ཡེ་ཤེས་བླ་མའི་བར་ལྡེབ་དང་ཟིན་བྲིས་སྐོར།
ཡེ་ཤེས་བླ་མའི་བར་ལྡེབ་དང་ཟིན་བྲིས་སྐོར་བཞུགས།
རང་ཤར་ལས། ཐུགས་རྗེའི་འབྲེལ་ཐག་མ་ཆད་ཅིང་། །བརྩེ་གདུང་རྒྱུན་མ་ཆད་པ་ཡི། །སློབ་དཔོན་སློབ་མའི་འབྲེལ་བའོ། །ཞེས་གསུངས། གྲུབ་ཐོབ་བིཪྺ་པས། འདྲེན་པ་གཞན་ལ་མི་ལྟོས་གདེངས་དང་ལྡན་གྱུར་ཀྱང་། །བཀའ་དྲིན་ཅན་གྱི་བླ་མ་སྤྱི་བོའི་གཙུག་ཏུ་བསྒོམ། །ཞེས་སོ། །ཕྱིའི་རུ་ཤན་སྐབས་མདུན་གྱི་ནམ་མཁར་དུས་གསུམ་སངས་རྒྱས་འདུས་པའི་བདག་ཉིད་མཚུངས་མེད་དྲིན་ཆེན་གྱི་བླ་མ་དེ་ཉིད་སྐུ་མདོག་མཐིང་ག་ཧེ་རུ་ཀ་ཡི་ཆས་ཅན་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ། ཕྱག་གཡས་སྡིག་མཛུབ་མཛད་པ། གཡོན་ཐོད་ཁྲག་བསྣམས་པ། སྐུ་སྨད་ལ་སྟག་ཤམ་གསོལ་བ། དབུ་སྐྲ་ཐོར་ཚུགས་བཅིང་པ། ཞལ་རང་ལ་གཟིགས་ནས་བཞུགས་ཡོད་པ། དེ་ཡང་སྣང་ཆ་ནས་སྤྱན་གྱི་དཀར་ནག་དང་རྒྱན་གྱི་བྱེ་བྲག་སོགས་མ་འདྲེས་པར་གསལ་ཞིང་སྟོང་ཆ་ནས་འཇའ་ལུས་སྒྱུ་མའི་སྐུ་ཅན་ཆུ་ཟླ་ལྟ་བུ་སྣང་སྟོང་ཟུང་འཇུག་གི་སྐུར་སྐད་ཅིག་དྲན་རྫོགས་ཀྱི་ཚུལ་དུ་གསལ་མཐར་རང་ལ་བསྟིམ་ནས། སྐབས་སྐབས་སུ་མདུན་མཁར་གསལ་བའོ། ༈ །སྤྱིར་བྱིང་རྨུགས་དང་འཁྲུལ་འབྱམས། བྱེ་བྲག་འཁྲུལ་བ་དང་འབྱམས་པ་སོགས་བྱུང་ཚེ་སྡིག་མཛུབ་རང་གི་སྙིང་གར་གཏད་པ། སྤྱན་གསུམ་རང་ལ་ཧུར་གྱིས་གཟིགས་པར་བསྒོམས་པས་ཉམས་དེ་ལས་སད་པ་དང་འཁྲུལ་བ་གཏོར་བའི་དགོས་པ་ཡོད། ༈ རྡོ་རྗེའི་རྩེ་འདུག་སྐབས། ཧེ་རུ་ཀ་ཡི་སྐུ་ཆས་གོང་ལྟར་དང་། ཞབས་གཉིས་༼མངོན་བྱང་གི་བཞུགས་སྟངས་ཅན།༽མཉམ་པའི་སྟབས་ཀྱིས་བཞེངས་པ། ཆོས་ཀྱི་དབྱིངས་ལ་རང་བྱུང་རང་སྣང་གི་སྟོན་པ་དབྱིངས་ལས་ཤར་ཞིང་དབྱིངས་ལ་ཐིམ་པ་ཡིན་ཕྱིར་བསྡུ་རིམ་མི་དགོས་གསུངས། རྒྱས་གདབ་ཡན་ཆད་ལ་གསལ་ཚུལ་འདི་དང་འདྲ་ལ། འོད་ཞུ་བྱས་ནས་སྙིང་དབུས་སུ་ཆོས་སྐུ་གཞིར་གནས་ཀྱི་རིག་པ་དང་དབྱེར་མེད་དུ་འདྲེས་ནས་ཧཱུྃ་ཡིག་མཐིང་ནག་གཅིག་ཏུ་གྱུར་པ་སོགས་སོ། །རིགས་དྲུག་བསྲེག་སྦྱང་སྐབས་བླ་མའི་རྣལ་འབྱོར་ལྟར་གསལ་དགོས་གསུངས། ༈ གཞན་ཡང་ནད་གདོན་འཇིགས་བརྒྱད་ཞི་བར་འདོད་ན། སྙིང་གར་བླ་མ་དཀར་པོ་ལས་འོད་ཟེར་དཀར་པོ་འཕྲོས་པས་ཞི་བའི་ལས་མཛད་པར་བསམ་ལ་གསོལ་བ་གདབ། དེ་བཞིན་ཚེ་བསོད་ཡེ་ཤེས་རྒྱས་པར་འདོད་ན་ལྟེ་བར་བླ་མ་སེར་པོ། འདོད་དགུ་དབང་དུ་བྱེད་ན་མགྲིན་པར་བླ་མ་དམར་པོ། དགྲ་བགེགས་གནོད་བྱེད་ཚར་གཅོད་ན་ལག་མཐིལ་དུ་བླ་མ་ལྗང་གུ་ལས་འོད་ཟེར་མེ་མཚོན་ཐོག་གི་ཆར་པ་སྤྲོ། དབྱིངས་སུ་འཕོ་བར་འདོད་ན་བླ་མ་སྤྱི་གཙུག་ཏུ་བསྒོམ་པའི་ཐུགས་ཀར་རིག་པ་འཕོ་ཚུལ་གྲོང་འཕོ་གྲོང་འཇུག་ལྟར་དང་། ཡང་ན་རིག་པ་མིག་ནས་འཕོ་ཚུལ་སྐུ་དང་ཡེ་ཤེས་ལ་འཇུག་ལུགས་ལྟར་རོ། །གསལ་བའི་ཏིང་ངེ་འཛིན་སྐྱེ་བར་འདོད་ན་སྨིན་མཚམས་སུ་ཐིག་ལེ་དཀར་པོའི་ནང་དུ་བླ་མ་བསྒོམ། བདེ་བར་འདོད་ན་གསང་གནས་ཀྱི་ཐིག་ལེ་དམར་པོའི་ནང་དུ་བླ་མ་བསྒོམ། མི་རྟོག་པ་འདོད་ན་དབུ་མའི་ནང་དུ་ཐིག་ལེ་མཐིང་ག་ལ་བླ་མ་བསྒོམ་ནས་གསོལ་བ་གདབ་སྟེ། མདོར་ན་ཡིད་བཞིན་ནོར་བུ་ལྟར་གང་འདོད་པ་དེ་བཞིན་ཏུ་གསོལ་བ་བཏབས་པས་འགྲུབ་པ་ཡིན་ནོ། ༈ །ཡེ་ཤེས་བླ་མའི་རུ་ཤན། ཚིག་བདུན། མཚོ་དབུས་གེ་སར༴ རྒྱལ་བ་ཀུན་གྱི་སྤྱན་སྔར་ཐུགས་བསྐྱེད༴ སྔགས་དྲུག་ཕྱག་དྲུག༴ སྡེ་བརྒྱད་མཆོད་པ། རིག་འཛིན་རྩ་བརྒྱུད༴ སངས་རྒྱས་ཀྱི་བསྟན་པ་དར་བ༴ ས་ཕྱོགས་འདིར་གནས༴ ཀྭ་ཡེ་ཕ་རི༴ ལན་གསུམ། རླུང་རོ་བསལ། ཧཱུྃ་ཨོ་རྒྱན་ཡུལ་གྱི༴ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་སྐུ་བཞིའི༴ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་བླ་མ༴ དཔལ་ལྡན་རྩ་བའི༴ ༀ་ཨ་ཧཱུྃཿ ལྕེ་དབང་རཾ་ཡིག་ལས་བྱུང༴ དབྱངས་གསལ་རྟེན་སྙིང་ལན་བདུན། བླ་མ་མཁྱེན༴སོགས་ནས་ངག་འདོན། ངོ་བོ་ཉིད་སྐུའི་གོ་འཕང་གི་སྐལ་བ་རྒྱུད་ལ་བཞག །བླ་མ་རྡོ་རྗེ་འཛིན་པ༴ སོགས་ལན་གསུམ་དང་། ལྷག་མེད་མྱ་ངན༴ སོགས་ལན་གསུམ་བྱ། དེ་ནས་རུ་ཤན་བྱ། དེ་ནས་ཉིན་དང་པོར་ཟབ་མདོ་ཚར་གཅིག་བཟློག་པ་མི་དགོས། ནམ་ཞིག་ཚེ་ཡི༴ ངག་འདོན་མཇུག་ཕུད། དཔལ་རིའི་སྨོན་ལམ་འདོན་སིདྡྷི་དབྱངས་བྱ། ༈ ཉིན་གཉིས་པ་ཕན་ཆད་རླུང་རོ་བསལ་བ་མན་ཆད་གོང་དང་འདྲ། ཟབ་མདོ་མི་དགོས། དེ་ལྟར་ཕྱིའི་རུ་ཤན་ཞག་སོ་ལྔ། ལུས་སྦྱང་བདུན། ངག་སྦྱང་ལ། རྒྱས་གདབ་བདུན། རྩལ་སྦྱང་བདུན། མཉེན་བཙལ་བདུན། ལམ་གཞུག་བདུན། སེམས་སྦྱང་བདུན། རིགས་དྲུག་བསྲེག་སྦྱང་སྤྱིར་མགོ་ནས་བཟུང་ནང་ནུབ་དང་ཐུན་མཚམས་རྣམས་སུ་འདོན། ཁྱད་པར་འདིར་ཞག་བཅུ་བཞི། རྣལ་དབབ་བཅུ་བཞི། སོར་གཞུག་གསུམ། ༈ སྤྱིར་སྔ་ཐུན་ཕྱི་ཐུན་གཉིས་རེ་དགོས། ཕྱི་ཐུན་ལ་སྐྱབས་སེམས་དང་བླ་མ་ཡང་ཏིག་གི་བླ་མའི་རིམ་པ་དངོས་གྲུབ་རྒྱ་མཚོའི་ཆོས་ཐམས་ཅད་རང་བཞིན་གྱིས་མ་སྐྱེས་པའི་ངང་ལས་ཞེས་སོགས། དར་ཅིག་གློད་ལ་སྒོམས་ཞེས་པའི་མཚམས་དེར་རུ་ཤན་བྱ། བསྔོ་སྨོན་བྱའོ། ༈ །སྤྱིར་འོག་མ་རྣམས་སྦྱངས་སྐབས་གོང་མ་རྣམས་ཀྱང་ཅུང་ཟད་རེ་བྱ། རྣལ་དབབ་ཕན་མི་དགོས།
༈ དཔལ་སྤྲུལ་རིན་པོ་ཆེའི་ཞལ་རྒྱུན་བླ་མ་ལུང་རྟོགས་ནས་གསུངས་པ། ཀྭ་ཡེ་ཕ་རི་གཡས་ལ་གནས་པ། །ཚུ་རི་གཡོན་ལ་གནས་པ། །གངས་རི་དཀར་ལ་གནས་པ། །སྲིབ་རི་ནག ས་ལ་གནས་པ། །སྐྱེ་བ་ཤིང་ལ་གནས་པ། །གོར་མོ་རྡོ་ལ་གནས་པ། །འབབ་པ་ཆུ་ལ་གནས་པ། །འགྲོ་བ་ལམ་ལ་གནས་པའི་སྣང་ཞིང་སྲིད་པའི་སྡེ་བརྒྱད་འབྱུང་པོ་ཐམས་ཅད་ཉོན་ཅིག །བདག་རྣལ་འབྱོར་པ་མིང་འདི་ཞེས་བགྱི་བས། གནས་འདི་ན་སེམས་ཅན་ཐམས་ཅད་ཀྱི་དོན་དུ་འཁོར་འདས་རུ་ཤན་གྱི་སྤྱོད་པ་བྱེད་པ་ཡིན་པས་ཁྱེད་རྣམས་ཀྱིས་ཀོ་ལོང་དང་རུ་ང་ཕྲག་དོག་མ་བྱེད་ཅིག །ཅེས་ཕྲིན་ལས་བཅོལ་གསུངས།
༈ རྫོགས་པ་ཆེན་པོ་སེམས་ཉིད་རང་གྲོལ་ལས། འཛིན་མེད་གླང་ཆེན་ཐང་ལ་ཡན་པ་ནི། །རང་གྲོལ་འགྲོས་ཅན་གཉིས་མེད་དྲྭ་བས་མཛེས། །བླང་དོར་རེ་དོགས་འདམ་བུའི་ཚལ་འཇོམས་ཤིང་། །རྟོགས་པའི་སྟོབས་འཆང་གཉིས་མེད་རྒྱལ་མོར་འཇུག །ཅེས་དང་། རྐྱེན་ངན་ལམ་ལྷོངས་མཉམ་རྗེས་བསྲེས་པའི་ཕྱིར། །རང་ཉིད་དུར་ཁྲོད་མཚོ་གླིང་ཚོང་འདུས་སོགས། །ཡུལ་གྱིས་སེམས་ལ་གཡེངས་བའི་གནས་སོང་ནས། །ལུས་ནི་བྲོ་གར་ངག་གིས་གླུ་ལེན་ཅིང་། །སེམས་ནི་ཀུན་རྟོག་སྣ་ཚོགས་སྤྲོས་བཅས་ལ། །སྐད་ཅིག་རང་གྲོལ་ལྟ་སྒོམ་ངང་དུ་བསྲེ། །ཕྱི་ནས་ཐམས་ཅད་ལམ་དུ་ལྷོངས་པ་ཡིན། །ཞེས་དང་། སེམས་ཉིད་རང་གྲོལ་ལས། སྐབས་སུ་ངང་དྭངས་རྩེ་གཅིག་དོན་ལ་བཞག །རྩེ་གཅིག་ཞི་གནས་ཏིང་འཛིན་འགྲུབ་པར་འགྱུར། །དེ་བཞིན་རིག་པ་དལ་དུ་མི་གཞུགས་པར། །ཕྱི་ནང་ཀུན་རྟོག་དུག་ལྔ་འཕྲོར་བཅུག་ལ། །སྐད་ཅིག་རང་གྲོལ་ལྷག་མཐོང་རྩལ་སྦྱང་བྱ། །དགག་སྒྲུབ་རྐྱེན་ངན་སེམས་ཀྱི་གཟིགས་མོར་འཆར། །རེ་འགའ་རི་རྩེ་དུར་ཁྲོད་ལུང་སྟོང་སོགས། །དགའ་འཇིགས་མྱ་ངན་སྐྱེ་བའི་གནས་སོང་ནས། །ལུས་ནི་མཆོང་རྒྱུག་གར་དང་ཕྱག་རྒྱར་བསྒྱུར། །ངག་ནི་ཅ་ཅོ་གླུ་ལེན་འོ་དོད་འབོད། །སེམས་ནི་འགྲོ་དྲུག་བདེ་སྡུག་སྣ་ཚོགས་བསམ། །སྐད་ཅིག་མི་དལ་བརྩོན་པས་རང་གྲོལ་སྦྱངས། ལྟ་སྒོམ་སྤྱོད་པ་ཐོག་ཏུ་ཕེབས་སོ་བལྟ། ཞེས་སོ། །
༈ ཐེག་མཆོག་རིན་པོ་ཆེའི་མཛོད་ལས། སྨིན་པ་དེ་གྲོལ་བར་བྱེད་པའི་གདམས་ངག་གི་རྣམ་པར་བཞག་པ་ལ་གཉིས་ཏེ། གདམས་ངག་སྤྱིའི་འབྲེལ་དགོད་པ་དང་། ལག་ལེན་ཉམས་སུ་བླང་བའོ། །དང་པོ་ནི་སྤྱིར་གདམས་ངག་གི་འདེབས་ལུགས་ཐམས་ཅད་བསྡུས་ན་གསུམ་སྟེ། ཁྲིད་ཀྱི་ལུགས་སུ་གདབ་པ། ངོ་སྤྲོད་ཀྱི་ལུགས་སུ་གདབ་པ། མགྲོན་པོ་ལ་བརྒལ་བ་ལ་ཚང་སྤྲུགས་སུ་གདབ་པའོ། །ཞེས་གསུངས། ཚིག་དོན་རིན་པོ་ཆེའི་མཛོད་ལས། དང་པོ་ནི་སྔོན་འགྲོ་གསུམ་གང་རུང་སྔོན་དུ་སོང་ནས་དངོས་གཞི་ངོ་སྤྲོད། དེ་རྗེས་རྒྱབ་ཆོས་ཀྱིས་ཡིད་ཆེས་པར་བྱེད་པའོ། །དེའང་སྐྱེས་བུ་སྤྲོས་པ་ཅན་ཐུན་མོང་གི་དྲོད་རྟགས་ལ་དགའ་བས་སྐུ་གསུམ་གྱི་སྣ་ཁྲིད་པ་འབྱུང་བཞིའི་སྒྲ་དོན་ལ་སྔོན་དུ་སྦྱངས་ནས་དངོས་གཞི་ངོ་སྤྲོད་པའོ། །བརྩོན་འགྲུས་ཅན་བརྟུལ་ཞུགས་ལ་དགའ་བས་རིག་པའི་སྣ་ཁྲིད་པ་འཁོར་འདས་རུ་ཤན་འབྱེད་པའི་སྤྱོད་པ་ལ་སྔོན་དུ་སྦྱངས་ནས་དངོས་གཞི་ངོ་སྤྲོད་པའོ། །ལེ་ལོ་ཅན་རྟོག་དཔྱོད་ལ་དགའ་བས་སེམས་ཀྱི་སྣ་ཁྲིད་པ་ལུས་ངག་སེམས་ཀྱི་སྔོན་འགྲོ་སྔོན་དུ་སྦྱངས་ནས་དངོས་གཞི་ངོ་སྤྲད་པ་ཡིན་ནོ། །གཉིས་པ་ངོ་སྤྲོད་ཀྱི་ལུགས་སུ་གདབ་པ་ནི། ལས་འཕྲོ་སད་པ་ཁ་ཅིག་ལ་སྙེ་མ་མགུལ་པ་ནས་འཆང་བ་ལྟར་དབང་གི་རྗེས་ལ་ངོ་སྤྲད་ནས་ཉམས་སུ་ལེན་པའོ། །གསུམ་པ་ཚང་སྤྲུགས་སུ་གདབ་པ་ནི། ལས་ཅན་འཆི་ཁ་མ་ཁ་ཅིག་ལ་རང་འོད་སྒྲོན་མ་ལ་བརྟེན་ནས་མངོན་སུམ་ངོ་སྤྲད་དེ་ཆོས་ཉིད་བར་དོའི་གདམས་ངག་འདེབས་པ་ཡིན་ནོ། །འདི་ལ་ཁ་ཅིག་གིས་ཚོང་པ་ལྟ་བུའི་ལམ་ཞུགས་ལ་སྦྱར་བ་ནི་གདམས་ངག་གི་ཕྱོགས་མ་མཐོང་བས་དོན་མ་གོ་བ་ཞེས་བྱའོ། །ཞེས་སོ། །ཐེག་མཆོག་རིན་པོ་ཆེའི་མཛོད་ལས། དང་པོའི་ནང་དུ་ཕྱིི་མ་གཉིས་འདུ་སྟེ། ངོ་སྤྲོད་ཅར་ཕོག་ཏུ་གདབ་པ་ཁྲེགས་ཆོད་དང་ཐོད་རྒལ་ཡིན་ལ། ཚང་སྤྲུགས་སུ་གདབ་པ་བར་དོའི་གདམས་ངག་ཡིན་ནོ། །གཉིས་པ་ལག་ལེན་ཉམས་སུ་བླང་བ་ལ། སྔོན་འགྲོ་དང་། དངོས་གཞི་ཉམས་སུ་བླང་བའི་རིམ་པའོ། །དང་པོ་ལ་གཉིས་ཏེ། སྔོན་འགྲོའི་འཐད་པ་དང་། སྔོན་འགྲོ་དངོས་སོ། དང་པོ་ལ་གསུམ་ལས། སྔོན་འགྲོ་ནི་དཔེར་ན་འཇིགས་བཅས་ཀྱི་ལམ་དུ་འགྲོ་བ་ལ་སྔོན་དུ་འཇིགས་པའི་སྐུང་ཉུལ་ནས་ལམ་དུ་བློ་བདེ་བར་འགྲོ་བ་དང་འདྲ་བར། དངོས་གཞི་ལ་ཡ་ང་བག་ཚ་མེད་པར་འགྲོ་བར་བྱེད་པའོ། །སྔོན་འགྲོ་ནི་དཔེར་ན་སོ་མཚམས་ཀྱི་གྲོང་ལ་འོབས་དང་འཇིགས་ཟོན་བྱས་པས་བཙན་པོར་སོང་ནས་གང་གིས་ཀྱང་གླག་མི་རྙེད་པ་དང་འདྲ་ལ། དངོས་གཞི་དེ་ལྟར་བྱས་པས་ནང་གི་མི་བློ་བདེ་ཞིང་ཉམ་ང་མེད་པ་དང་འདྲ་བས་ན་སྔོན་འགྲོ་དང་དངོས་གཞི་གཉིས་སུ་ངེས་ལ། སྔོན་འགྲོ་ནི་འཇིགས་པའི་སྐྱེལ་མ་བཟང་པོ་དང་འདྲ་ལ། དངོས་གཞི་རང་ལ་རྫས་དང་ལྡན་པ་མཐར་ཐོན་པ་དང་འདྲའོ། །དེ་ཡང་སྔོན་འགྲོ་མེད་ན་དངོས་གཞི་ཁྱད་པར་ཅན་གྱི་གནད་ཡོད་ཀྱང་། སྐྱེལ་མ་མེད་པར་འཇིགས་བཅས་ཀྱི་ལམ་དུ་འགྲོ་མི་ནུས་པ་དང་འདྲ་ལ། དངོས་གཞིའི་གནད་མེད་པས་སྔོན་འགྲོའི་མན་ངག་སྤྱད་ཀྱང་འབྲས་བུ་མི་འབྱུང་བས་ན། དེ་གཉིས་ཟུང་དུ་འབྲེལ་བས་དོན་འགྲུབ་པ་ནི་འཇིག་རྟེན་གྱི་སོ་ནམ་ལ་སོགས་པ་བྱེད་པ་ཕོ་མོ་ཟུང་འབྲེལ་གྱིས་འགྲུབ་པ་དང་འདྲའོ། །ཞེས་སོ།།
གཉིས་པ་སྔོན་འགྲོ་དངོས་ལ་སྐུ་གསུམ་གྱི་སྣ་ཁྲིད་པར་བྱེད་པ་འབྱུང་བ་བཞིའི་སྒྲ་དོན་ལ་བསླབ་པ། རིག་པའི་སྣ་ཁྲིད་པར་བྱེད་པ་འཁོར་འདས་རུ་ཤན་འབྱེད་པའི་སྤྱོད་པ་ལ་བསླབ་པ། སེམས་ཀྱི་སྣ་ཁྲིད་པར་བྱེད་པ་ལུས་ངག་སེམས་ཀྱི་སྔོན་འགྲོ་ལ་བསླབ་པ་དང་གསུམ་ལས།
དང་པོ་ནི་ཐལ་འགྱུར་ལས། སྐུ་གསུམ་བསླབ་པའི་རིམ་པ་ཉིད། །འབྱུང་བའི་ཡོན་ཏན་གཙོ་བྱས་ཏེ། །མཆོག་ཏུ་ས་ཆུ་མེ་རླུང་གི །སྒྲ་ལ་བསླབ་པས་ངེས་པར་འགྲུབ། །ཅེས་པ་ལྟར། ཆུ་སྒྲ་ལ་བསླབ་པས་གཞན་དོན་དུ་ལུས་ཀྱི་རྫུ་འཕྲུལ་འགྲུབ་པ་སྤྲུལ་སྐུའི་མངོན་ཤེས་དང་། ས་སྒྲས་སྤྲུལ་སྐུ་དང་ངག་རིགས་དྲུག་གི་སྐད་གོ་བ་ལོངས་སྐུའི་མངོན་ཤེས་གཉིས། མེ་སྒྲས་སེམས་ཀྱིས་གཞན་སེམས་མཁྱེན་པ་ཆོས་སྐུའི་མངོན་ཤེས་འགྲུབ་ལ ། རླུང་སྒྲས་ནི་སྐུ་གསུམ་ཐུན་མོང་གི་བསླབ་བྱ་སྟེ། སྒྲ་བཞི་རྣལ་འབྱོར་དུ་བྱ་བའི་རིམ་པ་ལ་བསླབ་ཚུལ་ནི། ས་རིལ་ཁ་དོག་ཚོན་གྱིས་བསྒྱུར་བ་ལག་གི་འདུ་བྱེད་ཀྱི་སྒྲ་ལ་གོམས་པ་སོགས་དུང་ཡིག་ཅན་དང་ཐལ་འགྱུར་རྒྱུད་ལས་གསུངས་སོ། །དེ་ལྟར་འབྱུང་བཞིའི་སྒྲ་དོན་ལ་སྦྱངས་སྲོལ་སྔོན་ཡོད་ཀྱང་ད་ལྟ་ལག་ལེན་ལ་འདེབས་པ་མེད་གསུངས།
གཉིས་པ་རིག་པའི་སྣ་ཁྲིད་པར་བྱེད་པ་འཁོར་འདས་རུ་ཤན་འབྱེད་པའི་སྤྱོད་པ་ལ་བསླབ་པ་ནི། འཁོར་འདས་རུ་ཤན་ཞེས་པ་རང་བྱུང་གི་ཡེ་ཤེས་འཆར་བར་བྱེད་པའི་ཐབས་མེ་ལོང་གཡའ་ཕྱི་བ་ལྟ་བུའི་གདམས་ངག་སྟོན་པ་སྟེ། ངོ་བོ་ནི་རང་བྱུང་གི་སེམས། ངེས་ཚིག་འཁོར་འདས་གཉིས་འཛིན་གྱི་བག་ཆགས་དྭངས་སྙིགས་འབྱེད་པ། མིང་གི་དབྱེ་བ་འཁོར་འདས་ཤན་འབྱེད། དྭངས་སྙིགས་འབྱེད་པ། ཐབས་ཁྱད་པར་ཅན་གྱིས་རང་ངོ་རྗེན་པར་སྟོན་པ་ཞེས་བྱ། དཔེ་མེ་ལོང་གི་གཡའ་ཕྱི་བའམ། གསེར་ལ་ནག་མཚུར་བཏབ་པ་ལྟར་བག་ཆགས་ཀྱི་དྲི་མ་ཐབས་ཀྱིས་བཀྲུས་ནས། ངོ་བོ་དྲི་མེད་བློ ས་མ་བྱས་པ་རང་བཞིན་གྱིས་རྟོགས་པའོ། །གསེར་ཡིག་ཅན་ལས། འཁོར་འདས་ཞེས་པ་ཁམས་གསུམ་གྱི་སེམས་ཅན་དང་སྐུ་དང་ཞིང་ཁམས་སོ། །རུ་ཤན་ཞེས་པ་དག་མ་དག་གཉིས་སོ། །ཕྱེད་པའོ་ཞེས་པ་འཛིན་པ་བྲལ་བའོ། །ཞེས་སོ། །ཇི་ལྟར་དབྱེ་ཚུལ་ནི། བདག་གིས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་མ་དག་སྒོ་གསུམ་འཁོར་བའི་འཁྲུལ་སྣང་གི་བག་ཆགས་ཐམས་ཅད་དག་པ་མྱང་འདས་ཆེན་པོ་ཆོས་སྐུ་ཐིག་ལེ་ཉག་གཅིག་གི་ཀློང་དུ་རུ་ཤན་དབྱེ་བར་བྱའོ་སྙམ་དུ་སེམས་བསྐྱེད། དེ་ནས་ལུས་ཀྱི་རུ་ཤན་ནི་འགྲོ་བ་རིགས་དྲུག་གི་ལུས་ཀྱི་རྣམ་འགྱུར་དང་། དེ་བཞིན་ངག་གི་རུ་ཤན་ནི་རིགས་དྲུག་གི་སྒྲ་སྐད། སེམས་ཀྱིས་དྲན་ཚད་ཐམས་ཅད་ངག་གིས་བརྗོད་པ་དང་། ཡིད་ཀྱི་རུ་ཤན་ནི་དུས་གསུམ་འཁྲུལ་བའི་རྟོག་ཚོགས་ཀྱི་འཕྲོ་འདུ་ཐམས་ཅད་བཙན་ཐབས་སུ་སློང་བར་བྱས་ནས་སྒོ་གསུམ་ངལ་དུབ་ཀྱི་རྣམ་པར་ཤར་ཏེ་སྙེམ་ཐག་ཆོད་པའི་རྗེས་ཤེས་ཀྱི་ངོ་བོར་བལྟ་ཞིང་ངལ་གསོ། མདོར་ན་ལུས་ཀྱི་སྤྱོད་པ་དང་། ངག་གི་སྨྲ་བརྗོད་དང་། སེམས་ཀྱི་དྲན་བས མ་ཐམས་ཅད་ཐབས་སྣ་ཚོགས་ཀྱིས་བསླངས་པ་དང་། དེ་ལ་ཞེན་པ་མེད་པར་འཕྲོ་རྦད་ཀྱིས་བཅད་ནས་སྦྱངས་པ་ནི་སྣང་བའི་ཡུལ་ལ་འཁྲུལ་པའི་ཞེན་པ་གཅོད་པའི་མན་ངག་ཡིན་གསུངས། དེ་ཡང་ཕྱི་སྣང་བ་ལ་བདེན་ཞེན་མེད་པ་སྒྱུ་མའི་གྲོང་ཁྱེར་ལྟ་བུ། ནང་འཁྲུལ་བ་ལ་སྤང་བླང་བྲལ་བ་བར་སྣང་གི་བྱ་རྗེས་ལྟ་བུ། གསང་བ་རིག་སྟོང་ལ་ངོས་བཟུང་མེད་པ་རྐྱེན་གསུམ་བྲལ་བའི་ནམ་མཁའ་ལྟ་བུ་མངོན་དུ་མ་གྱུར་གྱི་བར་དུ་འབད་དགོས་གསུངས། དེ་ཡང་མཁའ་འགྲོ་ཡང་ཏིག་གི་ཁྲིད་ཡིག་རིན་ཆེན་གསེར་ཕྲེང་ལས། གཞི་བདག་ལ་གཏོར་མ་བྱིན་ནས་ད་ནི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་འཁོར་འདས་རུ་ཤན་དབྱེ་སྙམ་དུ་སེམས་བསྐྱེད་ནས། ལུས་རྡོ་རྗེ་མེ་འབར་བའི་སྤྱི་བོར་བླ་མའི་རྣལ་འབྱོར་བསྒོམ་པར་གསུངས་པ་དང་། དབང་ཆོག་པདྨའི་དྲྭ་བ་ལས། རྣམ་པར་ཤེས་པའི་ཚོགས་བརྒྱད་གནས་སུ་དག་པ་དང་བར་ཆད་ཞི་བར་བྱ་བའི་ཕྱིར་ཡིག་འབྲུ་བརྒྱད་ཀྱི་གོ་བགོ་བ་ནི། སློབ་མ་དེ་དག་བླ་མའི་སྐུ་སྔོ་ནག་རབ་ཏུ་འཇིགས་ཤིང་སྐྲ་བརྫེས་ལ། མཆེ་བ་གཙིགས་ཤིང་ལྗགས་འདྲིལ་བར་བསམ་པའི་སྤྱི་བོར་ལཾ་སེར་པོ། དཔྲལ་བར་ཨེ་མཐིང་ག ལྐོག་མར་སུ་སེར་པོ། མགྲིན་པར་ཁཾ་དུད་ཁ། ནུ་མ་གཉིས་ལ་ཧཱ་དཀར་པོ། ལྟེ་བར་རཾ་དམར་པོ། རྐང་མཐིལ་གཉིས་སུ་ཡཾ་ལྗང་གུ་རེ་བསམ་དུ་བཅུག་ལ། བླ་མའི་ཐུགས་ཀ་ནས་ཧཱུྃ་སྔོན་པོ་འཕྲོས་ནས་སློབ་མའི་སྙིང་ནང་དུ་སོང་བས་ཧཱུྃ་དུ་གྱུར་བར་བསྒོམ་ཞིང་བླ་མས་ཧ་ཧ་ཞེས་ངར་བསྐྱེད་ལ་ལན་གསུམ་བརྗོད་པར་གསུངས་པ་དང་། དབང་ཆོག་ཡེ་ཤེས་ཆུ་བོ་ལས་ཀྱང་ཡི་གེ་བརྒྱད་ཀྱི་གོ་བགོ་ཚུལ་གསུངས་པའང་འདི་དང་འདྲ་བ་དང་། བི་མའི་པྲ་ཁྲིད་ལས་ཡི་གེ་བརྒྱད་ཀྱི་གོ་བགོ་ཚུལ་ལ་སྙིང་གར་ཧཱུྃ་སྔོ་སྐྱ་དང་། ཕཊ་ནག་པོ་བསྒོམ་པ་ཙམ་ལས་གཞན་རྣམས་འདྲ་བ་ཡིན་ནོ། །ཡང་དབང་ཆོག་པདྨའི་དྲྭ་བ་ལས། སློབ་མ་ཀུན་དམིགས་པ་གསལ་པོས་གཏོར་མ་རེ་ཁྱེར་ནས་སོང་སྟེ་གཞི་བདག་དང་མཁའ་འགྲོ་རྣམས་ལ་སྦྱིན་ནས། བདག་ལུང་པ་འདིར་སྤྱོད་པ་ཞག་གསུམ་བྱེད་པས་བར་དུ་གཅོད་པ་མ་གཏང་ཞིག་ཅེས་བཀའ་བསྒོ་ལ། དང་པོ་ལུས་ཀྱི་སྤྱོད་པ་བརྩམ་པ་ནི། གཅེར་བུ་བྱས་ཏེ་ཌ་མ་རུ་དཀྲོལ་ཞིང་ཁ་ཊཱཾ་ག་ཐོག་ནས་སྐྲ་བརྫེས་ལ་ལངས་ནས་རྒྱུགས་པ་དང་། སྒུར་ནས་རྒྱུགས་འགྲོ་བ་དང་། མཆོངས་ནས་འགྲོ་བ་དང་། འཁྲབ་པ་དང་ལུས་བསིག་པ་དང་། སྤྱིའུ་ཚུགས་དང་། རྒྱབ་འགྲོ་དང་། ཉལ་བ་དང་། འཕྲེས་པ་དང་། གར་བསྒྱུར་བ་དང་། ཕྱག་རྒྱ་དང་ཡན་ལག་སྤྲུགས་པ་དང་། མགོ་འགྲིལ་བ་དང་། ཨ མ་གཙིག་དང་། མཆེ་བ་གཉེར་བ་དང་། རྐང་ལག་ཡ་རེ་བཙུགས་ནས་འགྲོ་བ་དང་། འབུ་སྲིན་གྱི་ནུར་འགྲོས་དང་། སྟག་མོའི་མཆོངས་སྟངས་ལ་སོགས་པ་ལུས་ཀྱི་རྣམ་འགྱུར་དྲན་དགུ་ཅོག་བྱས་པའི་མཐར་ཕྱག་འཚལ་བ་དང་། བསྐོར་བ་དང་། ལྷའི་སྟངས་སྟབས་དང་ཕྱག་རྒྱ་བྱས་ལ་འཕྲོ་བཅད་ནས། མཚན་མོ་བདེ་བའི་མལ་དུ་འགུལ་འཕྲི ག་མེད་པར་ཉལ་བས་རྣལ་དུ་དབབ་བོ། །དེ་ལྟར་བྱས་པས་ལུས་རུ་ཤན་ཕྱེད་པའི་རྟགས་ལ་ལུས་ལ་ཆགས་ཞེན་མེད་པ་དང་། ལུས་མེད་སྙམ་པ་དང་། ཚ་གྲང་མེད་པ་དང་། བཀྲེས་སྐོམ་མེད་པ་དང་། ངལ་དུབ་མེད་པ་དང་། ནམ་མཁའ་ལ་འགྲོ་བར་སྙམ་པ་དང་། བདེ་དྲོད་འབར་བ་ལ་སོགས་པ་འབྱུང་ངོ་། །དེ་ལྟ་བུ་མ་བྱུང་གི་བར་དུ་བསྐྱར་བས་ལུས་ཀྱི་རུ་ཤན་ཕྱེད་ངེས་སོ། །དགོས་པ་ནི་ལུས་ཀྱི་བར་ཆད་ཞི། སྡིག་སྒྲིབ་དག སྤྲུལ་སྐུར་གྲོལ། སངས་རྒྱས་ཐམས་ཅད་ཀྱི་སྐུ་རྡོ་རྗེ་མི་འགྱུར་བ་དང་གཉིས་སུ་མེད་པར་འགྱུར་བ་ཡིན་ནོ། །
༈ དེ་ནས་ངག་གི་སྤྱོད་པ་ནི། རང་གི་སྒྲ་སྐད་ཐམས་ཅད་བླ་མའི་གསུང་དུ་བསམ་ལ། ངག་གིས་བརྗོད་པ་སྣ་ཚོགས་བྱ་བ་ནི། ལྷའི་སྐད་སྙན་པའི་གླུ་དང་དབྱངས་གསལ་བྱེད་ཀྱི་ཡི་གེ་དང་། སིལ་སྙན་ལྟ་བུ་ལ་སོགས་པ་དང་། ཀླུའི་སྐད་པི་ཝཾ་ལྟ་བུ་དང་། བུམ་ལྡིར་ལྟ་བུ་དང་། གནོད་སྦྱིན་གྱི་སྐད་བྲག་རི་ཉིལ་བ་ལྟ་བུ་དང་། མིའམ་ཅིའི་སྐད་རྒྱུད་མང་དང་སྤྲིན་གྱི་ང་རོ་ལྟ་བུ་དང་། སྲིན་པོའི་སྐད་ར་ལ་ར་ལ་རི་ལི་རི་ལི་ལ་སོགས་པ་སེར་སྤྲིན་གྱི་འབྲུག་སྒྲ་ལྟ་བུ་དང་། ལྷ་མ་ཡིན་གྱི་སྐད་ཞི་བའི་འབྲུག་སྒྲ་ལྟ་བུ་དང་། དམྱལ་བའི་སྐད་ཚ་གྲང་གི་སྡུག་བསྔལ་སྨྲེ་སྔགས་འདོན་པ་དང་། ཡི་དྭགས་བཀྲེས་སྐོམ་གྱི་འཁུན་སྒྲ་དང་། དུད་འགྲོའི་མྱ་ངན་གྱི་བཤུག་སྒྲ་དང་། མི་སྐྱེ་རྒ་ན་འཆིའི་རང་སྒྲ། གཞན་ཡང་སྐད་ཀྱི་རྣམ་པ་ཤེས་ཚད་བརྗོད་དོ། །རྟ་དང་གླང་དང་ར་ལུག་དང་བོང་བུ་དང་། ཅེ་སྤྱང་དང་། སྟག་གཟིག་དང་། དུར་བྱ་དང་། འུག་པ་དང་། བྱ་རོག་དང་། སྐྱ་ག་དང་། ཁྱི་དང་ཝའི་སྐད་ལ་སོགས་པ་བརྗོད། བར་བར་དུ་ཕཊ་མང་པོ་བརྗོད་ཅིང་། ཧ་དང་ཧཱུྃ་དང་ༀ་ལ་སོགས་པ་ཆོས་སུ་འགྱུར་བའི་སྒྲ་སྐད་དང་། ཆོས་འཆད་པའི་སྐད་ཀྱིས་མཐའ་བསྡུས་ནས། མཚན་མོ་གང་ཡང་མི་བརྗོད་པའི་ངང་ལ་ཉལ་བས་ངག་གི་རུ་ཤན་ཕྱེད་དོ། །དེ་ཡང་སཾ་ཀྲི་ཏའི་སྐད་རང་རྡོལ་བ་དང་། སྔར་མི་ཤེས་པའི་ཆོས་མང་པོ་རང་རྡོལ་བ་དང་། དབྱངས་སྙན་པོ་ལ་སོགས་པ་འབྱུང་ཞིང་། ངག་སྨྲ་སྙིང་མི་འདོད་པ་དང་། མཆོག་ཏུ་བདེ་བ་དང་བརྗོད་དུ་མེད་པའི་དོན་ལ་སོགས་པ་འོང་ངོ་། །མ་བྱུང་གི་བར་ལ་བསྐྱར་རོ། །དགོས་པ་ནི་ངག་གི་བར་ཆད་ཞི་བ་དང་། སྡིག་སྒྲིབ་དག་པ་དང་ལོངས་སྐུར་གྲོལ་བ་དང་། གསུང་རྡོ་རྗེའི་ངོ་བོ་དང་དབྱེར་མེད་པའོ། །
༈ དེ་ནས་སེམས་ཀྱི་སྤྱོད་པ་ནི། རང་གི་དྲན་བསམ་སྣ་ཚོགས་སུ་སྤྲོས་པ་ཐམས་ཅད་བླ་མའི་ཐུགས་སུ་དྲན་པས་འགྲོ་དྲུག་སོ་སོའི་བདེ་སྡུག་འཁོར་འདས་ཀྱི་ཆོས་དང་ཆོས་མ་ཡིན་པ་དྲན་ཚད་སྤྲོ་ཞིང་། སེམས་ནམ་མཁའི་དཀྱིལ་དུ་འཕང་བ་དང་། རྒྱ་མཚོའི་གཏིང་དུ་འཕང་པ་དང་། རི་བྲག་གི་ནང་དུ་ཟང་ཐལ་དུ་འཕང་པ་དང་། དགའ་བ་དང་མི་དགའ་བ་དང་། བདེ་བ་དང་སྡུག་བསྔལ་བ་དང་། སྐྱེ་ཤི་བཀྲེས་སྐོམ་ལ་སོགས་པ་དང་། སྔར་ཕྱིན་མྱོང་བ་དང་མ་མྱོང་བའི་ཡུལ་དུ་འགྲོ་བ་དང་། འགྲོ་དྲུག་སོ་སོའི་གནས་སུ་འཕང་པ་དང་། ནམ་མཁའ་ས་གཞི་ཐམས་ཅད་དམྱལ་བ་དང་། ཡི་དྭགས་དང་། དུད་འགྲོ་དང་། མི་དང་། ལྷ་དང་། ལྷ་མ་ཡིན་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་། ཉན་རང་དང་། མཆོད་རྟེན་དང་། ལྷ་ཁང་དང་། སྐྱེད་མོས་ཚལ་དང་། དག་པའི་ཞིང་གིས་གང་བར་མོས་པར་བྱ་ཞིང་། རང་གི་དགྲ་དང་གཉེན་དང་བར་མས་གང་བར་བསམ་ལ། ཆགས་སྡང་དུ་སྤྱོད་ཅིང་རྗེས་མེད་དུ་རྩལ་སྦྱོང་ངོ་། །རྗེས་ལ་ཆོས་ཀྱི་ཚིག་དོན་ལ་བློ་བཞག་སྟེ། ལྟ་སྒོམ་སྤྱོད་འབྲས་ལ་གནས་པར་བྱའོ། །རྟགས་ནི་སེམས་གསལ་བ་དང་། ཡངས་པ་དང་། འཁྲུལ་རྟོག་འགགས་པ་དང་། བྲོད་པ་དང་། བདེ་གསལ་མི་རྟོག་པའི་ཏིང་ངེ་འཛིན་སྐྱེ་བ་དང་། ཡེ་གྲོལ་ནམ་མཁའ་ལྟ་བུའི་རྟོག་པ་ཁོང་ནས་འཆར་རོ། །དེ་ལྟར་མ་བྱུང་བའི་བར་དུ་བསྐྱར་རོ། །དགོས་པ་ནི་སེམས་ཀྱི་བར་ཆད་ཞི་བ་དང་། སྡིག་པ་འདག་པ་དང་། ཆོས་སྐུར་གྲོལ་བ་དང་། ཐུགས་རྡོ་རྗེའི་ངོ་བོར་སངས་རྒྱས་པའོ། །འོ་ན་སྐུ་གསུམ་ཐོབ་པ་དེ་དང་། རྡོ་རྗེ་གསུམ་དུ་མྱ་ངན་ལས་འདའ་བ་དེ་གཉིས་ལ་ཁྱད་ཡོད་དམ་ཞེ་ན། ཡོད་དེ། ལུས་ངག་ཡིད་གསུམ་སྐུ་གསུམ་དུ་ཐོབ་པ་ནི། ཕྱིར་གསལ་འགྲོ་བ་ལ་སྣང་བ་ཡིན་ལ། སངས་རྒྱས་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་གསུམ་དུ་མྱ་ངན་ལས་འདའ་བ་ནི་ནང་གསལ་གདོད་མའི་གཞི་ཐོག་ཏུ་ཕྱིན་པའོ། །གསུམ་པ་སེམས་ཀྱི་སྣ་ཁྲིད་པ་ལུས་ངག་ཡིད་གསུམ་གྱི་སྔོན་འགྲོ་ནི། ཁྲིད་ཡིག་ནོར་བུའི་ལུགས་ལ་ཕྱི་ལུས་ངག་ཡིད་གསུམ་གྱི་སྔོན་འགྲོས་སྒོ་གསུམ་གྱི་འཁྲུལ་བ་གཞིག་པ། ནང་ལུས་ངག་ཡིད་གསུམ་གྱི་སྔོན་འགྲོས་སྒོ་གསུམ་གྱི་སྒྲིབ་པ་སྦྱོང་བ། གསང་བ་ལུས་ངག་ཡིད་གསུམ་གྱི་སྔོན་འགྲོས་སྒོ་གསུམ་གྱི་གནས་ལུགས་བསྟན་པ་དང་གསུམ་གསུངས་པ་ལས། དང་པོ་ལ་གཉིས་ལས་རུ་ཤན་ནི་གོང་དུ་བཤད་ཟིན། གཉིས་པ་སྔོན་འགྲོ་དངོས་ལ་གསུམ་ལས། དང་པོ་ལུས་སྦྱོང་བ་ནི། སངས་རྒྱས་ཀྱི་འདས་རྗེས་གཉིས་པ་ལས། སྐྱིལ་ཀྲུང་མཐིལ་སྤྲད་དྲང་པོར་བསྲང་། །སྤྱི་བོར་ཐལ་མོ་སྦྱོར་བར་བྱ། །ཞེས་དང་། དངོས་གཞི་འོད་གསལ་སྙིང་པོའི་དོན་ཁྲིད་ལས། རྐང་པའི་མཐིལ་གཉིས་སྤྲད། རྟིང་པ་གསང་བར་གཏད་ནས་ལུས་ཀྱི་ཆ་བསྲངས་ནས་ལག་གཉིས་མགོ་ལ་མ་རེག་པར་སྤྱི་བོར་ཐལ་མོ་སྦྱར་ཞིང་རྡོ་རྗེ་སྔོན་པོ་མེ་འབར་བ་གཅིག་ཏུ་བསྒོམ། ཞེས་དང་། གཞན་དུ་རྡོ་རྗེ་རྩེ་གསུམ་པ་ཡར་ཚངས་པའི་འཇིག་རྟེན་དང་མར་གསེར་གྱི་ས་གཞི་ལ་ཐུག་པ་ཡེ་ཤེས་ཀྱི་མེ་དཔུང་འབར་བར་བསྒོམ། དེ་ནས་མེ་ལྕེའི་རྩེ་ལས་རང་མདོག་དང་མཚུངས་པའི་རྡོ་རྗེ་ནས་འབྲུ་ཙམ་པ་གྲངས་མེད་ཕྱོགས་བཅུར་འཕྲོ་བས་ནད་གདོན་བགེགས་སོགས་བར་གཅོད་ཐམས་ཅད་ཚར་བཅད་ནས་སླར་རང་ལུས་ཀྱི་རྡོ་རྗེ་ལ་ཐིམ་པར་བསམ། ཞེས་གསུངས། མཁའ་འགྲོ་ཡང་ཏིག་གི་ཁྲིད་ཡིག་ངེས་དོན་སྙིང་པོ་ལས། ལག་པ་སྤྱི་བོར་མ་རེག་པར་ཐལ་མོ་སྦྱར་ཏེ་བསྐྱང་༔ རྐང་པའི་མཐིལ་སྤྲད་དེ་བསྐྱེད༔ རྐེད་པ་བསྲངས་ལ་རྡོ་རྗེ་མཐིང་ག་མེ་འབར་བའི་ལྟེ་བ་ལ་ཧཱུྃ་གིས་མཚན་པ་གཅིག་ཏུ་བསྒོམ་ལ་ཞག་གཅིག་འབད་ནས༔ ཧཱུྃ་ལས་ཧཱུྃ་འཕྲོས་ནམ་མཁའ་གང་བས༔ ཧཱུྃ་སྒྲ་འབྲུག་སྟོང་ལྡིར་བ་ཙམ་བསྒྲགས༔ ཧཱུྃ་རྣམས་ནམ་མཁའི་དཀྱིལ་ན་ཕར་འགྲོ༔ རང་ཉིད་རྡོ་རྗེར་གྱུར་བའི་ཕྱི་ནང་ཟང་ཐལ་དུ་སོང༔ རྡོ་རྗེ་ཡང་ཇེ་མཐོར་འགྲོ་ཞིང་ཧཱུྃ་སྒྲས་ནམ་མཁའ་གང་བར་བསམ་ལ༔ ཧཱུྃ་ཧཱུྃ་ཧཱུྃ་ཞེས་སྙན་ལ་གདངས་རིང་བ་ཞག་གསུམ་རིམ་པ་བཞིན་འབད་དོ༔ དེ་ནས་མཚན་མོ་ཉལ་དུས་རྣམས་སུ་དྲན་བསམ་ཡིད་ལ་མི་བྱེད་པའི་ངང་དུ་རྣལ་ལ་དབབ་པ་ཡང་བྱའོ༔ ཞེས་དང་། ཡང་ཏི་སངས་རྒྱས་མཉམ་སྦྱོར་གྱི་ཁྲིད་ཡིག་ཡེ་ཤེས་རང་ཤར་ལས། ལག་གཉིས་མགོ་བོར་མ་རེག་པར་སོར་མོ་རྣམས་བསྡམས་ཤིང་གུང་མོ་བསྒྲེང་བའི་ཕྱག་རྒྱ་སྤྱི་གཙུག་ཏུ་བཅའ་བར་གསུངས་ཀྱང་འདིར་ཀུན་མཁྱེན་ཡབ་སྲས་ཀྱི་བཞེད་པ་དང་བསྲེ་བར་མི་བྱ་གསུངས། ཁྲིད་ཡིག་ཟབ་ལམ་གསལ་བྱེད་ལས། རྐང་མཐིལ་གཉིས་སྦྱར། སོར་མོ་བཅུ་ས་ལ་བཙུགས་པུས་མོ་ཕྱིར་བསྒྱང་། སྒལ་ཚིག་དྲང་པོར་བསྲང་། ལག་པ་གཉིས་སྤྱི་བོར་མ་རེག་པར་ཐལ་མོ་སྦྱར། གྲུ་མོ་གཉིས་ཐད་སོར་ཕྱི་ནང་བསྐྱངས། མགྲིན་པ་ཨོལ་མདུད་ནོན་པར་བྱས། ཉྭ་བཞི་ཤུགས་བྱུང་ནས་བསྒྲིམས། ཞེས་སོ། །ཉག་གཏེར་རིན་པོ་ཆེས། འཇམ་དབྱངས་མཁྱེན་བརྩེ་དབང་པོའི་ཕྱག་བཞེས་ལ་ཐལ་མོ་ཁོང་སྟོང་མེད་པར་སྦྱར་བ་ཡིན་གསུངས། དེ་ལྟར་ལངས་འདུག་གི་ཕྱོགས་གཉིས་ལས། ས་ལ་འདུག་པའི་ཕྱོགས་འདི་ནི་སྔོན་འགྲོ་རུ་ཤན་གྱི་སྐབས་དང་། དངོས་གཞི་ཐོད་རྒལ་གྱི་རྩ་བའི་བཞུགས་སྟངས་ལྔའི་སྐབས་སུ་ཀུན་མཁྱེན་ཆེན་པོས་བཞེད་པ་ཡིན་ནོ། །ལངས་པའི་ཕྱོགས་ནི་སྨིན་གླིང་གཏེར་ཆེན་དང་། ཀུན་མཁྱེན་འཇིགས་གླིང་། ཀོང་སྤྲུལ་རིན་པོ་ཆེ་སོགས་ཀྱིས་བཞེད་པ་ཡིན་ནོ། །གཉིས་པ་ངག་སྦྱོང་པ་ལ་བཞི། རྒྱས་གདབ་པ། རྩལ་སྦྱངས་པ། མཉེན་བཙལ་བ། ལམ་དུ་གཞུག་པའོ། །དང་པོ་རྒྱས་གདབ་པ་ལའང་གཉིས་ལས། ཕྱི་སྣང་བ་ལ་རྒྱས་གདབ་པའི་སྐབས། རང་གི་སྙིང་གར་གཞིར་གནས་ཀྱི་རིག་པ་ཧཱུྃ་སྔོན་པོ་གཅིག་ཏུ་གྱུར་བར་བསམ་ལ། ཧཱུྃ་གླུ་སྙན་ལ་རིང་བ་བླངས་པས་སྙིང་གི་ཧཱུྃ་ལས་ཧཱུྃ་མང་པོ་སྣ་བུག་གཡས་ནས་ཕར་འཕྲོ་བར་བསམ་ལ་ཧཱུྃ་གསུམ་རིང་པོར་བརྗོད། ནང་ཕུང་པོ་ལ་རྒྱས་གདབ་སྐབས་ཕྱི་རོལ་གྱི་ཧཱུྃ་རྣམས་སྣ་བུག་གཡོན་ནས་ཚུར་ཞུགས་ཏེ་ཁོང་དུ་ཐིམ་པར་བསྒོམ་ཞིང་ཧཱུྃ་གོང་མ་ལས་ཅུང་ཟད་ཐུང་བར་བརྗོད། ཡང་ན་ཕར་སྙིང་ག་ནས་འཕྲོས་ཚུར་དབང་པོའི་སྒོ་ནས་ཞུགས་པའོ། །ཁྲིད་ཡིག་ནོར་བུའི་ལུགས་ལ། ཕྱི་སྣང་བ་ལ་རྒྱས་གདབ་སྐབས་ཕྱི་རོལ་གྱི་སྣང་བ་ཐམས་ཅད་ཧཱུྃ་དུ་ཤར་ཤར་གསལ་བ་ལ། ཧཱུྃ་ཆུང་མང་པོས་གང་ནས་སྟེང་འོག་ཕྱོགས་མཚམས་ཐམས་ཅད་འོད་གསལ་གྱི་ཞིང་ཁམས་ཧཱུྃ་ཡེ་ཤེས་ལྔའི་རང་འོད་དང་བཅས་པས་མེ་རེ་རེ་ཁེངས་པར་བསམ་མོ། །དེའང་རི་ཧཱུྃ་ཆེན་གྱི་རྩི་ཤིང་ནགས་ཚལ་ཧཱུྃ་ཆུང་ལ་ལོ་འདབས་ཧཱུྃ་ཕྲན་དུ་བསམ་པ་དང་། ནང་ཕུང་པོ་ལ་རྒྱས་གདབ་སྐབས། ཕྱིའི་ཧཱུྃ་དེ་རྣམས་རང་གི་ཁོག་པའི་ནང་དུ་ཁ་སྣ་དང་བ་སྤུའི་ཁུ ང་བུ་ནས་ཚུར་ལ་སིབ་སིབ་ཐིམ་ནས་ལུས་ཀྱི་ནང་གང་བར་བསམ་མོ། །དེ་ཡང་རི་ལྟ་བུའི་ཧཱུྃ་ཆེ་བ་ནང་དུ་འཇུག་དུས་རང་གི་ལུས་ཀྱང་དེ་དང་འཚམས་པའི་ཆེ་བའམ། ཡང་ན་ཏིལ་འབྲུ་ཙམ་གྱི་ནང་དུ་ཚུད་པར་བསམ། ཞེས་གསུངས་སོ། །གཉིས་པ་རྩལ་སྦྱང་པ་ལའང་གཉིས་ལས། དང་པོ་ཕྱི་སྣང་བ་ལ་རྩལ་སྦྱང་པའི་སྐབས། ཟབ་དོན་རྒྱ་མཚོའི་སྤྲིན་ཕུང་ལས། ཧཱུྃ་མཐིང་ནག་ཆེ་ཆུང་གང་ལ་འབིགས་པའི་ཡུལ་དང་འཚམས་པར་གསུངས་པ་དང་། གཉིས་པ་ནང་ཕུང་པོ་ལ་རྩལ་སྦྱངས་སྐབས། ཧཱུྃ་མཐིང་ན ག་མཐོ་གང་བ་རང་གི་ལུས་ལ་ཕྱིར་ཐལ་ནང་ཐལ་བར་མཚམས་མེད་པར་ཕུག་པར་བསམ་པ་དང་། མཁའ་འགྲོ་ཡང་ཏིག་གི་ཁྲིད་ཡིག་ནོར་བུའི་ལུགས་ལ། ཕྱི་སྣང་བ་ལ་རྩལ་སྦྱང་སྐབས་ཧཱུྃ་མཐིང་ནག་ཡེ་ཤེས་ལྔའི་མེ་འོད་རེག་པ་ཙམ་གྱིས་ཐལ་བྱུང་དུ་འབིགས་པར་ནུས་པས་གང་འབིགས་པའི་ཡུལ་དང་འཚམས་པར་གསུངས་པ་དང་། ནང་ཕུང་པོ་ལ་རྩལ་སྦྱང་སྐབས། རང་གི་ལུས་ཆེ་ཆུང་ཅི་རིག་པར་སྤྲུལ་ལ་ཧཱུྃ་དེས་ཁོ་ཁོལ་མེད་པར་ཕུག་པས་ལུས་སུ་སྣང་བ་རགས་པར་མ་གྲུབ་པར་ཆུའི་ཟླ་བ་ལྟ་བུར་མོས་པར་བྱའོ། །ཞེས་སོ། །ཁྲིད་ཡིག་ཟབ་ལམ་གསལ་བྱེད་ལས། ཕྱི་སྣང་བ་ལ་རྒྱས་གདབ་དང་། ཕྱི་སྣང་བ་ལ་རྩལ་སྦྱང་པ་གཉིས་ལ་སྙིང་ཁར་ཧཱུྃ་སྔོན་པོ་ཞིག་བསྒོམ་པ་ལ་གསལ་སྣང་ཐོན་པར་བྱེད་དགོས་གསུངས། གཞན་ཡང་སྙིང་ཁར་གཞིར་གནས་ཀྱི་རིག་པ་ཧཱུྃ་ཡིག་མཐིང་ནག་མེ་འབར་བ་ཞིག་ཏུ་གསལ་བ་ལས། ཧཱུྃ་ཚ་བ་དུས་མཐའི་མེ་ལྟ་བུ། མྱུར་བ་གློག་ལྟ་བུ། རྣོ་བ་སྤུ་གྲི་ལྟ་བུ། མཐོ་བ་སྲིད་རྩེ། དམའ་བ་གསེར་གྱི་ས་གཞི། མང་བ་རྡུལ་སྙེད། ཉུང་བ་གཅིག་པུ། དངོས་པོ་ཀུན་ལ་ཟང་ཐལ་བས་དང་པོ་ཕྱིའི་སྣང་བ་ཐམས་ཅད་ཁྲལ་ཁྲོལ་དུ་བཏང་ནས་དངོས་མེད་དུ་སྦྱངས། དེ་ནས་རང་གི་ལུས་རྒྱབ་མདུན་སྟོད་སྨད་ཐམས་ཅད་ནས་ཐོགས་པ་མེད་པར་ཕུག་ནས་མཐར་དངོས་མེད་དུ་བཏང་བར་བསམས་ཏེ་ཧཱུྃ་དྲག་ལ་ངར་ཐུང་བར་བརྗོད། སྤྱིར་འདི་འདྲའི་རྩལ་སྦྱང་རྣམས་གྱད་ཕྲུག་གིས་རྩལ་སྦྱང་པས་འཕྲུལ་ཕྱོགས་མེད་དུ་འབྱོངས་ཏེ་དགྲ་ཐུལ་བ་ལྟ་བུའི་གདམས་ངག་ཡིན་ཏེ། རྣལ་འབྱོར་པས་རིག་པའི་རྩལ་སྦྱངས་པས་གང་ཤར་ལམ་དུ་ལོངས་ཏེ། མཐར་ལྟ་བས་ཡན་ཐུབ། སྒོམ་པས་ཡེངས་ཐུབ། སྤྱོད་པས་རྐྱེན་ཐུབ་ཏུ་གྱུར་པ་ཡིན་གསུངས། གསུམ་པ་མཉེན་བཙལ་བ་ནི། ཟབ་མོ་ཡང་ཏིག་གི་ཁྲིད་ཡིག་སངས་རྒྱས་མཉམ་སྦྱོར་ལས། མདུན་དུ་དམིགས་རྟེན་བཙུག་ལ་ཧཱུྃ་ཕྲེང་བ་བརྒྱུས་པའམ་ཐག་པ་ལྟ་བུས་དཀྲིས་པ་དང་། ཡང་རིམ་གྱིས་ཕྱིར་འགྲོ་བ་ལ་སེམས་བཟུང་ཞིང་ཧཱུྃ་སྙན་པར་བརྗོད་ཅེས་གསུངས། དེ་ཡང་ཡིག་འབྲུ་ལངས་སྟབས་དམིགས་རྟེན་ལ་དཀྲི་ཚེ་ཧཱུྃ་གཅིག་གི་ཞབས་སུ་གཅིག་གི་དབུ་ཚུད་པ་ལུ་གུ་རྒྱུད་ཀྱིས་གཡས་བསྐོར་དུ་དཀྲི་བར་གསུངས། ཁྲིད་ཡིག་ནོར་བུའི་ལུགས་ལ། ཤིང་སྡོང་དང་རི་ལ་སོགས་པ་ལ་ཧཱུྃ་གིས་གྲུ་གུ་ལྟར་དཀྲིས་ནས་ཕྱིར་འགྲོ་བ་ལ་ཤེས་པ་གཏད་ཅིང་ཧཱུྃ་གི་གླུ་རིང་པོར་བླང་ངོ་ཞེས་གསུངས། གཞན་ཡང་རང་ལུས་ཧཱུྃ་དུ་གྱུར་ནས་དེ་ལས་ཧཱུྃ་གི་ཕྲེང་བ་འཕྲོས་པར་ཡང་གསུངས། དེ་ལྟར་མཉེན་བཙལ་བ་ནི་དམིགས་པ་གང་ལའང་བསྒྱུར་ཏུ་བཏུབ་པའི་དགོས་པ་ཡོད་དོ། །གཉེན་བཤེས་མཐུན་པས་ཡིད་བསྒྱུར་བ་བཞིན་ནོ། །ཞེས་གསུངས།
བཞི་པ་ལམ་དུ་གཞུག་པ་ནི། མ་དག་འཁོར་བའི་གནས་ལ་ང་དང་བདག་ཏུ་བཟུང་བའི་ཆགས་སོགས་ཉོན་མོངས་པའི་སྒྲིབ་པ་སྦྱངས་ཤིང་གཞན་དོན་གཟུགས་སྐུ་འགྲུབ་པའི་རྟེན་འབྲེལ་དུ་རང་ཉིད་ཧཱུྃ་དུ་གྱུར་ནས་མགྲོན་པོ་ལམ་དུ་ཞུགས་པ་བཞིན་མིག་གིས་མཐོང་བའི་ས་ཕྱོགས་དང་མི་མཐོང་བའི་ས་ཕྱོགས་ནམ་མཁས་གར་ཁྱབ་དང་། ཁྱད་པར་དུ་དམྱལ་བ་སོགས་འགྲོ་བ་རིགས་དྲུག་གི་གནས་ཐམས་ཅད་དུ་ས་ལ་མ་རེག་ཙམ་དུ་སོང་ནས་གང་དུ་སོང་བའི་ཡུལ་ཕྱོགས་ཀྱི་མ་དག་པའི་སྣང་བ་དེ་ཐམས་ཅད་འཇའ་ལྟར་ཡལ་ནས་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་དུ་སྦྱང་བ་དང་། དག་པ་སངས་རྒྱས་ཀྱི་ཞིང་དུ་རང་དོན་ཆོས་སྐུ་འགྲུབ་ཅིང་ཤེས་བྱའི་སྒྲིབ་པ་སྦྱང་བའི་རྟེན་འབྲེལ་དུ་སླར་ཡང་ཧཱུྃ་དྲག་པོར་བརྗོད་པས་ཧཱུྃ་དེ་བར་སྣང་ལ་རྒྱངས་ཀྱིས་སོང་སྟེ་རྣམ་གྲོལ་གྱི་ཞིང་ལྔ་བགྲོད་པར་བསམ། ལམ་ཞུགས་ཀྱི་སྐབས་འདིར་རང་ཉིད་ཧཱུྃ་མཐིང་ག་ཁྲུ་གང་བ་ཞིག་ཏུ་གསལ་བ་དང་ཧཱུྃ་དཀར་པོ་འོད་ལྔ་ལྡན་དུ་དམིགས་ཚུལ་ཡང་གསུངས། གསེར་ཕྲེང་ལས། མདུན་ན་ཕར་སྲིན་འགྲོས་ལྟ་བུའི་ལམ་ཕར་འཁྱོགས་ཚུར་འཁྱོགས་པ་རྒྱང་རིང་པོར་རྩེ་ཟད་མཚམས་ལ་ཐུག་པར་བསམས་ནས་ཧཱུྃ་རིང་པོར་བརྗོད་ཅེས་གསུངས། ཁྲིད་ཡིག་ནོར་བུའི་ལུགས་ལ་ཁྲུ་རེའི་སར་རི་མོ་སྲིན་འགྲོས་སུ་བྱས་ལ། མཐོང་སྣང་མ་ཟད་ཀྱི་བར་ལམ་གཏོད་པ་ལ་ཧཱུྃ་ཁྲུ་གང་བ་མཐིང་ནག་གཅིག་མགྲོན་པོ་འགྲོ་བ་ལྟར་སོང་ནས་མཐོང་བ་ལས་འདས་པའི་ཕྱོགས་སུའང་སྔར་བཞིན་སོང་སྟེ་ཕྱིར་མི་ལྡོག་པར་ཧཱུྃ་དེ་སོང་བར་བསམ་ཞིང་ཧཱུྃ་གླུ་རིང་པོར་བླང་ངོ་ཞེས་དང་། ཁྲིད་ཡིག་སངས་རྒྱས་མཉམ་སྦྱོར་ལས། རི་མོ་སྲིན་འགྲོས་ལྟ་བུ་དང་། རྒྱང་རིང་པོའི་ལམ་མཐོང་ཚད་ན་ཕར་ཕར་ཧཱུྃ་ཞིག་ནི་སོང་ནས་ལ་ཕར་ལྟོའི་རྒྱབ་དང་། སྔར་ཕྱིན་པའི་ཡུལ་ཁམས་རྣམས་སུ་འགྲོ་ཞིང་། རྗེས་ལ་ལུང་སྟོང་མདའ་ཤར་དུ་བལྟ་བ། ཕུ་ནུབ་ལ་བསྟན་པ། དོག་ཅིང་ཉམ་ང་བ་ནགས་རོང་དང་ཆུ་རྒྱུན་འབབ་སར་ཕྱིན་པས་མཐའ་མེད་པ་ལ་ཧཱུྃ་གཅིག་པུས་འགྲོ་བར་བསམ་ཞིང་ཧཱུྃ་རིང་ལ་སྙན་པར་བརྗོད། ཅེས་དང་། ཁྲིད་ཡིག་ཟབ་ལམ་གསལ་བྱེད་ལས། རང་གི་ལུས་དང་རླུང་སེམས་གཅིག་དྲིལ་ཧཱུྃ་ཡིག་སྔོན་པོའི་རྣམ་པ་ཅན་དུ་བྱས་ལ་མདུན་ན་ཕར་སྲིན་འགྲོས་ལྟ་བུའི་ལམ་ལ་ཞུགས་ནས་སོང་སྟེ་འཁྱོགས་མཚམས་སུ་ཅུང་ཟད་ངལ་གསོ་ཞིང་། རྒྱང་རིང་པོའི་མཐའི་ཚད་མེད་པའི་ཕ་རོལ་དུ་སོང་བར་བསམ་ཞིང་། ཧཱུྃ་རིང་པོར་བརྗོད་ལ་རང་བབས་སུ་ངལ་གསོ། ཡང་སྔར་བཞིན་ཚུར་ལོག་ནས་རང་སོར་གནས་པ་ལ་ངལ་གསོ་ཞེས་གསུངས།
གསུམ་པ་སེམས་སྦྱོང་བ་ལ། བྱུང་ས་སྣོད་བཅུད་ལ་བརྟགས་ན་རྐྱེན་གསུམ་བྲལ་བའི་ནམ་མཁའ་ནི་བློས་བཏགས་པ་ཙམ། རླུང་གི་དཀྱིལ་འཁོར་ནི་རྡུལ་གྱི་ཚོགས་པ་དང་། དེ་བཞིན་ས་ཆུ་ལ་སོགས་པ་དང་འགྲོ་དྲུག་གི་ལུས་རྡུལ་ཕྲན་དང་། ངག་དུས་གསུམ། སེམས་སྐད་ཅིག་མ་ཆས་བྱས་པ། བསམ་གཏན་བཞིའི་འོད་ལུས་དང་། གཟུགས་མེད་བཞིའི་སེམས་རྒྱུན་ཡང་སྐད་ཅིག་མར་ཤེས་པས་གནས་ས་དང་འགྲོ་ས་མེད་པ་དེའི་ཤུགས་ཀྱིས་ཤེས་སླའོ། །ཁྲིད་ཡིག་ནོར་བུ་ལས། དང་པོ་བྱུང་ས་ལ་བརྟགས་པ་ནི་སེམས་ནི་དང་པོ་གང་ནས་བྱུང་ཕྱི་ནང་གི་ཡུལ་དང་ལུས་རྡུལ་ཕྲན་དུ་གཞིག་ཅིང་བརྟགས་པ་ན་མ་རྙེད་པ་ནི་སེམས་ཡེ་སྟོང་རྩ་བ་དང་བྲལ་བའི་དོན་རྟོགས་པའོ། །གཉིས་པ་ད་ལྟ་གང་ན་གནས་བརྟགས་པས་མ་རྙེད་པ་ནི་གཞི་མེད་ངོས་གཟུང་དང་བྲལ་བར་རྟོགས་པའོ། །གསུམ་པ་ཐ་མ་གར་འགྲོ་བརྟགས་པས་མ་རྙེད་པ་ནི་སེམས་འགྲོ་འོང་མེད་པའི་དོན་རྟོགས་པའོ། །ཞེས་སོ། །སྔོན་འགྲོ་གསུམ་གྱིས་ལྷག་མཐོང་མ་སྐྱེས་པ་བསྐྱེད་པ་ཞེས་གསུངས་པ་ནི། རྩད་བཅད་པ། མཚང་བཙལ་བ། བྱུང་གནས་འགྲོ་གསུམ་ལ་བརྟགས་པ་རྣམས་སོ། །གཉིས་པ་ནང་ལུས་ངག་ཡིད་གསུམ་གྱི་སྔོན་འགྲོས་སྒོ་གསུམ་གྱི་སྒྲིབ་པ་སྦྱོང་བ་ནི། ཟབ་དོན་རྒྱ་མཚོ་ལས། དེའང་གོང་གི་སྔོན་འགྲོ་གསུམ་གྱིས་ཕྱི་འཁྲུལ་བའི་རྐྱེན་སྣང་ཟད་ཀྱང་ནང་ལུས་ངག་ཡིད་གསུམ་གྱི་འཁྲུལ་བའི་རྒྱུ་དང་ས་བོན་མ་ཟད་པས་དེ་ཟད་པར་བྱ་བའི་ཕྱིར་ལུས་ངག་ཡིད་གསུམ་ནང་ལྟར་འཁོར་བ་དང་རུ་ཤན་དབྱེ་དགོས་སོ་གསུངས། དེ་ཡང་བག་ཆགས་སྒྱུ་ལུས་ཀྱི་ཕུང་པོ་འདི་གྲུབ་པ་ཙམ་ནས་འགྲོ་བ་རིགས་དྲུག་ཏུ་འཕེན་བྱེད་ཀྱི་ས་བོན་རྒྱུན་ཆགས་སུ་གནས་དྲུག་ཏུ་གནས་པ་ཡིན་ལ། འདོད་ཆགས་ཞེ་སྡང་གཏི་མུག་ང་རྒྱལ་ཕྲག་དོག་སེར་སྣ་དང་དྲུག་གིས་ཀུན་ནས་བསླངས་པའི་ལས་བསགས་སྟོབས་ཆེ་ཆུང་གི་དབང་གིས་འཆི་ཁར་རླུང་སེམས་རིགས་དྲུག་གི་ས་བོན་གང་རུང་སྟེང་དུ་འདུས་ནས་གནས་དེ་དང་དེར་སྐྱེ་བ་ཡིན་གསུངས། སྐལ་ལྡན་འཇུག་ངོགས་ལས། ལྷའི་ས་བོན་ང་རྒྱལ་ཏེ་དེ་ལ་དབྱེ་ན་བདུན། ལྷ་མིན་གྱི་ས་བོན་ལྟ་བ་སྟེ་དེ་ལ་དབྱེ་ན་ལྔ། མིའི་ས་བོན་ཐེ་ཚོམ། དུད་འགྲོའི་ས་བོན་གཏི་མུག་གམ་མ་རིག་པ་སྟེ་འདི་གཉིས་དོན་གཅིག་པར་མདོ་ལས་བཤད་དོ། །ཡི་དྭགས་ཀྱི་ས་བོན་འདོད་ཆགས། དམྱལ་བའི་ས་བོན་ཁོང་ཁྲོའམ་ཞེ་སྡང་སྟེ། དེ་དག་གི་འཁོར་ནི་ཁྲོ་བ་ལ་སོགས་ཉེ་ཉོན་རྣམས་ལས་ཅི་རིགས་པར་སྦྱར་བ་རྣམས་སོ། །ཞེས་གསུངས། ང་རྒྱལ་བདུན་ནི། རང་ལས་ཡོན་ཏན་ཆུང་བ་ལ་དམིགས་ནས་འདི་ལས་བདག་ཆེ་ལ། མཚུངས་པ་དང་མཉམ་མོ་སྙམ་པ་ང་རྒྱལ་ཙམ་མམ་ཆུང་བའི་ང་རྒྱལ། མཚུངས་པ་བས་ཀྱང་བདག་ཆེའམ་འཕགས་ལ་ཆེ་བ་དང་མཉམ་པར་འཛིན་པ་ཆེ་བའི་ང་རྒྱལ། ཆེ་བ་ལས་ཀྱང་བདག་འཕགས་སྙམ་པ་ང་རྒྱལ་ལས་ཀྱང་ང་རྒྱལ། ང་འོ་སྙམ་དུ་ཉེར་ལེན་གྱི་ཕུང་པོ་ལྔ་ལ་བདག་དང་བདག་གིར་ལྟ་བ་ངའོ་སྙམ་པའི་ང་རྒྱལ། གོང་མའི་ཡོན་ཏན་མ་ཐོབ་པ་ལ་ཐོབ་བོ་སྙམ་པ་མངོན་པའི་ང་རྒྱལ། ཆེས་འཕགས་པ་བས་བདག་ཅུང་དམན་མོད་ཀྱི་འོན་ཀྱང་བཟང་ངོ་སྙམ་པ་ཅུང་ཟད་སྙམ་པའི་ང་རྒྱལ། ཡོན་ཏན་མིན་པའི་སྐྱོན་ཉིད་ཡོན་ཏན་དུ་རློམ་ནས་ང་རྒྱལ་བ་ལོག་པའི་ང་རྒྱལ་བའོ། །ལྟ་བ་ལྔ་ནི། མཁས་འཇུག་རྩ་བ་ལས། འཇིགས་ཚོགས་ལ་ལྟ་བ་ནི། ཉེ་བར་ལེན་པའི་ཕུང་པོ་ལྔ་ལ་བདག་དང་བདག་གི་བར་ལྟ་བ་སྟེ། ལྟ་བ་གཞན་གྱི་རྟེན་བྱེད་པའོ། །མཐར་འཛིན་པའི་ལྟ་བ་ནི། བདག་གམ་ཕུང་པོ་ལྔ་ལ་རྟག་པ་དང་ཆད་པར་འཛིན་པ་སྟེ། དབུ་མའི་ལམ་གྱིས་ངེས་པར་འབྱུང་བ་ལ་བར་དུ་གཅོད་པའི་ལས་ཅན་ནོ། །ལོག་པར་ལྟ་བ་ནི། ལས་རྒྱུ་འབྲས་ལ་སོགས་ཡོད་པའི་དོན་ལ་མེད་པར་ལྟ་བ་སྟེ། དགེ་རྩ་གཅོད་པར་བྱེད་པའི་ལས་ཅན་ནོ། །ལྟ་བ་མཆོག་འཛིན་ནི་གོང་གི་ལྟ་བ་ངན་པ་གསུམ་དང་ལྟ་བའི་གནས་ཉེར་ལེན་གྱི་ཕུང་པོ་ལྔ་ལ་མཆོག་དང་དམ་པར་ལྟ་བ་སྟེ་ལྟ་ངན་ལ་མངོན་དུ་ཞེན་པར་བྱེད་པའོ། །ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་འཛིན་ནི། འདག་གྲོལ་མ་ཡིན་པའི་ཚུལ་ཁྲིམས་དང་བརྟུལ་ཞུགས་དང་དེའི་གནས་ཕུང་ལྔ་ལ་འདག་གྲོལ་ངེས་འབྱིན་དུ་ལྟ་བ་སྟེ། ངལ་བ་འབྲས་བུ་མེད་པར་བྱེད་པའི་ལས་ཅན་ནོ། །ཞེས་དང་། ཐེ་ཚོམ་ནི། བདེན་པའི་དོན་ལ་ཡིད་གཉིས་ཟ་བ་སྟེ། དགེ་བའི་ཕྱོགས་ལ་མི་འཇུག་པའི་ལས་ཅན་ནོ། །ཞེས་གསུངས། སྐལ་ལྡན་འཇུག་ངོགས་ལས། འདིར་སྦྱོང་བྱེད་ཀྱི་གཉེན་པོ་བསྒོམ་པ་ནའང་། བརྟེན་པའི་ས་བོན་དྲུག་པོ་དེ་བདག་མེད་རྟོགས་པའི་ཤེས་རབ་ཀྱི་མེས་བསྲེགས་པ་དང་། རྟེན་གྱི་ས་བོན་དྲུག་པོ་དེ་ཡི་གེ་གསུམ་ལས་འཕྲོས་པའི་འོད་ཟེར་གྱི་མེས་བསྲེག་པ་སྟེ། དེ་ལྟ་བུའི་རིགས་དྲུག་སྲེག་སྦྱོང་བྱས་ན་དོན་ལ་གནས་པ་ཡིན་ནོ། །ཞེས་གསུངས། དེ་ལ་ཐབས་མཆོག་ཟབ་མོའི་མན་ངག་གིས་རྟེན་རིགས་དྲུག་གི་ས་བོན་སྦྱང་། བརྟེན་པ་ལས་ཉོན་གྱི་བག་ཆགས་གཏོར། འཁོར་བར་སྐྱེ་བའི་རྒྱུན་དབྱིངས་སུ་གཅོད་པ་ཡིན་ཏེ། དེ་ཡང་བག་ཆགས་ཀྱི་ལུས་འདི་མ་རིག་གསུམ་གྱི་རྒྱུས་བསྐྱེད་པའི་ཕྱིར་རིགས་དྲུག་གི་ས་བོན་ཉིད་དུ་གནས་པ་དང་། ཆོས་སྐུ་གཞིར་གནས་ཀྱི་རིག་པ་འདི་སྐུ་གསུམ་དངོས་ཡིན་ཕྱིར་སྐུ་གསུམ་ཡི་གེ་གསུམ་གྱི་རང་བཞིན་དུ་ཤར་བ་ཡིན། དེ་ལ་སྦྱང་བྱ་ནི། སྤྱི་བོར་ལྷ་ཡི་ས་བོན་ཨ་དཀར་སྐྱ་ན་བུན་དཀར་སེར་གྱི་རྣམ་པ་ཅན་དང་བཅས་པ། མགྲིན་པར་ལྷ་མིན་གྱི་ས་བོན་སུ་སེར་སྐྱ་ན་བུན་ལྗང་ནག་གི་རྣམ་པ་ཅན་དང་། སྙིང་ཁར་མིའི་ས་བོན་ནྲྀ་སྔོ་སྐྱ་ན་བུན་ཁ་དོག་སྣ་ཚོགས་ཀྱི་རྣམ་པ་ཅན་དང་། ལྟེ་བར་དུད་འགྲོའི་ས་བོན་ཏྲི་དམར་ནག་རང་མདོག་གི་ན་བུན་དང་བཅས་པ། གསང་བར་ཡི་དྭགས་ཀྱི་ས་བོན་པྲེ་ཐལ་སྐྱ་ན་བུན་ཅན་དང་། རྐང་མཐིལ་དུ་དམྱལ་བའི་ས་བོན་དུ་ནག་པོ་ན་བུན་སྔོ་དམར་གྱི་རྣམ་པ་ཅན་དང་། གཞན་ཡང་ཏྲི་ལྗང་ནག་དང་། པྲེ་དམར་སྐྱའང་གསུངས་པས་གང་ལྟར་ཡང་རུང་། མཐོ་རིས་གསུམ་གྱི་ཡིག་མགོ་གྱེན་དང་ངན་སོང་གསུམ་གྱི་ཡིག་མགོ་ཐུར་བསྟན་དུ་གསལ་གསུངས། སྦྱོང་བྱེད་སངས་རྒྱས་ཀུན་གྱི་ངོ་བོ་བླ་མའི་སྐུ་གསུང་ཐུགས་ཀྱི་རང་བཞིན་ཡི་གེའི་རྣམ་པར་ཤར་བ་སྤྱི་བོར་ༀ་དཀར་པོ། མགྲིན་པར་ཨཱ་དམར་པོ། སྙིང་གར་ཧཱུྃ་མཐིང་ག་རྣམས་ལས་ཉི་མ་འབུམ་གྱི་འོད་ལྟར་བཀྲག་མདངས་གཟི་བྱིན་འབར་ནས། འབྲུ་གསུམ་བཟླས་པའི་རྐྱེན་གྱིས་འོད་ཟེར་དཔག་ཏུ་མེད་པ་བྱུང་འགྲོ་བ་རིགས་དྲུག་གི་ས་བོན་བག་ཆགས་དང་བཅས་པ་དངོས་མེད་དུ་སྦྱངས་བར་བསམ་མོ། །མས་ནས་སྦྱངས་པ་དང་། ཡས་ནས་སྦྱངས་པ་དང་། ཅིག་ཆར་དུ་བསྲེགས་པ་སོགས་རང་རང་གི་ཁམས་དང་སྦྱར་དགོས་གསུངས། ཟབ་དོན་རྒྱ་མཚོ་ལས། སྦྱང་གཞི་འགྲོ་བའི་གནས་དྲུག་ཏུ། སྦྱོང་བྱེད་སྐུ་གསུམ་གྱི་ཡི་གེས་སྦྱོང་བ་ནི། རང་གི་ལུས་ཀྱི་སྤྱི་བོར་ཨ་དཀར་པོ་ལྷའི་བག་ཆགས་དཀར་པོ་སྒྲིབ་པའི་རྣམ་པ་ཅན་ཏུ་འདུག་པར་བསམ། དེ་བཞིན་ཏུ་མགྲིན་པར་སུ་ལྗང་སེར་ལ་ལྷ་མ་ཡིན་གྱི་བག་ཆགས། སྙིང་ཁར་ནྲྀ་སྔོ་སྐྱ་ལ་མིའི་བག་ཆགས། ལྟེ་བར་ཏྲི་དམར་ནག་ལ་དུད་འགྲོའི་བག་ཆགས། གསང་བར་པྲེ་ལྗང་གུ་ལ་ཡི་དྭགས་ཀྱི་བག་ཆགས། རྐང་མཐིལ་དུ་དུ་དུད་ཁ་ལ་དམྱལ་བའི་བག་ཆགས་རྣམས་འདུས་པར་བསྒོམ་པའི་སྤྱི་བོར་སྐུའི་ས་བོན་ༀ་དཀར་པོ་ལས་འོད་ཟེར་འཕྲོ་བ། མགྲིན་པར་ཨཱཿདམར་པོ་ལས་འོད་ཟེར་འཕྲོ་བ། སྙིང་ཁར་ཧཱུྃ་མཐིང་ག་ལས་འོད་ཟེར་འཕྲོ་བའི་འོད་ཀྱིས་ས་བོན་དྲུག་ལུས་ངག་ཡིད་གསུམ་གྱི་སྒྲིབ་པ་མ་རིག་འཁྲུལ་བའི་བག་ཆགས་ཐམས་ཅད་ཐུལ་ཐུལ་ཚིག་པར་བསམ་ཞིང་བཟླའོ། །ༀ་ཨཱཿཧཱུྃ། འབུམ་ཚོ་བདུན་དབྱངས་སྙན་པོས་གླུ་དང་བཅས་པས་བཟླའོ། །དེའི་དུས་སུ་བདག་ཇི་ལྟ་བ་བཞིན་སེམས་ཅན་ཐམས་ཅད་ཀྱི་གནས་གསུམ་གྱི་ཡི་གེ་ལས་མེ་འབར་ས་བོན་དྲུག་ཚིག་པར་བསམ་ཞིང་བཟླས་སོ། །ཞེས་དང་། གཞན་དུ་འབྲུ་གསུམ་ལས་ཡེ་ཤེས་ཀྱི་འོད་ཟེར་མེ་ལྕེའི་ཕྲེང་བ་ལྟར་འཕྲོས་པས་ལུས་ངག་ཡིད་གསུམ་གྱི་སྡིག་སྒྲིབ་རིགས་དྲུག་གི་ས་བོན་མ་རིག་འཁྲུལ་པའི་བག་ཆགས་ཐམས་ཅད་ཐུལ་གྱིས་ཚིག་ནས་མི་གནས་པར་བྱས་ཏེ་ལུས་ངག་ཡིད་གསུམ་རྒྱལ་བའི་སྐུ་གསུང་ཐུགས་སུ་བྱིན་གྱིས་བརླབས། རིགས་དྲུག་གི་གནས་ཐམས་ཅད་འོད་ཟེར་གྱི་འདུ་འཕྲོས་ཁྱབ་ཅིང་རིགས་དྲུག་སོ་སོའི་སྡིག་སྒྲིབ་བག་ཆགས་དང་བཅས་པ་ཐམས་ཅད་ཐུལ་གྱིས་བསྲེགས་ནས་རྒྱལ་བ་ཐམས་ཅད་ཀྱི་ཡོན་ཏན་ཡོངས་སུ་རྫོགས་པར་བསམ་ཞིང་དབྱངས་དང་བཅས་པའམ་དབྱངས་མེད་ཀྱང་རུང་བར་གསུངས་པ་དང་། གསེར་ཕྲེང་ལས། སྦྱང་བྱ་རང་ཉིད་ཐ་མལ་བའི་སྤྱི་བོའི་ནང་དུ་ཨ་དཀར་ནག་ལ་ལྷའི་བག་ཆགས་དང་ང་རྒྱལ། མགྲིན་པར་སུ་སེར་ནག་ལ་ལྷ་མ་ཡིན་གྱི་ཕྲག་དོག ། སྙིང་གར་ནྲྀ་སྔོ་ནག་ལ་མིའི་འདོད་ཆགས། ལྟེ་བར་ཏྲི་དམར་ནག་ལ་དུད་འགྲོའི་གཏི་མུག །གསང་བར་པྲེ་ལྗང་ནག་ལ་ཡི་དྭགས་ཀྱི་སེར་སྣ། རྐང་མཐིལ་དུ་དུ་དུད་ཁ་ལ་དམྱལ་བའི་ཞེ་སྡང་གི་བག་ཆགས་རྣམས་ཡི་གེའི་ཁ་དོག་དང་མཐུན་པར་ཡོད་པ་ལ་ལས་དང་ཉོན་མོངས་པ་འཁོར་དང་བཅས་པ་སོལ་དོང་ནས་དུ་བ་འཕྱུར་བ་ལྟར་བསམ་ལ། སྦྱོང་བྱེད་སྐུ་གསུང་ཐུགས་ཀྱི་ཡི་གེ འང་སྤྱི་བོར་ༀ་དཀར་པོ། མགྲིན་པར་ཨཱཿ དམར་པོ། སྙིང་ཁར་ཧཱུྃ་མཐིང་ག་གསུམ་ལས་ཡེ་ཤེས་ཀྱི་མེ་འབར་བས་ཡི་གེ་དྲུག་བག་ཆགས་དང་བཅས་ཐམས་ཅད་བསྲེགས་ནས་འཁོར་བ་ངན་སོང་གི་རྒྱུ་འབྲས་ཐམས་ཅད་དག་སྟེ་ལུས་ཤེལ་གོང་ཕྱིས་པ་ལྟར་བསམ་ཞིང་ༀ་ཨཱཿཧཱུྃ་དབྱངས་དང་བཅས་པས་བརྗོད་དོ་ཞེས་གསུངས་སོ། །གསུམ་པ་གསང་བ་ལུས་ངག་ཡིད་གསུམ་གྱི་སྔོན་འགྲོས་སྒོ་གསུམ་གྱི་གནས་ལུགས་བསྟན་པ་ལ། ཞི་གནས་དང་ལྷག་མཐོང་ཟུང་འཇུག་གསུམ་བསྟན་པ་ལས། འདིར་ཞི་གནས་ལ་རྣལ་དུ་དབབ་པ་དང་། སོར་གཞུག་པ་གཉིས་ལས། དང་པོ་ནི་མཁའ་འགྲོ་ཡང་ཏིག་གི་ཁྲིད་ཡིག་ནོར་བུ་ལས། བདེ་བའི་མལ་དུ་ཉལ་ལ་ལུས་སྒུལ་བསྐྱོད་དང་བྲལ་བ། ངག་སྨྲ་བརྗོད་དང་བྲལ་བ། སེམས་དྲན་བསམ་དང་བྲལ་བས་སོས་དལ། ཁོང་ལྷོད་བག་ཕབ་ལ་ཕྱམ་གྱིས་སྐྱེ་མེད་བསམ་བརྗོད་དང་བྲལ་བའི་ངང་ལ་འཇོག་པའོ། །ཞེས་པ་ལྟར་རྣལ་མ་ནི་མ་བཅོས་པའི་དོན་དང་དབབ་པ་ནི། དེ་ལ་རང་བབས་སུ་འཇོག་པའི་ཕྱིར་རྣལ་དུ་དབབ་པའོ། །གཉིས་པ་སོར་གཞུག་པ་ལ་གསུམ་ལས། དང་པོ་ཉན་ཐོས་ཀྱི་ལྟ་སྟངས་རྣམ་སྣང་གི་ཆོས་བདུན་ནི། རྐང་པ་སྐྱིལ་ཀྲུང་། ལག་པ་མཉམ་བཞག །སྒལ་ཚིགས་དྲང་པོ། ལྕེ་ཡ་རྐན། དབུགས་དལ་བ། མིག་སྣ་རྩེ། མགྲིན་པ་ཡིད་ཙམ་དགུག་པར་མཉམ་པར་བཞག་གོ །གཉིས་པ་བྱང་ཆུབ་སེམས་དཔའི་ལྟ་སྟངས་སྐྱིལ་ཀྲུང་སོགས་གོང་དང་འདྲ་ལ་མིག་བར་སྣང་ལ་མདའ་གང་ཙམ་དུ་བལྟའོ། །གསུམ་པ་ཁྲོ་བོའི་ལྟ་སྟངས་ནི། ཟབ་དོན་ལས། རྐང་པ་གྱད་ཀྱི་དོར་ཐབས་སུ་བགྲད། མིག་བར་སྣང་ལ་གྱེན་དུ་བགྲད། ཧ་ཧ་དང་ཧི་ཧི་ལ་སོགས་པ་བརྗོད་ཅིང་སེམས་སྤྲོས་པ་དང་བྲལ་བར་བཞག་གོ་ཞེས་དང་། ཁྲིད་ཡིག་ནོར་བུའི་ལུགས་ལ་ཁྲོ་བོའི་ལྟ་སྟངས་ལ་གསུམ་གསུངས་པ་ལས། དང་པོ་གྱད་ཀྱི་དོར་སྟབས་ནི། ལངས་ཏེ་གོམ་པ་བགྲད་མིག་ཧད་པོར་བལྟས་ལ་ཞི་གནས་བསྒོམ་མོ། །གཉིས་པ་འཇིགས་པའི་སྒེག་འགྲོས་ནི། གོམ་པ་དལ་གྱིས་འདོར་ཞིང་ཞི་གནས་དང་བསྲེས་སོ། །གསུམ་པ་སེང་གེའི་མཆོང་སྟངས་ནི། མཆོང་རྒྱུག་རྒོད། སེམས་དགག་སྒྲུབ་ཏུ་འཕྲོར་བཅུག་ནས་ཞི་གནས་ཀྱི་དོན་ལ་རྩལ་སྦྱངས་པས་ཕྱིས་སྤྱོད་ལམ་ཐམས་ཅད་ཞི་གནས་སུ་འཆར་རོ། །ཞེས་དང་། ཟབ་དོན་རྒྱ་མཚོའི་སྤྲིན་ཕུང་ལས། དེ་ལྟར་ཉན་ཐོས་ཀྱི་ལྟ་སྟངས་ཀྱིས་ལུས་ངག་ཡིད་གསུམ་མི་གནས་པ་གནས་པར་བྱ། བྱང་ཆུབ་སེམས་དཔའི་ལྟ་སྟངས་ཀྱིས་གནས་པ་བརྟན་པར་བྱ། ཁྲོ་བོའི་ལྟ་སྟངས་ཀྱིས་བརྟན་པ་གྲོལ་བར་བྱའོ། །ཞེས་གསུངས། གཞན་དུ་ཞི་གནས་ཀྱི་རང་བཞིན་རྒྱུད་ལ་བསྐྱེད་པ་ལ་གསུམ་ལས། དང་པོ་སྔོན་འགྲོ་རྣལ་དུ་དབབ་པས་ཞི་གནས་མ་སྐྱེས་པ་སྐྱེད་པར་བྱེད་པ། གཉིས་པ་དངོས་གཞི་ཉན་ཐོས་དང་བྱང་ཆུབ་སེམས་དཔའི་ལྟ་སྟངས་ཀྱིས་སོར་གཞུག་པས་སྐྱེས་པ་ངོ་སྤྲད་དེ་ཉམས་སུ་བླང་ཚུལ། གསུམ་པ་རྗེས་ལ་གྱད་སོགས་ལྟ་སྟངས་གསུམ་གྱིས་རྐྱེན་དང་བསྲེས་ཏེ་བོགས་ད བྱུང་ཞིང་རྩལ་སྦྱངས་པ འོ། །ཞེས་གསུངས། ལྷག་མཐོང་དང་ཟུང་འཇུག་གཉིས་ནི་ཁྲིད་ཡིག་ནོར་བུ་ལས་ཤེས་པར་བྱའོ། །
དོན་གཉིས་པ་དངོས་གཞི་ཟག་པ་མེད་པའི་ཡེ་ཤེས་རྒྱུད་ལ་བརྟན་པའི་ཐབས་ལ་གཉིས་ཏེ། དངོས་གཞིའི་སྒྲ་བཤད་པ་དང་། དོན་གྱི་འགྲོས་དབྱེ་བའོ། །དང་པོ་ལ་ཚིག་གི་མཐའ་བཅད་པ་དང་། དོན་གྱི་ཐོག་ཏུ་དབབ་པ་གཉིས་ལས། དང་པོ་ནི་དངོས་གཞི་ཞེས་པ་ལ་མུ་བཞི་ལས། གཞི་ཡིན་ལ་དངོས་མ་ཡིན་པ་ཕོ་བྲང་མཐོང་ནས་རྒྱལ་པོ་མ་མཐོང་བ་ལྟར་རྫོགས་པ་ཆེན་པོ་ཁ་ཅིག་གིས་ཆོས་གཞི་ལ་ལུས་ནས་ལག་ཏུ་བླང་དུ་མེད་པར་ཆོས་ཉིད་ཁ་འབྱམས་སུ་སོང་བས་འཆི་ཁར་ཐ་མལ་དུ་འཆི་བ་རྣམས་སོ། །དངོས་ཡིན་ལ་གཞི་མ་ཡིན་པ་ནི་རྒྱལ་པོ་མཐོང་ཡང་དེའི་མཚན་ཉིད་གཏན་ལ་མ་ཕེབས་པ་ལྟར། མན་ངག་ཁ་ཅིག་ཐོག་མ་གནད་ཐོག་ཏུ་ཕེབས་ཀྱང་ཐ་མ་ཚིག་གིས་མཐའ་མ་ཆོད་པའི་རྗེས་ལ་དེའི་ཐོག་ཏུ་མི་གནས་པར་པྲ་ཡས་པ་རྣམས་སོ། །དངོས་དང་གཞི་གཉིས་ཀ་མ་ཡིན་པ་ནི་རྒྱལ་པོ་དང་ཕོ་བྲང་གང་ཡང་མ་མཐོང་བ་ལྟར་ཐེག་པ་ཐུན་མོངས་པ་སྤྱིའི་ཚིག་གིས་ལྟ་སྒོམ་ཡིད་དཔྱོད་ཀྱི་ལམ་དུ་བྱས་ནས་དོན་ངོ་མ་འཕྲོད་པས་ཐ་མ་གར་འགྲོ་ངོ་མི་ཤེས་པ་རྣམས་སོ། །དངོས་དང་གཞི་གཉིས་ཀ་ཡིན་པ་ནི། རྒྱལ་པོ་ཡང་མཐོང་མཚན་ཉིད་ཀྱང་ལེགས་པར་ཤེས་པ་དང་འདྲ་བར། མངོན་སུམ་སྙིང་ཐིག་གི་གནད་རིག་པ་དངོས་སུ་མཐོང་བས། ལྟ་སྒོམ་ཡིན་སྙམ་ལ་རག་མ་ལས། གཞི་མཐོང་བས་ལྡོག་པའི་ས་མེད་པར་འཁོར་འདས་དུས་གཅིག་ལ་ཆོད་པའི་རྣལ་འབྱོར་བ་ཞེས་བྱའོ། །དེའང་ཆོས་ཉིད་མངོན་སུམ་གྱི་གནད་བླ་མས་བསྟན་པ་མཐོང་ནས་ཡིད་ཆེས་ཀྱང་། བརྩོན་འགྲུས་ཀྱིས་ཉམས་སུ་མ་བླངས་ན་ཚེ་འདི་ཉིད་ལ་ཟག་བཅས་མི་སྣང་བར་སངས་མི་རྒྱ་ལ། ཕྱི་མ་ལའང་འདི་དང་འཕྲད་དཀའ་བས་འཇིག་རྟེན་རྒྱབ་ཏུ་བོར་ནས་ཉམས་སུ་ལེན་པ་གལ་ཆེའོ། །གལ་ཏེ་གནད་ཡོད་ཀྱང་ཉམས་སུ་མ་བླངས་ན་ས་འོག་གི་གཏེར་དང་འདྲ་བས་ཕན་ཐོག་པ་མ་ཡིན་ནོ།། གཉིས་པ་དོན་གྱི་ཐོག་ཏུ་དབབ་པ་ནི། རིག་པ་རང་ཐོག་ཏུ་ཕབ་ནས་དངོས་སུ་ངོ་སྤྲད་པ་རྡོ་རྗེ་ལུ་གུ་རྒྱུད་ཀྱི་སྣང་བ་མཐོང་བ་ལ་ཟེར་རོ། །དེའང་དངོས་སུ་བསྟན་དུ་མེད་པར་རིག་པ་ཞེས་ཐུན་མོང་བ་རྣམས་ཀྱིས་བརྗོད་ཀྱང་ཐོག་ཏུ་མི་ཕེབས་ཏེ། རྡོ་རྗེ་གདན་མ་མཐོང་བར་དེའི་ལོ་རྒྱུས་བཤད་པའམ། དམུས་ལོང་བཤད་པ་བཟང་པོས་ཁ་དོག་གཞན་ལ་འཆད་པ་དང་འདྲའོ། །རེས་རིག་པ་སྐྱེ་མེད་སྟོང་པ་ཡིན་སྙམ། རེས་སྣ་ཚོགས་འཆར་བ་ཡིན་སྙམ། དེ་གཉིས་ཚིག་གི་ཁྲིད་ཁ་ལེགས་ལེགས་པོས་ངོ་བོ་སྟོང་པ་ནམ་མཁའ་འདྲ་བ་འཆར་ཚུལ་མ་འགགས་པ་མེ་ལོང་གི་གཟུགས་བརྙན་འདྲའོ། །ཞེས་བཤད་ཀྱང་། ད་ལྟ་ཡོད་ཡོད་པོ། ཕུག་ན་སྟོང་ཕྱམ་ཅི་ཡང་མེད་པ་ཅིག་ཁོ་ན་ལ་གདེངས་འཆའ་བས། ཐེག་པ་རིམ་དགུའི་ལྟ་སྒོམ་སྤྱོད་པས་སངས་མི་རྒྱ་སྟེ། ཡིད་དཔྱོད་ཚིག་གི་འགྲོ་ལྡོག་གིས་ཉམས་རེས་སྐྱེ་འགྲིབ་ཅུང་ཟད་རེ་བྱུང་དུས། རེས་ཡིན་སྙམ་གྱི་སྟེང་དུ་རྩལ་སྦྱོང་རྟོགས་པ་སོ་མ་ཞིག་འཁྲུངས་སྙམ་ནས་ཡིད་སོས། རེས་མིན་སྙམ་གྱི་དོང་དུ་སེམས་ལྷུང་། མི་དགའ་གདུང་བའི་ལྐོག་གནོང་ཀྱིས་འཚེར་ཞིང་། ངེས་པར་ཅི་ཡིན་ད་ལྟ་ཤི་ན་ཅི་བྱ་སྙམ་དུ་ཆོས་མེད་པོ་འཁོར་བའི་བཤལ་ཐག་བྱེད་པས་རིག་པའི་དོན་ལ་མཐོང་དུས་མེད་དེ། སློབ་དཔོན་དགའ་རབ་རྡོ་རྗེའི་ཞལ་སྔ་ནས། ཡིད་དཔྱོད་འཛིན་པའི་ལྟ་བ་ཉོན་རེ་མོངས། །དེ་ལ་བརྟེན་པའི་སྒོམ་པ་ཡི་རེ་མུག །དེ་ལས་བྱུང་བའི་སྤྱོད་པ་ཐང་རེ་ཆད། །དེ་ལ་འབྲས་བུའི་རེ་བ་ཡོངས་རེ་འཁྲུལ། ཞེས་ལེགས་པར་གསུངས་པ་ཐོག་ཏུ་བབས་སོ། །འདིར་རིག་པ་ལུ་གུ་རྒྱུད་མཐོང་བ་ནི་རིག་པའི་རང་བཞིན་ལ་བཟང་ངན་དང་འཕོ་འགྱུར་མེད་པར་ཐམས་ཅད་དེའི་ངང་ལས་འགྲོ་ས་གཞན་མེད་པས་གཞི་ཞེས་བྱ་སྟེ་གཞན་ཏུ་འཆོལ་མི་སྲིད་དོ། །ཞེས་སོ། །རྣམ་མཁྱེན་ཤིང་རྟ་ལས། མངོན་སུམ་ཡིད་དཔྱོད་ལ་རག་མ་ལས་པར་སྟོན་པ་ཡིན་པས་ལམ་ཁྱད་གནམ་ས་ལྟ་བུ་ཡོད་ལ། རང་སྡེ་ཕྱོགས་གཅིག་ཏུ་ཟབ་པར་སྟོན་པ་གསང་སྐོར་མན་ཆད་དུ་དཔེ་དོན་རྟགས་གསུམ་གྱི་རིག་པའི་གཞལ་ཚུལ་ཙམ་འདྲ་ཡང་། འདི་ནི་དཔྱོད་ལྡན་གྱིས་རྟེན་གསུམ་གཞལ་བ་ལྟར་དངོས་དང་གཞི་གཉིས་ཀའི་མཚན་ཉིད་གཏན་ལ་ཕེབས་པ་དང་མཚུངས་ལ། གཞན་དུ་ནི་གཞི་མཐོང་ཡང་དངོས་གཏན་ལ་མ་ཕེབས་པ་བྱིས་པས་ལྷ་ཁང་ལ་བལྟས་པ་དང་མཚུངས་པ་ཡིན་ནོ་གསུངས། དཔལ་སྤྲུལ་རིན་པོ་ཆེས་ཡེ་ཤེས་བླ་མའི་དངོས་གཞིའི་སྒྲ་བཤད་ཐེག་མཆོག་མཛོད་ལས་གསུངས་པ་ལྟར་ཡིན་ཚུལ་ཡེ་ཤེས་བླ་མ་ལ་ཕྱག་མཆན་བཏབ་པ་བླ་མ་ལུང་རྟོགས་ལ་གནང་བ་དང་། སྐྱབས་རྗེ་བཀའ་དྲིན་ཅན་ལ་དཔལ་སྤྲུལ་རིན་པོ་ཆེ་དང་། མཁན་ཆེན་པདྨ་བཛྲ། ཞབས་དྲུང་རིན་པོ་ཆེ་རྣམས་ཀྱིས་ཀྱང་། དངོས་ནི་ལྷུན་གྲུབ་ཐོད་རྒལ་གྱི་ཞིང་སྐུ་ཕོ་བྲང་གསུམ་ཡིན་ཚུལ་གསུངས་པ་ནི། ཆོས་ཉིད་མངོན་སུམ་གྱི་དུས་ན་དབྱིངས་ཐིག་རིག་གསུམ་དང་། ཉམས་གོང་འཕེལ་གྱི་མཇུག་རྫོགས་པ་ན་སྐུ་རྐྱང་པ་དང་། ཚད་ཕེབས་ཀྱི་ཚེ་དབྱིངས་ཐིག་རིག་གསུམ་ཞིང་སྐུ་ཕོ་བྲང་གསུམ་གྱི་རང་བཞིན་དུ་འཆར་ཚུལ་གསུངས། དེ་ཡང་ཐེག་མཆོག་མཛོད་ལས། གཞི་ཡིན་ལ་དངོས་མ་ཡིན་པ་ཕོ་བྲང་མཐོང་ནས་རྒྱལ་པོ་མ་མཐོང་བ་ལྟར། རྫོགས་པ་ཆེན་པོ་ཁ་ཅིག་གི་ཆོས་གཞི་ལ་ལུས་ནས་ལག་ཏུ་བླང་དུ་མེད་པ་སོགས་གསུངས་པ་ནི། མན་ངག་སྡེའི་ཕྱི་སྐོར་དུ་གཞི་གདོད་མའི་གནས་ཚུལ་རྒྱ་ཆེར་བཤད་པ་ལས། ལམ་ཉམས་སུ་ལེན་ཚུལ། བར་དོའི་འཆར་ཚུལ། མཐར་ཐུག་གི་འབྲས་བུའི་གྲོལ་ཚུལ་མ་བཤད་པས་གཞི་ཡིན་ལ་དངོས་མ་ཡིན་པའོ། །དངོས་ཡིན་ལ་གཞི་མ་ཡིན་པ་ནི་རྒྱལ་པོ་མཐོང་ཡང་དེའི་མཚན་ཉིད་གཏན་ལ་མ་ཕེབས་པ་ལྟར། མན་ངག་ཁ་ཅིག་ཐོག་མ་གནད་ཐོག་ཏུ་ཕེབས་ཀྱང་ཐ་མ་ཚིག་གི་མཐའ་མ་ཆོད་པས་རྗེས་ལ་དེའི་ཐོག་ཏུ་མི་གནས་པར་པྲ་ཡས་པ་རྣམས་སོ། །གསུངས་པ་ནི། ནང་སྐོར་དུ་ལམ་དཔེ་དོན་རྟགས་གསུམ་གྱིས་ངོ་སྤྲད་པ་ཙམ་བཤད་ཀྱང་གཞིའི་གནས་ཚུལ་དང་མཐར་ཐུག་གི་འབྲས་བུའི་གྲོལ་ཚུལ་མ་བཤད། དཔེ་དོན་རྟགས་གསུམ་ནི། དེ་ཡང་གཞི་གནས་ཡེ་ཤེས་རང་ལ་ཡོད་པ་དེ་ད་ལྟར་ལམ་དུས་ན་དཔེ་དོན་རྟགས་གསུམ་གྱིས་མཚོན་ནས་ངོ་སྤྲད་པ་ཙམ་ཡོད་དེ་དཔེ་རྡོ་རྗེ་སེམས་དཔའི་མེ་ལོང་ཞེས་ཤེལ་རྡོ་ལ་བརྟེན་ནས་ཀ་དག་དང་ལྷུན་གྲུབ་ཀྱི་གདངས་ཡོད་ཚུལ་ངོ་སྤྲོད་པ་དང་། རྟགས་སྒྲོན་མ་གཏེམ་པའི་སྣང་བ་མངོན་སུམ་དང་། དོན་དེ་ལྟ་བུའི་གནས་ལུགས་དེ་ཕྱིས་བར་དོའི་དུས་མངོན་སུམ་འཆར་བས་ངེས་ཤེས་སྐྱེ་ན་གྲོལ་ཞེས་པ་ལས་ཚེ་འདིར་དངོས་སུ་ཉམས་སུ་ལེན་ཚུལ་ནི་མེད་གསུངས་ནས་སྤྱིར་བསྟན་པ་དང་། བྱེ་བྲག་གསང་སྐོར་དུ་ལམ་གྱི་བྱེ་བྲག་བསྒོམ་པ་ཙམ་བསྟན་ཀྱང་གཞིའི་གནས་ཚུལ་དང་མཐར་ཐུག་གི་གྲོལ་ཚུལ་རྣམས་མ་བཤད། ལམ་གྱི་སྒོམ་ཚུལ་ནི་ཕྱག་མཆན་ལས། སྒྲོན་དྲུག་གི་རྣམ་བཞག་སོགས་བསྟན་ནས་ཚེ་འདིར་ཀ་དག་བདེ་བ་ཆེན་པོའི་ཡེ་ཤེས་ཀྱི་རང་གདངས་ལྷུན་གྲུབ་ཀྱི་སྣང་བ་དབྱིངས་ཐིག་ལེ་ལ་སོགས་པ་ལུས་ཀྱི་བྱེད་པ་གནད་དུ་བཅིང་ནས་ཉམས་སུ་བླང་བ་ཙམ་ཡོད་ཀྱང་། རྟགས་སྣང་བ་བཞིའི་ལམ་གྱི་ཚོད་འཛིན་དང་། གྲུབ་དོན་མཐར་ཐུག་འཕོ་ཆེན་གྱི་སྐུར་བཞེངས་པ་སོགས་མན་ངག་མང་པོ་གབ་པས་གནད་མཐར་ཐུག་པ་མིན་ནོ། །དངོས་དང་གཞི་གཉིས་ཀ་ཡིན་པ་ནི། རྒྱལ་པོ་ཡང་མཐོང་མཚན་ཉིད་ཀྱང་ལེགས་པར་ཤེས་པ་དང་འདྲ་བར་མངོན་སུམ་སྙིང་ཐིག་གི་གནད་རིག་པ་དངོས་སུ་མཐོང་བས། ལྟ་སྒོམ་ཡིན་སྙམ་ལ་རག་མ་ལས། གཞི་མཐོང་བས་ལྡོག་པའི་ས་མེད་པར་འཁོར་འདས་དུས་གཅིག་ལ་ཆོད་པའི་རྣལ་འབྱོར་པ་ཞེས་བྱའོ། །ཞེས་གསུངས་པ་ནི། ཡང་གསང་བླ་མེད་དུ་གཞི་གདོད་མའི་གནས་ལུགས། ལམ་ལྟ་སྒོམ་སྤྱོད་གསུམ། འབྲས་བུ་མཐར་ཐུག་གི་གྲོལ་ཚུལ་དང་བཅས་ཏེ་ཀ་དག་དང་ལྷུན་གྲུབ་རྒྱས་པར་བསྟན་པ་ཡིན་ཏེ་སློབ་དཔོན་བི་མ་ལའི་སྒྲོན་མ་སྣང་བྱེད་ལས། ཕྱི་སྐོར་ལུས་དང་འདྲ་སྟེ་ཐ་སྙད་རྒྱ་ཆེར་བསྟན། །༼ལུས་རྫོགས་པར་ཡོད་ཀྱང་དོན་སྙིང་ལྔ་ལ་སོགས་པ་མེད་ན་རོ་དང་འདྲ།༽ ནང་སྐོར་མིག་དང་འདྲ་༼ མིག་གིས་ཕྱི་མཐོང་ཡང་རང་མི་མཐོང་། ༽སྟེ་མཐོང་བ་བརྡ་ཡི་ཆོས། །གསང་སྐོར་སྙིང་དང་འདྲ་སྟེ་དྲན་བྱེད་ཟུངས་ཀྱི་ཆོས། །༼སྙིང་གཅིག་པུས་དོན་བྱེད་མི་ནུས་ཏེ་སྔ་ལས་བག་ཙམ་འཕགས་སོ། །༽འདི་ནི་ལུས་ཀུན་རྫོགས་ཏེ་༼ལུས་ལ་ནད་མེད་དབང་པོ་སྐྱོན་མེད་༽ པའི་སྐྱེས་བུ་འདྲ། །ཞེས་གསུངས། མདོར་ན་སྐྱབས་རྗེ་བཀའ་དྲིན་ཅན་གྱིས་གོང་དུ་དངོས་གཞིའི་སྒྲ་བཤད་སྐབས། རྫོགས་པ་ཆེན་པོ་ཁ་ཅིག་གིས་ཆོས་གཞི་ལ་ལུས་པ་སོགས་གསུངས་པ་ནི་ཕྱི་སྐོར་ལ་གསུངས་པ་དང་། ཡང་མན་ངག་ཁ་ཅིག་ཐོག་མ་གནད་ཐོག་ཏུ་ཕེབ་ཀྱང་སོགས་གསུངས་པ་ལ། གསང་སྐོར་གཞིར་བཞག་ཡིན་ལ། ནང་སྐོར་འཇོག་ཆོག་གམ་མི་ཆོག་དཔྱོད། འདི་ནི་ཤིན་ཏུ་གལ་ཆེ་བས་ཡང་ཡང་ཞིབ་ཆ་བྱེད་དགོས་གསུངས་པ་དང་། ཡེ་ཤེས་བླ་མ་ལས་མུ་བཞིར་བཤད་པའི་སྐབས། ཁྲེགས་ཆོད་ལས་ཐོད་རྒལ་དངོས་སུ་རྩལ་དུ་བཏོན་པ་མི་སྣང་བས་ཕལ་བས་ཤིན་ཏུ་གོ་དཀའ་ཡང་འདིར་ཀུན་མཁྱེན་སྔ་ཕྱིའི་བཞེད་པ་དངོས་ནི་ཞིང་སྐུ་ཕོ་བྲང་གསུམ་གྱི་འཆར་གཞི་ལས་དང་པོ་བའི་སྐབས་སུ་དབྱིངས་ཐིག་རིག་གསུམ་ཡིན་ལ་ཁྱད་པར་ལྷག་མཐོང་ཐམས་ཅད་ཀྱི་རྒྱལ་པོ་རིག་པ་རྟོག་མེད་རྡོ་རྗེ་ལུ་གུ་རྒྱུད་ཡིན་ཚུལ་འདི་ཉིད་མ་ཤེས་ན་ཁྲེགས་ཆོད་ལས་ཁྱད་དུ་འཕགས་ཚུལ་བདུན་སོགས་མི་ཤེས་པས་ཕན་ཚུན་འཁྲུགས་ཤིང་མགོ་རྨོངས་པར་འགྱུར་རོ། །ཞེས་གསུངས། མན་ངག་རྫོགས་པ་ཆེན་པོའི་རྒྱུད་ཕྱི་མ་ལས། ནང་དབྱིངས་རྣམ་དག་སྒྲོན་མའི་ཀློང༔ རིག་པ་བཅུད་དུ་སྨིན་པ་ལ༔ ཕྱེད་སྐུར་འཆར་བ་ཉམས་གོང་འཕེལ༔ རིགས་ལྔའི་ཚོམ་བུ་ཚད་ཕེབས་ཉམས༔ ཞེས་དང་། རྣམ་མཁྱེན་ཤིང་རྟ་ལས། ཁྲེགས་ཆོད་དུ་རེ་ཞིག་དབང་རྣོན་གྱིས་གཞི་བྲལ་དང་། རྟུལ་པོས་སྒྱུ་མ་ལྟ་བུར་རྒྱས་འདེབས་པའི་ཡིད་དཔྱོད་ཙམ་ལས་མེད་པ་ཐོད་རྒལ་དུ་གནད་ལ་བརྟེན་པའི་འོད་ལྔ་དབྱིངས་རིག་གི་སྣང་བ་ཡུལ་དུ་འཆར་བས་ཐོག་མ་ནས་ཕྱི་འབྱུང་གི་སྣང་ཆ་ཐ་མལ་བའི་བག་ཆགས་ལྡོག་པར་འགྱུར་བའི་ཁྱད་ཡོད། ཅེས་གསུངས།
གཉིས་པ་དོན་གྱི་འགྲོས་དབྱེ་བ་ལ་རྣམ་པ་བཞི་སྟེ། དང་པོ་ལུས་ངག་སེམས་ཀྱི་གནད་གཟིར་བ། གཉིས་པ་གནད་གསུམ་ལ་བརྟེན་ནས་མངོན་སུམ་རང་ཐོག་ཏུ་དབབ་པ། གསུམ་པ་སྣང་བ་བཞི་ཇི་ལྟར་འཆར་བའི་རིམ་པ། བཞི་པ་མཐའ་རྟེན་གྱི་མན་ངག་བཞི་པོ་གོང་མ་རྣམས་ཀྱི་རྒྱབ་རྟེན་ནམ་ནན་ཆགས་སུ་བྱུང་བ་སོགས་ཐེག་མཆོག་རིན་པོ་ཆེའི་མཛོད་ལས་ཤེས་པར་བྱའོ།
༈ སྟོན་པ་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པའི་བསྟན་པ་སྡེ་སྣོད་གསུམ་དང་ཕྱི་རྒྱུད་གསུམ། ལོངས་སྐུའི་སྟོན་པ་རྡོ་རྗེ་འཆང་གི་བསྟན་པ་བསྐྱེད་རྫོགས་གཉིས། ཆོས་སྐུའི་སྟོན་པ་ཀུན་ཏུ་བཟང་པོའི་བསྟན་པ་ཨ་ཏི་ཡོ་གའོ། །དེ་ནས་སློབ་དཔོན་དགའ་རབ་རྡོ་རྗེས་འོག་མིན་དུ་དཔལ་རྡོ་རྗེ་སེམས་དཔའ་ལ་རང་བཞིན་རྫོགས་པ་ཆེན་པོའི་དབང་དང་ཡང་གསང་བླ་ན་མེད་པའི་གདམས་པ་དང་བཅས་པ་ཡོངས་སུ་རྫོགས་པར་ཞུས། དེ་ནས་རི་མ་ལ་ཡ་རིན་པོ་ཆེ་རྣམ་པར་སྤྲུལ་པའི་རྩེ་མོར་རྡོ་རྗེ་དབྱིངས་ཀྱི་མཁའ་འགྲོ་མ་བདེ་བའི་རོ་ལྡན་མ་དང་། བདེ་བྱེད་སེར་མོ་ཡོན་ཏན་མཐའ་ཡས་པའི་མཁའ་འགྲོ་མ་གཉིས་ཀྱིས་ཞུས་ཏེ། རང་བཞིན་རྫོགས་པ་ཆེན་པོའི་རྒྱུད་འབུམ་ཕྲག་དྲུག་ཅུ་རྩ་བཞི་ལོ་གསུམ་དུ་གླེགས་བམ་དུ་བཀོད། དེ་ནས་སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱིས་རང་བཞིན་རྫོགས་པ་ཆེན་པོའི་ཆོས་རྣམས་སེམས་ཀློང་མན་ངག་གི་སྡེ་གསུམ་དུ་ཕྱེ་བ་ཡིན་ཏེ། ཨ་ཏི་བཀོད་པ་ཆེན་པོ་ལས། ཡིད་ཅན་རྣམས་ལ་སེམས་ཀྱི་སྡེ། །ནམ་མཁའ་ཅན་ལ་ཀློང་གི་སྡེ། །རིམ་རྩོལ་བྲལ་ལ་མན་ངག་གོ །ཞེས་གསུངས། མན་ངག་སྡེ་དེ་དག་གི་སྙིང་པོ་ཐིག་ལེ་མཆོག་གི་ཆོས་ཉིད་ལ་སྙན་རྒྱུད་དང་བཤད་རྒྱུད་གཉིས་སུ་ཕྱེ། ཐིག་ལེ་མཆོག་གི་ཞེས་པ་ནི་ལྷུན་གྲུབ་སྣང་བའི་འོད་གསལ་ལ་གཙོ་བོར་གསུངས་པའོ། །མན་ངག་སྡེ་ནི་སེམས་ཀློང་གཉིས་ལས་ཆེས་ཁྱད་པར་དུ་འཕགས་པ་ཡིན་ཏེ། ཨ་ཏི་བཀོད་པ་ཆེན་པོ་ལས། ཀྱཻ་རྡོ་རྗེ་འཛིན་པ། དེ་ལྟར་གཏན་ལ་མ་ཕབ་ན། །ཡིད་དཔྱོད་འཛིན་པ་རྣམས་དང་ནི། །ཁྱད་པར་ཅི་ཡང་མེད་པར་འགྱུར། །དེ་ཕྱིར་ངེས་གསང་སྙིང་པོ་འདི། །མུན་པ་ལས་ནི་མར་མེའམ། །བ་གླང་རྣམས་ལས་གླང་ཆེན་ནམ། །གཅན་ཟན་རྣམས་ལས་སེངྒེ་འམ། །རྐང་ཐང་རྣམས་ལས་རྟ་པ་བཞིན། །ཀུན་གྱི་ནང་ནས་ཁྱད་པར་འཕགས། །ཞེས་གསུངས། དེ་ནས་སློབ་དཔོན་ཤྲཱི་སེང་ཧས། བཤད་རྒྱུད་ལ། ཕྱི་སྐོར། ནང་སྐོར། གསང་སྐོར། ཡང་གསང་བླ་ན་མེད་པའི་སྐོར་དང་བཞིར་ཕྱེ་བ་ཡིན་ཏེ། སློབ་དཔོན་བི་མ་ལའི་སྒྲོན་མ་སྣང་བྱེད་ལས། ཕྱི་སྐོར་ལུས་དང་འདྲ་སྟེ་ཐ་སྙད་རྒྱ་ཆེར་བསྟན། །ནང་སྐོར་མིག་གིས་ཕྱི་མཐོང་ཡང་རང་མི་མཐོང་མིག་དང་འདྲ་སྟེ་མཐོང་བ་བརྡ་ཡི་ཆོས། །གསང་སྐོར་སྙིང་དང་སྙིང་གཅིག་པུས་དོན་བྱེད་མི་ནུས་ཏེ་སྔ་མ་ལས་བག་ཙམ་འཕགས་འདྲ་སྟེ་དྲན་བྱེད་གཟུངས་ཀྱི་ཆོས། །འདི་ནི་ལུས་ཀུན་རྫོགས་པའི་སྐྱེས་བུ་འདྲ། །རྫོགས་པའི་སྐྱེས་བུ་འདྲ་སྟེ་ལུས་ལ་ནད་མེད་དབང་པོ་སྐྱོན་མེད། ཞེས་གསུངས། དེ་ཡང་སེམས་ཀློང་མན་ངག་གི་དགོངས་པ་དང་ཁྱད་པར་ནི། ཐེག་མཆོག་མཛོད་ལས། དེ་ཡང་རང་སེམས་མ་ཡིན་པའི་ཆོས་ལོགས་ན་མེད་པས་སྣ་ཚོགས་སེམས་ཀྱི་སྡེའོ། །འདི་དག་ནི་སེམས་རང་བྱུང་གི་ཡེ་ཤེས་ལས་གཞན་ཏུ་གྱུར་པ་འགོག་པ་ལ་དགོངས་པ་ཙམ་མོ། །ཆོས་ཉིད་ཀུན་ཏུ་བཟང་མོའི་ཀློང་ལས། འགྲོ་ས་གཞན་མེད་པར་སྨྲ་བ་ཀློང་གི་སྡེའོ། །འདི་དག་ནི་བརྗོད་བྱ་ཆོས་ཉིད་ཀྱི་ཀློང་ལས་གཞན་འབྱུང་འགོག་པ་ལ་དགོངས་པ་ཙམ་མོ། །ཡིན་ལུགས་གནད་ཐོག་ཏུ་འབེབས་པ་མན་ངག་གི་སྡེའོ། །འདི་དག་ནི་གནད་མ་ཡིན་པ་གཞན་དུ་ཁ་འབྱམས་དོན་ལས་འགྱང་པ་འགོག་པ་ལ་དགོངས་པས་ཀུན་གྱི་རྩེ་མོར་ཕྱིན་པའོ། །ཞེས་དང་། སེམས་སྡེ་སེམས་ཡིན་ལ་ལ་ལས་ཡིད་དཔྱོད་དུ་འཛིན་ལ། ཀློང་སྡེ་ཆོས་ཉིད་དུ་འཛིན་པས་ཡིད་དཔྱོད་དུ་སོང་བ་ལས། མན་ངག་སྡེ་ནི་གནས་ལུགས་རང་གསལ་དུ་བྱེད་པས་འཕགས་སོ། །ཞེས་གསུངས། དཔལ་སྤྲུལ་རིན་པོ་ཆེས། ཡེ་ཤེས་བླ་མ་ལ་ཕྱག་མཆན་བཏབ་པ་དང་ཞལ་རྒྱུན་ལ། དང་པོ་སེམས་སྡེ་ལ་སྨིན་གྲོལ་རྒྱབ་བརྟེན་དང་བཅས་པ་རྒྱ་ཆེར་བཞུགས་པའི་གདམས་པའི་འགག་དོན་ཕྱོགས་མཚོན་ན། སྤྱིར་སྔ་འགྱུར་རྙིང་མའི་ཆོས་སྐད་ལ། མདོ་སྒྱུ་སེམས་གསུམ་ལས་ཡོངས་སུ་གྲགས་པ་ལྟར། མདོ་ཚོགས་ཆེན་འདུས་པ། རྒྱུད་སྒྱུ་འཕྲུལ་དྲྭ་བ། སེམས་ཕྱོགས་རྫོགས་པ་ཆེན་པོ་ཞེས་བཞག་པས་སེམས་ཕྱོགས་རྫོགས་ཆེན་ཡིན་ནས་བཟུང་གཙོ་བོ་སེམས་དང་སེམས་ཉིད་ཀྱི་ཟླས་དབྱེ་བའི་སེམས་ཉིད་རང་བྱུང་གི་ཡེ་ཤེས་རྩལ་དུ་བཏོན་ནས་སྟོན་པ་རྫོགས་ཆེན་གྱི་བབས་ཡིན་ཀྱང་མན་ངག་གི་ཟབ་ཁྱད་ཀྱིས་ནང་གསེས་སེམས་ཀློང་མན་ངག་གི་རིམ་པས་ཇེ་ཟབ་ཏུ་ཡོད་པས། སེམས་ཀློང་གཉིས་ཁ་འབྱམས་གཞི་བྲལ་གཉིས་ལ་གདིང་འཆའ་འོ་ཞེས་བློ་བྲལ་གྱི་ཡེ་ཤེས་རྗེན་ཅེར་དུ་སྟོན་མི་ནུས་ཤིང་ཕྱོགས་རེ་ཙམ་ནུས་ཀྱང་བསྐྱང་ལུགས་ཀྱི་ཁྱད་ཡོད་པས་སེམས་སྡེའི་ཀ་དག་ཁྲེགས་ཆོད་ཀྱི་དགོངས་པ་འདི་རིག་འཛིན་གོང་མ་རྣམས་ཀྱི་ཕྱག་ཆེན་སྣང་བ་བཞི་རིམ་དང་ངོ་བོ་ཕྱོགས་མཚུངས་སུ་གསུངས། མན་ངག་ལམ་གྱི་རིམ་པ་ནི་ཕྱག་ཆེན་ལས་ཟབ་པ་ཡིན། གཙོ་ཆེར་ཆོས་དབྱིངས་རིན་པོ་ཆེའི་མཛོད་དུ་སྡེ་གསུམ་རྫོགས་པ་ཆེན་པོ་ཀ་དག་ཁྲེགས་ཆོད་ཀྱི་གནས་ལུགས་གཅིག་ཏུ་བསྟན་པ་ལས་ཁྱད་མ་ཕྱེ་བས་དོན་གྱི་འགག་དོན་དེ་ལྟ་བུ་ཤེས་དགོས་སོ། །གྲུབ་མཐའ་འཛིན་ཚུལ་ལ་འོག་མ་འོག་མ་ལས་གོང་མ་གོང་མ་ཁྱད་པར་དུ་འཕགས་པའི་འཕགས་ཆོས་རེ་ཡོད་པས། དེའི་དབང་དུ་བྱས་ན་སེམས་སྡེའི་སྐབས་སེམས་ཉིད་རང་བྱུང་གི་ཡེ་ཤེས་སྟོན་པ་ཀུན་བྱེད་རྒྱལ་པོ་ཀ་དག་སྟོང་པ་ཆེན་པོ་དང་། འདི་ལྟར་འཁོར་འདས་བཟང་ངན་སྤང་བླང་དེ་དག་གི་སེམས་སེམས་བྱུང་གི་བྱུང་ཚོར་བཟང་ངན་ཐམས་ཅད་ཆོས་ཉིད་བྱང་ཆུབ་ཀྱི་སེམས་དེའི་རྩལ་ཡིན། རོལ་པ་ཡིན། འཆར་ཚུལ་ཡིན། ཆོ་འཕྲུལ་ཡིན། བྱང་ཆུབ་ཀྱི་སེམས་དེ་ལྟར་སྣང་བ་ལས་ལོགས་སུ་ཆོས་མེད་པས། ཀུན་བྱེད་རྒྱལ་པོ་ཀུན་བྱེད་གཅིག་མི་བྱེད། །ཀུན་བྱེད་བྱང་ཆུབ་སེམས་ལ་བྱ་རྒྱུ་མེད། །གསུངས་པ་ལྟར་ཡིན་ཏེ། འཁོར་བ་སྤང་དུ་མེད། མྱང་འདས་སྒྲུབ་དུ་མེད་འཁོར་འདས་ཀྱི་ཆོས་ཐམས་ཅད་ཆོས་ཉིད་བྱང་ཆུབ་སེམས་ཁོ་རང་གི་ངང་ཡིན་པས་རྩལ་གྱི་འཆར་ཚུལ་བཟང་ངན་སྣ་ཚོགས་གང་ཤར་གང་སྣང་གི་ཐོག་ཏུ་ཞོག་ལ་མཉམ་པར་བཞག་དགོས་གསུངས་པས་དོན་དུ་སྣང་བ་ལ་རིག་པས་རྒྱས་གདབ་པ་ཡིན་ནོ། །དེང་སང་ཁྲིད་ཡིག་ཕལ་ཆེར་གང་ཤར་གྱི་རིག་པའི་ངོ་བོ་བསྐྱང་དགོས་གསུངས་པ་ཡང་འདི་དང་གནད་གཅིག་ཏུ་སོང་བས་ཡང་གསང་བླ་མེད་ཀྱི་དགོངས་པར་མི་འགྲོ་བས་ཤན་ཕྱེ་དགོས། འདི་ལྟར་བསྐྱངས་ན་སྣང་བ་ལ་སྟོང་པས་རྒྱས་གདབ་པ་ཡིན་པས་གཉེན་པོར་ཤོར་བ་དང་། ཀུན་མཁྱེན་གྱིས། སྣང་བ་གང་སྣང་གང་ཤར་གྱི་ཐོག་ཏུ་བཞག་ནས་སྐྱོང་བ་འདི་ཡང་ན་ཞི་གནས་ལྟེང་པར་འགྲོ། ཡང་ན་རྒོད་པར་འགྲོ་གསུངས་པས་རིག་པ་བློ་བྲལ་གྱི་ཡེ་ཤེས་ཀྱི་རང་ཚུགས་མ་ཟིན་པའི་མཉམ་པར་བཞག་པ་ཡུལ་ལ་ལྟོས་དགོས་པས་མཉམ་བཞག་ལྟོས་འཇོག་ཅན་དང་། རྐྱེན་ཁར་ལུས་པ་དང་། སྣང་རྟོག་བཟང་ངན་ལ་སོགས་པ་གང་ཤར་ལ་ཆེད་ཏུ་བལྟས་པས་གཟུང་འཛིན་ཅན་དུ་འགྲོ་བས་ཡང་གསང་བླ་མེད་དང་བསྟུན་ན་ལམ་གྱི་གོལ་ས་མ་ཆོད་པའི་སྐྱོན་ཡོད་པ་ཡིན་ནོ། །
༈ གཉིས་པ་ཀློང་སྡེ་ལའང་སྨིན་གྲོལ་རྒྱབ་བརྟེན་དང་བཅས་པ་མང་དུ་ཡོད་ཅིང་ཀློང་དཀར་ནག་ཁྲ་གསུམ་གྱི་དབྱེ་བ་སོགས་ཤིན་ཏུ་རྒྱ་ཆེ་རུང་གནས་ལུགས་ཀྱི་བབས་དོན་ཕྱོགས་མཚོན་ཏེ། ཟབ་གསལ་ཞེས་གཉིས་སུ་བསྡུ་ན་ཟབ་པ་ནི་ཀློང་ཆེན་པོ་ཡུམ་ལྔའི་མཁའ་ཀློང་རྣམ་པར་དག་པ་རྒྱལ་བ་ཐམས་ཅད་བསྐྱེད་ཅིང་སྡུད་པ་ཆོས་ཀྱི་དབྱིངས་ཀྱི་ཀློང་ལས་བྱུང་བའི་ཆོས་སུ་མ་གཏོགས་པ་འཁོར་འདས་བཟང་ངན་གྱི་སྣང་བ་གང་ཡང་མེད་པས་འཁོར་འདས་ཀྱི་ཆོས་སུ་སྣང་བ་གང་ཇི་སྙེད་ཅིག་ཡོད་པ་རྣམས་ཀློང་ཆེན་ཀུན་ཏུ་བཟང་མོའི་ཆེ་བའི་རྒྱན་དང་། རོལ་བ་དང་། ཆོ་འཕྲུལ་ཡིན་ཞེས་འདོད། གསལ་བ་ནི་སེམས་ཉིད་རྩལ་སྣང་དང་བཅས་པ་ཆོས་ཉིད་ཀུན་ཏུ་བཟང་མོའི་ཀློང་ལས་འགྲོ་ས་མེད་པར་ཡེ་གྲོལ་རང་དག་ཏུ་འདོད་པའོ། །དེ་ལྟ་བུའི་གནས་ལུགས་དེའི་རྒྱུན་མཉམ་པར་བཞག་ཏེ་བསྐྱངས་པའི་ལམ་རྟགས་ཀྱི་ཡོན་ཏན་ལ། ཤེས་ཉམས་ལ་བདེ་བའི་ཉམས་དང་གསལ་དྭངས་ལ་གཞན་སེམས་ཤེས་པའི་མངོན་ཤེས་དང་། སྣང་བ་ཟང་ཐལ་དུ་མཐོང་བ་དང་། དག་པའི་ཞིང་ཁམས་མཐོང་བ་དང་། མི་རྟོག་པའི་ཉམས་རྟོག་པ་གཡོ་མི་ཤེས་པའི་ཉིན་མཚན་འདྲེས་པ་སོགས་དང་། གཙོ་བོ་རླུང་ཉམས་རྟགས་བཅུའི་སྟོང་གཟུགས་དུས་འཁོར་ལ་སོགས་པ་དང་མཐུན་པར་འཆར་བས་སྟོང་གཟུགས་ཀྱི་རྣམ་པ་ལྷ་སྐུ་ཐིག་ལེ་ཚོམ་བུ་ལ་སོགས་པ་གྲངས་མེད་འཆར་ཞིང་། དེའི་རྩལ་ལས་དད་པ་དང་སྙིང་རྗེ་སོགས་ཀློང་རྡོལ་དུ་འབྱུང་བས་འདི་ལྟ་བུའི་ཟབ་གསལ་གཉིས་མེད་ལ་ཀློང་སྡེ་རྡོ་རྗེའི་ཟམ་པ་ཞེས་རླུང་རྟགས་ལས་སྟོང་གཟུགས་ཀྱི་ལྷ་སྐུ་སོགས་འཆར་བས་མན་ངག་སྡེ་དང་མཚམས་སྦྱོར་བའི་ཟམ་པ་ལྟ་བུ་ཡིན་གསུངས། གངས་ཅན་ལྗོངས་ན་སྔོན་གྱི་ཟུར་གནུབ་ལ་སོགས་པའི་དུས་དང་། བཻ་རོའི་སློབ་མ་སྤང་རྒན་མི་ཕམ་མགོན་པོ་ནས་རིམ་བྱོན་ཕལ་ཆེར་གྲུབ་པ་རྣམས་ཀློང་སྡེའི་སྒོ་ནས་ལུས་རྡུལ་ཕྲན་དུ་དེ ངས། སེམས་ཆོས་ཉིད་དུ་དེངས་ནས་ཀ་དག་གི་ས་ལ་སངས་རྒྱས་པ་ཡིན་ནོ། །སེམས་སྡེའི་སྒོ་ནས་ལུས་རྡུལ་ཕྲན་དུ་དྭངས་རྒྱུ་ཡོད་མེད་མ་ངེས་གསུངས། གསུམ་པ་གསང་བ་མན་ངག་གི་སྡེ་ལ་སྐོར་བཞི་ལས། དེ་ཡང་ཕྱི་སྐོར་དུ་གཞི་གདོད་མའི་གནས་ཚུལ་རྒྱ་ཆེར་བཤད་པ་ལས། ལམ་ཉམས་སུ་ལེན་ཚུལ། བར་དོའི་འཆར་ཚུལ། མཐར་ཐུག་གི་འབྲས་བུ་གྲོལ་ཚུལ་མ་བཤད། དེ་ཡང་གཞི་གདོད་མའི་གནས་ཚུལ་ནི། སྤྱིར་སེམས་ཅན་ཀྱི་ཁམས་ལ་ཀུན་རྫོབ་རྒྱུའི་རྩ་རླུང་ཐིག་ལེའི་རང་བཞིན་ཅན་གྱི་རྟེན་རྡོ་རྗེའི་ལུས་ཀྱི་གྲུབ་ཚུལ་དང་། དེ་ལ་བརྟེན་པ་ཡེ་ཤེས་ཀྱི་རྩ་རླུང་གི་ཐིག་ལེ་གནས་ཚུལ་དང་། སྙིང་ག་ན་གཞིར་གནས་ཀྱི་ཡེ་ཤེས་ཡོད་ཚུལ་དཔེ་བྱས་ན་ས་འོག་ན་རིན་པོ་ཆེའི་གཏེར་ཡོད་ཅེས་པའི་ལོ་རྒྱུས་བཤད་པ་བཞིན་རྗེས་ནས་བར་དོ་ནས་འཆར་འོང་། དེ་དུས་ངོ་ཤེས་ན་གྲོལ་འགྲོ་བ་ཡིན་ཅེས་བསྟན་པ་ལ་འོད་གསལ་ལྷུན་གྲུབ་ཀྱི་ལམ་འདིར་དངོས་སུ་ཉམས་སུ་བླང་བའི་མན་ངག་གི་གནད་མེད་པའི་ཆོས་གཞི་ལ་ལུས་པར་གསུངས་པ་དེ་འོང་བ་ཡིན། ནང་སྐོར་དུ་ལམ་དཔེ་དོན་རྟགས་གསུམ་གྱིས་ངོ་སྤྲད་པ་ཙམ་བཤད་ཀྱང་། གཞིའི་གནས་ཚུལ་དང་། མཐར་ཐུག་གི་འབྲས་བུ་གྲོལ་ཚུལ་མ་བཤད། དེ་ཡང་གཞིར་གནས་ཡེ་ཤེས་རང་ལ་ཡོད་པ་དེ་ད་ལྟ་ལམ་དུས་ན་དཔེ་དོན་རྟགས་གསུམ་གྱིས་མཚོན་ནས་ངོ་སྤྲད་པ་ཙམ་ཡོད་དེ། དཔེ་དོན་རྟགས་གསུམ་ནི་དཔེ་རྡོ་རྗེ་སེམས་དཔའི་མེ་ལོང་ཞེས་ཤེལ་རྡོ་ལ་བརྟེན་ནས་ཀ་དག་དང་ལྷུན་གྲུབ་ཀྱི་གདངས་ཡོད་ཚུལ་ངོ་སྤྲོད་པ་དང་། རྟགས་སྒྲོན་མ་གཏེམ་པའི་སྣང་བ་མངོན་སུམ་དང་། དོན་དེ་ལྟ་བུའི་གནས་ལུགས་དེ་ཕྱིས་བར་དོའི་དུས་མངོན་སུམ་འཆར་བས་ངོ་ཤེས་ན་གྲོལ་ཞེས་པ་ལས་ཚེ་འདིར་དངོས་སུ་ཉམས་སུ་བླང་བ་ནི་མེད་གསུངས། གསང་སྐོར་དུ་ལམ་གྱི་བྱེ་བྲག་བསྒོམ་པ་ཙམ་བསྟན་ཀྱང་། གཞིའི་གནས་ཚུལ་དང་། མཐར་ཐུག་གི་གྲོལ་ཚུལ་རྣམས་མ་བཤད། ལམ་གྱི་བསྒོམ་ཚུལ་ནི་སྒྲོན་དྲུག་གི་རྣམ་བཞག་སོགས་བསྟན་ནས་ཚེ་འདིར་ཀ་དག་བདེ་བ་ཆེན་པོའི་ཡེ་ཤེས་ཀྱི་རང་གདངས་ལྷུན་གྲུབ་ཀྱི་སྣང་བ་དབྱིངས་ཐིག་ལེ་ལ་སོགས་པ་ལུས་ཀྱི་བྱེད་པ་གནད་དུ་བཅིངས་ནས་ཉམས་སུ་བླང་བ་ཡོད་ཅིང་། རྟགས་སྣང་བ་བཞིའི་ལམ་གྱི་ཚོད་འཛིན་དང་། གྲུབ་དོན་མཐར་ཐུག་འཕོ་ཆེན་གྱི་སྐུར་བཞེངས་པ་སོགས་མན་ངག་མང་པོ་གབ་པས་གནད་མཐར་ཐུག་མིན་ནོ། །ཡང་གསང་བླ་ན་མེད་པ་རྡོ་རྗེ་སྙིང་པོ་འདིར་ནི། གཞི་གདོད་མའི་གནས་ལུགས། ལམ་ལྟ་སྒོམ་སྤྱོད་གསུམ། འབྲས་བུ་མཐར་ཐུག་གི་གྲོལ་ཚུལ་དང་བཅས་པ་རྒྱས་པར་བསྟན་པ་ཡིན་པས། ཀུན་ལས་ཁྱད་པར་དུ་འཕགས་པ་ལུས་དབང་ཡོངས་སུ་རྫོགས་པའི་སྐྱེས་བུས་བྱ་བ་ཐམས་ཅད་སྒྲུབ་ནུས་པ་བཞིན། ལམ་ཕྱོགས་རེ་བ་དང་། མན་ངག་གི་གནད་ཕྲན་བུ་རེ་ཙམ་མ་ཡིན་པར་འདི་གཅིག་པུའི་ལམ་ལ་བརྩོན་ན་ལམ་རྐྱེན་གཞན་གྱིས་ཁ་གསབ་མི་དགོས་པར་དབང་རབ་ཚེ་འདིར་གྲོལ་བ། འབྲིང་བར་དོ། ཐ་མ་རང་བཞིན་སྤྲུལ་སྐུའི་ཞིང་དུ་དབུགས་འབྱིན་ནས་གྲོལ་བ་ཡིན་པས་ཁྱད་པར་དུ་འཕགས་གསུངས། འདིའི་གནད་གཏན་ལ་དབབ་པ་ལ། རྒྱུད་སྡེ་བསམ་གྱིས་མི་ཁྱབ་ཀྱང་གསང་ཆེན་ངེས་པའི་རྒྱུད་ཆེན་པོ་བཅུ་བདུན་དང་། སྔགས་སྲུང་ཁྲོས་མའི་རྒྱུད་དང་བཅོ་བརྒྱད། ཡང་མན་ངག་གི་དབང་དུ་བྱས་ན། མན་ངག་བརྒྱ་དང་བཅུ་དགུ་སྟེ། རྒྱུད་མན་ངག་དག་གི་དགོངས་དོན་ལེགས་པར་བཀྲལ་ནས་འཆད་པའི་ཤིང་རྟའི་སྲོལ་འབྱེད་གངས་ཅན་གྱི་ལྗོངས་ན་ཡོངས་སུ་གྲགས་པ་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་པདྨ་དང་བི་མ་ལ་མི་ཏྲ་གཉིས་ཡིན། དེ་ཡང་པདྨའི་བཀའ་སྲོལ་མཁའ་འགྲོ་སྙིང་ཐིག་གིས་གཙོ་བོར་བཏགས་གྲོལ་འདས་རྗེས་ལ་སོགས་པའི་དགོངས་པ་གཙོ་བོར་བཏོན་ནས་གསུངས་པ་དང་། བི་མ་ལས་གདམས་པའི་གནད་རྣམས་གཅིག་ཏུ་བསྡུས་པ་གསང་བ་སྙིང་ཐིག་གི་སྙིང་དང་འདྲ་བ་ཞེས་ཟབ་པ་པོད་བཞི་ཞེས། དང་པོ་གསེར་ཡིག་ཅན། གཉིས་པ་ཟངས་ཡིག་ཅན། གསུམ་པ་དུང་ཡིག་ཅན། བཞི་པ་གཡུ་ཡིག་ཅན་དང་བཞིའོ། །ཕྲ་ཡིག་ཅན་ཟངས་ཡིག་ཅན་གྱི་ཁོངས་སུ་གཏོགས་པ་ཡིན་ཞེས་སོགས་གསུངས། ༼༈༽ ཡིད་བཞིན་མཛོད་ཀྱི་ལེའུ་བཅུ་གཉིས་པའི་འགྲེལ་བ་ལས། མུ་སྟེགས་པའི་གྲུབ་མཐའ་བཤད་པའི་སྐབས་སུ། སྒོམ་བསམ་གཏན་ལ་དད་པ་བདུན་ནི། ཕུར་བུ་པས་ཀུན་རྫོབ་ཀྱང་མེད་པར་བསྒོམ་པ་དང་། གྲངས་ཅན་པས་རྣམ་འགྱུར་ཆད་པའི་སྟོང་པ་བསྒོམ་པ་དང་། ཉི་མ་པས་སྣང་བ་སྤང་བའི་སྟོང་པ་བསྒོམ་པ་དང་། ཛ་ཡ་དྷ་ར་བས་ཚོགས་དྲུག་ཡུལ་དང་བཅས་པ་རྐྱེན་དུ་བལྟས་ཏེ་མི་རྟོག་པ་རྩེ་གཅིག་ཏུ་བསྒོམ་པ་དང་། བྱེ་བྲག་པས་དྲན་པ་སྐྱོན་དུ་བལྟས་ནས་དྲན་མེད་གཅིག་ཏུ་བསྒོམ་པ་དང་། ཞི་བ་བས་ཐམས་ཅད་སེམས་སུ་བརྟགས་ནས་སེམས་ཉིད་མ་ཡེངས་པར་བསྒོམ་པ་དང་། རིག་བྱེད་པས་བདེ་སྡུག་དང་རྟོག་མི་རྟོག་གང་ཡང་སྤངས་ནས་ནམ་མཁའ་ལྟར་བསྒོམ་པའོ། །ཞེས་གསུངས་སོ། །༼༈༽ ཀུན་གཞི་དང་ཆོས་སྐུའི་ཁྱད་པར་ནི། ཀུན་གཞི་ལ་དབྱེ་ན། ཡེ་དོན་གྱི་ཀུན་གཞི། སྦྱོར་བ་དོན་གྱི་ཀུན་གཞི། བག་ཆགས་སྣ་ཚོགས་པའི་ཀུན་གཞི། བག་ཆགས་ལུས་ཀྱི་ཀུན་གཞི་དང་བཞིར་གསུངས་ཀྱང་མདོར་ན། མི་ཕམ་རིན་པོ་ཆེའི་དོན་གྱི་ཀུན་གཞི་བདེ་གཤེགས་སྙིང་པོ་ཟག་མེད་ཀྱི་ཆོས་ཀུན་གྱི་གཞི་ཡིན་ལ། འཁོར་བའི་ཀུན་གཞི་ཟག་བཅས་ཀྱི་ཆོས་ཀུན་གྱི་གཞི་ཡིན་པས་ཀུན་གཞིར་གསུངས། དེ་ལྟ་བུའི་བག་ཆགས་སྣ་ཚོགས་པའི་འཁོར་བའི་ཀུན་གཞི་དེའི་ངོ་བོ་གང་ཡིན་སྙམ་ན་རྣམ་པར་ཤེས་པ་ཇི་སྙེད་ཅིག་འཕྲོ་བའི་གཞིར་གྱུར་པ། ཤེས་པ་ཕྱོགས་སུ་མ་ལྷུང་བ། སྣོད་བཅུད་རྒྱ་ཆེན་པོ་ལ་དམིགས་པ། ཡུལ་གྱི་སྤུ་རིས་མི་འབྱེད་པ། རང་གི་ངོ་བོ་ལ་རྣམ་རྟོག་རགས་པའི་རླབས་ཞི་བ་རྒྱ་མཚོ་ལྟ་བུའི་ངང་དུ་རྩེ་གཅིག་ཏུ་གནས་པའི་གཟུགས་མེད་ཀྱི་ཏིང་ངེ་འཛིན་གྱི་སས་བསྡུས་པ་དང་། རང་གི་ངོ་བོ་ཤེས་པ་གསལ་ཞིང་རྟོག་པ་མེད་པ་གཟུགས་ཁམས་ཀྱི་སས་བསྡུས་པ་དེ་ནི་ཤེས་པ་སྔ་མ་རྣམས་ཀྱི་བག་ཆགས་འཛིན་ཞིང་ཕྱི་མའི་རྟེན་དུ་གྱུར་པ་སྟེ། ཡང་ཏིག་ནམ་མཁའ་ཀློང་ཡངས་ལས། གང་དུ་མི་རྟོག་རྩེ་གཅིག་ལུང་མ་བསྟན། །གསལ་ཞིང་རིག་ཙམ་རྟོག་པ་མེད་པ་དང་། །ཞེས་སོགས་གསུངས་པ་དང་། མཁའ་འགྲོ་ཡང་ཏིག་ལས། དེ་ཡང་ཕྱོགས་རེས་དཔེར་མཚོན་ན། སྐྱེས་བུ་གཅིག་ངལ་གསོ་བ་ལྟ་བུའི་ཚེ་ཤེས་པ་དར་ཅིག་གང་དུ་མི་རྟོག་པར་ལུང་མ་བསྟན་དུ་གནས་པ་ཀུན་གཞི། དེ་ལས་དར་ཅིག་སྣང་ཡུལ་མ་འགགས་པར་ལམ་མེ་གསལ་ཡང་དེར་འཛིན་མ་ཞུགས་པས་གསལ་ལ་རྟོག་མེད་ཀྱི་རྣམ་པ་དེ་ཀུན་གཞིའི་རྣམ་པར་ཤེས་པར་གསུངས། དེ་ལྟ་བུའི་ཀུན་གཞི་ལས་འདས་པའི་རིག་སྟོང་དབྱེར་མེད་ཀྱི་ཆོས་སྐུ་དེ་ཉིད་ངོ་འཕྲོད་ནས་དེའི་ངང་ལ་གནས་པའི་ཚེ་གཉུག་སེམས་ལས། དབྱིངས་རིག་དབྱེར་མེད་སོ་སོ་རང་གིས་རིག་པའི་གནས་ལུགས་དེའི་ངང་ནས། བག་ཆགས་སྣ་ཚོགས་འཛིན་པའི་འཕོ་འགྱུར་ཅན་གྱི་སེམས་མེད་པས་ཀུན་གཞིའི་རྣམ་ཤེས་ཇི་ལྟར་ཡིན། ཕྱི་ཚོགས་དྲུག་གི་ཡུལ་དང་། ནང་བདག་ཏུ་འཛིན་པའི་བློ་དང་། དེའི་ཡུལ་དུ་གྱུར་བའི་མཚན་མ་ཅུང་ཟད་ཀྱང་མེད་པས་སྒོ་ལྔའི་རྣམ་ཤེས་དང་ཡིད་དང་ཉོན་ཡིད་ཇི་ལྟར་ཡོད་དེ། སྤྲོས་བྲལ་དོན་གསལ་ཆེན་པོའི་རྒྱུད་ལས། འཕེལ་འགྲིབ་མེད་པས་ཀུན་གཞིའི་རྣམ་ཤེས་ལས་གྲོལ། གཟུང་འཛིན་མེད་པས་ཡིད་ཀྱི་རྣམ་ཤེས་ལས་གྲོལ། སྐྱེ་འགག་མེད་པས་སྒོ་ལྔའི་རྣམ་ཤེས་ལས་གྲོལ་ཞིང་ལོག་པའོ། །ཞེས་དང་། གྲུབ་མཐའ་རིན་པོ་ཆེའི་མཛོད་ལས། རྟེན་ཀུན་གཞིའི་རྣམ་པར་ཤེས་པའི་སེམས་དང་། ཉོན་ཡིད། ཡིད་ཤེས་དང་། སྒོ་ལྔའི་རྣམ་ཤེས་རྣམས་མེད་པའི་ཏིང་ངེ་འཛིན་ལས། མངོན་སུམ་ལ་ལྟ་བས་ན་ནང་ཀུན་རྟོག་འཕྲོ་འདུ་མེད་པས་འདོད་པའི་སེམས་ལོག གསལ་བའི་ངང་ལ་གསལ་བར་འཇོག་བྱེད་ཀྱི་གཉེན་པོ་མེད་པས་གཟུགས་ཀྱི་སེམས་ལོག ། རྟོག་མེད་རྩེ་གཅིག་ལ་ཆོས་ཉིད་ཀྱི་ངང་དུ་ཞེན་པའི་བློ་མེད་པས་གཟུགས་མེད་ཀྱི་སེམས་ལོག་པས་གསུམ་པའི་སེམས་ཉེ་བར་ཞི་བའོ། །ཞེས་གསུངས། ༼༈༽ ཤིན་ཏུ་གལ་ཆེ་བ་ཡང་གསང་བླ་མེད་ཀྱི་སྐབས་སུ་རང་བཞིན་རྫོགས་པ་ཆེན་པོའི་སྙིང་ཐིག་གི་ལྟ་བ་དངོས་དང་གཞི་གཉིས་ཀ་ཡིན་ཚུལ་ཡང་ཡང་གསུངས་པ་འདི་ཉིད། དཔལ་སྤྲུལ་རིན་པོ་ཆེས། ཡེ་ཤེས་བླ་མའི་དངོས་གཞིའི་སྒྲ་བཤད། ཐེག་མཆོག་མཛོད་ལས་གསུངས་པ་ལྟར་ཡིན་ཚུལ་ཡེ་ཤེས་བླ་མ་ལ་ཕྱག་མཆན་བཏབ་ནས་བླ་མ་ལུང་རྟོགས་ལ་གནང་བ་དང་། ཞབས་དྲུང་རིན་པོ་ཆེ་སོགས་ཀྱིས་ཀྱང་། དངོས་ནི་ལྷུན་གྲུབ་ཐོད་རྒལ་གྱི་ཞིང་སྐུ་ཕོ་བྲང་གསུམ་ཡིན་ཚུལ་སྐྱབས་རྗེ་རིན་པོ་ཆེ་ལ་གསུངས་པ་ཆོས་ཉིད་མངོན་སུམ་གྱི་དུས་ན་དབྱིངས་ཐིག་རིག་གསུམ་དང་། ཉམས་གོང་འཕེལ་གྱི་མཇུག་རྫོགས་པ་དང་ཚད་ཕེབས་ཀྱི་མགོ་ཟིན་ཚེ་དབྱིངས་ཐིག་རིག་གསུམ་ཞིང་སྐུ་ཕོ་བྲང་གསུམ་གྱི་རང་བཞིན་དུ་འཆར་ཚུལ་གསུངས། ཐེག་མཆོག་མཛོད་ཀྱི་རིམ་ཁང་བཅོ་བརྒྱད་པ་ལས་གསུངས་པ་ལྟར་མི་ཤེས་པར། གནས་འདི་ལ་མགོ་རྨོངས་པའི་གླེན་སྒོམ་དང་རྟོག་གེ་རྣམས་ཁྲེགས་ཆོད་རྐྱང་བ་ལ་སྦྱར་ནས། བཤད་ཁུལ་བྱས་པ་འདི་ནི་བཞད་གད་ཀྱི་གནས་སོ། །དེ་ཡང་ཐེག་མཆོག་མཛོད་ལས། དངོས་གཞིའི་སྒྲ་བཤད་ལ། ཚིག་གི་མཐའ་བཅད་པ་དང་། དོན་གྱི་ཐོག་ཏུ་དབབ་པ་གཉིས་ལས། དང་པོ་དངོས་གཞི་ཞེས་པ་ལ་མུ་བཞི་གསུངས་པ་ལས་གཞི་ཡིན་ལ་དངོས་མ་ཡིན་པ་སོགས་གོང་ལྟར་རོ། །རྡོ་གྲུབ་རིན་པོ་ཆེས་གཞི་ཞེས་པ་གཞི་ལམ་འབྲས་བུ་གསུམ་གྱི་ཟླས་དྲངས་པའི་གཞི་དང་། དངོས་ཞེས་པ་མངོན་སུམ་དུ་རྟོགས་པ། གླིང་སྤྲུལ་གྱིས། དངོས་ཞེས་པ་རྟོགས་བྱའི་དོན་དངོས་དང་། གཞི་ཞེས་པ་རྟེན་ནམ་རྒྱུའམ་ཐབས་ཞེས་པའི་དོན་དུ་གསུངས། མཁན་པོ་ང ག་ཆུང་གིས། གཞི་ཞེས་པ་རྗོད་བྱེད་དང་། དངོས་བརྗོད་བྱ་ལ་གསུངས། ༼༈༽ རང་ལུགས་ངོ་སྤྲོད་སྤྲས་པ་ལས། སྣང་བ་སེམས་སུ་ངོ་སྤྲད་པ། སེམས་ཉིད་སྟོང་པར་ངོ་སྤྲད་པ། སྟོང་པ་རིག་པར་ངོ་སྤྲད་པ་གསུམ་གསུངས་པ་ལ། དགོངས་གཞི་ནི་ཕྱི་ཡུལ་ལ་དོན་གཞན་དུ་བདེན་པར་འཛིན་པ་རྣམས་དྲང་བའི་ཕྱིར་དང་། དགོས་ཆེད་ནི། ཕྱི་རོལ་དོན་དུ་གྲུབ་པར་འཛིན་པའི་བདེན་ཞེན་སྤང་བ་ཙམ་དང་། དངོས་ལ་གནོད་བྱེད་ནི ། སྣང་བ་སེམས་ཡིན་ན་སེམས་ལ་དབྱིབས་དང་ཁ་དོག་སོགས་ཡོད་དགོས་པར་ཐལ་བ་དང་། སེམས་འགགས་དུས་སྣང་བ་དུས་དེར་འགགས་པར་ཐལ་བ་ལས། སེམས་མེད་པའི་སྐབས་སུའང་སྣང་བ་ཡོད་འདུག་པས་ཀྱང་གནོད་པ་ལ་སོགས་མང་ཞིང་དེ་གསུམ་སྒྲ་ཇི་བཞིན་པ་ཡིན་ན་ཕན་ཚུན་འཆོལ་བས། རིག་པ་འཁྲུལ་བར་ཐལ་བ་དང་སྣང་བ་མིག་ལ་སོགས་པས་མི་མཐོང་བར་ཐལ་བ་དང་། སེམས་མ་འཁྲུལ་བར་ཐལ་སྟེ། དེ་གསུམ་ངོ་བོ་རྫས་གཅིག་ཡིན་པའི་ཕྱིར་རོ། །གསུངས། དེ་རྣམས་ནི་འོག་མ་ཁ་དྲང་བ་ཙམ་ལས་སྙིང་ཐིག་གི་དགོངས་པའི་ཕྱོགས་སུ་མི་ཉེ་བའི་ཚུལ་ནི་རྒྱུད་རང་ཤར་ལས། སྣང་བ་སེམས་ཀྱི་རྣལ་འབྱོར་ནི། །ཐམས་ཅད་ང་ཡི་སེམས་ལས་བྱུང་། །སེམས་ཉིད་རྟོགས་ན་ཇི་བྱར་ཡོད། །དེ་ཀུན་ཀུན་ཏུ་རྗོད་བྱེད་པ། །ང་ཡིས་གྲོལ་བར་མ་བཤད་དོ། །ཞེས་གསུངས་པ་ལྟར་ཤེས་དགོས་པ་ནི་ཤིན་ཏུ་གལ་ཆེ་བ་ཡིན་ནོ། །དེ་ལྟར་སྣང་སེམས་གཉིས་ཀ་གཅིག་ཏུ་འདོད་ན་སྐྱོན་མཐའ་ཡས་པ་ཡོད་པ་རྣམས། ཀུན་མཁྱེན་ཆེན་པོས་སྣང་བ་སེམས་སུ་འདོད་པ་ནི་ལོག་རྟོག་མུན་པ་ཆེན་པོ་ཡིན་པས་བསལ་དགོས་ཞེས་སྤྱིར་ཐེག་མཆོག་རིན་པོ་ཆེའི་མཛོད་སོགས་དང་། བྱེ་བྲག་ཡིད་བཞིན་རིན་པོ་ཆེའི་མཛོད་འགྲེལ་པདྨ་དཀར་པོ་ལས་རྒྱས་པར་བཀག་ཡོད་པ་ལ་གཟིགས་ཤིག མི་ཕམ་རིན་པོ་ཆེའི་དབུ་མ་རྒྱན་འགྲེལ་དང་དེའི་དོགས་སེལ་གྱི་སྐབས་སུ་ཡང་ཐ་སྙད་དུ་སེམས་ལས་གཞན་པའི་ཕྱི་དོན་མེད་ན། ལུས་སེམས་གཉིས་ཀ་རྫས་གཅིག་ཏུ་འདོད་པ་མུ་སྟེགས་རྒྱང་འཕེན་པའི་གྲུབ་མཐའ་ཡིན་ཚུལ་དང་། གནས་སྣང་སོགས་མི་ཕྱེད་པར་རི་ལ་སོགས་པ་སེམས་ཡིན་ཞེས་ཟེར་བ་ལ་ལུང་དང་རིགས་པས་ཚར་བཅད་པ་དང་། བཀའ་དྲིན་ཅན་ཀྱིས་ཀྱང་ཡེ་ཤེས་བླ་མ་གསུངས་པའི་སྐབས་གོང་དུ་བཤད་པའི་ལུང་གོང་འོག་གཉིས་ཀའི་བརྗོད་བྱའི་དོན་འདི་ལྟར་དུ་གསུངས་པ་ཡིན་ནོ། །གཞན་ཡང་སྣང་སེམས་མ་བུ་འཕྲད་ཚུལ་གསུངས་པ་དང་། དཔེ་དོན་གྱི་འོད་གསལ་བཤད་པའི་སྐབས། སྣང་བ་དང་སྣང་ཡུལ་ཕྱེ་ཚུལ་སོགས་རང་རང་གི་དགོངས་དོན་ཇི་ལྟ་བ་བཞིན་ཤེས་དགོས་པས་ཕན་ཚུན་བསྲེ་བསླད་མི་ཕྱེད་པར་གལ་ཆེ། ༼༈༽ བྱེ་མདོ་གཉིས་ལ་ཕྱི་རོལ་གྱི་དོན་ཡོད་པར་སྨྲ་བ་ཟེར། སེམས་ཙམ་པའམ་རྣམ་པར་ཤེས་པ་ཙམ་དུ་སྨྲ་བ་དེའི་མིང་རྣལ་འབྱོར་པའང་ཟེར་སེམས་ཙམ་པ་ལ་དཀར་དམར་སྣ་ཚོགས་སུ་སྣང་བ་ཤེས་པ་དང་བཅས་པ་འདི་ཐམས་ཅད་རང་གི་སེམས་ཀྱི་རྣམ་པར་འདོད་པ་རྣམ་བདེན་པ་དང་། ཤེས་པའི་རྣམ་པར་རྫུན་པ་གཉིས་ལས། དང་པོ་ནི་དོན་དུ་སྣང་བ་རང་གི་ཤེས་པའི་རྣམ་པ་ཕྱིར་ཤར་བ་ཙམ་སྟེ། རྫིང་འགྲམ་གྱི་ནོར་བུ་ཤིང་གི་ཡལ་ག་ལ་བཏགས་པས་ནོར་བུ་ཀེ་ཀེ་རུའི་གཟུགས་བརྙན་ཆུ་ནང་དུ་ཤར་བ་ན་ནོར་བུའི་རྣམ་པ་ཕྱི་རོལ་དུ་ཤར་བ་བཞིན་ནོ། །ཞེས་འདོད་དོ། །རྣམ་བདེན་པ་ལ་སྒོང་ང་ཕྱེད་ཚལ་བ། གཟུང་འཛིན་གྲངས་མཉམ་པ། སྣ་ཚོགས་གཉིས་མེད་པ་གསུམ། གཉིས་པ་རྣམ་རྫུན་པ་ནི་ཕྱི་དོན་གྱི་རྣམ་པ་ཡིན་གྱི་ཤེས་པར་བདེན་པ་མ་ཡིན་ལ། དེ་འཇལ་བྱེད་ཀྱི་ཤེས་པ་ཡང་རྫུན་པས་གཞལ་བྱའི་མྱོང་བ་བདེན་པ་བས་གཞལ་བ་ནི་མེད་དེ། ཡུལ་ཤེས་གཉིས་ཀ་ཡང་འཁྲུལ་སྣང་རྫུན་པའི་རང་བཞིན་ཅན་དུ་འདོད་དོ། །འདི་ལ་དྲི་བཅས་པ་དང་དྲི་མེད་པ་གཉིས་ལས། དང་པོ་ནི། ད་ལྟའི་རྣམ་པ་སྣ་ཚོགས་སུ་སྣང་བ་དང་དེ་འཇལ་བའི་ཤེས་པ་གཉིས་ཀ་བློའི་དྲི་མ་ཉིད་སྣང་ཙམ་ལས། དོན་དམ་པར་གཉིས་སུ་མེད་པའི་ཡེ་ཤེས་ཁམས་ཀྱི་ཡོན་ཏན་བཅས་པ་ཙམ་ཞིག་ཡོད་ཀྱི། རྣམ་ཤེས་སུ་གྲུབ་པ་ཅི་ཡང་མེད་དོ། །སངས་རྒྱས་ཀྱི་ཆོས་སྐུ་ལྷག་མ་མེད་པ་ནི། གཉིས་སུ་མེད་པའི་ཡེ་ཤེས་ཉིད་དེ། དྲི་མ་མེད་པའི་དེ་བཞིན་ཉིད་ཡིན་ལ་ལྷག་བཅས་ཀྱི་གནས་སྐབས་ན་བག་ལ་ཉལ་གྱི་དྲི་མ་ཅུང་ཟད་ཡོད་པས་འཁྲུལ་བར་སྣང་བ་གཟིགས་པ་དང་། རོ་རྒྱབ་སྙུང་བ་ལ་སོགས་པ་ཡོད་དོ། །ཞེས་པ་དང་། ད་ལྟའི་སེམས་ལ་ཉོན་མོངས་པ་དང་ཡེ་ཤེས་འདྲེས་པར་གནས་པའི་དྲི་མ་ཉོན་མོངས་པའི་ཆ་རྫུན་པ་བསལ་བས། ལྷག་མ་མེད་པའི་ཡེ་ཤེས་དག་པ་མངོན་དུ་བྱེད་པའོ། །ཞེས་འདོད་དོ། །ཐེག་མཆོག་མཛོད་ལྟར་ལགས། ༈ སེམས་ཙམ་པས་ཕྱི་དོན་དུ་མེད་པར་རང་སེམས་དུ་འདོད་པ་དང་དེའང་རྣམ་བདེན་པ་ལྟར་ན་རྣམ་པ་ཇི་ལྟར་སྣང་བ་བཞིན་ཏུ་སེམས་སུ་བདེན་པར་འདོད། རྣམ་རྫུན་པ་ལྟར་ན་རྣམ་པ་དེ་དང་སེམས་འཁྲུལ་བའི་རྫུན་སྣང་དུ་འདོད། སེམས་ཙམ་པས་གང་ཟག་གི་བདག་མེད་པར་མ་ཟད། ཆོས་བདག་གཟུང་འཛིན་གཉིས་ཀས་སྟོང་ཡང་གཉིས་མེད་ཀྱི་ཤེས་པ་མི་སྟོང་བས་གཞན་སྟོང་དུ་འདོད། དབུ་མ་པས་ཆོས་ཐམས་ཅད་རང་སྟོང་དུ་འདོད། ༼༈༽ སེམས་ཉིད་ངལ་གསོའི་འགྲེལ་བ་ཤིང་རྟ་ཆེན་མོ་ལས། དེའང་ཡིད་ཀྱིས་སྐད་ཅིག་དང་པོར་རིག་ཀྱང་དཔྱོད་པས་རྗེས་མ་མཐུད་ན་ལས་མི་སོག་པར་རྣལ་འབྱོར་གྱི་དབང་ཕྱུག་ཐམས་ཅད་འདོད་དེ། ཇི་སྐད་དུ། ཏོག་ཙེ་པའི་དོ་ཧ་ལས། ཚོགས་དྲུག་ཡུལ་གྱི་རྣམ་པར་ཤེས། །འཛིན་པས་མ་བསླད་དེ་ཁོ་ན། །ལས་མེད་རྣམ་པར་སྨིན་པ་མེད། །མཁའ་བཞིན་དྲི་མ་མེད་པར་མཐོང་། །ཞེས་དང་། རྫོགས་ཆེན་ལས། སྒོ་ལྔའི་རྣམ་ཤེས་གསལ་བ་ལ། །ཡིད་ཀྱིས་ཞེན་རྟོག་མ་ཞུགས་ན། །རྒྱལ་བའི་དགོངས་པ་དེ་ཀ་རང་། །ཞེས་དང་། སྒྲ་ཐལ་འགྱུར་རྩ་བའི་རྒྱུད་ལས། མ་གོལ་བ་ཡི་བསྒོམ་པ་ནི། །དབང་པོའི་སྒོ་རྣམས་གསལ་བའོ། །ཞེས་དང་། དཔལ་ས་ར་ཧས། བསམ་དང་བསམ་བྱ་རབ་ཏུ་སྤངས་ནས་སུ། །བསམ་མེད་བུ་ཆུང་ཚུལ་དུ་གནས་བྱ་ཞིང་། །ཞེས་དང་གྲུབ་ཆེན་ཤ་བ་རི་པས། རླུང་ནི་མི་བཟུང་ཡིད་ནི་མི་བཅིང་བར། །མ་བཅོས་ཤེས་པ་བུ་ཆུང་ལྟ་བུར་ཞོག ། ཅེས་བུ་ཆུང་གི་རྒྱུད་ལ་སྒྲ་དོན་འདྲེས་རུང་ཡོད་དུ་ཆུག་ཀྱང་འདྲེས་འཛིན་མེད་ལ། སྐྱེས་མ་ཐག་པ་རྟོག་དཔྱོད་ཞུགས་མི་ཤེས་པ་ལ་དཔེར་བྱས་སོ། །རྣམ་ཤེས་དེ་དག་གིས་ལས་སོག་ཚུལ་ནི། ཀུན་མཁྱེན་ཆེན་པོས། དེ་ཡང་ཆགས་སྡང་རགས་པས་དགེ་སྡིག་གི། །འདོད་པར་འདུ་བྱེད་བག་ཆགས་ཀུན་གཞིར་བརྟེན། མི་རྟོག་གསལ་སྣང་གཟུགས་སུ་འདུ་བྱེད་ལ། །མི་རྟོག་རྩེ་གཅིག་གཟུགས་མེད་བག་ཆགས་བརྟེན། །འཁོར་བའི་རང་བཞིན་གློ་བུར་སྒྲིབ་པ་གཉིས། །དུས་རྣམ་ཀུན་ཏུ་ཉེ་བར་བརྟེན་པ་མིན། །ཞེས་སེམས་ཉིད་ངལ་གསོ་ལས་གསུངས་པ་དང་། གང་དུ་མི་རྟོག་རྩེ་གཅིག་ལུང་མ་བསྟན། །གསལ་ཞིང་རིག་ཙམ་རྟོག་པ་མེད་པ་དང་། །གཡོ་བའི་ཀུན་རྟོག་སྣ་ཚོགས་རྣམ་པ་གསུམ། །གཟུགས་མེད་གཟུགས་དང་འདོད་པའི་སེམས་ཉིད་དེ། །ཏིང་འཛིན་དེ་ལས་ཁམས་གསུམ་ཉེ་བར་སྐྱེ། །འཁོར་བ་ཉིད་ལས་གྲོལ་བའི་སྐབས་མེད་དོ། །ཞེས་ཁྲེགས་ཆོད་ཀྱི་ཡང་ཡིག་ནམ་མཁའ་ཀློང་ཡངས་ལས་གསུངས་པ་དང་། བདེ་གསལ་མི་རྟོག་སྲིད་གསུམ་སོ་སོའི་སེམས། །འདོད་གཟུགས་གཟུགས་མེད་སྲིད་པར་འཁོར་བ་ལས། །གྲོལ་བའི་སྐབས་མེད་མུ་སྟེགས་རྣམས་ལའང་ཡོད། །ཅེས་ཁྱུང་ཆེན་གཤོག་རྫོགས་ལས་གསུངས་སོ། །༼༈༽ ཐེག་མཆོག་རིན་པོ་ཆེའི་མཛོད་ལས། རིག་པ་རང་སྣང་གི་ལམ་བཟང་རྡོ་རྗེ་སྙིང་པོའི་གསང་བ་ཆེན་པོ་ནི། ཐུན་མོང་གི་ཐེག་པ་ལས་གནད་བདུན་གྱིས་འཕགས་ཏེ། ལམ་གཞན་རྣམས་ཤེས་རབ་ཆེ་བས་མྱུར་དུ་རྟོགས་ཤིང་གྲོལ། ཆུང་བས་མི་གྲོལ་བ་ལས། འདི་ནི་མཐོང་བ་དབང་པོའི་གནད་ཀྱིས་བརྩོན་འགྲུས་ཆེ་ཆུང་ཙམ་ལས་དབང་པོ་ལ་རྣོ་རྟུལ་མེད་པའི་གནད། གཞན་རྣམས་རང་རང་གི་ཆོས་ཉིད་ཡིད་དཔྱོད་ལ་གདེངས་སུ་འཆའ་བ་སྟོང་སྒོམ་མུན་འཕེན་ལས། འདི་ནི་བློའི་ཡིད་དཔྱོད་ལ་མི་ལྟོས་པར་མངོན་སུམ་བལྟར་ཡོད་པས་ཡིད་དཔྱོད་ལ་མི་ལྟོས་པའི་གནད་དང་། གཞན་རྣམས་རྗོད་བྱེད་ཚིག་གི་རིམ་པ་ལ་ལྟོས་འཆའ་བ་དོན་གདོད་ནས་རྟོགས་སུ་རེ་བ་ལས། འདི་ནི་ཚིག་ལ་འབྲུ་གཅིག་མ་ལྟོས་པར་དོན་མངོན་སུམ་དུ་མཐོང་བས་ཚིག་གིས་སངས་མི་རྒྱ་བའི་གནད་དང་། གཞན་རྣམས་རང་རང་གི་གནས་ལུགས་ཀྱི་དོན་བློའི་ཡུལ་དུ་བྱས་པའི་གཞི་ལམ་འབྲས་བུའི་རྣམ་དཔྱོད་དུས་ལ་ལྟོས་པ་ལས། འདི་ནི་རང་གསལ་མངོན་དུ་གྱུར་བས་བློས་བྱས་རྟོག་པའི་གཞི་ལམ་ལ་མི་ལྟོས་པར་བྱང་ཆུབ་རང་ལས་འཆར་བས་འབད་རྩོལ་དང་བླང་དོར་མེད་པའི་གནད་དང་། གཞན་རྣམས་རྩ་རླུང་དང་ཐིག་ལེ་ལ་སོགས་པ་ན་སོ་གཞོན་དུས་དར་བས་བྱང་ཆུབ་འགྲུབ་ལ། རྒན་དུས་འབྱུང་བའི་སྟོབས་ཟད་དུས་མི་གྲོལ་བར་འདོད་པ་ལས། འདི་ནི་རང་བྱུང་འོད་གསལ་གྱི་ཉི་ཟླ་ཁོང་ནས་འཆར་བས་བརྩོན་འགྲུས་དང་ལྡན་ན་ན་སོ་ལ་རྒན་གཞོན་མེད་པར་གྲོལ་བའི་གནད་དང་། གཞན་རྣམས་མཐར་ཐུག་གི་འབྲས་བུ་སྐུ་གསུམ་དུ་འདོད་པ་ལ་ལྟོས་འཆའ་བ་ལས། འདི་ནི་སྐུ་གསུམ་ལམ་སྣང་དུ་འཆར་བས་མཐར་ཐུག་འོད་གསལ་ཀ་དག་གི་ཀློང་དུ་ལྷུན་གྲུབ་རིག་པའི་གཏན་སྲིད་ཟིན་པའི་གནད་དང་། དེ་ལྟར་བདུན་གྱིས་ཆེ་བས་ཐུན་མོང་གི་ཐེག་པ་ཉན་ཐོས་ནས་གསང་སྔགས་ཕྱི་ནང་གི་རིམ་དགུ་ཀུན་ལས་འཕགས་སོ། །ཞེས་དང་། ཚིག་དོན་རིན་པོ་ཆེའི་མཛོད་ལས། རིག་པ་རང་སྣང་གི་བློ་ཅན་རྣམས་ཀྱིས་ཉམས་སུ་བླང་བའི་རིམ་པ་ལ། ཐུན་མོང་ལས་གནད་བདུན་གྱིས་འཕགས་ཏེ། རིག་པ་ཅེར་མཐོང་དུ་རྟོགས་པས་དབང་པོ་ལ་རྣོ་རྟུལ་མེད་པའི་གནད། ཆོས་ཉིད་དབང་པོས་མཐོང་བས་ཤེས་རབ་ལ་ཆེ་ཆུང་མེད་པའི་གནད། གནས་ལུགས་རང་ངོ་རྟོགས་པས་ཚིག་གིས་ཆོས་ཉིད་མི་མཐོང་བའི་གནད། བླང་དོར་འབད་རྩོལ་མེད་པས་ན་སོ་ལ་རྒན་གཞོན་མེད་པའི་གནད། རང་རིག་ལ་དྲི་མ་མེད་པས་ལས་ལ་བཟང་ངན་མེད་པའི་གནད། ཆོས་ཉིད་བསམ་རྫོགས་ལས་འདས་པས་ལྟ་སྒོམ་གཞི་ལམ་ལ་མི་ལྟོས་པའི་གནད། འབྲས་བུ་ཀ་དག་ཡིན་པས་སྐུ་གསུམ་ལམ་སྣང་དུ་ཤར་ཏེ། ཁམས་གསུམ་དུ་ཕྱིར་མི་ལྡོག་པའི་གནད་དོ། །ཞེས་དང་། ཁྲེགས་ཆོད་ལས་ཁྱད་པར་བདུན་གྱི་འཕགས་ཏེ། ཉམས་ལེན་ལག་ལེན་དང་འབྲེལ་བའི་ཁྱད་པར། ལུས་གནད་རྩའི་ཁྱད་པར། སྣང་བྱེད་སྒོའི་ཁྱད་པར། མཐོང་བ་དབང་པོའི་ཁྱད་པར། རང་གནད་མངོན་སུམ་གྱི་ཁྱད་པར། སྣང་བ་འོད་ཀྱི་ཁྱད་པར། ཉམས་སྣང་གོང་འཕེལ་གྱི་ཁྱད་པར་རོ། །དང་པོ་ནི། ཕྱིའི་དབྱིངས་ནམ་མཁའ་སྟོང་པ་ལ་ནང་གི་དབྱིངས་རིག་པ་ལུ་གུ་རྒྱུད་དངོས་སུ་གཅེར་མཐོང་དུ་སྟོན་པའི་ལག་ཁྲིད་ཟམ་མ་ཆད་པས་ཡིད་དཔྱོད་རྟོག་པའི་ཤེས་རབ་ལ་རག་མ་ལས་ཏེ་གདམས་པའི་ངོ་བོ་ལ་བར་དུ་བསྲེ་བསླད་དང་རྟོག་བཟོས་ཟབ་མི་ཟབ་བྱར་མེད་པས་ཆེས་འཕགས་ཏེ། ཡི་གེ་མེད་པ་ལས། རིག་པའི་རང་བཞིན་དུ་ཀུན་ལ་ཁྱབ་ཀྱང་ཆོས་ཀྱི་སྐུ་གདམས་ངག་ལ་ཐུག་གོ། ཞེས་སོ། །
གཉིས་པ་ནི། ཁྲེགས་ཆོད་ལ་རིག་པ་ལུས་ལ་གནས་ཀྱང་དེའི་གནད་མེད་པ་ལས། འདིར་གནད་ཁྱད་པར་ཅན་ཡོད་དེ། ཐལ་འགྱུར་ལས། ཡུལ་གནད་དབང་ལ་དབང་གནད་སེམས། །སེམས་གནད་མིག་ལ་མིག་གནད་རྩ། །དེས་ན་ལུས་ཀྱི་འདུག་སྟངས་ལས། །བག་ཆགས་ལུས་ཀྱི་འབྲེལ་ཆོད་དང་། །སངས་རྒྱས་དགོངས་པ་རྫོགས་པའོ། །ཞེས་སོ། །
གསུམ་པ་ནི། རིག་པ་མི་རྟོག་པར་གནས་པ་ལ་ཁྲེགས་ཆོད་དུ་ཡིད་ཀྱི་སྒོ་རྟོག་བཅས་ཀྱི་གདངས་ལས་ཡེ་ཤེས་འཚོལ་བ་ལས་འདིར་རིག་པ་རྟོག་མེད་འོད་གསལ་གྱི་གདངས་མིག་ནས་འཆར་བ་ངོས་འཛིན་པས་ཀྱང་འཕགས་ཏེ། ཐལ་འགྱུར་ལས། ཡེ་ཤེས་གནད་ནི་མིག་ནས་འབྱུང་། །མིག་གིས་གཟིགས་སྟངས་ཤེས་པ་ཡིས། །ཆོས་ཀྱི་དབྱིངས་དང་ལྷན་གཅིག་སྤྱོད། །ཅེས་སོ། །མཐོང་བ་དབང་པོའི་ཁྱད་པར་ནི། ཁྲེགས་ཆོད་དུ་ཡུལ་སྣང་ཚོགས་དྲུག་གི་སྣང་བ་འཛིན་པའི་དབང་པོས་མཐོང་བས་རྟོག་པ་སྣ་ཚོགས་སུ་འཆར་བ་རྒྱུན་མི་འཆད་པ་ལས་འདིར་འོད་རྩ་དྭངས་པའི་དབང་པོས་ལུ་གུ་རྒྱུད་གཅེར་མཐོང་དུ་མཐོང་དུས་རྟོག་པ་དུས་གཅིག་ལ་འགག་ཅིང་ཡེ་ཤེས་ཀྱི་སྣང་ཆ་དཔག་ཏུ་མེད་པ་འཆར་བ་ནི། རྒྱུད་དེ་ཉིད་ལས། ལུ་གུ་རྒྱུད་དུ་གཅེར་མཐོང་བས། །རྣམ་རྟོག་འགྱུ་བའི་དྲན་པ་འགགས། །བྱ་ལམ་ནམ་མཁར་འགྲོ་བ་བཞིན། །ཆོས་ཀྱི་དབྱིངས་ལས་འགྲོ་ས་མེད། །གཞན་མེད་རིག་སྣང་རྣམ་དག་པས། །འཁྲུལ་བར་སྣང་བའི་རྒྱུ་རྐྱེན་ཟད། །ཅེས་སོ། །རང་གནད་མངོན་སུམ་གྱི་ཁྱད་པར་ནི། ཁྲེགས་ཆོད་དུ་ཡེ་ཤེས་དངོས་སུ་བལྟར་མེད་ལ་འདིར་དངོས་སུ་མཐོང་བས་ཕྱིས་མངལ་གྱི་གྲོང་ཁྱེར་རྒྱུན་གཅོད་པའི་ཆེ་བས་འཕགས་ཏེ། ཐལ་འགྱུར་ལས། ཆོས་ཉིད་མངོན་སུམ་ཁྱད་པར་གྱིས། །དབང་པོ་རྣོ་དང་རྟུལ་མེད་པར། །སེམས་ཅན་ཐམས་ཅད་སངས་རྒྱས་ལས། །གཞན་དུ་གནས་པ་མ་ཡིན་ནོ། །ཞེས་པ་དང་། མངོན་སུམ་རྙེད་པའི་སྐལ་ལྡན་ལ། །ཁམས་གསུམ་འཁོར་བ་མིང་མེད་པས། །སྲིད་གསུམ་གདར་ཤ་ཆོད་པའོ། །ཞེས་སོ། །སྣང་བ་འོད་ཀྱི་ཁྱད་པར་ནི། ཁྲེགས་ཆོད་དུ་འཁྲུལ་སྣང་ལས་མི་སྣང་ལ་འཁྲུལ་སྣང་འཛིན་པའི་ཤེས་པ་ནི་འཁྲུལ་ཤེས་སུ་འགྱུར་བས་དོན་ལ་གཟུང་འཛིན་ལས་མི་འདའ་སྟེ། དེ་ཉིད་ལས། དེ་ལྟར་སྣང་ཆའི་བྱེད་པ་ལས། །གཟུང་དང་འཛིན་པ་གཉིས་སུ་ཤར། །གཟུང་བ་ཡུལ་ལ་འཛིན་པ་སེམས།། ཡུལ་སེམས་འདུས་པས་དུག་གསུམ་མོ། །ཞེས་སོ། །འདིར་ནི་རིག་པའི་ཡེ་ཤེས་ལ་འབྱུང་བ་དག་པས་འཁྲུལ་སྣང་མི་སྣང་བར་རང་འོད་སྣང་བས་འཕགས་ཏེ། དེ་ཉིད་ལས། འབྱུང་བ་དག་པའི་ཆ་ལས་ནི། །ལས་སུ་མེད་ལ་ཆིག་རྫོགས་པའི། །ཉི་མ་ལ་ནི་འོད་བཞིན་དུ། །རང་ཆས་སྒྲིབ་པ་མེད་པའོ། །ཞེས་སོ། །དེ་ཡང་གཞི་རིག་པ་ལ་རང་འོད་ཡོད་པས་རང་སྣང་ལམ་འོད་དུ་འཆར་ལ། དེ་ཉིད་ལམ་དུ་བྱས་པས་འབྲས་བུ་ལོངས་སྤྱོད་རྫོགས་པའི་སྐུ་ལས་ཀ་དག་ཆོས་ཀྱི་སྐུར་གྲོལ་ནས་ཕྱིར་མི་ལྡོག་པ་སྟེ། དེ་ཉིད་ལས། དེ་ཡང་གཞི་ལ་རྫོགས་པའི་གནད། །རང་བཞིན་མ་བཅོས་མངོན་དུ་སྣང་། །ལམ་ནི་སྒྲོན་མས་མཚམས་སྦྱར་ནས། །མངོན་སུམ་ཉིད་དུ་སྣང་བའོ། །འབྲས་བུ་གང་དུ་བཟློག་པ་མེད། །འདོད་དང་རེ་དོགས་ཡུལ་ལས་འདས། །རང་སྣང་ཀ་ནས་དག་པར་རྫོགས། །ཤེས་འཛིན་རྟོག་པ་ཀུན་ཟད་པའོ། །ཞེས་སོ། །ཉམས་སྣང་གོང་འཕེལ་གྱི་ཁྱད་པར་ནི། ཁྲེགས་ཆོད་དུ་ཤེས་པ་(གཅད་) ཁམས་བརྟན་དུ་འགྲོ་བ་ཙམ་ལས་ནང་ཤེས་པའི་ཉམས་ཏིང་ངེ་འཛིན་དུ་མ་དང་། སྤྱན་དང་མངོན་ཤེས་དང་། ཕྱི་སྣང་བའི་ཉམས་འོད་དང་སྐུ་ལ་སོགས་པ་མེད་ལ། འདིར་ཉམས་སྣང་ཁྱད་པར་ཅན་གོང་ནས་གོང་དུ་འཆར་ཏེ། ཐལ་འགྱུར་ལས། ཤེས་པའི་ཉམས་ཟད་སྣང་བ་སྟེ། །འཕེལ་སྟོབས་ཟླ་བ་ཡར་ངོ་བཞིན། །སྣང་བ་རེ་ལ་ཉམས་རེའོ། །དྲོད་དང་ཚད་དང་རྟགས་ལས་ནི། །བདེན་གཉིས་ཟུང་འཇུག་རྟོག་མཐའ་ཟད། །ཅེས་སོ། །ཐེག་མཆོག་མཛོད་དུ་ས་བཅད་བདུན་གསུངས་པའི་གཉིས་པ་དང་གསུམ་པ། ལྔ་པ་དང་དྲུག་པ་རྣམས་གཉིས་རེའི་སྒྲ་ཡེ་ཤེས་བླ་མའི་སྐབས་འདིར་འདོམས་ཡོད་པ་སོ་སོའི་ལྡོག་ཆ་ནས་བརྗོད་ན། དང་པོ་སྣང་བ་འོད་ཀྱི་ཁྱད་པར། ཁྲེགས་ཆོད་ཀྱིས་ས་རྡོ་ཞེས་སོགས་གསུངས་པ་ནི་ཁྲེགས་ཆོད་ཀྱིས་ཕྱི་འཁྲུལ་སྣང་གི་ས་རྡོ་རི་བྲག་ལ་སོགས་པ་དག་པར་བྱེད་མི་ནུས་ཤིང་། ཡུལ་དུ་བྱེད་པས་སྒྱུ་མ་དང་གཞི་མེད་ལ་སོགས་པའི་རྒྱས་འདེབས་ཡིད་དཔྱོད་ལ་ལྟོས་པས། སེམས་ཀྱི་རྣམ་ཤེས་ཚོགས་པའི་ཆོས་ལ་བརྟེན་ཞིང་མྱུར་དུ་མི་འགྲོལ་བ་ཉིད། ཐོད་རྒལ་འོད་ལྔ་དབྱིངས་ཐིག་གི་སྣང་བ་ཡུལ་དུ་བྱེད་པས། འཁྲུལ་སྣང་གི་མིང་མེད་ཡིད་དཔྱོད་ཀྱི་རྒྱས་འདེབས་མི་དགོས་ཤིང་། སེམས་ཀྱི་ཆོས་མིག་གི་རྣམ་ཤེས་ལ་སོགས་པ་རང་འགག་ལ་སྦྱོང་བས་འཁོར་བ་མིང་མེད་དུ་ལ་ཟློས་ཏེ། དེའི་ཚེ་དེས་འོད་དུ་གྲོལ་བའི་ཁྱད་ཞུགས་པ་ནི། ཐལ་འགྱུར་ལས། འདི་ནི་རང་ཡུལ་བསྟན་པ་ལས། །འཁོར་རྐྱེན་འཇུག་པ་མ་ཡིན་པར། །ཟང་མ་ཉིད་དང་ཐལ་བྱུང་དུ། །ཡུལ་དང་ཤེས་པའི་སྣང་ཆ་ལས། །ཐད་ཀ་སོ་སོའི་གཞི་ལས་གྲོལ། །ཞེས་སོ། །གཉིས་པ་ཉམས་ལེན་ལག་ལེན་དང་འབྲེལ་བའི་ཁྱད་པར་དང་། གསུམ་པ་རང་སྣང་མངོན་སུམ་དུ་གཟིགས་པའི་ཁྱད་པར། རིག་པ་ཡེ་ནས་འོད་གསལ་སོགས་གསུངས་པའི། ཉམས་ལེན་ལག་ལེན་དང་འབྲེལ་བའི་ཁྱད་པར་ནི། རིག་པ་ཡེ་ནས་འོད་གསལ་དུ་གསུངས་ཏེ་ཁྲེགས་ཆོད་ཀྱིས་སྟོང་པར་འཇལ་བ་ལས་རང་འོད་མི་མཐོང་བ་དེ། ཐོད་རྒལ་གྱིས་གནད་གཅུན་པས་ཆོས་ཉིད་ངོ་བོའི་འོད་གསལ་ནང་དུ་ཟིན་དུས། ཆོས་ཅན་རང་གདངས་ཀྱི་འོད་གསལ་ཕྱིར་སྣང་བ་ལག་ལེན་ལ་བསྟན་དུ་ཡོད་པས་འཕགས་ཏེ། རང་ཤར་ལས། རང་སྣང་རིག་པའི་རྒྱལ་པོ་འདི། །ཀུན་ལ་ཡོད་དེ་རྟོགས་པ་མེད། །ཅེས་སོ། །རང་སྣང་མངོན་སུམ་དུ་གཟིགས་པའི་ཁྱད་པར་ནི། རིག་པའི་ཡེ་ཤེས་ཁྲེགས་ཆོད་བལྟར་མེད་ཀྱིས་རྒྱས་བཏབ་ནས་མཐོང་དུ་མེད་པ་གཅིག་ཏུ་ཐག་གཅོད་པ་དེ། ཐོད་རྒལ་དུ་ཡེ་ཤེས་ཀྱི་མཐོངས་ཕྱེ་བས་ཆོས་ཉིད་ཀྱི་ཉི་ཟེར་གསལ་བ་ནི། ཐལ་འགྱུར་ལས། ཆོས་ཉིད་མངོན་སུམ་སྣང་བ་ཡིས། །ཡིད་དཔྱོད་འཛིན་པའི་ལྟ་བ་བསྣུབ། །ཅེས་སོ། །བཞི་པ་ལུས་གནད་རྩའི་ཁྱད་པར། ཁྲེགས་ཆོད་དུ་རགས་པའི་སོགས་གསུངས་པ་ནི། ཁྲེགས་ཆོད་དུ་རགས་པ་རྩ་རླུང་ལ་བརྟེན་པ་ལས། ཐོད་རྒལ་དུ་འོད་རྩ་དྭངས་པ་ངོས་བཟུང་ནས་སྒྲོན་མ་དངོས་ལམ་དུ་བྱེད་པ་སྟེ། དེ་ཉིད་ལས། གཞན་ཡང་རྩ་དང་འཁྲུལ་འཁོར་གྱིས། །རང་བཞིན་སྣང་བའི་ཡེ་ཤེས་ལྔ། །ཆུ་བུར་མིག་གིས་མཐོང་བའོ། །ཞེས་སོ། །ལྔ་པ་སྣང་བྱེད་སྒོའི་ཁྱད་པར་དང་། དྲུག་པ་མཐོང་བ་དབང་པོའི་ཁྱད་པར་ཁྲེགས་ཆོད་དུ་དབང་པོ་སོགས་གསུངས་པ་ནི། སྣང་བྱེད་སྒོའི་ཁྱད་པར་ནི། ཁྲེགས་ཆོད་དུ་དབང་པོ་དྲུག་གི་སྒོ་མ་དག་པ་སེམས་ཀྱི་ཆོས་ལ་དྭངས་འཚོལ་བ་ལས་ཐོད་རྒལ་དུ་དག་པ་འོད་གསལ་གྱི་སྒོ་ཡེ་ཤེས་ཀྱི་རླུང་གིས་བསྐུལ་བས་སྒྲོན་མ་བཞིའི་སྣང་བ་འཆར་བས་འཕགས་ཏེ། དེ་ཉིད་ལས། སྒོ་ནས་ཇི་ལྟར་འབྱུང་བ་ནི། །འཇུག་པའི་རླུང་གིས་བསྐུལ་བ་ཡིས། །སྒྲོན་མ་བཞི་ལས་ལས་བཞིར་འབྱུང་། །ཞེས་སོ། །མཐོང་བ་དབང་པོའི་ཁྱད་པར་ནི་ཁྲེགས་ཆོད་ཀྱིས་བལྟར་མེད་རིག་པ་ནང་དྭངས་ཀྱི་དབང་པོ་ལ་དྭངས་འཚོལ་བ་ལས། ཐོད་རྒལ་དུ་ཕྱི་ནང་ཡེ་ཤེས་ཟང་ཐལ་གྱི་དབང་པོའི་དབྱིངས་དང་ཡེ་ཤེས་འདུ་འབྲལ་མེད་པའི་སྣང་བ་ལ་དངོས་སུ་དཔྱོད་པའི་ཁྱད་ཞུགས་ཏེ། ཐལ་འགྱུར་ལས། དག་པ་དབྱིངས་ཀྱི་སྒྲོན་མ་ལ། །ཐིག་ལེ་སྐུ་དང་འཁྲུལ་སྣང་དག །རང་བཞིན་ཉིད་དང་ངོ་བོ་ཉིད། །གཉིས་མེད་འདུ་འབྲལ་མེད་པར་སྣང་། །ཞེས་སོ། །བདུན་པ། ཉམས་མྱོང་འཕེལ་སྣང་གི་ཁྱད་པར་ནི། ཁྲེགས་ཆོད་གྱིས་ཕྱི་ཡུལ་སྣང་སེམས་ཀྱི་འཁྲུལ་བ་སྣང་དུ་བཅུག་ནས་སྤོང་ལེན་མེད་པའི་ངང་དུ་རྒྱས་འདེབས་པས་མྱུར་དུ་དེ་དག་མི་གྲོལ་བ་ཉིད། ཐོད་རྒལ་དུ་གནད་གཅུན་པས་སྐད་ཅིག་ནས། ཕྱི་ནང་གི་འཁྲུལ་སྣང་འཁྲུལ་འཛིན་དང་བཅས་པ་རང་སངས་ཏེ། མ་སྤངས་གནས་སུ་དག་པ་རྒྱས་འདེབས་ལ་མི་ལྟོས་ཤིང་། ཡེ་ཤེས་ཀྱི་འཕེལ་སྣང་ཟླ་བ་ཡར་ངོ་བཞིན་གོང་དུ་འཕེལ་ཏེ་སྣང་བ་བཞི་ཚད་དུ་ཕྱིན་ནས་མྱུར་དུ་གྲོལ་བ་ཉིད། དེ་ལས། སྣང་ཚུལ་འཁྲུལ་བ་མ་ཡིན་ལ། །རྒྱུ་རྐྱེན་དག་པའི་རང་བཞིན་ལ། །དངོས་དང་དངོས་མེད་རང་དག་ནས། །སྒོ་ལྔའི་ཡུལ་ཞེན་དག་པ་དང་། །འབྱུང་བའི་རགས་པ་དག་པ་དང་། །ཡེ་ཤེས་དག་པ་འཕེལ་སྣང་སྟོན། །དེ་ལས་ཟད་པའི་ཆོས་ཉིད་དོ། །ཅེས་སོ། །ཕྱི་མ་འདི་ཡེ་ཤེས་བླ་མར་དངོས་སུ་མི་གསལ་བས་དཔྱོད། ༈ རི༷ག་པ༷་ནི་ངོ་བོ། རང་བཞིན། ཐུགས་རྗེ་གསུམ་གྱི་གདངས་གསེར་གྱི་སྐུད་པ་ལྟ་བུ་ལ་ཐིག་ལེ་སྤྲས་པའོ། །རྡོ༷་རྗེ༷་ནི་སངས་རྒྱས་སེམས་ཅན་ཀུན་ལ་ངོ་བོ་བཟང་ངན་མེད་པར་མཉམ་པའོ། །ལུ༷་ནི་ལུ་མའི་ཆུ་ལས་ཆུ་འཕེལ་འགྲིབ་མེད་པར་འབྱུང་བ་དང་འདྲ་བར་སྐུ་དང་ཡེ་ཤེས་འཆར་བར་བྱེད་པའོ། གུ༵༷་ནི་དེའི་ནང་དུ་ལྟ་སྒོམ་འགུག་པར་བྱེད་དོ། རྒྱུད༷་ནི་འཁོར་འདས་ལ་ཁྱབ་ཅིང་སྣང་བ་དེའི་ཚོགས་རྣམས་ལས་སྐུ་དང་ཐིག་ལེ་འཕྲོ་བ་དང་མཆེད་པ་དང་། འདུ་བ་ལ་སོགས་པ་གསལ་བར་བྱེད་པའོ། །
༼༈༽ ཐོད་རྒལ་གྱི་རྒྱབ་ཡིག་ཉི་ཟླ་གཟའ་སྐར་ལས། སེམས་དང་ཡེ་ཤེས་ཀྱི་དབྱེ་བ་ལ་གཉིས་ལས། དང་པོ་སེམས་ཀྱི་དབྱེ་བ་ལ་བརྒྱད་དེ། གནས། ངོ་བོ། ལམ། སྒོ། ཡུལ། རྩལ། བྱེད་ལས། འབྲས་བུའོ། །གནས་ནི་གློ་བ་ན་རྩ་གྲོ་སོག་གི་སྦུ་གུ་ཙམ་རླུང་གིས་གང་བ་ལས། དབུགས་ཐམས་ཅད་མཆེད་པའི་རྟེན་བྱེད་པ་སྙིང་ག་དང་འབྲེལ་བ་ན་གནས་ཏེ། གསེར་ཕྲེང་ལས། གནས་ནི་རླུང་ཅན་གྲོང་ན་གནས། ཞེས་སོ། ངོ་བོ་དེ་ནི་སྙིང་གའི་རིག་གདངས་རླུང་དང་འདྲེས་པས་རྣམ་པར་རྟོག་པའོ། །རླུང་དེ་རྟ་ལོང་བ་རྐང་ཅན་དང་། རིག་གདངས་མི་འཕྱེ་བོ་མིག་ཅན་གཉིས་འཕྲུལ་བ་ལྟ་བུའོ། །ལམ་ནི་གློ་བ་ནས་རྩ་འདབ་སོ་སོ་ལ་སོང་བའི་རླུང་གིས་སྒོ་ལྔའི་ཡུལ་ལ་རྟོག་པའི་ཕྱིར་ཁ་སྣ་དང་དབང་པོ་སོ་སོའི་སྒོ་ལ་རླུང་རྒྱུ་བའི་རྩ་ལམ་ཡིན་ནོ། །སྒོ་ནི་དབང་པོ་སོ་སོ་དང་ཁ་སྣའོ། །ཡུལ་ནི་གཟུགས་ལ་སོགས་པ་ཚོགས་དྲུག་གི་ཡུལ་དྲུག་གོ །རྩལ་ནི་གཟུང་འཛིན་དགག་སྒྲུབ་ལ་སོགས་པའི་རྣམ་རྟོག་རྣམས་སོ། །བྱེད་ལས་ནི་ལས་དང་ཉོན་མོངས་དང་བག་ཆགས་དུ་མ་གསོག་པར་བྱེད་དོ། །འབྲས་བུ་ནི་འཁོར་བའི་སྡུག་བསྔལ་ཐམས་ཅད་སྐྱེད་པར་བྱེད་དོ། །གཉིས་པ་ཡེ་ཤེས་ཀྱི་དབྱེ་བ་ལ་ཡང་བརྒྱད་ལས། གནས་ནི་ཙིཏྟ་རིན་པོ་ཆེ་མཆོང་གུར་ཕུབ་པ་འདྲ་བའི་དབུས། འོད་གསལ་གྱི་རྩ་འདབ་བཞིའི་ལྟེ་བ་ལ་དྭངས་མའི་དྭངས་མ་ཉུང་འབྲུ་ཙམ་ལ་བརྟེན་པ་ནི། མུ་ཏིག་ཕྲེང་བ་ལས། གནས་པ་ཐུགས་ཏེ་ཙིཏྟའི་དཀྱིལ། ཞེས་སོ། །ངོ་བོ་ནི་རིག་པའི་ཡེ་ཤེས་ཏེ་ངོ་བོ་སྟོང་། རང་བཞིན་གསལ། ཐུགས་རྗེ་འགག་པ་མེད་པར་མར་མེའི་སྙིང་པོ་ལྟ་བུ་འོད་དང་སྐུར་འབར་བ་སྟེ། ཐལ་འགྱུར་ལས། ཙིཏྟ་རིན་ཆེན་གཞལ་ཡས་ན། །ངོ་བོ་ཀ་ནས་དག་པའི་ཆ། །སྟོང་གསལ་འདུས་པ་སྐུ་ཡི་གདངས། །ཞལ་ཕྱག་རྫོགས་པ་བུམ་སྐུའི་ཚུལ། །ལྷུན་གྲུབ་འོད་ཀྱི་གོང་བུར་གནས། །ཐུགས་རྗེ་ཁ་དོག་སོ་སོར་གསལ། །ཞེས་སོ། །དེའི་རྩལ་དུང་ཁང་ན་ཁྲོ་བོའི་དཀྱིལ་འཁོར་དུ་གནས་པ་ནི། རྡོ་རྗེ་སེམས་དཔའ་སྙིང་གི་མེ་ལོང་ལས། དེ་ལས་བྱུང་བའི་ཡེ་ཤེས་ཀྱིས། །གནས་ནི་ཀླད་པ་དུང་ཁང་ན་གནས་སོ། །དེའང་ཁྲོ་བོའི་སྐུ་ཉུང་འབྲུ་ཙམ་ལ་སྤྱན་ཕུལ་ཐག་ཙམ་དུ་བཞུགས་སོ། །འོད་དང་འོད་ཟེར་གྱི་ཚུལ་དུ་གནས་སོ། །ཞེས་སོ། །ལམ་ནི་སྙིང་ནས་མིག་ཏུ་འབྲེལ་བའི་རྩ་ཀ་ཏི་ཤེལ་གྱི་སྦུ་གུ་ཅན་ཏེ། གསེར་ཕྲེང་ལས། རིན་ཆེན་རྒྱ་མཚོར་འབྲེལ་བའི་རྩ། །དཀར་འཇམ་ཁོག་པ་སྟོང་པ་ནི། །ཐིག་ལེ་ཁྲག་གིས་མ་གོས་པ། །ཡེ་ཤེས་ཆེན་པོ་དེ་ནས་རྒྱུ། །ཞེས་སོ། །འབྲེལ་ལུགས་ནི། སྙིང་གའི་རྩེ་ནས་སྒལ་ཚིགས་འདབས་མ་ལ་འཁྲི ལ་ཏེ། མགྲིན་པའི་རྩེའུ་ཆུང་གཡས་གཡོན་གྱི་འདབ་ནས་རྣ་བ་གཉིས་ལ་འཁྲིལ་ཏེ་ཀླད་པ་ནས་མིག་གི་ཨ་འབྲས་ཆུའི་སྒྲོན་མ་གཉིས་ལ་ཟུག་ནས་གནས་པ་སྟེ། སྔ་མ་ལས། ལམ་དེ་ལས་བྱུང་བའི་འོད་ཟེར་ནི། མེ་ལོང་གི་དཀྱིལ་ལྟར་གསལ་ལ་དྭངས་པའོ། །དཔེར་ན་ཉའི་མིག་བཞིན་ཏུ་འོད་ཟེར་དུ་སྣང་བའོ། །དེ་དང་རིག་པ་འབྲེལ་བའི་རྩ་ནི། སྙིང་གའི་རྩེ་མོ་ནས་དར་དཀར་གྱི་སྐུད་པ་ཙམ་སྒལ་ཚིགས་ཀྱི་འདབས་ནས་ཡར་ཡོད་དོ། །དེ་ནས་ལམ་བྱུང་ནས་མགོ་ཡི་ནང་ན་ཡར་འཇུག་སྟེ་རྩ་དེའང་རྩེའུ་ཆུང་གཡས་གཡོན་ནས་ཀླད་པ་འབྲེལ་ལོ། །དེའང་རྣ་བའི་གཡས་གཡོན་ནས་ཐོན་ནས་མིག་ཏུ་འབྲེལ་ལོ། །དེས་ན་མིག་ནམ་མཁའ་ལ་ལྡོག་རྩ་གཅུན་ནས་བལྟས་པས་ཡེ་ཤེས་ཀྱི་སྣང་བས་གང་བར་འགྱུར་རོ། །ཞེས་སོ། །སྒོ་གང་ནས་འཆར་བ་ནི་མིག་གཉིས་ནས་འཆར་སྟེ། ཐལ་འགྱུར་ལས། རྒྱང་ཞག་ཆུའི་སྒྲོན་མ་ནི། །ཡེ་ཤེས་འཆར་བའི་སྒོ་རུ་བསྟན། །ཞེས་སོ། །མིག་གི་རྩའི་རྩ་བ་ནི། ལྟེ་བ་དང་སྙིང་གར་འབྲེལ་ལོ། །སྙིང་ག་ནས་མགྲིན་པར་འབྲེལ་ལོ། །མགྲིན་པ་ནས་དུང་ཁང་དུ་གཡས་སུ་འཁྱིལ་བའི་རྩ་འདབ་བཞིར་གྱེས་པའི་དབང་པོ་ཡུལ་ལ་འཆར་བར་བྱེད་པའི་རྩ་འདབ་ག ཅིག་ལས་རྩེ་མོ་ལྔར་གྱེས་ཏེ། སྒོ་ལྔ་སོ་སོའི་རྟེན་བྱེད་པ་ལས་སྐྱོན་ཡོན་དབང་པོ་དྭངས་བྱེད་ཀྱི་རྩ་ཞེས་བྱ་བ་ཁ་ཆེ་ལ་རྩ་བ་ཕྲ་བ། བ་མེན་གྱི་རྭ་ལྟ་བུའི་ཡལ་ག་གཉིས། མིག་གི་ཨ་འབྲས་ཀྱི་དྭངས་མ་གཉིས་ལ་ཟུག་ནས་དཀར་ནག་ཕྱེད་མ་ཆུའི་རང་བཞིན་དྭངས་ལ་གསལ་བ་བྱུང་བས། རྒྱང་ཞགས་ཆུའི་སྒྲོན་མ་ཞེས་བྱའོ། །དེ་ལ་བརྟེན་ནས་ཐིག་ལེ་སྟོང་བའི་སྒྲོན་མ་རྨ་བྱའི་མདོངས་ལྟ་བུར་འཆར་རོ། །དེའི་གདངས་དབྱིངས་རྣམ་པར་དག་པའི་སྒྲོན་མ་ཡི་གེ་ན་རོ་ལྟ་བུར་འཆར་རོ། །དེའི་རྩལ་ཤེས་རབ་རང་བྱུང་གི་སྒྲོན་མ་ཤེས་པའི་རྩལ་དུ་མར་འཆར་རོ། །དེ་ཡང་ཤེལ་སྦུག་ཅན་ནི་འོད་རྩ་ཡིན་ལ། དབང་པོ་དྭངས་བྱེད་ནི་མིག་གི་དབང་རྟེན་ཟར་མའི་མེ་ཏོག་ལྟ་བུའི་རྩ་ཡིན་ནོ། །མིག་གི་ནང་རིག་པ་དངོས་ཕྱིར་ལྟ་བ་དང་ཕྱི་སྣང་བ་གཟུགས་རྣམས་ཀྱི་སྣང་བ་ནང་དུ་ལྟ་བའི་བར་གྱི་སྒོ་མེ་ཤེལ་དྲི་མ་མེད་པས་ཆོད་པ་ལྟ་བུ་སྟེ་ནང་གི་འོད་གདངས་ཕྱིར་གསལ་བ་ལྟར། ཕྱིའི་གཟུགས་བརྙན་ནང་དུ་ཤར་བ་གཉིས་མི་སྒྲིབ་པར་གསལ་བར་མཐོང་བའི་ཕྱིར་རོ། །རིག་པ་དངོས་ཀྱི་གདངས་འཆར་བ་རྩ་སྒོ་བཞི་སྟེ། མིག་གཉིས་འོད་སྣང་དངོས་སུ་འཆར་བ་དང་། སྙིང་ནས་དབུ་མའི་དབུས་སུ་སྙིང་པོ་འོད་གསལ་གྱི་རྩ་ལས་དུང་ཁང་གི་ཁྲོ་བོ་དང་། དེའི་གདངས་རྩ་རྣམས་གྱི་ཐིག་ལེ་དང་། དབུ་མའི་འོད་རྩ་ལས་འཁོར་ལོ་བཞིའི་དབུས་ཀྱི་འོད་གསལ་ཐིག་ལེ་ཆེན་པོ་དང་། སྤྱི་བོ་ནས་རྟོག་པ་མེད་པའི་སྐུ་ཚངས་བུག་ལ་འཆར་ཏེ་ཚད་ཕེབས་ཀྱི་ཐིག་ལེ་ལྔ་བརྩེགས་སམ་དགུ་བརྩེགས་སུ་འཆར་བའི་རྟེན་ཅན་འཕོ་བའི་རྩ་སྒོ་དམ་པ་དེ་དང་། སྙིང་ནས་གློ་བར་རིག་གདངས་སེམས་སུ་འཆར་བ་སྟེ། དེ་ལྟར་མིག་གཉིས་དབུ་མའི་འོད་རྩ་གློ་བའི་གདངས་རྩ་དང་བཅས་པ་རྣམས་ཏེ། མུ་ཏིག་ཕྲེང་བ་ལས། ལམ་ནི་རྩ་བཞི་འགྱུ་བྱེད་རླུང་། །འཆར་བྱེད་སྒོ་ནི་མིག་སོགས་སོ། །ཞེས་སོ། །ཕལ་གྱིས་མིག་རྩ་གཉིས་ལམ་དུ་ངོས་བཟུང་བ་ནི། རྒྱ་ཆུང་བས་མ་གོ་བར་ཟད་དོ། །གདངས་བཞི་འཆར་བའི་རྩ་བཞི་ངོས་བཟུང་ལ། ཉམས་ལེན་གྱི་ཚེ་མིག་ནས་རིག་པ་ཐོན་ཅིང་དེའང་མིག་གཉིས་ནས་རིག་པའི་རང་བཞིན་འོད་གདངས་འཆར་ལ། དབུ་མའི་འོད་རྩ་ལས་ངོ་བོ་སྟོང་གདངས་འཆར་ཞིང་། གློ་བའི་རྩ་ལས་ཐུགས་རྗེ་རིག་གདངས་འཆར་བ་ཡིན་ནོ། །ཡུལ་གང་ན་འཆར་ན་ཕྱིའི་དབྱིངས་ནམ་མཁའ་ལ། ནང་གི་དབྱིངས་རྣམ་པར་དག་པའི་སྒྲོན་མ་འོད་ལྔར་སྣང་བའི་ནང་དུ་འཆར་ཏེ། སྒྲོན་མ་འབར་བ་ལས། དབྱིངས་ནི་ཕྱི་དང་ནང་དུ་སྟེ། །ཕྱི་དབྱིངས་ནམ་མཁའ་སྤྲིན་བྲལ་ལ། །ནང་དབྱིངས་སྒྲོན་མ་དག་ཏུའོ། །ཞེས་པ་དང་། ཀུན་ཏུ་བཟང་པོ་ཐུགས་ཀྱི་མེ་ལོང་ལས། ཀུན་ལ་ཡོད་པའི་མེ་ལོང་འོད་པོ་ཆེ། །དཔེར་ན་མེ་ལོང་དཀྱིལ་འཁོར་དྭངས་པ་དེར། །གང་བསྟན་གཟུགས་བརྙན་དེ་བཞིན་འོང་བ་ལྟར། །དེ་བཞིན་རྣམ་དག་སྟོང་པའི་ནམ་མཁའ་ལ། །དོན་གྱི་སྙིང་པོ་མ་འདྲེས་ཚོམ་བུ་ལྔ། །མ་བསྐྱེད་རྫོགས་པའི་ཚོམ་བུ་རང་ལ་གནས། །ཞེས་པ་དང་། སེང་གེ་རྩལ་རྫོགས་ལས། འཛིན་ཆགས་མེད་པའི་རང་སྣང་ནམ་མཁའ་ལ། །ཞེ་འདོད་མེད་པའི་སྒྲོན་མ་རྣམ་གཉིས་གསལ། །སྤང་ཐོབ་མེད་པའི་ཆོས་སྐུའི་སྣང་བ་མཐོང་། །ཕྱོགས་དང་འདྲ་བའི་འོད་ཀྱི་མུ་ཁྱུད་འཛིན། །བདག་དང་བྲལ་བ་སྒྱུ་མའི་སྐུ་ལྔར་སྣང་། །ཞེས་སོ། །རིག་པའི་རྩལ་ནི། ནང་གསལ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ལྔ་དང་། ཕྱི་གསལ་ཇི་ལྟ་བ་དང་ཇི་སྙེད་མཁྱེན་པའི་རྣམ་པར་ཤར་རོ། །བྱེད་ལས་ནི། འཁོར་བའི་འཁྲུལ་སྣང་འཁྲུལ་འཛིན་ཐམས་ཅད་དང་བྲལ་བར་བྱས་ཏེ། དབྱིངས་གདོད་མའི་ངང་ལ་སྦྱོར་བའོ། །འབྲས་བུ་ནི། ཁམས་ལ་སྒྲིབ་པའི་དྲི་མ་བག་ཆགས་སྣ་ཚོགས་པའི་ཀུན་གཞི་ལ་བརྟེན་པའི་ཆ་དང་བཅས་པ་དག་ནས་ཉི་མ་སྤྲིན་དང་བྲལ་བ་ལྟར་ཤེས་རབ་རིག་པའི་ཡེ་ཤེས་དྲི་མ་མེད་པས་རང་རིག་བྱང་ཆུབ་ཏུ་མཐར་ཕྱིན་པར་བྱས་ནས་སྐུ་དང་ཡེ་ཤེས་ཀྱི་དགོངས་པ་ལ་རྟག་ཏུ་བཞུགས་པའོ། །དེའང་ངོ་སྤྲོད་སྤྲས་པ་ལས། གཞི་ཉིད་འབྲས་བུ་སྨིན་བྱེད་ཤེས་རབ་སྟེ། །ཤེས་རབ་སྐུ་རུ་སྨིན་པ་ཡི། །ངོ་བོ་ཉིད་སྐུ་ཆོས་སྐུ་དེ། །ཡེ་ཤེས་ཆོས་ཀྱི་སྐུ་རུ་སྨིན། །ཞེས་སོ། །ཁམས་ཡེའི་སངས་རྒྱས་ཡིན་ཀྱང་། ལམ་དུས་རིག་པའི་ཤེས་རབ་ཀྱིས་བླང་དོར་བར་མ་བྱས་ན་དྲི་བཅས་ལས་གྲོལ་དུས་མེད་པས། གདམས་པ་ཟབ་མོ་ཉམས་སུ་ལེན་པ་གཅེས་ཏེ་གཞིའི་ཆོས་སྐུ་དེ་འབྲས་བུ་མངོན་གྱུར་ཡེ་ཤེས་ཀྱི་སྐུ་བྱང་ཆུབ་ཏུ་སྨིན་པར་བྱ་དགོས་པའི་ཕྱིར་རོ། །དེ་དག་གིས་ཡེ་ཤེས་ཀྱི་དབྱེ་བ་བཤད་ཟིན་ཏོ། །ཞེས་གསུངས་སོ། །ཐེག་མཆོག་མཛོད་ལས། ས་བཅད་བརྒྱད་རང་ཤར་ལྟར་གསུངས་པ་ནི། རྟེན་ནི་གཟུགས་ཀྱི་ཕུང་པོ་བྱང་ཁོག་སྟོད་དོ། །གནས་ནི་སྙིང་རིན་པོ་ཆེ་ཟུར་བརྒྱད་པའི་དབུས་འོད་རྩའི་དྭངས་མ་འོད་ལྔའི་དབུས་ཞི་བའི་སྐུ་ཉུང་འབྲུ་ཙམ་ལ་རིག་པ་གནས་སོ། །ལམ་ནི་རྩ་བཞི་ནས་རྒྱུའོ། །སྒོ་ནི་མིག་གཉིས་སོ། །གདངས་ནི་སྒྲོན་མ་གཉིས་ཏེ་ཐིག་སྒྲོན་དང་། །རྨ་བྱའི་མདོངས་ན་རོ་དབྱིངས་སྒྲོན་ལྟ་བུའོ། །ཡུལ་ནི་ནམ་མཁའ་སྤྲིན་དང་བྲལ་བ་ལ་ཆོས་ཉིད་སྟོང་པ་སེམས་ངོ་དང་བྲལ་བའོ། །དུས་ནི་འདི་ཉིད་དམ་བར་དོའི་སྣང་བ་ཤར་དུས་འགྲོ་ས་ནི་ལྷུན་གྲུབ་ཀྱི་འཆར་སྒོ་བརྒྱད་དེ་ངོ་ཤེས་པ་རྣམས་དབྱིངས་སུ་འགྲོ་ལ་མ་ཤེས་པ་རྣམས་འཁོར་བར་འཁྱམས་པས་ལམ་ཁ་བྲག་བཞིན་ནོ། །གྲོལ་ས་ནི་ཀ་དག་གི་སྣང་བའོ། །ཞེས་དང་། ཚིག་དོན་མཛོད་ལས། རྟེན་ནི་གཟུགས་ཀྱི་ཕུང་པོའོ། །གནས་ནི་ཙིཏྟ་རིན་པོ་ཆེ། །ཕོ་བྲང་ནི་འོད་ལྔ་ཀུན་འདུས་ཀྱི་གཞལ་ཡས་ཁང་ངོ་། །སྣང་བ་ནི་སྒྲོན་མ་གཉིས་སོ། །ཞེས་སོགས་གསུངས། སྐལ་ལྡན་འཇུག་ངོགས་ལས། འདིར་མི་འདྲ་བའི་ཁྱད་པར་དབུ་མ་ལ་བརྟེན་པའི་དག་པ་ཡེ་ཤེས་ཀྱི་འོད་རྩ་ཀ་ཏི་གསེར་གྱི་རྩ་ཆེན་དུ་གྲགས་པ་གང་ཞིག་ཐོག་རེག་གི་རྣམ་པར་མེད་པའི་ཕྱིར་སྙིང་ནས་ལམ་ཕྱུང་སྟེ་ཡར་སྣེ་གསུམ་དུ་གྱུར་བའི་དབུས་མ་ཤེལ་སྦུག་ཅན་ཞེས་བྱ་བ་ཚངས་བུག་ཏུ་དང་། གཡས་གཡོན་དར་དཀར་སྣ ལ་མ་དང་ཕྲ་ལ་འཁྲིལ་བ་གཉིས་ལྟག་པ་ནས་གུག་སྟེ་མིག་གཉིས་ལ་ཟུག་ཅིང་དེ་དག་ལ་བརྟེན་པའི་ཤེས་རབ་རང་བྱུང་གི་སྒྲོན་མ་དང་ཐིག་ལེ་སྟོང་པའི་སྒྲོན་མ་དང་། རྣམ་དག་དབྱིངས་ཀྱི་སྒྲོན་མ་སོགས་སྒྲོན་མ་བཞིའམ་དྲུག་ཏུ་བཞག་པ་རྣམས་ལམ་དུ་བྱས་ནས་གོམ་པ་ཉིད་ཡིན་ནོ། །ཞེས་གསུངས། ༈
སངས་རྒྱས་ཀྱི་སྙིང་པོའམ་རིག་པ་ཡེ་ཤེས་དེ་ཉིད་འཁྲུལ་སྣང་གདོས་བཅས་ཀྱི་ལུས་དང་འབྲེལ་བའམ་གནས་པའི་བྱིན་རླབས་ཀྱིས་ཡེ་ཤེས་ཀྱི་སྣང་བ་འཆར་བའི་ཚུལ་ཡང་། བཞུགས་གནས་དངོས་ནི་སྙིང་རིན་པོ་ཆེ་དཔལ་གྱི་བེའུའི་དབུས་སུ་གནས་ལ། དེའི་གདངས་ནི་དུང་ཁང་བྷན་དྷ་འབར་བའི་གཞལ་ཡས་དང་། ལྟ་བྱེད་མིག་གི་གཞལ་ཡས་དང་། འགྱུ་བྱེད་རྩའི་གཞལ་ཡས་ན་གནས་ཏེ། ཐལ་འགྱུར་ལས། ཙིཏྟ་རིན་ཆེན་གཞལ་ཡས་སུ། །རིན་ཆེན་འདུས་པ་ཟུར་བརྒྱད་སྒོ། །ཡེ་ཤེས་ལྔ་དང་སྐུ་ལྔ་སྟེ། །རླུང་དང་ཤེས་པའི་རྩལ་ཡང་ལྔ། ཐམས་ཅད་ལྔ་ལྔའི་རང་བཞིན་ནོ། །ཞེས་གསུངས་སོ། །དེའང་ངོ་བོ་སྐུར་གནས་པ་བུམ་པའི་སྐུ་ལྟ་བུ། རང་བཞིན་འོད་དུ་གནས་པ་བུམ་ནང་གི་མར་མེ་ལྟ་བུ། ཐུགས་རྗེའི་འོད་ཟེར་དུ་གནས་པ་ཉི་མའི་འོད་ཟེར་ལྟ་བུའོ། །སྙིང་གའི་འོད་གསལ་ལས་སྒོ་བཞིར་གྱེས་པས་རྩ་བཞི་སྟེ། ཀ་ཏི་གསེར་གྱི་རྩ་ཆེན་ནས་འོད་གསལ་གྱི་སྣང་བ་འབྱུང་བའི་རྟེན་བྱེད། དར་དཀར་སྣལ་མ་ནས་ཕྱི་ཡུལ་ལ་འཇུག་པའི་རྟེན་བྱེད། ཕྲ་ལ་འཁྲིལ་ནས་རང་འཆར་བའི་རྟེན་བྱེད། ཤེལ་སྦུག་ཅན་ནས་རང་སྣང་བའི་རྟེན་བྱེད་དོ། །སྟོང་པ་རང་གྲོལ་ནི་ཚངས་བུག་ལ་ཟུག་པ་སྟེ་ལུ་གུ་རྒྱུད་སྐུའི་རྟེན་བྱེད་པ་དང་བསྡོམས་ན་ནང་རྩ་ལྔ་སྟེ་ཡེ་ཤེས་ལྔའི་འོད་ཡིན་ལ། རང་བཞིན་དུ་གཞིར་བྱེད་པས་སྒྲོན་མ་བཞིའི་འཕེལ་སྟོན། འོད་ཀྱི་རྩ་བཞི་ནས་འོད་གསལ་དག་པའི་ཐིག་ལེ་རྒྱུ་བས་དེ་ལ་བརྟེན་པའི་འོད་གསལ་བསྒོམ་པ་སྟེ། དེའང་ཀ་ཏི་གསེར་གྱི་རྩ་ཆེན་ན་གཞིའི་ཐིག་ལེ་བཟང་པོ་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་གྱི་བདག་ཉིད་སྙིང་ག་ལ་བརྟེན་ནས་གནས་སོ། །དར་དཀར་སྣལ་མ་ན་ལམ་གྱི་ཐིག་ལེ་བཟང་པོ་སྒྲོན་མ་བཞི་དང་བཅས་པ་ཆུའི་སྒྲོན་མ་སྟེ་གཡས་ནའོ། །ཕྲ་ལ་འཁྲིལ་ན་བཟང་པོའི་རྩེ་མོའི་ཐིག་ལེ་ཉམས་གོང་འཕེལ་གྱི་སྣང་བ་སྣ་ཚོགས་པ་གཡོན་ནའོ། །ཤེལ་སྦུག་ཅན་ན་ཚད་ཕེབས་ཀྱི་སྣང་བའི་རྟེན་ནང་གསལ་ཡེ་ཤེས་ཀྱི་འཆར་གཞིར་གནས་སོ། །སྟོང་པ་རང་གྲོལ་ན་རྡོ་རྗེ་ལུ་གུ་རྒྱུད་ཀྱི་སྐུ་གནས་པའོ། །ཡེ་ཤེས་ཀྱི་སྣང་བ་ཕྱིར་གསལ་དུ་འཆར་བའི་སྒོ་ནི་མིག་གཉིས་ཡིན་ལ། དེའང་མིག་གཡས་ནས་རྒྱང་ཞགས་ཆུའི་སྒྲོན་མ་དང་ཤེས་རབ་རང་བྱུང་གི་སྒྲོན་མ་གཉིས་ཏེ་ཇི་སྙེད་མཁྱེན་པའི་ཡེ་ཤེས་ཐབས་སྣང་བའི་རང་བཞིན་དུ་འཆར་ལ། མིག་གཡོན་ནས་ཐིག་ལེ་སྟོང་པའི་སྒྲོན་མ་དང་དབྱིངས་རྣམ་དག་གི་སྒྲོན་མ་གཉིས་ཇི་ལྟ་བ་མཁྱེན་པའི་ཡེ་ཤེས་ཤེས་རབ་སྟོང་པའི་རང་བཞིན་དུ་འཆར་ཞིང་། དེའི་དབུས་ཚངས་པའི་བུ་ག་ནས་རིག་པ་རྟོག་མེད་ཀྱི་ལུ་གུ་རྒྱུད་ཐིག་ལེ་བརྩེགས་མར་སྣང་བའོ། །
༈ ཤན་འབྱེད་ལས། ཡང་དུས་ཕྱིས་གསར་ཕྱོགས་ཀྱི་ཝལ་མང་དགེ་བཤེས་ན་རེ། རྙིང་མ་པ་རྣམས་ཀྱིས་སྙིང་གི་ནང་ན་སངས་རྒྱས། གློ་བའི་ནང་ན་སེམས་ཅན། དེ་གཉིས་ལམ་བརྒྱུད་ཕར་འགྲོ་ཚུར་འགྲོ་བྱེད་ཅེས། མི་རིགས་པའི་མཚར་གཏམ་དུ་བསྒྲགས་པ་རང་ཉིད་མཁས་པར་རློམ་ཡང་བླུན་པོའི་རང་རྟགས་བསྟན་པ་མ་ཤེས་པར་ཟད་དེ། འདི་དང་པོ་འབྲི་གུང་དཔལ་འཛིན་གྱི་ལོག་རྟོག་སྟེ། བི་མ་ལ་ཡི་སྙིང་ཐིག་ལས། སེམས་ནི་གློ་བའི་ནང་ན་གནས། །རིག་པ་སྙིང་དང་གློ་བའི་ནང་། །ཡུངས་འབྲུ་ཙམ་གྱི་ལྷ་སྐུར་ལོ། །འདི་འདྲ་མུ་སྟེགས་ཆོས་ལུགས་ཡིན། །ཞེས་ཟེར། དེ་ལ་ཝལ་མང་ཁྱོད་སེམས་དང་སེམས་ཅན་གྱི་སྒྲ་དོན་ཙམ་གྱི་གོ་བའང་མ་ཆགས་པར་འདུག་ན། གཞན་དགག་པའི་ཁུར་ལེན་པ་བཞད་གད་ཀྱི་གནས་སོ། །ཇི་ལྟར་ཞེ་ན་གློ་བར་ལས་རླུང་ལ་ཞོན་པའི་སེམས་དང་། སྙིང་ན་ཡེ་ཤེས་ཀྱི་རླུང་ལ་ཞོན་པའི་ཡེ་ཤེས་གནས་པར་བཤད་ན། གློ་བར་སེམས་ཅན་རང་རྒྱུད་པ་གཅིག་དང་། སྙིང་ན་སངས་རྒྱས་རང་རྒྱུད་པའི་གང་ཟག་གཉིས་སུ་གོ་བ་བཞད་གད་དེ། །སེམས་ཅན་ཟེར་དུས་གང་ལ་སེམས་ཡོད་པའི་གང་ཟག་སྟོན་ཏེ་མིག་ལྡན་ཞེས་པ་བཞིན་ནོ། །སེམས་གློ་བར་གནས་པ་ལ་མི་རིགས་པ་ཅི་ཡོད་དེ། གཞན་དག་ཀྱང་མིག་ཤེས་ལ་གནས་ནས་གཟུགས་མཐོང་བ་སོགས་ཡན་ལག་གི་རླུང་ལྔ་ལ་ཞོན་པའི་རྣམ་ཤེས་ལྔ་དབང་པོ་ལྔ་ལ་རྒྱུ་ཞེས་བཤད་པ་བཞིན་ནོ། །ཁྱོད་ལྟར་ན་མིག་གི་ནང་ལ་གཟུགས་མཐོང་བའི་སེམས་ཅན་གཅིག ། རྣ་བར་སྒྲ་ཐོས་པའི་སེམས་ཅན་གཅིག་སོགས། སེམས་ཅན་རིགས་མི་གཅིག་པ་དྲུག་སྐྱེས་བུ་གཅིག་གི་ལུས་ལ་གནས་སོ་སོར་ཡོད་པར་འགྱུར་རོ། །ཡང་དེར་མ་ཟད་རྣམ་རྟོག་རེ་རེའང་སེམས་ཡིན་པས་དེ་དག་རིགས་མི་གཅིག་པའི་སེམས་ཅན་ཚད་མེད་པ་ལུས་གཅིག་ལ་ཡོད་པ་དང་། རླུང་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་ལ་ཞོན་པའི་རྣམ་ཤེས་དེ་སྙེད་ཀྱི་སེམས་ཅན་ལུས་ཀྱི་བ་སྤུའི་མཐར་ཐུག་པར་གནས་པར་ཁས་ལེན་དགོས་སོ། །དེ་བཞིན་དུ་ལུས་ལ་ཡེ་ཤེས་གནས་པ་ནི། དཔལ་དུས་ཀྱི་འཁོར་ལོའི་རྒྱུད་ལས། ལུས་ལས་མ་གཏོགས་གང་ཞིག་ཁྱབ་བྱེད་ཐར་བ་སྟེར་བའི་སངས་རྒྱས་འགའ་ཡང་ཡོད་མ་ཡིན། །སེམས་ཅན་རྣམས་ནི་སངས་རྒྱས་ཡིན་ཏེ་སངས་རྒྱས་ཆེན་པོ་གཞན་འདིར་འཇིག་རྟེན་ཁམས་ན་ཡོད་མ་ཡིན། །ཞེས་དང་། ཀྱཻ་རྡོ་རྗེའི་རྒྱུད་ལས། ལུས་ལ་ཡེ་ཤེས་ཆེན་པོ་གནས། །རྟོག་པ་ཐམས་ཅད་ཡང་དག་སྤང་། །དངོས་པོ་ཀུན་ལ་ཁྱབ་པ་པོ། །ལུས་ལ་གནས་ཀྱང་ལུས་སྐྱེས་མིན། །ཞེས་དང་། སམྦུ་ཊི་ལས། རང་གི་ལུས་ལ་སངས་རྒྱས་བཞུགས། །གཞན་དུ་གང་ནའང་སངས་རྒྱས་མེད། །མི་ཤེས་མུན་པས་བསྒྲིབས་པ་རྣམས། །ལུས་ལས་གཞན་དུ་སངས་རྒྱས་འདོད། །རྟོག་པ་ཐམས་ཅད་རྣམ་སྤངས་པའི། །ཡེ་ཤེས་ཆེན་པོ་ལུས་ལ་གནས། །དངོས་པོ་ཀུན་ལ་ཁྱབ་པ་སྟེ། །ལུས་ལ་གནས་ཀྱང་ལུས་མི་སྐྱེ། ཞེས་དང་། གཉིས་མེད་རྣམ་རྒྱལ་ལས། སེམས་ཅན་ཀུན་གྱི་སྙིང་ལ་ནི། །ཐུགས་ཀྱི་གསང་བ་སྙིང་པོ་བཞུགས། །དེ་ཉིད་སྙིང་པོ་གསུམ་ལྡན་པ། །བདེ་གཤེགས་སྙིང་པོ་འཇུག་པ་ཉིད། །ཅེས་དང་། བྲམ་ཟེ་ཆེན་པོས་ཀྱང་། མཁས་པ་རྣམས་ཀྱིས་བསྟན་བཅོས་འཆད་པའི་ཚེ། །ལུས་ལ་ཡེ་ཤེས་ཡོད་པ་མ་རྟོགས་སོ། །ཞེས་དང་། རྡོ་རྗེ་དྲིལ་བུ་པས། རྟག་ཏུ་སྙིང་ལ་གནས་པ་ཡི། །ཐིག་ལེ་གཅིག་ལ་འགྱུར་བ་མེད། །དེ་སྒོམ་བྱེད་པའི་སྐྱེ་བོ་ལ། །ངེས་པར་ཡེ་ཤེས་སྐྱེ་བར་འགྱུར། །ཞེས་གསུངས་པ་སོགས་ལུང་མཐའ་ཡས་མོད། དེ་ཙམ་གྱིས་གོ་ནུས་ཤིང་དེའི་རང་བཞིན་རྒྱས་པར་བཤད་ན། རྒྱུད་སྡེ་འགའ་ལ་སྙིང་གར་འོད་ལྔའི་ཐིག་ལེར་བཤད། རྫོགས་ཆེན་ནས་ཁྲོ་བོའི་སྐུ་ཡོངས་རྫོགས་སུ་གསུངས། ཀླད་པ་སོགས་རྩ་འཁོར་དུའང་དེའི་ཆས་ཁྱབ་པར་མ་ཟད། ཆོས་ཉིད་ཡིན་པས་ཆོས་ཅན་ཀུན་ལའང་ཁྱབ་སྟེ། བརྟན་གཡོ་ཀུན་ཁྱབ་ཀྱི་ཡེ་ཤེས་ཡིན་པའི་ཕྱིར་འོད་གསལ་བའི་ཡེ་ཤེས་རྣམ་པ་ཐམས་ཅད་པ་ཡིན་པ་ལ། འོད་ལྔའི་ཐིག་ལེ་ཡིན་པས་རུང་རྒྱུ་དང་། སྐུ་ཡོད་པས་མི་རུང་རྒྱུ་ཅི་ཞིག་ཡོད། གཞན་ཡང་སྨིན་མཚམས་སོགས་ན་གནས་ཉེར་བཞིའི་དཔའ་བོ་མཁའ་འགྲོ་ཡབ་ཡུམ་བཞུགས་པར་གསུངས་པ་དང་། གཟུགས་རྣམ་སྣང་སོགས་རིགས་ལྔ་རིགས་བརྒྱ་རིགས་གསུམ་གྱི་ལྷ་གྲངས་མེད་ཀྱང་སྐྱེས་བུ་གཅིག་གི་ལུས་ལ་ཡོད་པས། ཁྱེད་ལྟར་ན་གློ་སྙིང་གི་ནང་ན་སངས་རྒྱས་སེམས་ཅན་གཉིས་འདུག་ནས་ལམ་གཅིག་ལ་ཕར་འགྲོ་ཚུར་འགྲོ་བྱེད་པ་ལ་བཞད་གད་མི་འདུག་གི། སྐྱེས་བུ་གཅིག་གི་ལུས་ལ་སངས་རྒྱས་དང་སེམས་ཅན་གྱི་གྲོང་ཁྱེར་ཚད་མེད་པ་ཕར་རྒྱུ་ཚུར་རྒྱུ་ཡོད་འདུག་པ་ཡ་མཚན་ཆེའོ། །དེས་ན་སེམས་ལུས་ལ་གནས་ཤིང་དེ་ཡང་རྩ་རླུང་ཐིག་ལེ་ལ་བརྟེན་ནས་སྣ་ཚོགས་སུ་འཕོ་བ་རྒྱུད་སྡེ་སྤྱི་ནས་གསུངས། རྒྱུད་སྡེ་སོ་སོའི་ཟབ་གནད་འཁོར་ལོ་ལྔ་ནས་ཉེར་བཞི་སོགས་ཁྱད་པར་མི་འདྲ་བ་དུ་མའང་ཡོད། ཁྱད་པར་རྒྱུད་སྡེ་སྤྱི་ལས་དབུ་མར་ཡེ་ཤེས་ཀྱི་རླུང་རྒྱུ་ཞིང་དེ་ལ་བརྟེན་ནས་ཡེ་ཤེས་འཆར་བ་དང་། རོ་རྐྱང་དུ་ལས་རླུང་རྒྱུ་ཞིང་དེས་མ་དག་འཁོར་བའི་རྣམ་ཤེས་བསྐྱེད་པར་གསུངས་པ་ཐམས་ཅད་འདོད་པས། དེ་ལྟར་ན་དབུ་མའི་ནང་ན་སངས་རྒྱས། རོ་རྐྱང་ན་སེམས་ཅན། དེ་གསུམ་རྩ་བ་གཅིག་འདུས་ཀྱི་སུམ་མདོར་ལམ་ལ་འགྲོ་ཞེས་ཁྱོད་ཀྱི་ལུགས་ལ་དེ་ཡང་ཁས་ལོངས་ཤིག །དེས་ན་གློ་སྙིང་གཉིས་ན་ལས་རླུང་དང་ཡེ་རླུང་ལ་བརྟེན་པའི་རྣམ་ཤེས་དང་། ཡེ་ཤེས་གཙོ་བོར་གནས་པར་གསུངས་པ་ནི་རྫོགས་ཆེན་གྱི་ཁྱད་ཆོས་ཏེ། དེ་བཞིན་ཏུ་ཡེ་ཤེས་ཀྱི་འོད་ལྔ་སོགས་རྒྱུད་གཞན་ན་སྦས་པ་འདིར་གསལ་བའི་གནད་ག ཏེམས་པས་ཡེ་ཤེས་འཆར་བའི་གནད་ཁྱད་པར་ཅན་ཡོད་ལ། ལས་རླུང་གི་རྩ་བ་རོ་རྐྱང་ལ་གནས་ཀྱང་། གཏམ་འབྱིན་སོགས་ཀྱི་རླུང་ནི་གློ་བ་ལ་གཙོ་བོར་བརྟེན་པ་ཡིན་ཏེ་གློ་བ་དབུགས་མཚོ་ཞེས་གསུངས་པ་བཞིན་ནོ། །དེས་ན་སེམས་ཀྱི་རྟོག་པ་རྣམས་ལས་རླུང་ཕྲ་རགས་ཀྱིས་བསྐྱེད་པས། བཞོན་པའི་རླུང་གང་དུ་གནས་པ་ལ་བརྟེན་ནས་དེ་ཡི་རྣམ་ཤེས་དང་ཡེ་ཤེས་ཀྱང་གནས་པའི་གནད་འདིས་རླུང་ལ་གནད་དུ་བསྣུན་ན་འཁྲུལ་བ་འགགས་ཤིང་ཡེ་ཤེས་འཆར་བ་རྣལ་འབྱོར་བླ་མེད་ཀྱི་མན་ངག་ཡིན་ན་འདི་ལ་འཕྱར་ཁ་གཏོང་རྒྱུ་ཅི་འདུག་གམ། ཁྱེད་ནས་རླུང་དབུ་མར་ཞུགས་ནས་ཐིམ་པའི་ལག་རྗེས་ལ་འོད་གསལ་དང་སྒྱུ་ལུས་འབྱུང་བར་འདོད་པ་མིན་ནམ། དེས་ན་རྒྱུད་སྡེའི་དགོངས་ཟབ་འདི་འདྲ་འཆད་པ་ལྟ་ཅི་ཁྱོད་ལ་གོ་ཕྱོགས་ཙམ་ཡང་མི་འདུག་པས་རྟོག་གེའི་ནང་ནས་ཐ་ཆད་ཡིན་བཞིན་དུ། ད་དུང་ངོ་ཚ་བོར་ཏེ་གཞོན་ནུ་བུམ་སྐུ་གཅོག་པའི་ཐོ་བ་ཟེར་བའི་གཞུང་རྩོམ་པ་ནི་རང་ཉིད་དམྱལ་བར་འགྲོ་འདོད་ཀྱིས་བདུད་ཀྱིས་སྤོབས་པ་བྱིན་པ་གོར་མ་ཆགས་ཏེ། ད་དུང་དེའི་ཞོར་ལ་མི་ཤིགས་ཏི་ལ་ཀ་ཤི་བའི་ལྟོ་རྒྱུ་ཞིག་ཀྱང་ཞར་ལ་ཁྱོད་ཀྱི་གློ་རྒྱན་དུ་རང་བྱུང་དུ་སྐྱེས་ནས་ན་རག་གི་གྲོང་དུ་ཆབ་ཆོབ་སིལ་སིལ་འབྱོན་གྲབ་འདུག་པས་མཁས་པ་རྣམས་ཀྱིས་སྙིང་རྗེ་མཛོད་ཅིག །སྙིང་ལ་བཞུགས་པའི་ཡེ་ཤེས་འདི་ཡང་གདོད་མ་ནས་ལྷན་སྐྱེས་གཞི་ཡི་ཡེ་ཤེས་ཡིན་གྱི། གང་ཟག་རང་ངོའི་སྒྲིབ་པ་སྤངས་ཟིན་དག་པ་གཉིས་ལྡན་གྱི་སངས་རྒྱས་མཚན་ཉིད་པ་མིན་ཏེ། དྲི་བཅས་དེ་བཞིན་ཉིད་དུ་འདོད་པས་ན། སེམས་དང་སེམས་ཀྱི་ཆོས་ཉིད་ཡེ་ཤེས་གཉིས་འབྲེལ་མེད་རྒྱང་ཆད་ཀྱི་གང་ཟག་གཉིས་གློ་སྙིང་ནང་ན་ཡོད་པར་གོ་བའི་ཚིག་འདིས་རྒྱུད་སྡེའི་དགོངས་པ་མི་ཤེས་པའི་མཚང་ཁྱོད་རང་ལ་འཁོར་གྱི་རྫོགས་པ་ཆེན་པོའི་རྒྱུད་ཀྱི་དགོངས་པ་ལ་སྐྱོན་ག་ལ་ཡོད། ཅེས་གསུངས། ༈ སེམས་དང་རིག་པའི་ཁྱད་པར་གསུངས་ལན། སེམས་རིག་གཉིས་ཀྱིས་ཟླས་ཕྱེ་བའི་སེམས་ཞེས་བྱ་བ་ནི། ལས་རླུང་རྟ་རྒོད་ལོང་བ་ལྟ་བུ་དང་། རིག་པ་མི་འཕྱེ་བོ་ལྟ་བུ་དེ་གཉིས་ཕྲད་པར་གྱུར་བ་ལ་སེམས་ཞེས་བྱ་ཞིང་། སེམས་དེ་ལ་དབྱེ་ན་རྣམ་པར་ཤེས་པའི་ཚོགས་བརྒྱད་ཡོད་ལ། དེའང་ད་ལྟ་ནས་ཚོགས་བརྒྱད་ཀྱི་ཡུལ་ཀུན་མ་འགགས་བཞིན་ཏུ་གདོད་མའི་འོད་གསལ་གྱི་རིག་པ་ངོས་ཟིན་རྒྱུ་ཡོད་པ་འདི་འོད་གསལ་རྫོགས་པ་ཆེན་པོའི་ལམ་གྱི་ཁྱད་ཆོས་ཡིན། ལམ་གཞན་བླ་མེད་ཡིན་ཡང་དེ་ཉིད་ངོས་ཟིན་ཕྱིར་རྩ་ཐིག་རླུང་གསུམ་ལ་གནད་དུ་བསྣུན་ཏེ། སྣང་གསུམ་མཐའི་འོད་གསལ་ངོས་ཟིན་དགོས་པ་དེ་ནི་རྩོལ་བའི་ལམ་ཡིན་གསུངས།
དེ་ཕྱིར་སེམས་དང་རིག་པའི་ལ་ཤན་ལེགས་པར་ཕྱེས་ཏེ་རིག་པ་ཉིད་རྣམ་པར་ཤེས་པའི་ཚོགས་བརྒྱད་དང་བྲལ་ཏེ་རྗེན་པར་ཤར་བའི་ཚེ་དཔེ་ཡི་འོད་གསལ་ཤར་བ་ཡིན་ཏེ། སྣང་གསུམ་མཐའི་འོད་གསལ་ཉམས་སུ་མྱོང་བ་དང་རྫོགས་ཆེན་གྱི་རིག་ངོ་རྗེན་པར་རྟོགས་པ་གཉིས། འཇིག་རྟེན་ལས་འདས་པའི་ཤེས་རབ་ཀྱི་དབང་པོའམ་སོ་སོ་རང་རིག་པས་མངོན་སུམ་དུ་མཐོང་བ་ཡིན་གྱི་རྗེས་དཔག་ལ་ལྟོས་པ་མ་ཡིན་ནོ། །འོ་ན་ཆོས་ཉིད་ཀྱི་བདེན་པ་གཟིགས་པའི་འཕགས་ལམ་ས་དང་པོ་ཡིན་ནམ་ཞེ་ན། མ་ཡིན་ཏེ་ད་ལྟ་སྔགས་མཚན་བཅས་ཀྱི་ལམ་གྱི་འོད་གསལ་ཤར་བ་དང་། མཚན་མེད་འོད་གསལ་རྫོགས་ཆེན་གྱི་རིག་ངོ་འཕྲོད་པ་དེ་གཉིས་དཔེ་ཡི་འོད་གསལ་དངོས་ཤར་བ་ཆུ་ནང་གི་ཟླ་གཟུགས་ལྟ་བུ་ཡིན་ལ། དེ་ནི་ཟླ་བའི་གཟུགས་བརྙན་ཆུ་ལ་ཤར་བ་ལ་ཟླ་བ་དངོས་ལ་ཡོད་པའི་རྣམ་པ་རྣམས་སྣང་བ་དང་འདྲ་བ་ཡིན་ནོ། །གཞན་སྐྱེས་བུ་དམ་པ་མང་པོས་འདི་ནི་རྗེས་དཔག་གི་རྟོག་པ་མ་ཡིན་ཏེ། རང་གིས་མངོན་སུམ་དུ་རྟོགས་པ་ཡིན་པས་སྔགས་ཀྱི་མཐོང་ལམ་ཡིན་ཞེས་གསུངས་ཏེ། ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་སོགས་མེད་པ་ནི་ལུས་རྒྱས་སྒྲིབ་པ་སོགས་སུ་འཆད་པ་དང་། རང་ལུགས་ཀུན་མཁྱེན་ཀློང་ཆེན་རབ་འབྱམས་དང་། འཇམ་མགོན་མི་ཕམ་རིན་པོ་ཆེ་རྣམ་གཉིས་ཀྱིས་སྔགས་ཀྱི་མཐོང་ལམ་དངོས་མིན་ཡང་ཆོས་ཉིད་དེ་བཞིན་ཉིད་དངོས་སུ་རྟོགས་པ་ཡིན། མཐོང་ལམ་ལ་ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་སོགས་ཡོད་དགོས་པས། འདི་རང་རིག་མངོན་སུམ་ཡིན་ཡང་དཔེ་ཡི་ཡེ་ཤེས་སུ་བཞེད། དོན་གྱི་ཡེ་ཤེས་ཟླ་བ་དངོས་མཐོང་བ་ལྟ་བུ་མཐོང་ལམ་དུ་བཞེད་དོ། །ཡོན་ཏན་རིན་པོ་ཆེའི་མཛོད་ལས། གང་དག་སེམས་ལས་འདས་པའི་རིག་པ་ནི། །རང་བཞིན་རྫོགས་པ་ཆེན་པོའི་ཁྱད་ཆོས་ཡིན། །ཞེས་གསུངས་པ་འདི་གཉིས་དཔེ་ཡི་སྒོ་ནས་ཕྱེ་ན། སེམས་ནི་ཁ་ཕྱིར་བལྟས་སུ་ཡུལ་སྣ་ཚོགས་པའི་རྗེས་སུ་འབྲངས་ནས་དེ་དང་དེར་འཛིན་ཅིང་དཔྱོད་པས་ཚེས་བཅོ་ལྔའི་ཟླ་བ་རང་འོད་ཕྱིར་འཕྲོས་ཏེ་ཡུལ་ཐམས་ཅད་ཁྱབ་ཅིང་འདྲེས་པ་ལྟ་བུ་དང་། རིག་པ་ནི་གནམ་སྟོང་གི་ཟླ་བ་རང་འོད་ཕྱིར་མི་འཕྲོ་བར་གཏིང་ན་གསལ་བ་དང་འདྲ་བར་རང་གནས་ཀྱི་རིག་པ་དྭངས་གསལ་འགགས་པ་མེད་པ་མེ་ལོང་ལ་གཟུགས་བརྙན་ཚུར་ཤར་བ་ལྟར། སྣང་ཡུལ་ཐམས་ཅད་མ་འགགས་པར་བཀྲ་ལམ་མེ་གསལ་ཡང་ཕར་ཡུལ་ཐོག་ཏུ་མི་འཆོར་ཞིང་། རིག་པ་གསལ་ངར་དང་ལྡན་པའི་རང་ཚུགས་མ་ཤོར་བས་བྱིང་རྨུགས་ཀྱང་མེད་ལ། རྩལ་ལས་ཤར་བའི་རྟོག་པ་ཐམས་ཅད་བག་ཆགས་གསོག་ལོང་མེད་པར་རང་གྲོལ་དུ་སོང་ནས་རྒོད་པ་དང་བྲལ་བ་ཡིན་ནོ། །དེ་ལྟར་དཔེ་དོན་གྱི་སྒོ་ནས་ཤན་འབྱེད་ཚུལ་མང་ངོ་། །མདོར་ན་རྣམ་ཤེས་ཚོགས་བརྒྱད་ཀྱི་ཆོས་ཉིད་ནི་ཡེ་ཤེས་ཡིན་ཏེ། ཚོགས་བརྒྱད་ནི་ཆོས་ཅན་དང་། དེའི་རང་བཞིན་ཆོས་ཉིད་ཀྱི་ཡེ་ཤེས་གཉིས་ནི། གཅིག་ཐ་དད་གང་དུའང་ཁས་བླང་བར་མི་བྱ་སྟེ། དགོངས་འགྲེལ་ལས། འདུ་བྱེད་ཁམས་དང་དོན་དམ་མཚན་ཉིད་ནི། །གཅིག་དང་ཐ་དད་བྲལ་བའི་མཚན་ཉིད་དེ། །གཅིག་དང་ཐ་དད་དུ་ཡང་གང་རྟོག་པ། །དེ་དག་ཚུལ་མིན་ལྟ་ལ་ཞུགས་པ་ཡིན། །ཞེས་པ་ལྟར། དེའི་ཕྱིར་དེ་གཉིས་ཐ་སྙད་དུ་གཅིག་མ་ཡིན་ཏེ་སེམས་རྟོགས་པ་ཙམ་གྱིས་སེམས་ཀྱི་ཆོས་ཉིད་ཡེ་ཤེས་མི་རྟོགས་པ་དང་། ཆོས་ཅན་དང་ཆོས་ཉིད་ཡིན་པ་སོགས་ཀྱི་ཕྱིར་རོ། །དོན་དམ་པར་ཐ་དད་མིན་ཏེ། སེམས་ཀྱི་རང་བཞིན་ཡེ་ཤེས་ཡིན་པས་ཡེ་ཤེས་རྟོགས་དུས་སེམས་ཀྱང་དེ་ལས་ཐ་དད་དུ་མ་དམིགས་པའི་ཕྱིར་དང་། སྙིང་ཁ་ཆོས་ཀྱི་འཁོར་ལོ་ནས་འོད་གསལ་རིག་པའི་ཡེ་ཤེས་དེ་ཉིད་སད་པའི་ཚེ། སེམས་ཞེས་བྱ་བ་རྡུལ་ཕྲ་བ་ཙམ་ཡང་མེད་དོ། །གང་ཤར་ཐམས་ཅད་རང་སྣང་ཡེ་ཤེས་ཀྱི་དཀྱིལ་འཁོར་ཆེན་པོར་ཤར་ནས་རིན་ཆེན་གསེར་གླིང་དུ་ཕྱིན་དུས་ས་རྡོ་ཕལ་པ་བཙལ་ཀྱང་མི་རྙེད་པ་ལྟ་བུ་ཡིན་པས་འདི་ནི་ཤིན་ཏུ་གལ་ཆེ་བས་དགོངས་ཆུབ་ཞུ། ༈ ཐེག་མཆོག་མཛོད་ལས་ལུས་ཟང་ཐལ་ལ། རྣམ་ཤེས་ཀུན་གཞིའི་ཆ་རྟོག་མེད་ཡུལ་རིག་མེ་སྟག་འཕྲོ་བ་བཞིན་གསལ་དྭངས་པ། ཕྱིར་ཞིང་སྣང་དང་ནང་དུ་རང་སྣང་གི་སྣང་ཆ་གཉིས་མཐོང་བས་ལུས་སེམས་འབྲེལ་ཆོད། ཅེས་དང་། འདིའི་དུས་སུ་མཐོང་བྱེད་ཀྱང་ཀུན་གཞིའི་རྣམ་པར་ཤེས་པའི་ཆ་སྐར་མདའ་འམ་མེ་སྟག་འཕྲོ་བ་ལྟ་བུ་དང་། རིག་པའི་ཐུགས་རྗེ་ཤེས་རབ་ཀྱི་ཆ་གཉིས་ཡོད་པས། མཐོང་བྱ་ཕྱི་ནང་གཉིས་མཐོང་བའི་ཤེས་པའི་ཆར་བྱུང་བའོ། །ཞེས་སོ། །ཚིག་དོན་མཛོད་ལས། དེ་ཡང་རིག་པ་ལ་ཕྲ་བའི་རླུང་མེ་སྟག་སོ་མ་འཕྲོ་བ་དེས་རྟ་བྱས་ནས་འཁོར་བའི་སྣང་ཆ་མཐོང་བ་མ་འགགས་པའི་རྟེན་བྱེད་ལ། རིག་པ་དངོས་ལ་ཡེ་ཤེས་ཀྱི་རང་གདངས་ཡོད་པའི་ཆས་མྱ་ངན་ལས་འདས་པའི་མཐོང་ཆ་མ་འགགས་པས་སྣང་བ་གཉིས་འཛིན་པ་སྟེ། རྒྱང་ཞགས་ཀྱིས་གཉིས་ཀྱི་ཆ་འཛིན་དང་གཅིག་པར་སྣང་ངོ། །དོན་ལ་ལྷུན་གྲུབ་ཀྱི་སྒོ་ཡོད་པའི་ཆ་ལས་ཤར་བ་ཡིན་ནོ། །ཞེས་སོ། ༈ །སངས་རྒྱས་ཀྱི་སྙིང་པོའམ་རིག་པ་ཡེ་ཤེས་དེ་ཉིད་འཁྲུལ་སྣང་གདོས་བཅས་ཀྱི་ལུས་དང་འབྲེལ་བར་གནས་པས་བྱིན་རླབས་ཡེ་ཤེས་ཀྱི་སྣང་བ་འཆར་བའི་ཚུལ་ཡང་བཞུགས་གནས་དངོས་ནི་སྙིང་རིན་པོ་ཆེ་དཔལ་གྱི་བེའུའི་དབུས་སུ་གནས་ལ། དེའི་གདངས་ནི་དུང་ཁང་བྷནྫ་འབར་བའི་གཞལ་ཡས་དང་། ལྟ་བྱེད་མིག་གི་གཞལ་ཡས་དང་། འགྱུ་བྱེད་རྩའི་གཞལ་ཡས་ན་གནས་ཏེ། ཐལ་འགྱུར་ལས། ཙིཏྟ་རིན་ཆེན་གཞལ་ཡས་སུ། རིན་ཆེན་འདུས་པ་ཟུར་བརྒྱད་སྒོ། །ཡེ་ཤེས་ལྔ་དང་སྐུ་ལྔ་སྟེ། རླུང་དང་ཤེས་པའི་རྩལ་ཡང་ལྔ་། ཐམས་ཅད་ལྔ་ལྔའི་རང་བཞིན་ནོ། །ཞེས་གསུངས་སོ། །དེའང་ངོ་བོ་སྐུར་གནས་པ་བུམ་པའི་སྐུ་ལྟ་བུ། རང་བཞིན་འོད་དུ་གནས་པ་བུམ་ནང་གི་མར་མེ་ལྟ་བུ། ཐུགས་རྗེས་འོད་ཟེར་དུ་གནས་པ་ཉི་མའི་འོད་ཟེར་ལྟ་བུའོ། །སྙིང་གའི་འོད་གསལ་ལས་སྒོ་བཞིར་གྱེས་པའི་རྩ་བཞི་སྟེ། ཀ་ཏི་གསེར་གྱི་རྩ་ཆེན་ནས་འོད་གསལ་གྱི་སྣང་བ་འབྱུང་བའི་རྟེན་བྱེད། དར་དཀར་སྣལ་མ་ནས་ཕྱི་ཡུལ་ལ་འཇུག་པའི་རྟེན་བྱེད། ཕྲ་ལ་འཁྲིལ་ནས་རང་འཆར་བའི་རྟེན་བྱེད། ཤེལ་སྦུག་ཅན་ནས་རང་སྣང་བའི་རྟེན་བྱེད་དོ། །སྟོང་པ་རང་གྲོལ་ནི་ཚངས་བུག་ལ་ཟུག་པ་སྟེ། ལུ་གུ་རྒྱུད་སྐུའི་རྟེན་བྱེད་པ་དང་བསྡོམས་ན་རྩ་ལྔ་སྟེ་ཡེ་ཤེས་ལྔའི་འོད་ཡིན་ལ། རང་བཞིན་དུ་གཞིར་བྱེད་པས་སྒྲོན་མ་བཞིའི་འཕེལ་སྟོན། འོད་ཀྱི་རྩ་བཞི་ནས་འོད་གསལ་དག་པའི་ཐིག་ལེ་རྒྱུ་བ་དེ་ལ་བརྟེན་ནས་འོད་གསལ་བསྒོམ་པ་སྟེ། དེའང་ཀ་ཏི་གསེར་གྱིི་རྩ་ཆེན་ན་གཞིའི་ཐིག་ལེ་བཟང་པོ་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་གྱི་བད ག་ཉིད་སྙིང་ག་ལ་བརྟེན་ནས་གནས་སོ། །དར་དཀར་སྣལ་མ་ན་ལམ་གྱི་ཐིག་ལེ་བཟང་པོ་སྒྲོན་མ་བཞི་དང་བཅས་པ་ཆུའི་སྒྲོན་མ་སྟེ་གཡས་ནའོ། །ཕྲ་ལ་འཁྲིལ་ན་བཟང་པོའི་རྩེ་མོའི་ཐིག་ལེ་ཉམས་གོང་འཕེལ་གྱི་སྣང་བ་སྣ་ཚོགས་པ་གཡོན་ནའོ། །ཤེལ་སྦུག་ཅན་ན་ཚད་ཕེབས་ཀྱི་སྣང་བའི་རྟེན་ནང་གསལ་ཡེ་ཤེས་ཀྱི་འཆར་གཞི་གནས་སོ། །སྟོང་པ་རང་གྲོལ་མ་རྡོ་རྗེ་ལུ་གུ་རྒྱུད་ཀྱི་སྐུ་གནས་པའོ། །ཡེ་ཤེས་ཀྱི་སྣང་བ་ཕྱིར་གསལ་དུ་འཆར་བའི་སྒོ་ནི་མིག་གཉིས་ཡིན་ལ་དེའང་མིག་གཡས་ནས་རྒྱང་ཞགས་ཆུའི་སྒྲོན་མ་དང་ཤེས་རབ་རང་བྱུང་གི་སྒྲོན་མ་གཉིས་ཏེ་ཇི་སྙེད་མཁྱེན་པའི་ཡེ་ཤེས་ཐབས་སྣང་བའི་རང་བཞིན་དུ་འཆར་ལ། མིག་གཡོན་ནས་ཐ ིག་ལེ་སྟོང་པའི་སྒྲོན་མ་དང་དབྱིངས་རྣམ་དག་གི་སྒྲོན་མ་གཉིས་ཇི་ལྟ་བ་མཁྱེན་པའི་ཡེ་ཤེས་ཤེས་རབ་སྟོང་པའི་རང་བཞིན་དུ་འཆར་ཞིང་། དེའི་དབུས་ཚངས་པའི་བུ་ག་ནས་རིག་པ་རྟོག་མེད་ཀྱི་ལུ་གུ་རྒྱུད་ཐིག་ལེ་བརྩེགས་མར་སྣང་བའོ།།
༼༈༽ བྱ་བ་དགུ་ཕྲུག་ནི། ཉམས་ལེན་གནད་ཀྱི་སྒྲོན་མ་ལས། དེ་ཡང་ལུས་ཀྱི་ཕྱིའི་བྱ་བ་ཚོ ང་དང་སོ་ནམ་ལ་སོགས་པ་འཇིག་རྟེན་གྱི་འདུ་འཛི་དང་གཡེང་བ། ནང་གི་བྱ་བ་ཐུན་མོང་གི་ཆོས་སྤྱོད་ཕྱག་དང་བསྐོར་བ་ལ་སོགས་པ། གསང་བའི་བྱ་བ་ཐུན་མོང་མ་ཡིན་པའི་ཕྱག་རྒྱ་གར་ལ་སོགས་པ་སྟེ། མདོར་ན་གཡོ་བྱེད་ལུས་ཀྱི་སྤྲོས་པ་མཐའ་དག་གཏོང་ཞིང་། ངག་གི་ཕྱིའི་བྱ་བ་ངག་འཁྱལ་གཏམ་ཚིག་རྩུབ་ལ་སོགས་པ་འཇིག་རྟེན་ཐ་མལ་བའི་ངག་གི་སྨྲ་བརྗོད། ནང་གི་བྱ་བ་ཐུན་མོང་གི་འདོན་བཟླས་ཁ་ཏོན། གསང་བའི་བྱ་བ་ཐུན་མོང་མ་ཡིན་པའི་བཟླས་བརྗོད་ལ་སོགས་པ་སྟེ། མདོར་ན་སྨྲ་བརྗོད་དང་འཇུག་པ་མཐའ་དག་བཏང་ལ། སེམས་ཀྱི་ཕྱིའི་བྱ་བ་འཇིག་རྟེན་གྱི་རྣམ་རྟོག །ནང་གི་བྱ་བ་ཐུན་མོང་གི་ཆོས་ལ་རྟོག་དཔྱོད་དང་བསམ་མནོ། གསང་བའི་བྱ་བ་ཐུན་མོང་མ་ཡིན་པའི་བསྐྱེད་རིམ་ལ་སོགས་པའི་བློས་བྱས་ཀྱི་སྒོམ་པ་ཐམས་ཅད་དོ། །མདོར་ན་དྲན་བསམ་ཡིད་ཀྱི་འཕྲོ་འདུ་ཐམས་ཅད་བཏང་ལ་སྒོ་གསུམ་དལ་བ་བསྟེན་པར་བྱའོ། །ཞེས་དང་། རྡོ་གྲུབ་རིན་པོ་ཆེས། ལུས་ཀྱི་ཕྱིའི་བྱ་བ་ཁྱིམ་གྱི་སོ་ནམ་ལ་སོགས་པ་དང་། ནང་གི་བྱ་བ་ཕྱག་སྐོར་དཀའ་སྤྱད་ལ་སོགས་པ་དང་། གསང་བའི་བྱ་བ་ཕྱག་རྒྱ་གར་མཆོད་ལ་སོགས་པ་དང་། ངག་གི་ཕྱིའི་བྱ་བ་བྲེ་མོའི་ཀྱལ་ཀ་དང་། ནང་གི་ཁ་ཏོན་ཀློག་བཟླས། གསང་བའི་བསྙེན་སྔགས་བཟླས་སྒྲུབ་ལ་སོགས་པ་དང་། སེམས་ཀྱི་ཕྱིའི་བྱ་བ་ཆགས་སྡང་འཁོན་འཛིན་ལ་སོགས་པ་དང་། ནང་གི་ལྟ་བ་གྲུབ་མཐའི་རྗེས་དཔྱོད་ལ་སོགས་པ་དང་། གསང་བའི་ལྷ་ཡི་བསྐྱེད་རིམ་གྱི་སྤྲོས་པ་ལ་སོགས་པ་དེ་དག་ཐམས་ཅད་ལས་རླུང་འཕེལ་བ་མཐུ་ཆེ་བར་བྱེད་པ་ཤ་སྟག་ཏུ་ངེས་ཤིང་ཇི་ལྟ་ཇི་ལྟར་ལས་ཀྱི་རླུང་རྣམ་རྟོག་སྤྲོས་པའི་ཁ་ལོ་བ་དབང་བཙན་པ་དེ་ལྟ་དེ་ལྟར་འོད་གསལ་གཉུག་མ་ཆོས་ཟད་ཀྱི་ཡེ་ཤེས་ཆེན་པོའི་བཞོན་པའི་ཤིན་ཏུ་ཕྲ་བའི་རླུང་བག་ལ་ཞ་བར་འགྱུར་ལ། ཇི་སྲིད་དེ་མངོན་དུ་མ་གྱུར་བ་དེ་སྲིད་དུ་རང་བཞིན་ཡེ་གནས་ཀྱི་རིག་པ་ཐེར་ལ་མི་འབུད་པ་ཡིན་པས་རྩ་བ་འདི་ལ་ཐུག་གོ །ཞེས་གསུངས་སོ། །༼༈༽ ཨ་ཏི་ཟབ་དོན་ལས། དང་པོ་ཁྱུང་གི་འདུག་སྟངས་ནི༔ རྐང་མཐིལ་གཉིས་སྤྲད་ལུས་དྲང་པོར་བསྲངས༔ ལག་པ་རྡོ་རྗེའི་ཁུ་ཚུར་བརླ་སྟེང་དུ་ཕབ༔ མཇིང་པ་ཅུང་འགུགས༔ མིག་སྨིན་ཕྲག་གི་ནམ་མཁར་བལྟས་ཏེ་ཉམས་སུ་བླང་ངོ་༔ གཉིས་པ་སྟག་སྐྱུག་གི་འདུག་སྟངས་ནི༔ རྐང་པ་སྔར་བཞིན་ལ་རྡོ་རྗེ་ཁུ་ཚུར་གསང་བར་ཕབ༔ ལྟག་རྩ་འཐེན༔ མགྲིན་པ་གུག༔ མིག་གཉིས་སྨིན་ཕྲག་ཏུ་བསྒྲིལ་ཏེ་ཐད་སོར་བལྟས་ལ་ཉམས་སུ་བླང་ངོ༔ གསུམ་པ་སྐྱེས་བུ་ནི༔ ལུས་ཙོག་པུ་ལ་ལག་གཉིས་བར་ལྷུ་ལ་འཁྱུད༔ མཇིང་པ་བག་ཙམ་གྱེན་དུ་བཏེག་ལ་ནམ་མཁར་ཧྲིལ་པོར་བལྟས་ལ་བྷྱེཾ་མོ༔ བཞི་པ་ཝ་ཡི་འདུག་སྟངས་ནི༔ རྐང་པ་དྲང་སྲོང་ལྟ་བུ་ལ་ལག་པ་མཐེ་བོང་འཆང་བའི་ཁུ་ཚུར་རྐང་མགོའི་གཞོག་གཉིས་སུ་ཕབ༔ དཔུང་པ་གྱེན་དུ་འཐེན་ཞིང་བརྒྱང༔ རྒལ་ཚིགས་བསྲངས་མིག་གཉིས་ཅུང་ཟད་ཟུམ་བུས་གཡས་གཡོན་གྱི་ཟུར་ལ་ཁྲིད་དེ་ཉམས་སུ་བླང་ངོ༔ ལྔ་པ་བྱ་རྒོད་ནི༔ རྐང་པ་རྡོ་རྗེའི་འདུག་སྟངས་ཅུང་ཟད་མདུན་ཏུ་བཟུང༔ ལག་གཉིས་ཁུ་ཚུར་དཔྱི་མགོའི་རྩར་བཙུགས༔ རྒལ་ཚིགས་བསྲངས༔ ལྟག་རྩ་འཐེན༔ མིག་གཉིས་ཤིན་ཏུ་ཟུམ་པས་ཟུར་གཉིས་ལ༔ལུ་གུ་རྒྱུད་ལྡིང་ཐབས་ཀྱིས་ཁྲིད་ལ་བལྟའོ༔ དྲུག་པ་གྱད་ཀྱི་འདུག་སྟངས་ནི༔ རྐང་པ་སྐྱིལ་ཀྲུང་གྲུ་མོ་བརླ་སྟེང་དུ་བཙུགས༔ ལག་མཐིལ་གཉིས་ཀྱིས་འདན་༼འགྲམ་༽ པ་སྐྱོར༔ སྒལ་ཚིགས་བསྲང་ཅི་ཐུབ་བྱ༔ མིག་ཟུ མ་བུས་ཕབ་ལྡོག་གིས་གཡོན་གྱི་ནམ་མཁར་ལུ་གུ་རྒྱུད་འཁྲིད་ལ་བསྒོམ༔ བདུན་པ་ཆུ་སྲིན་ནི༔ རྐང་པ་སྐྱིལ་ཀྲུང་ལ་ལག་པ་པུས་མོ་ལ་བཀབ༔ ལུས་བསྲང༔ མཇིང་པ་ཅུང་ཟད་དགྱེ་བས་མིག་ཟུར་གཡས་སུ་ཁྲིད་ལ་ཟུམ་གྱིས་ལྟ་ཞིང་སྒོམ༔ ཞེས་གསུངས། ༼༈༽ ཐེག་མཆོག་རིན་པོ་ཆེའི་མཛོད་ལས། ངག་གི་གནད་སྨྲ་བ་བཅད་ལ་བསྟེན། ཐལ་འགྱུར་ལས། ངག་ནི་བསླབ་དང་གནས་པ་དང་། །ལ་བཟླ་བརྟན་པར་བྱ་བའོ། །ཞེས་པས་དང་པོ་ངག་བསླབ་པ་ནི། སྨྲ་བ་ཇེ་ཉུང་ཐ་མལ་གྱི་གཏམ་སྨྲ་བ་བཅད་པ་ལ་ཐུན་ཆུང་ངུ་བསླབ། དེ་ནས་རིང་དུ་བསླབ། སྐབས་སུ་སྨྲ་རྒྱུ་མེད་ཀྱང་གཅིག་པུ་སྨྲའོ། །གནས་པ་ནི་སྔགས་དང་བརྗོད་པ་ལ་སོགས་པ་དགེ་བའི་བརྗོད་པ་མི་དགག །གཞན་དང་ཚིག་འབྲུ་གཅིག་ཀྱང་མི་འདྲེའོ། །འདིའི་དུས་ན་ལུས་ཀྱི་བརྡས་གོ་བར་བྱེད་པའོ། །ལ་བཟླ་བ་ནི་སྔགས་ལ་སོགས་པ་བརྗོད་པ་ཐམས་ཅད་མི་བྱའོ། །བརྟན་པ་ནི། ཅི་ཡང་མི་བརྗོད་པའི་ངང་ལས་མི་འདའ་བར་བྱེད་པ་སྟེ་ལུས་ཀྱི་བརྡ་ཙམ་ཡང་མི་བྱ་བ་ཡིན་ནོ། །ས་བོན་གྱི་རྒྱུད་ལས། ངག་ནི་ཇི་ལྟར་ལྐུགས་པ་བཞིན། །སུ་དང་བརྡ་ཙམ་ཉིད་མི་བྱ། །འདི་ལྟར་སུ་ཡིས་བྱས་པའི་མི། །སེམས་ཀྱི་འཕྲོ་འདུ་རང་ཆོད་དོ། །ཞེས་སོ། །ངག་གི་སྨྲ་བ་བཅད་པས་བརྗོད་དུ་མེད་པའི་དོན་རྒྱུད་ལ་སྐྱེ་སྟེ། འགྲོ་བ་གཞན་དང་ངག་མ་འདྲེས་པས་ལུས་འབྱོངས་པའི་དགོས་པ་ཡོད། ལུས་འབྱོངས་པས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་། མཁའ་སྤྱོད་ཀྱི་མཁའ་འགྲོ་མ་རྣམས་ཀྱིས་བྱིན་གྱིས་བརླབས་ནས་ལུས་སྒྱུ་མའི་སྐུར་གྲོལ་བའོ། །དེ་ནས་བརྗོད་བྱ་བཀག་པས་ངག་འབྱོངས་ཏེ། རྟགས་སུ་མི་མ་ཡིན་པ་རྣམས་དང་བརྡ་འཕྲོད་ཅིང་གཏམ་ཟེར་བ་དག་འོང་། ངག་གི་བརྗོད་པ་བཀག་པས་ཡིད་འབྱོངས་ཏེ་དེའི་རྟགས་སུ་སྔོན་དུ་མི་མ་ཡིན་གྱི་གཟུགས་མཐོང་བ་དང་། དེ་ནས་མངོན་པར་ཤེས་པ་དུམ་བུ་པ་འཆར་རོ། །དེ་ལྟར་ངག་གི་གནད་ཀྱིས་ལུས་སེམས་ཀྱི་འབྲེལ་གཅོད་པའི་གནད་ཀྱི་གདམས་པའོ། །ཞེས་དང་། གནད་གསུམ་ཆོས་ཉིད་ཀྱི་འཁོར་ལོ་ལས། ངག་གི་གནད་ལ་སྨྲ་བ་བཅད་པ་དང་། རླུང་དལ་བས་སྟོང་པར་བྱ་བ་གཉིས་ལས། སྨྲ་བ་མ་བཅད་ན་ངག་གི་བརྗོད་པས་སེམས་འཁྲུགས་ཤིང་རྩོད་པ་དང་བཅས་པས་དུས་འདའ་བ་དང་། སྒྲིབ་པར་འགྱུར་བ་དང་། ཏིང་ངེ་འཛིན་ལས་ཉམས་པ་ལ་སོགས་པའི་ཉེས་པ་དུ་མ་ལ་རེག་པས་མི་སྨྲ་བ་ལ་བསླབ་བོ། དེ་ཡང་དང་པོ་ལུང་སྟོང་ལ་སོགས་པའི་དབེན་པར་སོང་ལ། ཅི་ཙམ་བརྗོད་པར་འདོད་ཅིང་གང་ལ་ཞེན་པའི་སྨྲ་བརྗོད་དེ་ཉིད་བརྒྱ་སྟོང་དུ་མར་བརྗོད་ཅིང་། འདས་མ་འོངས་ད་ལྟར་གྱི་བརྗོད་པའི་རྣམ་པ་རྣམས། དྲན་པས་བསླངས་ནས། སྐད་ཅིག་ཀྱང་མི་དལ་བར་བརྗོད་པས་ཐང་ཆད་པས་བརྗོད་སྙིང་མི་འདོད་པར་འགྱུར་པ་ན། ཉིན་རེ་བས་ངག་ཇེ་ཉུང་ལ་བཏང་ལ་ཟླ་བ་གཅིག་ལ་གཞན་དང་མི་སྨྲ་བ་དང་། དེ་ནས་ཞག་བཅུ་ན་རང་གི་སྔགས་དང་ཁ་ཏོན་ཙམ་ཡང་མི་བརྗོད་པ་ལ་བསླབས་པས་བརྗོད་དུ་མེད་པའི་དོན་རྒྱུད་ལ་སྐྱེ་བར་བྱེད་དོ། །རླུང་དལ་བས་སྟོང་པར་བྱ་བ་ནི། འགྲོ་འོང་ལས་ཀྱི་རླུང་ནི་རང་སོར་བཞག་པས་རྟོག་ཚོགས་ཉོན་མོངས་པའི་རླུང་བག་ལ་ཞ་སྟེ། རིག་པ་ཡེ་ཤེས་ཀྱི་རླུང་དབྱིངས་སུ་འཁྱིལ་བ་ནི། གནད་གཅིག་ཏུ་ཡོད་པའི་ཕྱིར་རོ། །དེ་ཡང་གློ་བ་ན་འགྲོ་འོང་གི་རླུང་རྟའི་ཚུལ་ཏུ་ཡོད་པ་ལས། སྙིང་ནང་ན་རྩ་གྲོ་སོག་གི་སྦུག་མ་ཙམ་ན་ཚུར་ཡེ་ཤེས་ཀྱི་གདངས་ཞུགས་པ་མི་ལྟར་སོང་བ་གཉིས་འདྲེས་པས་སེམས་ཞེས་བྱ་བ་འབྱུང་སྟེ། རླུང་ཟད་པ་དང་འགགས་པ་ན་རྟོག་པ་འགགས་ནས་མི་རྟོག་པ་སང་བག་དང་བཅས་པ་འོང་བ་ནི། དེའི་ཚེ་རླུང་རང་ཞི། ཡེ་ཤེས་ཀྱི་གདངས་སྙིང་ནང་ན་མི་གཡོ་བར་བཞུགས་པའི་གནད་ཀྱིས་སོ། །སྙིང་ནས་འཁོར་ལོ་བཞིའམ་ལྔར་ཡེ་ཤེས་ཀྱི་གདངས་ཞུགས་པ་ན། འཁོར་ལོ་བཞི་ནས་སྦྱང་བྱ་ལས་ཀྱི་རླུང་འགྱུ་བ་དང་བཅས་པ་དང་། སྦྱོང་བྱེད་ཡེ་ཤེས་ཀྱི་རླུང་འགྱུ་བ་མེད་པ་དང་། གདངས་ཉིད་སྦྱང་གཞི་རིག་པའི་ཡེ་ཤེས་སུ་ཞུགས་པས་སྣ་བུག་གཉིས་རོ་རྐྱང་གི་རྩ་ནས་ཞུགས་པའི་རླུང་འཁོར་ལོ་བཞིའི་རྩ་ནང་དུ་ཟིན་པས། རྟོག་མེད་ཀྱི་ཡེ་ཤེས་སུ་འཆར་བ་ཡང་འགྱུ་བ་རང་ཐིམ་སྟེ། གློ་བའི་རླུང་ཐིམ་པ་དང་གནད་གཅིག་གོ །དེས་ན་ཁ་སྣའི་རླུང་དལ་བུས་རང་སོར་ཞི་བ་ལ་བསླབ་ཅིང་སྙིང་ཐིག་པས་རླུང་ཁ་ནས་དྲང་ཞིང་དལ་བུས་བྱ་བ་ལ་བསླབ་པའི་གནད་དམ་པ་སྟེ། འདི་ལྟར་རྩ་རླུང་པ་གཞན་གྱིས་སྣ་ནས་དྲངས་པས་འཁོར་ལོ་བཞིར་སྦྱང་བྱའི་རླུང་སྟོབས་སུ་གྱུར་ནས་གེགས་རྣམ་པ་སྣ་ཚོགས་སུ་འབྱུང་སྟེ། ཡེ་ཤེས་ཀྱི་རླུང་ཅུང་ཟད་ཟིན་ཡང་རྩ་བའི་ཡེ་ཤེས་སྙིང་ནང་ནས་འཕྲོས་པ་ངོས་ཀྱང་མ་ཟིན་ཆ་མེད་པས་འཁྲུལ་འཁོར་དང་དམིགས་པ་སྣ་ཚོགས་ལ་བསྟེན་དགོས་ཤིང་། ཡོན་ཏན་སྐྱེ་བ་ལྟར་སྣང་ཡང་། རྩ་བ་མ་ཆོད་པས་རྣལ་མ་ཞིག་མི་ཡོང་བའི་གནད་དེ་ཡིན་ནོ། །ཞེས་གསུངས། ༼༈༽ ཐེག་མཆོག་རིན་པོ་ཆེའི་མཛོད་ལས། དབྱིངས་ཀྱི་སྒྲོན་མ་ལ་ཕྱི་ནང་གཉིས་ལས། ཕྱི་ནམ་མཁའ་དག་པའི་དཀྱིལ་ན་འོད་གདངས་སྔོ་རི་བ་གཅིག་ཐོག་མར་སྣང་བའོ། །ནང་དེ་ལས་མཆེད་པ་ལྟར་ཤར་ཏེ། འོད་ལྔའི་མདངས་ཁ་དོག་ལྔར་གསལ་བའོ། །ཞེས་དང་། ཡུལ་གྱི་གནད་ནི་ཕྱིའི་དབྱིངས་ཀྱི་ཡུལ་ནམ་མཁའ་སྟོང་པ་སྤྲིན་དང་བྲལ་བ་ཡིན་ལ། ནང་གི་དབྱིངས་ཀྱི་ཡུལ་སྨིན་མཚམས་ཀྱི་མཛོད་སྤུ་ལ་གཏད་པས་དབྱིངས་སྣང་མཐིང་ག་དང་། དེ་ལས་མཆེད་པ་རྣམ་ལྔའི་རང་གདངས་ཏེ། ཐལ་འགྱུར་ལས། དབྱིངས་ནི་ཕྱི་དང་ནང་དུ་སྟེ། །ཕྱི་ནི་སྤྲིན་བྲལ་མཁའ་ལ་འཛིན། །བག་རྡུལ་ཆར་གྱིས་དྭངས་དུས་སུ། །མཁས་པས་མངོན་སུམ་གནད་གཟིར་དང་། །ནང་གི་སྒྲོན་མ་ལམ་དུ་བྱའོ། །ཞེས་སོ། །དེ་ཡང་ཕྱི་རིག་པ་འཆར་བའི་ཡུལ་ཡིན་ལ། ནང་ཉམས་འཕེལ་བའི་ཡུལ་ཏེ། རིག་པ་དང་ཉམས་གཉིས་སུ་མེད་པ་ལས་འཁོར་འདས་འདྲེས་པ་ཞེས་བྱའོོ། །དེའང་ས་ཆུ་མེ་རླུང་གི་དངོས་པོ་རགས་པ་ལ་ཡུལ་དུ་གཏད་པས་མི་གྲོལ་ཏེ། དང་པོ་སྣང་བ་འཆར་དུ་མི་འདོད། ཕྱིས་ཤར་དུས་གཏད་ཀྱང་དངོས་པོ་རགས་པ་ལྟར་ཤེས་པའང་དེ་དང་མཐུན་པ་སྐྱེ་བས་སྟོང་ཉིད་བསམ་དུ་མེད་པའི་ཉམས་ནང་ནས་མི་འཆར་ལ། ནམ་མཁའ་སྟོང་པ་ལ་རིག་པ་སྟོང་པ་གཏད་པས་ཡུལ་ནམ་མཁའ་དང་མཐུན་པའི་ཉམས་སྟོང་གསལ་འཕྲོ་འདུ་དང་བྲལ་བ་ཕྱལ་ཡས་པ་ཅིག་འཆར་བས། དངོས་པོ་མཚན་མ་དང་བྲལ་བའི་དགོས་པ་ཡོད་དོ། །ཞེས་གསུངས། ཚིག་དོན་རིན་པོ་ཆེའི་མཛོད་ལས། ཕྱིའི་ཡུལ་ནམ་མཁའ་སྟོང་པ་ལ་རིག་པ་གཏད་པས་དེ་དང་མཚུངས་པའི་ཉམས་སྟོང་གསལ་རྣམ་དག་ཏུ་འཆར་བའི་ཕྱིར་ནམ་མཁའ་བཤད་དེ། ཐལ་འགྱུར་ལས། འདི་ཉིད་ཡུལ་གནད་འདི་ལྟ་སྟེ། །སྤྲིན་བྲལ་ཕྱི་ཡུལ་སྟོང་པ་ལ། །རྣལ་འབྱོར་ནམ་མཁའི་བྱ་ལམ་གནས། །འདི་དང་མ་བྲལ་ཆོས་ཉིད་དོ། །ཞེས་དང་། དེ་ཉིད་ལས། ཡུལ་ལ་སྣང་བའི་མཚན་ཉིད་ནི། །ནམ་མཁའ་སྔོ་བསངས་རྗེས་མེད་ལ། །འོད་དང་ཁ་དོག་དབྱིངས་ཉིད་དང་། །ཡེ་ཤེས་ལྔ་ཡི་རང་སྣང་གསལ། །ཞེས་གསུངས། ཐེག་མཆོག་མཛོད་ལས། དབྱིངས་ཀྱི་མཐུན་དཔེ་ནི། ཡི་གེ་ན་རོ་བཞིན་ཏུ་གཤོག་པ་གཉིས་བསྡོམས་པས་ན་རོ་གཅིག་འགྲུབ་པ་ལྟར་ཕྱིའི་དབྱིངས་མཐིང་ག་དང་དེ་ལས་ཤར་བའི་སྣང་བ་གཉིས་བསྡོམས་པས་དབྱིངས་ཀྱི་སྒྲོན་མ་ཞེས་གཅིག་ཏུ་བཏགས་ཤིང་། ན་རོའི་གཟུགས་ལྟར་མཐིང་ཀ་ཁྱབ་ཆེན་ཡང་དང་པོ་སྨིན་མཚམས་སུ་སྣང་དུས་རེ་ཁ་ནག་པོའི་རྣམ་པ་དྲང་ཙམ་འཁྱོགས་དང་བཅས་པ་ལས། དེ་ཉིད་ལ་གཏད་དུས་ཕྱིའི་འཇའ་ཚོན་སྣ་ལྔ་ལྟར་བར་སྣང་ལ་སྣང་བ་སྟེ། སྒྲོན་མ་འབར་བ་ལས། དཔེར་ན་ཡི་གེ་ན་རོ་བཞིན། །གཉིས་ཀྱིས་བཟུང་སྟེ་བསྡོམས་པས་གཅིག །ནག་པོ་བསྒྱུར་དུ་བཏུབ་པ་མིན། །དེ་ལ་གོམས་པའི་གདེ ངས་རྙེད་ནས། བར་སྣང་འཇའ་ཚོན་ཇི་བཞིན་ཏུ། །ཁ་དོག་མ་འདྲེས་ཡོངས་སུ་རྫོགས། །ཞེས་གསུངས་སོ། །ཨ་ཏི་ཟབ་དོན་ལས། གསང་བའི་ནམ་མཁའ་ནི་སྙིང་མཆོང་གུར་སྨུག་པོའི་ནང་ན་རྩའི་རྒྱལ་པོ་གསེར་གྱི་ཉི་མ་ཅན་ཞེས་བྱ་བ་ཆོས་སྐུ་ཡེ་ཤེས་ལྔ་ལྡན་དུ་སྟོང་སེང་ངེ་གནས་པའོ༔ ནང་གི་ནམ་མཁའ་ནི་སྙིང་དང་མིག་ཏུ་འབྲེལ་བའི་རྩ་དར་དཀར་གྱི་སྐུད་པ་ཙམ་པ་འཇམ་མཉེན་འཁྲིལ་བའི་མཚན་ཉིད་དང་ལྡན་པ་ནང་ཁྲག་དང་ཆུ་སེར་གྱིས་མ་གོས་པའི་སྟོང་པ་དྭངས་སེང་ངེ་བའི་ལམ་དེའོ༔ ཕྱིའི་ནམ་མཁའ་ནི་བར་སྣང་སྤྲིན་དང་ན་བུན་སོགས་མེད་པའི་དྭངས་སེང་ངེ་བ་འདིའོ༔ དེའི་ཕྱིར་ནམ་མཁའ་སུམ་བསྒྲིལ་ལ་གཅིག་ཏུ་བསྒོམ་པ་ནི༔ ཕྱིའི་ནམ་མཁའ་སྟོང་པ་ལ་གཏད་པའི་འབེན་བཅས་བསྒོམས་པས༔ གསང་བའི་ནམ་མཁའ་སྙིང་ནང་གི་རིག་པ་རྡོ་རྗེ་ལུ་གུ་རྒྱུད་དེ༔ ནང་གི་ནམ་མཁའི་ལམ་ལ་བརྒྱུད་དེ་ཕྱི་རོལ་གྱི་ནམ་མཁའ་ལ་མངོན་སུམ་དུ་མཐོང་བར་འགྱུར་ལ༔ དེ་ལ་རིག་པ་གཅིག་ཏུ་དྲིལ་ཏེ་ཉམས་སུ་ལེན་པ་ནི་ནམ་མཁའ་གསུམ་འབྲེལ་བའི་ཉམས་ལེན་ནོ༔ ཞེས་གསུངས། ༼༈༽ ཐེག་མཆོག་རིན་པོ་ཆེའི་མཛོད་ལས། དེ་ཡང་མངོན་སུམ་དེ་ཡེ་ཤེས་ཀྱི་མཐོང་བ་རྣམ་པར་དག་པའི་མིག་གིས་མཐོང་ནས་མཐོང་བའི་དུས་དེར་གྲོལ་བ་སྐྱེས་བུའི་སྙིང་ལ་མདས་ཟིན་པ་ལྟ་བུའོ། །ཆོས་ཉིད་ཀྱི་མཐོང་བ་རྣམ་པར་དག་པའི་མིག་གིས་མཐོང་ན་སྐད་ཅིག་དང་པོ་ལ་དེའི་བྱེ་བྲག་ཕྱེད། གཉིས་པ་ལ་དེ་ཉིད་རྟོགས་ནས་གྲོལ་བ། རྡིང་ཐག་གི་མདུད་པ་བསླབ་པས་ཤེས་ལ། ཤེས་པས་གྲོལ་བ་ལྟ་བུའོ། །ཤེས་རབ་ཀྱི་མིག་གིས་མཐོང་བ་སྐད་ཅིག་དང་པོ་ལ་ཚིག་ལ་རྟོག་པའི་བྱེ་བྲག་ཕྱེད། གཉིས་པ་ལ་ལུ་གུ་རྒྱུད་ཀྱི་མཚན་ཉིད་མངོན་པར་རྟོགས། གསུམ་པ་ལ་མངོན་པར་རྫོགས་པར་སངས་རྒྱའོ། །རྡོ་རྗེའི་མིག་གིས་མཐོང་ན་ཡེ་ཤེས་དག་པའི་སྣང་བ་རྒྱ་ཆེར་མཐོང་ནས་དེ་ཉིད་ལ་ཅུང་ཞིག་གོམས་ནས་གྲོལ་བར་ངེས་སོ། །ཆུ་བུར་གྱི་མིག་གིས་མཐོང་ན་སྣང་བ་བཞི་མཐར་ཕྱིན་དགོས་སོ། །མིག་དེ་དག་ཀྱང་། ལྷུན་གྲུབ་སར་གནས་ཕྱག་རྒྱ་ཆེ། །ཚེ་དབང་གི་རྣམ་རིམ་པ་བཞིན། །ཡེ་ཤེས་ཆོས་ཉིད་ཤེས་རབ་དང་། །རྡོ་རྗེ་ཆུ་བུར་མིག་ཤེས་བྱ། །དེའང་ཆུ་བུར་མིག་གིས་མཐོང་བའི་ཚེ་ཕྲ་བ་དང་། འཁྱུག་པ་དང་། འགྲོ་བ་དང་། འོང་བ་དང་། འབྱེད་པ་དང་། འདུ་བ་དང་འགུལ་འཕྲིག་ཏུ་སྣང་བས་ཉི་མ་དང་། ཟླ་བ་དང་། སྒྲོན་མའི་རྟེན་གསུམ་གྱི་ཐབས་ལ་བརྟེན་ནས་ཁྲིད་པའི་གནད་རབ་ཏུ་གཅེས་སོ། །ཞེས་གསུངས་པ་དང་། ཚིག་དོན་རིན་པོ་ཆེའི་མཛོད་ལས། རང་སྣང་ལྷག་མཐོང་གི་རིག་པ་ལུ་གུ་རྒྱུད་དེ་ཉིད་ཤེས་རབ་ཀྱི་མིག་གིས་མཐོང་ན་སྐད་ཅིག་མ་དང་པོ་ལ་ཚིག་ལ་རྟོག་པའི་བྱེ་བྲག་ཕྱེད། གཉིས་པ་ལ་ལུ་གུ་རྒྱུད་ཀྱི་མཚན་ཉིད་མངོན་པར་རྟོགས། གསུམ་པ་ལ་མངོན་པར་རྫོགས་པར་འཚང་རྒྱའོ། །ཆུ་བུར་གྱི་མིག་གིས་མཐོང་ན་སྣང་བ་བཞི་མཐར་ཕྱིན་དགོས་སོ། །དེའང་ཆུ་བུར་གྱི་མིག་གིས་མཐོང་བའི་ཚེ་ཕྲ་བ་དང་། འཁྱུགས་པ་དང་། འོང་བ་དང་། འགྲོ་བ་དང་། བྱེ་བ་དང་། འདུ་བར་སྣང་སྟེ་སུཪྱ་དང་། ཙནྡྲ་དང་། ཨཱ་ལོ་ཀེ་གསུམ་ལ་བསླབ་པས་མཆོག་ཏུ་འགྱུར་རོ། །ཤེས་རབ་ཀྱི་སྤྱན་ནི་རིག་འཛིན་གྱི་ས་རྣམས་ལ་ཡོད་ལ། ཆུ་བུར་གྱི་མིག་ནི་མི་རྣམས་ལ་ཡོད། ཅེས་གསུངས། ༈ ཤེས་རབ་ཀྱི་མིག་སོགས་དྲིས་པའི་གསུངས་ལན་འདི་རྣམས་ནི་སྐྱེས་འཕགས་གྱི་གཟིགས་ཚུལ་ལ་གསུངས་པ་སྟེ། དེའང་རིག་འཛིན་རྣམ་བཞིའི་ས་ལ་བཞུགས་པ་རྣམས་ཀྱིས་རང་སྣང་ལྷག་མཐོང་གི་རིག་པ་རྡོ་རྗེ་ལུ་གུ་རྒྱུད་དེ་ཉིད་ཡེ་ཤེས་ཀྱི་མིག་རྣམ་པར་དག་པས་མཐོང་ཚེ་སྐད་ཅིག་གཅིག་ལ་གྲོལ་བ་དང་། ཆོས་ཉིད་ཀྱི་མིག་གིས་མཐོང་ན་སྐད་ཅིག་གཉིས་པ་ལ་གྲོལ་བ་དང་། ཤེས་རབ་ཀྱི་མིག་གིས་མཐོང་ན་སྐད་ཅིག་གསུམ་ལ་མངོན་པར་རྫོགས་པར་འཚང་རྒྱ་བ་དང་། རྡོ་རྗེའི་མིག་གིས་མཐོང་ན་དེ་ཉིད་ལ་ཅུང་ཞིག་གོམས་ནས་གྲོལ་བ་དང་། ཆུ་བུར་གྱི་མིག་གིས་མཐོང་ན་སྣང་བ་བཞིའི་མཐར་ཕྱིན་དགོས་སོ་གསུངས། མིག་དེ་དག་ཀྱང་། ལྷུན་གྲུབ་སར་གནས་ཕྱག་རྒྱ་ཆེ། །ཚེ་དབང་གི་རྣམ་རིམ་པ་བཞིན། །ཡེ་ཤེས་ཆོས་ཉིད་ཤེས་རབ་དང་། །རྡོ་རྗེ་ཆུ་བུར་མིག་ཤེས་བྱ། ཞེས་གསུངས་པ་བཞིན་ནོ།། ༼༈༽ བདེན་གཉིས་ཤིང་རྟ་ལས། དད་པ་མེད་ན་སྐྱབས་འགྲོ་དང་གསོལ་འདེབས་འབུམ་ཐེར་ལ་འབད་ཀྱང་གཏི་མུག་གིས་འགྲོ་བ་ངག་འཁྱལ་ཁོགས་པའི་རྒྱུ་ཙམ་དང་། ཤེས་རབ་ཆེ་བས་སྐྱབས་འགྲོའི་རྣམ་པར་བཞག་པ་ལ་མཁས་ཀྱང་འདུན་པས་འགྲོ་བ་དང་། ཞེ་སྡང་གིས་འགྲོ་བ་ཙམ་མོ། །ཞེས་གསུངས་ཏེ། དཀོན་མཆོག་གསུམ་གྱི་ཡོན་ཏན་དང་སྐྱབས་འགྲོའི་ཕན་ཡོན་སོགས་མི་ཤེས་པར། ཚིག་ཙམ་གྱིས་སྐྱབས་སུ་འགྲོ་བ་ནི་གཏི་མུག་གིས་འགྲོ་བ་དང་། ཤེས་རབ་ཆེ་བས་སྐྱབས་འགྲོའི་རྣམ་པར་བཞག་པ་ལ་མཁས་ཀྱང་། ཡིད་ཆེས་ཀྱི་དད་པ་མེད་པས་འདུན་པས་འགྲོ་བ་དང་། རང་ཉིད་སྐྱབས་འགྲོའི་རྣམ་བཞག་ལ་མཁས་ཀྱང་། གཞན་ཁ་དྲང་བའི་ཆེད་མ་ཡིན་པར། སྡང་ཞེན་གྱི་རྣམ་པས་སྐྱབས་འགྲོའི་རྣམ་བཞག་སོགས་བརྗོད་པ་ཞེ་སྡང་གིས་འགྲོ་བའོ། །
༼༈༽ ཡང་ཟབ་ཡེ་ཤེས་འཁོར་ལོ་ལས། མཚན་མོ་ཡེ་ཤེས་གནད་དུ་བསྣུན་པ་ལ་གསུམ་ལས། སྲོད་ལ་དབང་པོ་གནད་དུ་བསྡུ་བ་ནི། དྲང་སྲོང་གི་ལུས་གནད་བཅས་ཏེ། རླུང་རོ་གསུམ་ཕྱིར་བུས་ལ། འཇམ་རླུང་དལ་གྱིས་ནང་དུ་བཟུང་ཞིང་། འོག་རླུང་འཐེན་ཏེ་སྟེང་རླུང་མནན། རྩ་ཨ་ཝ་དྷུ་ཏི་མདའ་སྨྱུག་ཙམ་དཀར་སྔོ་གསང་བ་ནས་སྤྱི་བོར་སླེབ་པའི་ནང་། ལྟེ་བའི་ཐད་དུ་པདྨ་འདབ་བཞིའི་དབུས་སུ་ཨ་ཐུང་དམར་པོ་རེག་བྱ་ཚ་བ་ལས་མེ་འབར་བ་ཡར་སོང་། སྤྱི་གཙུག་གི་ཧྃཿདཀར་པོ་ཐུར་དུ་ལྟ་བ་ལ་རེག་པས་ཐིག་ལེ་དཀར་པོའི་རྒྱུན་བབས། ཨ་ལ་ཕོག་མེ་ཡིས་གསོས་བྱས་ཆེར་འབར་བས་ལུས་དང་བག་ཆགས་བསྲེག །བདེ་བ་རྒྱས་པ་ལ་སེམས་བཟུང་ཞིང་བསྒོམས་པས་དྲོད་དང་ཡེ་ཤེས་སྐྱེ་བར་འགྱུར་རོ། །ནམ་ཕྱེད་ཤེས་བྱ་བུམ་པར་དྲིལ་བ་ནི། གཡས་ཕབ་ལ་ཉལ་ཏེ། དབུ་མ་གསལ་གདབས་པའི་ནང་ཐམས་ཅད་ཨ་དཀར་པོ་དོང་ཙེ་བརྩེགས་པ་ལྟར་གང་ཞིང་། ཁྱད་པར་སྙིང་ག་ཉིད་པདྨ་དམར་པོ་འདབ་མ་བཞི་པ་ཁ་ཅུང་ཟད་ཕྱེ་བ་གཅིག་བསམ་པའི་ཨ་ལ་ཨ་གཞན་རྣམས་རིམ་གྱིས་ཐིམ་པར་བསམ་ལ། སྙིང་གར་རླུང་ཁ་སྦྱར་ནས་བཟུང་ཞིང་། གསལ་སྟོང་ས་ལེར་བསྒོམས་ནས། གཉིད་དུ་འགྲོ་ཁར་སྙིང་གི་པད་འདབ་ཟུམ་པའི་ནང་དུ། ཨ་དེ་དཀར་ལ་འོད་འབར་བ་བུམ་ནང་གི་མར་མེ་ལྟར་གསལ་བ་ལ་སེམས་གཏད་ནས་ཉལ་བས་གཉིད་འོད་གསལ་དུ་འཆར་རོ།། དེ་ནས་གཉིད་སད་དུས་རྨི་ལམ་མེད་པར་གསལ་སྟོང་དུ་སེང་ངེ་འདུག་ན། ཉམས་དེ་མ་ཤོར་བར་འཕྲོ་མཐུད་ལ་བསྒོམ་མོ། །རྨིས་ན་རྨི་ལམ་དང་རྣམ་རྟོག་ཐམས་ཅད། སྙིང་ནང་གི་ཨ་ལ་བསྡུ་ཞིང་། གོང་ལྟར་བསྒོམ་པས་འོད་གསལ་དུ་འཆར་རོ། །དེའང་གཉིད་དུ་སོང་ལ་ཉེ་འཁོར་གྱི་གཟུགས་མཐོང་། སྒྲ་ཐོས། དྲི་ཚོར། རོ་མྱོང་། རེག་བྱ་ཚོར། གཏམ་གྱི་དོན་རིག་ལ་རྟོག་པ་མི་སྐྱེ། གཉིད་སད་རྒྱུ་འབྱུང་བ་ཡིན་ནོ། །དེ་ལྟ་བུའི་ངང་ལ་གོམས་པས་དུས་ཐམས་ཅད་དུ་ཆོས་ཐམས་ཅད་རྫོགས་པ་ཆེན་པོ་གཉིས་སུ་མེད་པའི་དོན་ལས་མི་གཡོ་བ་ཡིན་ནོ། །དེས་ནི་གཉིད་གསལ་སྟོང་དུ་འཆར་བས་འོད་གསལ་མངོན་དུ་བྱེད་པའོ། །ཐོ་རངས་རིག་པ་རང་གསལ་ལ་བཞག་པ་ནི། དེ་ནས་ཐོ་རངས་ལངས་ཏེ་སེང་གེའི་འདུག་སྟངས་ཀྱིས་ཧ་ཞེས་དབུགས་རིང་བ་གསུམ་ཕྱིར་བུས་ལ་བཟུང་ཞིང་། སྙིང་གའི་ཨ་དེ་ཚངས་བུག་ནས་ཐོན་ཏེ། སྤྱི་བོ་གཞུ་གང་ཙམ་གྱི་ནམ་མཁའ་ལ་ལིང་ངེར་འདུག་པ་ལ་རིག་པ་གཏད་དེ་མ་ཡེངས་པར་བསྒོམ་ཞིང་རླུང་ཕྱིར་བཟུང་བའི་ངང་ལ་གནས་པས་གང་ལའང་མི་རྟོག་པའི་ཏིང་ངེ་འཛིན་སྐྱེའོ། །དེ་ནས་མིག་དང་ཤེས་པ་ཇེ་དམར་གྱུར་ཏེ། མིག་ཕྱེད་བཙུམ་དུ་སྨད་ལ་ལྟ་ཞིང་ཤེས་པའི་ཨ་དེ་སྙིང་གར་བསྡུས་པས་རྒོད་པ་ཞི། ཡང་བྱིང་བ་སྙམ་བྱེད་ན་སྔ་མ་བཞིན་སྟོད་ལ་བསྒོམ་པས་བྱིང་རྒོད་མེད་པའི་ཡེ་ཤེས་ངང་གིས་མི་རྟོག་པ་ཆུ་བོའི་རྒྱུན་བཞིན་འཆར་བ་ཡིན་ནོ། །དེ་ལྟར་མཚན་མོའི་ཐུན་གསུམ་རིམ་པ་བཞིན་བསྒོམ་པས། བདེ་བ་དང་། གསལ་བ་དང་། རྣམ་པར་མི་རྟོག་པའི་ཡེ་ཤེས་ཏིང་ངེ་འཛིན་དམ་པས་བརྒྱན་པ་ཐུགས་རྡོ་རྗེའི་ངོ་བོ་ལམ་དུ་འཆར་བ་ནི་སྐུ་གསུམ་འདུ་འབྲལ་མེད་པའི་དགོངས་པའོ། །ཞེས་དང་། གནད་གསུམ་ཆོས་ཉིད་འཁོར་ལོ་ལས། བཞུགས་སྟངས་དང་། གཟིགས་སྟངས་བསྟུན་ནས་རླུང་དལ་བུས་ཕྱིར་ཁ་ནས་སོང་བ་ནང་དུ་ཡང་དལ་བུས་བརྔུབས་ཏེ་དལ་གཅིག་རྩོལ་བ་ལྷོད། དེའི་ངང་ནས་ཅུང་ཟད་འཐེན་ཏེ་བཟུང་ནས། ནམ་མཁའ་ལ་མིག་གཏད་པའི་སར་ཨ་དམར་པོ། ཨཨཨཨཨ་༼བརྩེགས་མའོ ལྔ་བརྩེགས་པ་ལ་མ་ཡེངས་པར་སེམས་བཟུང་ཞིང་ཧུར་ཐོན་པས་རིག་པ་སང་བག་དང་བཅས་པ་འབྱུང་ངོ་། །དེ་ནི་རྟོག་དཔྱོད་མེ་དང་འདྲ་བ་དག་པར་བྱེད་པའི་བསམ་གཏན་དང་པོར་སྐྱེ་བའི་ཡན་ལག་སྟེ་མེ་རླུང་རང་ལོག་གི་དགོངས་པ་ཞེས་བྱའོ། །དེ་བཞིན་ཏུ་ཨཨཨཨ་དཀར་པོ་བཞི་བརྩེགས་ལ་གཏད་པས་ཉམས་དགའ་བདེ་ཆུ་དང་འདྲ་བ་དག་ནས་བསམ་གཏན་གཉིས་པར་སྐྱེ་བའི་ཡན་ལག་འདིར་ཆུ་རླུང་རང་ཟད་ཀྱི་དགོངས་པ་ཞེས་བྱའོ། །དེ་ནས་ཨཨཨ་ལྗང་གུ་སུམ་བརྩེགས་ལ་གཏད་པས་དྲན་རྟོག་གི་གཡོ་བ་ཟླུམ་མོ་རླུང་དང་འདྲ་བ་དག་ནས་བསམ་གཏན་གསུམ་པར་སྐྱེ་བའི་ཡན་ལག་རླུང་འདེགས་རླུང་རང་ཟད་ཀྱི་དགོངས་པ་ཞེས་བྱའོ། །དེ་ནས་ཨཨ་སེར་པོ་ཉིས་བརྩེགས་ལ་གཏད་པས་དྲན་པས་བཅིངས་པའི་གཉེན་པོའི་ལས་དག་ནས་བསམ་གཏན་བཞི་པར་སྐྱེ་བ་ཡན་ལག་དྲན་གཞི་རང་ཟད་ཀྱི་དགོངས་པ་ཞེས་བྱའོ། །དེ་ནས་ཨ་མཐིང་ཀ་རྐྱང་པ་གཅིག་ལ་གཏད་པས་གཟུང་འཛིན་ཞེན་རྟོག་གི་དྲི་མ་སྤང་གཉེན་ཆ་དང་བཅས་པ་ལས་གྲོལ་ནས། གཟུགས་མེད་པ་དང་འགོག་པའི་ཡེ་ཤེས་རྣམ་པར་མི་རྟོག་པ་སྐྱེ་བའི་ཡན་ལག་ནམ་མཁའ་རང་ཟད་ཀྱི་དགོངས་པ་ཞེས་བྱའོ། །མན་ངག་འདི་དག་ནི་རྟོག་དཔྱོད་རགས་པ་ནས་བཟུང་སྟེ་དྲན་པ་དབྱིངས་སུ་མ་དག་གི་བར་འབྱུང་བ་ལྔའི་རྣམ་པ་དང་། འཛིན་རྟོག་དབྱིངས་སུ་ཐིམ་པར་བྱེད་པའི་གནད་གལ་པོ་ཆེའོ། །དེའང་དང་པོ་ཨ་ལ་ཤེས་པ་གཏད་ནས་དར་ཅིག་ནས་དམིགས་མེད་ཕྱམ་གྱིས་འགྲོ་བ་དེའི་ངང་དང་མི་འབྲལ་བ་ནི་ཉམས་སུ་མྱོང་བའོ།། ༼༈༽ དེ་ཡང་རྒྱུ་དང་འབྲས་བུའི་སར་བཏགས་པའི་རིམ་པ་བཅུ་དྲུག་ཀྱང་ཚེ་འདིར་འོད་ལུས་སུ་གྲོལ་བ་དང་། བར་དོར་གྲོལ་བ་གཉིས་ལ་ཚང་སྟེ། རིག་པ་རང་ཤར་ལས། ས་ཞེས་བྱ་བ་ནི་མེད་པ་མ་ཡིན་ནོ། །བདེན་པ་མཐོང་བའི་གང་ཟག་གཅིག་ལ་ས་རྣམས་རྫོགས་ནས་ཡོད་དོ། །དེའང་ངོ་སྤྲོད་བསྟན་པའི་གང་ཟག་དེ། དང་པོ་བདེན་པ་མཐོང་བའི་དུས་ན་དེ་ལ་དགའ་བ་སྐྱེས་པ་ནི་ས་དང་པོ་རབ་ཏུ་དགའ་བའོ། །དེ་ནས་རང་གི་སྣང་བ་ཡིན་པར་ངོ་ཤེས་པ་ནི་ས་གཉིས་པ་དྲི་མ་མེད་པ་ཐོབ་པའོ། །དེ་ནས་དེ་ལ་གོམས་པ་ནི་ས་གསུམ་པ་འོད་བྱེད་པའི་ས་ནོན་པའོ། །དེ་ནས་དེ་ལ་གོམས་ནས་འོད་ཀྱི་སྣང་བ་མཐོང་བ་ནི་བཞི་པ་འོད་འཕྲོ་བའི་ས་ནོན་པའོ། །དེ་ནས་ཡེ་ཤེས་ཀྱི་སྣང་བ་མཐོང་བ་དེ་ལ་གོམས་ནས་ཉོན་མོངས་པ་ཐམས་ཅད་རང་བཞིན་གྱིས་སྦྱང་ནས་ཡེ་ཤེས་མཐོང་པ་ནི་ལྔ་པ་སྦྱང་དཀའི་ས་ནོན་པའོ། །དེ་ནས་འོད་ལས་ཐལ་བའི་སྐུ་མངོན་དུ་གྱུར་པ་དེ་ནི་ས་དྲུག་པ་མངོན་དུ་གྱུར་བའི་ས་ནོན་པའོ། །དེ་ནས་གོམས་པ་མཐར་ཕྱིན་ནས་ཉོན་མོངས་པ་རིང་དུ་སོང་བ་ནི་ས་བདུན་པ་རིང་དུ་སོང་བའི་ས་ནོན་པའོ། །དེ་ནས་དེའི་ངང་ལས་མི་གཡོ་བ་ནི་བརྒྱད་པ་མི་གཡོ་བའི་ས་ནོན་པའོ། །དེ་ནས་ཡོན་ཏན་རྫོགས་པ་ནི་དགུ་པ་ལེགས་པའི་བློ་གྲོས་ཀྱི་ས་ནོན་པའོ། །དེ་ནས་ཡེ་ཤེས་ཀྱི་སྣང་བ་ལ་རང་གི་ཤེས་པ་ཟིན་ནས་སྣང་བ་ལྷུག་པར་ཤར་བ་ན་ཆོས་ཐམས་ཅད་སྤྲིན་ལྟ་བུར་མཐོང་ནས་གོམས་པ་ནི་བཅུ་པ་ཆོས་ཀྱི་སྤྲིན་ལྟ་བུའི་ས་ནོན་པའོ། །དེ་ནི་གང་ཟག་བདེན་པ་མཐོང་བའི་སྦུབས་འདི་ཉིད་མ་བོར་བ་ལ་ས་ནོན་པའོ། །གང་ཟག་སྦུབས་བོར་བ་རྣམས་ཀྱིས་ནི་འདི་ལྟར་ནོན་པ་ཡིན་ཏེ། འཁྲུལ་སྣང་འགགས་ནས་ཚོམ་བུའི་སྣང་བ་ཤར་བ་ན་བཅུ་གཅིག་ཀུན་ཏུ་འོད་ཀྱི་ས་ནོན་པ་ཡིན་ནོ། །དེ་ནས་སྣང་བ་དེ་ལའང་མ་ཆགས་པར་ཕྱི་ནང་གི་ཆོས་ཐམས་ཅད་ཀྱིས་མ་གོས་པ་ནི་བཅུ་གཉིས་མ་ཆགས་པདྨ་ཅན་གྱི་ས་ནོན་པ་ཡིན་ནོ། །དེ་ནས་རང་གི་ཐུགས་ཀ་ནས་ཡེ་ཤེས་ཀྱི་ཟེར་ཐག་ཤར་ནས་ནམ་མཁའི་མཐོངས་ནས་འོད་ཀྱི་ཚོམ་བུ་ལྔ་འཁོར་ལོའི་ཚུལ་དུ་གནས་པ་ནི་བཅུ་གསུམ་ཡི་གེ་འཁོར་ལོ་ཚོགས་ཆེན་གྱི་ས་ནོན་པའོ། །དེ་ནས་ཡེ་ཤེས་ཀྱི་སྣང་བ་ལ་གནས་པ་ནི་ས་བཅུ་བཞི་པ་ཏིང་ངེ་འཛིན་ཆེན་པོའི་ས་ནོན་པ་ཡིན་ནོ། །དེ་ནས་ལྷུན་གྲུབ་ཀྱི་ས་ལ་ངེས་པ་རྙེད་པ་ནི་བཅོ་ལྔ་པ་རྡོ་རྗེ་འཛིན་གྱི་ས་ཐོབ་པའོ། །དེ་ནས་ཀ་དག་གི་ས་ལ་ཡེ་ཤེས་ལྷུག་པར་ཤར་ནས་དེའི་གོང་ན་གཞན་མེད་པ་ནི་བཅུ་དྲུག་ཡེ་ཤེས་བླ་མའི་ས་ཐོབ་པའོ། །ཞེས་གསུངས། ༈ འདིར་གདམས་ངག་ཁྱད་པར་དུ་འཕགས་པའི་གནད་ཀྱིས་རླུང་རང་ཞིར་འཇོག་པ་ལས་རྩ་འདབ་སོ་སོའི་རླུང་རང་དག་ལ་སོང་དུས་ཀྱི་རྩའི་ཡེ་ཤེས་ཀྱི་རླུང་རང་ས་ནས་རང་གསལ་བས་དག་པ་ཡེ་ཤེས་ཀྱི་སྣང་བ་སྐུ་དང་། ཞིང་ཁམས་དང་འོད་ཀྱི་རང་བཞིན་ལས་མ་དག་པའི་འཁྲུལ་སྣང་འཆར་བའི་སྐབས་མེད་ཅིང་དབུ་མའི་འོད་ཀྱིས་རྩ་རྣམས་འཕེལ་བས་རྩ་མདུད་ཀྱི་རྣམ་པ་རྣམས་རིམ་གྱིས་འོད་དུ་ཡལ་བའི་ཡོན་ཏན་ལས་སའི་མངོན་རྟོགས་རྣམས་རང་སྣང་དུ་འཆར་རོ། །དེའང་རྩ་མདུད་དང་པོ་གཉིས་འོད་དུ་ཡལ་བས། ཕྱིར་སྣང་འོད་ཀྱི་ནང་དུ་སངས་རྒྱས་ཀྱི་ཞིང་ཁམས་བརྒྱ་ཕྲག་འཆར་ལ། དེ་དག་ཏུ་འོད་ཟེར་འགྱེད་པ་དང་། རང་སྣང་དུ་འདུས་པས་བགྲོད་པ་དང་། ལུས་འགུལ་བས་ཞིང་བརྒྱ་གཡོ་བ་དང་། ནང་དུ་ཆོས་ཉིད་མི་རྟོག་པའི་ཏིང་ངེ་འཛིན་བརྒྱ་ལ་འཇུག་ཅིང་ལྡང་བས་མཚོན་བརྒྱ་ཕྲག་བཅུ་གཉིས་ཀྱི་ཡོན་ཏན་ཁྱད་པར་ཅན་འཆར་བ་ལ་སོགས་པ་ཐུན་མོང་མ་ཡིན་པའི་ཉམས་རྟོགས་གོང་དུ་འཕེལ་བའི་མངོན་རྟོགས་ཁྱད་པར་འཕགས་པ་རང་སྣང་ལ་རྩོལ་མེད་དུ་འཆར་བར་འགྱུར་རོ། ༈ །དེ་ཡང་སྣང་བའི་འཆར་ཚུལ་དང་སྦྱར་ན། དེ་ལ་སྣང་བའི་ས་བཅུ་དྲུག་གི་ངོ་བོ་ནི། ཆོས་ཉིད་མངོན་སུམ་ཀྱི་སྣང་བ་མཆེད་པ་མིག །ཉེ་བར་མཆེད་པ་མིག་གི་དེ་ཁོ་ན་ཉིད། ཐོབ་པ་ལུ་གུ་རྒྱུད་མཐོང་བ་ཉེ་བར་ཐོབ་པ། དེ་ལ་གོམས་པ་རྙེད་པ་ཉམས་གོང་འཕེལ་གྱི་སྣང་བ་མཆེད་པ་འོད། ཉེ་བར་མཆེད་པ་ཐིག་ལེ། ཐོབ་པ་ཐིག་ལེ་ཁ་དོག་ལྔར་གསལ་བ། ཉེ་བར་ཐོབ་པ་འགུལ་བ་འཕྲིག་པ་ལས་ཟེར་སྣ་ཚོགས་སུ་འཕྲོ་བ། ཚད་ཕེབས་ཀྱི་སྣང་བ་མཆེད་པ་སྐུ། ཉེ་བར་མཆེད་པ་ཡབ་ཡུམ་དུ་སྣང་བ། ཐོབ་པ་ཚོམ་བུ་ལྔ་ལྔ་དང་ལྡན་པ། ཉེ་བར་ཐོབ་པ་དཀྱིལ་འཁོར་རྫོགས་པ། ཟད་པ་ལ་སྣང་བ་མཆེད་པ་སྐུ་དང་ཡེ་ཤེས་ལ་མི་གནས་པ། ཉེ་བར་མཆེད་པ་སྟོང་པ་གཏད་མེད། ཐོབ་པ་བརྗོད་དུ་མེད་པ། ཉེ་བར་ཐོབ་པ་བལྟར་མེད་པའི་ཆོས་ཉིད་གང་དུའང་མ་གྲུབ་པ་དང་བཅུ་དྲུག་གོ།། ༼༈༽ ཉམས་གོང་འཕེལ་གྱི་སྐབས་སུ། ཡེ་ཤེས་ལྔའི་ཁ་དོག་གི་སྣང་བ་འཆར་བ་ནི། རྡོ་རྗེའི་རིགས་རྣམ་དག་པས་མེ་ལོང་ལྟ་བུའི་ཡེ་ཤེས་ཁ་དོག་དཀར་པོའི་རྣམ་པར་འཆར་བ། རྡོ་རྗེ་མི་བསྐྱོད་པའི་གདངས་དཀར་ལ་འཚེར་བ་འཆར་བའོ། །དེ་བཞིན་གཤེགས་པའི་རིགས་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཁ་དོག་མཐིང་ཀའི་སྣམ་བུ་དང་། རྣམ་པར་སྣང་མཛད་ཀྱི་གདངས་མཐིང་ག་གནག་པ་འཆར་བའོ། །རིན་པོ་ཆེའི་རིགས་མཉམ་པ་ཉིད་ཀྱི་ཡེ་ཤེས་ཁ་དོག་སེར་པོའི་སྣམ་བུ་ཅན་དང་། རིན་ཆེན་འབྱུང་ལྡན་གྱི་གདངས་རབ་ཏུ་སེར་བ་གསེར་ཞུན་ལྟ་བུར་འཆར་བའོ། །པདྨའི་རིགས་སོ་སོར་རྟོགས་པའི་ཡེ་ཤེས་ཁ་དོག་དམར་པོའི་སྣམ་བུ་དང་། སྣང་བ་མཐའ་ཡས་ཀྱི་གདངས་རབ་ཏུ་དམར་བ་བྱུ་རུའི་མདོག་ལྟ་བུར་འཆར་བའོ། །ལས་ཀྱི་རིགས་བྱ་བ་གྲུབ་པའི་ཡེ་ཤེས་ཁ་དོག་ལྗང་གུའི་སྣམ་བུ་དང་། དོན་ཡོད་གྲུབ་པའི་གདངས་རབ་ཏུ་ལྗང་གུ་ཨིནྟྲ་ནི་ལའི་རྣམ་པ་ལྟར་འཆར་བའོ། །དེ་དག་གི་ཕྱི་རིམ་མཐིང་ག་རྡོ་རྗེའི་ར་བས་ཀུན་ནས་བསྐོར་བ་ནི་ཡེ་ཤེས་དེ་དག་ཐ་དད་པ་མ་ཡིན་པའོ། །སོ་སོས་གཙོ་བྱས་པའི་ཁ་དོག་ལྔ་ལྔར་གསལ་བ་ནི་རིགས་དང་རིགས་ཀྱི་ཁྱད་པར་ལས་བྱུང་བའོ། །དབྱིངས་ཀྱི་སྣང་བ་ནི་མེ་ལོང་ལྟ་བུ་གྱེན་འགྲེང་དུ་སྣང་བ། མཉམ་པ་ཉིད་ཀྱི་རྩིབ་ཤར་དུ་འབྱུང་བ། སོ་སོར་རྟོགས་པའི་གྲུ་ཆད་དུ་སྣང་བ། བྱ་བ་གྲུབ་པའི་རེ་ལྡེའི་རྣམ་པ་ཙམ་དུ་སྣང་བ། ཆོས་དབྱིངས་ཡེ་ཤེས་ཡུལ་གྲུ་ཙམ་དུ་སྣང་བའོ། །ཡེ་ཤེས་ལྔ་ཡི་དབྱིབས་ཀྱི་སྣང་བ་འཆར་ཏེ། མེ་ལོང་ལྟ་བུའི་དབྱིབས་མིག་ཚགས་ཀྱི་རྣམ་པ་དང་འདྲ་བ། དེ་ལ་གོམས་པ་ལ་མིག་མང་རིས་སུ་འཆར་བ། མཉམ་ཉིད་དྲྭ་བ་ཕྱེད་པར་འཆར་བ་དེ་ལ་གོམས་ན་དྲྭ་བར་སྣང་བའོ། །སོ་སོར་རྟོག་པའི་མེ་ཏོག་གི་ཚོམ་བུར་འཆར། དེ་ལ་གོམས་ན་པདྨ་སྟོང་ལྡན་དུ་འཆར་བའོ། །བྱ་བ་གྲུབ་པའི་མཚོན་ཆ་ལྟ་བུར་འཆར་བ། དེ་ལ་གོམས་ན་འཁོར་ལོ་ལ་སོགས་པའོ། །ཆོས་དབྱིངས་ཡེ་ཤེས་མཁར་ཐབས་སུ་འཆར་བ་ནི་གཞལ་ཡས་ཁང་ཉེ་བར་མཚོན་པའོ།། ༼༈༽ སྔོན་ཡུལ་མ་གྷ་དྷ་ན། ཚོས་མཁན་ཀོའུ་རི་མ་བྱ་བ་ཞིག་གྲོང་མཐར་ལོ་མའི་སྤྱིལ་བུ་ན་ཚོས་བྱེད་པ་ན་ཚོས་སྣོད་ཀྱི་ཁ་ཤིང་ལོས་བཀབ་ནས་མེ་ཏོག་བཏུར་སོང་ཤུལ་དུ་ཝ་མོ་ཞིག་དེར་འོང་ནས་ཚོས་སྣོད་ཀྱི་སྟེང་དུ་སོང་བས་ནང་དུ་ལྷུང་བས་སྤུ་ཚོས་ཀྱིས་བསྒྱུར་བས་དུར་ཁྲོད་དུ་སོང་ནས་སྤྱང་ཀི་ལ་ཁོ་མོ་ལྷ་ཡུལ་ཀྱི་རི་དྭགས་ཤ་ར་ཎ་ཡིན་ནོ། །ཞེས་རྫུན་སྨྲས་པས་སྤྱང་ཀིས་གཅན་ཟན་ཐམས་ཅད་ལ་དེའི་བསྔགས་པ་བརྗོད་པས་གྲགས་པའི་རྗེས་སུ་འབྲངས་ནས་གཅན་ཟན་ཐམས་ཅད་དེའི་འཁོར་དུ་གྱུར་ཏོ། །ཝ་མོ་དེའི་མས་སྨྲས་པ། ཀྱེ་བུ་མོ་ཚོད་མའི་ཆུ་ལ་ཁྲུས་བྱས་ནས། །དམན་པའི་ས་ལ་གནས་ན་བདེ། །རྒྱུད་ངན་པགས་པས་ང་རྒྱལ་བ། །ཡུན་དུ་འགྲོགས་ན་ཕུང་བར་ངེས། །ཞེས་བགོས་ཀྱང་མ་ཉན་ནོ། །ཝ་མོ་སེང་གེས་ཁུར་ནས་སོང་བ་ན་མོས་སྐད་བཏོན་པས་སེང་གེས་ཝ་ཡིན་པར་ཤེས་ནས་ཁྲོས་ཏེ་སྐད་བསྒྲགས་པས་མོ་བརྒྱལ་ནས་ས་ལ་ལྷུང་བ་དང་། གཅན་གཟན་ཐམས་ཅད་ཀྱིས་འདིས་བདག་ཅག་བསླུས་སོ་ཞེས་ཝ་མོའི་སྤུ་ཐམས་ཅད་བཏོགས་ཏེ་སྡུག་བསྔལ་བར་བྱས་སོ། །ལྷ་ཞིག་གིས་སྨྲས་པ། སེམས་ཀྱི་སྟོབས་ཀྱིས་མི་འགྲོ་ཞིང་། །པགས་པས་ང་རྒྱལ་འགྲོ་བྱེད་པ། །རྒྱུན་དུ་བདེ་བར་མ་གྱུར་ཏེ། །སྤུ་དང་བྲལ་བས་ཝ་རྫུན་ཕུང་། །ཞེས་སོ། ༈ །མཁན་པོ་ཨ་ངག་གིས། སྔོན་མི་ཡུལ་དུ་རི་དྭགས་ཤ་ར་ཎ་ཡོད་པ་དེ་ཉིད་འགྲོ་བའི་དུས་རྐང་ལག་གིས་སྲོག་ཆགས་རྣམས་བརྗི་བར་དོགས་ནས་སྣ་ནས་རླུང་ཆེན་པོས་བསལ་ཏེ་འགྲོ་བ་ཡིན་ཞེས་གསུངས། ༼༈༽རིག་པ་ཚད་ཕེབས་བཤད་པའི་སྐབས། ཐེག་མཆོག་མཛོད་ལས། དེའང་སྣང་བ་གོང་མ་གཉིས་སུ་ཉོན་ཡིད་དང་ཡིད་ཤེས་ཀྱི་དྲི་མ་མངོན་གྱུར་སྦྱངས་ནས། འདི་ཐོབ་པའི་ཚེ་ཚོགས་བརྒྱད་ཀྱི་དང་པོ་བདུན་དག་པས། ཕྲ་རགས་ཀྱི་དྲི་མ་ལས་གྲོལ་ཞིང་། ལུས་སེམས་ཀྱི་འབྲེལ་ཆོད་པའོ། །ཞེས་དང་། ཕྲ་རགས་འགྱུ་བའི་སེམས་དག་ཀྱང་། ཀུན་གཞིའི་རྣམ་ཤེས་ཙམ་གྱི་སེམས་ཡོད་གསུངས།
༈ མཐོང་ནས་གོམས་པར་བྱས་པས། ཉམས་གོང་འཕེལ་ལ་སོགས་པའི་སྣང་བ་མ་སྐྱེས་པར་ཟད་པ་ཡང་ཡོད་དེ། འདི་ནི་བློ་མཆོག་ཅིག་ཆར་པ་ཞེས་བྱའོ། །དེའང་སྔོན་དུ་སྦྱངས་པའི་ལས་འཕྲོ་ཅན་བླ་མ་ལ་གུས་པ་གཞན་ལས་ཆེ་བ་རེ་རེ་ཙམ་གྱི་ཟད་ལུགས་ཏེ་སྲིད་པ་ཙམ་མོ། །ཞེས་དང་། ངེས་ཚིག་སྐབས། ཆོ༵ས་ཞེས་པ་ལུས་ངག་སེམས་ཀྱི་ཚོགས་པའི་ཆོས་ཉོན་མོངས་དང་བཅས་པ་ཡིན་ལ། ཉིད༵་ནི་དེ་སྦྱོང་བྱེད་ལམ་གྱི་སྣང་བ་འོད་གསལ་བསྒོམ་པའི་ཆ་དང་བཅས་པ་སྟེ། ཟད༵་པ༵་ནི་སྟོང་པ་སྟེ། བློའི་སྒོམ་པ་ཡུལ་སྣང་དང་བཅས་པ་རང་ལོག་ནས་མེད་ལ། མི་དམིགས་པ་ཞེས་བྱ་གསུངས། ཐལ་འགྱུར་ལས། སྐུ་དང་ཡེ་ཤེས་མེད་པ་དང་། །ཆོས་རྣམས་ཟད་པའི་སར་ཕྱིན་པ། །འབྲས་བུའི་ཆོས་ཉིད་ཡིན་པར་འདོད། །ཅེས་ཚིག་འདི་གསུམ་ལ་འཁྲུལ་ནས། འབྲས་བུའི་ཀ་དག་ལ་སྐུ་དང་ཡེ་ཤེས་མེད་པར་འདོད་པའི་སྙིང་ཏིག་པ་བྱུང་བས། དེ་ནི་ནོར་བ་ཆེན་པོ་སྟེ། ཕྱི་སྣང་གདངས་ཀྱི་སྐུ་དང་ཡེ་ཤེས་ཤེལ་འོད་ནང་དུ་ལོག་པ་ལྟ་བུའི་ཆ་ལ་དེ་སྐད་གསུངས་པ་དེའི་དགོངས་པ་མ་ལོན་པར་ཟད་དོ། །དོན་ལ་ནང་དབྱིངས་སུ་མེད་ན་ལྷུན་གྲུབ་དང་འགལ་བ་དང་། འདུས་མ་བྱས་ཡིན་པས་ཕྱིས་མེད་གཏན་བརླག་ཏུ་སོང་༷བ་དང་འགལ་བ་དང་། ཡང་དབྱིངས་ལས་སྐུ་དང་ཡེ་ཤེས་ཀྱི་འཆར་གཞི་ལས་སེམས་ཅན་གྱི་དོན་འབྱུང་བ་དང་འགལ་བ་དང་། ཀུན་ཏུ་བཟང་པོ་གཞིའི་དབྱིངས་དག་པ་མཐར་ཕྱིན་ནས་སེམས་ཅན་དང་སངས་རྒྱས་ལ་ལམ་སྟོན་པའི་ཐུགས་རྗེ་དང་མཛད་པ་བསྟན་པ་དང་འགལ་བ་ལ་སོགས་པ་སྐྱོན་དུ་མ་ཡོད་པས་ཉེས་ཆ་དེ་ལྟ་བུ་ཁས་བླང་བར་མི་འོས་སོ། །ཞེས་གསུངས།
༈ ཚིག་དོན་མཛོད་ལས། ལུས་སེམས་འབྲེལ་བ་ཆོད་པའི་ཚད་ནི་ལུས་རྡོས་པ་དག་པས་རྩ་རླུང་དག །དེ་དག་པས་གློ་བུར་དུ་འདུས་པའི་ལུས་སེམས་གཉིས་ཀྱི་ཚོགས་པ་ཞིག་པས་འབྲེལ་ཆད་པའོ། །ཕྲ་བ་རིག་པའི་ཆ་ལ་བག་ལ་ཉལ་བ་ཙམ་གྱི་སེམས་དེ་ཉིད་སྐར་མདའ་འཕྲོ་བ་ལྟར་སྐད་ཅིག་རེ་ཤར་ཡང་དབྱིངས་སུ་ཡལ་བས་ཀུན་ནས་ལྡང་བའི་ལས་རྒྱུན་ཆོད། འདིར་འཁོར་བ་བསྐྱེད་ཅིང་འཇུག་པའི་ལུས་ངག་སེམས་གསུམ་གྱི་ཚོགས་པ་མངོན་གྱུར་ལོག་ནས་ཤིན་ཏུ་ཕྲ་བ་བག་ལ་ཉལ་ཙམ་ཡོད་པའི་ཆ་ལས་སྐར་མདའ་རྒྱུག་པའི་ཆ་ཙམ་དུ་བྱུང་སྟེ། སྣང་ཆ་གཉིས་པོ་དེ་འཛིན་པའི་དུས་སོ། །ཞེས་དང་། དེ་ཡང་རིག་པ་ཕྲ་བའི་རླུང་མེ་སྟག་ཏུ་འཕྲོ་བ་ལྟ་བུ་དེས་སེམས་ཕྲ་བ་དེའི་རྟ་བྱས་ནས་འཁོར་བའི་སྣང་ཆ་མཐོང་བ་མ་འགགས་པའི་རྟེན་བྱེད་ལ། རིག་པ་དངོས་ལ་ཡེ་ཤེས་ཀྱི་རང་གདངས་ཡོད་པའི་ཆས་མྱ་ངན་ལས་འདས་པའི་མཐོང་ཆ་མ་འགགས་པས་སྣང་བ་གཉིས་འཛིན་པ་སྟེ། རྒྱང་ཞགས་ཀྱིས་གཉིས་ཀྱི་ཆ་འཛིན་པ་དང་གཅིག་པར་སྣང་ངོ། །དེ་ཡང་ལྷུན་གྲུབ་ཀྱི་སྒོ་ཡོད་པའི་ཆ་ལས་ཤར་བ་ཡིན་ནོ། །ཞེས་དང་། ཐེག་མཆོག་མཛོད་ལས། དེའང་སྣང་བ་གོང་མ་གཉིས་སུ་ནི་ཉོན་ཡིད་དང་ཡེ་ཤེས་ཀྱི་དྲི་མ་མངོན་གྱུར་སྦྱངས་ནས། འདི་ཐོབ་པའི་ཚེ་ཚོགས་བརྒྱད་ཀྱི་དང་པོ་བདུན་དག་པ་ནས། ཕྲ་རགས་ཀྱི་དྲི་མ་ལས་གྲོལ་ཞིང་། ལུས་སེམས་ཀྱི་འབྲེལ་ཆོད་པས། ཕྱི་སྣང་བའི་ཡུལ་རིག་པ་ལ་སྣང་ཞིང་། དཔྱོད་བྱེད་རྣམ་ཤེས་ཀྱི་ཆ་ཀུན་གཞིའི་རྣམ་པར་ཤེས་པའི་དབང་པོས་བདག་རྐྱེན་བྱེད་པ་ནི། སྐར་མདའ་ནམ་མཁའ་ལ་རྒྱུག་པའི་ཚོད་ཙམ་དུ་སྐད་ཅིག་མ་ལ་དཔྱོད་བྱེད་རང་ཤར་བ་དེ་རང་གྲོལ་བས་གཉེན་པོ་ལ་སོགས་པ་ལ་མི་ལྟོས་པར་དག་པ་ནི། སྣང་བ་གོང་མ་གཉིས་ཀྱི་དུས་སུ་རླུང་ཕྱིར་འཕང་ཞིང་ནང་དུ་མ་བཟུང་བས། རྟོག་པ་སྐད་ཅིག་གཉིས་པར་མི་སྡོད་པའི་རྩལ་འབྱོངས་པ་ལས་བྱུང་སྟེ། ལུས་ཟང་ཐལ་ལ། རྣམ་ཤེས་ཀུན་གཞིའི་ཆ་རྟོག་མེད་ཡུལ་རིག་པ་མེ་སྟག་འཕྲོ་བ་བཞིན་གསལ་དྭངས་པ། ཕྱིར་སྣང་ཞིང་སྣང་དང་། ནང་དུ་རང་སྣང་གི་སྣང་ཆ་གཉིས་མཐོང་བས་ལུས་སེམས་འབྲེལ་ཆད་དེ། ཁམས་གསུམ་དུ་ཕྱིར་མི་ལྡོག་པའི་ས་མཆོག་དཀྱིལ་འཁོར་ཆེན་པོར་གྲུབ་པའོ། ཞེས་དང་། འདིའི་དུས་སུ་མཐོང་བྱེད་ཀྱང་ཀུན་གཞིའི་རྣམ་པར་ཤེས་པའི་ཆ་སྐར་མདའ་འམ་མེ་སྟག་འཕྲོ་བ་ལྟ་བུ་དང་། རིག་པའི་ཐུགས་རྗེ་ཤེས་རབ་ཀྱི་ཆ་གཉིས་ཡོད་པས། མཐོང་བྱ་ཕྱི་ནང་གཉིས་མཐོང་བའི་ཤེས་པའི་ཆར་བྱུང་བའོ། །འདིའི་དུས་སུ་གཉེན་པོས་ཆེད་དུ་ལྟ་སྟངས་འཆའ་བ་ལ་སོགས་པ་མེད་དེ་རྟག་ཏུ་ཆོས་ཉིད་ཀྱི་འཁོར་ལོ་ལས་མི་འདའ་བས། ཉམས་ལེན་གྱི་ཚད་རྫོགས་པ་ཞེས་བྱའོ།། ༼༈༽ མི་ཕམ་རིན་པོ་ཆེས། དེ་ལྟར་ཉམས་སུ་བླང་བ་མཐར་སོན་པས་འཁྲུལ་སྣང་གི་རྐྱེན་ཟད་པར་སྤངས་ནས། གཡོ་བྱེད་ཀྱི་རླུང་ཡང་འགགས་ཏེ་ཡུལ་དང་ཡུལ་ཅན་དུ་སྣང་བ་མ་ལུས་པ་ཟད་དེ། ནང་དབྱིངས་གཞོན་ནུ་བུམ་པ་སྐུ་གཞི་ལས་འཕགས་པ་གཞི་སྣང་ཟུང་འཇུག་གདོད་མའི་དབྱིངས་སུ་མངོན་པར་བྱང་ཆུབ་པ་སྟེ། ཆོས་ཉིད་ཀྱི་དབྱིངས་སུ་ཆོས་ཅན་མཐའ་དག་ཟད་པ་ལ་ཆོས་ཉིད་ཟད་པར་ཞེས་པའི་བར་གྱི་ཐ་ཚིག་མི་མངོན་པའམ་ཡང་ན་ཟད་པ་སྟེ་རྫོགས་པ་མཐའ་དག་སྟེ། ཆོས་ཉིད་ཀྱི་དབྱིངས་འབའ་ཞིག་ཏུ་རྩལ་རྫོགས་པ་ལ་ཆོས་ཉིད་ཟད་པ་ཞེས་བྱའོ། །ཞེས་གསུངས། ཐེག་མཆོག་མཛོད་ལས་ཟད་ལུགས་ནི། རིམ་གྱིས་དང་། ཅིག་ཆར་གཉིས་ལས། རིམ་གྱིས་ཟད་པ་ནི་སྣང་བ་བཞི་ཚད་དུ་ཕྱིན་པའི་དུས་སོ། །ཅིག་ཆར་ཟད་པ་ནི་དང་པོ་ཆོས་ཉིད་མངོན་སུམ་མཐོང་ནས་བསྒོམས་པར་བྱས་པས། ཉམས་གོང་འཕེལ་ལ་སོགས་པའི་སྣང་བ་མ་སྐྱེས་པར་ཟད་པ་ཡང་ཡོད་དེ། འདི་ནི་བློ་མཆོག་ཅིག་ཅར་པ་ཞེས་བྱའོ། །དེའང་སྔོན་དུ་སྦྱངས་བའི་ལས་འཕྲོ་ཅན་བླ་མ་ལ་གུས་པ་གཞན་ལས་ཆེ་བ་རེ་རེ་ཙམ་གྱི་ཟད་ལུགས་དེ་སྲིད་པ་ཙམ་མོ། །ཞེས་དང་། ངེས་ཚིག་སྐབས། ཆོས་ཞེས་པ་ལུས་ངག་སེམས་ཀྱི་ཚོགས་པའི་ཆོས་ཉོན་མོངས་པ་དང་བཅས་པ་ཡིན་ལ། ཉིད་ནི་དེ་སྦྱོང་བྱེད་ལམ་གྱི་སྣང་བ་འོད་གསལ་བསྒོམ་པའི་ཆ་དང་བཅས་པ་སྟེ། ཟད་པ་ནི་སྟོང་པ་སྟེ། བློའི་སྒོམ་པ་ཡུལ་སྣང་དང་བཅས་པ་རང་ལོག་ནས་མེད་ལ། མི་དམིགས་པ་ཞེས་བྱ་གསུངས། ཐལ་འགྱུར་ལས། སྐུ་དང་ཡེ་ཤེས་མེད་པ་དང་། །ཆོས་རྣམས་ཟད་པའི་སར་ཕྱིན་པ། །འབྲས་བུའི་ཆོས་ཉིད་ཡིན་པར་འདོད། །ཅེས་ཚིག་འདི་གསུམ་ལ་འཁྲུལ་ནས། འབྲས་བུ་ཀ་དག་ལ་སྐུ་དང་ཡེ་ཤེས་མེད་པར་འདོད་པའི་སྙིང་ཐིག་པ་བྱུང་བས། དེ་ནི་ནོར་བ་ཆེན་པོ་སྟེ། ཕྱིར་སྣང་གདངས་ཀྱི་སྐུ་དང་ཡེ་ཤེས་ཤེལ་འོད་ནང་དུ་ལོག་པ་ལྟ་བུའི་ཆ་ལ་དེ་སྐད་གསུངས་པ་དེའི་དགོངས་པ་མ་ལོན་པར་ཟད་དོ། །དོན་ལ་ནང་དབྱིངས་སུ་མེད་ན་ལྷུན་གྲུབ་དང་འགལ་བ་དང་། འདུས་མ་བྱས་ཡིན་པས་ཕྱིས་མེད་གཏན་བརླག་ཏུ་སོང་བ་དང་འགལ་བ་དང་། ཡང་དབྱིངས་ལ་སྐུ་དང་ཡེ་ཤེས་ཀྱི་འཆར་གཞི་ལས་སེམས་ཅན་གྱི་དོན་འབྱུང་བ་དང་འགལ་བ་དང་། ཀུན་ཏུ་བཟང་པོ་གཞིའི་དབྱིངས་དག་པ་མཐར་ཕྱིན་ན་སེམས་ཅན་དང་སངས་རྒྱས་ལ་ལམ་སྟོན་པའི་ཐུགས་རྗེ་དང་མཛད་པ་བསྟན་པ་དང་འགལ་བ་ལ་སོགས་པ་སྐྱོན་དུ་མ་ཡོད་པས་ཉེས་ཆ་དེ་ལྟ་བུ་ཁས་བླང་བར་མི་འོས་སོ། །ཞེས་གསུངས། ༼༈༽ ཐེག་མཆོག་མཛོད་ལས། ཚད་ཕེབས་ཡོལ་ནས་ཟད་པའི་མགོ་རྩོམ་དུས་ན་རང་གི་རྐང་ལག་བཞིའི་སོར་མོ་འོད་ལྔར་གསལ་བ་ཙམ་ཡོད་པས། སྐབས་འདི་ནས་ནང་དབྱིངས་སུ་ཕར་འཇུག་པ་དང་། ཕྱིར་སྣང་དུ་ཚུར་ལྡོག་པའི་ས་མཚམས་ཡོད་དེ། དེའང་སྐུའི་རྣམ་པ་དེས་ད་རེས་སེམས་ཅན་གྱི་དོན་དངོས་སུ་རྒྱ་ཆེར་མི་འབྱུང་ན། སོར་མོའི་འོད་ལ་རིག་པ་གཏད་པས་ཕྱི་སྣང་དང་། རང་ལུས་ཀྱི་འོད་གསལ་རྣམས་ནང་དབྱིངས་སུ་ཇེ་ཐིམ་ལ་འགྲོ་ཞིང་། ཐད་ཀའི་དངོས་སྣང་མཐིང་ཁ་དག་པ་ཙམ་ལས། འོད་ལུས་སུ་ཡལ་བ་ཤེལ་འོད་ནང་དུ་ཐིམ་པ་ལྟར། ལུས་དང་སྣང་བའི་རང་གདངས་ཀྱང་ལོག་སྟེ་ནང་གསལ་ལྷུན་གྲུབ་རིན་པོ་ཆེའི་སྦུབས་ན་སྐུ་དང་ཡེ་ཤེས་ཀྱི་གཏིང་གདངས་ཙམ་ལ་རིག་པ་བཞུགས་ནས། ཕྱི་སྣང་མཐིང་གར་སྣང་བའི་ཆ་ཙམ་ཡང་མེད་པར། ཤེལ་གོང་རང་དངོས་སུ་གྲིབ་མ་ལ་གནས་པ་བཞིན། རིག་པ་ཆོས་སྐུར་སངས་རྒྱས་ཏེ་འཁྱིལ་བའོ། །ཕྱིར་སྣང་དུ་ཚུར་ལོག་ན་སྐུ་དེས་སངས་རྒྱས་ཀྱི་མཛད་པ་དང་མཚུངས་པ་འགྲུབ་པའི་རྟགས་ཏེ། དེའང་སྐྱེ་བ་དང་འཇུག་པ་ལ་དབང་བ་ལས་རིག་པ་སེམས་ཅན་ལ་ཐུགས་རྗེས་གཏད་པས་ཅི་ཡང་མེད་པ་ཀ་དག་གི་སྣང་བ་དེ་རང་ལོག་ནས། འཁྲུལ་སྣང་གི་སྣང་བ་འདི་མེ་ལོང་གི་གཟུགས་བརྙན་ལྟར་སྣང་ཞིང་། རང་གི་སྐུ་དེ་ཡང་ཆུའི་ཟླ་བ་ལྟར་ཡེ་ཤེས་སྒྱུ་མའི་སྐུར་རང་སྣང་ལ་ཟང་ཐལ་བས་འབྱུང་བའི་གནོད་པ་དང་བྲལ་ཞིང་རྡོ་རྗེའི་སྐུ་ཐོབ་པ་སྟེ། སེམས་ཅན་གྱི་དོན་དུ་འཕོ་བ་ཆེན་པོའི་སྐུར་བཞེངས་པ་ཞེས་བྱའོ། །ཞེས་གསུངས། ༈ ཨ་ཏི་ཟབ་དོན་ལས། ད་དུང་ཉམས་ལེན་དེ་དང་འབྲལ་མེད་བྱས་པས༔ རང་གི་ཤ་ནི་འོད་སེར་པོར་འགྱུར་རོ༔ ཁྲག་ནི་འོད་དཀར་པོ༔ དྲོད་ནི་དམར་པོ༔ དབུགས་ནི་ལྗང་གུ༔ སེམས་ནི་སྐྱེ་མེད་དུ་ཡལ་ལ༔ འདི་དུས་སྐྱེ་བ་ལ་རང་དབང་ཐོབ་པས་སེམས་ཅན་གྱི་དོན་དུ་བསམ་བཞིན་སྐྱེ་བ་སྣ་ཚོགས་སུ་སྟོན༔ རླུང་ལ་རང་དབང་ཐོབ་པས་འབྱུང་བ་ལྔ་ལ་དབང་བསྒྱུར་ནུས༔ སེམས་ལ་དབང་ཐོབ་པས་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་རྣམ་པ་ལྔ་ལྔར་ལོངས་སྤྱོད༔ འོད་ཀྱི་ནང་ན་ལག་སོར་བཀྲམ་པ་ཙམ་ལས་མི་སྣང་ལ༔ དེ་ལ་སྣང་བ་གཏད་ཅིང་བཞག་པས༔ སྣང་བ་ཚུར་ལོག་སྟེ་འཕོ་བ་ཆེན་པོའི་སྐུ་སྐྱེ་འཆི་བྲལ་བ་རྡོ་རྗེའི་སྐུ་ཐོབ་ནསཿ སེམས་ཅན་གྱི་དོན་རྒྱ་ཆེན་པོ་འགྲུབ་པར་འགྱུར་རོ༔ འདི་དུས་ལུས་དུར་ཁྲོད་ཀྱི་རོ་ལྟར་ལུས་ཉམ་ང་བྲལ་བ་སོགས་རྟགས་རྣམས་རྫོགས༔ འགྲོ་བ་གཟུགས་ཅན་ནམ་གཟུགས་མེད་མང་པོ་ལ་རང་གི་རིག་པ་བཅུག་པས་སྐད་ཅིག་མ་ཉིད་ལ་སེམས་ཅན་གྲངས་མེད་པ་གྲོལ་བར་བྱེད་ལ༔ རང་ཉིད་ཀྱང་གཞན་ངོར་སྣང་བ་དང་མི་སྣང་བའི་ཚུལ་མཐའ་ཡས་པའི་སྒོ་ནས་སེམས་ཅན་གྱི་དོན་བྱེད་ད༔ གལ་ཏེ་འགྲོ་བའི་དོན་མི་མཛད་ན༔ ལག་སོར་གྱི་འོད་ལ་ལྟ་བ་སྤངས་ཏེ༔ འོད་གསལ་གྱི་ངང་ལ་མ་གཡོས་པར་བཞག་པས་ལག་སོར་ཡང་དེ་ཉིད་དུ་ཡལ་ཏེ༔ སྣང་བ་ཕྱིའི་འོད་གསལ་དངཿ ཕུང་པོ་ནང་གི་འོད་གསལ་དང༔ རིག་པ་གསང་བའི་འོད་གསལ་གསུམ་དབྱེར་མེད་བློ་འདས་བྲི་གང་མེད་པར་འདྲེས་ནས༔ སངས་རྒྱས་གཞོན་ནུ་བུམ་པ་སྐུའི་ཞིང་ཁམས་སུ་ཆོས་ཀྱི་སྐུར་འཕོ་འགྱུར་མེད་པར་འཚང་རྒྱའོ༔ ཞེས་དང་། དཔལ་སྤྲུལ་རིན་པོ་ཆེས། སྤྱིར་འོད་གསལ་གྱི་སྣང་བཞི་ལ། ཐོད་རྒལ་དུ་ལུགས་འབྱུང་དང་། ཁྲེགས་ཆོད་དུ་ལུགས་ལྡོག་གཉིས་དང་། རྫོགས་པ་ཆེན་པོའི་སྐུ་གསུམ་ལམ་སྣང་དུ་བཞེད་པ་ལའང་། རང་སྣང་ཡེ་ཤེས་ཀྱི་ལམ་དུ་ལུགས་ལྡོག་དང་། གཞན་སྣང་ཐུགས་རྗེའི་ངོས་ནས་ལུགས་འབྱུང་གཉིས་ལས། འདིར་ཕྱི་མ་གཉིས་ལྟར་བཤད་ན། སྤྲོས་བྲལ་རིག་པའི་ཡེ་ཤེས་ཆོས་ཉིད་ཟད༵་པའི༵་དགོངས་པ་རང་གནས་ཀ་དག་གི་གནས་ལུགས་ཡེ་ཇི་བཞིན་པའི་རྟོགས་པ་ནི་ཆོས་སྐུའི་ཡེ་ཤེས་ཡིན་ལ། དེ་ཉིད་བསྒོམ་མེད་ངང་གནས་ཀྱི་བསྒོམས་པས་ཚད་ལ་ཕེབས༵་ཏེ་རིག་པ་ཡེ་ཤེས་ཀྱི་རྣམ་རོལ་ལྷག༵་པར༵་རྒྱས༵་པ་ནི། མེ་ལོང་ལ་སོགས་པ་ཡེ་ཤེས་བཞིའི་ངོ་བོ་ཡིན་པས་ལོངས་སྐུའི་དཀྱིལ་འཁོར་ཐམས་ཅད་ཀྱི་འཆར་གཞི་ཡིན། རྟོགས་པ་མངོན༵་སུམ༵་གྱི་ཡེ་ཤེས་དེ་ཉིད་ཐུགས་རྗེའི་རྩལ་རྫོགས་ཏེ་ཅི་སྣང་ཡེ་ཤེས་ཀྱི་ངང་ལས་མི་འདའ་བཞིན་ཏུ་སངས་རྒྱས་ཀྱི་མཛད་པས་འགྲོ་བ་འདུལ་བ་ཇི་ལྟ་དང་ཇི་སྙེད་མཁྱེན་པའི་ཡེ་ཤེས་ཀྱི་ངོ་བོ་སྤྲུལ་སྐུའི་སྣང་བ་ཡིན་ཞེས་གསུངས། ཆོས་དབྱིངས་མཛོད་འགྲེལ་ལས། རབ་དེས་ཁྲེགས་ཆོད་ཀྱི་སྣང་བཞི་གོ་བཟློག་ནས་རྟགས་ཚད་ལ་ཕེབས་པ་སྟེ། དེའང་དང་པོ་རིག་པ་ཀ་དག་རྗེན་པ་ཆོས་ཉིད་ཟད་པའི་སྣང་བ་རང་ངོ་ཤེས་པ། ཆོས་སྐུའི་རྒྱལ་པོའི་དགོངས་པ་དེ་འདུ་འབྲལ་མེད་པར་སྐྱོང་དུས། གཅིག་དང་དུ་མའི་མཐའ་ལས་གྲོལ་བའི་རིག་པ་ཟང་ཐལ་དུ་ཚད་ལ་ཕེབས་པ་སྟེ། ཕྱི་ནང་གི་རྐྱེན་སྣ་ཚོགས་ཆོས་ཉིད་དུ་གྲོལ་བའི་ངང་ལས་མི་འདའ་བར་བསྐྱངས་པས། དགག་སྒྲུབ་དང་ཉོན་མོངས་དང་རྟོག་པ་རང་དག་རང་ཟད་ནས་ཉམས་ཕྱོགས་མེད་དུ་རང་ཤར་འཛིན་མེད་རང་གར་རྒྱ་གྲོལ་དུ་ཤར་ནས། མཐར་འགྱུར་གྱི་ཉམས་ཟད་དེ་རིག་པ་དང་པོའི་གཞི་ལ་ཕེབས་དུས། ཆོས་ཉིད་མངོན་གསུམ་གྱི་སྣང་བ་ཐད་ཀར་ཤར་བས། དང་པོའི་ཀ་དག་ལ་རྗེན་པར་རང་ཐོག་ན་གནས་པའོ། །ཞེས་དང་། དེ་ཉིད་ལས། ལམ་ལྔ་ནི། ཡེ་ཤེས་ལྔའི་སྣང་བ་མཚོན་པ་ལས། ཆོས་དབྱིངས་ཡེ་ཤེས་ཀྱི་ལམ་སྤྲོས་བྲལ་དོན་གྱི་རང་ངོ་ཆོས་ཉིད་ཟད་པའི་སྣང་བ། དེ་ཉིད་ལས་མེ་ལོང་ཡེ་ཤེས་ཀྱི་ལམ་རྒྱ་ཆད་ཕྱོགས་ལྷུང་དང་བྲལ་བའི་རང་རིག་གསལ་གདངས་ཆེན་པོ་ཉིན་མཚན་གྱི་རྣལ་འབྱོར་རིག་པ་ཚད་ཕེབས་ཀྱི་སྣང་བ་དང་། དེ་ལས་མཉམ་ཉིད་ཡེ་ཤེས་ཀྱི་ལམ་ཉམས་ཀྱི་ཡོན་ཏན་གོང་དུ་འཕེལ་བའི་སྣང་བ་དང་། ཉམས་ལ་འཛིན་ཞེན་གྱི་མཐའ་དང་བྲལ་བའི་རང་སྣང་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་ལམ་ཆོས་ཉིད་མངོན་སུམ་གྱི་སྣང་བ་སྟེ། རང་རིག་དང་པོའི་གཞི་ལས་མ་གཡོས་པར་བསྟན་པ་དང་། དེ་ལས་བྱ་བ་གྲུབ་པའི་ཡེ་ཤེས་ཀྱི་ལམ་རིག་པ་ཀ་དག་ཏུ་གྲོལ་བས་ཟང་ཐལ་རྗེན་པའི་ཆོས་ཉིད་རང་ངོ་ལ་གནས་པ་སྟེ། ཁྲེགས་ཆོད་ཀྱི་སྐབས་འདིར་ཐོད་རྒལ་ལས་གོ་ལྡོག་པར་བསྟན་པ་ཡང་། བི་མ་ལས། དེ་དག་ཡང་ནི་ལྡོག་པ་ཡིས། །རང་རིག་ཐོག་མའི་གཞི་ལ་སྐྱེལ། །ཞེས་གསུངས་པའི་དོན་ཏོ། །མཁའ་འགྲོ་ཡང་ཏིག་ལས། འོ་ན་ཀ་དག་གཅིག་པུས་ཀྱང་གྲོལ་ན༔ དེ་ལ་སྣང་བ་བཞི་ཇི་ལྟར་བརྩི་སྙམ་ན༔ དང་པོ་ཀ་དག་སྤྲོས་པ་དང་བྲལ་བའི་ཡེ་ཤེས་རང་ངོ་ཤེས་པ་ནི་ཆོས་ཉིད་མངོན་སུམ་གྱི་སྣང་བའོ༔ དེའི་ངང་ལ་གོམས་པས་ཕྱི་སྣང་བ་སྣ་ཚོགས་ལ་གཟུང་འཛིན་གྱི་བློ་མི་སྐྱེ༔ ནང་རྟོག་པ་སྣ་ཚོགས་ལ་འཕྲོ་འདུའི་སེམས་མི་འཇུག༔ གསང་བ་བདེ་གསལ་མི་རྟོག་པའི་ཉམས་བཟང་པོ་ཇེ་ཆེར་འཕེལ་ནས་ཉམས་གོང་འཕེལ་གྱི་སྣང་བ་ཞེས་བྱའ༔ དེའི་ངང་ལ་གོམས་པས་གཟུང་འཛིན་གཉིས་འཛིན་གྱི་རྟོག་པ་རང་སར་གྲོལ་ཏེ༔ འཛིན་མེད་མཐའ་གྲོལ་གྱི་རྟོགས་པ་མངོན་ཏུ་གྱུར་ནས༔ འཁོར་འདས་རེ་དོགས་དང་བྲལ་དུས༔ སྤྱན་དང་མངོན་ཤེས་དང༔ ཐུན་མོང་གི་དངོས་གྲུབ་ཞོར་ལ་འགྲུབ་པ་ན༔ རིག་པ་ཚད་ཕེབས་ཀྱི་སྣང་བ་ཞེས་བྱའོ༔ དེའི་ངང་ལ་ཅིར་ཡང་འཛིན་པ་མེད་པར་གནས་པས་ལས་དང་བག་ཆགས་དང་གཟུང་འཛིན་འཁྲུལ་རྟོག་ཐམས་ཅད་ཟད་པ་ནི༔ ཆོས་ཉིད་ཟད་པའི་སྣང་བའོ༔ ཞེས་གསུངས། ༼༈༽ བེམ་པོ་ལ་རིག་པ་བཅུག་པས་འགུལ་བར་ནུས་པའི་དུས་ན། མི་སུམ་སྟོང་ལ་རིག་པ་བཅུག་ན་མ་བསྒོམས་པར་མི་སུམ་སྟོང་པོ་དེས་ཆོས་བྱ་མི་དགོས་པར་སྐྱེ་བ་འདི་ལ་སངས་རྒྱས་ཟེར་བ་མི་འཐད་ཅེས་པ་ལ། སྔོན་རྒྱལ་པོ་ཨིནྟྲ་བྷུ་ཏི་མཁའ་སྤྱོད་དུ་གཤེགས་པའི་ཚེ། ཨུ་རྒྱན་གྱི་འཁོར་འབངས་ཐམས་ཅད་དུས་གཅིག་ལ་གཤེགས་པ་དང་། དམ་པ་སངས་རྒྱས་ཀྱི་བླ་མ་བདག་ཉིད་ཆེན་པོ་མཁའ་སྤྱོད་དུ་གཤེགས་པའི་ཚེ། རྒྱལ་པོ་དྲུག བཙུན་མོ་དྲུག དྲང་སྲོང་དྲུག བྲམ་ཟེ་དྲུག ཁྱིམ་བདག་དྲུག དེད་དཔོན་དྲུག་སྟེ། སོ་དྲུག་མཁའ་སྤྱོད་དུ་གཤེགས་པ་དང་། ཏནྡྲི་པ་སོནྡྷ་ན་རའི་སྐྱེ་བོའི་ཚོགས་དཔག་ཏུ་མེད་པ་དང་བཅས་ཏེ་ལུས་དེ་ཉིད་ཀྱིས་མཁའ་སྤྱོད་དུ་གཤེགས་པ་དང་། ཀཾ་ཀ་པ་རང་གི་འཁོར་དང་ཀླུ་ན་ག་རའི་སྐྱེ་བོའི་ཚོགས་ཐམས་ཅད་དང་བཅས་ཏེ་ལུས་དེ་ཉིད་ཀྱིས་མཁའ་སྤྱོད་དུ་གཤེགས་པ་དང་། ཀུ་ཀུ་རི་པ་གྲོང་ཁྱེར་ཀ་སི་ལ་པ་ཀླུའི་སྐྱེ་བོའི་ཚོགས་དང་བཅས་པ་ལུས་དེ་ཉིད་ཀྱིས་མཁའ་སྤྱོད་དུ་གཤེགས་སོ། །བདག་ཉིད་འཚང་རྒྱ་བའི་ཚེ་རྟེན་འབྲེལ་གྱི་ཆེ་བས་རྒྱུད་ཅིག་ཆར་གྲོལ་བའི་དུས་ཡིན་པས། རིག་མ་དང་། བར་ཆད་སེལ་བའི་ཆོས་སྐྱོང་དང་། དངོས་གྲུབ་སྟེར་བའི་བླ་མ། གསོལ་བ་འདེབས་པའི་སློབ་མ་དང་བཅས་པ་སངས་རྒྱས་པར་བཤད་དོ། །ཞེས་ལོག་རྟོག་ཀུན་འཇོམས་རྡོ་རྗེ་ཕ་ལམ་སོགས་ལས་གསུངས་སོ།། ༼༈༽ རྨི་ལམ་གྱི་མཚན་མ་བཟང་ངན་འཕགས་པ་བཞི་པ་སྒྲུབ་པ་ཞེས་བྱ་བའི་མདོ་ལས། འཇམ་དཔལ་གཞོན་ནུར་གྱུར་པས་ལྷ་ཡི་བུ་དཔལ་བཟང་ལྡན་ལ་གསུངས་པ་འདི་ལྟ་སྟེ། སྒྲིབ་པའི་རྒྱུ་མཐུན་གྱི་རྨི་ལམ་བཞི་ནི། ཁྲོན་པ་རྡུལ་ཅན་གྱི་ནང་ནས་ཟླ་དཀྱིལ་མཐོང་བ་དང་། མཚེའུ་རྫིང་ཁྲོན་རྙོག་པ་ཅན་གྱི་གཏིང་ན་ཟླ་དཀྱིལ་མཐོང་བ་དང་། བར་སྣང་སྤྲིན་ཆེན་པོས་གཡོག་ཅིང་དེ་ལས་ཟླ་དཀྱིལ་མཐོང་བ་དང་། བར་སྣང་ལ་རླུང་རྡུལ་དུ་བས་འཁྲིགས་པར་མཐོང་ཞིང་དེ་ལས་ཟླ་དཀྱིལ་མཐོང་བ་བཞིན་ནོ། །ཡང་ལས་ཀྱིས་སྒྲིབ་པའི་རྒྱུ་མཐུན་པའི་རྨི་ལམ་བཞི་ནི། གཡང་ས་ཆེན་པོ་ནས་གཡང་ལ་ལྷུང་བ་དང་། ལམ་མཐོ་དམན་ཅན་དུ་ཞུགས་པ་དང་། ལམ་དོག་པར་ཞུགས་པ་དང་། ཕྱོགས་བསླད་ཅིང་འཇིགས་པ་མང་པོ་མཐོང་བ་བཞིའོ། །ཉོན་མོངས་པས་སྒྲིབ་པའི་རྒྱུ་མཐུན་གྱི་རྨི་ལམ་བཞི་ནི། དུག་སྲོག་འཁྲུགས་པ་དང་། གཅན་གཟན་གཏུམ་པོ་ཕལ་མོ་ཆེའི་སྒྲ་ཐོས་པ་དང་། རང་གཡོན་ཅན་གྱི་ནང་ན་གནས་པ་དང་། རང་ལུས་དྲི་མ་ཅན་དང་གོས་དྲི་མ་ཅན་དུ་མཐོང་བ་བཞིའོ། །གཟུངས་ཐོབ་པའི་རྒྱུ་མཐུན་གྱི་རྨི་ལམ་བཞི་ནི། གཏེར་ཆེན་པོ་རིན་པོ་ཆེ་སྣ་ཚོགས་ཀྱིས་གང་བ་མཐོང་བ་དང་། རྫིང་བུ་མེ་ཏོག་པདྨ་རྒྱས་པས་ཡོངས་སུ་གང་བ་མཐོང་བ་དང་། བདག་གོས་དཀར་པོའི་ཕྲུག་རྙེད་པར་མཐོང་བ་དང་། ལྷ་ཞིག་གིས་སྤྱི་བོའི་གཙུག་ན་གདུགས་འཛིན་པར་མཐོང་བ་དང་བཞིའོ། །ཏིང་ངེ་འཛིན་ཐོབ་པའི་རྒྱུ་མཐུན་གྱི་རྨི་ལམ་བཞི་ནི། བུ་མོ་བཟང་མོ་རྒྱན་བཟང་པོས་བརྒྱན་པས་མེ་ཏོག་སིལ་མ་འབུལ་བར་མཐོང་བ་དང་། ནམ་མཁའ་ལ་བྱ་ངང་པ་དཀར་པོའི་ཐལ་དཀར་གྱིས་ཁྱུ་སྐད་འབྱིན་ཅིང་འགྲོ་བར་མཐོང་བ་དང་། དེ་བཞིན་གཤེགས་པ་འོད་མང་པོས་བརྒྱན་པའི་ཕྱག་སྤྱི་བོར་འཇོག་པ་མཐོང་བ་དང་། དེ་བཞིན་གཤེགས་པ་མེ་ཏོག་པདྨ་ལ་བཞུགས་ཤིང་བསམ་གཏན་མཛད་པར་མཐོང་བ་དང་བཞིའོ། །དེ་བཞིན་གཤེགས་པ་མཐོང་བའི་རྒྱུ་མཐུན་གྱི་རྨི་ལམ་བཞི་ནི། ཟླ་བའི་དཀྱིལ་འཁོར་འཆར་བར་མཐོང་བ་དང་། ཉི་མའི་དཀྱིལ་འཁོར་འཆར་བར་མཐོང་བ་དང་། མེ་ཏོག་པདྨ་ཁ་འབུས་པ་མཐོང་བ་དང་། ཚངས་པའི་དབང་པོ་རབ་ཏུ་ཞི་བའི་སྤྱོད་ལམ་ཅན་མཐོང་བ་དང་བཞིའོ། །བྱང་ཆུབ་སེམས་དཔའི་རང་གི་མཚན་ཉིད་ཀྱི་རྒྱུ་མཐུན་པའི་རྨི་ལམ་བཞི་ནི། ཤིང་ས་ལ་ཆེན་པོ་འདབ་མ་མེ་ཏོག་འབྲས་བུ་སྣ་ཚོགས་ཀྱིས་གང་བར་མཐོང་བ་དང་། བར་བའི་སྣོད་གསེར་གྱིས་གང་བར་མཐོང་བ་དང་། ནམ་མཁའི་ངོས་གདུགས་དང་རྒྱལ་མཚན་བ་དན་གྱིས་གང་བར་མཐོང་བ་དང་། འཁོར་ལོས་བསྒྱུར་བའི་རྒྱལ་པོ་ཆེན་པོ་མཐོང་བ་དང་བཞིའོ། །བདུད་འདུལ་བའི་རྒྱུ་མཐུན་པའི་རྨི་ལམ་བཞི་ནི། གྱད་ཆེན་པོས་གྱད་ཀུན་མནན་ནས་བ་དན་ཐོགས་ཏེ་འགྲོ་བ་མཐོང་བ་དང་། དཔའ་བོ་ཆེན་པོ་གཡུལ་ལས་རྒྱལ་ཏེ་འགྲོ་བར་མཐོང་བ་དང་། རྒྱལ་པོར་དབང་བསྐུར་མཐོང་བ་དང་། བདག་ཉིད་བྱང་ཆུབ་སྙིང་པོ་ལ་འདུག་ཅིང་བདུད་འདུལ་བར་མཐོང་བ་དང་བཞིའོ། །ཕྱིར་མི་ལྡོག་པའི་རྟགས་ཀྱི་རྒྱུ་མཐུན་པའི་རྨི་ལམ་བཞི་ནི། མགོ་ལ་ཐོད་དཀར་པོས་བཅིང་བ་དང་། བདག་གཏན་པ་མེད་པའི་མཆོད་སྦྱིན་བྱེད་པ་དང་། བདག་ཆོས་ཀྱི་སྟན་ཆེན་པོ་ལ་འདུག་པ་དང་། དེ་བཞིན་གཤེགས་པ་བྱང་ཆུབ་ཀྱི་སྙིང་པོ་ལ་བཞུགས་ཤིང་ཆོས་སྟོན་པར་མཐོང་བ་དང་བཞིའོ། །བྱང་ཆུབ་སྙིང་པོ་ཐོབ་པའི་རྒྱུ་མཐུན་པའི་རྨི་ལམ་བཞི་ནི། བུམ་པ་མཐོང་བ་དང་བྱ་ཙ་ཤས་བསྐོར་བ་མཐོང་བ་དང་། གང་དང་གང་དུ་འགྲོ་བ་དེར་ཤིང་ཐམས་ཅད་ལྡང་ཞིང་འདུད་ལ་ཕྱག་འཚལ་བར་བྱེད་པ་དང་། གསེར་གྱི་ཁ་དོག་ལྟ་བུའི་སྣང་བ་ཆེན་པོ་མཐོང་བ་དང་བཞིའོ། །ཞེས་གསུངས་པས་མཚོན་ནས་རྨི་ལམ་གྱི་མཚན་མའི་བཟང་ངན་ཀྱང་ཤེས་པར་བྱས་ནས་སྐྱོན་བསལ་བ་དང་ཡོན་ཏན་སྒྲུབ་པའི་ཐབས་བསྟེན་པར་བྱའོ། །ཞེས་གསུངས། ༼༈༽ ཐེག་མཆོག་རིན་པོ་ཆེའི་མཛོད་ལས། བར་དོ་སྤྱིའི་རྣམ་པར་བཞག་པ་ལ། ངོ་བོ། ངེས་ཚིག །དབྱེ་བ། སྣང་ལུགས། ས་མཚམས་དང་ལྔ་ལས། དང་པོ་ངོ་བོ་ནི། ཕྱི་ཡུལ་གྱི་ཆོས་ནང་གི་བློ་ལ་སྣང་བའི་གནས་སྐབས་སོ། །དེའང་ནང་དབྱིངས་ཀ་དག་ལས་གཞན་དུ་སྣང་བ་ཐམས་ཅད་བར་དོའི་གནས་སྐབས་ཏེ། གཞི་སྣང་སྐུ་དང་ཡེ་ཤེས་སུ་སྣང་བའི་རང་གདངས་གཟུགས་སྐུ་གཉིས་ཀྱི་མཛད་པ་འཆར་བའི་རང་ངོའི་སྣང་ཆ་ནི་དག་པ་ཆོས་ཉིད་ཀྱི་བར་དོ་ཡིན་ལ། འཁྲུལ་སྣང་འགྲོ་དྲུག་གི་ཆོས་སོ་ཅོག་མ་དག་པ་འཁྲུལ་བའི་བར་དོ་ཡིན་ནོ། །དག་མ་དག་གི་ཆོས་དེ་གཉིས་གང་གི་བར་ན་ཡོད་ན་ཀ་དག་གི་དབྱིངས་ནས་ཕྱིར་བསྐྱོད་པས་སླར་ཀ་དག་ཏུ་ནུབ་དགོས་པའི་ཕྱིར་གཤིས་ཀ་དག་གི་བར་ན་ཡོད་པའོ། །དང་པོ་ཡང་དེ་ནས་བྱུང་། ད་ལྟ་ཡང་དེའི་འཆར་ཚུལ་གྱི་ཕྱི་ནང་གི་བར་ན་གནས། ཐ་མ་ཡང་དེའི་ངང་དུ་སྐྱེལ་དགོས་པའི་ཕྱིར་རོ། །ཀ་དག་གི་དབྱིངས་ལ་བར་དོ་མེད་དེ། དེ་ཉིད་ཆོས་གཞན་སྔ་ཕྱི་ལ་མི་ལྟོས་ཤིང་གང་གིའང་བར་ན་འཇུག་པ་མི་སྲིད་དེ། འཕོ་འགྱུར་དང་སྣང་སྟོང་གི་མཐའ་ལས་འདས་པའི་ཕྱིར་རོ། །ཐལ་འགྱུར་ལས། ཐོག་མ་ཉིད་ཀྱི་ཀ་དག་ལ། །འཁྲུལ་གཞི་ཙམ་དུ་བརྗོད་དུ་མེད། །དེ་བཞིན་མ་འཁྲུལ་བ་ཡང་ཅི། །ཞེས་སོ། །གནས་འདི་ཡང་ཤེས་རབ་ཡོད་ན་ཆིངས་རླབས་པོ་ཆེའོ། །གཉིས་པ་ངེས་ཚིག་ནི། བར་ཞེས་པ་གོང་འོག་སྔ་ཕྱི་གང་རུང་གི་དབུས་ཀྱི་ཆོས་ཡིན་པའི་ཆ་ནས་བརྗོད་དེ། དཔེར་ན་རྨི་ལམ་བར་དོ་གཉིད་དུ་འགྲོ་ཁ་དང་སད་པ་གཉིས་ཀྱི་བར་ན་ཡོད་པ་བཞིན་ནོ། །མ་ཞེས་པ་དབུས་མཚོན་པའོ། །དོ་ཞེས་པ་ཐོག་མཐའ་གཉིས་ཟུང་དུ་འཇུག་པའི་འབྲེལ་ཐག་ལྟ་བུར་དབུས་སུ་གནས་ཏེ་དོ་ཡའི་དབུས་ཀྱི་འབྲེལ་ཐག་བཞིན་ནོ། །གསུམ་པ་དབྱེ་ན། ཐུན་མོང་དང་ཐུན་མོང་མ་ཡིན་པ་གཉིས་ལས། ཐེག་པ་ཐུན་མོང་བ་ཁ་ཅིག་ནི། སྐྱེ་ཤི་བར་དོ་དང་། རྨི་ལམ་བར་དོ། ཆོས་ཉིད་བར་དོ་དང་། སྲིད་པ་བར་དོ་ལ་སོགས་པ་འདོད་ཀྱང་ཐུན་མོང་མ་ཡིན་པའི་ཐེག་པ་གསང་བ་རྒྱལ་པོ་འདིར། རང་བཞིན་གྱི་བར་དོ། འཆི་ཁའི་བར་དོ། ཆོས་ཉིད་ཀྱི་བར་དོ། སྲིད་པའི་བར་དོ་དང་བཞིར་བཞེད་དེ། ཐལ་འགྱུར་ལས། བར་དོའི་ཆོས་ཉིད་འདི་ལྟ་བུ། །རབ་ཏུ་གསང་བའི་ཆོས་ཉིད་བཤད། །དབྱེ་ན་རྣམ་པ་བཞི་དག་ལས། །ཞེས་སོ། །བཞི་པ། ཚིག་དོན་རིན་པོ་ཆེའི་མཛོད་ལས། སྣང་ལུགས་ལ་བཞི་ལས། རང་བཞིན་དུ་གནས་པའི་བར་དོའི་སྣང་ལུགས་ལའང་སྤྱིར་བསྟན་པ་དང་། བྱེ་བྲག་ཏུ་བཤད་པ་གཉིས་ལས། དང་པོ་ལ་ཁམས་གསུམ་སྤྱི་བཙན། གནས་རིགས་ཐ་དད། གང་ཟག་སྒོས་བཙན་གསུམ་ལས། སྤྱི་བཙན་ལ་ཀུན་གཞིའི་སྟེང་དུ་བག་ཆགས་སོ་སོར་བཞག་པའི་དབང་གིས་རྩ་བ་མ་རིག་པ་གཟུང་འཛིན་དུ་སེམས་ལ་སྣང་བ། ཕྱི་ཡུལ་ལྔར་ཡུལ་ཀྱི་རྣམ་པར་སྣང་བ། ལུས་སུ་སྣང་བ། བདེ་སྡུག་བར་མ་དགའ་གདུང་དུ་སྣང་བ། ཆགས་སོགས་ཉོན་མོངས་པ་ཀུན་དུག་ལྔར་སྣང་བས་གཅིག་ནས་གཅིག་ཏུ་འཁོར་བར་སྣང་བའི་ཕྱིར་ཁམས་གསུམ་སྤྱིའི་སྣང་བ་ཞེས་བྱའོ། །དེ་ལས་གནས་རིགས་ཐ་དད་པར་སྣང་ཚུལ་བརྗོད་ཀྱིས་མི་ལང་ཡང་རིས་སུ་བསྡུ་ན་དྲུག་པོ་རྣམས་ཡུལ་དང་ལུས་དང་བདེ་སྡུག་ཕལ་ཆེར་ལས་མཐུན་གྱིས་ཆ་སོ་སོར་ནས་ཕྱེ་བ་བསྡེབས་ནས་འགྲོ་བ་དྲུག་སྟེ། རང་རང་གི་ལས་མཐུན་པའི་ལྷ་རྣམས་ཀྱི་གནས་དང་བདེ་བ་ལ་སོགས་པ་ནས་མི་དང་ལྷ་མིན་ལ་སོགས་པ་སྟེ། འདི་དག་ཐམས་ཅད་ལ་དངོས་པོ་གཅིག་ལ་མཐུན་པར་ནི་མེད་དེ། ཆུ་གཅིག་པུའང་། ལྷས་བདུད་རྩིར་མཐོང་བ་ལ་སོགས་པ་དང་། སྤྲིན་གཅིག་པུ་ལའང་གཞན་འཕྲུལ་དབང་བྱེད་ལ་སོགས་པར་རིན་པོ་ཆེ་དང་མེ་ཏོག་གི་ཆར་དུ་བབ་ལ། སུམ་ཅུ་རྩ་གསུམ་དང་རྒྱལ་ཆེན་སྡེ་བཞིར་བདུད་རྩིའི་ཆར་དང་། མི་ལ་ཆུ་དང་། དུད་འགྲོ་ལ་ཡོངས་སུ་གདུངས་བ་ལ་བཏུང་དུ་རུང་བ་ཙམ་དང་། ཡི་དྭགས་ལ་རྣག་ཁྲག་གི་ཆར་དང་། དམྱལ་བ་ལ་མེ་མདག་གི་ཆར་དུ་འབབ་པར་མཐོང་སྟེ། བདེན་གཉིས་ལས། དངོས་གཅིག་ཡིད་ནི་ཐ་དད་ཕྱིར། །དོན་མ་གྲུབ་པར་མཐོང་བ་ཡིན། །ཞེས་སོ། །དེ་དག་ཀྱང་ཕྱི་རོལ་ན་དོན་གཞན་བདེན་པར་གྲུབ་པ་མེད་པའི་ཐ་དད་དུ་སྣང་ལ། དེ་ཡང་སོ་སོའི་ལས་ཐ་དད་ལས་དེ་ལྟར་སྣང་བ་སྟེ། སྤྱོད་འཇུག་ལས། ལྕགས་བསྲེགས་ས་གཞི་སུ་ཡིས་བྱས། །མེ་ཚོགས་འདི་དག་གང་ལས་བྱུང་། །དེ་འདྲ་དེ་དག་ཐམས་ཅད་ཀྱང་། །སྡིག་སེམས་ཡིན་པར་ཐུབ་པས་གསུངས། །ཞེས་པ་བཞིན་ནོ། །དེ་དག་ལས་ཀྱང་གང་ཟག་སྒོས་བཙན་ལ་སྣང་བ་ནི། གནས་རིགས་སོ་སོ་བ་དེ་དག་གི་འགྲོ་བ་རྣམས་ཀྱང་ལ་ལ་བདེ། ལ་ལ་སྡུག ལ་ལ་བར་མར་གནས་ཏེ། སྣང་ཚུལ་ཡང་ལྷས་བྱིན་གཅིག་ལའང་དགྲ་གཉེན་བར་མ་གསུམ་སོ་སོར་འཛིན་པ་དང་། ལ་ལའི་ཟས་ལ་ལ་ལས་དུག་ཏུ་སྣང་བ་དང་། ལ་ལའི་སྣང་བ་ལ་ལ་ལས་མུན་པར་སྣང་བ་ལ་སོགས་པ་ནང་མི་མཐུན་པ་ཤིན་ཏུ་མང་བ་རྣམས་ཏེ། འདི་དག་ཀྱང་རང་རང་གི་འདོད་ཚུལ་གྱུར་བ་སྟེ། འཕགས་པ་དཀོན་མཆོག་བརྩེགས་པའི་ཆོས་ཀྱི་རྣམ་གྲངས་ལས། ལས་ནི་སྣ་ཚོགས་སུ་བྱེད་པའི་ཕྱིར་རི་མོ་མཁན་ལྟ་བུའོ། །ཞེས་གསུངས་པ་བཞིན་ནོ། །བྱེ་བྲག་ཏུ་བཤད་པ་ནི། རང་བཞིན་དུ་གནས་པའི་བར་དོ་ལ་ཕུང་པོ་ལྔས་བཅིངས་པས་སྐུ་ལྔའི་སྣང་བ་རང་འགགས་པ་དང་། ཁམས་དང་སྐྱེ་མཆེད་ཀྱིས་བཅིངས་པས་འོད་དང་ཁ་དོག་གི་སྣང་བ་རང་འགགས་པ་དང་། ལས་དང་ཉོན་མོངས་ཀྱིས་བཅིངས་པས་ཡེ་ཤེས་དང་ཆོས་ཉིད་ཀྱིས་སྣང་བ་རང་འགགས་པའོ། །འཆི་ཁ་མའི་བར་དོའི་སྣང་ཚུལ་ནི། ལུས་ཀྱི་འབྱུང་བ་འཁྲུགས་པས་ཕྱི་ཡུལ་གྱི་སྡུག་བསྔལ་ཉམས་སུ་མྱོང་། སེམས་བྱུང་ཚོར་གྱི་ལམ་སྟོར་བས་ནང་སེམས་ཀྱིས་སྡུག་བསྔལ་ཉམས་སུ་མྱོང་། གཟུང་འཛིན་གྱི་མཚོ་རྡོལ་བས་ལུས་སེམས་འབྲེལ་བའི་རྟེན་སྟོར་གྱིས་དོགས་པའི་སྡུག་བསྔལ་ཉམས་སུ་མྱོང་སྟེ། དོན་ལ་ཤི་བའི་དོགས་པའི་སྡུག་བསྔལ་ལ་གནས་པའོ། །ཆོས་ཉིད་བར་དོའི་སྣང་ཚུལ་ནི། ཕུང་པོ་བདག་འཛིན་གྱི་རྟེན་བོར་བས་སྐུ་དང་ཡེ་ཤེས་ཀྱི་སྣང་བ་རང་ཤར། ལས་དང་བག་ཆགས་ཀྱི་འབྲེལ་ཐག་ཆད་པས་རང་བཞིན་བབས་ཀྱི་བསམ་གཏན་ལ་ངང་གིས་གནས། དབང་པོ་འཛིན་བྱེད་ཀྱི་ཡུལ་སྟོང་བས་རང་སྣང་དག་པའི་འོད་གསལ་ལ་སྤྱོད་པའོ། །སྲིད་པ་བར་དོའི་སྣང་ཚུལ་ནི། ཕྱི་ལུས་ཀྱི་སྲིད་པ་ཡིད་ཀྱི་ལུས་ཅན་རྨི་ལམ་གྱི་སྣང་བ་ལྟར་ས་ཟིན་མེད་པ། ནང་སེམས་ཀྱི་སྲིད་པ་སྙེམས་བྱེད་དུ་མ་ལ་འཇུག་ཅིང་ཀུན་ཏུ་རྟོག་པ། ལུས་སེམས་གཉིས་འདུས་ཀྱི་སྲིད་པ་གང་ལའང་ཐོགས་མེད་དུ་རྒྱུ་ཞིང་སྣ་ཚོགས་སྡུག་བསྔལ་ལ་སྤྱོད་པའོ། །ཞེས་གསུངས། ཐེག་མཆོག་རིན་པོ་ཆེའི་མཛོད་ལས། ལྔ་པ་ས་མཚམས་ནི་བཞི་ལས། རང་བཞིན་གནས་པའི་བར་དོའི་ས་མཚམས་མའི་མངལ་ནས་ཐོན་ནས་ཐ་མ་འཆི་རྐྱེན་གྱིས་ནད་ཀྱིས་བཏབ་པ་ཚུན་ཆད་དོ། །དེ་ནས་ནང་དབུགས་ཁྲོག་གིས་མ་ཆད་པའི་བར་ལ་འཆི་ཁ་མའི་བར་དོའོ། །ནང་དབུགས་ཆད་ནས་འོད་གསལ་ཤར་ཏེ་ལྷུན་གྲུབ་ཀྱི་སྣང་བའི་བར་ནི་ཆོས་ཉིད་བར་དོའོ། །དེ་ནས་ལྷུན་གྲུབ་ནུབ་སྟེ་ཡད་ཡུད་རྨི་ལམ་ལྟར་ཤར་ནས་མའི་མངལ་དུ་ཚུད་པ་ཚུན་ཆོད་སྲིད་པ་བར་དོའི་ས་མཚམས་སོ། །དེའང་འཆི་ཀའི་ཚེ་དུས་ཐ་མའི་ངོ་སྤྲོད་མཚོན་པ་རྣམས་ལ་མགྲོན་པོ་ལ་བརྒལ་བ་ལ་ཚང་སྤྲུགས་སུ་གདབ་པའི་གདམས་ངག་ཅེས་བྱའོ། །དེའང་འཆི་ཀའི་མི་དེ་མགྲོན་པོ་ལམ་ཞུགས་ཡིན་ལ། འཆི་བའི་སྡུག་བསྔལ་ལ་ཆེན་པོ་ཡིན་ཞིང་། དེའི་ལམ་སྣང་སྣ་ཚོགས་པ་རང་སྣང་དུ་མ་ཤེས་ན་དགྲར་ལྡང་བའི་ཚང་ཡོད་ལ། ཤེས་ན་གྲོགས་སུ་འཆར་བའི་ཚང་ཡོད་པས། འཆི་ཀའི་སྤྲུགས་དེར་འདེབས་པ་ལ། ཚང་སྤྲུགས་སུ་འདེབས་པའི་གདམས་ངག་ཅེས་དཔེ་དོན་དེ་འཐད་དོ། །ཞེས་གསུངས། ༼༈༽ ཚིག་དོན་རིན་པོ་ཆེའི་མཛོད་ལས། རྣལ་འབྱོར་བའི་གདམས་ངག་ནི་ཆོས་འདིའི་སྐལ་ལྡན་རྣམས་ལ་དུས་འདིར་གདབ་པར་བྱ་སྟེ། རང་ལ་གསལ་པོ་ཡོད་ན་དེས་ཆོག་པས་སྐབས་འདིར་དྲན་པར་བྱ་སྟེ། ཡུལ་དང་གནས་ལ་འཇུག་པ་དང་། སྐུ་དང་ཡེ་ཤེས་ལ་འཇུག་པའི་གནད་གཉིས་གང་རུང་ལམ་ཁྱེར་དུ་བྱེད་པའོ། །དང་པོ་ནི་འཕོ་བ་སྟེ། རླུང་ཐ་མ་ཕྱིར་འགྲོ་དུས་སྙིང་ནས་རིག་པ་བླ་མའི་སྐུ་ཚོན་གང་བ་འོད་ཟེར་ལྔ་དང་བཅས་པའམ། ཨཿ དཀར་པོ་ཞིག་ཏུ་བསམ་ལ་ཚངས་བུག་ནས་ཡར་རྒྱང་གིས་སོང་བར་བསམ་དུས་ཧིཀ་ཉེར་གཅིག་བརྩེགས་མར་བརྗོད་པས་གྲོལ་བར་ངེས་སོ། །གཉིས་པ་ནི་བཞུགས་སྟངས་གསུམ་མམ་སེང་གེ་ཉལ་ལུགས་ཀྱིས་ཤེས་པ་མིག་ལ་གཏད། མིག་དབྱིངས་རིག་ལ་གཏད་ནས་ཀ་དག་གི་ངང་ལ་འཕྲོ་འདུ་མེད་པར་བཞག་པས་སྐད་ཅིག་དེ་ཉིད་ལ་གྲོལ་ལོ། །དབྱིངས་རིག་མི་གསལ་ན་ཆོས་ཉིད་ཀྱི་བར་དོའི་འཆར་ལུགས་རྣམས་ལ་ཡིད་ཆེས་པ་མ་ཉམས་པར་བྱས་པས་མི་བརྟན་པོ་ལ་འཕྲིན་བཅོལ་དུས་གྲོགས་ཕྱི་ནང་སྟེང་འོག་གང་དུ་ཕྱིན་པ་དེར་འཕྲིན་བཅོལ་བ་ལྟར་ཆོས་ཉིད་རང་ངོ་ཤེས་ནས་གྲོལ་བར་ངེས་སོ། །རང་ལ་གདམས་ངག་དེ་དག་མི་གསལ་ཞིང་གདེངས་མེད་ན་བླ་མའམ་མཆེད་གྲོགས་དམ་ཚིག་ གཙང ་བ་ཞིག་གིས་གསལ་གདབ་སྟེ། མངོན་སུམ་གྱི་སྣང་བ་བསྟན་ལ་དེའི་ངང་དུ་བལྟར་བཅུག་ལ། ད་ལྟའི་རིག་པ་འདི་ཀ་བར་དོར་འཆར་བ་ལ་ཆོས་ཉིད་ཀྱི་བར་དོ་ཟེར་བས་རང་སྣང་དུ་ངོ་ཤེས་པར་གྱིས་ཞེས་པ་དང་། དེ་ལྟའི་རིག་པ་རྗེན་པ་འདི་ཀ་དག་གི་གྲོལ་ས་ཡིན་པས་འདིའི་ངང་ལ་མ་འགྱུར་བར་ལྟོས་ཤིག་ཅེས་ཁྲེགས་ཆོད་དང་ཐོད་རྒལ་གྱི་དོན་གསལ་གདབ། །ཅེས་གསུངས། སྒོམ་ཕྱོགས་དྲིས་ལན་ལས། ཁྱེད་རང་གི་ཐོད་རྒལ་ཉམས་ལ་ལྷ་༼ཞལ་རྒྱུན་ལ། དབྱིངས་ཐིག་གི་དབུས་སུ་ལུག་རྒྱུད་ཤར་བ་ལ་འཕོས་ཀྱང་འདྲ་གསུངས། མཆན།༽ སྐུ་འཆར་གྱིན་འདུག་གསུངས་པ་དེ་ཉིད་མང་ཉུང་ཇི་ལྟར་འདུག་ཀྱང་མངོན་དགའ་ལ་སོགས་རང་བཞིན་སྤྲུལ་སྐུའི་ཞིང་ཁམས་སུ་ཐག་རྦད་ཀྱིས་ཆོད་ལ་རང་གི་རིག་པ་འོད་གོང་གི་རྣམ་པར་སྙིང་དབུས་ནས་ཐོན། རྒྱང་ཞགས་ཆུའི་སྒྲོན་མ་མིག་གི་སྒོ་ནས་ཐོན་ཏེ་ལྷ་སྐུའི་ཐུགས་ཀར་འཕོས་ལ། ལྷ་དང་རང་སེམས་གཉིས་སུ་མེད་པའི་ངང་ལ་མཐོང་བྱ་མཐོང་བྱེད་ཀྱི་གཉིས་འཛིན་དང་བྲལ་ནས་རང་བབས་སུ་བསྒོམ་པར་ཞུ། འདི་རྒྱུད་ཉི་ཟླ་ཁ་སྦྱོར་གྱི་མན་ངག་བཤད་དུ་ཕངས་པ་ཞིག་ཡིན་པ་གསང་རྒྱ་ཞེས་གསུངས། ༼༈༽ དེ་ཡང་ཁྱབ་བྱེད་འབྱུང་བ་ལྔ་ཕྲག་ལྔ་སྟེ་ཉི་ཤུ་རྩ་ལྔ་རང་གི་ལུས་ལ་རང་བཞིན་གྱིས་ཚང་བས་ཡེ་ཤེས་ཀྱི་གདངས་དང་རྩལ་ལ་སོགས་བྱེད་པ་སྟེ། རང་ཤར་ལས། འབྱུང་བ་ཆེན་པོ་ལྔ་ནི་རང་གི་ལུས་ལ་ཚང་ངོ་། །དེ་ཡང་རླུང་རྣམ་པ་ལྔས་ཡེ་ཤེས་ཀྱི་གདངས་བྱེད་དོ། །མེ་རྣམ་པ་ལྔས་ཡེ་ཤེས་ཀྱི་རྩལ་བྱེད་དོ། །ས་རྣམ་པ་ལྔས་ཡེ་ཤེས་ཀྱི་ངོ་བོ་བྱེད་དོ། །ཆུ་རྣམ་པ་ལྔས་ཡེ་ཤེས་ཀྱི་ཡུལ་བྱེད་དོ། །ནམ་མཁའ་རྣམ་པ་ལྔས་ཡེ་ཤེས་ཀྱི་གནས་བྱེད་དོ། །ཞེས་གསུངས་པ་ལྟར། དེ་ལ་ས་ལྔའི་གནས་ཚུལ་ནིི། ཀུན་ཏུ་སྣང་བའི་ས་རིག་པ་དང་ལྷན་ཅིག་ཏུ་གནས། མི་འགྱུར་བ་རྡོ་རྗེའི་ས་སྒྲོན་མ་དང་ལྷན་གཅིག་ཏུ་གནས། ཐམས་ཅད་འབྱུང་བ་རིན་པོ་ཆེའི་ས་ཐིག་ལེ་དང་ལྷན་ཅིག་ཏུ་གནས། སྣང་བ་སྟོན་པ་ཀུན་ཏུ་མཐའ་ཡས་པའི་ས་དབྱིངས་ཡེ་ཤེས་གཉིས་དང་ལྷན་གཅིག་ཏུ་གནས། སྒྲུབ་པ་མཐར་ཕྱིན་པའི་ས་ཤེས་རབ་དང་ལྷན་ཅིག་ཏུ་གནས་སོ། །ཆུ་ལྔ་ལས། འགྱུར་བ་མེད་པའི་ཆུ་རྩ་ཐམས་ཅད་ལ་གནས། ཞི་བ་གསལ་དག་གི་ཆུ་རྒྱུས་པ་ཐམས་ཅད་ལ་གནས། ཡོན་ཏན་རྒྱས་པའི་ཆུ་ཁྲག་ཐམས་ཅད་ལ་གནས། ཆགས་པ་མེད་པའི་ཆུ་ཆུ་སེར་ཐམས་ཅད་ལ་གནས། འཛིན་མེད་རྫོགས་པའི་ཆུ་མིག་གི་ནང་ན་གནས་སོ། །མེ་ལྔ་ལས། ཕྱི་ནང་ཀུན་ཏུ་ཁྱབ་བྱེད་ཀྱི་མེ་གློ་བ་ན་གནས། ཕྱི་ནང་ཀུན་གསལ་གྱི་མེ་མིག་གཉིས་དང་ཡན་ལག་ལ་གནས། ཕྱི་ནང་ཀུན་ཏུ་མཉམ་པའི་མེ་ཤ་ལྤགས་བར་ན་གནས། ཕྱི་ནང་གི་བྱ་བ་རྟོགས་པའི་མེ་རྐང་མཐིལ་གཉིས་ན་གནས། ཕྱི་ནང་གི་བྱ་བ་སྒྲུབ་པའི་མེ་ལག་མཐིལ་གཉིས་ན་གནས་སོ། །རླུང་ལྔ་ལས། སྲོག་འཛིན་པའི་རླུང་སྲོག་རྩ་ན་གནས། བཀྲག་མདངས་གཟི་མདངས་བསྐྱེད་པའི་རླུང་སྨིན་ཕྲག་ན་གནས། མེ་དང་མཉམ་དུ་གནས་པའི་རླུང་ཕོ་བ་ན་གནས། ཀུན་ཏུ་ཁྱབ་བྱེད་ཀྱི་རླུང་ལུས་ཀུན་ལ་ཁྱབ་པར་གནས། སྙིང་རྗེ་མེད་པ་བསྐལ་པ་ལས་ཀྱི་རླུང་སྙིང་དང་སྙིང་ཤུན་གྱི་བར་ན་གནས་སོ། །ནམ་མཁའ་ལྔ་ལས། ཀུན་ལ་ཁྱབ་པའི་ནམ་མཁའ་རིག་པ་དངོས་དང་དབྱེར་མེད་དུ་གནས། ཡུལ་མེད་གསལ་དྭངས་ཀྱི་ནམ་མཁའ་འོད་ལྔ་དང་དབྱེར་མེད་དུ་གནས། མ་འདྲེས་དག་པའི་ནམ་མཁའ་རྣམ་པར་དག་པ་དང་དབྱེར་མེད་དུ་གནས། དོན་ལ་མཚོན་བྱེད་ཀྱི་ནམ་མཁའ་རྟགས་ཀྱི་ཡེ་ཤེས་ཐིག་ལེ་སྟོང་པ་དང་དབྱེར་མེད་དུ་གནས། དག་པའི་ཞིང་དུ་སྒྲོལ་བྱེད་ཀྱི་ནམ་མཁའ་སྐུ་དང་ཡེ་ཤེས་ཀྱི་སྣང་བ་ཐམས་ཅད་དང་དབྱེར་མེད་དུ་གནས་སོ། ༈ །རང་ཤར་ལས། ཀྱེ་གྲོགས་པོ་དག་སེམས་ཅན་རྣམས་དབུགས་འཕོ་བའི་ཚེ་ཕྱིའི་འབྱུང་བ་ལྔ་ནང་གི་འབྱུང་བ་ལྔ་ལ་ཐིམ། ནང་གི་འབྱུང་བ་ལྔ་གསང་བའི་འབྱུང་བ་ལྔ་ལ་ཐིམ། གསང་བའི་འབྱུང་བ་ལྔ་ཡོངས་སུ་རྫོགས་པའི་འབྱུང་བ་ལྔ་ལ་ཐིམ། ཞེས་དང་། ནམ་མཁའ་ནམ་མཁའ་ལ་ཐིམ་པ་ནི་སྤྱི་ཀུན་ལ་ཁྱབ་པའི་ནམ་མཁའ་སྒྲོན་མ་རྣམ་པར་དག་པ་ལ་ཐིམ་མོ། །ཡུལ་མེད་གསལ་དྭངས་ཀྱི་ནམ་མཁའ་རིག་པ་ལ་ཐིམ་མོ། །མ་འདྲེས་དག་པའི་ནམ་མཁའ་དབྱིངས་ལ་ཐིམ་མོ། །དོན་མཚོན་བྱེད་ཀྱི་ནམ་མཁའ་ཤེས་རབ་ལ་ཐིམ་མོ། དག་པའི་ཞིང་དུ་བསྒྲོད་བྱེད་ཀྱི་ནམ་མཁའ་ཉི་ཤུ་རྩ་གཅིག་དོན་ལ་ཐིམ་མོ། །དེ་ནི་ནང་གི་འབྱུང་བ་ཞེས་བྱའོ། །རྩ་བ་འཛིན་པའི་སྲོག་ཐིག་ལེ་ལ་ཐིམ་མོ། །སྐྱོབ་བྱེད་ཀྱི་སྲོག་མཁའ་ལ་འཁྱིལ་ལོ། །རྣམ་པར་ཕྲ་བའི་སྲོག་ལུས་ལ་འཁྱིལ་ལོ། །མི་ གཙང ་བའི་སྲོག་ནམ་མཁའ་ལ་ཡལ་ལོ། །རྣམ་པར་འདར་བྱེད་ཀྱི་སྲོག་དབྱིངས་སུ་ཐིམ་མོ། །དེ་ནི་གསང་བའི་འབྱུང་བ་ཞེས་བྱའོ། །དྭངས་སྙིགས་འབྱེད་པའི་རླུང་ཚོམ་བུ་ལ་ཐིམ་མོ། །དྲོད་བསྐྱེད་པའི་རླུང་འོད་ལ་ཐིམ་མོ། །གསལ་འགྱུར་གྱི་རླུང་སྐུ་ལ་ཐིམ་མོ། །རྣམ་པར་སྡུད་པའི་རླུང་ཡེ་ཤེས་ལ་ཐིམ་མོ། །རྣམ་པར་གཟེངས་བསྟོད་པའི་རླུང་ཐུགས་རྗེ་ལ་ཐིམ་མོ། །རྣམ་པར་ཤེས་པ་བསྐྱོད་པའི་རླུང་སྟོང་པ་ལ་ཐིམ་མོ། །རྣམ་པར་ཡིད་འཇུག་པའི་རླུང་གཉིས་མེད་ལ་ཐིམ་མོ། །རྣམ་པར་མདངས་དང་ལྡན་པའི་རླུང་མཐའ་གྲོལ་ལ་ཐིམ་མོ། །རྣམ་པར་བསྲེག་པའི་རླུང་བདེ་བ་ཆེན་པོ་ལ་ཐིམ་མོ། །རྣམ་པར་རྒོད་པའི་རླུང་གསལ་བ་ལ་ཐིམ་མོ། །གཞི་ལ་ཁྱབ་བྱེད་ཀྱི་རླུང་མཁའ་གསལ་ལ་ཐིམ་མོ། །འཕྲལ་ལ་ཁྱབ་བྱེད་ཀྱི་རླུང་གཏིང་གསལ་ལ་ཐིམ་མོ། །དངང་ཞིང་སྐྲག་པ་ཁྱབ་བྱེད་ཀྱི་རླུང་ཡུལ་ལ་ཐིམ་མོ། །དྲན་པ་ཁྱབ་བྱེད་ཀྱི་རླུང་བར་དོ་ལ་ཐིམ་མོ། འཛིན་པས་ལུས་ཀུན་ལ་ཁྱབ་པའི་རླུང་རང་སྣང་ལ་ཐིམ་མོ། །རྣམ་པར་སྐྱོད་བྱེད་ཀྱི་རླུང་གིས་རིག་པ་མཁའ་ལ་བསྐྱོད་དོ། །རྣམ་པར་གྲོལ་བྱེད་ཀྱི་རླུང་བར་དོ་ལ་ཐིམ་མོ། །འཛིན་པས་ལུས་ཀུན་ལ་ཁྱབ་པའི་རླུང་རང་སྣང་ལ་ཐིམ་མོ། །རྣམ་པར་སྐྱོད་བྱེད་ཀྱི་རླུང་གིས་རིག་པ་བསྐྱོད། རྣམ་པར་གྲོལ་བྱེད་ཀྱི་རླུང་གིས་ཕྱི་ནང་གི་ཆོས་དང་ཕྲལ་ལོ། །རྣམ་པར་ཟློག་བྱེད་ཀྱི་རླུང་གིས་རིག་པ་ཉིད་གཞི་ལ་ཟློག་པའོ། །རྣམ་པར་མྱུར་བྱེད་ཀྱི་རླུང་གིས་རིག་པའི་ཡུལ་མཐོང་བར་བྱེད་དོ། །སྐད་ཅིག་མའི་རླུང་གིས་སྐད་ཅིག་མ་གསུམ་ལ་ཀ་དག་གི་སར་ཕྱིན་པར་བྱེད་པའོ། །དེ་ནི་ཡོངས་སུ་རྫོགས་པའི་འབྱུང་བའོ། །ཞེས་གསུངས། ༼༈༽ རིག་པ་འོད་གསལ་གྱི་ཐིམ་ཚུལ་ནི། རླུང་ལྔ་དབྱིངས་སུ་ཐིམ་ནས། སྙིང་གའི་ཡེ་ཤེས་སུམ་བརྩེགས་གདངས་གློ་བར་འཇུག་པའི་རྟ་དང་བྲལ་བས་རྩལ་རང་ལ་ཐིམ་ནས་སེམས་དང་སེམས་ལས་བྱུང་བ་ཀུན་གཞི་དང་བཅས་པ་འཁོར་བའི་ཆོས་སོ་ཅོག་བག་ལ་ཞ་བས། དར་ཅིག་འཁོར་འདས་རྒྱབ་གྱེས་པའི་དུས་དེར། རིག་པ་དར་དཀར་ནས་ལམ་བཏོད་དེ་ཆུའི་སྒྲོན་མ་ནས་དབྱིངས་རྣམ་པར་དག་པའི་ནམ་མཁའ་ལ་ཐོན་ནས་རང་སྣང་དུ་འཆར་ཏེ། ཐོག་མར་གྲོལ་བའི་བར་ལ་ཐིམ་ཚུལ་བརྒྱད་ཀྱིས་མཐར་ཕྱིན་པར་འགྱུར་བ་ནི། རང་ཤར་ལས། བདེན་པ་མཐོང་བའི་སེམས་ཅན་རྣམས་ལ་འདི་ལྟར་ཤེས་པར་བྱའོ། །རིགས་ཀྱི་བུ་དེ་མྱ་ངན་ལས་འདས་པའི་ཚེ་ལུས་ཀྱི་ཟུངས་ཤོར་ནས་ཡེ་ཤེས་ཀྱི་སྣང་བ་གཞི་ནས་འཕགས་ནས། ཡེ་ཤེས་ཀྱི་མཁའ་ལ་བསྐྱོད་པའི་ཚེ། རིག་པ་མིག་ལམ་ནས་བྱུང་ནས་མཁའ་ལ་བསྐྱོད་དེ། དེ་ཡང་འདི་ལྟར་ཤེས་པར་བྱའོ། །ཙིཏྟའི་དཀྱིལ་ན་རིག་པ་ཐིག་ལེ་ལ་ཐིམ་མོ། །ཐིག་ལེ་སྒྲོན་མ་ལ་ཐིམ་མོ། །སྒྲོན་མ་འོད་ལ་ཐིམ་མོ། །འོད་སྐུ་ལ་ཐིམ་མོ། །སྐུ་ཚོམ་བུ་ལ་ཐིམ་མོ། །ཚོམ་བུ་ཡེ་ཤེས་བཞི་ལ་ཐིམ་མོ། །ཡེ་ཤེས་ལྷུན་གྲུབ་ལ་ཐིམ་མོ། །ལྷུན་གྲུབ་ཀ་དག་ཆེན་པོ་ལ་ཐིམ་ནས་ས་ཟིན་པའོ། །གང་གིས་བདེན་པ་མཐོང་བ་རྣམས་ཀྱི་གྲོལ་ལུགས་དང་ཐིམ་ལུགས་དེ་ལྟར་སྣང་ངོ་ཞེས་སོ།། ༼༈༽ ཐེག་མཆོག་རིན་པོ་ཆེའི་མཛོད་ལས། བྱ་བ་གྲུབ་པའི་ཡེ་ཤེས་ཀྱི་ས་བོན་གྱི་ཆ་ལས་རྩལ་མ་རྫོགས་པས་ཀ་དག་ལ་རྫོགས་པའོ། །དེ་ཡང་འོད་གཉིས་འདུས་ཀྱི་གདངས་ཀྱི་ཆ་ཙམ་དུ་ཡོད་པས། ཀུན་གསལ་དུ་ཡེ་ཤེས་ལྔའི་སྣང་བ་ཐམས་ཅད་བཤད་དོ། །འདིར་ད་དུང་ཀ་དག་ཏུ་གྲོལ་མ་ཟིན་པ་དང་སྦྱར་ནས་བཞི་སྦྱོར་དུ་བཞག་སྟེ། བློ་རྩིང་པ་དག་བྱ་བ་གྲུབ་པའི་སྣང་བ་མེད་པར་འདོད་པ་ནི་ཧ་ཅང་མི་རིགས་པའོ། །རྩལ་མ་རྫོགས་པས་མི་སྣང་ན་ཐམས་ཅད་མི་སྣང་བར་ཐལ་ཏེ། རྩལ་ཐམས་ཅད་མཐར་ཕྱིན་གྱི་དུས་ལས་མི་རྫོགས་པའི་ཕྱིར་རོ། །དེས་ན་སྐབས་འདིར་རགས་པའི་སྣང་བ་བཞི་སྦྱོར་ཏེ། གྲོལ་བ་མ་ཡིན་པས་རྩལ་མ་རྫོགས་ཞེས་གོ་དོན་བླང་ལ་ཡེ་ཤེས་བཞི་སྦྱོར་དུ་ཁས་བླང་བར་བྱའོ། །དེ་ནས་ལྷུན་གྲུབ་རིན་པོ་ཆེའི་སྣང་བའི་ཆ་མཐོང་ལ། དངོས་ཀྱི་འབྲས་བུ་མ་རྫོགས་པ་ཚུན་ཆད་དུ་ཡེ་ཤེས་བཞིའི་ཡོན་ཏན་དུ་སྣང་བ་ལ། ཡེ་ཤེས་ལྔའི་རྣམ་པ་བྱ་བ་གྲུབ་པའི་རང་ངོ་མི་སྣང་ལ། ས་བོན་གྱི་ནུས་པ་ཡོད་པས་ཡེ་ཤེས་ལྔའི་རྣམ་པར་བྱུང་བའོ། །དེ་ཡང་དེ་དག་ཀུན་ལ་ཡང་ཡེ་ཤེས་ལྔའི་ས་བོན་ཁྱབ་བྱེད་དུ་ཡོད་པས་སོ། །ཡེ་ཤེས་བཞིའི་སྣམ་བུ་བཞིའི་སྟེང་ན་ཐིག་ལེ་བཞི་ལ། སྟེང་ན་ཐིག་ཆུང་ལྔ་ལྔ་མཎྜལ་ལ་ཚོམ་བུ་བཀོད་པ་ལྟར་ཡོད་དོ། །དེ་དག་གི་སྟེང་ན་འོད་ཟླུམ་པོ་རྨ་བྱའི་གདུགས་འཁོར་བ་འདྲ་བ་ནི་ཡེ་ཤེས་ལྔའི་དབྱིངས་ཀྱི་སྣང་བ་སྟེ། དབུས་མཐིང་ག་ཁ་དོག་ལྔའི་མུ་ཁྱུད་ཀྱིས་འཁོར་བ་འཆར་རོ། །འདི་ནི་ལྷུན་གྲུབ་འཆར་བའི་ས་བོན་དུ་དུས་འདིར་འབྱུང་བའོ། །དེ་དག་ནི་རྡོ་རྗེ་སེམས་དཔའ་ཁོང་སེང་གི་ལམ་ཞེས་བྱའོ། །ཞེས་གསུངས་སོ།། ༼༈༽ ཐེག་མཆོག་རིན་པོ་ཆེའི་མཛོད་ལས། དེ་དག་ཏུ་གྲོལ་བར་བྱེད་པ་གནད་ཀྱི་མན་ངག་རྒྱས་པར་བཤད་པ་ལས། ཆོས་ཉིད་དོན་གྱི་མན་ངག་གིས་གནད་དུ་བརྡེག་པ་ནི། ཚེ་འདི་དང་བར་དོ་གཉིས་ཀར་གནད་དུ་བསྣུན་ཐབས་བསྟན་པ་སྟེ། ངོ་བོ། རང་བཞིན། ཐུགས་རྗེ་གསུམ་གྱི་གནད་གསུམ་ལས། ངོ་བོའི་གནད་ནི་རང་ཐོག་ཏུ་ངོ་ཤེས། ཡིན་ཐོག་ཏུ་ཐག་གཅོད། གྲོལ་ཐོག་ཏུ་གདེངས་བཅའ་བ་དང་གསུམ་ལས། དང་པོ་ནི་རང་བཞིན་འོད་དུ་སྣང་ཡང་། ངོ་བོ་རིག་གདངས་གཅིག་ལས་མ་འདས་པའི་ངང་གི་རིག་པ་སྟོང་གསལ་ཟང་ག་དེ། ཀ་དག་གི་རང་ངོ་ཡིན་པར་ཐག་བཅད་པ་ནི། མཐར་ཐུག་གི་གྲོལ་ས་ཅེར་མཐོང་དུ་ངོ་སྤྲད་པའོ། །གཉིས་པ་ནི་དེའི་ངང་དེ་བཏང་བཞག་མེད་པར་རང་བཞིན་གྱིས་བསམ་གཏན་དུ་ཐག་རྦད་ཀྱིས་བཅད་ལ་མ་ཡེངས་ལ་མི་འཛིན་པས་བསྒོམ་པའོ། །གསུམ་པ་ནི། དེའི་ཚེ་བསྒོམ་བྱ་སྒོམ་བྱེད་ལས་འདས་པའི་རིག་པ་ཟང་ཐལ་དུ་ཤར་ཞིང་གྲོལ་བས་བཟང་ངན་གྱི་རྟོག་ཚོགས་མ་སྤངས་བར་རང་གྲོལ་བའི་གདེངས་ལ་ཡིད་ཆེས་ཤིང་ལ་ཟློས་པར་བྱེད་པ་སྟེ། གནད་གལ་པོ་ཆེའི་ཆིངས་གཅིག་ཐལ་ལོ། །རང་བཞིན་གྱི་གནད་ལ་སྣ་ཚོགས་སུ་སྣང་ཡང་སྣང་ངོ་ལས་དོན་རང་གསལ་རྗེན་པའི་ཡེ་ཤེས་གཅིག་ཏུ་འུབ་ཆུབ་པར་བསྡུས་ཏེ་རང་གསལ་རང་བྱུང་གི་ཡེ་ཤེས་སུ་ལ་བཟླས་ནས་བསྒོམས་པས་དེའི་འཛིན་པ་ཡང་གྲོལ། ལས་གཞན་ཡང་མེད་པར་ནི། འོད་སྣང་ཆོས་ཉིད་དུ་གྲོལ་བའི་གདམས་པ་སྟེ། ཕར་ལ་བལྟས་པས་ཚུར་ལ་གསལ་བའི་རིག་པ་སྐད་ཅིག་རྗེན་པར་བུད་པའི་ངོ་བོ་ངོ་སྤྲད་པ་སྟེ། སྣང་བ་ལ་བལྟས་ན་མཐའ་ཡས་ཀྱང་། རིག་པ་ལ་བལྟས་ན་གཅིག་ཀྱང་མེད་པ་ཟང་མར་རང་ཤར་བས། གྲོལ་ས་བར་གྱིས་བཏབ་པའི་མན་ངག་གནད་གལ་པོ་ཆེའི་ཆིངས་གཉིས་པ་ཐལ་ལོ། །ཐུགས་རྗེའི་གནད་ནི། །ཕྱིའི་གདུལ་ཡུལ་སྣ་ཚོགས་པའི་རྐྱེན་རེ་ལ་ནང་གི་འདུལ་བྱེད་དམ་འཆར་བའི་རིག་པ་དུ་མ་འཕྲོ་དུས། ཕྱིར་འཕྲོ་བའི་རྗེས་མི་གཅད། རང་ངོ་མི་བརྟག །ནང་དུ་མི་དགག་པར་གང་ཤར་དེ་ཀའི་ཐད་དེར་ཅོག་གིས་བཞག་ལ། བར་མེད་ཀྱི་ཤེས་པ་རྗེན་པར་ཟང་ངེ་ཐལ་ལེ་བ་དེ་ངོས་བཟུང་བས་གྲོལ་ས་གཅེར་མཐོང་དུ་ཟིན་ཏེ། ཤར་གྲོལ་རང་མལ་གྱི་རིག་པ་ཧར་སངས་བར་མེད་རྗེན་པར་ཟང་ཐལ་བ་དེ་ཀ་འདི་དང་བར་དོའི་ཤེས་པ་འཆར་བྱེད་མ་འགགས་པ་ལ་ངོས་བཟུང་བས། ཀ་དག་ཐུགས་རྗེའི་རིག་པ་ཟིན་ནས་གྲོལ་བ་སྟེ། གནད་གལ་པོ་ཆེའི་ཆིངས་གསུམ་པ་ཐལ་ལོ། །འདི་གསུམ་ནི་གསང་བ་སྙིང་གི་བདུད་རྩི་ཡང་ཞུན་གྱི་ཐིགས་པ་རབ་ཏུ་གསང་བ་སྟེ། ཁ་འདུམ་ལ་ཆོད་ཆེ་བ། མདོ་འདུས་ལ་ཆིངས་ཆེ་བ། གནད་ཟབ་ལ་གལ་ཆེ་བ། སྙིང་གི་བུ་མཆོག་དག་ལས་གཞན་ལ་གསང་བའི་རྒྱས་གདབ་པའི་མན་ངག་གོ །ཞེས་གསུངས། ༼༈༽ ཐེག་མཆོག་མཛོད་ལས། རང་བཞིན་སྤྲུལ་པར་དབུགས་འབྱིན་ལུགས་ལ། རང་བཞིན་ཅེས་པ་ལ་གཉིས་ཏེ་གནས་པའི་རང་བཞིན་དང་། བགྲངས་བའི་རང་བཞིན་ནོ། །གནས་པ་ནི་ཡེ་ནས་འདི་ཉིད་ལམ་སྣང་དུ་གནས་ཏེ། གཞི་སྣང་ལྷུན་གྲུབ་ཀྱི་སྒོའི་ལོངས་སྐུའི་ཕྱོགས་བཞི་ན་སྣང་བའོ། །ཞིང་བཅུ། དབུས་དུར་ཁྲོད་མེ་རི་འབར་བ་དང་བཅུ་གཅིག་ཡོད་ཀྱང་། འདིར་རྣམ་གྲོལ་དབུགས་ཆེན་འབྱིན་པ་ལྔ་ངོས་བཟུང་བའོ། །བགྲངས་བ་ནི་ཕ་རོལ་ཏུ་ཕྱིན་པས་བཅུ་གཅིག་ཀུན་ཏུ་འོད་ཀྱི་སར་འདོད་དེ་སངས་རྒྱས་ཀྱི་སྣང་བ་ཁྱད་པར་ཅན་གྱི་སའོ། །ཞེས་དང་། སྤྲུལ་པ་ཞེས་པ་ནི་ཞིང་བཞི་དབུས་དང་ལྔ་ནི་སངས་རྒྱས་རིགས་ལྔའི་སྤྲུལ་པའི་ཞིང་ཁམས་ཡིན་ནོ། །ཞེས་གསུངས། ཞིང་བཅུ་གཅིག་ནི། རྫོགས་པ་རང་བྱུང་ལས། ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་ན། མངོན་པར་དགའ་བའི་ཞིང་ཁམས་ན། སྟོན་པ་རྡོ་རྗེ་སེམས་དཔའ་ཞེས་བྱ་བ་སྐུས་འདུལ་བའི་ཆོས་སྟོན་ཏོ། །ཞེས་དང་། ལྷོ་ཕྱོགས་ན་དཔལ་དང་ལྡན་པ་ཞེས་བྱ་བའི་ཞིང་ཁམས་ཡོད་དེ། དེ་ན་སྤྲུལ་པ་སྐུའི་དེ་བཞིན་གཤེགས་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་འབྱུང་ལྡན་ཞེས་བྱ་བ། ཡོན་ཏན་གྱི་སྒོ་ནས་འདུལ་བའི་ཆོས་སྟོན་ཏོ། །ཞེས་དང་། ནུབ་ཕྱོགས་ན་པདྨ་བརྩེགས་པ་ཞེས་བྱ་བའི་ཞིང་ཁམས་ཡོད་དེ། དེ་ན་སྤྲུལ་པའི་སྐུ་སྣང་བ་མཐའ་ཡས་ཞེས་བྱ་བ་ཡོད་ཀྱིས། དེ་ན་གསུང་གིས་འདུལ་བའི་ཆོས་སྟོན་ཏོ། །ཞེས་དང་། བྱང་ཕྱོགས་ན་ལས་རབ་ཡོངས་སུ་རྫོགས་པའི་ཞིང་ཁམས་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྤྲུལ་པའི་སྐུ་དོན་ཡོད་གྲུབ་པ་ཞེས་བྱ་བ་ཡོད་ཀྱིས། དེར་ཕྲིན་ལས་ཀྱིས་འདུལ་བའི་ཆོས་སྟོན་ཏོ། །དེ་ལ་རིགས་ཀྱི་བུ་ཁྱོད་མ་འཇིགས་པར། ཕྲིན་ལས་ཀྱི་འདུལ་བའི་ཆོས་ཉོན་ལ། ཕྱི་ནང་གི་སྒྲོ་འདོགས་ཆོད་ལ་ཆོས་ཉིད་ཀ་དག་གི་སར་བཞུད་ཅིག །བྱང་ཤར་མཚམས་ན་སྟོབས་རྣམ་པར་བཀོད་པ་ཞེས་བྱ་བའི་ཞིང་ཁམས་ཤིན་ཏུ་ཡངས་པ་ཞེས་བྱ་བ་ཡོད་དེ། དེ་ན་དཔལ་ཕྱག་ན་རྡོ་རྗེ་ཞེས་བྱ་བ་ཡོད་ཀྱི། དེ་ལ་རིགས་ཀྱི་བུ་ཁྱོད་མ་འཇིགས་པར་མཐུ་སྟོབས་ཀྱི་དབང་ཞུས་ལ་བདུད་དང་ཉོན་མོངས་པའི་སྟོབས་ཟིལ་གྱིས་ནོན་ལ། ཆོས་ཉིད་ཀ་དག་གི་སར་བཞུད་ཅིག །ཤར་ལྷོ་མཚམས་ཀྱི་འཇིག་རྟེན་གྱི་ཁམས་ན་ཞིང་ཁམས་ཐུགས་རྗེས་བརྒྱན་པ་ཞེས་བྱ་བ་ན། བཅོམ་ལྡན་འདས་ཐུགས་རྗེ་ཐམས་ཅད་ཀྱི་བདག་པོ་སྤྱན་རས་གཟིགས་དབང་ཕྱུག་ཅེས་བྱ་བ་ཡོད་ཀྱིས། དེ་ལ་རིགས་ཀྱི་བུ་ཁྱོད་འཇིགས་པར་མ་བྱེད་པར་བཅོམ་ལྡན་འདས་དེ་ལ་རྫུ་འཕྲུལ་གྱི་དབང་ཞུས་ལ། ཐུགས་རྗེ་ཕྱོགས་བཅུར་མཛད་ཅིང་ཀ་དག་གི་སར་བཞུད་ཅིག །ལྷོ་ནུབ་ཀྱི་འཇིག་རྟེན་གྱི་ཁམས་ན་ཞིང་ཁམས་འཇམ་པའི་མགོན་ཞེས་བྱ་བ་ཡོད་དེ། དེ་ན་བཅོམ་ལྡན་འདས་འཇམ་དཔལ་གཞོན་ནུར་གྱུར་པ་ཞེས་བྱ་བ་ཡོད་ཀྱིས། དེ་ལ་རིགས་ཀྱི་བུ་ཁྱོད་མ་འཇིགས་པར་ཆོས་ཐམས་ཅད་ཀྱི་སྤྱན་ཁོང་དུ་ཆུད་པར་བྱེད་པའི་དབང་ཞུས་ལ། སྣང་སྲིད་ཀྱི་ཆོས་ཐམས་ཅད་བཤད་ཅིང་ཀ་དག་གི་སར་བཞུད་ཅིག །ནུབ་བྱང་གི་འཇིག་རྟེན་ན་ཞིང་ཁམས་ཡིད་འཁྲུགས་པ་ཐམས་ཅད་ཞི་བར་བྱེད་པ་ཞེས་བྱ་བ་ཡོད་དེ། དེ་ན་བཅོམ་ལྡན་འདས་མི་འཁྲུགས་པ་ཞེས་བྱ་བ་ཡོད་ཀྱིས། དེ་ལ་རིགས་ཀྱི་བུ་ཁྱོད་མ་འཇིགས་པར་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་སྟོན་པའི་དབང་ནོས་ལ། ཆོས་ཉིད་ཀ་དག་གི་སར་བཞུད་ཅིག །སྟེང་གི་ཕྱོགས་ན་ནམ་མཁའ་རྣམ་པར་དག་པ་ཞེས་བྱ་བའི་འཇིག་རྟེན་ཡོད་དེ། དེ་ན་བཅོམ་ལྡན་འདས་ནམ་མཁའི་རྒྱལ་པོ་ཞེས་བྱ་བ་ཡོད་ཀྱིས། དེ་ལ་རིགས་ཀྱི་བུ་ཁྱོད་མ་འཇིགས་པར་དེ་ལ་ལྟ་བའི་གནས་ལུགས་རྫོགས་པ་ཆེན་པོ་གཞིའི་དབང་དེ་ནོས་ལ། ཆོས་ཉིད་ཀྱི་གཞི་སྣང་ལ་བཞུད་ཅིག །འོག་གི་ཕྱོགས་ན་ཞིང་ཁམས་མི་གཡོ་བ་ཞེས་བྱ་བ་ཡོད་དེ། དེ་ན་བཅོམ་ལྡན་འདས་འོད་སྲུང་ཆེན་པོ་ཞེས་བྱ་བ་ཡོད་ཀྱིས། དེ་ལ་རིགས་ཀྱི་བུ་ཁྱོད་མ་འཇིགས་པར་དེ་ལ་རང་རིག་མངོན་པར་སྣང་བ་ཞེས་བྱ་བའི་དབང་དེ་ནོས་ལ་ཆོས་ཉིད་རང་སྣང་གི་ནམ་མཁའ་ལ་བཞུད་ཅིག ཕྱོགས་བཅུའི་འཇིག་རྟེན་གྱི་དབུས་ན་དུར་ཁྲོད་ཆེན་པོ་མེ་རི་འབར་བ་ཞེས་བྱ་བ་ཡོད་དེ། དེ་ཡང་ཤིན་ཏུ་ཡ་ང་བ། འཇིགས་ཤིང་སྐྱི་བུང་བ། སྐྲག་ཅིང་སྔངས་པ་ཅིག་ཡོད་དེ། དེ་ན་བཅོམ་ལྡན་འདས་པདྨ་དབང་གི་རྒྱལ་པོ་བྱ་བ་ཡོད་ཀྱིས། རིགས་ཀྱི་བུ་ཁྱོད་དེ་ལ་མ་འཇིགས་པར་བཅོམ་ལྡན་འདས་དེ་ལ་རིག་པ་རང་གནས་ཀྱི་དབང་ཞེས་བྱ་བ་དེ་ནོས་ལ་ཆོས་ཉིད་རང་སྣང་གི་ནམ་མཁའ་ལ་མ་འཇིགས་མ་སྔངས་མ་སྐྲག་པར་སོང་ཞིག །ཞེས་གསུངས་ཀྱང་། འདིར་རྣམ་གྲོལ་དབུགས་ཆེན་འབྱིན་པའི་ཞིང་ལྔར་གསུངས། ཐེག་མཆོག་རིན་པོའི་མཛོད་ལས། དེ་དག་ཀྱང་བཅོམ་ལྡན་འདས་རྡོ་རྗེ་འཆང་གི་བྱིན་རླབས་ལས་རང་བཞིན་གྱིས་བཀོད་པའི་ཕྱིར་རང་བཞིན་སྤྲུལ་པའི་ཞིང་ཞེས་བྱའོ། །ཞིང་ཁམས་དེ་དག་གི་རྒྱུ་ནི་སྙིང་ག་ན་མེ་ལོང་ལྟ་བུ་ལ་སོགས་པ། ཡེ་ཤེས་རིན་པོ་ཆེ་རང་གསལ་བའི་རང་གདངས་དང་། དུང་ཁང་ན་ཁྲོ་བོའི་དཀྱིལ་འཁོར་དུ་ཡེ་ནས་བཞུགས་པའི་སྣང་བ་ལས་ཤར་བ་ཡིན་ནོ། །ཞེས་གསུངས། ཟབ་དོན་བདུད་རྩིའི་སྤྲིན་ཕུང་ལས། འཇིག་རྟེན་གྱི་ཁམས་དེ་ཡང་རང་སྣང་རྣམ་པར་དག་པ་ལྷུན་གྲུབ་ཀྱི་གདངས་ལས་ཤར་བ་སྟེ། ཐེག་པ་ཐུན་མོང་པའི་རིགས་ལྔའི་ཞིང་ལྟར་ཕྱོགས་ག་ཤེད་ན་ཡོད་པ་ནི་མ་ཡིན་ནོ། །དེའང་སྔར་ཆོས་ཉིད་ཀྱི་བདེན་པ་མཐོང་བའི་གནད་ཀྱིས་ལྷུན་གྲུབ་ཀྱི་སྣང་བ་ལས་ཤར་བའི་རང་བཞིན་སྤྲུལ་སྐུའི་ཞིང་དེ་ཉིད་རང་སྣང་ལ་སྣང་བའོ། །ཤར་ལ་སོགས་པའི་ཕྱོགས་སུ་བཤད་པ་ནི་སྙིང་ནས་ཤར་ཏེ་མདུན་གྱི་འོད་གསལ་གྱི་གདངས་ལས་སྣང་བ་དང་སྣང་བ་དེ་ཡོད་པས་དེ་སྐད་ཅེས་བྱའོ། །དེ་བཞིན་ཏུ་ཕྱོགས་གཞན་རྣམས་ཀྱང་དེས་མཚོན་ཏེ། སྙིང་གི་དབུས་ན་ཆོས་སྐུ་ཀུན་བཟང་ཡབ་ཡུམ་གྱི་གདངས་ལས། བར་ན་རིགས་ལྔ་འཇའ་ཚོན་ལྟ་བུ། དེའི་གདངས་ལས་ཕྱི་རོལ་སྤྲུལ་པའི་ཞིང་དང་སྐུར་སྣང་བ་སྟེ། རང་བཞིན་སྤྲུལ་པའི་ཞིང་དང་། འགྲོ་བ་འདུལ་བའི་སྤྲུལ་པའི་སྐུ་དང་མ་དག་པ་སྤྲུལ་པའི་སྐུ་མངོན་པར་སྣང་བ་ཡིན་ནོ། །ཞེས་གསུངས།
༈ སྤྱིར་གོལ་ཤོར་ནོར་གསུམ་ཡོད་ཀྱང་ཤོར་ས་བཞི་ནི། འཁོར་འདས་རང་གྲོལ་ལས། ངོ་བོ་གདོད་ནས་དག་པ་ཡི། །ཀ་དག་ཕྱོགས་ཡན་མ་རྟོགས་བཞིན། །སྟོང་པ་ལོག་ནས་བསྒྲུབ་པ་དང་། །གཤིས་ལ་ཤོར་བ་ཞེས་སུ་བཤད། །རང་རིག་ཟང་ཐལ་ཆེན་པོ་ལ། །རྒྱུ་འབྲས་ལྷུན་གྲུབ་མ་ཤེས་པར། །སྟོང་ཉིད་ལམ་ནས་འབྲས་བུ་གཞན། །བཙལ་བ་ལམ་དུ་ཤོར་བའོ། །སྤང་གཉེན་གཉིས་ལས་རབ་འདས་པའི། །སྦྲུལ་མདུད་ཞིག་ལྟར་ངང་གནས་ལས། །ཉམས་མྱོང་སྟེང་དུ་གཉེན་པོར་གཞན། །བསྒོམ་ན་གཉེན་པོར་ཤོར་བའོ། །གསལ་སྟོང་ལྷུན་གྲུབ་མ་རྟོགས་བཞིན། །བློ་དང་རྣམ་རྟོག་རྗེས་འབྲང་ནས། །རྒྱུ་འབྲས་མེད་པར་སྐུར་འདེབས་པ། །འདི་ནི་རྒྱས་འདེབས་སྟོང་པའོ། །ཞེས་དང་། གཞན་ཡང་། དགག་སྒྲུབ་བྲལ་བའི་རིག་པ་ལ། །ཤེས་བྱ་གཤིས་ལ་ཤོར་བ་ཟད། །སྐུ་གསུམ་ལྷུན་གྲུབ་ཆེན་པོ་ལ། །སྟོང་ཉིད་ལམ་དུ་ཤོར་བ་བྲལ། །ཡེ་ནས་ཤར་གྲོལ་དུས་མཉམ་ལ། །གཉེན་པོ་གཞན་ནས་བཙལ་བ་སྤང་། སྒོམ་དང་མི་སྒོམ་བློ་བྲལ་ལས། །རྒྱས་འདེབས་འཛིན་པ་རང་སར་ཡལ། །ཞེས་སོ། །དགེའོ། །