྱིལ་འཁོར་བརྟགས་ས་ཡང་། །ཡི་གེ་བརྒྱ་སྔགས་གཅིག་དང་འདྲ། །དེ་འདྲའི་བསོད་ནམས་ཡོད་མ་ཡིན། །ཡི་གེ་བརྒྱ་པ་བརྗོད་པ་ལས། །བསོད་ནམས་གང་ཞིག་ལགས་གསུང་བ། །རྡུལ་ཕྲན་གྱི་ནི་གྲངས་སྙེད་ཀྱི། །སངས་རྒྱས་ཀུན་ཀྱིས་བརྒྱན་པ་ཡིན། །ཞེས་དང་། གང་ཞིག་ཡི་གེ་བརྒྱ་པ་འཆང་། །དུས་མིན་འཆི་བ་ཉིད་དང་ནི། །ནད་དང་མྱ་ངན་མི་འབྱུང་ངོ་། །གང་ཞིག་ཡི་གེ་བརྒྱ་པ་འཆང་། །དབུལ་དང་སྡུག་བསྔལ་སོགས་མི་འབྱུང་། །དགྲ་རྣམས་ཀྱང་ནི་ཟད་པར་འགྱུར། །འདོད་པ་ཐམས་ཅད་རབ་ཏུ་འགྲུབ། །གང་ཞིག་ཡི་གེ་བརྒྱ་པ་འཆང་། །བུ་འདོད་པས་ནི་བུ་རྙེད་ཅིང་། །ནོར་འདོད་པས་ནི་ནོར་ཐོབ་འགྱུར། །ཡུལ་མེད་པས་ནི་ཡུལ་ཐོབ་འགྱུར། །གལ་ཏེ་ཚེ་ནི་རིང་འདོད་ན། །ཡི་གེ་བརྒྱ་པ་འཆང་བར་བྱ། །ཚེ་ཟད་གྱུར་པའང་བདེ་བར་ནི། །ལོ་ནི་སུམ་བརྒྱ་འཚོ་བར་འགྱུར། །ཚེ་འདིར་བདེ་བར་འགྱུར་བ་དང་། །ཤི་འཕོས་བདེ་བ་ཅན་དུ་འགྲོ། །གང་ཞིག་ཡི་གེ་བརྒྱ་པ་འཛིན། །མཁའ་འགྲོ་འབྱུང་པོ་རོ་ལངས་དང་། །གྲིབ་གདོན་དང་ནི་རྗེད་བྱེད་ཀྱིས། །འཚེ་བར་བྱེད་པ་མི་ནུས་སོ། །ལྟུང་བ་ཆེ་དང་ལྡན་རྣམས་ཀྱང་། །སངས་རྒྱས་ངེས་པར་མཐོང་བར་འགྱུར། །གསང་སྔགས་ཡི་གེ་བརྒྱ་བཟླས་ན། །བློན་པོ་བློ་ནི་འཕེལ་འགྱུར་ལ། །སྐལ་ངན་རྣམས་ཀྱང་སྐལ་ལྡན་འགྱུར། །བྱུར་དང་སྡུག་བསྔལ་རྣམ་པར་འཇིག །མཚམས་མེད་ལྔ་དང་ལྡན་པ་ཡང་། །ཡི་གེ་བརྒྱ་བཟླས་བྱང་པར་འགྱུར། །སྐྱེ་བ་དེ་དང་དེ་དག་ཏུ། །འཁོར་ལོའི་སྒྱུར་བའི་རིགས་ཅན་འགྱུར། །མཐར་ནི་ཐར་བར་གཞོལ་འགྱུར་ཞིང་། །སངས་རྒྱས་ཉིད་ནི་ཐོབ་པར་འགྱུར། །ཞེས་དང་། དྲི་མེད་བཤགས་རྒྱུད་ལས། འདི་དག་དུས་གཅིག་ལ་ལན་བརྒྱ་རྩ་བརྒྱད་བཟླས་ན་ཉམས་ཆག་ཐམས་ཅད་སྐོང་སྟེ། ངན་སོང་དུ་ལྟུང་བ་ལས་ཐར་བར་འགྱུར་རོ། །རྣལ་འབྱོར་པ་གང་ཞིག་གིས་ཡི་དམ་དུ་བཅས་ནས་འདོན་ན། མི་དེ་ཚེ་དེ་ཉིད་ལ་ཡང་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་སྲས་ཀྱི་དམ་པར་དགོངས་ནས་བསྲུང་ཞིང་སྐྱོབ་པར་མཛད་ལ། ཤི་འཕོས་ནས་ཀྱང་བདེ་བར་གཤེགས་པ་ཐམས་ཅད་ཀྱི་སྲས་ཀྱི་དམ་པ་ཉིད་དུ་འགྱུར་བར་གདོན་མི་ཟའོ། །ཞེས་གསུངས། དེ་བཞིན་དུ་རྡོ་རྗེ་ཐེག་པའི་ལམ་ཞུགས་ནས་རྩ་བ་དང་ཡན་ལག་གི་དམ་ཚིག་ཉམས་ཆགས་གང་བྱུང་ཡང་། ཉིན་བཞིན་རྡོར་སེམས་བསྒོམས་ནས་ཡིག་བརྒྱ་ཉེར་གཅིག་རེ་བཟླས་ན། ལྟུང་བ་བྱིན་གྱིས་བརླབས་པ་ཞེས་བྱ་སྟེ། ལྟུང་བ་བྱུང་བའི་རྣམ་སྨིན་གོང་དུ་མི་འཕེལ་བ་དང་། ཡིག་བརྒྱ་འབུམ་ཕྲག་གཅིག་བཟླས་ན་ལྟུང་བ་རྣམས་རྩ་བ་ནས་དག་པར་སྙིང་པོ་རྒྱན་ལས་གསུངས་སོ། །དེས་ན་རང་རེ་རྣམས་ཀྱིས་གསང་སྔགས་སྒོར་ཞུགས་ཏེ་དབང་ཐོབ་མ་མྱོང་པ་ནི་སུ་ཡང་མེད་ལ། དབང་སྲོག་དམ་ཚིག་མ་བསྲུངས་ན་དམྱལ་བ་དང་། བསྲུངས་ན་སངས་རྒྱས་ཀྱི་གོ་འཕང་ཐོབ་པ་གཉིས་ལས་འགྲོ་ས་གཞན་མེད་དེ། ཡོན་ཏན་རིན་པོ་ཆེའི་མཛོད་ལས། སྔགས་ལ་ཞུགས་པའི་སྐྱེས་བུ་ངན་སོང་དང་། །སངས་རྒྱས་གཉིས་ལས་འགྲོ་ས་གསུམ་པ་མེད། །ཞེས་གསུངས། དེས་ན་སྔགས་ཀྱི་དམ་ཚིག་ཕྲ་ཞིང་གྲངས་མེད་ལ་སྲུང་དཀའ་བས། ཇོ་བོ་རྗེས་ཀྱང་སྔགས་ལ་ཞུགས་པའི་དུས་ཉེས་པ་ཅར་རྒྱག་ཉར་རྒྱག་བྱུང་གསུངས་ན། རང་རེ་གཉེན་པོ་ཆུང་པ། དྲན་ཤེས་མེད་པ། ལྟུང་བའི་རྣམ་གྲངས་མི་ཤེས་པ་ལ། ཉེས་ལྟུང་ཆར་བཞིན་འབབ་པར་ངེས་པས། དེ་དག་གི་གཉེན་པོར་རྡོར་སེམས་སྒོམ་བཟླས་འདི་ལ་ཡི་དམ་དུ་བཟུང་ནས་ཐ་ན་ཡང་ཡིག་བརྒྱ་ཉེར་གཅིག་རེ་མ་ཆག་པ་གལ་ཆེ། སྤྱིར་ཡང་རང་གིས་དམ་ཚིག་མ་ཉམས་ཀྱང་དམ་མེད་གཞན་ལ་གཏམ་བསྲེ་བ་དང་། སྤྱོད་ལམ་འབྲེལ་བ་སོགས་ཐ་ན་ལུང་པ་གཅིག་གི་ཆུ་བཏུང་བས་ཀྱང་ཟླས་ཉམས་ཞར་ཉམས་ཀྱི་ཉེས་པ་བསྐྱེད་ཅིང་། ཚོགས་གྲལ་གཅིག་ཏུ་དམ་ཉམས་ཀྱི་མི་གཅིག་ཡོད་ཀྱང་དེར་འདུས་དམ་ལྡན་བརྒྱ་སྟོང་འདུས་ཀྱང་སྒྲུབ་པའི་འབྲས་བུ་མི་འབྱིན་ལ། དེར་མ་ཟད་བླ་མ་དམ་པ་གྲུབ་ཐོབ་ཅིག་ཡིན་ཀྱང་ཉམས་གྲིབ་ཀྱིས་མི་གོས་པ་ནི་སུ་ཡང་མེད། དེས་ན་གསང་སྔགས་རྡོ་རྗེ་ཐེག་པའི་དམ་ཚིག་འདི་ཉམས་ན་ཉེས་པ་ཆེ་ཞིང་སྲུང་བར་ཡང་དཀའ་བས། རང་ལ་བརྟག་དཔྱད་མེད་པར་དམ་ལྡན་ཡིན་པར་རློམ་པས་མི་འོང་སྟེ་སྔགས་གཞུང་ལས། སྒོ་གསུམ་དཀྱིལ་འཁོར་གསུམ་གྱི་ཁྱེར་སོ་དང་སྐད་ཅིག་མ་གཅིག་བྲལ་ཀྱང་། སྔགས་ཀྱི་དམ་ཚིག་ལས་འདས་པར་བཤད་པ་དང་། རྒྱས་པར་དབྱེ་ན་ས་ཡ་འབུམ་སྡེའི་གྲངས་སུ་གསུང་པས། རང་གི་བློ་ལ་མངོན་པ་དང་མི་མངོན་པའི་ཉེས་ལྟུང་གཉེན་པོར་རྡོར་སེམས་སྒོམ་བཟླས་འབད་དགོས། སྔོན་གྱི་དམ་པ་དག་གིས་དང་པོ་ནས་སྡིག་པས་མ་གོས་པ་དང་། གལ་སྲིད་གོས་ན་བཤགས་པ་བྱེད་པ་གཙོ་ཆེ་བ་ཡིན་གསུངས་སོ། །

གཉིས་པ་ཚོགས་བསགས་པ་མཎྜལ་གྱི་ཁྲིད་ལ། འབུལ་དགོས་པའི་རྒྱུ་མཚན། ཚོགས་ཞིང་གི་མཎྜལ་བསྐྱེད་པ། མཆོད་པའི་མཎྜལ་འབུལ་བ། རྟགས་ཕན་ཡོན་དང་བཅས་པའོ། །དང་པོ་ནི། སྤྱིར་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བསྒྲུབ་པའི་རྒྱུར་བསག་བྱའི་ཚོགས་ནི། སེམས་འགྲེལ་རྣམས་ལས། ཚོགས་གསུམ་གསུང་སྟེ། དེ་ཡང་སྦྱིན་པ་ཐབས་སྨོན་ལམ་རྣམས་བསོད་ནམས་ཀྱི་ཚོགས། ཚུལ་ཁྲིམས་བཟོད་པ་བརྩོན་འགྲུས་གསུམ་ཚུལ་ཁྲིམས་ཀྱི་ཚོགས། བསམ་གཏན་ཤེས་རབ་སྟོབས་དང་ཡེ་ཤེས་རྣམས་ཡེ་ཤེས་ཀྱི་ཚོགས་སོ། །མདོ་སོགས་ཡོངས་གྲགས་ལྟར་ན་ཚོགས་གཉིས་གསུང་སྟེ། སྦྱིན་པ་ཚུལ་ཁྲིམས་བསོད་ནམས་ཀྱི་ཚོགས། ཤེས་རབ་ཡེ་ཤེས་ཀྱི་ཚོགས། གཞན་གསུམ་གཉིས་ཀའི་གྲོགས་སུ་གཏོགས་ཤིང་། ཡང་ཐམས་ཅད་འཁོར་གསུམ་ཡོངས་དག་གི་རྩིས་ཟིན་ན་ཡེ་ཤེས་ཀྱི་ཚོགས་སུ་འགྱུར་ལ། དེ་ལྟ་བུའི་ཚོགས་གཉིས་ལས་བསོད་ནམས་ཀྱིས་ནི་རྒྱལ་སྲས་རྣམས་འཁོར་བ་ན་གནས་ནས་འགྲོ་བའི་དོན་བྱེད་པའི་ཚེ་གཞན་དོན་སྤྱོད་པ་ལ་མཐུ་དང་ལྡན་པའི་མངོན་མཐོའི་ཆོས་རྣམས་ཐོབ་ཅིང་། མཐར་ཐུག་གཟུགས་སྐུ་གཉིས་ཀྱི་སྒོ་ནས་སེམས་ཅན་གྱི་དོན་བྱེད་པ་ཡིན་ལ། ཡེ་ཤེས་ཀྱིས་ནི་གནས་སྐབས་སུ་འགྲོ་བའི་དོན་དུ་འཁོར་བར་སྤྱོད་པའི་ཚེ་ཉོན་མོངས་པ་མེད་ཅིང་ཐབས་ལ་མཁས་པའི་ཡེ་ཤེས་ལ་འཇུག་པ་དང་། མཐར་ཐུག་ཏུ་རང་དོན་ཆོས་ཀྱི་སྐུ་མངོན་དུ་བྱེད་པ་ཡིན་ལ། ཁྱད་པར་སྔོན་འགྲོའི་སྐབས་འདིར་མཎྜལ་གྱི་སྒོ་ནས་ཚོགས་གཉིས་བསགས་པ་ལ་འབད་དགོས་ཏེ། སྔ་མའི་བསགས་རྒྱབ་ཁྱད་པར་ཅན་རེ་ཡོད་ན་མ་གཏོགས། རང་རྒྱུད་ལ་དགེ་ཚོགས་བསགས་པའི་གཞི་རྟེན་ཞིག་མེད་ན་དགེ་བའི་བག་ཆགས་ཡོད་ཀྱང་འཕྲལ་དུ་སད་མི་ནུས་པས། ལམ་དངོས་གཞིའི་ཉམས་མྱོང་འཕྲལ་དུ་སྐྱེ་དཀའ་ཞིང་སྟོབས་ཆུང་། དེའི་ཕྱིར་དཀའ་ཚེགས་ཆུང་ངུའི་སྒོ་ནས་ཚོགས་ཆེན་པོ་གསོག་པའི་ཐབས་མཎྜལ་འབུལ་བའི་ཆོ་ག་འདི་ཉིད་ཡིན་པས་བརྩོན་པར་བྱ་དགོས་ཏེ། རྒྱུད་ལས། སངས་རྒྱས་ཞིང་ཁམས་ཐམས་ཅད་ལ། །སྟོང་གསུམ་ཞིང་ཁམས་མ་ལུས་པ། །འདོད་པའི་ཡོན་ཏན་བརྒྱན་པ་ཡིས། །མཆོད་ན་བསོད་ནམས་ཡེ་ཤེས་རྫོགས། །ཞེས་གསུངས།

གཉིས་པ་ནི། རང་གི་ལག་གིས་རྡུལ་དང་བྲལ་བ་ལེགས་པར་ཕྱིས་པའི་མཎྜལ་དྲི་དང་བ་བྱུང་གི་ཆུས་བྱུག་སྟེ། ཚོམ་བུ་དབུས་དང་ཕྱོགས་བཞི་སྟེ་ལྔ་བཀོད་ལ་མདུན་སྟེགས་མཐོ་བར་བཞུགས་སུ་གསོལ་ལ། འཛོམས་ན་ཅི་འབྱོར་བའི་མཆོད་པས་མཐའ་བསྐོར་ལ་བཤམས་གསུངས། ཚོམ་བུ་རྣམས་སྐྱབས་ཡུལ་གྱི་སྐབས་ལྟར་གསལ་བཏབ། གལ་ཏེ་འབྱོར་བ་དམན་པས་མཎྜལ་གཅིག་ལས་མ་འབྱོར་བའམ། འཕྲལ་དུ་འབུལ་དགོས་ཀྱིས་མ་འཛོམས་ཀྱང་། ཚོགས་ཞིང་རྣམས་མདུན་མཁར་བསམ་པས་ཀྱང་དོན་འགྲུབ་སྟེ། གཙོ་བོར་རང་གི་མོས་པའི་རྗེས་སུ་འགྲོ་བའི་ཕྱིར་ཏེ། ཡུམ་བར་མ་ལས། གང་ལ་ལ་ཞིག་གིས་དེ་བཞིན་གཤེགས་པ་ཡིད་ལ་བྱས་ཏེ། སངས་རྒྱས་ལ་ཕྱག་འཚལ་ལོ། །ཞེས་བརྗོད་ན་དེའི་མདུན་ན་དེ་བཞིན་གཤེགས་པ་བཞུགས་སོ། །ཞེས་གསུངས། ཡང་ན། མཎྜལ་གཅིག་པོ་དེར་ཐོག་མར་སྒྲུབ་པའི་མཎྜལ་ལྟར་ཚོམ་བུ་འགོད་ཅིང་། དེ་ལ་ཚོགས་ཞིང་བསྐྱེད་བསྟིམ་མཆོད་ཅིང་གསོལ་བ་བཏབ་རྗེས་ནམ་མཁར་བཏེགས་ནས་ཚོམ་བུ་བསྡུས་ཏེ་བྱི་དོར་བྱས་ལ་སླར་མཆོད་པའི་མཎྜལ་བྱ་བར་པདྨའི་ལམ་རིམ་ལས་གསུངས་སོ། །མཎྜལ་གཉིས་ཡོད་ན་རྒྱུ་བཟང་བ་ཆེ་བ་དེ་སྒྲུབ་པའི་མཎྜལ་བྱ་དགོས། གཞན་ཡང་གནས་ཁང་ཕྱི་དོར་བྱ། ཆག་ཆག་གདབ། གོང་དུ་སྐུ་གསུང་ཐུགས་རྟེན་དགྲམ། འདི་ཚོགས་གསོག་གི་དང་པོ་ཡིན་པས་མཆོད་པ་རྣམས་ཁ་ཚང་པ་རེ་ཡོད་དགོས་པས་ཡོན་ཆབ་ཞལ་ཟས་མར་མེ་སྤོས་སོགས་འབྱོར་མཁོས་བསྟུན་པར་བསམ་པ་དག་པ་འཇིག་རྟེན་ཚེ་འདིའི་འཇིགས་སྐྱོབ་དང་ལེགས་སྨོན་སོགས་མ་ཡིན་པར་རིན་ཆེན་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་རང་རྒྱུད་ལ་བཟུང་བར་བྱ་བའི་ཕྱིར་དང་། ཡུལ་དག་པ་ཕྱི་རོལ་པའི་སྟོན་པ་སོགས་མ་ཡིན་པར་དཀོན་མཆོག་རིན་ཆེན་རྣམ་པ་གསུམ་དང་། དངོས་པོ་དག་པ་རྒྱུ་བཟང་བ། སྤུས་གཙང་པ་བཀོད་ལེགས་པ་གསུམ་གྱི་སྒོ་ནས་མཆོད། དེ་ལ་རྒྱུ་བཟང་བ་ནི་རང་ལ་གསེར་དངུལ་གཉིས་ཡོད་ན་བཟང་བ་གསེར་དེས་དཀོན་མཆོག་མཆོད་དགོས་པས་མཚོན་རང་གི་འབྱོར་བ་གང་བཟང་གིས་མཆོད་པ་ཡིན། སྤུས་གཙང་བ་ནི། མར་གྱི་ཁ་ས། ལོ་མའི་སེར་ས། ཐུད་ཀྱི་སྔོ་ས་ལྟ་བུས་མཆོད་པ་མ་ཡིན་པར། མར་གྱི་དཀར་ས། ལོ་མའི་སྔོ་ས། ཐུད་ཀྱི་ཞིམ་ས་ལྟ་བུ་རང་ལ་སྤུས་གང་གཙང་བ་དེས་དཀོན་མཆོག་ལ་མཆོད་པ་ཡིན། བཀོད་ལེགས་པ་ནི་མཆོད་སྟེགས་བང་རིམ་ཅན་ནམ་མིན་ཀྱང་། ཤིང་ལེབ་ལྟ་བུའི་སྟེང་རྡུལ་ཕྱིས་ཏེ་ཏིང་བདུན་ཀྱང་བྱི་དོར་ལེགས་པར་བྱ། ཆུ་གཉིས་ཉེར་སྤྱོད་ཡ་ཡོ་འཁྱ་འཁྱོགས་མེད་པར་དྲང་པོ་དང་བདུན་ཚར་ཆེ་བ་གཉིས་རེའི་བར་ན་སོར་རེ། ཆུང་བ་གཉིས་རེའི་བར་ན་ནས་འབྲུ་གློ་གཤིབ་ནས་ཤོང་ཚོད་དང་། ཧ་ཅང་གང་ཆེ་བ་དང་མི་གང་བ་ལྟ་བུ་མཆོད་སྟེགས་ཀྱི་སྟེང་དུ་ཕྱིར་བོ་བ་སོགས་མ་ཡིན་པ། མདོར་ན། བྲི་གང་ཡོ་རེག་མཆོད་ཞལ་གྱི་སྐྱོན་དང་བྲལ་ཞིང་མར་མེའི་འོད་ཀྱིས་ཞལ་ཟས་རྒྱན་ཞུ་བ་དང་། སྤོས་ཐལ་གྱིས་ཡོན་ཆབ་སོགས་དྲི་མ་ཅན་དུ་བྱེད་པ་མེད་པར་རང་རྒྱུད་ལ་བརྟགས་ཏེ་ང་རྒྱལ་ངོམས་ཆོས་སེར་སྣ་སོགས་དང་མ་འདྲེས་པར་ངོ་ཚ་འཇིགས་སྐྲག་དད་གུས་ཞེ་ས་བག་ཡོད་དང་ལྡན་པས་ཚོགས་ཞིང་གི་གཡས་ཕྱོགས་ནས་མཆོད་མགོ་བཟུང་ནས་བཤམས་ལ། གཤེགས་དུས་ཚོགས་ཞིང་གཡོན་ཕྱོགས་ནས་བསྡུ་བ་ཡིན། གསུམ་པ་མཆོད་པའི་མཎྜལ་ལ་དངོས་སུ་འབྱོར་བ་ནི། མཎྜལ་གྱི་རྒྱུ་གསེར་དངུལ་རིན་པོ་ཆེ་མཆོག་ལས་གྲུབ་པ་ཡིན་ན་སོར་བཞི་ལས་མི་ཆུང་བ། མཁར་བ་ལྟ་བུ་རིན་པོ་ཆེ་ཕལ་པ་ཡིན་ན་མཐོ་གང་ལས་མི་ཆུང་བ། རྫ་ཤིང་སོགས་ངན་པ་ལས་བྱས་ན་ཁྲུ་གང་ལས་མི་ཆུང་བར་གསུངས་ཤིང་། དེ་ཡང་མེད་ན་ས་གཞི་དང་གཡམ་ལེགས་བྱི་དོར་བྱས་པས་ཀྱང་རུང་། ཚོམ་བུའི་རྒྱུ་རབ་གསེར་བྱེ་གཡུ་བྱུ་རུ་མུ་མེན་མུ་ཏིག་སོགས་རིན་པོ་ཆེ། འབྲིང་ཨ་རུ་སྐྱུ་རུ་ར་སོགས་སྨན་གྱི་རིགས། ཐ་མ་ནས། འབྲས། གྲོ། སྲན་སོགས་འབྲུ་སྣ་ཚོགས། དེ་ཡང་མ་འཛོམས་ན་རྡེའུ་དང་གསེག་མ། བྱེ་མ་སོགས་ལས་ཀྱང་དམིགས་རྟེན་ཙམ་རུང་སྟེ། གང་ལའང་ངོམས་ཆོས་དང་སེར་སྣ་དང་སླ་ཆོས་སོགས་ཀྱི་སྐྱོན་གྱིས་མ་སྦགས་པར་འབྱོར་ན་སྔ་མ་ཁ་གསོ་བ་ཙམ་མ་ཡིན་པར་རེ་རེ་བཞིན་ཚོམ་བུ་སྔ་མ་བསལ་ནས་གསར་དུ་འགོད་ཅིང་། ཚོམ་བུ་རྙིང་པ་རྣམས་རིམ་པར་བསགས་ནས་ཕྱིས་བླ་མ་དཀོན་མཆོག་ལ་འབུལ་བའམ། ངན་སློང་གཞན་ལ་སྦྱིན་པ་ལས་རང་གིས་ལོངས་མི་སྤྱོད། འབྱོར་བ་མེད་ན་ཚོམ་བུ་སྔ་མ་དེ་ག་ལྡབ་སྟེ་འབུལ་བ་ལས་འོས་མེད་ཅིང་འབྲུའི་ཕུད་རེ་བསགས་པ་ཆོས་ཐུན་རྟིང་མར་མཎྜལ་དུ་འབུལ་བའི་ཕྱག་ལེན་ཀྱང་མཛད། དྲི་ཆབ་དང་བ་བྱུང་གི་ཆུས་ཀྱང་སྐམ་རེས་གྱིས་བྱུགས་པ་ལ་རླན་དང་མ་བྲལ་བ་སོགས་སླ་ཆོས་མི་བྱའོ། །གྲངས་མང་བ་སོགས་ཀྱིས་ཧ་ཅང་ལག་གིས་འདེགས་མ་ནུས་ན་མདུན་སྟེགས་སུ་བཀོད་ནས་ཚོམ་བུ་ཁ་གསོ་བ་ཕྱག་ལེན་འདུག །འབུལ་ཚུལ་ནི། ལུས་ཀྱི་ལས་སུ་ལག་གཡོན་པར་འབྲུ་ཅུང་ཟད་ཙམ་དང་བཅས་མཎྜལ་བཟུང་ལ། སེམས་ཀྱི་རང་བཞིན་དྲི་མ་མེད་པ་མཚོན་བྱེད་ལག་པའི་མཁྲིག་མར་ཤེས་རབ་ཀྱི་རྩ་ཡོད་པས་ལེགས་པར་ཕྱི་ཞིང་། སྙིང་རྗེ་བྱང་སེམས་ཀྱི་རླན་དང་མ་བྲལ་བ་མཚོན་བྱེད་དྲི་དང་བ་བྱུང་ལྔ་སྦྱར་བའི་ཆུས་བྱུག །གཡས་པའི་སྲིན་ལག་གིས་མཐའ་བསྐོར་བས་ཕྱིའི་མུ་ཁྱུད་དང་། དེ་ནས་ལག་མ་བཏེགས་པར་དབུས་སུ་མེ་ཏོག་བཞག་སྟེ་ཧཱུྃ་ཞེས་བགེགས་བསལ་ནས་རི་གླིང་ཉི་ཟླ་སོགས་རང་རང་གི་གནས་སུ་འབྲུའི་ཚོམ་བུ་སོ་བདུན་ནམ་བཅོ་ལྔ་པའམ་བདུན་མ་ལག་ལེན་བཞིན་འགོད་ཅིང་། ངག་གི་ལས་སུ་རང་གཞན་སེམས་ཅན་ཐམས་ཅད་ཀྱིས་མགྲིན་གཅིག་ཏུ། ཆོས་རྒྱལ་འཕགས་པའི་གསུང་མཎྜལ་སོ་བདུན་མ་ཅི་རིགས་ཕུལ་བའི་རྗེས་རིན་ཆེན་ས་གཞི་ལྷུན་པོ་འཁོར་ཡུག་བཅས༔ ཞེས་སོགས་བརྒྱ་སྟོང་ཁྲི་འབུམ་སོགས་བརྗོད་བཞིན། ཡིད་ཀྱིས་ལས་སུ་དབང་ཆེན་གསེར་གྱི་ས་གཞི་ལ་བརྟེན་པའི་དབུས་སུ་ལྷུན་པོ་མཆོག་རབ་གྲུ་བཞི་པ་རྒྱུ་རིན་ཆེན་སྣ་བཞི་ལས་གྲུབ་པ་སྟེ། ཤར་ཤེལ། ལྷོ་བཻཌཱུརྱ། ནུབ་པདྨ་རཱ་ག །བྱང་གསེར་ལས་གྲུབ་པ་འོག་ནས་རིམ་བཞིན་གཡུའི་རྡོ་རྗེ་ཅན་ཞེས་གཡུའི་རྡོ་རྗེས་གཏམ་པ། པདྨ་རྣམ་པར་སྤུངས་པ་ཞེས་ཤེལ་གྱི་རང་འོད་འབར་བ། འཁོར་ལོ་རྣམ་བརྩེགས་ཞེས་གསེར་ལས་གྲུབ་པ། རིན་ཆེན་འོད་འབར་ཞེས་བྱུ་རུ་ལས་གྲུབ་པ་མེ་འོད་ལྟར་དམར་པོ་འཕྲོ་བ་སྟེ་བང་རིམ་བཞི་དང་ལྡན་པ། དེའི་ཕྱི་རོལ་ནས་རིམ་པར། གཉའ་ཤིང་འཛིན་དང་། གཤོལ་མདའ་འཛིན་དང་། སེང་ལྡིང་ཅན་དང་། བལྟ་ན་སྡུག་དང་། རྟ་རྣ་དང་། རྣམ་འདུད། མུ་ཁྱུད་འཛིན་ཏེ་གསེར་གྱི་རི་བདུན་གྱིས་གྲུ་བཞི་པར་བསྐོར་བ་དེ་དག་གི་བར་མཚམས་སུ་རོལ་པའི་མཚོ་བདུན་དང་། ཕྱི་རོལ་དུ་མཐའི་རྒྱ་མཚོ་དང་བཅས་པ་གསལ་གདབ། དེ་ནས་ཤར་རང་ཕྱོགས་སམ་ཡང་ན་འབུལ་ཡུལ་གྱི་ཕྱོགས་གཉིས་གང་བྱས་ཀྱང་འདྲ་ལ། གང་ལྟར་ཡང་། ཤར་ནས་རིམ་པར་གཡས་བསྐོར་གྱིས། ཤར་གླིང་ཤེལ་ལས་གྲུབ་པའི་རང་བཞིན་ཁ་དོག་དཀར་པོ་གཟུགས་ཟླ་གམ་བཅད་ཀ་ཆེ་བ་རི་རབ་ལ་བསྟན་པ། ལྷོ་གླིང་བཻཌཱུརྱའི་རང་བཞིན་ཁ་དོག་སྔོན་པོ་གཟུགས་སོག་ཁའི་འཕེལ་ཆེ་བ་རི་རབ་ལ་བསྟན་པ། ནུབ་གླིང་པདྨ་རཱ་གའི་རང་བཞིན་ཁ་དོག་དམར་པོ་དབྱིབས་ཟླུམ་པོ། བྱང་གླིང་རིན་པོ་ཆེ་གསེར་ལས་གྲུབ་པ་ཁ་དོག་སེར་པོ་དབྱིབས་གྲུ་བཞི་པ། གླིང་ཕྲན་རྣམས་ཀྱང་ཕྱེད་ཀྱིས་ཆུང་བ་མ་གཏོགས་བཟོ་དབྱིབས་དང་ཁ་དོག་གླིང་ཆེན་རྣམས་དང་མཚུངས་པ། གླིང་རང་རང་གི་གཡས་གཡོན་དུ་གླིང་གཡོག་གཉིས་རེ་རིམ་པ་ལྟར་འགོད། ཤར་གླིང་གི་ནང་དུ་རྡོ་རྗེ་ཕ་ལམ་བཻཌཱུརྱ། ཨིནྡྲ་ནཱི་ལ་མུ་ཏིག་གསེར་དངུལ་སོགས་རིན་པོ་ཆེའི་རི་བོ། ལྷོ་གླིང་གི་ནང་དུ་དགོས་འདོད་ཆར་བཞིན་འབེབས་པའི་དཔག་བསམ་གྱི་ལྗོན་ཤིང་། ནུབ་གླིང་གི་ནང་དུ་སྤུ་ཉག་རེ་ལས་ཀྱང་ཅི་འདོད་འབྱུང་པའི་འདོད་འཇོའི་བ། བྱང་གླིང་གི་ནང་དུ་བཀྲེས་པ་སེལ་ཞིང་ཟད་མི་ཤེས་པ་མ་རྨོས་པའི་ལོ་ཏོག །རིན་པོ་ཆེའི་རིའི་མདུན་ཛམ་བུ་ཆུ་བོའི་གསེར་ལས་གྲུབ་པའི་འཁོར་ལོ་རྩིབས་སྟོང་། དཔག་བསམ་ཤིང་གི་མདུན་ཉི་མའི་འོད་ཟེར་ལྟར་གསལ་ཞིང་དཔག་ཚད་དུ་མར་འདོད་དགུའི་ཆར་པ་འབེབས་པའི་ནོར་བུ་ཟུར་བརྒྱད། འདོད་འཇོ་བའི་མདུན་བུད་མེད་ཀྱི་ཡོན་ཏན་སུམ་ཅུ་རྩ་གཉིས་དང་ལྡན་པའི་བཙུན་མོ་ལྟ་ན་སྡུག་པ། མ་རྨོས་པའི་ལོ་ཏོག་མདུན་གཟུགས་བཟང་ཞིང་སྟོབས་རྩལ་ཕུལ་དུ་ཕྱིན་ཞིང་ས་འོག་གི་གཏེར་མཐོང་བའི་བློན་པོ། ལུས་དང་རྔ་ཡབ་གཞན་གཉིས་བར་མཚམས་ཤར་ལྷོར་ནམ་མཁའ་ལ་ཐོགས་མེད་དུ་འགྲོ་ཞིང་གླང་ཆེན་ཐལ་དཀར་གསེར་གྱི་དྲྭ་བས་གཡོགས་པ། རྔ་ཡབ་དང་ལམ་མཆོག་འགྲོའི་བར་མཚམས་ལྷོ་ནུབ་ཏུ་སྐད་ཅིག་གིས་གླིང་བཞི་འཁོར་བའི་རྟ་མཆོག་སྤུ་མདོག་རྨ་བྱའི་མདོག་འདྲ། གཡོ་ལྡན་དང་སྒྲ་མི་སྙན་གྱི་ཟླའི་བར་མཚམས་ནུབ་བྱང་དུ་སྒྱུ་རྩལ་དྲུག་ཅུ་རྩ་བཞིར་རང་དབང་ཐོབ་པའི་དམག་དཔོན། སྒྲ་མི་སྙན་དང་ལུས་འཕགས་ཀྱི་བར་མཚམས་བྱང་ཤར་དགོས་འདོད་ཀུན་འབྱུང་ཟད་མི་ཤེས་པའི་གཏེར་བུམ། འཁོར་ལོ་རིན་པོ་ཆེའི་མདུན་ཤར་དུ་སྒེག་མོ་དཀར་མོ་མཛེས་སྡུག་མེ་ལོང་འཛིན་པ། ལྷོར་ནོར་བུ་རིན་པོ་ཆེའི་མདུན་ཕྲེང་བ་མ་མཐིང་ཀ་རིན་པོ་ཆེའི་ཕྲེང་བ་འཛིན་པ། ནུབ་ཕྱོགས་བཙུན་མོ་རིན་པོ་ཆེའི་མདུན་གླུ་མ་དམར་མོ་པི་ཝང་འཛིན་པ། བྱང་ཕྱོགས་བློན་པོ་རིན་པོ་ཆེའི་མདུན་གར་མ་ལྗང་གུ་གར་བྱེད་པ། ཤར་ལྷོར་གླང་པོ་རིན་པོ་ཆེའི་མདུན་མེ་ཏོག་མ་དཀར་མོ་མེ་ཏོག་འཛིན་པ། ལྷོ་ནུབ་ཏུ་རྟ་མཆོག་རིན་པོ་ཆེའི་མདུན་བདུག་སྤོས་མ་སེར་མོ་སྤོས་ཕོར་འཛིན་པ། ནུབ་བྱང་དུ་དམག་དཔོན་རིན་པོ་ཆེའི་མདུན་སྣང་གསལ་མ་དམར་མོ་མར་མེ་འཛིན་པ། བྱང་ཤར་གཏེར་ཆེན་པོའི་མདུན་དྲི་ཆབ་མ་ལྗང་གུ་དུང་ཞལ་འཛིན་པ། སྒེག་མོ་མའི་མདུན་སྟེང་མེ་ཤེལ་ལས་གྲུབ་པའི་ཉི་མའི་དཀྱིལ་འཁོར། གླུ་མའི་མདུན་གྱི་སྟེང་ཆུ་ཤེལ་ལས་གྲུབ་པའི་ཟླ་བའི་དཀྱིལ་འཁོར། གར་མའི་མདུན་གྱི་ནམ་མཁར་རིན་པོ་ཆེའི་གདུགས་དཀར་པོ་གསེར་གྱི་ཡུ་བ་ཅན། ཕྲེང་བ་མའི་མདུན་གྱི་ནམ་མཁར་ཕྱོགས་ལས་རྣམ་པར་རྒྱལ་བའི་རྒྱལ་མཚན་དྲང་ཞིང་ལྡེམ་པ་ནོར་བུའི་དྲྭ་ཕྱེད་མཛེས་པའོ། །དེ་དག་གི་དབུས་དང་བར་མཚམས་རྣམས་སུ་ལྷ་དང་མིའི་དཔལ་འབྱོར་ཕུན་སུམ་ཚོགས་པ་ཐམས་ཅད་ཀྱིས་ཕྱུར་བུར་བཀང་ཞིང་། ཤིན་ཏུ་གཙང་ཞིང་ཡིད་དུ་འོང་བའི་རྣམ་པ་ཅན། དེ་ཐམས་ཅད་རང་རང་ལ་མངའ་བའི་ཡོན་ཏན་དང་ཆ་མཐུན་པའི་ལོངས་སྤྱོད་ཉི་ཟེར་ལ་རྡུལ་འཁྲིགས་པ་ལྟར་ལང་ལོང་དུ་འཕྲོ་ཞིང་། དེ་ལྟ་བུའི་རྡུལ་ཕྲ་རབ་རེ་རེའི་ཁོངས་སུ་ཡང་བཤད་མ་ཐག་པའི་མཎྜལ་རྡུལ་སྙེད་དུ་འཁྲིགས་ཤིང་། སོ་སོ་སྐྱེ་བོའི་བློས་དཔག་པར་མི་ནུས་ཤིང་མཐའ་གཏུགས་པ་མེད་པའི་བར་དུ་ཏིང་ངེ་འཛིན་གྱིས་རྣམ་པར་འཕྲུལ་ནས་འབུལ་བ་ནི། བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་རྣམ་པར་ཐར་པ་ལས་བྱུང་བའི་མཆོད་པ་འབུལ་ཚུལ་དུ་གྲགས་སོ། །ནང་གསང་གི་མཎྜལ་ལ། དང་པོར་རང་ལུས་ཕུང་ཁམས་སྐྱེ་མཆེད་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ཀྱི་ཆོས་ཉིད་ཡེ་ནས་གདན་གསུམ་ཚང་བ་ལྷ་ཡི་དཀྱིལ་འཁོར་གྱི་འཁོར་ལོར་གནས་པ་ནི་སྒྲུབ་པའི་མཎྜལ་ཏེ། གསང་སྙིང་ལས། རྡོ་རྗེ་ཕུང་པོའི་ཡན་ལག་ནི། །རྫོགས་པའི་སངས་རྒྱས་ལྔ་རུ་གྲགས། །སྐྱེ་མཆེད་ཁམས་རྣམས་མང་པོ་ཀུན། །བྱང་ཆུབ་སེམས་དཔའི་དཀྱིལ་འཁོར་ཉིད། །ས་ཆུ་སྤྱན་དང་མ་མཱ་ཀི། །མེ་རླུང་གོས་དཀར་སྒྲོལ་མ་སྟེ། །ནམ་མཁའ་དབྱིངས་ཀྱི་དབང་ཕྱུག་མ། །སྲིད་གསུམ་ཡེ་ནས་སངས་རྒྱས་ཤིང་། །ཐམས་ཅད་མ་ལུས་ཆོས་སོ་ཅོག །སངས་རྒྱས་ཉིད་ལས་གཞན་མ་ཡིན། །སངས་རྒྱས་ཉིད་ལས་གཞན་པའི་ཆོས། །སངས་རྒྱས་ཉིད་ཀྱིས་མི་བརྙེས་སོ། །ཞེས་སོ། །དེ་ཉིད་ཡེ་ནས་ཡིན་པ་ལ་ཡིན་པར་ཤེས་པའི་ངེས་ཤེས་ཀྱི་གསལ་གདབ་ཙམ་ལས་གཞན་བསྐྱེད་བསྟིམ་སོགས་གང་ཡང་མི་དགོས་སོ། །མཆོད་པའི་མཎྜལ་ནི། ནང་རང་ལུས་ཕུང་ཁམས་སྐྱེ་མཆེད་ཀྱི་ཆོས་འདི་རྣམས་ཕྱི་སྣོད་ཀྱི་འཇིག་རྟེན་གླིང་བཞི་རྒྱན་རྒྱུར་སོགས་དང་སྦྱར་ན། པགས་པ་ནི་དབང་ཆེན་གསེར་གྱི་ས་གཞི། ཁྲག་ནི་དྲི་ཡི་བྱུག་པ། སྒལ་ཚིགས་ནི་མཐའ་ལྕགས་རི་འཁོར་ཡུག །མགོ་བོ་དབུས་ཀྱི་རི་བོ་མཆོག་རབ། ལག་པ་གཡས་ཤར་ལུས་འཕགས་པོ། གཡོན་ལྷོ་འཛམ་བུ་གླིང་། རྐང་པ་གཡས་ནུབ་བ་ལང་སྤྱོད། གཡོན་བྱང་སྒྲ་མི་སྙན། མིག་གཉིས་ཉི་མ་དང་ཟླ་བ། ཉིང་ལག་རྣམས་གླིང་ཕྲན་དང་གླིང་གཡོག །རྩིབ་མ་གསེར་གྱི་རི་བདུན། རྒྱུ་མ་རོལ་པའི་མཚོ་བདུན། གློ་བ་དཔག་བསམ་གྱི་ཤིང་། སྙིང་གཏེར་ཆེན་པོའི་བུམ་པ། མཁལ་མ་འདོད་འཇོའི་བ། མཆིན་པ་མ་རྨོས་པའི་ལོ་ཏོག །ཀླད་པ་ལྷ་ཡི་བདུད་རྩི། སྐྲ་དང་སྨིན་མ་ཙནྡན་གྱི་ནགས་ཚལ། བ་སྤུ་གུར་གུམ་གྱི་སྤང་རི། དབང་པོ་ལྔ་འདོད་ཡོན་གྱི་ལྷ་མོ། བྱང་ཆུབ་ཀྱི་སེམས་ལྷ་མིའི་འབྱོར་ཚོགས་སུ་དམིགས་ནས་ཕུལ་བ་ནང་གི་མཎྜལ། གཉིས་པ་གསང་བ་ལ། སེམས་ཉིད་གདོད་ནས་སྤྲོས་བྲལ་ཐིག་ལེ་ཉག་གཅིག་ཀློང་དུ་འཁོར་འདས་ཀྱི་ཆོས་ཐམས་ཅད་ཡེ་ནས་མ་བཙལ་ལྷུན་གྱིས་གྲུབ་པའི་ཚུལ་དུ་རྫོགས་པ་ནི་སྒྲུབ་པའི་མཎྜལ། མཆོད་པ་འབུལ་བ་ནི། དེའང་ཀུན་རྫོབ་ཏུ་སྦྱར་ན་སེམས་ཉིད་སྤྲོས་པ་དང་བྲལ་བའི་གནས་ལུགས་ཡེ་དོན་གྱི་ཀུན་གཞི་དབང་ཆེན་གསེར་གྱི་ས་གཞི། དེ་ཉིད་སྙིང་རྗེ་བྱང་ཆུབ་སེམས་ཀྱི་རླན་དང་མ་བྲལ་བ་ནི་དྲིའི་བྱུག་པ། ངོ་བོ་རྒྱ་ཆད་ཕྱོགས་ལྷུང་དང་བྲལ་བར་གནས་པ་ནི་མཐའི་ལྕགས་རི་མུ་ཁྱུད། མེ་ལོང་ལྟ་བུ་སོགས་ཡེ་ཤེས་ལྔ་ནི་དབུས་ཀྱི་རི་རྒྱལ་ལྷུན་པོ་གླིང་ཆེན་བཞི། ཚོགས་བརྒྱད་ཀྱི་ཤེས་པ་འགགས་མེད་དུ་གསལ་བ་ནི་གླིང་ཕྲན་བརྒྱད། ཚོགས་དྲུག་གི་སྤྱོད་ཡུལ་དུ་འདོད་ཡོན་ལྔ་ཡི་རོལ་པ་ཚད་མེད་པར་འཆར་བ་ནི་སྲིད་ཞིའི་མཆོད་རྫས་མ་ཚང་བ་མེད་པ་སྟེ་དེ་ཐམས་ཅད་ཀྱང་རིག་སྟོང་ཀ་དག་གི་དབྱིངས་སུ་ཤར་གྲོལ་འཛིན་མེད་དུ་ངང་གིས་ཤར་བས་དེ་ལྟར་མངོན་སུམ་དུ་རྟོགས་པའི་ཤེས་རབ་ནི་ཉི་མ། དེའི་རྩལ་ལས་དེ་ལྟར་མ་རྟོགས་པའི་སེམས་ཅན་རྣམས་ལ་ཐབས་སྙིང་རྗེ་ཆེན་པོ་རྩོལ་མེད་དུ་སྐྱེ་བ་ནི་རི་བོང་འཛིན་པ་སྟེ། མདོར་ན་སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་སེམས་ཉིད་སྟོང་པའི་རང་རྩལ་དུ་རྫོགས་པས་དེ་ལྟར་རྟོག་ན་དོན་དམ་པའི་མཆོད་པའི་མཎྜལ་ཏེ་མཆོད་ཡུལ་མཆོད་མཁན་མཆོད་པ་ཐམས་ཅད་ལས་འདས་པ་ཡིན་ནོ། །དེ་ལྟ་བུའི་ཕྱི་ནང་གསང་བའི་མཎྜལ་གྲངས་དབུལ་ལ་ཉམས་རྟོགས་དང་ཡོན་ཏན་ཁྱད་པར་ཅན་རང་གཞན་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་མྱུར་དུ་སྐྱེ་བར་གསོལ་བ་ཡང་ཡང་གདབ་བོ། །མཐར་ཚོགས་ཞིང་མཆོད་རྫས་ཀྱི་མཎྜལ་བཅས་པ་ཧཱུྃ་གི་རྣམ་པར་རང་ལ་བསྡུས་ནས་འཁོར་གསུམ་མི་དམིགས་བདེ་བ་ཆེན་པོའི་ངང་དུ་དར་གཅིག་མཉམ་པར་བཞག་ནས། རྗེས་དགེ་བ་བསྔོ་ཞིང་ཐུན་མཚམས་སུའང་ཕྱག་བསྐོར་མཆོད་པ་སོགས་ཚོགས་གསོག་པའི་སྒོ་དུ་མ་འབད་པར་བྱ། སྤྱིར་ཡང་། འཇམ་མགོན་བློ་གྲོས་མཐའ་ཡས་ཀྱིས། དེང་སང་རང་རེ་ཚོ་གཞི་ནས་ཚོགས་གསོག་དགོས་པའི་འདུན་པ་མེད། ཅུང་ཟད་ཡོད་དུ་ཟིན་ཀྱང་དད་པ་བརྩོན་འགྲུས་གཉིས་ཀ་ཆུང་པས་ཚོགས་གསོག་ལག་ལེན་ཏུ་མ་ཐེབ་པར། སྐུ་གསུང་ཐུགས་རྟེན་རེ་ཡོད་པ་རྡུལ་གྱིས་གཡོགས་སྙིང་ཁམས་ཆེ་བ་ཚོས་རང་གི་ཞྭ་ཧྲུལ་གོས་ཧྲུལ་ཡན་ཆད་ཀྱི་ཞབས་སུ་བརྫངས། བརྒྱ་ལ་ཏིང་ཕོར་དང་མཆོད་སྟེགས་ཙམ་ཡོད་ན་ཡང་ཐལ་བ་ཅམ་མེ་ལུས། མི་དགོས་པའི་མགོ་ཕྱི་ལུས་བདར་བྱེད། སྟོང་ཉིད་སྙིང་རྗེས་ཀུན་ནས་བསླངས་པའི་མེ་ཏོག་གཅིག་དཀོན་མཆོག་ལ་ཕུལ་མ་མྱོང་། ཡན་ལག་བདུན་པ་ཚར་གཅིག་བཏོན་མ་མྱོང་བར་རང་རེ་ལ་བསོད་ནམས་མི་འདུག་ཟེར་བ་གདའ་སྟེ། བསོད་ནམས་གང་ནས་ཡོང་། བསོད་ནམས་ཀྱི་རྒྱུ་ལ་ཚོགས་བསག་དགོས་པ་གསུངས། ཐ་ན་ནས་འབྲུ་ཞིག་ཡིན་ཀྱང་ཟ་ཉན་པ་དེ་རང་གིས་ཟ། ཟ་མི་ཉན་པ་དེས་མཆོད་ནས་བྱེད། གསེར་དངུལ་དར་ཟབ་རྟ་ཕྱུགས་སོགས་མི་ཕོངས་པ་ཡོད་བཞིན་དུ། བདག་ནི་བསོད་ནམས་མི་ལྡན་བཀྲེས་ཆེན་ཏེ། །མཆོད་པའི་ནོར་གཞན་བདག་ལ་ཀྱང་མ་མཆིས། །ཟེར་ནས་མར་མེ་ཀོང་ཆུང་གང་དང་ཞལ་ཟས་མཛུབ་མོ་ཙམ་རེ་མཆོད་པར་རློམས་ཏེ། དཀོན་མཆོག་ལ་རྫུན་བཏང་བ་ཀུན་ལ་བསོད་ནམས་འོང་བ་ཨི་འདུག །དེས་ན་འབྱོར་ཚོད་ཀྱི་ཚོགས་རེ་གསོག་པ་འདི་ཅིས་ཀྱང་གལ་ཆེ་བར་གདའ། ཞེས་དང་། མདོར་ན་ཚོགས་མྱུར་དུ་རྫོགས་པའི་ཐབས་ཆེས་ཟབ་པའི་མཎྜལ་ཁྲིད་ཀྱི་སྔོན་འགྲོར་བསྟན་པའི་རྒྱུ་མཚན་འདི་ཡིན་ལ། ད་ལྟ་ཇི་ཙམ་གྱི་གཏོང་ཕོད་ཅན་དུ་རློམས་པ་ཀུན་ཀྱང་རྒྱབ་སྟོང་ཁྲི་འབུམ་སོགས་ཀྱི་གྲངས་བགྲང་བའི་འབུལ་བ་ལས་ཆེ་བ་མི་སྲིད། དེ་ལ་ངས་འདི་ཙམ་ཕུལ་སྙམ་པའི་བདག་འཛིན་དང་སྙན་གྲགས་ཀྱི་རེ་བ་སོགས་དྲི་མ་རེ་ཡང་ཅིས་ཀྱང་འདྲེས། བླ་མ་དེས་ཐུགས་ལ་བཏགས་འོང་བསམ་པའི་རེ་དོགས་ཤིག་ཀྱང་ཡོད། འབུལ་བའི་ཡུལ་ཡང་ཇི་ཙམ་མང་ཡང་རུང་བརྒྱ་སྟོང་ལས་ལྷག་པ་ནི་མེད། མཎྜལ་ནི་ཕྱི་སྣོད་ནང་བཅུད་ནམ་མཁའ་གར་ཁྱབ་ཀྱི་དཔལ་འབྱོར་ཡིན་པས་རྒྱ་ཆེ། ང་ཡིད་སྤྲུལ་གྱི་མཆོད་པ་འབུལ་མཁན་ཡིན་བསམ་པའི་ང་རྒྱལ་སོགས་དྲི་མ་ཡང་མེད། དཀོན་མཆོག་གསུམ་གྱི་ཐུགས་ལ་བཏགས་མི་བཏགས་ཀྱི་རེ་དོགས་ཀྱང་མི་འབྱུང་། ཕྱོགས་བཅུ་དུས་བཞིའི་དཀོན་མཆོག་ལ་དམིགས་ནས་འབུལ་བའི་ཡུལ་བཟང་ཞིང་རྒྱ་ཆེ་བ་སོགས་སྒོ་ཐམས་ཅད་ནས་ཚོགས་མི་རྫོགས་ཀ་མེད་ཡིན་པས་ནན་ཏན་དུ་བྱའོ། །གཞན་ཡང་སྐུ་གསུང་ཐུགས་རྟེན་དང་གཙུག་ལག་ཁང་གསར་བ་བཞེངས་ཤིང་རྙིང་པ་གསོ་བ། དགེ་འདུན་ལ་བསྙེན་བཀུར་བྱེད་པ་འབྱོར་བ་མེད་པས་ཀྱང་གཙུག་ལག་ཁང་ཕྱག་དར་དང་ཕྱག་བསྐོར་བྱེད་པ། བསྟོད་ཅིང་གསོལ་བ་འདེབས་པ། ཐ་ན་སངས་རྒྱས་ལ་དམིགས་ཏེ་ཐལ་མོ་ཡ་གཅིག་སྦྱར་བའམ། མེ་ཏོག་གཅིག་ནམ་མཁའ་ལ་བོར་བའི་བསོད་ནམས་ཀྱང་ཚད་མེད་པར་གསུངས་པས། རང་རེ་རྣམས་བྱོལ་སོང་ལྟ་བུའི་དགེ་སྡིག་མི་ཤེས། ཤེས་ཀྱང་མ་ཎི་རྡོག་གཅིག་འདོན་མི་ནུས་པ་ཅི་བྱ་མེད་པའི་ལུས་ངན་ནི་མ་བླངས། དལ་འབྱོར་མི་ལུས་ཐོབ། ཆོས་བྱ་རྒྱུས་མ་བཤོལ་བའི་སྐབས་འདིར་མི་ཚེ་སྟོང་ཟད་མ་སོང་བར་དགེ་བའི་བག་ཆགས་སྣ་རེ་ཙམ་བཞག་པ་ཅི་ནས་གལ་ཆེ་བར་གདའ་ཞེས་གདམས་པ་ལྟར་ལག་ལེན་བྱའོ། །

བཞི་པ་ལ། དངོས་གཞིའི་ཉམས་རྟོགས་སྐྱེ་བའི་རྒྱུར་ཚོགས་བསག་ཐུབ་པའི་རྟགས་ནི། རང་ཉིད་སེང་ཁྲི་ལ་འདུག་པ་དང་། ཅོད་པཎ་བཅིངས་པ། ཆས་གོས་བཟང་པོ་བསྟར་བ། སྐྱེ་བོ་མང་པོས་ཕྱག་འབུལ་ཞིང་མཆོད་པས་བཀུར་བ་སོགས་རྨི་ལམ་དུ་འབྱུང་ཞིང་དངོས་ཀྱི་རྟགས་ནི་སྡིག་སྒྲིབ་དག་པའི་རྟགས་ཡིན་སྔར་བཤད་པ་དང་འདྲ་བ་ཡིན་ལ། ཕན་ཡོན་ནི། དེ་ལྟར་ལུས་ངག་ཡིད་གསུམ་གྱི་ལས་ཚང་པའི་སྒོ་ནས་མཎྜལ་འབུལ་བས་སྒོ་གསུམ་གྱི་དགེ་བ་ཁྱད་པར་ཅན་མཐའ་ཡས་པ་ཐོབ་པར་འགྱུར་ཏེ། དངོས་པོ་ཆུང་ཡང་དམིགས་པ་དང་བསམ་པའི་ཐབས་ཀྱིས་རྒྱ་ཆེར་འཕེལ་བའི་ཕྱིར་དང་། ཚོགས་ཞིང་ཁྱད་པར་ཅན་གྱི་དྲུང་དུ་མཎྜལ་གྱི་ཆོ་ག་ཚང་པ་གཅིག་ཕུལ་པ་ལའང་ཕ་རོལ་ཏུ་ཕྱིན་པ་དྲུག་ཀའི་ཆ་ཤས་ཚང་པའི་ཕན་ཡོན་ཡོད་པའི་ཕྱིར་ཏེ། མཎྜལ་གྱི་མདོ་ལས། བ་གཅི་ཆུ་བཅས་སྦྱིན་པ་སྟེ། །བྱི་དོར་བྱས་པ་ཚུལ་ཁྲིམས་ཡིན། །སྲོག་ཆགས་བསལ་བ་བཟོད་པ་ཏེ། །བརྩོན་འགྲུས་བྱ་བ་བྱེད་ལ་བརྩོན། །བསམ་གཏན་དེར་སེམས་སྐད་ཅིག་མ། །རི་མོ་ལེགས་འབར་ཤེས་རབ་བོ། །ཕ་རོལ་ཕྱིན་པ་དྲུག་རྣམས་ཀྱི། །ཐུབ་པའི་མཎྜལ་ལེགས་བྱས་པའོ། །འདིར་ནི་ལུས་ཀྱི་ལས་བྱ་བ། །ཁ་དོག་གསེར་ལྟར་འགྱུར་བ་དང་། །ནད་རྣམས་ཀུན་ལས་རྣམ་པར་གྲོལ། །ལྷ་དང་མི་ལས་ཆེས་ལྷག་ཅིང་། །ཟླ་བ་ལྟ་བུར་གཟི་བྱིན་ལྡན། །ནོར་དང་གསེར་ནི་ཕུན་སུམ་ཚོགས། །རྒྱལ་པོའི་རིགས་དང་སངས་རྒྱས་པ། །མཆོག་གི་ཁྱིམ་དུ་སྐྱེ་བ་ནི། །ཞེས་དང་། སྔོན་གྱི་གོང་མ་དག་གིས། མཆོད་པའི་སྐབས་སུ་ལག་ནར་གྱིས་བརྐྱང་པའི་མཆོད་པ་ཞིག་ལ་མཎྜལ་ལས་བསོད་ནམས་ཆེ་བ་མེད་གསུངས། ཕ་རོལ་ཏུ་ཕྱིན་པ་དྲུག་གི་ཆ་ཤས་ཀྱང་ཚང་བས་དེ་ཐམས་ཅད་ཀྱི་ཕན་ཡོན་ཤུགས་ལ་འབྱུང་། མཎྜལ་བྱས་པ་ཙམ་གྱིས་ལྷ་གནས་རྣམས་དང་གླིང་བཞིའི་དབང་ཕྱུག་ཏུ་འགྱུར་བ་ཁང་བུ་བརྩེགས་པའི་མདོ་ལས་གསུངས་ཤིང་། དེའི་ཤུགས་ལས་དྲི་བཟང་བྱུགས་པ་དང་། མེ་ཏོག་ཕུལ་བ་ཙམ་གྱིས་ཀྱང་རྒྱལ་ཆེན་རིགས་བཞིའི་ལྷ་སོགས་སུ་སྐྱེ་བར་བསྟན་ལ། བླ་མ་དགོངས་འདུས་ལས། མཎྜལ་ཕུལ་བའི་ཡོན་ཏན་དང་ལྡན་འབྲས་ནི། གནས་སྐབས་སུ་ལོངས་སྤྱོད་ཕུན་སུམ་ཚོགས་པ་དང་ལྡན་ཞིང་དབུལ་ཕོངས་ཀྱི་སྡུག་བསྔལ་དང་བྲལ་ཞིང་ལོངས་སྤྱོད་ཆེན་པོར་འབྱུང་། བླ་མ་དམ་པ་ལ་མི་ཕྱེད་པའི་དད་པ་དང་། ཐེག་པ་ཆེན་པོའི་ཆོས་ལ་ངེས་ཤེས་ཁྱད་པར་ཅན་རྒྱུད་ལ་སྐྱེ། འགྲོ་བ་མཐའ་དག་གིས་ཡིད་དུ་འོང་ཞིང་ཀུན་ཀྱིས་བཀུར་བར་འགྱུར། དུས་ཁྱད་པར་ཅན་རྣམས་ལ་བླ་མ་དང་དཀོན་མཆོག་ལ་སོགས་པའི་རྟེན་ཁྱད་པར་ཅན་གྱི་དྲུང་དུ། གུས་པ་དང་ལྡན་པས་མཎྜལ་ཚར་གཅིག་ཕུལ་བའི་བསོད་ནམས་ཀྱི་ཕུང་པོ་ནི། བསྐལ་པ་དཔག་ཏུ་མེད་པར་བདེ་བར་གཤེགས་པའི་ཚོགས་དང་བཅས་པ་ཐམས་ཅད་ལ་ཕྱི་ནང་གི་མཆོད་གསོལ་རྒྱ་ཆེན་པོ་བྱས་པ་བས་ལྷག་པའི་བསོད་ནམས་ཐོབ་པར་འགྱུར། ཅི་བསམ་པའི་དོན་ཐམས་ཅད་འགྲུབ། བསྐལ་པར་བསགས་པའི་སྡིག་སྒྲིབ་ཉེས་ལྟུང་གི་ཚོགས་ཐམས་ཅད་བྱང་ཞིང་དག་པར་འགྱུར། མཎྜལ་ཚར་གཅིག་ཕུལ་ནས་ཡིད་དད་པས་སྨོན་ལམ་ཇི་ལྟར་བཏབ་པ་ཐམས་ཅད་འབད་མེད་དུ་འགྲུབ། དེ་བས་ན་ཕྱི་རབས་ཀྱི་སྐྱེས་བུ་དམ་པ་རྣམས་ཀྱིས་མཎྜལ་འབུལ་བ་ལ་བརྩོན་པར་གྱིས་ཤིག །ཅེས་གསུངས་པས་མཚོན་ཕན་ཡོན་མཐའ་ཡས་པ་ཐོབ་པར་འགྱུར་ཞིང་། མདོར་ན་ཕྱི་ནང་གི་མཎྜལ་ཕུལ་བས་བསོད་ནམས་ཀྱི་ཚོགས་དང་། དེ་ཁོ་ན་ཉིད་ཀྱིས་ཡེ་ཤེས་ཀྱི་ཚོགས་སམ། གསུམ་ཀའང་མཆོད་སྤྲིན་སྟོབ་པའི་ལྡོག་ཆ་ནས་བསོད་ནམས་དང་། འཁོར་གསུམ་མི་དམིགས་པའི་ཤེས་རབ་ཀྱིས་ཟིན་པའི་ལྡོག་ཆ་ནས་ཡེ་ཤེས་ཀྱི་ཚོགས་སུ་འགྱུར་བས་ཚོགས་གཉིས་ཀྱི་འབྲས་བུ་གནས་སྐབས་དང་མཐར་ཐུག་ཏུ་དོན་གཉིས་ཕུན་སུམ་ཚོགས་པ་ཐོབ་པ་ཡིན་ནོ། །

གསུམ་པ་བྱིན་རླབས་ཀྱི་རྩ་བ་བླ་མའི་རྣལ་འབྱོར་གྱི་ཁྲིད་ལ་བཞི། བླ་མའི་རྣལ་འབྱོར་བསྒོམ་དགོས་པའི་རྒྱུ་མཚན། མོས་གུས་བསྐྱེད་པའི་ཚུལ། ཇི་ལྟར་སྒོམ་པའི་རྣལ་འབྱོར། རྟགས་ཚད་ཕན་ཡོན་བཅས་བསྟན་པའོ། །

དང་པོ་ནི། ཡིད་བཞིན་མཆོག་གི་རྒྱུད་ལས། །གང་གིས་བླ་མ་འདུན་པའི་ལྷ། །སྤྱི་གཙུག་འཁོར་ལོའི་རྒྱན་ཉིད་དུ། །དཔལ་ལྡན་བླ་མ་བསམ་པར་བྱ། །ཞེས་གསུངས་པ་ལྟར་སྤྱིར་ཐེག་པ་ཆེན་པོའི་ལམ་གྱི་ཡོན་ཏན་མཐའ་དག་བདག་རྐྱེན་དགེ་བའི་བཤེས་གཉེན་ལ་བསྟེན་ནས་བསྐྱེད་དགོས་པའི་ཕྱིར། དགེ་བའི་བཤེས་གཉེན་བསྟེན་པ་ནི་ཐེག་ཆེན་ལམ་གྱི་རྩ་བར་བཞག་སྟེ། ཇོ་བོ་རྗེས། གྲོགས་དག་བྱང་ཆུབ་མ་ཐོབ་བར་དུ་བླ་མ་དགོས་པས་བཤེས་གཉེན་དམ་པ་བསྟེན། གནས་ལུགས་མ་རྟོགས་བར་དུ་ཐོས་པ་དགོས་པས་བླ་མའི་གདམས་ངག་ཉོན། བདེ་བ་ཐམས་ཅད་བླ་མའི་བྱིན་རླབས་ལགས་པས་དྲིན་དུ་གཟོ་བར་མཛོད། ཅེས་དང་། དགེ་བཤེས་ཁ་རག་སྒོམ་ཆུང་གིས། བླ་མ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་ཐམས་ཅད་ཀྱི་བྱེད་པ་པོར་ངོ་ཤེས་དགོས། ཞེས་དང་། སྡེ་སྡོད་གསུམ་ཤེས་ཀྱང་བླ་མ་ལ་མོས་གུས་མེད་ན་ཕན་མེད་ཅེས་གསུངས། ཁྱད་པར་དུ་སྔགས་བླ་མེད་ཀྱི་སྐབས་འདིར། བླ་མའི་སྐུ་གསུང་ཐུགས་ཀྱི་རྣམ་པ་ཡིད་ལ་བྱེད་ཅིང་། དེ་ལ་དམིགས་ནས་མོས་གུས་རྒྱུན་མི་ཆད་པར་རྣལ་འབྱོར་དུ་བྱེད་པ་འདི་ལམ་དངོས་གཞིའི་ཉམས་ལེན་གྱི་རྩ་བ་གཅིག་ཏུ་འཇོག་པས་གསང་སྔགས་རྡོ་རྗེ་ཐེག་པར་བླ་མའི་བྱིན་རླབས་ལམ་དུ་བྱེད་ཅེས་འབྱུང་བའང་འདི་ཉིད་ཡིན་ལ། དེས་ན་གནད་ཐེམས་ལས། སྐྱབས་ཀུན་སྙིང་པོ་བླ་མ་ཡི༔ རྣལ་འབྱོར་ལམ་ལ་འཇུག་པར་བྱ༔ ཞེས་དང་། ཀུན་མཁྱེན་ཆོས་རྗེས། བསྐྱེད་རིམ་དང་རྫོགས་རིམ་སྒོམ་པ་ལ་སོགས་པ་རྣམས་ནི་རང་རང་གི་ལམ་གྱི་ངོ་བོ་དེས་མི་གྲོལ་ཏེ། དེ་ཡང་སྤྱོད་པ་དང་བོགས་འདོན་སོགས་ལ་བརྟེན་པ་ཡིན། བླ་མའི་རྣལ་འབྱོར་ནི་རང་གི་ལམ་གྱི་ངོ་བོ་འདི་ཁོ་ནས་གནས་ལུགས་ཀྱི་རྟོགས་པ་རྒྱུད་ལ་སྐྱེས་ཏེ་གྲོལ་བ་ཡིན་པས་ན། ལམ་ཐམས་ཅད་ལས་བླ་མའི་རྣལ་འབྱོར་ཟབ་པ་ཡིན། ཞེས་གསུངས། རྗེ་རྒོད་ཚང་པའི་ཞལ་ནས། བླ་མའི་རྣལ་འབྱོར་བསྒོམ་པ་ན། །སྐྱོན་ཟད་ཡོན་ཏན་རྫོགས་པར་འགྱུར། །ཞེས་དང་། བསྐྱེད་རིམ་བསྒོམ་པ་མང་ལགས་ཀྱང་། །བླ་མ་སྒོམ་པའི་གོང་ན་མེད། །རྫོགས་རིམ་བསྒོམ་པ་མང་ལགས་ཀྱང་། །བློ་ཁེལ་ལིང་བསྐྱུར་གོང་ན་མེད། །ཅེས་དང་འབྲི་གུང་སྐྱོབ་པས། བླ་མ་སྐུ་བཞིའི་གངས་རི་ལ། །མོ ས་གུས་ཀྱི་ཉི་མ་མ་ཤར་ན། །བྱིན་རླབས་ཀྱི་ཆུ་རྒྱུན་མི་འབེབས་པས། །སེམས་མོས་གུས་འདི་ལ་ནན་ཏན་མཛོད། །ཅེས་གསུངས་པ་ལྟར། གསང་སྔགས་རྡོ་རྗེ་ཐེག་པའི་ལམ་འདིར་ཉམས་རྟོགས་ཀྱི་ཡོན་ཏན་བླ་མ་དམ་པའི་བྱིན་རླབས་ཀྱི་སྒོ་ནས་ལམ་དུ་བྱེད་དགོས་པས་ཟབ་ལམ་བླ་མའི་རྣལ་འབྱོར་བསྒོམ་པ་ལ་འཇུག་པར་བྱ་བ་ནི་མེད་དུ་མི་རུང་པས་ཤིན་ཏུ་གལ་ཆེའོ། །

གཉིས་པ་མོས་གུས་བསྐྱེད་ཚུལ་ནི། སྤྱིར་བླ་མའི་ངོས་ནས་སངས་རྒྱས་མངོན་སུམ་ལྟ་བུར་བཞུགས་ཀྱང་། བྱིན་རླབས་དང་དངོས་གྲུབ་ཀྱི་སྐལ་པ་རང་གི་མོས་གུས་ཁོ་ནའི་རྗེས་སུ་འགྲོ་བ་ཡིན་ཏེ། བླ་མ་སངས་རྒྱས་དངོས་སུ་མཐོང་བའི་མོས་གུས་ཡོད་ན། བྱིན་རླབས་ཀྱང་སངས་རྒྱས་དངོས་ཀྱི་བྱིན་རླབས་འབྱུང་། བླ་མ་བྱང་ཆུབ་སེམས་དཔའ་དང་དགེ་བའི་བཤེས་གཉེན་ཁྱད་པར་ཅན་དུ་མཐོང་ན་བྱིན་རླབས་ཀྱི་རིམ་པའང་དེ་དང་མཚུངས། བླ་མ་གང་ཟག་རང་རྒྱུད་པར་བཟུང་ན་བྱིན་རླབས་གཏན་ནས་མི་འབྱུང་སྟེ། སྔོན་འབྲོམ་སྟོན་པས་ཇོ་བོ་རྗེ་ལ་བོད་ན་སྒོམ་སྒྲུབ་བྱེད་པ་མང་པོ་ཡོད་ཀྱང་ཡོན་ཏན་ཁྱད་པར་ཅན་བརྙེས་པ་མི་བདོག་ཅི་ལགས་ཞུས་པས། ཇོ་བོའི་ཞལ་ནས། ཐེག་པ་ཆེན་པོའི་ཡོན་ཏན་ཆེ་སྐྱེས་ཆུང་སྐྱེས་ཐམས་ཅད་བླ་མ་ལ་བརྟེན་ནས་སྐྱེ་བ་ལ། ཁྱེད་བོད་བླ་མ་ལ་ཐ་མལ་པའི་འདུ་ཤེས་ལས་མེད་པས་ཡོན་ཏན་ག་ན་སྐྱེ་གསུངས་པ་དང་། ཡང་ཇོ་བོ་ལ། སློབ་མ་ཞིག་གིས། ཨ་ཏི་ཤ་གདམས་ངག་ཞུ་ཞེས་སྐད་ཆེན་པོས་བོས་པ་ན། ཧ་ཧ་ཁོ་བོ་ལ་རྣ་བ་བཟང་པོ་བཟང་པོ་བདོག་སྟེ་མན་ངག་བྱ་བ་དད་པ་ཡིན། གསུངས་པ་ལྟར་དད་པ་གལ་ཆེ། རྒྱུ་མཚན་དེའི་ཕྱིར་ན་བླ་མའི་མོས་གུས་ཀྱི་མཐུ་ལས་རྒྱལ་བའི་དགོངས་པ་བདེ་བླག་ཏུ་རྟོགས་པར་འདོད་པའི་གང་ཟག་རྣམས་ཀྱིས་བླ་མ་སངས་རྒྱས་དངོས་སུ་མཐོང་བ་ཞིག་དགོས་ཏེ། ལག་ན་རྡོ་རྗེ་མངོན་པར་དབང་བསྐུར་བའི་རྒྱུད་ལས། གསང་བའི་བདག་པོ་སློབ་དཔོན་ལ་སློབ་མས་ཇི་ལྟར་བལྟ་བར་བྱ་ཞེ་ན། སངས་རྒྱས་བཅོམ་ལྡན་འདས་ལ་ཇི་ལྟ་བ་དེ་བཞིན་ནོ། །ཞེས་གསུངས་ལ། དེ་ཡང་དོན་ལ་སངས་རྒྱས་མིན་པ་ཞིག་སངས་རྒྱས་སུ་བཅོས་པ་ལྟ་བུ་མ་ཡིན་པར་བླ་མ་ཉིད་ཡེ་ནས་སངས་རྒྱས་དངོས་ཡིན་པའི་རྒྱུ་མཚན་ཡང་། བླ་མའི་ཐུགས་ཟབ་གསལ་གཉིས་སུ་མེད་པའི་གཞིར་གནས་ཀྱི་ཡེ་ཤེས་རྟོགས་རུང་མ་རྟོགས་རུང་ངོ་བོ་ཡེ་དག་གི་སངས་རྒྱས་རྟག་བརྟན་འཕོ་འགྱུར་མེད་པའི་འདུས་མ་བྱས་སངས་རྒྱས་ཆོས་ཀྱི་སྐུ་ཡིན་ཏེ། སངས་རྒྱས་རྣམས་ནི་ཆོས་ཉིད་ལྟ། །འདྲེན་པ་རྣམས་ནི་ཆོས་ཀྱི་སྐུ། །ཞེས་པ་ལྟར། གཞི་འབྲས་དབྱེར་མེད་ཀྱི་སངས་རྒྱས་ཆོས་ཀྱི་སྐུ། དེའི་རྩལ་ལས་རྣམ་རོལ་སྟོང་པའི་གཟུགས་བརྙན་བླ་མའི་སྐུ་གསུང་ཐུགས་མི་ཟད་རྒྱན་གྱི་འཁོར་ལོར་སྣང་བའི་གཟུགས་སྐུ་དངོས་ཡིན། དེ་ཡང་གཟུགས་སྐུའི་ངོ་བོ་ཆོས་སྐུ། ཆོས་སྐུའི་རྣམ་འགྱུར་གཟུགས་སྐུ། དོན་ལ་དེ་གཉིས་དབྱེར་མེད་མཉམ་པ་ཆེན་པོའམ། ཟུང་འཇུག་རྡོ་རྗེ་སེམས་དཔའ་རིགས་དང་དཀྱིལ་འཁོར་ཀུན་ཀྱི་ཁྱབ་བདག་སྲིད་ཞི་ཀུན་ཁྱབ་ཀྱི་ཡེ་ཤེས་སངས་རྒྱས་ཆོས་ཀྱི་སྐུ་མཚོན་བྱ་དོན་གྱི་ཡེ་ཤེས་ཉིད་བླ་མའི་ཐུགས་ཡིན་ལ། དེ་ཉིད་མཚོན་བྱེད་རྟགས་ཀྱི་རྣམ་པར་བླ་མའི་སྐུ་གསུང་ཐུགས་སུ་ཤར་བ་ཡིན་ཏེ། ཨརྱ་དེ་ཝས། འདི་ནི་རང་བྱུང་བཅོམ་ལྡན་འདས། །གཅིག་པུ་བདག་ཉིད་ཆེ་བའི་ལྷ། །མན་ངག་རྣམས་ནི་རབ་སྟེར་བས། །རྡོ་རྗེ་སློབ་དཔོན་དེ་ལས་ལྷག །ཅེས་དང་། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། །ཞེས་སོགས་གསུང་ལ། ཡང་ན་དུས་གསུམ་སངས་རྒྱས་ཐམས་ཅད་ཆོས་སྐུ་མཉམ་པ་ཉིད་ཀྱི་དབྱིངས་སུ་དགོངས་ཀློང་འདུ་འབྲལ་མེད་པར་བཞུགས་པ་ལས། སྔོན་སློབ་ལམ་སོགས་སུ་སེམས་ཅན་གྱི་དོན་དུ་སྨོན་ལམ་བཏབ་པ་དང་། གདུལ་བྱ་སེམས་ཅན་རྣམས་ཀྱི་དཀར་པོ་རྣམ་པར་འཕེལ་བའི་དབང་གིས། རྒྱུ་རྐྱེན་རྟེན་འབྱུང་ལྷན་ཅིག་ཏུ་འཚོགས་པ་ན། ངོ་བོ་སངས་རྒྱས་རྣམས་ཀྱི་ཟག་མེད་ཀྱི་ཡེ་ཤེས་ཉིད་རྣམ་པ་ཐམས་ཅད་པར་འཆར་བའི་ཚུལ་གྱིས། མཁའ་ཟླ་དང་ཆུ་སྣོད་ལྷན་ཅིག་འཚོགས་པའི་དབང་གིས་རང་རང་གི་གཟུགས་བརྙན་འཆར་བ་བཞིན། ལོངས་སྤྱོད་རྫོགས་པ་དང་བཟོ་སྐྱེ་མཆོག་གི་སྤྲུལ་སྐུའི་བཀོད་པ་ཇི་སྲིད་འཁོར་བ་མ་སྟོང་བར་དུ་རྒྱུན་མི་ཆད་པར་རང་རང་གི་སྐལ་བ་དང་འཚམས་པར་སྟོན་པར་མཛད་པ་ཡིན་ཏེ། དེ་ཡང་སྔོན་དུས་སངས་རྒྱས་ཀྱིས་འདུལ་བའི་ཚེ་སངས་རྒྱས་དངོས་སུ་སྣང་བས་དོན་མཛད། དེ་ནས་དགྲ་བཅོམ་པ་དང་། པཎྜི་ཏར་སྣང་བས་དོན་མཛད་དུས་དེ་དག་ཏུ་སྤྲུལ་ནས་བཀའ་བསྡུ་བ་དང་། བསྟན་བཅོས་མཛད་པ་ཡིན་ཞིང་། དེང་སང་ནི་བསྟན་པ་འཛིན་ཞིང་ཐར་པའི་ལམ་སྟོན་པ་ལ་དགེ་བའི་བཤེས་གཉེན་དུ་སྤྲུལ་ནས་དོན་མཛད་པ་ཡིན། མདོ་ལས། མྱ་ངན་མ་བྱེད་ཀུན་དགའ་བོ། །སྨྲེ་སྔགས་མ་འདོན་ཀུན་དགའ་བོ། །ལྔ་བརྒྱའི་ཐ་མར་གྱུར་པ་ན། །ང་ནི་དགེ་བའི་བཤེས་བགྱིད་དེ། །ཁྱོད་ལ་སོགས་པའི་དོན་བྱེད་འགྱུར། །ཞེས་དང་། ཏིང་འཛིན་མཆོག་དམ་པའི་མདོ་ལས། རིགས་ཀྱི་བུ་དེ་ཡང་ཕྱི་མའི་དུས་ན་ང་ཉིད་དགེ་བའི་བཤེས་གཉེན་དུ་སྤྲུལ་ནས་ཏིང་ངེ་འཛིན་འདི་སྟོན་པར་འགྱུར་རོ། །དེའི་ཕྱིར་དགེ་བའི་བཤེས་གཉེན་ནི་ཁྱོད་ཀྱི་སྟོན་པ་ཡིན་པས། ནམ་བྱང་ཆུབ་སྙིང་པོ་ལ་འདུག་གི་བར་དུ་བསྟན་ཅིང་རིམ་གྲོ་དང་བཀུར་སྟི་གྱིས་ཤིག །ཅེས་གསུངས་པས་མཚོན་མདོ་རྒྱུད་བསྟན་བཅོས་ཀུན་ལས་རྒྱ་ཆེར་གསུངས་ལ། དེས་ན་རང་གི་རྩ་བའི་བླ་མ་ནི་སྐྱབས་ཀུན་འདུས་པའི་སྙིང་པོ་ཡིན་པར་མ་ཟད། མཆོག་དང་ཐུན་མོང་གི་དངོས་གྲུབ་ཐམས་ཅད་བླ་མ་དམ་པའི་རྗེས་སུ་འབྲང་པ་ལས་གཞན་དུ་མ་གྱུར་པའི་ཕྱིར། སྡོམ་འབྱུང་ལས། བླ་མ་སངས་རྒྱས་བླ་མ་ཆོས། །དེ་བཞིན་བླ་མ་དགེ་འདུན་ཏེ། །ཞེས་དང་། རྩ་ལྟུང་གི་གཞུང་ལས་ཀྱང་། གང་ཕྱིར་རྡོ་རྗེ་འཛིན་པ་ཡི། །དངོས་གྲུབ་སློབ་དཔོན་རྗེས་འབྲངས་གསུངས། །ཞེས་གསུངས་པའི་ཕྱིར། དེ་ལ་གང་ཟག་གི་བློའི་རིམ་པས་མཉམ་སྦྱོར་ལས། སངས་རྒྱས་ཆོས་དང་དགེ་འདུན་དང་། །བླ་མ་ཡང་ནི་བཞི་པ་ཡིན། །ཞེས་བླ་མ་དཀོན་མཆོག་བཞི་པར་བལྟ་བ་སོགས་འབྱུང་མོད། འོན་ཀྱང་མོས་གུས་ཀྱི་བློ་སྣ་འདྲེན་པའི་སྐབས་འདིར་རྩ་བའི་བླ་མ་ཉིད་སྐྱེས་འཕགས་གང་ཡིན་ཀྱང་རུང་སངས་རྒྱས་སུ་བལྟ་དགོས་ཏེ། སྔོན་རྗེ་རྒོད་ཚང་པ་ཉིད། ཕོ་མ་ལྷ་ཁབ་ཏུ་བླ་མ་སྒྲུབ་པ་ལོ་གསུམ་མཛད་སྐབས་ཤིག་ཆོས་རྗེ་རྒྱ་རས་པ་དེ་ས་བཅུ་པའི་བྱང་ཆུབ་སེམས་དཔའ་ཡིན་སྙམ་པར་བྱུང་། དེ་མ་ཐག་རང་སེམས་སངས་རྒྱས་སུ་ངོ་འཕྲོད་པའི་བླ་མ་དེ་ས་བཅུ་པར་མཐོང་པའི་ལོག་ལྟ་ཅན་ཁྱོད་འདྲ་བ་ཞེས་སྨད། དེ་ནས་བླ་མ་སངས་རྒྱས་ཀྱི་འདུ་ཤེས་འབྲལ་མ་མྱོང་གསུང་པ་དང་། རྡོ་རྗེ་མེ་ལོང་གི་རྒྱུད་ལས། རྡོ་རྗེ་སེམས་དཔའ་དཀྱིལ་འཁོར་གཙོ། །བླ་མ་སངས་རྒྱས་ཀུན་དང་མཉམ། །ཞེས་གསུངས་པས། དོན་ལ་སངས་རྒྱས་གཅིག་ལ་གསོལ་བ་བཏབ་པས་སངས་རྒྱས་ཐམས་ཅད་ལ་གསོལ་བ་བཏབ་པར་གྱུར་པའི་ཕྱིར་གཅིག་དང་མང་པོ་ལ་ཁྱད་པར་མེད་ཀྱང་མོས་གུས་འཇུག་ཚུལ་ལ་ཁྱད་ཡོད་པས། སངས་རྒྱས་གཅིག་གམ་གཉིས་ལྟ་བུ་མ་ཡིན་པར་ཕྱོགས་བཅུའི་དུས་གསུམ་སངས་རྒྱས་ཀུན་ཀྱི་ངོ་བོ་བལྟ་ཞིང་དེ་ལྟར་སངས་རྒྱས་ཀུན་འདུས་ཡིན་པ་བཞིན་ཆོས་དང་དགེ་འདུན་ཡང་ཡིན་པས་བླ་མ་ཉིད་དཀོན་མཆོག་གསུམ། དཀོན་མཆོག་གསུམ་ཉིད་བླ་མ་ཡིན་ཏེ། གསང་འདུས་ལས། བླ་མ་བདེ་གཤེགས་འདུས་པའི་སྐུ༔ དཀོན་མཆོག་གསུམ་གྱི་རང་བཞིན་ལ༔ ཞེས་གསུངས། ཁྱད་པར་རང་རེའི་སྣང་ངོར་དཀོན་མཆོག་གསུམ་དང་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ལས་ཀྱང་བླ་མ་བཀའ་དྲིན་ཆེ་སྟེ། སངས་རྒྱས་ཐམས་ཅད་ཀྱིས་བདག་ལ་ཞལ་མི་སྟོན། གསུང་མི་འབྱོན། གལ་ཏེ་སངས་རྒྱས་བྱང་སེམས་རྣམས་ཀྱིས་དངོས་སུ་ཞལ་བསྟན་ཡང་། བདག་ལ་དཔལ་ལྡན་བླ་མ་ལས་ལྷག་པའི་མཛད་རྒྱུ་སྟོན་རྒྱུ་མེད་པར་མ་ཟད། སངས་རྒྱས་རྣམས་ཀྱི་གཟུགས་སྐུ་དངོས་ཀྱི་ཞལ་མཐོང་བ་དང་། གསུང་ཐོས་པའི་སྐལ་བ་ཕོངས་པའི་སྐབས་འདིར་རང་རྒྱུད་ལ་སངས་རྒྱས་ཀྱི་ཕྲིན་ལས་འཇུག་པའི་བདག་རྐྱེན་མཛད་ནས་སངས་རྒྱས་ཆོས་སྐུའི་ཞལ་བལྟ་བ་ལ་སྦྱོར་པའི་བཀའ་དྲིན་ནི་བསམ་གྱིས་མི་ཁྱབ་ཅིང་སངས་རྒྱས་ཀུན་ལས་ཀྱང་ལྷག་སྟེ། ནམ་མཁའ་དྲི་མ་མེད་པའི་མདོ་ལས། ཀུན་དགའ་བོ། དེ་བཞིན་གཤེགས་པ་ནི་སེམས་ཅན་ཐམས་ཅད་ལ་སྣང་བ་མ་ཡིན་གྱི། དགེ་བའི་བཤེས་གཉེན་ནི་ཡོངས་སུ་སྣང་བས་ཆོས་སྟོན་ཞིང་ཐར་པའི་ས་བོན་འདེབས་པའི་ཕྱིར། དེ་བཞིན་གཤེགས་པ་རྣམས་ལས་དགེ་བའི་བཤེས་གཉེན་ལྷག་པར་ཟུངས་ཤིག །ཅེས་གསུངས། དེས་ན་བླ་མ་སངས་རྒྱས་ལས་ལྷག་པར་གསུངས་པ་འདི་ཡོན་ཏན་གྱི་ངོས་ནས་མིན། བཀའ་དྲིན་གྱི་ངོས་ནས་ཡིན། སངས་རྒྱས་ལས་ལྷག་པའི་ཡོན་ཏན་ཅན་གཞན་ཡོད་མི་སྲིད་ཀྱང་། རང་ངོས་ནས་བཀའ་དྲིན་ཆེ་བ་བསྙོན་མེད་དུ་གྲུབ་པ་ཡིན་པས། ད་ལྟའི་སྐབས་སུ་ཁ་ཅིག་གིས། རང་གི་སྨིན་གྲོལ་ནོད་པའི་བླ་མ་དེ་ལ་རྩ་བའི་བླ་མར་མི་འཛིན་པར། གཞན་གོ་ས་མཐོ་བའམ་ཡོན་ཏན་ཅན་ནམ་གྲགས་པ་ཅན་གཞན་གྱི་གཡམ་ལ་བརྒྱུགས་ནས་མོས་གུས་དང་དག་སྣང་ཆེ་མདོག་ཁ་པོ་བྱེད་པ་ནི་གནད་མ་གོ་བ་སྟེ། དེས་རྩ་བའི་རྟེན་འབྲེལ་འཕྱུགས། བྱིན་རླབས་འཇུག་པ་ལ་ཕན་གོ་ཆུང་། བཀའ་དྲིན་དེ་ཡང་མདོ་སོགས་གཞུང་སྤྱིའི་བཤད་བཀའ་ཙམ་ཐོབ་པ་བས་གསང་སྔགས་ཟབ་མོའི་སྨིན་གྲོལ་ཐོབ་པ་གཙོ་ཆེ། དེ་ལས་ཀྱང་རང་སེམས་ཆོས་སྐུར་ངོ་སྤྲོད་པར་མཛད་པ་ནི། མཐར་ཐུག་རྩ་བའི་བླ་མ་གཅིག་པུ་ཡིན་ཏེ། ཆགས་མེད་རི་ཆོས་ལས། ཞལ་མཐོང་གསུང་ཐོས་ཕྱག་དབང་ཐོབ་པའམ། །ཆོས་འབྲེལ་དབང་འབྲེལ་མང་ཉུང་གང་ཡང་རུང་། །མ་མཇལ་བཀའ་ཤོག་གནང་བ་ཡན་ཆད་ཀྱི། །རང་སེམས་ངོ་བོ་རྗེན་པར་རྟོགས་གྱུར་ན། །དེ་ཉིད་རྩ་བའི་བླ་མར་འཛིན་པ་སྟེ། །ཞེས་གསུང་པས་དེ་ཉིད་རིགས་གཟུགས་དང་གོ་ས་མཐོ་དམན་ཐོས་པ་མང་ཉུང་སོགས་ཇི་ལྟར་ཡང་རུང་དེ་ཉིད་ལ་དུས་གསུམ་གྱི་སངས་རྒྱས་ལས་ཀྱང་ལྷག་པར་བཟུང་བའི་མོས་གུས་གསོལ་བ་གདབ་ཅིང་བསྙེན་བཀུར་ལ་ཚད་བཟུང་མི་བྱ། སངས་རྒྱས་རྣམས་ཐབས་མཁས་ལ་ཐུགས་རྗེ་མངའ་བ་ཡིན་ཡང་བླ་མའི་བདག་རྐྱེན་མེད་ན་གདུལ་བྱའི་ཡུལ་ལ་འཕྲིན་ལས་འཇུག་མི་ནུས་པ་དང་། སངས་རྒྱས་ཉིད་ཀྱང་བླ་མ་མེད་པར་མི་འབྱུང་བས། དང་པོར་བླ་མ་བསྟེན་དགོས་པས་ཀྱང་ལྷག་སྟེ། ལམ་ཟབ་ལས། ཉི་མའི་འོད་ཟེར་རབ་ཚ་ཡང་། །མེ་ཤེལ་མེད་པར་མེ་མི་འབྱུང་། །དེ་བཞིན་སངས་རྒྱས་བྱིན་རླབས་ཀྱང་། །བླ་མ་མེད་པར་འབྱུང་མི་སྲིད། །ཅེས་དང་། དགོངས་འདུས་ལས། བསྐལ་པ་སྟོང་གི་སངས་རྒྱས་ལས། །བླ་མ་གཉན་པར་ཤེས་པར་བྱ། །ཅི་ཕྱིར་བསྐལ་པའི་སངས་རྒྱས་རྣམས། །བླ་མ་དག་ལ་བསྟེན་ནས་འབྱུང་། །ཞེས་སོ། །ཁྱད་པར་རྡོ་རྗེ་སློབ་དཔོན་གྱི་སྐུ་གསུང་ཐུགས་ལ་དཀྱིལ་འཁོར་གྱི་ལྷ་ཐམས་ཅད་རྗེས་སུ་ཞུགས་པའི་ཚུལ་གྱིས་འགྲོ་དོན་མཛད་པ་ཡིན་པས་དེ་བརྙས་པ་སོགས་སྡིག་བསགས་ན་ཡི་དམ་གྱི་ལྷ་ཐམས་ཅད་ལ་སྡིག་པར་འགྲོ་བས་ཉེས་པ་ཆེ་སྟེ། འཇམ་དཔལ་ཞལ་ལུང་ལས། མ་འོངས་རྡོ་རྗེ་འཆང་བ་སྟེ། །དེ་ལ་བརྙས་བྱེད་སེམས་ཅན་གང་། །དེ་ཡིས་ང་ལ་བརྙས་བྱེད་པས། །ངས་ནི་དེ་ཀུན་དུས་སུ་སྤོངས། །ཞེས་དང་། བླ་མ་མཆོད་པས་སངས་རྒྱས་ཐམས་ཅད་མཆོད་པའི་ཕྱིར་སློབ་མའི་རྒྱུད་ཀྱི་སྡིག་སྒྲིབ་ཐམས་ཅད་ཟད་པར་འགྱུར་ཏེ། དེ་ལས། འདི་ཡིས་དོན་ལྡན་འགའ་ཞིག་ལ། །ང་ནི་དེ་ཡི་ལུས་གནས་ཏེ། །སྒྲུབ་པོ་གཞན་ལ་མཆོད་པ་ལེན། །དེ་མཉེས་དེ་ཡིས་རང་གི་རྒྱུད། །ལས་ཀྱི་སྒྲིབ་པ་དག་བྱེད་དོ། །ཞེས་གསུངས། མདོར་ན་རང་གི་རྩ་བའི་བླ་མ་ཉིད་སྐྱབས་གནས་ཀུན་འདུས་སུ་ཐག་ཆོད་པས་ཅི་མཛད་འགྲོ་བ་འདུལ་བའི་ཐབས་མཁས་ཀྱི་ཕྲིན་ལས་སུ་མཐོང་བ། བྱས་པ་གཟོ་བས་བཀའ་དྲིན་དྲན་པ། བློ་སྣ་མོས་གུས་ཀྱིས་འཕྲོག་པས་གདུང་ཤུགས་དྲག་པོས་རིག་པ་བསྒྱུར་ནུས་པ། ཡང་ཡང་མི་བརྗེད་པར་དྲན་པས་ཐ་མལ་གྱི་སྣང་བ་གཞན་འགོག་ནུས་པ་སྟེ། ཁྱད་པར་བཞི་ལྡན་གྱི་མོས་གུས་དྲག་པོས། ཅི་བྱེད་ཁྱེད་ཤེས་ཀྱི་རེ་ལྟོས་ལིང་བསྐྱུར་དུ་བྱས་ཏེ་གསོལ་བ་ཕུར་ཚུགས་སུ་འདེབས་ནུས་ན་བྱིན་རླབས་འཕྲལ་དུ་འཇུག །ཉོན་མོངས་པ་གློ་བུར་དུ་འགག །ཡེ་ཤེས་སྐད་ཅིག་ལ་འབེབས་པ་སོགས་སྐྱོན་ཐམས་ཅད་སེལ་ཞིང་ཡོན་ཏན་ཐམས་ཅད་ནམ་ཟླའི་དྲོད་ཕེབས་པ་ལྟར་ཐོགས་བབས་སུ་འཆར་བ་ཆོས་ཉིད་ཡིན་ནོ། །དེ་ལྟར་མ་གོ་བར་དེང་སང་ཁ་ཅིག་གིས་བླ་མ་གསོལ་བ་འདེབས་པ་འདི་ངན་ཤོས་ལྟ་བུར་བཟུང་སྟེ། དེ་ལས་ལྷག་པའི་ཉམས་ལེན་སྟོང་སྟོང་མོ་ཞིག་ལ་བློ་རྩེ་གཏད་ནས། འཆི་ཁར་བླ་མ་ལ་གསོལ་བ་འདེབས་པ་སོགས་ལ་ཉམས་ལེན་མེད་པར་བརྩི་བ་སྣང་མོད། དེ་ནི་དགེ་སྟོང་སྡིག་སྟོང་ནག་པོ་ཁ་འབྱམས་བདུད་ཀྱི་ལྟ་བ་བྱ་བ་དེ་ཡིན། འཆི་ཁའི་གདམས་ངག་ལའང་བླ་མ་ལ་གསོལ་བ་འདེབས་པ་ལས་ལྷག་པ་གཞན་མི་དགོས། དེས་གང་ཟག་རབ་རྣམས་འཆི་བ་འོད་གསལ་དོན་གྱི་བླ་མ་སངས་རྒྱས་ཆོས་སྐུའི་རང་ཞལ་མཇལ་ནས་བར་དོ་མེད་པར་འཚང་རྒྱ། འབྲིང་རྣམས་ཆོས་ཉིད་བར་དོའི་སྣང་བ་རང་བླ་མའི་རོལ་པར་ཤེས་ནས་ལོངས་སྐུར་གྲོལ་བར་བྱེད། ཐ་མ་རྣམས་ཀྱང་འཆི་ཁ་བའམ་བར་དོར་རང་གི་དད་མོས་ཀྱི་རང་གཟུགས་བླ་མའི་སྣང་བ་ཤར་ནས་བདེ་བ་ཅན་ནམ་མཁའ་སྤྱོད་སོགས་རང་བཞིན་སྤྲུལ་སྐུའི་ཞིང་དུ་དབུགས་དབྱུང་། ཡང་ཐ་རྣམས་ཀྱང་སྐྱེ་སྲིད་ངན་པ་ལྡོག་ནས་ཕ་མ་ཆོས་ལྡན་གྱི་བུར་སྐྱེས་ནས་ཆུང་ངུ་ནས་དད་པས་རབ་ཏུ་བྱུང་ཞིང་ཡང་དག་པའི་དགེ་བའི་བཤེས་གཉེན་དང་འཕྲད་ནས་ལམ་གྱི་འཕྲོ་འཐུད་པར་བྱེད་པ་ཡིན། དད་པ་མེད་པ་རྣམས་ལ་དེ་དག་གང་ཡང་མི་འབྱུང་། ལར་རྒྱུད་ཚོད་ཇེ་མཐོར་འགྲོ་བཞིན། བླ་མ་ལ་མོས་གུས། སེམས་ཅན་ལ་སྙིང་རྗེ། ལས་རྒྱུ་འབྲས་ལ་འཛེམ་བག་ཇེ་ཆེར་འགྲོ་བ་ཡིན་ཏེ། རྗེ་མི་ལས་དྭགས་པོ་རིན་པོ་ཆེ་ལ་ད་ལྟ་དང་མི་འདྲ་བའི་སེམས་ཀྱི་ཆོས་ཉིད་རྗེན་པར་མཐོང་ཞིང་། ཕ་རྒན་ང་ལའང་སངས་རྒྱས་དངོས་སུ་མཐོང་བའི་མོས་གུས་སྐྱེ་བའི་དུས་ཤིག་འབྱུང་བས་དེ་དུས་འཚོགས་པ་སྐྱོང་བའི་དུས་ཡིན་གསུང་བ་དང་། ཕ་དམ་པས་སྟོང་ཉིད་རྟོགས་ན་སྡིག་པ་བྱ་དོན་མེད། སྟོང་ཉིད་རྟོགས་པ་དང་སྙིང་རྗེ་སྐྱེ་བ་དུས་མཉམ་གསུང་། དེས་ན་འཕགས་པ་རྣམས་ཀྱི་མཛད་སྤྱོད་དང་རྣམ་ཐར་བལྟས་པས་ཀྱང་ཤེས་པར་ནུས་ལ། དེ་ལྟར་ཤེས་ཤིང་གོམས་ནུས་ན་བློ་ཆོས་དྲེད་དུ་མ་སོང་བར་རང་རྒྱུད་ཆོས་ཀྱིས་ཐུལ། ཆོས་ལམ་དུ་སོང་བྱ་བ་དེ་ཡིན་པས་ཐར་པའི་ལམ་སྣ་ཟིན་པར་འགྱུར་བ་ཡིན་ནོ། །

གསུམ་པ་ཇི་ལྟར་སྒོམ་པའི་རྣལ་འབྱོར་དངོས་ལ། ཐོག་མར་མདུན་གྱི་ནམ་མཁར་གང་ལ་གསོལ་བ་གདབ་བྱའི་ཡུལ་སྔར་གྱི་སྐྱབས་ཡུལ་བཞིན་དུ་གསལ་བཏབ་ཅིང་། དེ་ཐམས་ཅད་ཀྱང་ཐུགས་རྗེ་ལ་བྲི་གང་དང་། དགོངས་པ་ལ་མཐོ་དམའ་མེད་པར་རྩ་བའི་བླ་མའི་ཐུགས་བདེ་སྟོང་གི་སྣང་ཆ་སྒྱུ་མ་ལྟ་བུའི་རོལ་པ་ཤར་བས། རང་གཞན་སེམས་ཅན་ཐམས་ཅད་ལ་བྱིན་གྱིས་རློབས་པའི་ཚུལ་དུ་གཟིགས་ཤིང་བྱིན་འཐིབས་སེ་སད་པར་བསམ་ལ། དེ་ནས་ཚོགས་བསགས་པ་ནི། ཚོགས་ཞིང་ཁྱད་པར་ཅན་དེ་དག་གི་སྤྱན་སྔར་ང་རྒྱལ་གྱི་གཉེན་པོར་ཕྱག་འཚལ་བ་ནི། ཀུན་མཁྱེན་ཆོས་རྗེས། ཡིད་འོང་རྫིང་བུའི་ནང་ན་གནས་པ་ཡི། །འཆར་ཀའི་པདྨ་ཁ་འབུས་ཕྱེ་འདྲ་བ། །ལག་གཉིས་སྤྱི་བོར་ཐལ་སྦྱར་བསྟོད་དབྱངས་བཅས། །ལུས་དཔག་མེད་པར་སྤྲུལ་ནས་གུས་ཕྱག་འཚལ། །ཞེས་གསུངས་པ་ལྟར། རང་ལུས་ཞིང་གི་རྡུལ་སྙེད་དུ་སྤྲུལ་ནས་མཁའ་ཁྱབ་ཀྱི་སེམས་ཅན་ཐམས་ཅད་དང་ལྷན་ཅིག་ཤིན་ཏུ་དད་ཅིང་གུས་པས་ཐལ་མོའི་བར་དུ་ནོར་བུ་བཟུང་སྟེ་ཐལ་མོ་སྤྱི་བོར་འཇོག་པའི་དུས་སུ་ཚོགས་ཞིང་གི་ལྷ་ཚོགས་རྣམས་ཀྱི་སྐུའི་ཡོན་ཏན་དྲན་ནས་སྐུ་ལ་ཕྱག་འཚལ་བས་རང་གཞན་སེམས་ཅན་ཐམས་ཅད་ཀྱི་ལུས་ཀྱི་སྒྲིབ་པ་དག །མཚན་དཔེས་བརྒྱན་པའི་སྐུ་མཆོག་ཐོབ་པར་གྱུར་ཅིག་སྙམ། ཐལ་མོ་མགྲིན་པར་འཇོག་པའི་དུས་སུ་ཚོགས་ཞིང་རྣམས་ཀྱི་གསུང་གི་ཡོན་ཏན་དྲན་ནས་གསུང་ལ་ཕྱག་འཚལ་བས་རང་གཞན་སེམས་ཅན་ཐམས་ཅད་ཀྱི་ངག་གི་སྒྲིབ་པ་དག །ཚངས་དབྱངས་ཡན་ལག་དྲུག་ཅུའི་གསུངས་དབྱངས་ཐོབ་པར་གྱུར་ཅིག་སྙམ། ཐལ་མོ་སྙིང་གར་འཇོག་པའི་དུས་སུ་ཚོགས་ཞིང་རྣམས་ཀྱི་ཐུགས་ཀྱི་ཡོན་ཏན་དྲན་ནས་ཐུགས་ལ་ཕྱག་འཚལ་བས། རང་གཞན་སེམས་ཅན་ཐམས་ཅད་ཀྱི་ཡིད་ཀྱི་སྒྲིབ་པ་དག །ཟབ་གསལ་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ཐུགས་ཐོབ་པར་གྱུར་ཅིག་སྙམ། པུས་མོ་གཡས་པ་སར་ཕབ་པས་སེམས་ཅན་ཐམས་ཅད་གཡས་ཕྱོགས་ཡང་དག་པའི་ལམ་ལ་གནས་པར་གྱུར་ཅིག་སྙམ་པ་དང་། གཡོན་ཕབ་པས་སེམས་ཅན་གཡོན་ཕྱོགས་ཀྱི་ལམ་ལ་གནས་པ་རྣམས་འཕགས་ལམ་ཡང་དག་པའི་སར་གནས་པར་གྱུར་ཅིག་སྙམ་པ་དང་། ལག་གཡས་སར་ཕབ་པས་དེ་བཞིན་གཤེགས་པས་ཕྱག་གཡས་སར་བསྣུན་པས་བདུད་སྡེ་དཔུང་བཅས་བཅོམ་པ་བཞིན་དུ་བདུད་དང་ཕྱིར་རྒོལ་བ་ཆོམ་པར་གྱུར་ཅིག་སྙམ། ལག་གཡོན་སར་ཕབ་པས་སེམས་ཅན་གདུལ་དཀའ་བ་རྣམས་བསྡུ་བའི་དངོས་པོ་བཞིས་སྡུད་པར་གྱུར་ཅིག་སྙམ། གདོང་དང་དཔྲལ་བ་སར་ཕབ་པས་བདག་ང་རྒྱལ་མ་མཆིས་པ་འདིས་བླ་མར་རིམ་གྲོ་བགྱིད་ཅིང་དབུ་གཙུག་བལྟར་མི་མངོན་པ་ཐོབ་པར་གྱུར་ཅིག་སྙམ། མདོར་ན་ལུས་ཀྱི་མ་ལྔ་ས་ལ་ཕབ་པ་ཞེས། དཔྲལ་བ་དང་གཅིག །ལག་མཐིལ་གཉིས། པུས་མོ་གཉིས་དང་བཅས་ལྔ་པོ་ས་ལ་ཕབ་སྟེ་ཕྱག་བྱས་པས། རང་གཞན་གྱི་ཉོན་མོངས་དུག་ལྔའི་སྒྲིབ་པ་དང་། ཚོགས་ཞིང་གི་འབྲས་ཆོས་ལྔ་པོའི་དབང་དང་བྱིན་རླབས་ཐོབ་ཅིང་། མཐར་ཐུག་སངས་རྒྱས་ཀྱི་དབུའི་གཙུག་ཏོར་བལྟར་མི་མངོན་པ་ཐོབ་པར་གྱུར་ཅིག་སྙམ་པས་དེ་དང་དེ་ཡི་ཕན་ཡོན་དང་དགོས་པ་ཡོད་པ་ཡིན་ནོ། །ཕན་ཡོན་ཡང་། ཀུན་མཁྱེན་ཆོས་རྗེས། ལུས་བཏུད་དབང་ཆེན་བར་གྱི་རྡུལ་རྣམས་དང་། །མཉམ་པའི་གྲངས་སྙེད་འཁོར་ལོས་སྒྱུར་འགྲོ་ཞིང་། །མཐར་ཐུག་ཞི་བ་མཆོག་གི་གོ་འཕང་ཐོབ། །ཅེས་གསུངས་སོ། །ཆགས་ཞེན་གྱི་གཉེན་པོར་མཆོད་པ་ནི། དངོས་སུ་ཅི་འབྱོར་བའི་མཆོད་པ་བཤམས་ཤིང་ཡིད་ཀྱིས་ནམ་མཁའ་དང་ས་གཞི་ཐམས་ཅད་ལྷ་དང་མི་ཡི་མཆོད་རྫས་ཉེར་སྤྱོད་ལྔ་དང་། གཞལ་ཡས་ཁང་དང་ཡུལ་འཁོར་སོགས་བཀོད་པ་ཚད་མེད་པ་དག་རྒྱལ་སྲིད་སྣ་བདུན། བཀྲ་ཤིས་རྫས་རྟགས་ཉེ་བའི་རིན་ཆེན་སོགས་ལྷ་དང་ལྷ་མོའི་ཁྱད་པར་མང་པོ་གླུ་གར་དང་རོལ་མོའི་སྤྲིན་ཕུང་འཕྲོ་བས་ཞིང་ཁམས་འདི་དང་ཞིང་ཁམས་གཞན་གྱི་བཀོད་པའི་མཆོག་ཐམས་ཅད་དང་། གསང་སྔགས་ནང་གི་དམ་རྫས་སྨན་རཀ་གཏོར་མ་སོགས་བཟའ་བཅའ་ལྡག་མྱོང་ལ་སོགས་པ་ཟག་མེད་འདོད་ཡོན་གྱི་རྣམ་པ་འཕགས་པ་ཀུན་ཏུ་བཟང་པོའི་མཆོད་སྤྲིན་ལྟ་བུར་སྤྲུལ་ནས་ཕུལ་བ་སྟེ། དེ་ཡང་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་ཏིང་ངེ་འཛིན་གྱི་མཐུ་ལས། རང་གི་ཐུགས་ཀ་ནས་འོད་ཟེར་ཁ་དོག་མི་འདྲ་བ་བྱེ་བ་བརྒྱ་སྟོང་སངས་རྒྱས་ཀྱི་ཞིང་ཁམས་གྲངས་མེད་པའི་རྡུལ་དང་མཉམ་པར་སྤྲོས་ཏེ། དེ་དག་རེ་རེས་ཀྱང་དཔག་ཏུ་མེད་པའི་མཆོད་རྫས་རྣམ་གྲངས་བསམ་གྱིས་མི་ཁྱབ་པས་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་ལ་མཆོད་པ་ནི་ཀུན་ཏུ་བཟང་པོའི་མཆོད་པའི་སྤྲིན་ཕུང་ཞེས་བྱའོ། །ཚུལ་དེ་འདྲ་བ་རང་བློས་ཅི་ལྕོག་ཏུ་སྤྲུལ་ནས་འབུལ་ལོ། །ཕན་ཡོན་ཡང་། པད་དཀར་ལས། བདེ་གཤེགས་རིང་བསྲེལ་ལ་ནི་ཅུང་དད་དང་། །སིལ་སྙན་གཅིག་བརྡུང་པ་ཡི་སྒྲ་བྱུང་ངམ། །མེ་ཏོག་གཅིག་ཙམ་གྱིས་ནི་མཆོད་པ་དང་། །བདེ་གཤེགས་སྐུ་གཟུགས་བརྩིགས་ངོས་བྲིས་པ་ལ། །འཁྲུགས་བཞིན་པ་ཡི་སེམས་ཀྱིས་མཆོད་ན་ཡང་། །དེ་དག་རིམ་གྱིས་སངས་རྒྱས་བྱེ་བ་མཐོང་། །ཞེས་གསུངས་སོ། །ཞེ་སྡང་གི་གཉེན་པོར་སྡིག་བཤགས་ནི། ཚོགས་ཞིང་ཁྱད་པར་ཅན་དེ་རྣམས་ཀྱི་སྤྱན་སྔར་ཐལ་མོ་སྦྱར་ཏེ་གནོང་ཞིང་འགྱོད་པས། དྲན་པ་དང་མ་དྲན་པའི་སྡིག་པ་ཚེ་རབས་ཐོག་མ་མེད་པ་ནས་དེ་རིང་ཡན་ཆད་ལ་བསགས་པ། ལུས་ངག་ཡིད་གསུམ་གྱི་སྒོ་ནས་ཕ་མ་མཁན་སློབ་མཆེད་གྲོགས་སྐྱེ་བོ་དམ་པ་གཞན་དག་ལ་མ་གུས་པ་བྱས་པ། སྡིག་པ་མི་དགེ་བ་བཅུ། མཚམས་མེད་ལྔ། དེ་དང་ཉེ་བ་ལྔ། དཀོན་མཆོག་གི་དཀོར་ལ་འབག་པ། སེར་སྣ་འཇུར་གེགས་བྱས་པ་ལ་སོགས་པ་དང་། ཁྱད་པར་དུ་བླ་མ་རྡོ་རྗེ་འཛིན་པ་ལ་ཐ་མལ་མི་རུ་བཟུང་བའི་དབང་གིས་སྐུ་གསུང་ཐུགས་རྩ་བ་དང་ཡན་ལག་གི་དམ་ཚིག་འགལ་བ་དང་། ཉམས་པ་འདྲེས་ཤིང་ཉམས་པའི་སྐྱོན་ཆགས་པ་སོགས་མདོར་ན་མཆོག་ཐུན་གྱི་དངོས་གྲུབ་སྒྲུབ་པ་ལ་བར་དུ་གཅོད་པའི་སྒོར་གྱུར་པའི་བཅས་དང་རང་བཞིན་གྱི་ཁ་ན་མ་ཐོ་པ་ཐམས་ཅད་ལྕེ་ཐོག་ཏུ་ནག་ཕུང་གིས་འདུས་པར་བསམ་ནས་བཤགས་པས། སྐད་ཅིག་དེ་ཉིད་ལ་རྟེན་ཚོགས་ཞིང་རྣམས་ཀྱི་སྐུ་གསུང་ཐུགས་ལས་འོད་ཟེར་དཀར་པོ་བྱུང་བ་ཕོག་པའི་རྐྱེན་གྱིས་སངས་ཀྱིས་དག་པར་བསམ་ལ། ཕྱིས་མི་བྱེད་པའི་གཉེན་པོས་བསྡམས་ཤིང་བཤགས་པའི་ཚིག་བརྗོད་པར་བྱའོ། །ཕན་ཡོན་ནི་འབུམ་པ་ལས། གང་ཞིག་དྲན་པའི་མོད་ལས་ནི། །སྡིག་རྣམས་དྲན་ནས་འགྱོད་པ་ཡིས། །བཤགས་པས་ཐམས་ཅད་འཛད་པ་སྟེ། །རྒྱལ་བའི་སྲས་པོས་ཕྱིས་སྡོམས་ཤིག །ཅེས་གསུངས་སོ། །ཕྲག་དོག་གི་གཉེན་པོར་རྗེས་སུ་ཡི་རང་པ་ནི། ཕྱོགས་བཅུ་དུས་བཞིའི་རྒྱལ་བ་རྣམས་ཀྱིས་གཞན་དོན་དུ་ཆོས་ཀྱི་འཁོར་ལོ་བསྐོར་བ་ལ་སོགས་པའི་དགེ་བ། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བྱང་ཆུབ་ཀྱི་སྤྱོད་པ་རླབས་པོ་ཆེ་སྤྱོད་པའི་དགེ་བ། འཕགས་པ་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་ཤེས་རབ་དང་རྣམ་པར་གྲོལ་བའི་ཕུང་པོ། སེམས་ཅན་ཐམས་ཅད་ཀྱི་བསོད་ནམས་དང་ཐར་པ་ཆ་མཐུན་གྱི་དགེ་བ་བསྐྲུན་པ་རང་གིས་སྔར་བྱས་པ། ད་ལྟ་བྱེད་བཞིན་པ། སླད་ཀྱིས་བྱེད་པར་ངེས་པ་ཐམས་ཅད་ལ་རྗེས་སུ་ཡི་རངས་པ་སྙིང་ཐག་པ་ནས་དུང་དུང་བསྒོམ་པ་སྟེ། དེའི་ཕན་ཡོན་ཡང་། སྡུད་པ་ལས། སྟོང་གསུམ་རི་རབ་སྲང་ལ་གཞལ་བས་ཚད་བཟུང་རུང་། །རྗེས་སུ་ཡི་རངས་དགེ་བ་དེ་ནི་དེ་ལྟར་མིན། །ཞེས་གསུངས་སོ། །གཏི་མུག་གི་གཉེན་པོར་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་བླ་མ་དགེ་བའི་བཤེས་གཉེན་ཆེན་པོ་གཞན་དོན་རླབས་པོ་ཆེ་ལ་གཤེགས་པ་རྣམས་ལས། ཞུ་པ་པོ་གཞན་ལ་དགོངས་པའམ། འཁོར་གྱི་ལོག་སྒྲུབ་དང་སྐྱོ་ངལ་གྱིས་ཐུགས་སུན་ནས་ཆོས་མི་གསུང་བར་བཞུགས་པ་རྣམས་ཀྱི་དྲུང་དུ། སྔོན་བདག་ཅག་གི་སྟོན་པས་ཆོས་མི་གསུང་བར་བཞུགས་པ་ལ་ཚངས་པས་གསེར་གྱི་འཁོར་ལོ་རྩིབས་སྟོང་དང་ལྡན་པ། བརྒྱ་བྱིན་གྱིས་དུང་དཀར་གཡས་སུ་འཁྱིལ་བ་ཕུལ་ཏེ་ཆོས་འཁོར་བསྐོར་བར་གསོལ་བ་བཏབ་པ་བཞིན་དུ། བདག་ཀྱང་ལུས་བྱེ་བ་མང་པོར་སྤྲུལ་ནས་མདུན་ན་མངོན་སུམ་དུ་སྣང་བར་བྱས་ཏེ། དུང་དཀར་པོ་གཡས་སུ་འཁྱིལ་བ། གསེར་གྱི་འཁོར་ལོ་རྩིབས་སྟོང་དང་ལྡན་པ་སོགས་ཕུལ་ནས་ཆོས་ཀྱི་འཁོར་ལོ་བསྐོར་བར་ཞུས་པས་ཐམས་ཅད་དགྱེས་པའི་ཞལ་གྱིས་བཞེས་ཏེ་གདུལ་བྱའི་བསམ་པ་དང་མཐུན་པར་དུས་རྟག་པ་རྒྱུན་གྱི་འཁོར་ལོར་ཆོས་ཀྱི་འཁོར་ལོ་བསྐོར་བར་མོས་པ་སྟེ། ཕན་ཡོན་ཡང་ཆོས་སྤངས་ཀྱི་སྒྲིབ་པ་འདག་ཅིང་། ཚེ་རབས་ནས་ཚེ་རབས་ཐམས་ཅད་དུ་དམ་པའི་ཆོས་རྒྱུད་ལ་འཛིན་པ་དང་མི་འབྲལ་བར་འགྱུར་བ་སོགས་མཐའ་ཡས་ཏེ་གཙུག་ན་རིན་ཆེན་གྱིས་ཞུས་པའི་མདོ་ལས། རྒྱལ་བས་དགོངས་པ་མཛད་པ་ལ། །གང་ཞིག་གསོལ་བ་འདེབས་པ་དེ། །དབང་གི་རྒྱལ་པོ་ལྟ་བུ་སྟེ། །བསོད་ནམས་གཞན་དག་མཆིང་བུ་འདྲ། །ཞེས་སོ། །ལོག་ལྟའི་གཉེན་པོར་མྱ་ངན་ལས་མི་འདའ་བར་གསོལ་བ་འདེབས་པ་ནི། ཞིང་ཁམས་འདི་དང་གཞན་དག་ན་བླ་མ་དང་སངས་རྒྱས་བྱང་སེམས་གང་དག་སེམས་ཅན་གྱི་དོན་མཛད་ནས་གཟུགས་སྐུ་མྱ་ངན་ལས་འདའ་བར་དགོངས་པ་རྣམས་ཀྱི་མདུན་དུ། སྔོན་དགེ་བསྙེན་ཙུན་དས་བཅོམ་ལྡན་འདས་མྱ་ངན་ལས་མི་འདའ་བར་གསོལ་བ་བཏབ་པས་སྐུ་ཚེ་ཟླ་བ་གསུམ་དུ་བསྲིང་བ་ལྟར་བདག་གི་ལུས་མང་པོར་སྤྲུལ་ནས་གསོལ་བ་བཏབ་པས། འཁོར་བ་མ་སྟོངས་ཀྱི་བར་དུ་བཞུགས་ཏེ་སེམས་ཅན་གྱི་དོན་རྒྱ་ཆེན་པོ་མཛད་པར་མོས་པ་སྟེ། དེས་ནི་ཚེ་ཐུང་བ་དང་དུས་མ་ཡིན་པར་འཆི་བ་དང་། གཞན་གྱི་སྲོག་ལ་འཚེ་བའི་སྡིག་པ་འབྱང་ཞིང་། ཚེ་དཔག་ཏུ་མེད་པ་ཐུབ་པར་འགྱུར་བ་སོགས་ཕན་ཡོན་མཐའ་ཡས་ཏེ། ཚངས་པ་ཁྱད་པར་སེམས་ཀྱིས་ཞུས་པའི་མདོ་ལས། ཉོན་ཅིག་ཚངས་པའི་རྒྱལ་པོ་ཁྱོད། །བཅོམ་ལྡན་འདས་ལ་གསོལ་འདེབས་པ། །བསོད་ནམས་དེ་ནི་ཁྱད་པར་འཕགས། །སངས་རྒྱས་མྱ་ངན་ཡོངས་མི་འདའ། །ཞེས་སོ། །ཐེ་ཚོམ་གྱི་གཉེན་པོར་བསྔོ་བ་ནི། ཕྱག་འཚལ་བ་ནས་བཟུང་སྟེ། མྱ་ངན་ལས་མི་འདའ་བར་གསོལ་བ་གདབ་པའི་བར་གྱི། ད་ལྟ་བྱས་པའི་དགེ་བའི་རྩ་བ་འདིས་མཚོན་ཏེ། རང་གཞན་སེམས་ཅན་ཐམས་ཅད་ཀྱིས་དུས་གསུམ་དང་འབྲེལ་བར་བསགས་པའི་དགེ་བ་ཐམས་ཅད་བདག་གཞན་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྗེ་བཙུན་འཇམ་པའི་དབྱངས་དང་འཕགས་པ་ཀུན་ཏུ་བཟང་པོས་ཡོངས་སུ་བསྔོ་བ་ཇི་ལྟ་བར་དམིགས་པ་མེད་པའི་ཤེས་རབ་ཀྱི་རྒྱས་འདེབས་པ་དང་བཅས་རྫོགས་པའི་སངས་རྒྱས་ཀྱི་སར་བསྔོ་བ་སྟེ། ཕན་ཡོན་གྱི་ཁྱད་པར་ཡང་། བློ་གྲོས་རྒྱ་མཚོས་ཞུས་མདོ་ལས། ཇི་ལྟར་རྒྱ་མཚོ་ཆེ་ནང་ཆུ་ཐིགས་ལྷུང་། །རྒྱ་མཚོ་མ་ཟད་བར་དུ་དེ་མི་འཛད། །དེ་བཞིན་བྱང་ཆུབ་ཡོངས་བསྔོས་དགེ་བ་ཡང་། །བྱང་ཆུབ་མ་ཐོབ་བར་དུ་དེ་མི་འཛད། །ཅེས་གསུངས་སོ། །དེ་ལྟར་ངེས་པར་བྱས་ནས་ཚུལ་དེ་ལྟ་བུའི་དམིགས་གནད་དང་བཅས་ཏེ། ངག་ཏུ་བླ་མ་དཔལ་ལྡན་རྡོ་རྗེ་སེམས། །སོགས་བརྗོད་ཅིང་ལུས་ཀྱི་ཕྱག་དང་སྦྲགས། བརྒྱ་སྟོང་ཁྲི་འབུམ་སོགས་ཅི་ནུས་གྲངས་བསགས། སྤྱིར་ཚོགས་གསོག་པ་ལ་ཡོ་བྱད་དང་ཆ་རྐྱེན་མེད་དོ་བསམ་མི་དགོས་པར། ཇོ་བོ་ཆེན་པོས། བོད་ལ་བསོད་ནམས་བསག་པ་ལ་ཆུ་གཅིག་པོས་ཀྱང་ཆོག་པར་འདུག །རྒྱ་གར་ཚད་ཁུང་ཆེ་བས་བོད་ཀྱི་ཆུ་འདི་འདྲ་བའི་ལེགས་པ་མེད་གསུངས་པ་ལྟར་ལ། ལྷག་པར་དུ་ནང་དུ་དད་པ་དང་ཤེས་རབ་ཅིག་ཡོད་ཕྱིན་བསོད་ནམས་གསོག་པའི་ཐབས་སུ་མ་གྱུར་པ་མེད་པ་ལྟ་བུ་ཡིན་པ་མ་ཟད། བྱང་ཆུབ་སེམས་ཀྱིས་ཀུན་ནས་བསླང་པའི་ཡན་ལག་བདུན་པ་ཁོ་ན་ཕུལ་བས་སྒྲིབ་པ་མ་ལུས་པ་བྱང་ཞིང་ཚོགས་གཉིས་ནམ་མཁའ་དང་མཉམ་པར་བྱར་ཡོད། སྔོན་གྱི་ཇོ་བོ་བཀའ་གདམས་པའི་དགེ་བཤེས་ཀུན་ཀྱིས་ཆོས་སྤྱོད་གཞན་མི་མཛད་པར་ཡན་ལག་བདུན་པ་ཁོ་ན་ལ་ཉིན་མཚན་དུ་འབུངས། དེ་ཡང་ཕྱག་འཚལ་བ་ལས་ཀྱང་མཆོད་པ། དེ་ལས་ཀྱང་སྡིག་བཤགས། དེ་ལས་ཀྱང་ཡི་རངས་སོགས་སྔ་མ་སྔ་མ་ལས་ཕྱི་མ་ཕྱི་མས་བསོད་ནམས་ཆེ་བར་གསུངས་སོ། །ཡན་ལག་བདུན་པ་སྤྱིའི་ཕན་ཡོན་ཡང་། དཔལ་སྦས་ཀྱི་ཞུས་པའི་མདོ་ལས། གང་གིས་ཕྱོགས་བཅུའི་སངས་རྒྱས་ལ། །དམིགས་ནས་ཐལ་མོ་སྦྱར་བྱས་ཏེ། །ཕྱག་འཚལ་དེ་བཞིན་མཆོད་བྱེད་དོ། །བསོད་ནམས་དག་ལ་ཡི་རངས་ཤིང་། །སྡིག་པ་དག་ཀྱང་འཆགས་པར་བགྱི། །བསྐུལ་དང་གསོལ་བ་འདེབས་གྱུར་པ། །དེ་ཡི་བསོད་ནམས་ཕུང་པོ་ནི། །ནམ་མཁའ་གང་བ་རྟག་ཏུ་འབྱུང་། །ཞེས་གསུངས་སོ། །དེ་ནས་གསོལ་བ་གདབ་པ་ནི། བླ་མ་ཉིད་སངས་རྒྱས་ཀུན་འདུས་སུ་ཡང་ནས་ཡང་དུ་སྒྲོ་འདོགས་ཆོད་པས་གཅིག་ཆོག་རྒྱལ་པོར་ངེས་པ་གཏིང་ཚུགས་པའི་ཡོན་ཏན་དང་། བཀའ་དྲིན་རྗེས་སུ་དྲན་པས་ཅི་བྱེད་ཁྱེད་ཤེས་ཀྱི་རེ་ལྟོས་ལིང་གིས་བསྐྱུར་ལ་གདུང་ཤུགས་དྲག་པོས། ཁྱབ་བདག་དང་པོའི་མགོན་པོ་ཀུན་ཏུ་བཟང་། །ཞེས་སོགས་བརྒྱུད་པའི་གསོལ་འདེབས་བྱ། རྒྱལ་བས་ལུང་བསྟན་འཇམ་མགོན་བློ་གྲོས་མཐའ་ཡས་ཀྱིས། རྩ་བའི་བླ་མ་དེ་ལས་ལྷག་པའི་སངས་རྒྱས་གཞན་ཞིག་ལོགས་སུ་ཡོད་པ་ལྟ་བུ་མ་ཡིན་པར་ཕྱོགས་བཅུ་དུས་གསུམ་གྱི་དཀོན་མཆོག་མ་ལུས་པ་འདུས་པའི་ངོ་བོ་ཡིན། དཀོན་མཆོག་གི་ཡོན་ཏན་ལ་མུ་མཐའ་མེད། དེ་ཐམས་ཅད་རྩ་བའི་བླ་མ་འདིའི་རྣམ་པར་རོལ་པ་ཡིན། དེར་མ་ཟད་ད་ལྟ་ཕྱོགས་ཀུན་ཏུ་འགྲོ་དོན་མཛད་པའི་སྐྱེས་བུ་རྣམས་དང་། ཉི་ཟླ་རྩི་སྨན། གྲུ་ཟམ་ཚུན་ཆད་བླ་མའི་རྣལ་རོལ། རང་ལ་དབང་ལུང་ཁྲིད་དང་བྲིས་ཀློག་སློབ་པ་ཡན་ཆད་རྩ་བའི་བླ་མའི་སྐུ་བཀོད་པར་མོས་ཏེ་མདོར་ན་སངས་རྒྱས་སུ་ཐག་བཅད་པ་དང་གཅིག །སངས་རྒྱས་ཡི་དམ་བཀའ་བརྒྱུད་གོང་མ་སོགས་ངོ་མཚར་ཆེ་ཡང་རང་ལ་ཞལ་མི་སྟོན། གསུང་མི་ཐོས། གལ་ཏེ་མཇལ་ཡང་བླ་མས་མཛད་པ་ལས་ལྷག་མཛད་རྒྱུ་མེད། འདས་པའི་སངས་རྒྱས་གྲངས་མེད་དང་ད་ལྟ་ཕྱོགས་བཅུ་ན་སངས་རྒྱས་བྱང་སེམས་བླ་མ་ཡི་དམ་དཔག་ཏུ་མེད་པ་བཞུགས་ན་ཡང་རྨི་ལམ་དུའང་གཅིག་ཀྱང་མཇལ་བའི་སྐལ་བ་མེད་པ་བདག་ལ། རྩ་བའི་བླ་མ་འདིས་ཚེ་གཅིག་ལུས་གཅིག་ལ་འཚང་རྒྱ་བའི་ཐབས་ཚང་ལ་མ་ནོར་བ་སྟོན་པས་ལུས་སྲོག་རྡུལ་དུ་བརླག་ཀྱང་བཀའ་དྲིན་འཁོར་ཐབས་མེད་དོ་སྙམ་པ་དང་གཉིས། ཆོས་དང་ཟང་ཟིང་གི་གནང་སྦྱིན་སོགས་ཐུགས་ལ་བཏགས་པའི་ཚེ་བླ་མ་དྲན། འགྱང་ནས་བརྗེད། ན་ཚ་རྐྱེན་ངན་བྱུང་དུས་བླ་མ་དྲན། བདེ་བར་སྡོད་དུས་མི་དྲན་པ་དེ་འདྲ་བ་མིན་པར་འགྲོ་འཆག་ཉལ་འདུག་སྐྱིད་སྡུག་ཅི་བྱུང་ཡང་བསམ་རྒྱུ་བླ་མ་ལས་མེད་པར་ཡང་ཡང་དྲན་པ་དང་གསུམ། སྐབས་རེར་བླ་མ་དྲན་ན་ཡང་སྐྱབས་སུ་མཆིའོ་ཟེར་བ་ཙམ་མམ། གསོལ་འདེབས་སད་སད་རེ་བཏོན་ནས་ཚར་བར་བརྩི་བ་དེ་འདྲ་མིན་པར་བ་སྤུ་གཡོ་ཞིང་མཆི་མ་འཁྲུགས་པའི་གདུང་ཤུགས་ཀྱིས་རིག་པ་འཕྲལ་དུ་བསྒྱུར། ཐ་མལ་གྱི་སྣང་བ་འགོག །ཉམས་གཏད་མེད་དུ་སྐྱེ་ནུས་པའི་གདུང་ཤུགས་དྲག་པོ་དང་བཞི་འཛོམ་ན་བྱིན་རླབས་རྒྱུད་ལ་འཇུག་ཅིང་རྟོགས་པ་གློ་བུར་དུ་སྐྱེ་ནུས་པའི་མོས་གུས་ཚད་ལྡན་ཡིན་པར་གདའ་ཞེས་གསུང་པ་ལྟར་རྒྱུད་ཐོག་ཏུ་ཁེལ་བར་བྱ། སྔོན་འགྲོ་གཞན་རྣམས་འབུམ་ཐེར་སོགས་གྲངས་གསོག་པ་ཡིན་ན། གསོལ་འདེབས་འདི་ཡང་གྲངས་དེ་ལྟར་བསགས། དེ་ཙམ་མི་ནུས་ན། ཐོག་མར་བརྒྱུད་འདེབས་ཅི་ནུས་དང་། དེ་ནས་བླ་མ་ཉིད་ཀུན་འདུས་ནོར་བུའི་ལུགས་སུ་མོས་པས་གུ་རུའི་གསོལ་འདེབས་ཐམས་ཅད་ཀྱི་རྒྱལ་པོ་ཚིག་བདུན་གསོལ་འདེབས་ཉིད་གྲངས་བསགས་པས་ཆོག་པར་ངོ་མཚར་བཀའ་བབས་བདུན་ལྡན་རྡོ་རྗེ་འཆང་མཁྱེན་བརྩེའི་དབང་པོས་གསུངས་སོ། །དེ་ལྟར་གསོལ་བ་གདབ་པའི་སྐབས་སུ་བླ་མ་སོ་སོའི་མཚན་བྱུང་བའི་ཚེ་སྐྱོན་ཀུན་ཟད་ཡོན་ཏན་ཀུན་རྫོགས་དགོས་འདོད་ཀུན་སྩོལ་ཡིན་པ་ལ་ཡིན་པར་བློ་ཐག་བཅད། གསོལ་བ་འདེབས་སོ་ཞེས་པའི་ཚེ་གདུང་ཤུགས་བཟོད་མེད་དུ་བསྐྱེད་དེ་གསོལ་བ་ཕུར་ཚུགས་སུ་འདེབས། བདག་རྒྱུད་བྱིན་གྱིས་རློབས་ཞེས་དང་། འདིས་ཐོབ་དགེ་བ་སོགས་ཀྱིས་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་རྒྱུད་ལ་འབྱོངས་ཤིག་བསྐྱེད་རྫོགས་རྫོགས་ཆེན་གྱི་ཉམས་ལེན་མཐར་ཕྱིན་ནས་ཚེ་འདིར་ཟུང་འཇུག་རྡོ་རྗེ་འཆང་གི་གོ་འཕང་མངོན་དུ་བརྙེས་པར་བྱིན་གྱིས་རློབས་ཞེས་འདོད་དོན་ལ་གསོལ་སྨོན་བྱ། དབང་བླང་བ་ནི། དེ་ལྟར་ཡང་ཡང་གསོལ་བ་གདབ་རྗེས་རྩ་བའི་བླ་མའི་སྐུ་ལས་འཕྲོས་པའི་འོད་ཟེར་གྱིས་རེག་པས། བརྒྱུད་པའི་བླ་མ་དཀོན་མཆོག་སོགས་འཁོར་རྣམས་འོད་དུ་ཞུ་ནས་རིམ་བཞིན་རྩ་བའི་བླ་མའི་སྐུ་ལ་བསྡུས། རྩ་བའི་བླ་མ་ཉིད་སྐྱབས་གནས་ཀུན་འདུས་ཀྱི་ངོ་བོ་སྔར་ལས་ཀྱང་གཟི་མདངས་ཆེར་འབར་ཏེ་མཚུངས་པ་མེད་པའི་སྐུ་ཅན་དུ་གྱུར་པའི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ་རྣམས་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེའི་བདག་ཉིད་དུ་བཞུགས་པ་ལ། སླར་ཡང་ཚད་མེད་པའི་མོས་གུས་ཀྱིས། སྐུ་བཞིའི་དབང་ཕྱུག་སོགས་ཀྱིས་གསོལ་བ་དྲག་ཏུ་བཏབ་པས། གུ་རུའི་སྤྱི་བོའི་ཨོཾ་ལས་འོད་ཟེར་དཀར་པོ་ཟླ་བ་ཤར་བ་ལྟ་བུ་དཔག་ཏུ་མེད་པ་འཕྲོས། རང་གི་དཔྲལ་བའི་སྨིན་མཚམས་སུ་ཐིམ་པས། བུམ་པའི་དབང་ཐོབ། སྦྱང་བྱ་སྲོག་བཅད་པ་སོགས་ལུས་ཀྱི་སྒོ་ནས་བསགས་པའི་སྡིག་པ་དང་ལུས་རྩ་ཡི་སྒྲིབ་པ་དག །སྦྱོང་བྱེད་ལམ་སྣང་སྟོང་བསྐྱེད་རིམ་དབྱིངས་ཀྱི་རྣལ་འབྱོར་བསྒོམ་པ་ལ་དབང་། སྦྱང་འབྲས་སྐུ་རྡོ་རྗེ་སྤྲུལ་པའི་སྐུ་ཐོབ་པའི་སྐལ་བ་ཅན་དུ་བྱས། ཡང་བླ་མའི་མགྲིན་པའི་ཨཱཿལས་འོད་ཟེར་དམར་པོ་མར་མེའི་ཕྲེང་བ་ལྟ་བུ་དཔག་ཏུ་མེད་པ་བྱུང་། རང་གི་མགྲིན་པར་ཐིམ་པས་གསང་བའི་དབང་ཐོབ། སྦྱང་བྱ་རྫུན་སོགས་ངག་གི་སྒོ་ནས་བསགས་པའི་སྡིག་པ་དང་ངག་རླུང་གི་སྒྲིབ་པ་དག །སྦྱོང་བྱེད་ལམ་གསལ་སྟོང་གཏུམ་མོ་བསྒོམ་པ་ལ་དབང་། སྦྱང་འབྲས་གསུང་རྡོ་རྗེ་ལོངས་སྤྱོད་རྫོགས་པའི་སྐུ་འགྲུབ་པའི་སྐལ་བ་ཅན་དུ་བྱས། ཡང་བླ་མའི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་སྔོན་པོ་མཐིང་སྔོན་ཞུན་མའི་མདོག་ལྟ་བུ་དཔག་ཏུ་མེད་པ་འཕྲོས། རང་གི་སྙིང་གར་ཐིམ་པས་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། སྦྱང་བྱ་བརྣབ་སེམས་སོགས་ཡིད་ཀྱི་སྒོ་ནས་བསགས་པའི་སྡིག་པ་དང་ཡིད་ཐིག་ལེའི་སྒྲིབ་པ་དག །སྦྱོང་བྱེད་ལམ་ཕོ་ཉའི་རྣལ་འབྱོར་བསྒོམས་པ་ལ་དབང་། སྦྱང་འབྲས་ཐུགས་རྡོ་རྗེ་ཆོས་ཀྱི་སྐུ་འགྲུབ་པའི་སྐལ་བ་ཅན་དུ་བྱས། སླར་ཡང་བླ་མའི་སྐུ་ཡི་གནས་གསུམ་ནས་འོད་ཟེར་དཀར་དམར་མཐིང་གསུམ་གྱི་ཚོགས་དཔག་ཏུ་མེད་པ་ཅིག་ཅར་དུ་འཕྲོས། རང་གི་སྒོ་གསུམ་ལ་ཆར་བབས་པ་བཞིན་དུ་ཐིམ་པས་དབང་བཞི་པ་ཚིག་དབང་རིན་པོ་ཆེ་ཐོབ། སྦྱང་བྱ་སྒོ་གསུམ་ཆ་སྙོམས་དང་ཤེས་བྱའི་སྒྲིབ་པ་དག །སྦྱོང་བྱེད་ལམ་རྫོགས་པ་ཆེན་པོ་ཀ་དག་ཁྲེགས་ཆོད་དང་ལྷུན་གྲུབ་ཐོད་རྒལ་ཟུང་འབྲེལ་བསྒོམ་པ་ལ་དབང་། སྦྱངས་འབྲས་ཡེ་ཤེས་རྡོ་རྗེ་ངོ་བོ་ཉིད་སྐུ་ཐོབ་པའི་སྐལ་བ་ཅན་དུ་བྱས་པར་མོས་ལ་མཉམ་པར་བཞག །དེ་ཡང་སྤྱིར་གསང་སྔགས་རྡོ་རྗེ་ཐེག་པའི་ལམ་ཐམས་ཅད་སྨིན་བྱེད་དབང་ལ་མ་བརྟེན་པར་བསྒྲུབ་ཏུ་མི་རུང་སྟེ། གསང་སྙིང་ལས། སློབ་དཔོན་མཉེས་པར་མ་བྱས་ཤིང་། །དབང་རྣམས་ཐོབ་པར་མ་བྱས་པར། །ཉན་པ་ལ་སོགས་བརྩོན་པ་ནི། །འབྲས་བུ་མེད་ཅིང་བརླག་པར་འགྱུར། །ཞེས་དང་། རྒྱུད་གཞན་ལས་ཀྱང་། དབང་མ་བསྐུར་བར་དངོས་གྲུབ་མེད། །བྱེ་མ་བཙིར་ལས་མར་མི་འབྱུང་། །ཞེས་སོ། །དེ་ལ་དབང་གི་ངོ་བོ་ནི། ཐོབ་བྱའི་ཡེ་ཤེས་རང་རྒྱུད་ལ་འཇོག་ཅིང་སྨིན་པར་བྱེད་པ། ངེས་ཚིག་ནི་ཨ་བྷི་ཥིཉྩའི་སྒྲ་ལས་དྲང་ན་མངོན་པར་གཏོར་བའམ་བླུགས་པ་སྟེ། རང་རྒྱུད་ཀྱི་དྲི་མ་འཁྲུད་ཅིང་ཡེ་ཤེས་ཁྱད་པར་ཅན་རྒྱུད་ལ་འཇོག་པས་ན་དབང་ངོ་། །དབྱེ་ན། ཐོག་མར་མཚན་ཉིད་དང་ལྡན་པའི་སློབ་དཔོན་གྱིས་སྣོད་ལྡན་གྱི་སློབ་མ་གང་ཞིག་གསང་མཆོག་རྒྱལ་པོའི་དཀྱིལ་འཁོར་དུ་བཅུག་ནས་དབང་བསྐུར་བ་དེ་གཞི་དབང་། དེའི་རྗེས་སུ་བླ་མའི་རྣལ་འབྱོར་སོགས་ལ་བརྟེན་ནས་གཞན་རྐྱེན་ལ་ལྟོས་པ་མེད་པར་རང་ཉིད་ཀྱིས་དབང་བཞི་ཟབ་མོ་ཏིང་ངེ་འཛིན་སོགས་ཀྱིས་ལེན་པ་ལམ་དབང་། མཐར་ཐུག་འབྲས་དུས་འོད་ཟེར་ཆེན་པོས་དབང་ངམ་ཟབ་གསལ་གཉིས་མེད་ཀྱི་དབང་ཐོབ་ནས་མངོན་སངས་རྒྱས་པ་འབྲས་དབང་ངོ་། །དེས་ན་རྡོ་རྗེ་ཐེག་པའི་ལམ་ཐམས་ཅད་སྨིན་བྱེད་དབང་གི་ནང་དུ་འདུ་བ་ཡིན་པས། སྔོན་འགྲོའི་སྐབས་འདི་ཙམ་དུ་མ་ཟད། དངོས་གཞིའི་བསྐྱེད་རྫོགས་བསྒོམ་པ་སོགས་ལམ་གང་གི་ཡང་སྔོན་དུ་བླ་མའི་རྣལ་འབྱོར་ལ་བརྟེན་ནས་དབང་བཞི་ལེན་ཅིང་ཐུགས་ཡིད་བསྲེ་བ་འདི་མེད་ཐབས་མེད་དེ། རྒྱུད་ལས། བླ་མ་བསྒོམ་ན་ཆོས་སྐུ་བསྒོམ། །ལྷ་སྐུ་འབུམ་ཕྲག་སྟོང་བསྒོམ་པས། །བསོད་ནམས་དེ་ཡི་ཆར་མི་ཕོད། །ཉན་བཤད་བསྒོམ་དང་འཛིན་པ་དང་། །མཆོད་གཏོར་ལ་སོགས་གང་བྱེད་ཀྱང་། །སྔོན་དུ་འགྲོ་བའི་ལས་ཡིན་པས། །བླ་མ་དུས་གསུམ་སངས་རྒྱས་དཔལ། །ཞེས་སོ། །དེ་ལྟར་བགྱིས་པའི་ཕན་ཡོན་ཡང་། གནས་སྐབས་སུ་བླ་མ་ལ་རྩོལ་མེད་ཀྱི་མོས་གུས་སྐྱེ་བ་དང་། ཏིང་ངེ་འཛིན་སོགས་གང་བསྒོམ་པའི་དམིགས་པ་གསལ་བ་དང་། མཐར་ཐུག་རང་བྱུང་གི་ཡེ་ཤེས་བདེ་བ་ཆེན་པོ་ཉིད་རྟོགས་པར་བྱེད་པ་ཡིན་ཏེ། བདེ་གཤེགས་ཀུན་འདུས་དབང་གཞུང་ལས། དེ་ལྟར་དབང་སྐུར་ཡོན་ཏན་གྱིས༔ བྱིན་རླབས་མཚན་མ་དང་པོ་ནི༔ རྩོལ་མེད་མོས་གུས་རྒྱུད་ལ་སྐྱེ༔ བྱིན་རླབས་མཚན་མ་གཉིས་པ་ནི༔ གང་གཏད་དམིགས་པ་གསལ་ཞིང་བརྟན༔ བྱིན་རླབས་མཚན་མ་གསུམ་པ་ནི༔ རང་བྱུང་ཡེ་ཤེས་རྟོགས་པ་འཆར༔ ཞེས་གསུངས་སོ། །སླར་མོས་གུས་དུང་བ་དང་ཡིད་ཀྱིས་གསོལ་བ་བཏབ་པས། བླ་མ་དེ་ཉིད་ཤིན་ཏུ་དགྱེས་པའི་ཚུལ་གྱིས་རང་གི་སྤྱི་བོར་བྱོན་པ་འོད་དུ་ཞུ་ནས་རང་ལ་ཐིམ་པས་བླ་མ་དང་རང་སེམས་དབྱེར་མེད་དུ་གྱུར་པར་བསམ་ལ་རིག་པ་མ་བཅོས་པའི་ངང་ལ་ཅུང་ཟད་མཉམ་པར་བཞག་པ་ནི་རང་རིག་དོན་གྱི་བླ་མའི་རྣལ་འབྱོར་ཡིན་ཞིང་མཐར་སྣང་སྲིད་ཐམས་ཅད་བླ་མའི་རྣམ་རོལ་དུ་གསལ་ཞིང་དགེ་བ་འདི་ཡིས་སོགས་ཀྱིས་བསྔོ་བ་དང་སྨོན་ལམ་ཇི་ལྟར་རིགས་པས་མཐའ་བརྒྱན་པར་བྱའོ། །དེ་ལྟ་བུའི་བླ་མའི་རྣལ་འབྱོར་དེ་འགྲོ་བའི་ཚེ་ཕྲག་པ་གཡས་ཀྱི་ནམ་མཁར་བསྒོམ་དེ་བསྐོར་བ་བྱེད་པའི་རྟེན་ཡིན། འདུག་པའི་ཚེ་སྤྱི་བོའི་གཙུག་གི་ནམ་མཁའ་ལ་བསྒོམ། དེ་གསོལ་བ་འདེབས་པའི་རྟེན་ཡིན། ཟ་འཐུང་བྱེད་པའི་ཚེ་མགྲིན་པའི་དབུས་སུ་བསྒོམ། དེ་ཅི་ཟ་ཅི་འཐུང་གི་ཕུད་ཀྱི་མཆོད་ས་ཡིན། ཉལ་བའི་ཚེ་སྙིང་གི་དབུས་སུ་བསྒོམ། དེ་འོད་གསལ་འཛིན་པའི་གནད་ཡིན། མདོར་ན་དུས་དང་རྣམ་པ་ཐམས་ཅད་དུ་བླ་མ་མ་བརྗེད་པར་དྲན་པར་བྱ། རང་ལ་ན་ཚ་དང་གདོན་བགེགས་ཀྱི་གནོད་པ་སོགས་མི་འདོད་པ་ཅི་བྱུང་ཡང་བདག་གི་ལས་ངན་འཛད་པའི་ཐབས་སུ་བླ་མའི་ཐུགས་རྗེས་གནང་བ་ཡིན་སྙམ་དུ་དགའ་བ་སྒོམ་ཞིང་སྤང་བློ་མི་བྱ། སྐྱིད་ལ་ཟོས་བདེ་དགེ་སྦྱོར་འཕེལ་བ་སོགས་བྱུང་ན། དེ་དག་བླ་མའི་ཐུགས་རྗེར་ཤེས་ཏེ་ང་རྒྱལ་དང་དགའ་བྲོད་མི་བྱ། ཏིང་ངེ་འཛིན་བསྒོམ་པས་སྐྱོ་དུབ་དང་བྱིང་རྒོད་ལ་སོགས་པ་བྱུང་ན། བླ་མའི་ཐུགས་དང་རང་གི་རིག་པ་དབྱེར་མེད་དུ་བསྲེས་ཏེ་གནས་ལུགས་ལྟ་བའི་རང་མདངས་བསྐྱངས་ཤིང་། གསོལ་འདེབས་སོགས་ལ་ཆིག་དྲིལ་དུ་བརྩོན་པར་བྱའོ། །

བཞི་པ་རྟགས་དང་ཕན་ཡོན་བཅས་བསྟན་པ་ལས། རང་རྒྱུད་ལ་བྱིན་རླབས་ཞུགས་པའི་རྟགས་ནི། ཐུན་མོང་དུ་ནད་གདོན་སྡིག་སྒྲིབ་ཞི་བ་དང་། ངེས་འབྱུང་སྙིང་རྗེ་དག་སྣང་མོས་གུས་རྣམས་རྩོལ་མེད་རྒྱུད་ལ་སྐྱེ་བ་དང་། དངོས་ཉམས་རྨི་ལམ་ཅི་རིགས་པར་བླ་མ་དང་ལྷག་པའི་ལྷས་ཞལ་སྟོན་པ་དང་། གསུང་ཐོས་པ་དང་། བདེ་གསལ་མི་རྟོག་པ་སོགས་ཏིང་ངེ་འཛིན་བཟང་པོ་རང་ཤུགས་སུ་སྐྱེ་བ་སོགས་འབྱུང་ཞིང་། དེ་དག་གི་སྐབས་སུ་གང་ལའང་རེ་དོགས་དང་ཆེད་འཛིན་མི་བྱ་བར་མ་བཅོས་གཉུག་མར་ལམ་དུ་་ཁྱེར་བས་ཐུན་མོང་མ་ཡིན་པ་མཐར་ཐུག་རང་སེམས་དོན་གྱི་བླ་མ་རིག་སྟོང་རྫོགས་པ་ཆེན་པོ་ཉིད་ཤེས་ཉམས་ཡིད་དཔྱོད་ཀྱི་སྦུབས་ནས་གྲོལ་ཏེ་གནས་ལུགས་བསམ་མི་ཁྱབ་པའི་ཡེ་ཤེས་ལ་དབང་འབྱོར་ནས་ཚེ་འདིར་ཟུང་འཇུག་རྡོ་རྗེ་འཆང་གི་རྒྱལ་སར་མངའ་དབང་འབྱོར་བ་ཡིན་ནོ། །དེ་ལྟར་བསྒོམ་པའི་ཕན་ཡོན་ཡང་། ཀུན་འདུས་རིན་པོ་ཆེའི་རྒྱུད་ལས། གང་གིས་བསྐལ་པ་འབུམ་ཕྲག་ཏུ། །ལྷ་སྐུ་འབུམ་ཕྲག་བསྒོམ་པ་བས། །བླ་མ་ཅུང་ཟད་དྲན་པ་མཆོག །བསོད་ནམས་འདི་ནི་ཕ་མཐའ་ཡས། །ཞེས་དང་། རིམ་ལྔ་ལས། རི་དབང་རྩེ་ནས་འགའ་ཞིག་ལྷུང་གྱུར་ན། །ལྷུང་བར་མི་བྱ་སྙམ་ཡང་ལྷུང་བར་འགྱུར། །བླ་མའི་དྲིན་གྱིས་ཕན་པའི་ལུང་ཐོབ་ན། །གྲོལ་བར་མི་འདོད་ན་ཡང་གྲོལ་བར་འགྱུར། །ཞེས་དང་། ཨ་ཏི་བཀོད་པ་ཆེན་པོ་ལས། གང་གི་ལྷ་སྐུ་འབུམ་ཕྲག་བསྒོམ་པ་ལས། །བླ་མའི་སྐུ་ལ་དམིགས་པ་མ་ལོག་ན། །བསོད་ནམས་བརྒྱ་ཕྲག་སྟོང་གིས་ཆར་མི་ཕོད། །བསྙེན་སྒྲུབ་བཟླས་པ་ས་ཡ་དུང་ཕྱུར་བས། །བླ་མའི་གསོལ་འདེབས་ལན་གསུམ་བརྗོད་པ་ནི། །ནུས་པ་འབུམ་ཕྲག་ཆར་ཡང་མི་ཕོད་པས། །རྫོགས་པའི་རིམ་པ་བསྐལ་པའི་བར་དུ་ཡང་། །གང་གིས་འདུ་འཛི་སྤངས་ནས་བསྒོམ་པ་བས། །བླ་མ་རང་སེམས་དཀྱིལ་དུ་ཤར་བ་ཙམ། །བསོད་ནམས་སྟོང་ཕྲག་ཉི་ཤུས་ཆར་མི་ཕོད། །བླ་མ་བསྒོམ་དང་བསྟོད་དང་བསམ་པ་ཡིས། །སངས་རྒྱས་འབྲས་བུ་ཅིག་ཅར་འགྲུབ་པར་ངེས། །ཞེས་དང་། གསང་སྒྲོན་ལས། བསྙེན་སྒྲུབ་བཟླས་པ་ས་ཡ་པས། །བླ་མའི་གསོལ་འདེབས་ཚིག་གཅིག་དགའ། །ལྷ་སྐུ་མ་བསྒོམ་བླ་མ་བསྒོམ། །ལྷ་སྐུ་བྱེ་བ་སྟོང་བསྒོམ་པས། །བླ་མ་བསྒོམ་པ་བསོད་ནམས་ཆེ། །ཞེས་དང་། དམ་ཚིག་བཀོད་པ་ལས། གཡོ་མེད་མོས་གུས་ཟླ་དྲུག་གིས། །རྡོ་རྗེ་འཆང་གི་ས་ཐོབ་འགྱུར། །ཞེས་དང་། ཡེ་ཤེས་མངོན་འབྱུང་ལས། ས་དང་ལམ་གྱི་རིམ་པ་རྣམས། །བླ་མའི་མོས་གུས་ལོ་ཟླས་འགྲུབ། །བླ་མའི་སྣང་བ་མ་བྲལ་ན། །སངས་རྒྱས་རྣམས་དང་འབྲལ་མེད་གནས། །ཞེས་གསུངས་པས་མཚོན་ལུང་མཐའ་ཡས་སོ། །དེ་ལྟར་སྔོན་འགྲོའི་དམིགས་པ་དེ་རྣམས་རྒྱུད་ལ་མྱོང་བ་ཐོན་ཐོན་གྱི་བར་དུ་བསྒོམ་དགོས་མོད། མགྱོགས་ཁྲིད་ཀྱི་སྐབས་ཞག་རེ་གཉིས་ཙམ་ལས་བསྒོམ་རྒྱུ་མ་བྱུང་ན། ཁྲིད་ཡོངས་རྫོགས་མ་ཚར་གྱི་བར་དུ་ཐུན་དང་པོ་ལ་ལུས་གནད་ཅི་བདེ་བའི་སྟེང་ནས་སྔོན་འགྲོ་རྒྱས་པ་ཚང་བར་བྱ་ཞིང་། དེའང་བསྡུས་པ་ལ་དགའ་ན། སྐྱབས་ཡུལ་ཉིད་མ་བསྡུས་པར་སེམས་བསྐྱེད་ཀྱི་དུས་སུ་དཔང་པོ་དང་། སྒྲིབ་གཉིས་སྦྱང་བའི་ཚེ་བཤགས་ཡུལ་གྱི་ནང་ཚན་དུ་འདུ་ཞིང་། མཎྜལ་དང་བླ་མའི་རྣལ་འབྱོར་གྱི་རྟེན་དུ་བྱས་པས་ཟོར་ཡང་ཞིང་གནད་ལ་འབྱོར་བ་འོང་། ཕྱི་ཐུན་རྣམས་ལ་བླ་མའི་རྣལ་འབྱོར་ཙམ་མོ། །དེའང་བསྡུ་ན། ཐུན་གྱི་སྔོན་འགྲོ་ཙམ་བྱས་པས་ཀྱང་ཆད་པའི་སྐྱོན་དུ་མི་འགྱུར་རོ། །དེ་ལྟར་བཤད་པའི་སྔོན་འགྲོ་ལས་ངེས་འབྱུང་གི་བློ་བཅོས་པ་དང་སྐྱབས་སུ་འགྲོ་བ་གཉིས་ནང་པ་སངས་རྒྱས་པ་ཐམས་ཅད་དང་། སེམས་བསྐྱེད་ནི་ཐེག་ཆེན་ཕ་རོལ་ཕྱིན་པ་དང་ཐུན་མོང་པ་ཡིན་ལ། སྤྱིར་ཚོགས་བསག་དང་སྒྲིབ་སྦྱོང་དུ་མ་གྱུར་པའི་དགེ་བའི་ཆོས་མེད་མོད་ཀྱང་། འདིར་ཡིག་བརྒྱའི་སྒོམ་བཟླས་དང་མཎྜལ་གཉིས་བསག་སྦྱོང་གི་ཆོ་གའི་ཡན་ལག་སྣ་རེ་ཙམ་དུ་སྣང་ནའང་། ཚེགས་ཆུང་ལ་དོན་ཆེ་བའི་ཐབས་ཀྱི་ཁྱད་པར་རེར་འགྱུར་བས་སྔགས་ཀྱི་རྣལ་འབྱོར་ལ་ཤིན་ཏུ་མཁོ་བའི་ཕྱིར་སྔོན་འགྲོར་སྦྱར་ཞིང་། བླ་མའི་རྣལ་འབྱོར་ནི་རྡོ་རྗེ་ཐེག་པའི་ལམ་གྱི་རྩ་བ་ཡིན་པས། དེ་གསུམ་ལ་བསག་སྦྱང་གཉིས་མེད་ཀྱི་ཁྲིད་གསུམ་ཞེས་སྔགས་ལམ་ཐུན་མོང་མ་ཡིན་པའི་སྔོན་འགྲོ་སྟེ། དེ་རྣམས་ཀྱིས་རྒྱུད་ལེགས་པར་འབྱོངས་ནས་དངོས་གཞིའི་ཉམས་རྟོགས་རྩོལ་མེད་དུ་སྐྱེ་ནུས་པས་ན་ཟབ་ལམ་གྱི་གནད་ཁྱད་པར་ཅན་ཡིན་པས། ཐོག་མ་ནས་དངོས་གཞིའི་བསྐྱེད་རྫོགས་རྫོགས་ཆེན་སོགས་ལ་མཐོ་སྙབ་མི་བྱ་བར་ལམ་ཟབ་མོ་སྔོན་འགྲོའི་ཉམས་ལེན་འདི་དག་གིས་རང་རྒྱུད་ཡོངས་སུ་དུལ་བར་བྱ་བ་ནི་ཅིས་ཀྱང་གལ་ཆེའོ། །སླར་སྨྲས་པ། གྲུབ་པའི་སློབ་དཔོན་ཆེན་པོ་རྣམ་གསུམ་དང་། །རྣམ་སྣང་ལོ་ཙཱའི་ཐུགས་ཀྱི་བརྣག་པའི་ཆོས། །རྒྱུད་ལུང་མན་ངག་བྱེ་བའི་མཛོད་ཆེན་པོ། །གྲོལ་བ་དྲུག་ལྡན་ཟབ་གཏེར་གདམས་ཟབ་རྨད། །འོན་ཀྱང་རང་རྒྱུད་ཆོས་དང་མ་འདྲེས་པས། །ཐུན་མོང་ཐུན་མིན་སྔོན་འགྲོའི་གདམས་ཟབ་ཁྲིད། །གཞན་ལ་འབོགས་འདི་ནེ་ཙོའི་པདྨེ་མཚུངས། །དེ་སླད་ཚུལ་འདི་སྨྲ་བར་འོས་པ་མིན། །སྤྱིར་ཡང་དེང་དུས་ཆོས་མཐུན་སྤྱོད་པ་ལ། །ཀུན་གྱིས་བརྙས་བཅོས་ཕན་བསླབ་ཞེ་མཁོན་འཛིན། །ཆོས་མིན་སྤྱོད་རྣམས་གཙུག་གི་རྒྱན་དུ་ཁྱེར། །འདི་འདྲའི་འཁོར་སློབ་མཐོང་ཚེ་སྐྱོ་བ་སྐྱེས། །དེ་ལྟ་ནའང་རིགས་བདག་འཁོར་ལོའི་མགོན། །བཀའ་ལུང་གསེར་གྱི་ཅོད་པཎ་སྤྱི་བོ་རུ། །ཕེབས་གང་ལྡོག་ཏུ་མ་ནུས་རྗེ་བླ་མའི། །གསུང་རབ་རིན་ཆེན་མཛོད་ལས་བཏུས་པ་ལགས། །བདག་བློ་ཚིག་དོན་རྨོངས་པའི་ཉེས་ལྟུང་དྲི། །བླ་མ་མཆོག་དང་ལྷག་པའི་ལྷ་མཆོག་ལ། །སྙིང་ནས་འགྱོད་པ་དྲག་པོས་མཐོལ་བཤགས་ན། །སྒྲིབ་མེད་ཚངས་པའི་དངོས་གྲུབ་བསྩལ་དུ་གསོལ། །རབ་དགེ་དྲི་མེད་སྟོན་ཟླ་གསར་འཆར་བ། །ལུས་ཅན་ཀུན་ཀྱི་སྙིང་ལ་རབ་ཞུགས་ནས། །རྣམ་གྲོལ་ཐར་གླིང་རིན་ཆེན་སྣང་བ་ཡིས། །ཕྱོགས་དུས་གནས་སྐབས་མཐར་ཐུག་ཁྱབ་གྱུར་ཅིག །བདག་ཀྱང་འདི་ནས་བྱང་ཆུབ་མ་ཐོབ་བར། །དལ་འབྱོར་རྟེན་རྙེད་དགེ་བའི་བཤེས་ཀྱིས་ཟིན། །ཚུལ་གནས་ཐོས་བསམ་སྒོམ་པའི་ཡོན་ཏན་རྫོགས། །རང་གཞན་དོན་གཉིས་ལྷུན་གྱིས་འགྲུབ་པར་ཤོག །རྒྱལ་བསྟན་སྤྱི་དང་བྱེ་བྲག་སྔ་འགྱུར་གྱི། །དགེ་འདུན་སྡེ་འཕེལ་བཤད་སྒྲུབ་ཆོས་ཀྱིས་འཚོ། །བསྟན་འཛིན་མཆོག་རྣམས་ཞབས་བརྟན་བཞེད་དོན་འགྲུབ། །རྒྱལ་ཁམས་ཀུན་ཏུ་བཀྲ་ཤིས་བདེ་ལེགས་ཤོག །

ཅེས་པ་འདིའང་། བདག་སོགས་གདུལ་བྱ་རྒྱ་མཚོའི་མགོན་གཅིག༧སྐྱབས་མཆོག་འཁོར་ལོའི་མགོན་པོ་བཀའ་དྲིན་མཚུངས་བྲལ་རབ་འབྱམས་རིན་པོ་ཆེ་ནས་འདི་ལྟར་འབྲི་དགོས་ཞེས་བཀའ་ཕེབས་དང་སྦྲགས་འབྲི་གཞིའི་ཤོག་བུ་བཅས་ཆེད་བསྩལ་གནང་བ་དང་། གཞན་ཡང་རྟོགས་ལྡན་བླ་པདྨ་འོད་གསལ་དང་། སྒྲུབ་བླ་ཀུན་བཟང་ཆོས་འགྲུབ་སོགས་དམ་པ་དུ་མས་གསུང་བསྐུལ་གནང་བ་ལ་བརྟེན་ནས། ༧ཁྱབ་བདག་ཞེ་ཆེན་པའི་སྐྱབས་མཆོག་འཁོར་ལོའི་མགོན་པོ་རྣམ་གཉིས་ཡང་སྤྲུལ་དང་བཅས་པའི་ཞབས་རྡུལ་སྤྱི་བོར་རེག་པའི་ཆོས་མེད་སྙོམས་ལས་མཁན་པདྨ་དྲི་མེད་ལེགས་པའི་བློ་གྲོས་ཀྱིས་རབ་བྱུང་བཅུ་དྲུག་པའི་ནང་ཚན་ཆུ་མོ་ལུག་གི་ལོ་ཟླ་བ་བཞི་པའི་ཚེས་བཅུ་ཉི་མ་མེ་བཞིར་བརྩེ་བའི་དུས་ཚེས་དགེ་བར། རྗེ་བླ་མས་ཆོས་འཁོར་བསྐོར་བའི་གནས་ཆོས་ཁྲི་གདོང་ཞེས་གྲགས་པའི་ཡང་དབེན་བཀྲ་ཤིས་ཆོས་གླིང་གི་རང་ཤག་བདུད་ལས་རྣམ་རྒྱལ་དུ་བྲིས་པ་ཉིད་སླར་དགེ་རྒན་ཕ་མ་ལས་ལྷག་དྲིན་ལྡན་མཉྫུ་དྷ་ཛ་ནས་ཡི་གེ་དཔེ་ཆོད་བྱ་དགོས་པས་བཅོས་བསྒྱུར་བྱས་ན་ལེགས་ཚུལ་ཕེབས་པ་ལ་བརྟེན་མེ་ཕག་ཟླ་བ་དྲུག་པའི་ཚེས་བཅོ་ལྔ་ལ་འཕྲི་བསྣན་བགྱིས་པ་ལགས་པས་དགེ་བ་གང་མཆིས་འབྲེལ་ཐོག་རྣམས་ཀྱི་གཙོས་མཁའ་ཁྱབ་ཀྱི་སེམས་ཅན་ཐམས་ཅད་ཁྱབ་བདག་རྡོ་རྗེ་སེམས་དཔའི་གོ་འཕང་མྱུར་དུ་ཐོབ་པའི་རྒྱུར་གྱུར་ཅིག །ཨོཾ་སྭ་སྟི། འདི་འབད་དགེ་བས་རྒྱལ་བསྟན་དར་ཞིང་རྒྱས། །བསྟན་འཛིན་ཞབས་བརྟན་ཐུགས་བཞེད་གེགས་མེད་འགྲུབ། །འགྲོ་རྣམས་སྐྱེ་ཀུན་བླ་མའི་རྗེས་འཛིན་ཞིང་། །རྣམ་མཁྱེན་གདོད་མའི་གཞི་ལ་གྲོལ་བར་ཤོག །ཅེས་རྣམ་དཀར་བྱེད་པོས་སྨོན་པ་དགེ་ལེགས་འཕེལ། ཡེ་དྷརྨཱ་ཧེ་ཏུ་པྲ་བྷ་ཝཱ་ཧེ་ཏུནྟེ་ཥཱནྟ་ཐཱ་ག་ཏོ་ཧྱ་བ་དཏ་ཏེ་ཥཱཉྩ་ཡོ་ནི་དྷཱ་ཨེ་ཝཾ་བཱ་དཱི་མ་ཧཱ་ཤྲ་མ་ཎ་སྭཱ་ཧཱ། །


previousདཔལ་རྡོ་རྗེ་སེམས་དཔའི་ཐུགས་ཀྱི་སྒྲུབ་པའི་སྔོན་འགྲོའི་ཟིན་བྲིས་རྣམ་གྲོལ་ཐེམ་སྐས། ཞེ་ཆེན་ཀོང་སྤྲུལ།next