Nitartha Digital Library
Tibetan
ཨོ་རྒྱན་བྱང་ཆུབ་ལོ་མའི་དཔེ་ཚོགས།

4 occurrences of མགོན་པོ་བྱང་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
རྡོར་སེམས་ཐུགས་ཀྱི་སྒྲུབ་པའི་སྔོན་འགྲོའི་ངག་འདོན་རྣམ་གྲོལ་འཇུག་ངོགས། ཞེ་ཆེན་ཀོང་སྤྲུལ།
 
  
  
 
  


4 occurrences of མགོན་པོ་བྱང་
[Clear Hits]

 
previousརྡོར་སེམས་ཐུགས་ཀྱི་སྒྲུབ་པའི་སྔོན་འགྲོའི་ངག་འདོན་རྣམ་གྲོལ་འཇུག་ངོགས། ཞེ་ཆེན་ཀོང་སྤྲུལ།next

རྡོར་སེམས་ཐུགས་ཀྱི་སྒྲུབ་པའི་སྔོན་འགྲོའི་ངག་འདོན་རྣམ་གྲོལ་འཇུག་ངོགས། ཞེ་ཆེན་ཀོང་སྤྲུལ།

༄༅། །རྡོར་སེམས་ཐུགས་ཀྱི་སྒྲུབ་པའི་སྔོན་འགྲོའི་ངག་འདོན་རྣམ་གྲོལ་འཇུག་ངོགས་ཞེས་བྱ་བཞུགས་སོ། །ན་མོ་གུ་རུ་བཛྲ་ས་ཏྭ་ཡ། དེ་ལ་འདིར་རྡོར་སེམས་ཐུགས་ཀྱི་སྒྲུབ་པའི་རིམ་གཉིས་ཀྱི་ལམ་ཟབ་མོ་ཉམས་སུ་ལེན་པར་འདོད་པས། དང་པོ་སྔོན་འགྲོའི་རིམ་པ་ཇི་ལྟར་བྱ་བའི་ཚུལ་ལ། ཐོག་མར་ཐོ་རེངས་ལྡངས་པའི་སྐབས་སྣང་བ་ཐམས་ཅད་ཡེ་ཤེས་ལྔ་ལྡན་གྱི་ཐིག་ལེར་རང་འོད་འཁྲུག་པའི་དབུས་ན་དཔའ་བོ་མཁའ་འགྲོ་རྣམས་ཀྱི་ཌཱ་རུ་དང་གཡེར་ཁ་དང་ཡི་དམ་གྱི་སྔགས་སྒྲས་གཉིད་སད་པར་བསམ་ལ། ལུས་གནད་དྲང་པོར་བསྲང་། རླུང་རོ་དགུ་ཕྲུག་སམ་སུམ་ཕྲུགས་སུ་བསལ་ནས། རླུང་འཇུག་གནས་ལྡང་གསུམ། འབྲུ་གསུམ་དང་སྦྱར་བའི་བརྡའ་གྱུར། རྡོར་བཟླས་ཅི་ནུས་བྱས་ལ། སྤྲོ་ན། བླ་མ་དགོངས་འདུས་ལས་འབྱུང་བའི་བཟླས་བརྗོད་ནུས་པ་སྟོབས་བསྐྱེད་ལྟ་བུའམ། ཡང་ན་མཁས་གྲུབ་ཁྱུང་པོའི་གདམས་ངག་ལས་འབྱུང་བ་འདི་ཉིད་བྱ་སྟེ། རང་ཉིད་ཡི་དམ་ལྷར་གསལ་ལྕེ་ཡི་སྟེང་། ཨ་ལས་ཟླ་སྟེང་ཨ་དཀར་འོད་འབར་བའི། །མདུན་ནས་གཡས་བསྐོར་ཨོཾ་དང་དབྱངས་ཡིག་དཀར། །དེ་རྒྱབ་གསལ་བྱེད་སྭཱ་ཧཱ་གཡོན་བསྐོར་དམར། །དེ་རྒྱབ་རྟེན་འབྲེལ་སྙིང་པོ་གཡས་བསྐོར་སྔོ། །དེ་ལས་འོད་འཕྲོས་རྩ་གསུམ་མཆོག་གསུམ་གྱི། །བྱིན་རླབས་ལྷ་སྔགས་འོད་ཟེར་རྣམ་པར་བསྡུས། །སླར་ཡང་འོད་འཕྲོས་གྲུབ་པའི་རིག་འཛིན་དང་། །དྲང་སྲོང་བདེན་གྲུབ་རྣམས་ཀྱི་ངག་ནུས་མཐུ། །ཡིག་འབྲུའི་ཚུལ་བསྡུས་ལྕེ་ལ་ཐིམ་པར་གྱུར། །ཡི་དམ་གང་རུང་གི་ལྷ་སྔགས་ཀྱི་གཤམ་དུ། །ཨོཾ་ཨ་ཨཱ། ཨི་ཨཱི། ཨུ་ཨཱུ། རྀ་རཱྀ། ལྀ་ལཱྀ། ཨེ་ཨཱཻ། ཨོ་ཨཱཽ། ཨཾ་ཨཱཿ ཀ་ཁ་ག་གྷ་ང་། ཙ་ཚ་ཛ་ཛྷ་ཉ། ཊ་ཋ་ཌ་ཌྷ་ཎ། ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ། ཡ་ར་ལ་ཝ་ཤ་ཥ་ས་ཧ་ཀྵ་སྭཱ་ཧཱ། ཨོཾ་ཡེ་དྷརྨ་ཧེ་ཏུ་པྲ་བྷཱ་བ་ཧེ་ཏུནྟེ་ཥཱནྟ་ཐཱ་ག་ཏོ། ཧྱ་བ་དཏ་ཏེ་ཥཱནྩ་ཡོ་ནི་རོ་དྷ་ཨེ་ཝཾ་བཱ་དི་མ་ཧཱ་ཤྲ་མ་ཎཿསྭཱ་ཧཱ། དབྱངས་གསལ་རྟེན་སྙིང་རྣམས་སྤེལ་མར་ལན་གསུམ་མམ་བདུན་ནམ་ཉེར་གཅིག་ཙམ་ལོངས་ཁོམ་དང་སྦྱར་ལ་བཟླས་མཐར། སྔགས་འཕྲེང་ཟླ་བ་རིམ་ཞུ་ཨ་ལ་ཐིམ། །དེ་ཡང་བདུད་རྩི་དཀར་དམར་རྣམ་པར་ཞུ། །ལྕེ་ལ་ཐིམ་པས་ནུས་པའི་སྟོབས་ལྡན་གྱུར། །བདག་གི་ལྕེ་ཡི་དབང་པོ་ལ། །བདེ་གཤེགས་སྤོབས་པ་ལྡན་པར་ཤོག ། ཚིག་གིས་གཟི་བརྗིད་མཐུ་དེས་ནི། །སེམས་ཅན་ཐམས་ཅད་འདུལ་བར་ཤོག །བདག་གིས་ཚིག་ནི་ཅི་སྨྲས་པའི། །དོན་དེ་ཐམས་ཅད་འགྲུབ་པར་ཤོག །ཅེས་བརྗོད། འདི་ནི་གདམས་ངག་སྤྱི་དང་ཁྱད་པར་ཨོ་རྒྱན་རིན་པོ་ཆེ། ཕ་དམ་པ་རྣམས་ཀྱིས་ཆེད་དུ་གདམས་ཤིང་སྨོན་ལམ་སངས་རྒྱས་ཀྱི་བཀའོ། །འགྱུར་སྔགས་ཀྱི་རིགས་མང་ཡང་ལྕོགས་དཀའ་བས། ཨོཾ་སམྦྷ་ར་སམྦྷ་ར་བི་མཱ་ན་ས་ར་མ་ཧཱ་ཛམྦྷ་ཧཱུྃ། ཨོཾ་སྨ་ར་སྨ་ར་བི་མཱ་ན་སྐ་ར་ཧཱ་ཛ་པ་ཧཱུྃ། ཞེས་སྦྲེལ་མར་ལན་བདུན་བཟླས་པས་དེ་ཉིན་གྱི་བཟླས་བརྗོད་བྱས་ཚད་གྲངས་མེད་དུ་འགྱུར་རོ། །གཞན་ཡང་། ཨོཾ་རུ་ཙི་ར་མ་ཎི་པྲ་བརྡྷ་ན་ཡ་སྭཱ་ཧཱ། ཧྲིཿ བཛྲ་ཛ་ཧཱ་མནྟྲ་དྷ་ར་བརྡྷ་ནི་ཨོཾ། ཞེས་པའང་ལན་བདུན་ནམ་གསུམ་བཟླས་པས་སྔགས་ཀྱི་ནུས་པ་འབུམ་དུ་སྐྱེད་པར་གསུངས་སོ། །དེ་ནས་མཁའ་ཁྱབ་ཀྱི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ལམ་ཟབ་མོ་ཉམས་སུ་བླང་སྙམ་པའི་སྒོ་ནས། དཔལ་ལྡན་རྩ་བའི་བླ་མ་རིན་པོ་ཆེ། །བདག་གི་སྤྱི་བོར་པད་ཟླའི་གདན་བཞུགས་ལ། །བཀའ་དྲིན་ཆེན་པོའི་སྒོ་ནས་རྗེས་བཟུང་སྟེ། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་བསྩལ་དུ་གསོལ། ཞེས་སྤྱི་བོར་བླ་མ་ཉིད་སྐྱབས་གནས་ཀུན་འདུས་སུ་གསལ་བཏབ་ལ་མོས་གུས་ཚད་མེད་པས། རྗེ་བླ་མའི་གསུང་བླ་མ་རྒྱང་འབོད་འདི་ལྟར་བྱ་སྟེ། བླ་མ་མཁྱེན་ནོ། །ལན་གསུམ། རྒྱལ་བ་དགོངས་པས་བརྒྱུད་པའི་བླ་དེ་མཁྱེན་ནོ། །རིག་འཛིན་བརྡའ་ཡི་བརྒྱུད་པའི་བླ་མ་དེ་མཁྱེན་ནོ། །གང་ཟག་སྙན་ཁུང་བརྒྱུད་པའི་བླ་མ་དེ་མཁྱེན་ནོ། །བཀའ་བབ་ལུང་བསྟན་བརྒྱུད་པའི་བླ་མ་དེ་མཁྱེན་ནོ། །སྨོན་ལམ་དབང་བསྐུར་བརྒྱུད་པའི་བླ་མ་དེ་མཁྱེན་ནོ། །མཁའ་འགྲོ་གཏད་རྒྱ་བརྒྱུད་པའི་བླ་མ་དེ་མཁྱེན་ནོ། །སྨིན་བྱེད་དབང་བཞི་བསྐུར་བའི་བླ་མ་དེ་མཁྱེན་ནོ། །གྲོལ་བྱེད་གདམས་པ་སྦྱིན་པའི་བླ་མ་དེ་མཁྱེན་ནོ། །རྒྱབ་རྟེན་བཤད་ལུང་འབོག་པའི་བླ་མ་དེ་མཁྱེན་ནོ། །བཀའ་དྲིན་མཚུངས་པ་མེད་པའི་བླ་མ་དེ་མཁྱེན་ནོ། །འབྲེལ་ཚད་དོན་དང་ལྡན་པའི་བླ་མ་དེ་མཁྱེན་ནོ། །ཡང་དག་ཐར་ལམ་འདྲེན་པའི་བླ་མ་དེ་མཁྱེན་ནོ། །མོས་གུས་སྙིང་ནས་བྱས་སོ་དྲིན་ཆེན་གྱི་བླ་མ། །འབྲལ་མེད་ཐུགས་རྗེས་ཟུངས་ཤིག་དྲིན་ཆེན་གྱི་བླ་མ། །དགོངས་བརྒྱུད་བྱིན་རླབས་འཕོས་ཤིག་དྲིན་ཆེན་གྱི་བླ་མ། །རྟོགས་གྲོལ་དུས་མཉམ་མཛོད་ཅིག་དྲིན་ཆེན་གྱི་བླ་མ། །ཚེ་འདིར་མི་མཐུན་འགལ་རྐྱེན་བར་ཆད་ཀུན་ཞི་ཞིང་། །འཆི་ཁར་གནད་གཅོད་དྲག་པོའི་སྡུག་བསྔལ་ཡང་མི་འབྱུང་། །མོས་གུས་དག་པའི་སྣང་ངོར་རྒྱུད་གསུམ་གྱི་བླ་མས། །མཁའ་སྤྱོད་རིག་འཛིན་གྲལ་དུ་མིག་འཕྲུལ་བཞིན་དྲང་མཛོད། །མདོར་ན་འདི་ནས་བྱང་ཆུབ་མ་ཐོབ་ཀྱི་བར་དུ། །རེ་ས་གཞན་ན་མེད་དོ་ཐུགས་རྗེ་ཡིས་དགོངས་མཛོད། །བྱིན་རླབས་ཐུགས་རྗེའི་ཆར་གྱིས་འབྲལ་མེད་དུ་སྐྱོང་པའི། །དོན་གཉིས་ལྷུན་གྱིས་འགྲུབ་པའི་དངོས་གྲུབ་ཅིག་སྩོལ་མཛོད། །ཅེས་བརྗོད་སྤྲོ་ན་གསོལ་འདེབས་གཞན་ཡང་བྱ། གང་ལྟར་ཡང་། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་བླ་མ་རིན་པོ་ཆེ་མཁྱེན་ནོ། །བདག་གི་རྒྱུད་སྨིན་ཅིང་གྲོལ་བར་བྱིན་གྱིས་བརླབ་ཏུ་གསོལ། ཟབ་ལམ་གྱི་རྟོགས་པ་ཁྱད་པར་ཅན་རྒྱུད་ལ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། ཚེ་འདི་ཉིད་ལ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ། ལན་གསུམ་སོགས་འདོད་པའི་དོན་ལ་གསོལ་བ་བཏབ་ལ་མཐར་བླ་མ་ཉིད་དགྱེས་པ་ཆེན་པོས་འོད་དུ་ཞུ་ནས་རང་གི་སྒོ་གསུམ་དང་བླ་མའི་རྡོ་རྗེ་གསུམ་ཐ་དད་དུ་འཛིན་པའི་རྟོག་པ་བྲལ་ཏེ་རང་བཞིན་གཉིས་མེད་སྤྲོས་བྲལ་བདེ་བ་ཆེན་པོའི་ངང་ལ་ཅི་གནས་སུ་མཉམ་པར་འཇོག །རྗེས། དགེ་བ་འདི་ཡིས་མྱུར་དུ་བདག །དཔལ་ལྡན་བླ་མ་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འགོད་པར་ཤོག །ཅེས་དགེ་བ་བསྔོ། དེ་ནས་ངེས་འབྱུང་གི་བློ་བཅོས་པ་ནི། དལ་འབྱོར་རྙེད་དཀའ་ཨུ་དུམ་ཝཱ་ར་འདྲ། །རྙེད་ན་དོན་ཆེན་ཡིད་བཞིན་ནོར་ལས་ལྷག །འདི་འདྲ་རྙེད་པ་ད་རེས་ཙམ་ཞིག་ལ། །དོན་ཆེན་གཏན་གྱི་འདུན་མ་མི་བསྒྲུབ་པར། །དོན་མེད་ཆུད་ཟར་གྱུར་པ་བདག་ཅག་ལ། །དཀོན་མཆོག་ཀུན་འདུས་བླ་མའི་ཐུགས་རྗེས་གཟིགས། །དལ་འབྱོར་དོན་ཡོད་བྱེད་པར་བྱིན་གྱིས་རློབས། །འདུས་བྱས་ཐམས་ཅད་མི་རྟག་གློག་བཞིན་གཡོ། །སྣོད་བཅུད་གང་ལ་བསམས་ཀྱང་འཇིག་པའི་ཆོས། །འཆི་བར་ངེས་ཤིང་ནམ་འཆི་ཆ་མེད་ཀྱང་། །རྟག་འཛིན་སེམས་ཀྱིས་རང་མགོ་བསྐོར་ནས་སུ། བག་མེད་ངང་དུ་གནས་པ་བདག་ཅག་ལ། །དཀོན་མཆོག་ཀུན་འདུས་བླ་མའི་ཐུགས་རྗེས་གཟིགས། །མི་རྟག་འཆི་བ་དྲན་པར་བྱིན་གྱིས་རློབས། །དཀར་ནག་ལས་འབྲས་ནམ་ཡང་ཆུད་མི་ཟ། །རྒྱུ་འབྲས་བསླུ་བ་མེད་པའི་ལམ་འདི་ལས། །འཁོར་དང་མྱ་ངན་འདས་པའི་ཆོས་སུ་སྣང་། །རང་བྱས་རང་ལ་སྨིན་པར་ངེས་ན་ཡང་། །ཚུལ་བཞིན་འཇུག་ལྡོག་མི་ནུས་བདག་ཅག་ལ། །དཀོན་མཆོག་ཀུན་འདུས་བླ་མའི་ཐུགས་རྗེས་གཟིགས། །དགེ་སྡིག་བླང་དོར་བགྱིད་པར་བྱིན་གྱིས་རློབས། །བཟོད་པར་དཀའ་བའི་སྡུག་བསྔལ་མང་དང་ལྡན། །བདེ་བར་སྣང་ཡང་ཡིད་བསླུས་འགྱུར་བ་ཅན། །ཟག་བཅས་ཕུང་པོ་མཐའ་དག་སྡུག་བསྔལ་རྒྱུ། །ཁམས་གསུམ་འཁོར་བ་མེ་ཡི་འོབས་འདྲ་ཡང་། །དེ་ལྟར་མི་ཤེས་ཆགས་ལྡན་བདག་ཅག་ལ། །དཀོན་མཆོག་ཀུན་འདུས་བླ་མའི་ཐུགས་རྗེས་གཟིགས། །ངེས་འབྱུང་བསམ་པ་སྐྱེ་བར་བྱིན་གྱིས་རློབས། །ཞེས་འཇམ་མགོན་མི་ཕམ་རིན་པོ་ཆེའི་གསུང་ལྟར་ངག་ཏུ་བརྗོད་ཅིང་དོན་དྲན་པས་བློ་ཆོས་ལ་བསྐུལ་ནས་སྐྱབས་ཡུལ་གསལ་བཏབ་ལ་རང་གཞན་སེམས་ཅན་ཐམས་ཅད་དང་ལྷན་ཅིག་པས་ཅི་མཛད་ཁྱེད་མཁྱེན་སྙམ་པས། སྐྱབས་སུ་འགྲོ་བ་ནི། ན་མོ། ཕྱོགས་དུས་བདེ་གཤེགས་རྒྱལ་བ་སྲས་བཅས་ལ། །བདག་སོགས་མཁའ་མཉམ་འགྲོ་བ་མ་ལུས་ཀུན། །དེང་ནས་བཟུང་སྟེ་བྱང་ཆུབ་མ་ཐོབ་བར། །སྒོ་གསུམ་གུས་པས་རྟག་ཏུ་སྐྱབས་སུ་མཆི། །འགྲོ་རྣམས་བསྒྲལ་འདོད་ཀྱི་བསམ་པས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་ནི། ཧོཿ དེང་ནས་བཟུང་སྟེ་འཁོར་བ་མ་སྟོང་བར། །རྒྱལ་བ་རྣམས་ཀྱི་ཕྲིན་ལས་དབང་བསྒྱུར་ཏེ། །མཐའ་མེད་འགྲོ་ཀུན་མྱ་ངན་གཞིར་འགོད་པའི། །སེམས་ནི་བྱང་ཆུབ་དམ་པར་བསྐྱེད་བགྱིའོ། །སྡིག་སྒྲིབ་སྦྱོང་བར་བྱེད་པའི་གཉེན་པོ་རྡོར་སེམས་བསྒོམ་བཟླས་ནི། རང་ཉིད་ཐ་མལ་སྤྱི་སྟེང་པད་ཟླའི་སྟེང༔ ཧཱུྃ་དཀར་འཕྲོ་འདུས་རྡོར་སེམས་དཀར་གསལ་འཚེར༔ རྡོར་དྲིལ་འཛིན་ཅིང་ལོངས་སྐུའི་རྒྱན་གྱིས་མཛེས༔ རང་འདྲའི་ཡུམ་འཁྱུད་མཚན་དཔེའི་གཟི་བྱིན་འབར༔ སེམས་སྐྱིལ་གྱིས་བཞུགས་ཐུགས་ཀར་པད་ཟླའི་སྟེང༔ དཀར་གསལ་རྡོ་རྗེ་རྩེ་ལྔའི་ལྟེ་བར་ཧཱུྃ༔ མཐའ་བསྐོར་བཛྲ་ས་ཏྭའི་སྔགས་ཕྲེང་རྣམས༔ གཡས་སུ་རང་སྒྲ་དང་བཅས་འཁོར་བ་ཡི༔ སྔགས་ཕྲེང་སྐུ་ལས་བདུད་རྩིའི་རྒྱུན་བབས་པས༔ སྡིག་སྒྲིབ་ཉེས་ལྟུང་དྲི་མ་ཐམས་ཅད་སྦྱང༔ སྟོབས་བཞི་ཚང་བའི་སྒོ་ནས་བདུད་རྩི་འབེབས་སྦྱང་གི་དམིགས་པ་བཅས༔ ཨོཾ་བཛྲ་ས་ཏྭ་ས་མ་ཡ་སོགས། ས་ཏྭ་ཨཱཿཞེས་ཅི་ནུས་བཟླ། མགོན་པོ་བདག་ནི་མི་ཤེས་རྨོངས་པ་ཡིས༔ དམ་ཚིག་ལས་ནི་འགལ་ཞིང་ཉམས༔ བླ་མ་མགོན་པོས་སྐྱབས་མཛོད་ཅིག༔ གཙོ་བོ་རྡོ་རྗེ་འཛིན་པ་སྟེ༔ ཐུགས་རྗེ་ཆེན་པོའི་བདག་ཉིད་ཅན༔ འགྲོ་བའི་གཙོ་ལ་བདག་སྐྱབས་མཆི༔ སྐུ་གསུང་ཐུགས་རྩ་བ་དང་ཡན་ལག་གི་དམ་ཚིག་ཉམས་ཆག་ཐམས་ཅད་མཐོལ་ཞིང་བཤགས་སོ༔ སྡིག་སྒྲིབ་ཉེས་ལྟུང་དྲི་མའི་ཚོགས་ཐམས་ཅད་བྱང་ཞིང་དག་པར་མཛད་དུ་གསོལ༔ ཞེས་གསོལ་བ་བཏབ་པས་རྡོ་སེམས་འོད་དུ་ཞུ་ནས་རང་ལ་ཐིམ་པར་མོས། ཚོགས་གཉིས་རྫོགས་བྱེད་མཎྜལ་ནི། རིན་ཆེན་ས་གཞི་ལྷུན་པོ་འཁོར་ཡུག་བཅས༔ གསེར་རི་རོལ་མཚོ་གླིང་བཞི་གླིང་ཕྲན་བརྒྱད༔ ལྷ་མིའི་འབྱོར་ཚོགས་རྒྱ་མཚོས་ཡོངས་གང་བ༔ རྣམ་དག་ཞིང་དུ་དམིགས་ཏེ་འབུལ་བར་བགྱི༔ བྱིན་རླབས་མྱུར་འཇུག་བླ་མའི་རྣལ་འབྱོར་ནི། མདུན་མཁར་གསོལ་བ་གདབ་བྱའི་ཡུལ་ཚོགས་ཞིང་གསལ་བཏབ་པའི་སྤྱན་སྔར་ཡན་ལག་བདུན་པ་བྱ་བ་ནི། བླ་མ་དཔལ་ལྡན་རྡོ་རྗེ་སེམས༔ མཆོག་གསུམ་རྒྱལ་བ་སྲས་བཅས་ལ༔ རྣམ་ཀུན་བཏུད་དེ་ཕྱག་འཚལ་ཞིང༔ ཕྱི་ནང་མཆོད་པ་རྒྱ་མཚོས་མཆོད༔ སྡིག་པ་ལས་ནི་ལྡོག་བགྱི་ཞིང༔ བསོད་ནམས་ཀུན་ལ་རྗེས་ཡི་རངས༔ རྟག་ཏུ་ཆོས་འཁོར་བསྐོར་བ་དང༔ འགྲོ་གནས་བར་དུ་བཞུགས་སླད་དུ༔ བདག་ནི་གུས་པས་གསོལ་བ་འདེབས༔ བསོད་ནམས་གང་དེས་མཁའ་མཉམ་འགྲོ༔ བླ་མེད་ བྱང་ཆུབ་གནས་ཐོབ་ཤོག༔ ཅེས་ཅི་ནུས་བརྗོད༔ གསོལ་འདེབས་ནི༔ ཁྱབ་བདག་དང་པོའི་མགོནཔོ next hit་ཀུན་ཏུ་བཟང་། །བདེ་སྟོང་དབྱེར་མེད་དཔལ་ལྡན་རྡོ་རྗེ་སེམས། །རྒྱལ་ཚབ་སྟོན་པ་དགའ་རབ་རྡོ་རྗེ་ལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །ཟུང་འཇུག་མཐར་ཕྱིན་ཤྲཱི་སེངྷའི་ཞབས། །གསང་བའི་མཛོད་འཛིན་རྡོ་རྗེ་ཧཱུྃ་མཛད་དང་། །ཟབ་ལམ་སྙིང་པོའི་དོན་གཟིགས་བི་མ་ལར། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །དུས་གསུམ་སངས་རྒྱས་ཀུན་དངོས་པདྨ་འབྱུང་། །མཁའ་སྤྱོད་དབང་མོ་ཡེ་ཤེས་མཚོ་རྒྱལ་དང་། །ངེས་དོན་ལམ་བཟང་གསལ་མཛད་བཻ་རོ་རྗེ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །སྨིན་གྲོལ་འདོད་དགུའི་མཆོག་སྩོལ་གཏེར་བདག་གླིང་། །བི་མའི་རྣམ་འཕྲུལ་རིན་ཆེན་རྣམ་པར་རྒྱལ། །མཚོ་རྒྱལ་དངོས་སྣང་མི་འགྱུར་དཔལ་སྒྲོན་ལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །ཐམས་ཅད་མཁྱེན་པ་ཨོ་ཌི་ཡ་ན་དང་། །རིག་འཛིན་འགྱུར་མེད་ཕྲིན་ལས་རྣམ་པར་རྒྱལ། །གདོད་མའི་མགོན་པོ་ཕྲིན་ལས་ཆོས་སྒྲོན་ལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །བཀའ་བབས་བདུན་ལྡན་འཇམ་དབྱངས་མཁྱེན་བརྩེའི་དབང་། །རྒྱལ་བས་ལུང་བསྟན་བློ་གྲོས་མཐའ་ཡས་ཞབས། །ཤེས་བྱ་ཀུན་གཟིགས་པདྨ་རྣམ་པར་རྒྱལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །བཀའ་དྲིན་མཉམ་མེད་རྩ་བའི་བླ་མ་དང་། །བདེ་ཆེན་སྒྱུ་མའི་རྣམ་རོལ་ཡི་དམ་ལྷ། །ཕྲིན་ལས་ཐོགས་མེད་མཁའ་འགྲོ་ཆོས་སྐྱོང་ལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །འདི་ཐོབ་དགེ་བས་བདག་གཞན་མཁའ་མཉམ་འགྲོ། །བྱང་ཆུབ་སེམས་འབྱོངས་གང་སྣང་ལྷ་སྐུར་ཤར། །ཁྲེགས་ཆོད་ལྟ་བ་མཐར་ཕྱིན་ཐོད་རྒལ་གྱི། །འཕོ་མེད་ཟབ་ལམ་མཐའ་རུ་ཕྱིན་པར་ཤོག །དབང་བླང་བ་ནི། སྐུ་བཞིའི་དབང་ཕྱུག་རྒྱལ་བ་རྡོ་རྗེ་འཆང་། །བདག་སོགས་འགྲོ་ལ་ཐུགས་རྗེས་ཉེར་དགོངས་ནས། །བུམ་གསང་ཤེས་རབ་ཡེ་ཤེས་དེ་ཁོ་ནའི། །ཡེ་ཤེས་མཆོག་གིས་བདག་རྒྱུད་གཏམ་པར་མཛོད། །གུ་རུའི་སྤྱི་བོའི་ཨོཾ་ལས་འོད་ཟེར་དཀར་པོ་འཕྲོས། རང་གི་སྤྱི་བོར་ཐིམ་པས་བུམ་པའི་དབང་ཐོབ། ལུས་ཀྱི་དྲི་མ་སྦྱངས། ལམ་བསྐྱེད་རིམ་བསྒོམ་པ་ལ་དབང་། འབྲས་བུ་སྤྲུལ་སྐུ་ཐོབ་པའི་སྐལ་བ་ཅན་དུ་བྱས། མགྲིན་པའི་ཨཱཿལས་འོད་ཟེར་དམར་པོ་འཕྲོས། རང་གི་མགྲིན་པར་ཐིམ་པས་གསང་བའི་དབང་ཐོབ། ངག་གི་དྲི་མ་སྦྱང་། ལམ་རྩ་རླུང་བསྒོམ་པ་ལ་དབང་། འབྲས་བུ་ལོངས་སྐུ་ཐོབ་པའི་སྐལ་བ་ཅན་དུ་བྱས། ཐུགས་ཀའི་ཧཱུྃ་ལས་འོད་ཟེར་སྔོན་པོ་འཕྲོས། རང་གི་སྙིང་གར་ཐིམ་པས་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཡིད་ཀྱི་དྲི་མ་སྦྱང་། ལམ་ཐིག་ལེ་བསྒོམ་པ་ལ་དབང་། འབྲས་བུ་ཆོས་སྐུ་ཐོབ་པའི་སྐལ་བ་ཅན་དུ་བྱས། སླར་ཡང་གནས་གསུམ་ལས་འོད་ཟེར་དཀར་དམར་ཐིང་གསུམ་འཕྲོས། རང་གི་གནས་གསུམ་དུ་ཐིམ་པས་དབང་བཞི་པ་ཐོབ། ཡེ་ཤེས་ཀྱི་དྲི་མ་སྦྱང་། ལམ་རྫོགས་པ་ཆེན་པོ་བསྒོམ་པ་ལ་དབང་། འབྲས་བུ་ངོ་བོ་ཉིད་སྐུ་ཐོབ་པའི་སྐལ་བ་ཅན་དུ་བྱས་པའོ། །ཞེས་དབང་བཞི་བླང་ལ། སླར་ཡང་མོས་གུས་དུང་ངེ་བ་དང་ཡིད་ཀྱིས་གསོལ་བ་བཏབ་པས་བླ་མ་ཉིད་ཤིན་ཏུ་དགྱེས་པའི་ཚུལ་གྱིས་རང་གི་སྤྱི་བོར་བྱོན་པ་འོད་དུ་ཞུ་ནས་རང་ལ་ཐིམ་པར་མོས་ནས་རང་སེམས་དབྱེར་མེད་ཀྱི་ངང་ལ་མཉམ་པར་བཞག །ཐུན་ལས་ལྡངས་པ་ན། དགེ་བ་འདི་ཡིས་མྱུར་དུ་བདག་སོགས་བསྔོ་བ་ཅི་རིགས་བྱ་ཞིང་། ཅིར་སྣང་ཀུན་བླ་མའི་ལམ་ཁྱེར་དང་མ་བྲལ་བར་བྱའོ། །རྡོར་སེམས་ཐུགས་ཀྱི་སྒྲུབ་པའི་རིམ་གཉིས་ལམ་གྱི་སྔོན་འགྲོའི་ངག་འདོན་སྙིང་པོར་དྲིལ་བ་འདི་ནི་མོས་ལྡན་དུ་མའི་ངོར་ཆོས་མེད་དཀོར་ནག་འབའ་ཞིག་ལ་སྤྱོད་པའི་སྙོམས་ལས་མཁན་པདྨ་དྲི་མེད་ཀྱིས། ༧རྗེ་བླ་མ་ཐམས་ཅད་མཁྱེན་པ་ཆེན་པོ་པདྨ་བི་ཛ་ཡི་ཕྱག་བཞེས་བཞིན་བྲིས་པར་ཉེས་འགལ་གང་མཆིས་བླ་མ་དང་ལྷག་པའི་ལྷ་ལ་བཤགས་སོ། །དགེ་བས་འགྲོ་ཀུན་དཔལ་ལྡན་རྡོ་རྗེ་སེམས་དཔའི་གོ་འཕང་མྱུར་དུ་ཐོབ་པའི་རྒྱུར་གྱུར་ཅིག །དགེའོ། །


previousརྡོར་སེམས་ཐུགས་ཀྱི་སྒྲུབ་པའི་སྔོན་འགྲོའི་ངག་འདོན་རྣམ་གྲོལ་འཇུག་ངོགས། ཞེ་ཆེན་ཀོང་སྤྲུལ།next