དབྱངས་ཅན་མའི་རྗེས་གནང་གི་མཚམས་སྦྱོར་སོག་པོ་ཀུན་དགས་མཛད་པ།
༄༅། འཕགས་མ་དབྱངས་ཅན་མའི་རྗེས་གནང་གི་མཚམས་སྦྱོར་བཞུགས། དེ་ལ་སློབ་དཔོན་གྱིས་དབང་སྒྲུབ་ཀྱི་ཆོ་ག་བསྙེན་པ་དང་བཅས་པ་སོང་མཚམས། གཏེར་གཞུང་ལས། ལྷ་སྔགས་འོད་ཀྱིས་སྲིད་ཞི་ཡི༔ དྭངས་བཅུད་མ་ལུས་ཐམས་ཅད་དང་༔ ཤེས་བྱ་རིག་གནས་བཅུ་ཕྲག་སོགས༔ ཇི་སྙེད་བཀའ་བསྟན་འཆད་དང་རྩོམ༔ ཀུན་ཀྱང་ཁབ་ལེན་ལྕགས་ཕྱེ་ལྟར༔ རང་རང་སྒྲུབ་རྫས་རྣམས་ལ་ཐིམ༔ ཞེས་བརྗོད་དེ་སླར་ཡང་བསྙེན་པ་ཅི་ནུས་བཟླས་ལ། ཆོ་གའི་རང་གཞུང་གི་མཆོད་བསྟོད་བྱ། དེའི་རྗེས་སུ།ཧྲཱིཿ ངག་གི་དབང་ཕྱུག་གཙོ་འཁོར་སོགས་ནས། དངོས་གྲུབ་སྩོལ༔ བར་དང་ཡིག་བརྒྱ་ཅི་ནུས་བཟླ། སྐབས་འདིར་སྒྲུབ་རྫས་ལ་བརྟེན་ཏེ་བདག་ཉིད་དཀྱིལ་འཁོར་དུ་འཇུག་པ་དངོས་གྲུབ་བསྐུལ་ཚིག་གིས་ལེན་པ་ནི། ཧྲཱིཿ སྨྲ་བའི་རྒྱལ་མོ་སོགས་མཐར་རྩ་སྔགས་ལ་ཤམ་བཏགས་པས་དངོས་གྲུབ་ལེན། དེ་ནས་ཐལ་མོ་སྦྱར་ཏེ་སྙན་གསན་དབབ་པ། ཨེ་མ་ཧོ༔ ཡི་དམ་ལྷ་ཚོགས་འཕགས་མ་སོགས། དེ་ནས་སློབ་མ་རྣམས་དབང་གྲལ་དུ་འདུས་པ༔ ལས་བུམ་རྡོ་རྗེ་རྣམ་འཇོམས་ཀྱིས་བསྒྲུབས་པས་ཁྲུས་བྱ། བགེགས་གཏོར་བཤམས་ལ། ཨོཾ་སྭ་བྷ་ཝ་སོགས། སྟོང་པའི་ངང་ལས་ཏྲཾ་ལས་རིན་པོ་ཆེའི་སྣོད་དུ་ཁྂ་ལས་གཏོར་མ་འདོད་པའི་ཡོན་ཏན་ལྔ་དང་ལྡན་པར་གྱུར༔ ཨོཾ་ཨཱཿཧཱུྃ་ཕྱག་རྒྱ་དང་བཅས་གསུམ་གྱིས་བརླབས། ཨོཾ་སརྦ་བྷུ་ཏ་ཨ་ཀཪྵ་ཡ་ཛཿས་བཀུག །ནམ་མཁའ་མཛོད་སྔགས་གསུམ་གྱིས་བསྔོས་ལ། བཀའ་བསྒོ་ཞིང་བསྐྲད་པ་ནི། ན་མོ༔ རིག་འཛིན་རྩ་བརྒྱུད་སོགས། ཁྱད་པར་དུ་བླ་མ་དང་གཉིས་སུ་མེད་པ་རིག་སྔགས་ཀྱི་ལྷ་མོ་སྒྲ་དབྱངས་མཚོ་བྱུང་ལྷ་མོ་ངག་གི་དབང་མོ། འཁོར་ལྷ་ཡི་གཙོ་བོ་མགྲིན་སྔོན་ཅན་དང་། བྲམ་ཟེའི་བླ་མ་སྙན་ངག་མཁན་ལ་སོགས་པའི་བདེན༴སོགས། རྡོ་རྗེའི་སློབ་མ་རྣམས་བྱིན་རླབས་རྗེས་གནང་གི་ཆོ་གས་རྗེས་སུ་འཛིན་པ་ལ་བར་དུ་གཅོད་པའི་འབྱུང་པོ་མི་མིན་བགེགས་ཀྱི་ཚོགས་ཐམས་ཅད་ཕྱིར་དེངས་ཤིག ཧཱུྃ་བཞིའི་སྔགས་ཀྱིས་བགེགས་བསྐྲད་ལ། ཨོཾ་བཛྲ་རཀྵ་རཀྵཿ ཞེས་སྲུང་འཁོར་སྒོམ་སྐབས་འདིར་སྡིག་སྦྱང་གི་རིམ་པ་ནི། ཀུན་མཁྱེན་འཇིགས་མེད་གླིང་པའི་གསུང་སྤྱོད་ཡུལ་སངས་རྒྱས་ལམ་ཁྱེར་ན་ཡོད་པ་ལྟར་བྱས་ན་འཇུག་པ་ཟོར་ཡངས་པས་དེ་ཉིད་ལྟར་མཛད་ན་ལེགས། ༈ ཟ་བྱེད་རྡོ་རྗེ་མཁའ་འགྲོ་ལ་བརྟེན་པའི་སྡིག་སྦྱང་རྫོགས་འཕྲལ། ༈ འོ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྡུལ་བྲལ་འོད་སྣང་མཐའ་ཡས་པའི་གོ་འཕང་དེ་ཉིད་འཐོབ་པར་བྱ། དེའི་ཆེད་དུ་རིགས་ཀྱི་ལྷ་མོ་ངག་དབང་སྒྲ་དབྱངས་དཔལ་འཛིན་མའི་བྱིན་རླབས་རྗེས་གནང་གི་རིམ་པ་ནོད་པར་བགྱིའོ་སྙམ་པའི་ཀུན་སློང་དང་ཀུན་སྤྱོད་ཀྱི་རིམ་པ་རྣམས་ཀྱང་ཚུལ་དང་མཐུན་པར་གསལ་བཏབ་སྟེ་གསན་པར་ཞུ། གང་ཞིག་གསན་པར་བྱ་བའི་ཆོས་ནི། སྤྱིར་རྒྱལ་བ་ཐབས་མཁས་ལ་ཐུགས་རྗེ་ཆེན་པོ་དང་ལྡན་པ་དེ་ཉིད་ཀྱིས་མཐའ་ཡས་པའི་གདུལ་བྱ་སོ་སོའི་ཁམས་དང་དབང་པོ་བསམ་པའི་བྱེ་བྲག་དང་མཐུན་པར་ཇི་སྙེད་ཅིག་བསྟན་པ་སྟེ། མདོ་སྡེ་ཡོན་ཏན་བཀོད་པ་ལས། གང་ཚེ་རིམ་གྱིས་མངོན་འདོད་པ། །དེ་དག་ཀུན་ལ་དེ་བཞིན་ཏེ། །དུས་གཅིག་ཉིད་དུ་འཇུག་ཅན་ལ། །ཆོས་ཀྱི་རྣམ་གྲངས་རྫོགས་པར་སྣང་།། ཞེས་གསུངས་པ་བཞིན་སེམས་ཅན་གྱི་རིགས་སོ་སོའི་མོས་པ་དང་རྗེས་སུ་མཐུན་པར་གསུངས་པ་རྣམས་སྒོ་བསྡུ་ན་རྒྱུ་མཚན་ཉིད་ཀྱི་ཐེག་པ་དང་། འབྲས་བུ་རྡོ་རྗེའི་ཐེག་པ་གཉིས་སུ་འདུ་བ་སྟེ། ཇི་སྐད་དུ། མཚན་ཉིད་རྒྱུ་ཡི་ཐེག་པ་དང་། །འབྲས་བུ་རྡོ་རྗེའི་ཐེག་པའོ། །ཞེས་གསུངས་པ་བཞིན་རྒྱུ་འབྲས་ཀྱི་ཐེག་པ་གཉིས་སུ་བཤད་པས། ད་ལམ་འདི་ནི་འབྲས་བུ་རྡོ་རྗེ་ཐེག་པའི་ཕྱོགས་སུ་གཏོགས་པ་སྟེ། དེ་ལའང་བོད་འདིར་འགྱུར་སྔ་ཕྱིའི་ཁྱད་པར་གཉིས་ལས། འདི་ནི་སྔ་འགྱུར་རྙིང་མའི་ཁོངས་སུ་འདུ་ཞིང་། དེ་ལ་ཡང་རིང་བརྒྱུད་བཀའ་མ་དང་། ཉེ་བརྒྱུད་གཏེར་མ་གཉིས་སུ་ཡོད་པ་ལས་འདི་གཏེར་མ། དེ་ལའང་རྒྱ་ཆེ་བ་ས་གཏེར། ཟབ་མོ་དགོངས་པའི་གཏེར། ཉེ་བརྒྱུད་དག་སྣང་མ་དང་གསུམ་གྱི་བཀའ་སྲོལ་མཆིས་པ་ལས། ད་ལམ་ཆོས་བཀའ་འདི་ཉིད་ཀྱི་དབང་དུ་བགྱིས་ན། ཆོས་ཀྱི་བདག་པོ། ཆོས་གཏེར་བབ་ཚུལ། བརྒྱུད་པ་འདྲེན་པ་དང་གསུམ་ལས། དང་པོ་ཆོས་ཀྱི་བདག་པོ་ནི། རིག་འཛིན་ཆེན་པོ་ཉི་མ་གྲགས་པའི་གཏེར་བྱོན་ཟབ་ཆོས་པདྨ་དྲག་ཁྲོས་ཀྱི་ལུང་བྱང་ལས། རྡོ་རྗེ་མཁའ་འགྲོའི་བྱིན་གྱིས་བརླབས་པའི་བུ། བྱ་འམ་ཁྱི་ཡི་ལོ་པ་གསང་སྨེ་ཅན། ཞེས་ཤིན་ཏུ་གསལ་བར་བསྟན་པ་དང་། ཁམས་གསུམ་ཆོས་ཀྱི་རྒྱལ་པོ་གྲུབ་དབང་རྫོགས་ཆེན་བཞི་བ་ཨོ་རྒྱན་ཆེ་མཆོག་དཔལ་གྱི་རྡོ་རྗེས་ལུང་བསྟན་ལས། སློབ་དཔོན་པད་འབྱུང་སློབ་མ་རྗེ་འབངས་གྲལ༔ ཉེར་ལྔའི་ནང་ཚན་དཔལ་གྱི་དབང་ཕྱུག་མཚན༔ རྡོ་རྗེ་ཕུར་པའི་གྲུབ་ཐོབ་སྟོབས་ནུས་ཅན༔ འཁོན་ཆེན་ཀླུ་ཡི་དབང་པོ་ཉི་མ་གྲགས༔ སྤྲུལ་པའི་ཆ་ཤས་ལུས་སྨིན་ཚུལ་ཁྲིམས་བསྲུང་༔ སེམས་སྨིན་རིག་པའི་ཡེ་ཤེས་སྒྲོན་མེ་འབར༔ མ་རིག་འཁྲུལ་བའི་སྨག་རུམ་བསལ་བར་བྱས༔ བྱི་བའི་ཚང་ཁང་ཀུ་ཤ་སྔོ་ལྗང་སྟེང་༔ ཆུ་ཤེལ་ནོར་བུ་དེ་ལ་མཇལ་བས་ལྟོས༔ ཞེས་རྗེས་སུ་བསྔགས་པའི་ལུང་དོན་རང་ལོ་ཉེར་ལྔ་རྫོགས་མཚམས་འདག་སྦྱར་ལ་བཞུགས་ནས་བསམ་པ་ལྷུན་གྲུབ་འབུམ་དྲུག་དང་། ཚིག་བདུན་གསོལ་འདེབས་འབུམ་ཕྲག་བདུན་གྱི་གྲངས་བསགས་པའི་གླང་ཟླའི་ཚེས་བཅུའི་ཐོ་རངས་ཁར། ཨོ་རྒྱན་ཆེན་པོ་དང་མཁའ་འགྲོ་མཚོ་རྒྱལ་ཡབ་ཡུམ་ལ་གདུང་ཤུགས་མཆི་མ་འཁྲུགས་པའི་སྒོ་ནས་གསོལ་འདེབས་དྲག་པོ་བྱས་པའི་རྐྱེན་གྱིས་ཐ་མལ་གྱི་སྣང་བ་འདི་དག་རང་འགགས་སུ་སོང་ནས་ཡིད་ཤེས་ཀྱི་ངོར། ཟངས་མདོག་དཔལ་རིའི་མཁའ་འགྲོ་རིག་འཛིན་རྒྱ་མཚོའི་གཙོ་བོ་ཨོ་རྒྱན་ཆེན་པོ་དང་མཁར་ཆེན་ཡབ་ཡུམ་བཞུགས་པའི་རྒྱལ་ཐབས་སུ་པཎ་ཆེན་དྲི་མེད་བཤེས་གཉེན་དང་། ལག་ལེན་གྱི་མཆོད་དཔོན་གཉགས་ཛྙཱ་ན་ཀུ་མ་རས་མཛད་ནས། རྡོ་རྗེ་ཕུར་པའི་སྒྲུབ་ཆེན་དང་འབྲེལ་བར་ཞག་བདུན་ཕྲག་གསུམ་དུ་བསྡད་པའི་སྣང་བ་ཤར། རྗེས་སུ་དབང་ལེན་སྐབས་སུ་གུ་རུའི་གསུང་གིས་ཁྱོད་ཟབ་ཆོས་ཀྱི་གདམས་པ་བརྒྱ་རྩ་ལ་དབང་ན་ཡང་དམ་གྲིབ་ཀྱི་དབང་གིས་ཉུང་ངུ་ཙམ་ལས་ཕབ་པར་དཀའ་ཞེས་བཀའ་གནང་ཞིང་བྷནྡྷ་ནས་བདུད་རྩི་དཀར་དམར་མཐིང་གསུམ་ཞིག་བླུད་པའི་སྣང་བ་དང་། ཤོག་དྲིལ་སེར་པོ་དང་དམར་པོ་དཀར་པོ་གསུམ་བསྩལ་བ་ཁོང་དུ་ཟོས་པས། གླེགས་བམ་བརྒྱ་ཕྲག་ཏུ་ལོང་བ་ཙམ་ལ་ཡང་ཐོགས་པ་མེད་པའི་ཤེས་རབ་ཅན་དུ་གྱུར། དགུང་གྲངས་སོ་དགུར་སླེབས་ཚེ་ཞབས་བསྙུན་སྐབས། ནུབ་གཅིག་ཉིང་འཁྲུལ་གྱི་སྣང་བར་དར་དཀར་པོའི་གུར་དབུས་སུ་སྟག་ལྤགས་ཀྱིས་བཀབ་པའི་ཁྲི་འུར་སྐྱབས་རྗེ་གྲུབ་དབང་ཀུན་བཟང་གཞན་ཕན་ཉིད་དངོས་སུ་མཇལ་ཞིང་རིགས་བཞིའི་མཁའ་འགྲོའི་འཁོན་སྦྱངས་ཁྲུས་དང་། དར་སྣ་ལྔ་བསྩལ་ཅིང་བླ་མ་དམ་པས་ཟབ་ཆོས་ཀྱི་ཁ་བྱང་མཚོ་རྒྱལ་དགོངས་པའི་གསང་མཛོད་དང་། ལུང་བསྟན་དྭངས་ཤེལ་མེ་ལོང་། ཆོས་བདག་ལུང་བསྟན་ནོར་བུའི་བང་མཛོད་སོགས་ཤོག་དྲིལ་གྱི་ཚུལ་དུ་གནང་ནས་སླར་བླ་མ་ཉིད་ཨོ་རྒྱན་ཆེན་པོ་དང་། འཁོར་རྣམས་རྒྱ་བོད་ཀྱི་པཎ་གྲུབ་ཕལ་ཆེར་དུ་གནས་འགྱུར་ནས་རྟ་མཆོག་ཡང་གསང་ཁྲོས་པ་ལྟ་བུའི་དབང་བསྐུར་བའི་ཉམས་ཤར་བ་ལྟ་བུའི་དག་སྣང་གི་རྟོགས་པ་བརྗོད་པ་མཐའ་ཡས་པ་ཞིག་ཏུ་གྱུར། ཆོས་གཏེར་བབ་པའི་ཚུལ་ནི། དུས་ལ་བབ་པ་ན་མཉམ་བཞག་གི་བསམ་གཏན་དབྱིངས་རིག་འདུ་འབྲལ་མེད་པའི་ཀློང་ནས། ཤེས་རབ་རང་བྱུང་གི་སྒྲོམ་ས་རྡོ་ཕལ་པའི་དངོས་རྒྱ་མི་མཚོན་པ། དགོངས་བརྒྱུད་དག་སྣང་གི་བརྡ་རིས་མུ་མཐའ་མེད་པ་བབ་པ་ལགས། དེ་ལ་བརྒྱུད་པ་འདྲེན་ཚུལ་ནི། གནད་བྱང་སྙིང་པོ་དོན་གསལ་ལས། ཨ་ཙར་སྤྲུལ་པ་ཕན་པའི་མིང་༔ ཞེས་རྡོ་རྗེའི་ལུང་གིས་བསྔགས་པ་ལྟར་འགྲོ་འདུལ་སྤྲུལ་པའི་སྐུ་བསམ་གཏན་ཡེ་ཤེས་གླིང་པ་ལ་སྨིན་གྲོལ་གདམས་ངག་དང་བཅས་པ་ཚངས་སྤྲུགས་སུ་བསྩལ་ཞིང་། གཞན་ཡང་ཁ་བྱང་གསར་རྙིང་ལྡེ་མིག་ལས། ད་ལྟའི་རྗེ་ཡི་ཆོས་སློབ་ལྔ༔ མོས་གུས་སྙིང་སྟོབས་དད་ལྡན་པ༔ མ་འོངས་དྷརྨ་དབང་དང་ཚེ༔ གསུངས་པ་བཞིིན་སྦས་པའི་རྣལ་འབྱོར་སྒྲུབ་པའི་རྒྱལ་མཚན་འཛིན་པའི་མཆོག་སྤྲུལ་རིན་པོ་ཆེ་ཆོས་ཀྱི་མཚན་ཅན་གྱིས་འཛིན་སྐྱོང་སྤེལ་བར་མཛད་དེ་ཉམས་སུ་བླངས་པ་སྟེ། འཕགས་མ་སྒྲ་དབྱངས་ལྷ་མོ་འདི་ཉིད། ཕྱི་ལྟར་ན་རིག་བྱེད་པ་རྣམས་ཀྱི་འདོད་ཚུལ་ལ། རྒྱ་གར་ལྷོ་ཕྱོགས་པདྨས་ཁེབས་པའི་མཚོ་ཆེན་པོ་ཡིད་དུ་འོང་བའི་ནང་ནས་སྒྲ་དབྱངས་རྣམ་པ་མི་འདྲ་བ་མང་པོའི་གདངས་འབྱིན་པ་ལ་ཡིད་ཆགས་ཏེ། ལྷ་ཚངས་པ་ཆེན་པོས་ཡུན་རིང་དུ་གཟིགས་པས་ཚངས་པའི་ཞལ་ནས་སྒྲ་དབྱངས་ཐམས་ཅད་འདུས་པའི་བུ་མོ་བྱུང་བར་གྲགས་པ་དང་། ནང་ལྟར་ན་འཕགས་པ་སྤྱན་རས་གཟིགས་ཀྱི་ཚེམས་ལས་སྤྲུལ་པར་གྲགས་པ་སྟེ། དོན་ལ་རྗེ་བཙུན་འཇམ་པའི་དབྱངས་ཀྱི་མཁྱེན་རབ་ཡེ་ཤེས་ཐམས་ཅད་གཅིག་ཏུ་སྡུད་ཅིང་དབྱེར་མེད་པར་མངའ་བའི་ལྷ་མོ་འདི་ཉིད་ལྷག་པའི་ལྷར་བཟུང་སྟེ་གསང་སྔགས་ཀྱི་སྒོ་ནས་ཉམས་སུ་ལེན་པའི་ཐབས་སོ། །ཕྱོགས་གང་ནས་ཀྱང་རྩོད་པ་མེད་པའི་ཆོས་སྡེ་དམ་ཆོས་ཡང་ཟབ་པདྨའི་ཐུགས་ཐིག་ལས། རྩ་བ་རྗེ་བཙུན་སེང་ལྡིང་ནགས་ཀྱི་སྒྲོལ་མ་ལ་སྒྲུབས་ཐབས་ཕྱི་སྐོར་ནང་སྐོར་གསང་སྐོར་སོགས་ཡོད་པ་ལས་འདིར་དབྱངས་ཅན་ལྷ་མོ་མཚོ་བྱུང་ངག་གི་དབང་མོའི་བྱིན་རླབས་རྗེས་གནང་གི་སྒོ་ནས་སློབ་མ་རྗེས་འཛིན་གྱི་རིམ་བགྱི་བ་ལ་བདག་སློབ་དཔོན་གྱིས་བགྱི་འོས་རྣམས་སྔོན་དུ་གྲུབ་ཟིན་པས་ད་སློབ་མ་ཁྱོད་རང་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་དབང་ཡོན་མཎྜལ་གྱི་རིམ་པ་ཞིང་ཁམས་འབུལ་བ་ཐུགས་ལ་གདགས་པར་ཞུ། སློབ་མས་མཎྜལ་ཕུལ། ༈ ཨོཾ་མ་ཧཱ་ཤུ་ནྱ་སོགས། ཞེས་བརྗོད་པས་འདི་ལྟར་སྣོད་བཅུད་དུ་སྣང་བའི་འཛིན་ཞེན་ཐམས་ཅད་མི་དམིགས་ཏེ་སྟོང་པ་ཉིད་དུ་སྦྱངས། སྟོང་ཉིད་འོད་གསལ་རྡོ་རྗེ་ལྟ་བུའི་ཏིང་འཛིན་དུ་དག་པའི་ངང་ལས་སྐད་ཅིག་གིས་སློབ་མ་ཁྱོད་རང་རྣམས་ཀྱི་སེམས་ཉིད་ཀྱི་ངོ་བོ་རྣམ་པ་སྒྲ་དབྱངས་མཚོ་བྱུང་ལྷ་མོ་དུང་གི་མདོག་ལྟ་བུ། ལང་ཚོའི་མཚར་སྡུག་རྫོགས་པའི་སྐུ་ཅན་རྒྱན་དང་ན་བཟའི་ཆ་ལུགས་རྫོགས་པ། ཕྱག་གཉིས་ཀྱིས་ནོར་བུ་བཻཌཱུརྱའི་རྒྱུད་མངས་པང་དུ་སྒྲོགས་པ། ཞབས་གཉིས་རྟ་བབས་ཀྱི་སྐྱིལ་ཀྲུང་གིས་ཟླ་བའི་གདན་ལ་འགྱིང་ཚུལ་གྱིས་བཞུགས་པ། དེའི་ཐུགས་དབུས་དྭངས་མ་མི་ཤིགས་པའི་ཐིག་ལེ་འོད་ལྔའི་ གུར་ཁང ་དུ་འཁྲིགས་པའི་ཀློང་ན་ཡེ་ཤེས་སེམས་དཔའ་འཇམ་དཔལ་རྡོ་རྗེ་རྣོན་པོ་གཞོན་ནུའི་ཚུལ་ཅན་གུར་གུམ་གྱི་མདོག་ལྟ་བུ། མཚན་དཔེའི་ལང་ཚོ་ལ་འཁོར་ལོས་སྒྱུར་རྒྱལ་གྱི་ཆ་ལུགས་སྤྲས་པ། ཕྱག་གཡས་རལ་གྲི་དང་གཡོན་པས་ཨུཏྤ་ལའི་ཟེའུ་འབྲུའི་རྩེར་ཤེར་ཕྱིན་གྱི་གླེགས་བམ་བརྟེན་པའི་སྡོང་བུ་ཐུགས་ཀར་བཟུང་བ། ཞབས་ཟུང་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པར་བསྒོམ། དེའི་ཐུགས་ཀར་ཏིང་འཛིན་སེམས་དཔའ་དྷཱིཿཡིག་དམར་སེར་སྐར་ཆེན་གྱི་བཀྲག་མདངས་ལྟར་འཚེར་བ་ལས་འོད་ཟེར་སེར་པོ་སྤྲིན་གྱི་ལྕུག་མ་ལྟ་བུ་དཔག་ཏུ་མེད་པ་འཕྲོས། རབ་འབྱམས་ཕྱོགས་དུས་ཀྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་རྣམ་པ་འཇམ་དཔལ་ཡེ་ཤེས་སེམས་དཔའི་སྐུ་ཕྱག་རྒྱ། གསུང་ཡིག་འབྲུ། ཐུགས་ཕྱག་མཚན་གྱི་རྣམ་པར་ཁ་བ་བུ་ཡུག་འཚུབས་པ་བཞིན་དུ་བྱོན་ནས་ཁྱོད་རང་རྣམས་ལྷར་གསལ་བ་ལ་སིབ་སིབ་ཐིམ་པར་མོས་ཤིག ཅེས་དང་རྩ་སྔགས་ཀྱི་མཐར་ཨ་ཝེ་ཤ་ཡ་ཨ་ཝེ་ཤ་ཡ་ཧྲཱིཾཿཧྲཱིཾཿ མང་དུ་བརྗོད་རོལ་མོ་སྒྲོགས། ༈ དེ་ནས་བྱིན་རླབས་རྗེས་གནང་གི་བཀའ་དྲིན་སྩོལ་བའི་ཆེད་དུ་སྙིམ་པ་མེ་ཏོག་དང་བཅས་ཏེ་གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། ཀྱེ་ཧོ་མཁྱེན་རབ་སོགས། དེ་ནས་སྐུ་ཕྱག་རྒྱའི་རྗེས་སུ་གནང་བ་བྱིན་པ་ཡིན་པས་དམིགས་པ་འདི་བཞིན་དུ་མཛོད། ཁྱོད་རང་རྣམས་དབྱངས་ཅན་མར་གསལ་བའི་སྤྱི་བོར་སངས་རྒྱས་ཐམས་ཅད་ཀྱི་སྐུའི་རིགས་རྣམ་པར་སྣང་མཛད་གསལ་བ་ལས་འོད་ཟེར་འཕྲོས། རྒྱལ་བ་ཀུན་གྱི་སྐུའི་བྱིན་རླབས་མཐའ་དག་བསྡུས་ཏེ་སློབ་མའི་ལུས་ལ་ཐིམ་པས་མཐར་ཐུག་མཚན་དཔེས་བརྒྱན་པའི་སྐུ་ཐོབ་པའི་མོས་པ་མཛོད། ཨོཾ༔ ངག་གི་དབང་ཕྱུག་སོགས་དེ་ནས་གསུང་གི་རྗེས་སུ་གནང་བ་བྱིན་པ་ཡིན་པས་དམིགས་པ་འདི་བཞིན་དུ་མཛོད། ཁྱོད་རང་རྣམས་སྒྲ་དབྱངས་མར་གསལ་བའི་མགྲིན་པར་སངས་རྒྱས་ཐམས་ཅད་ཀྱི་གསུང་གི་རིགས་སྣང་བ་མཐའ་ཡས་གསལ་བ་ལས་འོད་ཟེར་འཕྲོས། རྒྱལ་བ་ཀུན་གྱི་གསུང་གི་བྱིན་རླབས་ཡོངས་རྫོགས་བསྡུས་ཏེ་སློབ་མའི་ངག་ལ་ཐིམ་པས་མཐར་ཐུག་ཚངས་པའི་དབྱངས་ཀྱི་གསུང་ཐོབ་པའི་མོས་པ་མཛོད། ཨཱཿ གསུང་གི་ཉི་མ་སོགས། དེ་ནས་ཐུགས་ཀྱི་རྗེས་སུ་གནང་བ་བྱིན་པ་ཡིན་པས་དམིགས་པ་འདི་བཞིན་དུ་མཛོད། ཁྱོད་རང་རྣམས་མཚོ་བྱུང་མར་གསལ་བའི་སྙིང་གར་སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཀྱི་རིགས་རྡོ་རྗེ་མི་བསྐྱོད་པ་གསལ་བ་ལས་འོད་ཟེར་འཕྲོས། རྒྱལ་བ་ཀུན་གྱི་ཐུགས་ཀྱི་བྱིན་རླབས་མ་ལུས་པ་བསྡུས་ཏེ་སློབ་མའི་སྙིང་གར་ཐིམ་པས་མཐར་ཐུག་རྣམ་པ་ཐམས་ཅད་མཁྱེན་པའི་ཐུགས་བརྙེས་པའི་མོས་པ་མཛོད། ཧཱུྃ༔ སྨྲ་བའི་ལྷ་མོ་སོགས། དེ་ནས་འདོད་རྒུའི་ཡོན་ཏན་གྱི་རྗེས་སུ་གནང་བ་བྱིན་པ་ཡིན་པས་དམིགས་པ་འདི་བཞིན་དུ་མཛོད། ཁྱོད་རང་རྣམས་ངག་གི་ལྷ་མོར་གསལ་བའི་ལྟེ་བར་སངས་རྒྱས་ཐམས་ཅད་ཀྱི་ཡོན་ཏན་གྱི་རིགས་རིན་ཆེན་འབྱུང་ལྡན་གསལ་བ་ལས་འོད་ཟེར་འཕྲོས། རྒྱལ་བ་ཀུན་གྱི་ཡོན་ཏན་གྱི་བྱིན་རླབས་ཐམས་ཅད་བསྡུས་ཏེ་སློབ་མའི་ལྟེ་བར་ཐིམ་པས་མཐར་ཐུག་ཡོན་ཏན་མི་ཟད་པ་རྒྱན་གྱི་འཁོར་ལོར་དབང་འབྱོར་བའི་མོས་པ་མཛོད། སྭ༔ ངག་གི་ལྷ་མོ་མཚོ་བྱུང་སོགས། དེ་ནས་ཕྲིན་ལས་ཀྱི་རྗེས་སུ་གནང་བ་བྱིན་པ་ཡིན་པས་དམིགས་པ་འདི་བཞིན་དུ་མཛོད། ཁྱོད་རང་རྣམས་ཚངས་པའི་བུ་མོར་གསལ་བའི་གསང་བར་སངས་རྒྱས་ཐམས་ཅད་ཀྱི་ཕྲིན་ལས་ཀྱི་རིགས་དོན་ཡོད་གྲུབ་པར་གསལ་བ་ལས་འོད་ཟེར་འཕྲོས། རྒྱལ་བ་ཀུན་གྱི་ཕྲིན་ལས་ཀྱི་བྱིན་རླབས་ལུས་པ་མེད་པར་བསྡུས་ཏེ་སློབ་མའི་གསང་བར་ཐིམ་པས་མཐར་ཐུག་ཕྲིན་ལས་རབ་འབྱམས་ལ་མངའ་བརྙེས་པའི་མོས་པ་མཛོད། ཧྲཱིཿ ངག་དབང་ལྷ་མོ་སོགས། ༈ དེ་ལྟར་རྗེ་བཙུན་མ་སྒྲ་དབྱངས་མཚོ་བྱུང་ལྷ་མོའི་བྱིན་རླབས་རྗེས་གནང་གི་རིམ་པ་ལེགས་པར་ཐོབ་པའི་དམ་ཚིག་ཏུ། རང་གཞུང་ལས། དེའི་དམ་ཚིག་ཚོགས་དྲུག་གི༔ དྲན་རྟོག་ཤར་དང་བྱ་བྱེད་ལ༔ མིག་གི་འབྱེད་འཛུམ་ལག་པ་ཡི༔ བརྐྱང་བསྐུམ་ཚུན་ཆད་དུས་རྟག་ཏུ༔ གཞན་ལ་ཕན་བདེའི་འབྱུང་གནས་སུ༔ ཤེས་པས་དགེ་བཅུར་བརྩོན་འགྲུས་བརྩམ༔ ཞེས་གསུངས་པའི་དམ་ཚིག་གི་བསྲུང་བྱ་ཐམས་ཅད་འདིར་ཡོངས་སུ་བསྡུས་ཏེ་ཁས་བླངས་པའི་སྒོ་ནས་བསྲུང་བར་བྱའོ་སྙམ་པས་འདིའི་རྗེས་སུ་ཟློས་པ་མཛོད། གཙོ་བོས་ཇི་ལྟར་སོགས། རྗེས་གནང་ལེགས་པར་ཐོབ་པའི་སྐུ་དྲིན་གཏང་རག་གི་ཡོན་དུ་མཎྜལ་ཕུལ། ༈ དེ་ལྟར་རྗེས་གནང་ཟབ་མོ་བསྐུར་བས་མཚོན་དགེ་རྩ་ཐམས་ཅད་མཐའ་ཡས་པའི་སེམས་ཅན་མ་ལུས་པ་མི་གནས་པའི་མྱང་འདས་དམ་པ་མངོན་དུ་བྱའོ་སྙམ་པས་བསྔོ་བ་སྨོན་ལམ་ལྷན་ཅིག་མཐུན་འགྱུར་གནང་བར་ཞུ། ཞེས་འཕགས་མ་དབྱངས་ཅན་མའི་རྗེས་གནང་གི་མཚམས་སྦྱོར་འདི་ནི། སྔ་སོར་འགྲོ་འདུལ་སྤྲུལ་པའི་སྐུ་གཞན་ཕན་ལགས་ནས་དགོས་ཞེས་བཀའ་ཕེབས་ཡོད་ཐོག་རྗེས་སོར་སྒྲུབ་པའི་རྒྱལ་མཚན་འཛིན་པའི་མཆོག་སྤྲུལ་ཆོས་ལོས་འབྲི་གཞི་དང་བཅས་ཏེ་འདི་ལྟ་བུ་གྱིས་ཤིག་གསུངས་པ་དང་དུ་བླངས་ཏེ། རྨོངས་རྟུལ་ཐ་ཆུང་པ་སོག་པོ་ཀུན་དགས་ངེས་ལེགས་སྒྲུབ་སྡེའི་རི་ཞོལ་ནགས་ཚལ་ཉམས་དགའ་བའི་བསྟི་གནས་སུ་བགྱིས་པས་སྐྱེས་མཆོག་དམ་པ་རྣམས་ཞབས་པད་བརྟན་ནུས་པའི་རྒྱུར་གྱུར་ཅིག་གུ། དགེའོ། དགེའོ། །དགེའོ།།