སྤྱི་དོན་མཛོད་ཀྱི་ལྡེ་མིག་སྐབས་ཀྱི་ཟིན་བྲིས་བཞུགས།
བླ་མ་རིན་པོ་ཆེ་མཁྱེན་ནོ། །བདག་གི་རྒྱུད་སྨིན་ཅིང་གྲོལ་བར་མཛད་དུ་གསོལ། གསང་སྙིང་སྤྱི་དོན་རིན་ཆེན་མཛོད་ལྡེ་གསུངས་སྐབས་སུ་ཞལ་རྒྱུན་འགའ་ཞིག་བརྗེད་བྱང་ཕྱོགས་བསྒྲིགས་སུ་འབྲི་བ་ལ། དང་པོ་མཆོད་བརྗོད་དུས། དཔལ་ལྡན་བླ་མ་སོགས་ཀྱི་ཐད་གཏེར་ཆེན་ཉག་བླའི་གསུངས་རྒྱུན་ལས། དོན་གཉིས་ཕུན་སུམ་ཚོགས་པའི་དཔལ་དང་ལྡན་པའི་བླ་མ་དཀྱིལ་འཁོར་གྱི་ལྷ་ཚོགས་ཐམས་ཅད་སྤྲོས་པའི་གཞིར་གྱུར་པའི་བདག་ཉིད་རྡོ་རྗེ་སེམས་དཔའ་ལ་སྒོ་གསུམ་གུས་པ་ཆེན་པོས་བཏུད་དེ་ཕྱག་འཚལ་ལོ། །དོན་དམ་གདོད་མའི་སྟོང་ཆེན་གྱི་དབྱིངས་དང་། གློ་བུར་སྒྲིབ་གཉིས་ཀྱི་དྲི་མ་ཐམས་ཅད་དང་བྲལ་བའི་རིག་པའི་རང་མདངས་ཀྱི་ཁམས་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་སྣང་བ་དེ་དང་དབྱེར་མི་ཕྱེད་པའི་རྡོ་རྗེ་གྲུབ་པའི་གཟི་བརྗིད་དཔེར་ན་ནམ་མཁའི་སྤྲིན་ལས་ཆར་བྱུང་བ་བཞིན་དུ་དབྱིངས་ཡེ་ཟུང་འཇུག་གི་སྤྲིན་ལས་སྒྱུ་འཕྲུལ་དྲྭ་བའི་ཚུལ་དུ་ཡེ་ཤེས་སྒྱུ་མའི་སྐུར་བཞེངས་པར་མཛད་ནས། དབྱར་གྱི་རྔ་གསང་སྒྲོགས་པ་བཞིན་དུ་གསང་བ་རྒྱུད་སྡེའི་དབྱངས་ཀྱིས་གདུལ་བྱའི་ཤེས་རྒྱུད་ཀུན་ལ་ཁྱབ་པར་མཛད་པའི་དཀྱིལ་འཁོར་གྱི་འཁོར་ལོའི་དབང་ཕྱུག་བླ་མ་དེ་ལ་གུས་པས་འདུད་དོ། །ཞེས་གསུངས། ཁོ་བོའི་བླ་མའི་ཞལ་རྒྱུན་ལྟར། དོན་དམ་དབྱིངས་ཞེས་པས་རང་བཞིན་རྣམ་དག །སྒྲིབ་བྲལ་རིག་པའི་སྐུ་ཞེས་པས་གློ་བུར་བྲལ་དག་གི་ཡེ་ཤེས་ཆ་ཤས་དུ་མ་ལྡན་པའི་སྐུ་སྟེ། དབྱིངས་རིག་དབྱེར་མི་ཕྱེད་པའི་བདག་ཉིད་རྡོ་རྗེ་སྙིང་པོའི་ལམ་གྱིས་རྒྱུད་ལ་མངོན་གསལ་དུ་གྲུབ་པའི་གཟི་བརྗིད་ཅེས་པ་ཞབས་དྲུང་དང་ཀུན་མཁྱེན་ཆེན་པོའི་མཚན་ཡང་ཡིན་གསུངས། གསང་མཆོག་རྒྱུད་སྡེའི་ཐད་གཏེར་ཆེན་བླ་མའི་གསུང་རྒྱུན་ལས་གསང་བ་མཆོག་གི་རྒྱུད་སྡེའི་སྣང་བ་ཉི་མའི་འོད་ཟེར་གྱི་གཟུགས་སུ་བཀོད་པ་དང་། གདུལ་བྱ་རྣམས་གླིང་བཞིའི་གཟུགས་སུ་བཀོད་ནས། གྲུབ་གཉིས་ལང་ཚོ་རྒྱས་པའི་པདྨའི་ཚལ་དུ་སྒྲུབ་པར་མཛད་པའི་བརྒྱུད་གསུམ་བླ་མ་རྟ་བདུན་དབང་པོའི་གཟུགས་སུ་བཀོད་པ་དང་། གསང་ཆེན་གསུང་གི་སྒྲ་དབྱངས་འོད་སྟོང་འཕྲོ་བའི་གཟུགས་སུ་བཀོད་དེ། བསྟན་བཅོས་རྩོམ་པ་པོའི་ཡིད་ནམ་མཁའི་གཟུགས་སུ་བཀོད་ནས་དེ་ཡི་ངོས་ལ་བརྟན་པར་བཞུགས་གྱུར་ཅིག །ཅེས་པའི་དོན་ནོ། །རྒྱུད་དོན་ཟབ་མོ་བདག་འདྲས་གཏིང་དཔག་པར་དཀའ་ན་ཡང་། སྐྱེས་བུའི་བརྗོད་པའི་རྗེས་འབྲང་བྲག་ཆ་ལྟར་དུ་བརྒྱུད་ལྡན་བླ་མས་ལེགས་པར་བཤད་པའི་མན་ངག་ལ་བརྟེན་ནས། རྒྱུད་ཀྱི་རྒྱལ་པོ་འདི་ཡི་ཆ་ཤས་ཙམ་གླེང་ཞེས་བརྩམ་པར་དམ་བཅའ་བ་དང་། འདིར་གཟུ་བོའི་བློ་ཡིས་ཉོན་ཅིག་ཅེས་རང་ཕྱོགས་ཀྱི་གྲུབ་མཐའི་གསུང་རྒྱུན་ལ་ཆགས་པ་དང་། གཞན་ཕྱོགས་ཀྱི་གྲུབ་མཐའ་ལ་སྡང་བ་ལྟ་བུ་མ་ཡིན་པར་དྲང་པོའི་ངང་ཚུལ་ཅན་གྱི་བློ་ཡིས་ཉོན་ཅེས་ཉན་པར་བསྐུལ་བའོ། །
མངོན་བྱང་ལྔའི་བྱང་ཆུབ་བརྙེས། །ཞེས་པའི་ཐད། རིན་པོ་ཆེས་གཏེར་སྟོན་ལ། མངོན་བྱང་ལྔ་རྙིང་ལུགས་ཀྱི་བླ་མེད་ལྟར་བྱ་དགོས། ད་ལྟའི་མངོན་བྱང་ལྔ་འདི་རྣལ་འབྱོར་ཡོ་གའི་རྒྱུད་ཀྱི་ལུགས་རེད་༼སྔགས་རེ་དང་དོན་སྦྱར་ནས་བཤད་རྒྱུ་དེ་རང་ལུགས་མིན། ༽དེ་དང་མི་འདྲ་གསུངས།
རྒྱུད་ཐམས་ཅད་ཀྱི་སྙིང་པོའི་ཐད་གསུང་རྒྱུན་ལས། སྤྱིར་ཟབ་པ་གདོད་མའི་སྟོང་ཆེན་གྱི་དབྱིངས་དང་། གསལ་བ་ཡེ་ཤེས་ཀྱི་འཁོར་ལོ་ཞེས་གསུངས་པ་ལྟར། ཟབ་པ་ཆོས་སྐུ་དངོས་ལམ་བྱེད་དང་། གསལ་བ་གཟུགས་སྐུ་དངོས་ལམ་དུ་བྱེད་པ་སྟེ། གཞུང་འདི་ལ་སྦྱར་ན་ལྷག་པའི་བདེན་གཉིས་ལམ་བྱེད་ལ་གསུངས་སོ། །
སྒོ་མི་འདྲ་བ་གསུམ་ཞེས་པའི་ཐད། བསྐྱེད་ཆོག་རྒྱས་པ་བསྐྱེད་རིམ་སྒོམ་པ་ལའང་སྐྱེ་གནས་བཞིའི་བག་ཆགས་སྦྱོང་བྱེད་བདག་སྲས་གཞན་སྲས། མངོན་བྱང་ལྔ་བསྐྱེད། རྡོ་རྗེའི་ཆོ་ག་བཞི་བསྐྱེད་སོགས་རྒྱས་པ་དང་། འབྲིང་པོ་ཆོ་ག་གསུམ་བསྐྱེད་དང་། བསྡུས་པ་ཨ་ནུ་ལྟར་སྔགས་ཙམ་བརྗོད་པ་ལྷ་ཡི་འཁོར་ལོ་རྫོགས་པའི་བསྐྱེད་རིམ་དང་། ཤིན་ཏུ་བསྡུས་པ་ཨ་ཏི་ལྟར་རིག་པ་ཡེ་ཤེས་ཀྱི་རྩལ་སྣང་ལྷའི་འཁོར་ལོ་ཡེ་ནས་ཡིན་པ་ཉིད་ལ་རྣམ་པ་མ་བསྒྱུར་ཀྱང་ཆོག་སྟེ། གལ་ཏེ་ལྷའི་རྣམ་པར་བསྒྱུར་བར་འདོད་ན་ཡང་སྐད་ཅིག་དྲན་རྫོགས་ཀྱི་ཚུལ་དུ་ཆུ་ལས་ཉ་ལྡང་བ་ལྟར་རིག་པའི་རྩལ་དེ་ཉིད་དུ་སྣང་བ་ནི་ཡེ་ནས་དམ་ཡེ་དབྱེར་མེད་ལྷུན་གྱིས་གྲུབ་པའི་ལྷ་ཉིད་དུ་གྱུར་པ་ཡིན་ནོ། །ཞེས་གསུངས། ཞལ་རྒྱུན་ལས། དེ་ཡང་བསྡུས་པ་ཡིད་བཞིན་མཛོད་དང་། སེམས་ཉིད་ངལ་གསོ་སོགས་ལས་གསུངས་པ་ལྟར། ཀུན་མཁྱེན་ཕྱི་མས། མ་བཅོས་རིག་པ་སྟོང་གསལ་ངང་། །ཞེས་དབྱིངས་ལམ་བྱེད་དང་། །ལྷུན་གྲུབ་སྣང་ཆའི་རྟེན་འབྲེལ་ཀུན། །ཞེས་ཡེ་ཤེས་ལམ་བྱེད་ལ་སློབ་པ་ལྟ་བུ་དང་། བཅོས་མའི་བསྐྱེད་ཆོག་ལ་མི་ལྟོས་པར་ཀ་དག་དང་ལྷུན་གྲུབ་ལམ་བྱེད་ཁྲེགས་ཆོད་དང་ཐོད་རྒལ་གཉིས་ལ་བརྟེན་པའོ། །ཟིན་བྲིས་གཞན་ལས། དཀྱིལ་འཁོར་རྒྱས་བསྡུས་ཞི་བ་ལྟ་བུ་ལ་མཚོན་ན་རྒྱས་འབྲིང་བསྡུས་གསུམ་ལས་རྒྱས་པ་གཙོ་འཁོར་ཐམས་ཅད་ཞལ་གསུམ་ཕྱག་དྲུག་དང་། འབྲིང་པོ་རིགས་ལྔ་ཞལ་གསུམ་ཕྱག་དྲུག་གཞན་ཐམས་ཅད་ཞལ་གཅིག་ཕྱག་གཉིས་དང་། བསྡུས་པ་གཙོ་བོ་ཞལ་གསུམ་ཕྱག་དྲུག་འཁོར་ཐམས་ཅད་ཞལ་གཅིག་ཕྱག་གཉིས་སོ། །ཞེས་གསུངས། གཏེར་ཆེན་བླ་མའི་གསུང་རྒྱུན་ལས། ལྷ་གྲངས་མང་ཉུང་ལ་སྦྱར་ཏེ་གསུངས་ལ། དེ་ཡང་རིགས་ཆུང་དང་བཅས་ཏེ་ཡོངས་རྫོགས་ནི་དཀྱིལ་འཁོར་རྒྱས་པ། རིག་ལྔ་དང་སྒོ་བ་ཡབ་ཡུམ་ཙམ་ནི་བསྡུས་པར་གསུངས།
ཡོ་ག་གསུམ་ཐད། ཆོས་རྗེ་མི་ཕམ་རིན་པོ་ཆེས། འབྲས་བུའི་ཐེག་པ་ལ། ལྷ་སྔགས་སོགས་ཀྱི་ཐབས་མཁས་བསྟེན་པས་མི་ཚེ་འགའ་ཡིས་འགྲུབ་པ་ཕྱི་རྒྱུད། རང་གནས་ཡེ་ཤེས་འཆར་བའི་ཐབས་ལ་བརྟེན་པ་རྣལ་འབྱོར་བླ་མེད་གཉིས། དེའི་ཕྱི་མ་ལའང་དམིགས་བཅས་བསྐྱེད་རིམ་གཙོ་ཆེ་བ་ཕ་རྒྱུད། རྡོ་རྗེའི་ལུས་ལ་གནད་དུ་བསྣུན་པས་འཆར་བ་མ་རྒྱུད། གཉིས་མེད་ཡེ་ཤེས་ལམ་བྱེད་ཟུང་འཇུག་རྒྱུད་གསུམ། ཕྱི་མ་ལའང་ལས་རླུང་དང་བཅས་པའི་རྣམ་ཤེས་དང་ཡེ་ཤེས་ཀྱི་རླུང་བྱེད་པ་འདྲེན་པའི་སྒོ་ནས་ཡེ་ཤེས་འཚོལ་བྱེད་དུས་འཁོར། ཡེ་རླུང་འོད་གསལ་བའི་སེམས་འབའ་ཞིག་ལམ་བྱེད་རྫོགས་པ་ཆེན་པོའི་མཐར་ཕྱིན་པ་ཡིན་ནོ། །ཞེས་གསུངས།
མ་ཧཱ་ལ་ཡང་གསུམ་དུ་ཕྱེ་བའི་སྐབས་སུ། གསུང་རྒྱུན་ལས། ཕ་རྒྱུད་ལ་གསུམ་དུ་ཕྱེ་བའི་མཚན་གཞིར་རྒྱུད་དཔལ་གསང་བ་འདུས་པ་དང་། འཁོར་ལོ་སྡོམ་པ་དང་། སྒྱུ་འཕྲུལ་འདི་བཞག་དགོས་པར་གསུངས་ལ། ཞལ་རྒྱུན་ལས། འདི་གསུམ་ཀའི་སྐབས་སུ་རིག་པ་འོད་གསལ་བྱང་ཆུབ་སེམས་ཉིད་ལྷ་སྐུར་འཆར་བ་ལ་སློབ་པར་ཁྱད་མེད་ཀྱང་། གཙོ་བོར་རྡུལ་ཚོན་རས་བྲིས་སོགས་ཕྱི་དཀྱིལ་ལ་བརྟེན་ནས་བདག་སྲས་གཞན་སྲས་སོགས་བསྐྱེད་ཆོག་རྒྱས་པའི་རྣམ་བཞག་སྟོན་པ་མ་ཧཱའི་མ་ཧཱ་དང་། ཕྱི་དཀྱིལ་ལ་བརྟེན་ནས་ལྷའི་རྣལ་འབྱོར་སྒོམ་པ་གཙོ་བོར་མི་བྱེད་པར་རྡོ་རྗེ་ལུས་ཀྱི་གྲོང་ཁྱེར་གདོད་ནས་རྒྱལ་བའི་དཀྱིལ་འཁོར་ཆེན་པོར་གནས་པ་ཉིད་ཤེས་པར་བྱས་ནས་སྐད་ཅིག་དྲན་རྫོགས་སུ་ལྷར་གསལ་བ་མ་ཧཱའི་ཨ་ནུའམ་ཕ་རྒྱུད་ཀྱི་མ་རྒྱུད་ཅེས་བྱའོ། །ཕྱི་དཀྱིལ་སོགས་ཡོད་མོད། གཙོ་བོར་རང་རིག་པའི་ཡེ་ཤེས་སྐྱེ་བ་མེད་པ་བདེན་པ་དབྱེར་མེད་ཀྱི་རང་བཞིན་ཉིད་ལྷའི་འཁོར་ལོར་བསྒོམ་པའི་ཚུལ་རྩལ་དུ་འདོན་པ་མ་ཧཱའི་ཨ་ཏི་སྟེ་ཕ་རྒྱུད་ཀྱི་གཉིས་མེད་རྒྱུད་ཅེས་བྱའོ། །འདི་མ་ཧཱ་ལ་སྐོར་གསུམ་དུ་ཕྱེ་བའི་ཨ་ཏི་ཡིན་གསུངས། འདིར་ཕ་རྒྱུད་ཅེས་པའི་ཕའམ་ཐབས་ཀྱི་ལྡོག་པ་ནི། སྣང་ཆ་ལྷའི་འཁོར་ལོ་སྤྲོས་པའི་རྣམ་གྲངས་ཤིན་ཏུ་རྒྱས་པ་དང་། ཤེས་རབ་མའི་རྒྱུད་ཀྱི་ཁྱད་པར་གཙོ་བོ་དབྱིངས་སམ་ཤེས་རབ་ཀྱི་ཆ་གཏན་ལ་རྒྱས་པར་འབེབ་པ་སྟེ། འདིར་གཉིས་ཀ་ཆ་མཉམ་པར་སྟོན་པས་གཉིས་མེད་ཅེས་སོ། །འོ་ན་འདུས་པ་དང་འཁོར་ལོ་སྡོམ་པ་ནས་སྣང་སྲིད་དག་མཉམ་ཡིན་པར་བསྟན་པ་མཁས་པ་ཆེན་པོ་རྗེ་སོགས་ཀྱིས་མ་གསུངས་པས་མི་འཐད་སྙམ་ན། དེ་ཙམ་གྱིས་འགལ་མི་དགོས་ཏེ། ཕྱག་ན་རྡོ་རྗེས་བདེ་མཆོག་སྟོད་འགྲེལ་དུས་འཁོར་ལྟར་བཤད་པ་དང་། ལྭ་བ་པས་སྦས་རྒྱུད་ལྟར་བཤད་པ་གཉིས་འགལ་བར་མི་འདོད་པ་ལྟར། འདིར་ཡང་སྔགས་ཀྱི་འཕགས་ལམ་གྲུབ་པའི་སྐྱེས་བུ་ཆེན་པོ་བི་མ་མི་དྲ་སོགས་ཀྱི་དགོངས་པ་ཡིན་པས། གཉིས་ཀ་རྒྱུད་དེའི་དགོངས་པར་གནས་སོ། །ཞེས་གསུངས། ཞལ་རྒྱུན་དུ། རྒྱལ་བའི་གཟུགས་སྐུ་སྒྲུབ་བྱེད་དང་། ཡེ་ཤེས་ཆོས་སྐུ་སྒྲུབ་བྱེད་གཙོར་སྟོན་པའི་སྟེང་ནས་ཁྱད་པར་ཡོད་པས། བསྐྱེད་རིམ་དང་སྒྱུ་ལུས་བདེ་ཆེན་གཙོར་སྟོན་གྱི་ཁྱད་འོང་བ་ཡིན་པར་གསུངས། དེའི་རིགས་པས་རྫོགས་ཆེན་དང་གཞུང་འདི་གཉིས་ཀའི་རྒྱུད་དུ་གྲུབ་ཅེས་གསུངས། གསུང་རྒྱུན་ལས། རིན་པོ་ཆེས། རྒྱུད་འདིའི་ལམ་ལ་ཐབས་གྲོལ་གཉིས་ཡོད་ཀྱང་། གཙོ་བོར་གྲོལ་ལམ་རང་ཡིན་ཏེ། གཡོ་བ་རླུང་དང་། བདེ་བ་ཐིག་ལེའི་རྫོགས་རིམ་གཙོ་བོར་མི་བྱེད་པར་འོད་གསལ་ཡེ་ཤེས་ཀྱི་རྫོགས་རིམ་གཙོ་བོར་བྱེད་པས་མ་ཧཱའི་ཨ་ཏིར་བཞག་པའི་ཕྱིར། ཞེས་དང་། ཞབས་དྲུང་དྲིས་ལན་ལས། རྒྱུད་འགྲེལ་ཕྱོགས་བཅུའི་མུན་སེལ་ལས་གསུངས་པའི་བབ་ལ་བརྟགས་ན། སྒྱུ་འཕྲུལ་གསང་སྙིང་གི་ལམ་རིམ་དང་རྫོགས་ཆེན་ཁྲེགས་ཆོད་དང་ཐོད་རྒལ་གསུམ་པོ་ཨ་ཏིའི་མ་ཧཱ་སོགས་གསུམ་དུ་མཛད་པ་འདྲ་བ་ཞིག་སྣང་། ཞེས་གསུངས། ཟིན་བྲིས་ལས། མ་ཧཱའི་མ་ཧཱའི་སྐབས་སྣོད་བཅུད་ཐམས་ཅད་ཤུ་ནྱ་ཏ་སོགས་ཀྱིས་སྦྱངས་ཏེ་དེའི་ངང་ལས་རང་ཉིད་རྒྱུའི་ཧེ་རུ་ཀར་གསལ་བའི་ཐུགས་ཀ་ནས་འབྱུང་རིམ་སོགས་ནས་རིམ་པས་བསྐྱེད་པ་དང་། བསྐྱེད་གཞི་རང་ལུས་ཡེ་ནས་རྣམ་པར་དག་པའི་བདག་ཉིད་ཡིན་པས་སྣང་ཚུལ་གྱི་ལུས་ཀྱི་ཆ་ཤས་དག་ཡོངས་སུ་གྱུར་པ་ལས་ལྷར་བསྐྱེད་པ་ནི་ཡོངས་གྲུབ་ཀྱི་དཀྱིལ་འཁོར་བསྒོམ་པ་དང་། ཨ་ཏིའི་སྐབས་ཡུམ་ཀའི་སྒྲུབ་གཞུང་གི་ཟིན་བྲིས་ན། རིག་པའི་རང་ངོ་ཐུགས་རྗེ་དང་སྦྱར་བའི་སྐྱེ་འཆི་སྦྱང་ཚུལ་དང་སྐུ་གསུམ་མངོན་དུ་གྱུར་ཚུལ་གསུངས། རྒྱུད་༵ཐམས་༵ཅད་༵ཀྱི༵་རྒྱལ་༵པོ༵་ཡིན༵་པས༵་ཆེ༵་བ༵། ལམ་བགྲོད་པའི་མྱུར་ཁྱད་གཞན་ལས་ཆེ་བས་ཐེག་པ་ཐམས་ཅད་ཀྱི་ཡང་རྩེ། རྒྱལ་བས་འོད་གསལ་གཉུག་མའི་དེ་ཁོ་ན་ཉིད་གདུལ་བྱ་ལ་སྟོན་པར་བཞེད་ན་རེ་ཞིག་སྣོད་དུ་མ་གྱུར་པ་རྣམས་ལ་ལྷ་མིའི་ཐེག་པ་སོགས་ཆོས་ཕུང་མཐའ་ཡས་པ་གསུངས་པས་བསྟན༵་པ༵་ཐམས༵་ཅད་ཀྱི༵་འབྱུངས༵་ཁུངས༵། ལོ་ཆེན་རིན་པོ་ཆེས་མདོ་རྒྱུད་མང་པོ་མི་ཤེས་ཀྱང་གསང་སྙིང་ལ་སྦྱང་པ་ཆེ་བས་མདོ་རྒྱུད་གཞན་སླ་མོ་བྱུང་གསུངས་པ་ལྟར། མདོ་རྒྱུད་ཐམས་ཅད་ལ་ཁྱབ་བྱེད་ལྟ་བུར་ཡོད་པས་ལུང་ཐམས་ཅད་ཀྱི་སྤྱི་འགྲེལ། རྒྱལ་བའི་ཞེ་ཕུག་སྟེ་བརྣག་ཆོས་སམ་གཅེས་ནོར་རོ། །མི་ཕམ་རིན་པོ་ཆེས་རྒྱུད་འདིར་སྣང་སྲིད་དག་མཉམ་དང་། དབང་བཞི་པའི་དོན་གྱི་ཡེ་ཤེས་བསྟན་པས་རྒྱུད་ཐམས་ཅད་ཀྱི་རྒྱལ་པོར་གསུངས། ཞལ་རྒྱུན་ལ། འདི་གྲུབ་མཐའ་འདི་མན་གྱི་ཡང་རྩེ་ཡིན་པའམ། ཡང་ན་འདིར་ལྷག་པའི་བདེན་པ་དབྱེར་མེད་ཉིད་རྒྱས་པར་བསྟན་པས་བརྗོད་བྱའི་དོན་གྱི་ངོས་ནས་ཐེག་རྩེ་ལའང་དེ་ལས་གཞན་སྟོན་ཏུ་མེད་པའི་ལྡོག་པ་ནས་སོ། །ཞེས་གསུངས། བསྡུས་དོན་ལྟ་བུའི་རྒྱུད་དང་། ཕྱིའི་ཐུགས་རྒྱུད་ཞེས་པའི་ཐད། རིན་པོ་ཆེའི་གསུང་ལས། ཕ་རྒྱུད་མ་ཧཱ་ཡོ་གར་སྣང་ཕྱོགས་ཀྱི་ལྷ་དང་། མ་རྒྱུད་ཨ་ནུ་ཡོ་གར་སྟོང་ཕྱོགས་ཀྱི་ཡེ་ཤེས་གཙོ་བོར་བྱེད་པར་བཤད་པ་དང་སྦྱར་ན་རྒྱུད་འདི་མ་ཧཱའི་ཕྱི་རྒྱུད་དུ་དང་། བསྡུས་དོན་དང་། རྩ་བའི་རྒྱུད་དུ་བཤད་པ་ལ་ངེས་པ་ཆེན་པོ་སྟེར། འདི་ལས་དཔག་ན་འདི་པའི་སྟོང་གཟུགས་ཀྱི་སྐུ་ཡང་ཡེ་ཤེས་རང་སྣང་གི་དཀྱིལ་འཁོར་དང་སྒྱུ་འཕྲུལ་དྲྭ་བའི་གཙོ་ཤོས་སུ་བཤད་དགོས་པས་རྒྱུ་ལུས་སྒྲུབ་ལུགས་དང་མ་འདྲ་རུང་། སྒྱུ་འཕྲུལ་དྲྭ་བའི་སྐུ་ནི་སྒྲུབ་པར་ངེས་པར་འདོད་པར་བྱའོ། །ཞེས་གསུངས་སོ། །ཟིན་བྲིས་ལས། རྩ་བཤད་གཉིས་མི་འགལ་ཏེ། རྒྱུད་ཕྱི་མ་དེ་ཉིད་རྩ་རྒྱུད་ལ་ལྟོས་པས་བཤད་རྒྱུད་དང་། བཤད་རྒྱུད་སྡེ་བཞི་ལ་ལྟོས་པས་རྩ་རྒྱུད་ཡིན་ནོ། །སྤྱིར་མ་ཧཱ་ཡོ་གའི་རྒྱུད་རྣམས་རྒྱན་བདུན་གྱིས་འཆད་པ་ཡིན་ནོ། །
སྔ་རབས་པ་རྣམས་ཀྱིས་འཆད་ཚུལ་ནི། མཚོན་དཔེ་དང་སྦྱར་ཏེ་བཤད་ལུགས་གསུམ་ལས། མདའ་ལྟར་རྩེ་མོ་ནས་བཟུང་སྟེ་འཆད་པ་ཞེས་བྱ་བ་ནི་གསང་བ་ཆེན་པོ་གཞི། སྙིང་པོ་མ་ནོར་བ་ལམ། དེ་ཁོ་ན་ཉིད་ངེས་པ་འབྲས་བུ་སྟེ་མཚན་གྱི་ནང་དུ་ཆོས་ཐམས་ཅད་གཞི་ལམ་འབྲས་གསུམ་དུ་བསྡུས་ནས་འཆད་པ་མདའ་ལྟར་རྩེ་མོ་ནས་བཟུང་སྟེ་བཤད་པའོ། །མདུང་ལྟར་རྐེད་པ་ནས་བཟུང་སྟེ་འཆད་པ་ཞེས་བྱ་བ་ནི་རྩ་རྒྱུད་ལེའུ་ལྔ་པར་རྒྱུ་ཤེས་པའི་མཚན་ཉིད་ལྟ་བ། རྐྱེན་འཇུག་པའི་མཚན་ཉིད་ཏིང་ངེ་འཛིན། མངོན་དུ་གྱུར་པ་འབྲས་བུའི་མཚན་ཉིད་གསུམ་དངོས་དང་ཞར་བྱུང་ཅི་རིགས་པར་བསྡུས་ནས་བཤད་དོ། །རྩ་རྒྱུད་ལེའུ་ཉེར་གཉིས་པར་གཞི་རང་བཞིན་གྱི་སྣང་བ་རྟོགས་བྱར་གདམས་པ། ལོག་རྟོག་འཁྲུལ་བའི་སྣང་བ་དག་བྱར་གདམས་པ། གདུལ་བྱ་ལམ་གྱི་སྣང་བ་བསྒྲོད་བྱར་གདམས་པ། འབྲས་བུ་བདེ་གཤེགས་ཀྱི་སྣང་བ་ཐོབ་བྱར་གདམས་པ་སྟེ། ཆོས་ཐམས་ཅད་སྣང་བ་བཞིར་བསྡུས་ནས་འཆད་པ་ཡིན་གསུངས་པ་རལ་གྲི་ལྟར་ཡུ་བ་ནས་བཟུང་སྟེ་འཆད་པའོ། །གསུང་རྒྱུན་ལས། རྒྱུད་རྒྱུད་ཀྱིས་བཤད་ཅེས་པ་རྒྱས་པ་སོགས་བཤད་རྒྱུད་རྣམས་དང་སྦྱར་ཏེ་འཆད། རྒྱུད་འགྲེལ་བས་བཤད་པ་ནི། རང་རང་གི་འདོད་གཞུང་སོ་སོས་བཤད་པ་སྤར་ཁབ་སོགས་སོ། །རྒྱུད་སྒྲུབ་ཐབས་ཀྱིས་བཤད་པ་ནི། མན་ངག་གི་གཞུང་ཕྲ་མོ་རྣམས་ཀྱིས་རྒྱུད་དོན་དམིགས་ཕྱེ་སྟེ་འཆད་པ་དང་། མན་ངག་གིས་བཤད་པ་ནི། དེ་དག་དང་ཁྱད་པར་ཟབ་ལམ་སྦས་བཤད་རྣམས་སྙན་བརྒྱུད་དང་ལྡན་པའི་བླ་མ་དམ་པའི་གསུང་སྒྲོས་ཀྱིས་བརྒྱན་ཏེ་འཆད་དོ། །ཞེས་གསུངས། ཞལ་རྒྱུན་དུ། རྒྱུད་མན་ངག་གིས་བཤད་པའི་ཐད། བི་མའི་དྲྭ་ཆེན་སོགས་ཀྱི་སྒོ་ནས་རྒྱུད་ཀྱི་སྐབས་དང་སྦྱར་ན་འདི་དང་འདི་སྟོན་གསུངས་པ་ལྟ་བུའོ། །མ་ཧཱ་ཡོ་གའི་རྒྱན་བདུན་སོགས། འདི་སྦས་རྒྱུད་མིན་པར་རིན་ཆེན་ཟ་མ་ཏོག་ཁ་ཕྱེ་བ་ལྟ་བུ་ཡིན་པས་འཆད་ཚུལ་དེ་མི་དགོས་ཞེས་གསུངས།
བརྗོད་བྱའི་དོན་བརྟན་བསྡུས་རྟོགས་གསུམ་གྱི་རྡོ་རྗེ་སེམས་དཔའ་དང་སྒྱུ་འཕྲུལ་དྲྭ་བ་རྣམས་སྟོན་པའི་གཞུང་ལའང་བརྗོད་བྱའི་མིང་རྗོད་བྱེད་ལ་བཏགས་ནས་རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲྭ་བ་ཞེས་དང་། དཀྱིལ་འཁོར་གཙོ་བོ་ལ་རྡོ་རྗེ་སེམས་དཔའ་ཞེས་བཏགས་དོན་ནི། སེམས་ཉིད་རང་བྱུང་གི་ཡེ་ཤེས་དེ་ཉིད་ཀྱི་ངོ་བོ་མཚན་མེད་སྟོང་པ་ཉིད་ཡིན་ཀྱང་། སེམས་ཅན་གྱི་བློ་ལ་ལྟོས་ནས་རིག་པ་ཉིད་ཡེ་ཤེས་ཀྱི་འཁོར་ལོའི་ཚུལ་དུ་མཚན་མའི་ཕྱག་རྒྱར་མངོན་པར་སྣང་བའོ། །འཆད་པའི་སྐྱེས་བུ་རིགས་ལྔ་ལས། འདིར་སྟོན་པ་ཀུན་ཏུ་བཟང་པོའི་མདུན་ན་བཞུགས་པའི་ཐུགས་ཀྱི་སྒྱུ་འཕྲུལ་འཆད་པའི་སྐྱེས་བུ་རྡོ་རྗེ་མི་བསྐྱོད་པ་ལ་ཡང་དེ་ལྟར་གྲགས་སོ། །
བཤད་རྒྱུད་མེ་ལོང་གི་ལུང་དོན་ནི། འཁོར་འདས་ཀྱི་ཆོས༵་རྣམས༵་མ༵་ལུས༵་པ་འོད་གསལ་རིག་པའི་ཆོ་འཕྲུལ་ཙམ་དུ་ཟད་པས། རྟོགས་མ་རྟོགས་ཀྱི་བྱེ་བྲག་ལས་འཁོར་འདས་སུ་བཞག་གི། རང་གི་ངོ་བོའི་བཟང་ངན་གཉིས་སུ་གྲུབ་པ་མེད༵་པའི༵་ཕྱིར་ཐམས་ཅད་ཀྱི་རྩ་བ་ནི་རང༵་རིག༵་པ་བྱང༵་ཆུབ༵་ཀྱི་སེམས༵་ཉིད༵་དོ༵། །དེས་ན་འཁོར་འདས་ཐ༵་དད་དུ་༵གྲུབ་པ་མེད༵་པའི༵་རང༵་བཞིན༵་འོད་གསལ་དེ་ཉིད༵་ཀྱིས་ཆོས་ཐམས་ཅད་བསྡུ་བའི་ཕྱིར། རྡོ་རྗེའི་རྡུལ་རྫས་ལྟར་འཁོར་འདས་བཟང་ངན་རིས་ཆད་ཅན་དུ་སོ་སོར་མི་ཕྱེད་ཅིང་མི་ཤིགས་པའི་ཕྱིར༵་རྡོ༵་རྗེ་ཞེས༵་ནི༵་བཤད༵་པ༵་ཡིན༵་ནོ། །
རྡོ་རྗེ་ཞེས་པའི་ཐད། མཚོན་བྱེད་ཀྱི་རྡོ་རྗེ་ཆོས་བདུན་ལྡན་ནི། ས་ཆུ་མེ་རླུང་གི་གནོད་པས་མི་ཚུགས་པས་རིམ་པར་མི་ཆོད་པ་དང་། མི་ཤིགས་པ་དང་། བདེན་པ་དང་། སྲ་བའི་ཁྱད་པར་བཞི་དང་། རྣམ་པ་གཞན་དུ་མི་འགྱུར་བ་དང་། གཟུགས་ཅན་གཞན་ཐོགས་མེད་དུ་ཕུག་པར་ནུས་པ་དང་ཚུར་གང་གིས་ཀྱང་མི་ཚུགས་པས་ན་བརྟན་པ་དང་། ཐམས་ཅད་ལ་ཐོགས་པ་མེད་པ། ཐམས་ཅད་དུ་མ་ཕམ་པ་ཞེས་ཁྱད་ཆོས་བདུན་དང་ལྡན་པ་བཞིན། མཚོན་བྱ་དོན་གྱི་ཡེ་ཤེས་རྟོག་གེའི་བློས་མི་ཆོད་པ་དང་། ཐ་སྙད་ཀྱི་རིགས་པས་ཇི་བཞིན་ཡུལ་མིན་པས་མི་ཤིགས་པ། གནས་ལུགས་ཇི་ལྟ་བ་བཞིན་དུ་བདེན་པ། སྐལ་པ་དམན་པ་རྣམས་ཀྱིས་རྟོགས་པར་དཀའ་བས་སྲ་བ། ངོ་བོ་ལ་འཕོ་འགྱུར་མེད་པས་བརྟན་པ། འཁོར་འདས་ཐམས་ཅད་ལ་ཁྱབ་ཅིང་འཇུག་པའི་ཐོགས་པ་མེད་པས། གང་གིས་ཀྱང་བརྫི་བར་མ་ནུས་པས་མ་ཕམ་པ་སྟེ། རྡོ་རྗེ་ཆོས་བདུན་དང་ལྡན་པ་དེའི་ཡོན་ཏན་འཕགས་ཆེན་རྣམས་ཀྱིས་ཀྱང་བརྗོད་ཀྱིས་མི་ལང་ན་སོ་སོའི་སྐྱེ་བོས་ལྟ་ག་ལ་ཞིག་མཐོང་བར་འགྱུར་རོ། །ཡང་ཟིན་བྲིས་ལས། འཁོར་འདས་ཀྱི་ཆོས་རྣམས་མ་ལུས་པ་སེམས་རང་སྣང་གི་དབང་དུ་བཏང་ན་སྣང་བ་སྣང་ཡུལ། དག་མ་དག་སོགས་གཉིས་ཆོས་ཀྱི་རྣམ་པར་ཡོད་ཀྱང་། ཡེ་ཤེས་རང་སྣང་གི་དབང་དུ་བཏང་ན། དེ་ལྟར་གཉིས་སུ་མེད་པའི་བྱང་ཆུབ་ཀྱི་སེམས་འདི་ཁོ་ན་ཉིད་དོ། །རིག་པ་ནང་གསལ་ལྟར་ན་ཡེ་ཤེས་རང་གི་དབྱིངས་ཁོ་ན་ལས་གཞན་མི་སྣང་བ་དང་། ཕྱི་གསལ་ལྟར་ན་ཡེ་ཤེས་རང་སྣང་གི་ཆོས་ཐམས་ཅད་རང་སྣང་དུ་མཐོང་བ་ལས། གཞན་དུ་མི་སྣང་བས་ན་རང༵་རིག༵་ཅེས་བྱ། དེ་ལྟ་བུའི་དབྱིངས་རིག་ཐ་དད་མེད་པ་སྟེ་དབྱེར་མི་ཕྱེད་པའི་རང་བཞིན་དེ་ཁོ་ན་ཉིད་ལ་རྡོ་རྗེ་ཞེས༵་ནི༵་བཤད༵་པ༵་ཡིན༵་ཏེ། བརྒྱ་བྱིན་གྱི་རྡོ་རྗེ་ནི་ཚུར་གནོད་པ་གང་གིས་ཀྱང་མི་ཚུགས་ཤིང་། ཕར་ལྷ་མིན་གྱི་གྲོང་ཁྱེར་སུམ་བརྩེགས་ཀྱང་འཇོམས་པ་ལྟར་ཚུར་སྤྲོས་པས་བརྫི་མི་ནུས་ཤིང་། དབྱིངས་དེ་མངོན་དུ་གྱུར་ན་ཕར་སྤྲོས་པའི་ཀུན་རྟོག་མཐའ་དག་ཐལ་མར་རམ་ཟང་ཐལ་དུ་འབིགས་པར་བྱེད་པས་ན་རྡོ་རྗེ་དང་མཚུངས་པའོ། །འདིའི་རྐང་པ་དང་པོ་གཉིས་ཀྱིས་སེམས་དཔའི་དོན་དང་ཕྱི་མ་གཉིས་ཀྱིས་རྡོ་རྗེའི་དོན་བཤད་དོ། །དཔེར་ན་བྱས་མི་རྟག་གཉིས་ཕན་ཚུན་ཡིན་ཁྱབ་མཉམ་གྱི་ངོ་བོ་གཅིག་ཡིན་ཀྱང་། བྱས་པ་སྒྲུབ་ཕྱོགས་དང་། མི་རྟག་པ་དགག་ཕྱོགས་ནས་བཞག་པའི་ལྡོག་ཆ་སོ་སོར་ཡོད་པ་བཞིན་དུ་རིག་པ་སྒྲུབ་ཕྱོགས་དང་། དབྱིངས་དགག་ཕྱོགས་ནས་བཤད་པ་ཡིན་གསུངས། གསར་རྙིང་ཐུན་མོང་གི་རྒྱུད་མཉམ་སྦྱོར་ལས། རྡོ་རྗེ་སྟོང་པ་ཉིད་དུ་བཤད། །སེམས་དཔའ་ཡེ་ཤེས་ཆེན་པོ་སྟེ། །དེ་དག་བདག་ཉིད་གྲུབ་པ་ནི། །རྡོ་རྗེ་སེམས་དཔའ་ཞེས་བརྗོད་དོ། །གསུང་རྒྱུན་ལས་སོ། །བཤད་རྒྱུད་མེ་ལོང་ལས། ཆོས་རྣམས་སོགས་ཐད། གསུང་རྒྱུན་ལས། རྡོ་རྗེ་ནི་རང་བཞིན་དབྱེར་མི་ཕྱེད་པའི་ཤེས་རབ་སྟོང་པ་ཉིད་ཡིན་ལ། དེ་ཡང་རྡོ་རྗེ་དེ་རང་བཞིན་གང་དང་དབྱེར་མིི་ཕྱེད་ཅེ་ན། ཆོས་ཐམས་ཅད་ཀྱི་རང་བཞིན་སྟོང་པ་ཉིད་དང་དབྱེར་མི་ཕྱེད་པ་ཡིན་ལ། སྟོང་པ་ཉིད་ལ་རྡོ་རྗེ་ཞེས་བྱ་སྟེ། མཉམ་སྦྱོར་ལས། རྡོ་རྗེ་སྟོང་པ་ཉིད་དུ་བཤད། །ཅེས་སོ། །སེམས་དཔའ་ཞེས་པ་ནི། ཆོས་རྣམས་མ་ལུས་སོགས་རྐང་པ་གཉིས་ཀྱི་བསྟན་ཏོ། །རྡོ་རྗེ་ཆོས་བདུན་མཚོན་བྱ་དོན་ལ་སྦྱར་ན། རིག་པ་གཏིང་གསལ་ཆེན་པོ་ལ་ཆགས་སོགས་ཉོན་མོངས་པའི་རྟོག་པས་མི༵་ཆོད༵་པ། བདེན་འཛིན་སོགས་ཤེས་སྒྲིབ་ཀྱི་རྟོག་པས་མི༵་ཤིགས༵་པ། ཕྱིན་ཅི་མ་ལོག་པར་ཡང་དག་པར་བདེན་པས་བདེན༵་པ༵། སྐྱེ་འཆི་བགྲེས་རྒུད་དང་བྲལ་བས་སྲ༵་བ༵། རིག་སྟོང་ཟུང་འཇུག་ཆོས་སྐུ་ཐིག་ལེ་ཉག་གཅིག་དུས་གསུམ་འཕོ་འགྱུར་དང་བྲལ་བས་བརྟན༵་པའོ༵། །སྲིད་ཞི་དབྱེར་མེད་དུ་ཁྱབ་པས་ཐམས་ཅད་དུ་ཐོགས༵་པ་མེད༵་པ། རང་ངོ་ཡེ་ནས་སྐྱོན་བྲལ་ཡོན་ཏན་ཀུན་ལྡན་དུ་གནས་པས་ཐམས་ཅད་དུ་མ༵་ཕམ་༵པའོ། །
ཀུན་རྟོག་དང་བདེན་དངོས་གཉིས་ཆར་གྱིས་སྟོང་ཞེས་པའི་ཐད། གྲུབ་དབང་རིན་པོ་ཆེས་མཁན་པོ་འཇིགས་འོད་ལ། ཚིག་འདི་རྣམས་བཅོས་དགོས་པས་ད་ཕན་ཆོད་དཔེ་བཅོས་མ་གྲུབ་བར་དུ་སྣང་སེམས་གཉིས་ཀྱིས་སྟོང་པ་ཞེས་སྦྱོར་ལ་ཤོད། ཕྱིས་སུ་འདི་གཉིས་ཀྱང་སྦྱར་རྒྱུ་མིན། འདིར་མ་ཡིན་དགག་བཤད་པའང་བཏགས་པ་ཙམ་ལས་དངོས་མིན་གསུངས། འདི་རྣམས་མཁན་པོ་འཇིགས་འོད་ནས་ཁྲ་བླ་མ་སྦྱིན་པ་ལ་གསུངས།
མན་ངག་དང་ལྡན་པས་དེ་ལ་མཉམ་པར་བཞག་པ། ཞེས་པའི་སྐབས། རིན་པོ་ཆེས་བླ་མ་གཏེར་སྟོན་ལ། འོད་གསལ་རིག་པ་ངོ་ལེགས་པར་འཕྲོད་རྗེས་དེ་ལ་མཉམ་པར་བཞག་ན་དབྱིངས་ལའང་མཉམ་པར་བཞག་པ་ཡིན། དབྱིངས་ལ་མཉམ་པར་བཞག་ན་ཡང་འོད་གསལ་ལ་མཉམ་པར་བཞག་པ་ཡིན། དེ་གཉིས་མེ་དང་ཚ་བ་ལྟ་བུ་གདོད་ནས་དབྱེར་མེད་ཟུང་འཇུག་ཆེན་པོར་བཞུགས་པ་ཡིན་གསུངས། གཏེར་སྟོན་ཉིད་ཀྱིས་གསང་སྙིང་འཆད་སྐབས་སུ། །དེ་ལ་ཞེས་པའི་འབྲུ་འགྲེལ་ཚུལ་ཡང་འོད་གསལ་དེ་ལ་ཞེས་པར་སྦྱར་ནས་གསུངས། དེའི་རྒྱུ་མཚན་དབྱིངས་ཡེ་མེ་དང་ཚ་བ་བཞིན་ནམ་ཡང་འདུ་འབྲལ་མེད་པའོ། །ཞེས་གསུངས། དེ་བཞིན་ཏུ་མི་ཕམ་རིན་པོ་ཆེས། གཟུང་འཛིན་གཉིས་སུ་མེད་པ་ཡི། །ཆོས་ཉིད་མཐོང་བ་གང་ཡིན་པ། །རང་སེམས་འདི་ཡི་སྟེང་ལས་ནི། །གཞན་དུ་མྱོང་བ་ཇི་ལྟར་སྲིད། །སྟོང་དང་དབྱེར་མེད་མ་མྱོང་བའི། །ཤེས་པ་རང་བྱུང་ཡེ་ཤེས་མིན། །གང་དུ་དབྱེར་མེད་མྱོང་བའི་ཚེ། །སྟོང་ཕྱིར་མི་སྐྱེ་མི་འགག་ལ། །གནས་མེད་གཟུང་དུ་མེད་པ་ཡི། །རང་བཞིན་འོད་གསལ་གཉུག་མའི་དོན། །རང་བྱུང་ཡེ་ཤེས་གང་ཡིན་པ། །བདེན་གཉིས་དབྱེར་མེད་ཆོས་ཉིད་དོ། །དབུ་མ་ཆེན་པོའི་རང་བཞིན་ཡིན། །ཆོས་དབྱིངས་ཞེས་པ་ཡུལ་དང་ནི། །ཡེ་ཤེས་ཞེས་པ་ཡུལ་ཅན་དང་། །ཡུལ་ཅན་མི་རྟག་ཡུལ་རྟག་པར། །ཇི་སྲིད་སོ་སོར་སྣང་དེའི་རིང་། །དབྱིངས་རིག་དབྱེར་མེད་རང་བྱུང་གི། །ཡེ་ཤེས་རྗེན་པར་མྱོང་བ་མིན། །ཡེ་ཤེས་རྗེན་པར་ངོས་ཟིན་ཚེ། །ཆོས་དབྱིངས་བྱས་ཀྱང་དེ་ག་རང་། །ཡེ་ཤེས་བྱས་ཀྱང་དེ་ག་རང་། །དབྱེར་མེད་བྱས་ཀྱང་དེ་ག་རང་། །དེ་ཉིད་དོན་དམ་གཉུག་མ་དང་། །ལྷན་སྐྱེས་བདེ་ཆེན་ཆོས་ཀུན་གྱི། །ཆོས་ཉིད་ནམ་ཡང་འགྱུར་བ་མེད། །དོན་ལ་སྐྱེ་དང་སྐྱེ་མེད་གཉིས། །སོ་སོར་དབྱེ་བ་ཡོད་ན་འདི། །དབྱིངས་རིག་དབྱེར་མེད་ཆོས་ཉིད་ནི། །ནམ་ཡང་སྲིད་པ་མ་ཡིན་ཏེ། །དེ་ཕྱིར་ལྡོག་པས་ཕྱེ་ན་ཡང་། །དོན་ལ་དབྱེར་མེད་ངོ་བོ་དེ། །གཉིས་སྣང་ཅན་གྱི་བློའི་སྤྱོད་ཡུལ། །ཀུན་ལས་རབ་ཏུ་འདས་ནས་སུ། །སོ་སོ་རང་རིག་གིས་མྱོང་ན། །བརྗོད་མེད་མཉམ་པའི་དོན་ལ་རེག །དེ་ལ་སྣང་སྟོང་གཉིས་སུ་མེད། །ཆོས་དང་ཆོས་ཉིད་དབྱེར་མེད་ལ། །ཡུལ་དང་ཡུལ་ཅན་འབྱེད་དུ་མེད། །ཐིག་ལེ་ཉག་གཅིག་ཆོས་ཀྱི་དབྱིངས། །ཐ་སྙད་ཚིག་གིས་མི་མཚོན་ཀྱང་། །སོ་སོ་རང་རིག་འོད་གསལ་བ། །ཡེ་ནས་བབ་ཀྱིས་གནས་པ་ཡི། །གནས་ལུགས་དོན་ལ་སོམ་ཉི་བྲལ། །ཞེས་གསུངས། ཞལ་རྒྱུན་ལས། རྒྱུད་འདི་ལྟར་ན། དབྱིངས་ཡེ་འདུ་འབྲལ་མེད་པའི་ཡེ་ཤེས་ཉིད་སྐུ་གསུམ་གྱི་ཡོན་ཏན་ཐམས་ཅད་ཀྱི་བདག་ཉིད་ཡིན་པར་ངོ་ལེགས་པར་འཕྲོད་རྗེས་རིག་པ་ཆོས་ཉིད་བཅོས་མེད་དུ་བསྐྱང་བའི་མན་ངག་དང་ལྡན་པས་རིག་ཆ་དེ་ལ་མཉམ་པར་བཞག་མཐུས་ཆོས་ཀྱི་དབྱིངས་སམ་སྟོང་ཉིད་ལ་མཉམ་པར་བཞག་པ་ཡིན་པས་སྟོང་ཉིད་ལ་མཉམ་པར་བཞག་པར་འགྲོ། ཞེས་དང་། རིན་པོ་ཆེས། ཀུན་མཁྱེན་སྔ་ཕྱིས་ལམ་དུས་ཀྱི་འོད་གསལ་འཆར་དུས་རིག་ཆ་སད་དགོས། དབུ་མའི་ལྟ་བ་ཟུར་ནས་མི་དགོས་གསུངས། ཞེས་དང་། ཡེ་ཤེས་རང་ངོ་ལ་ཀུན་གཞིའི་བསླད་ཆ་མ་ཞུགས་པས་སྣང་ཆ་གང་ཡང་ཡེ་ཤེས་སམ་རིག་ངོར་སོང་བ་རིག་པ་ཉིད་སྣང་ཆ་དེ་དང་དེ་ཤར་བར་འཆར་གྱི་ཐ་དད་དུ་མི་འཆར་རོ། །དེའི་སྣང་ཆ་ཐམས་ཅད་རིག་པ་ཉིད་ཀྱིས་བསྡུས་པ་ཡང་ཡིན་ཏེ། གཞི་སྣང་དང་པོ་བཞིན་ནོ། །ཞེས་དང་། དེ་ལྟར་སྣང་བ་གང་དང་གང་རིག་ཐོག་ཏུ་སོང་ཡང་སྣང་བ་དེས་རིག་པ་བཏུམ་རྒྱུའམ་གཡོགས་རྒྱུ་འགེབ་རྒྱུ་མེད་པར་སྣང་བ་དེ་ཉིད་རིག་པ་རང་དུ་ཧྲིལ་གྱིས་འགྲོ་བ་ནི་རིག་པ་ཡུལ་ལ་མི་ཐོགས་པའི་དོན་ཏེ། རིག་པ་ཟང་ཐལ་ཟེར་དོན་དེ་རེད། ཅེས་དང་། དེ་དག་ཀྱང་གཞི་སྣང་གི་རིག་པའི་རང་གཤིས་ལ་ཆོས་ཀུན་མེད་སྣང་སྟོང་གཟུགས་སུ་མཐོང་བའི་རྩལ་རང་ཆས་སུ་ཡོད་པས་ཡིན་གྱི། སྟོང་ཉིད་དེ་ལ་ཐོས་བསམ་སྔོན་སོང་སོགས་ཀྱི་མཐུས་མིན་པས། ཆོས་སྐུ་ཀུན་ཏུ་བཟང་པོ་ལ། །བླ་མ་བྱ་བ་ཡོད་མིན་ཏེ། །རང་སེམས་སངས་རྒྱས་རྟོགས་ཙ་ན། །དུས་གསུམ་སངས་རྒྱས་དགོངས་པ་ཡིན། །ཞེས་གསུངས་སོ། །བླ་མ་འཇིགས་འོད་གསུང་རྒྱུན། མན་ངག་དང་ལྡན་པ་ཞེས་པ་དབྱིངས་ཀྱི་ཚུལ་ལེགས་པར་ངོ་འཕྲོད་པའི་རྣལ་འབྱོར་བས་རིག་པ་བཅོས་མེད་དུ་མཉམ་པར་བཞག་པས། སྟོང་ཉིད་རྟོགས་པ་རང་སྟོབས་ཀྱིས་འོང་བས་ན། ཞེས་དང་། ཟིན་བྲིས་ལས། དབྱིངས་ལ་སྣང་བ་གང་ཡང་མ་གྲུབ་པས་ཞེས་པ། དབྱིངས་དེ་ལ་མཉམ་པར་བཞག་སྟེ་ནམ་མངོན་ཏུ་གྱུར་པ་ན་ཡང་རྗེས་ཐོབ་ཏུ་གང་སྣང་ཐམས་ཅད་ཡེ་ཤེས་ཀྱི་འཁོར་ལོ་ཉག་གཅིག་ཏུ་འཆར་བ་ལས་རང་དབང་བར་གཏན་མི་འཆར་ཏེ། ཡུལ་སྣང་ཐམས་ཅད་ཡེ་ཤེས་ཀྱི་རྣམ་རོལ་ཁོ་ནར་འཆར་བར་འགྱུར་རོ། །ཞེས་དང་། ཞལ་རྒྱུན་ཏུ། རྗེ་བླ་མས་གསང་བ་འདུས་པ་སོགས་ཀྱི་ཟབ་མོའི་ལམ་གྱི་འོད་གསལ་མངོན་ཏུ་གྱུར་དུས་ཟུར་ནས་སྟོང་ཉིད་དྲན་དགོས་ཞེས་གསུངས་པ་དེ། ཐེག་རྩེའི་ལུགས་ཀྱིས་མར་གཞལ་ན། གཞི་རྒྱུད་དེ་ལ། གཞི་གཞི་སྣང་གཉིས་ལས། སྔ་མ་འཆི་འོད་སྟོང་སང་གི་རྣམ་ཅན་གྱི་དང་། གཉིས་པ་ནམ་མཁའ་འོད་གསལ་ནས་ལྷུན་གྲུབ་ལ་ཐིམ་པའི་བར་ལ་གཞི་སྣང་གི་ཡེ་ཤེས་ཏེ། དེ་གཉིས་ལས། སྔ་མ་ནི་ཡེ་ཤེས་རླུང་གིས་མ་བསྐྱོད་པའི་སྐབས་ཀྱི་འོད་གསལ་ཡོན་ཏན་ཕྱིར་མ་མཆེད་པའི་སྐབས་ཡིན་ལ། དེས་ན་ཟབ་རྒྱས་གཉིས་ཐད་ནས་སྟོང་ཉིད་དང་སྦྱར་བ་དང་། རྒྱུ་ལས་སྒྲུབ་ཚུལ་ཡོད་ལ། དེའི་རྒྱུ་མཚན་འདི་དུས་གཞི་སྣང་གི་ཡོན་ཏན་ཕྱི་གསལ་དུ་མཆེད་པའི་སྐབས་ལ་ལྟོས་ན་ཐུམ་ཞད་ཅན་འདྲ་བ་ཡིན་པས་སྟོང་ཉིད་དྲན་དགོས་གསུངས། ཕྱི་མའི་ཕྱོགས་གཙོ་བོར་སྟོན་པས་སེམས་ལས་འདས་པའི་རང་གནས་ཀྱི་ཤེས་རབ་ཀྱི་གནས་ལུགས་སྟོང་པ་ཉིད་རྟོགས་འོང་བའི་ཁྱད་པར་ཡོད་ཏེ། དེའི་རྒྱུ་མཚན་ནི་དང་པོ་གཞུང་འདི་དང་ཐེག་རྩེ་ལྟར་ན་སྤྱིར་སྣང་སྲིད་དག་མཉམ་དུ་བསྟན་པ། དེའི་གནད་མཐར་ཐུག་རིག་པ་སྐུ་གསུམ་གྱི་བདག་ཉིད་དུ་ངོ་སྤྲོད་པའི་ཁྱད་པར་དང་། མངོན་ཏུ་བྱེད་རྒྱུའི་འོད་གསལ་ཡང་ཡེ་ཤེས་རླུང་གིས་བསྐྱོད་པའི་སྐབས་ཀྱི་འོད་གསལ་ཉིད་ལམ་དུ་བྱེད་པའི་ཁྱད་པར། རྫོགས་རིམ་དུས་སུའང་ཕྲ་ཐིག་ལ་སེམས་ཐིམ་པའི་དམིགས་པ་མི་བྱེད་པའི་ཁྱད་པར་གྱིས། གཞི་གཞི་སྣང་གཉིས་ཀྱིས་ཟླས་དྲང་བའི་གཞི་དང་འདྲ་བའི་ལམ་གྱི་འོད་གསལ་ལ་རྩལ་དག་སྡུད་གང་ཐུབ་བྱེད་པ་མ་ཡིན་པས་ཁྱད་པར་གྱི་སེམས་ཀུན་ཡེ་ཤེས། རླུང་ཀུན་ཡེ་རླུང་དུ་གསལ་བར་སད་ནས་རགས་ལུས་ཉིད་ཀྱང་འོད་སྐུར་དེངས་པའི་ཁྱད་པར་ཡོད་པ་ནི། ལམ་སྒྲུབ་ཚུལ་གྱི་ཁྱད་པར་ངོ་སྤྲོད་ཡོད་མེད་ཀྱིས་རེད་གསུངས། ད་ལྟའི་སྐབས་འདིར་ཡང་། དག་པའི་སྣང་བ་ཁོ་ན་ཅན་གྱི་གཞི་དང་སྣང་ཆ་དེ་རགས་པར་མཆེད་པ་ཙམ་ལས་རྩལ་མཆེད་ཅིང་རྒྱས་པའི་སྐབས་ཀྱི་ཡེ་ཤེས་ཡིན་པས་འདི་ངོ་འཕྲོད་ཅིང་སྒོམ་པ་ན་ལམ་ཤིན་ཏུ་མྱུར་བས་ཁྱད་པར་ཆེ་ཞེས་གསུངས། ༈ ཀུན་མཁྱེན་ཆེན་པོས་མ་ཡིན་དགག་ཏུ་གསུངས་པ་ནི། སྤྱིར་དགག་བྱ་བཀག་ཤུལ་དུ་ཆོས་གཞན་འཕང་བ་མ་ཡིན་དགག་ཡིན་ཀྱང་། འདིར་དགག་གཞི་ཆོས་ཉིད་སྤྲོས་བྲལ་ཡིན་པས། དེ་མེད་པ་མ་ཡིན་པ་ཙམ་ལ་དགོངས། སྣང་ཚུལ་ལ་དཔྱོད་པ་ཀུན་ཏུ་ཐ་སྙད་པའི་ཚད་མའི་བདེན་གཉིས་སྐབས་སུ་དོན་དམ་པར་ཟབ་ཞི་སྤྲོས་བྲལ་སོགས་གསུངས་པས་མ་ཡིན་དགག་གསུངས་པ་དེ་ཡང་རྒྱུ་མཚན་དེས་ན་བཏགས་པ་ཙམ་དུ་ཡིན་གྱི་དངོས་མིན་ཏེ། མི་ཕམ་རིན་པོ་ཆེས་གནས་ལུགས་དོན་དམ་དཔྱོད་པའི་དབང་དུ་བཏང་བའི་བདེན་གཉིས་དང་། སྣང་ཚུལ་དཔྱད་པ་ཀུན་ཏུ་ཐ་སྙད་པའི་ཚད་མའི་དབང་དུ་བཏང་བའི་བདེན་གཉིས་ལས་ཀུན་མཁྱེན་ཆེན་པོས་ཟབ་ཞི་སྤྲོས་བྲལ་སོགས་དོན་དམ་དུ་བཞེད་པ་ཕྱི་མའི་སྐབས་ཡིན་ནོ། །ཞེས་གསུངས། ༈ བརྟན་བསྡུས་རྟོགས་གསུམ་སྐབས། ཟིན་བྲིས་ལས། བརྟན་པ་ནི། གྲུབ་ཆེན་སྐྱེ་ཕྲེང་གསོལ་འདེབས་ལས། གདོད་ནས་རྣམ་དག་བྱང་ཆུབ་སེམས་ཉིད་དེ། །དམྱལ་མེས་མ་ཚིག་སོགས་ལྟར། མར་ངན་སོང་གི་སྡུག་བསྔལ་གྱིས་མནར་བ་ན་ཡང་ངོ་བོ་གཞན་དུ་མ་གྱུར་བས། བརྟན་པའི་རྡོ་རྗེ། བསྡུས་པ་ནི། རྫས་མང་པོ་ཕྱོགས་གཅིག་ཏུ་བསྡུས་པ་ལྟ་བུ་མིན་གྱི། རྒྱལ་པོའི་བཀའ་རྟགས་ཀྱིས་འབངས་དབང་དུ་བསྡུས་པ་ལྟ་བུ་སྟེ་ལམ་དུས་སུ་བདེ་བ་ཆེན་པོའི་ཡེ་ཤེས་རྣམས་མངོན་དུ་གྱུར་པ་ན། དེའི་རྗེས་ཐོག་ཏུ་གང་སྣང་དེའི་ཚོས་མདོག་བསྒྱུར་བ་ལྟ་བུ་སྟེ་ཕྱག་རྒྱས་བཏབ་པའོ། །ཞེས་གསུངས། གཞི་ལམ་གང་གི་སྐབས་སུ་ཡང་ཡེ་ཤེས་ཀྱི་ཚུལ་ལས་མ་འདས་པས་ན་བསྡུས་པའོ། །གཉུག་མའི་ཡེ་ཤེས་དེ་ཉིད་སྒྲིབ་བྲལ་དུ་བྱས་པ་ནི་རྟོགས་པ་སྟེ། སྔ་མ་བརྟན་བསྡུས་གཉིས་གནས་ཚུལ་ལ་ཡེ་ནས་དག་པའི་ཆ་ནས་དང་། ཕྱི་མ་རྟོགས་པའི་རྡོ་རྗེ་ཉིད་གློ་བུར་གྱི་སྒྲིབ་པ་བྲལ་བའི་ཆ་ནས་སོ། །ཞེས་གསུངས། གསུང་རྒྱུན་ལས། བརྟན་པ་ནི། གོང་གི་ཤེས་རབ་སྟོང་པ་ཉིད་དེའི་སྣང་ཆ་ཐབས་རིག་པ་རང་བྱུང་གི་ཡེ་ཤེས་ཡིན་ལ། དེ་ལྟར་དབྱིངས་དང་ཡེ་ཤེས་དེ་གཉིས་མེ་དང་ཚ་བ་བཞིན་ཏུ་གདོད་ནས་ཟུང་འཇུག་ཆེན་པོར་བཞུགས་ཤིང་སེམས་ཅན་ནས་སངས་རྒྱས་ཀྱི་བར་དུ་རང་བཞིན་ལ་བཟང་ངན་མེད་ཅིང་། དུས་ཐམས་ཅད་དང་ངོ་བོ་གཞན་དུ་མི་འགྱུར་བར་གནས་པས་ན་བརྟན་པའི་རྡོ་རྗེ་སེམས་དཔའ་ཞེས་བཤད་པའོ། །གཉིས་པ་བསྡུས་པ་ནི། དེ་ཉིད་ཀྱི་ཕྱག་རྒྱས་འཁོར་འདས་ཀྱི་ཆོས་ཐམས་ཅད་ལ་བཏབ་པས་མཉམ་པ་ཉིད་དུ་བསྡུས་ཞེས་པ་ནི། དེ་ཉིད་ཆོས་ཐམས་ཅད་ཀྱི་སྲོག་ཏུ་སོང་བས་དབུས་ན་གནས་ཤིང་སེམས་ཉིད་ཀྱི་ཀློང་དུ་བརྟན་གཡོའི་ཆོས་ཀུན་མཉམ་པ་ཉིད་དུ་བསྡུས་པས་ན་བསྡུས་པའི་རྡོ་རྗེ་སེམས་དཔའ་ཡིན། རིན་པོ་ཆེའི་ཞལ་རྒྱུན་ཏུ། དབྱིངས་ཡེ་ཟུང་འཇུག་གི་བདག་ཉིད་དུ་གནས་པའི་རྟགས་སུ་ཆོས་ཀུན་སྣང་སྟོང་ཟུང་འཇུག་ཡིན་ཞེས་གསུངས། རྟོགས་པའི་སྐབས། གསུང་རྒྱུན་ལས། ཚོགས་ཆེན་གཉིས་རྫོགས་ཞེས་པ་གསུངས། རྣམ་པ་ལས་སྣང་ཆ་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་གོམས་པས་བསོད་ནམས་ཀྱི་ཚོགས་དང་། དོན་དམ་དཀོར་བདུན་ལ་གོམས་པར་བྱས་པས་ཡེ་ཤེས་ཀྱི་ཚོགས་སོ། །སྤྱིར་ཚོགས་གཉིས་ནི་ཡེ་ནས་སྣང་བ་དང་སྟོང་པའི་ཡོན་ཏན་དུ་རྫོགས་ཟིན་པ་ལ་ལྷུན་གྲུབ་ཅེས་བརྗོད་དོ། །གློ་བུར་དུ་བསགས་པ་དེ་ནི་དྲི་མ་སེལ་བྱེད་ཀྱི་རྐྱེན་ཀྱི་ཆ་ཙམ་ལ་རྒྱུ་ཚོགས་གཉིས་ཞེས་བཏགས་པ་ཙམ་ཡིན་ནོ། །གནས་ཚུལ་ལ་གཞི་འབྲས་གཉིས་སུ་མེད་པར་རྟོགས་ནས་དེ་ཉིད་ལམ་དུ་བྱེད་པས་ན་འབྲས་བུ་ལམ་བྱེད་དོ། །ལམ་ལ་བརྟེན་ནས་གནས་ཚུལ་ཇི་ལྟ་བ་བཞིན་མངོན་སུམ་དུ་སྣང་བ་ལ་སྣང་ལུགས་དྲི་བྲལ་གྱི་ཆ་ནས་འབྲས་བུའི་རྡོ་རྗེའོ། །
སྒྱུ་འཕྲུལ་དྲྭ་བ་ནི་ཞེས་པ་ཐབས་སྣང་བའི་ཆ་དང་། ཤེས་རབ་སྟོང་པའི་ཆ་གཉིས་འབྲེལ་བའི་དོན་དེ་ལ་སྒྱུ་འཕྲུལ་དྲྭ་བ་ཞེས་བཤད། ཅེས་གསུངས། ཟིན་བྲིས་ལས་འབྱུང་བ་ལྔའི་བཅུད་འདུས་པའི་ཐིག་ལེའི་ཆ་ཕྲ་བ་ཞེས་པ་ཕ་མའི་ཁུ་ཁྲག་གི་ཐིག་ལེ་སྟེ། དེ་སྦྱོང་བྱེད་བསྐྱེད་རིམ་སྐབས། འབྱུང་བ་རིམ་བརྩེགས་སོགས་ཡིན་ལ། རིས་སུ་མ་ཆད་ཅེས་པ་ཡང་། ཕུང་ཁམས་རགས་པའི་སྣང་བ་སྣ་ཚོགས་པ་སོ་སོར་འཆར་བའི་གཞིར་གྱུར་པའི་ཆ་ནས་བཤད་ཀྱི་འབྲས་དུས་ཀྱི་རིས་མེད་ལྟ་བུ་ལ་གོ་རྒྱུ་མིན། ཞེས་གསུངས། རགས་པ་ཁམས་དྲུག་ལྡན་དུ་ཤར་བ་འཕྲུལ་བ་སྟེ། པགས་པ། ཤ། ཁྲག་རུས་པ། རྐང་། ཁམས་དཀར་དམར་དང་དྲུག་གོ །ཞེས་གསུངས། ཞལ་རྒྱུན་ལས། ཁམས་དྲུག་ལྡན་གྱི་གདུལ་བྱ་ངོས་བཟུང་ཆེད་དོ། །ཞེས་དང་། སྒྱུ་འཕྲུལ་དྲྭ་བ་ཞེས་པ་འདི། རགས་ཕྲ་རྟོགས་དཀའ་སླ་སོགས་ཀྱི་སྒོ་ནས་སྦྱར་དགོས་གསུངས། གསུང་རྒྱུན་ལས། དེ༵་ལྟར༵་སྣང༵་བ༵་སྒྱུ༵་མ༵་ལྟར༵༴ཞེས་པ་ནི། མ་དག་འཁོར་བའི་ཆོས་ཕུང་པོ་ཁམས་དང་སྐྱེ་མཆེད། དག་པ་སྐུ་དང་ཡེ་ཤེས་ཀྱི་སྣང་བ་ཐམས་ཅད་སྒྱུ་མ་ལྟར་རིས་མེད་དུ་འཆར་བའི་གནད་ནི་གདོད་མའི་སྟོང་ཆེན་གྱི་དབྱིངས་ཡིན་ནོ། །ཞེས་གསུངས། ཞལ་རྒྱུན་དུ། གང་ལ་སྟོང་པ་ཉིད་རུང་བ། །དེ་ལ་ཐམས་ཅད་རུང་བ་ཡིན། །ཞེས་པ་ལྟར་དབྱིངས་ངོར་གང་ཡང་མ་གྲུབ་པས་གང་གི་ཕྱོགས་སུ་མ་ལྷུང་བས་ན་ཅིར་ཡང་འཆར་ཞེས་གསུངས། གསུང་རྒྱུན་ལས། དྲང་དོན་སྒྱུ་འཕྲུལ་དྲྭ་བ་ནི། ངེས་དོན་སྒྱུ་འཕྲུལ་དྲྭ་བ་དེ་ཉིད་རྟོགས་པའི་ཐབས་སུ་འགྱུར་བ་སྟེ། དེའི་མཚོན་བྱེད་ལྷ་ཡབ་ཡུམ་ཟུང་དུ་འཇུག་པ་སྟེ། སྟོང་པ་ཉིད་མཚོན་བྱེད་ལྷ་ཡུམ། རིག་པའི་ཡེ་ཤེས་མཚོན་བྱེད་ལྷ་ཡབ། ཟུང་འཇུག་མཚོན་བྱེད་ལྷ་ཡབ་ཡུམ་འཁྲིལ་སྦྱོར་དུ་བཞུགས་པས་ན། ལྷ་ཡུམ་རྣམས་ནི་སྒྱུ་མ་དང་། ཡབ་རྣམས་ནི་འཕྲུལ་བ་དང་། ཡབ་ཡུམ་ཁ་སྦྱོར་བདེ་བའི་སྐུར་བཞུགས་པ་དྲྭ་བའི་དོན་ཏོ། །དེ་ཡང་གང་དྲང་ན་གང་ཟག་མཚན་མའི་བློ་ཅན་དེ་དྲང་། གང་དུ་དྲང་ན་ངེས་དོན་སྒྱུ་འཕྲུལ་དྲྭ་བ་དེ་ལ་དྲང་། ཚུལ་ཇི་ལྟ་བུའི་སྒོ་ནས་དྲང་ན་ལྷ་ཡབ་ཡུམ་ཐབས་ཤེས་ཕན་ཚུན་འཁྲིལ་སྦྱོར་གྱི་ཕྱག་རྒྱའི་བརྡ་དང་རྟགས་ལ་བརྟེན་ནས་དྲང་པ་ཡིན་ནོ། །བཞི་པ་ལྷ་རྟོག་དབྱེར་མེད་ཀྱི་སྒྱུ་འཕྲུལ་དྲྭ་བ་ནི། རྟོག་ཚོགས་ཀྱི་རང་བཞིན་ལྷར་འཕྲུལ་བ་དང་། ལྷའི་ངོ་བོ་རྟོག་ཚོགས་སུ་སྣང་ཡང་རང་བཞིན་ལྷ་ཡིན་པ་ལས་མ་གཡོས་པའི་ཕྱིར་ན་ལྷ་རྟོག་དབྱེར་མེད་ཅེས་བཤད་དོ། །རྟོག་ཚོགས་ཞེས་པ། འཁོར་བའི་ཆོས་ཕུང་ཁམས་སྐྱེ་མཆེད་ཡུལ་ཡུལ་ཅན་དང་བཅས་པ་ལ་སྒྱུ་མ་དང་། དེ་ཉིད་ལྷར་ཤར་བ་ནི་འཕྲུལ་བའོ། །སྒྱུ་འཕྲུལ་སྔ་མ་གཉིས་ཞེས་པ། རྟོག་ཚོགས་དང་ངེས་དོན་ནོ། །ཙམ་ཞེས་པ་གནས་སྣང་མི་མཐུན་པའོ། །
འདིར་སྟོན་ཞེས་པ་ནི། སྟོན་པས་གདུལ་བྱ་སོ་སོའི་བློ་དང་འཚམས་པར་བསྟན་པའི་ཆོས་ནི་རྒྱ་མཚོའི་རྒྱུད་དེ། དོན་ཟབ་ཅིང་གཏིང་དཔག་དཀའ་བ་རྒྱ་མཚོ་ལྟ་བུ། ཚིག་རྒྱ་ཆེ་ཞིང་མཐའ་ཡས་པ་དེ་ཐམས་ཅད་ཀྱི་བརྗོད་བྱ་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་འདི་ཉིད་ཀྱི་ནང་དུ་རྫོགས་པར་སྟོན་པས་ན། འདིར་སྟོན་ཞེས་བཤད་དོ། །འདིས་སྟོན་ཞེས་པ་ནི། བསྟན་པ་དང་ཐེག་པ་ཐམས་ཅད་ཀྱི་དོན་མ་ལུས་པ་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་འདི་ཉིད་ལས་འཕྲོས་ཏེ་སྟོན་པས་ན་འདིས་སྟོན་ཞེས་བཤད་དོ། །འདི་ཕྱིར་སྟོན་ཞེས་པ་ནི། ཐེག་པའི་སྒོ་གང་ནས་ཞུགས་ཀྱང་མཐར་ཐུག་ཐེག་པ་འདི་ལས་མི་འདའ་བས་ཐེག་པ་གཞན་ཐམས་ཅད་འདི་ཉིད་ཀྱི་ལམ་སྟེགས་ཀྱི་ཚུལ་དུ་གསུངས་པ་ཡིན་པས། ལུང་གི་སྤྱི་ཞེས་བཤད་པ་ཡིན་ཏེ། སྒྱུ་འཕྲུལ་རྡོ་རྗེ་ལས། དྲི་མ་མེད་པའི་ལུང་ཉིད་དེ། །ལས་དང་ཡེ་ཤེས་ཕྱི་ཉིད་ཀྱི། །རྫོགས་པའི་རྫོགས་ཕྱིར་ལུང་ཉིད་དོ། །ཞེས་གསུངས་པ་ལྟར་རྒྱ་མ་ལས་ཀྱི་ལུང་མཚན་ཉིད་སྡེ་གསུམ། ཡེ་ཤེས་ལྷའི་ལུང་ཕྱི་རྒྱུད་སྡེ་གསུམ། བྱ་བྲལ་རྫོགས་པའི་ལུང་ནང་རྒྱུད་སྡེ་གསུམ། དེ་དག་གི་ལུང་གི་སྤྱིར་གྱུར་པས་ན་ལུང་གི་སྤྱི་ཞེས་བཤད་པ་ཡིན་ནོ། །ཞེས་གསུངས།
ཞལ་རྒྱུན་ལས། གསང་སྔགས་ཕྱི་པའི་མཚན་བཅས་མཚན་མེད་ཅེས་པ། མཚན་བཅས་ནི་ལྷའི་རྣལ་འབྱོར་སྒོམ་པ་དང་། མཚན་མེད་ནི་སྟོང་ཉིད་སྒོམ་པ་སྟེ་དེ་གཉིས་ལ་གོམ་པས་ཡར་འབྲས་བུ་སྐུ་གསུམ་དང་མཐུན་པའི་ལམ་བསྒོམ་ཚུལ་ཡོད་ཀྱང་མར་སྐྱེ་འཆི་བར་དོ་གསུམ་དང་མཐུན་པའི་ལམ་སྒོམ་ཚུལ་མེད་པ་ཡིན་ནོ། །ཞེས་གསུངས།
ཞལ་རྒྱུན་དུ། ངེས་པའི་དོན་རྣམས་བསྟན་པར་བཤད་དོ། །ཞེས་པ་རྣམས་ཀྱི་དོན་ནི། རྒྱུད་ཀྱི་བརྗོད་བྱའི་གཙོ་བོ་གཉུག་མའི་སེམས་ཀྱི་རྡོ་རྗེ་དེ་ཉིད་སེམས་ཅན་རྣམས་ལ་སྐད་ཅིག་ཀྱང་མ་བྲལ་བར་རང་ཆས་སུ་གནས་ཀྱང་ཤིན་ཏུ་ཕྲ་ཞིང་ཟབ་པའི་བདག་ཉིད་དུ་གྱུར་པས་རང་བཞིན་གྱིས་གསང་ཞིང་ཕལ་གྱི་སྤྱོད་ཡུལ་དུ་མ་གྱུར་བས་ན་གསང་བའི་རང་བཞིན་བསྟན་ལ། སྙིང་པོའི་སྐད་དོད་གསུམ་པོ་གང་གི་སྒོ་ནས་བཤད་ཀྱང་མདོ་རྒྱུད་ཀྱི་ལམ་གཞན་ལས་ཁྱད་པར་དུ་འཕགས་པའི་ཁྱད་ཆོས་བརྗོད་པས་སྙིང་པོའི་སྒྲས་ནི་རྒྱུད་དོན་གྱི་ཆེ་བ་བསྟན། གཉུག་མའི་འོད་གསལ་གྱི་ཡོན་ཏན་མཐའ་དག་མངོན་དུ་གྱུར་པ་ནི་འབྲས་བུ་མཐར་ཐུག་སྟེ་རྒྱུད་འདིའི་བརྗོད་བྱ་མཐར་ཐུག་ཀྱང་དེ་ལས་གཞན་མ་ཡིན་པས། དེ་ཁོ་ན་ཉིད་དེས་རྒྱུད་དོན་གྱི་མཚན་ཉིད་ངོས་བཟུང་བ་དང་། དེ་ལྟ་བུའི་རྒྱུད་དོན་གདུལ་བྱ་ཁ་དྲང་བ་ཙམ་གྱི་ཆེད་དུ་བསྟན་པ་ཙམ་མིན་པར་ཐུབ་པའི་དགོངས་པའི་ཞེ་ཕུག་ཡིན་པར་ངེས་པས་ངེས་དོན་ཡིན་པར་བསྟན་ནོ། །མདོར་བསྡུས་པས་ནི་སངས་རྒྱས་ཉིད། ཅེས་སོགས་སྒྲས། བསྐལ་པ་བྱེ་བ་གྲངས་མེད་པས། ཇི་སྲིད་སངས་རྒྱས་གང་ཐོབ་པ། །གང་གིས་དམ་པའི་བདེ་བས་ཁྱོད། །སྐྱེ་བ་འདིར་ནི་ཐོབ་པར་འགྱུར། །ཞེས་ལམ་གཞན་གྱི་བསྐལ་པ་གྲངས་མེད་མང་པོས་འཐོབ་དགོས་པའི་སངས་རྒྱས་དེ་ཉིད། སྔགས་བླ་མེད་ཀྱི་ལམ་གྱིས་ཚེ་གཅིག་ལ་འགྲུབ་པ་མྱུར་ལམ་ཁྱད་པར་ཅན་ནི་ལྷན་སྐྱེས་ཀྱི་བདེ་བ་ཉིད་བསྒོམས་པས་འགྲུབ་པར་གསུངས་པ་ཡིན་ནོ། །རྒྱུའི་དེ་ཁོ་ན་ཉིད་ཅེས་པ། ཀུན་རྟོག་གིས་སངས་རྒྱས་ཀྱི་ཡེ་ཤེས་ཀྱི་རྒྱུ་མི་བྱེད་པ་འདི་ཉིད་རྒྱུ་ཡིན་ངེས་ཡིན་པས་སོ། །འབྲས་རྒྱུད་ཉིད་འབྲས་བུ་ཡིན་ངེས་ཡིན་པས་ན་འབྲས་བུའི་དེ་ཁོ་ན་ཉིད་ཅེས་པའོ། །ཞེས་གསུངས། ཟིན་བྲིས་ལས། མཚན་གྲོལ་ལམ་ལྟར་བཤད་ན་རྒྱུད་ལུང་མན་ངག་དང་མཐུན་པར་བཤད་ལ། ནང་གསང་ཐབས་ལམ་ལྟར་བཤད་པ་སྟེང་སྒོ་འཇུ་འདུལ་དང་། འོག་སྒོ་ཁམས་གསུམ་རོལ་བ་དང་སྦྱར་ནས་བཤད་པ་ཡིན། ཡང་འཁོར་ལོ་བཞི་དང་སྦྱར་ནས་མཚན་འཆད་ཚེ། ལྟེ་བ་ན་རྩ་འདབ་དྲུག་ཅུ་རེ་བཞིའི་དབུས་ན། དབྱིངས༵་ཕྱུག༵་ལྔའི་ཐིག་ལེའམ་ཁམས་དམར་པོའི་རང་བཞིན་ཅན་གྱི་ཐིག༵་ལེ༵་ནི་རྟོགས་དཀའ་བས་གསང༵་བ༵་དང༵་། ཡེ་ཤེས་སྙིང་པོའམ་སྲོག་མི་ཤིགས་པའི་ཐིག་ལེ་ན་སོགས། མཁའ་འགྲོ་མ་རྔམས་མའི་ཐིག་ལེ༴ཀུན་ཏུ་བཟང་པོའི་ཐིག་ལེ་ནི་བདེ་ཆེན་ཡེ་ཤེས་བསྐྱེད་པར་ངེས་པས་ངེས༵་པ༵་ཞེས་བཤད་དོ། །ཞེས་གསུངས། གསུང་རྒྱུན་ལས། ལྟེ་བ། སྙིང་ཁ། མགྲིན་པ། སྤྱི་བོ་རྣམས་ལ་རྩ་འདབ་རིམ་པར་དྲུག་ཅུ་རྩ་བཞི་དང་། བརྒྱད་དང་། བཅུ་དྲུག་དང་། སོ་གཉིས་དག་གི་དབུས་ན་རིམ་པར་དབྱིངས་ཕྱུག་ལྔའི་ཐིག་ལེ་ཨའི་རྣམ་ཅན་དང་། སྙིང་གར་དྭངས་མ་ལྔའི་དབུས་ན་ཡེ་ཤེས་སྙིང་པོའི་ཐིག་ལེ་དང་། མགྲིན་པར་མཁའ་འགྲོ་མ་རྔམས་མའི་ཐིག་ལེ་ཨཾ་ཡིག་གི་རྣམ་པ་ཅན། སྤྱི་བོར་དཀར་ཆ་ཧཾ་གི་རྣམ་ཅན་ཏུ་གསུངས། ཞལ་རྒྱུན་ལྟར་ན། སྤྱི་བོ་དང་མགྲིན་སྙིང་ལྟེ་བ་བཞི་པོ་ལ། དང་པོ་ལ་གནད་དུ་བསྣུན་པས་བདེ་ཆེན་སྐྱེ་བས་རྐྱེན་དང་མཐར་བདེ་ཆེན་ཡེ་ཤེས་ཀྱི་སྐུ་ཐོབ་བྱེད་ཡིན་པས་བདེ་ཆེན་འཁོར་ལོ་དང་། གཞི་དུས་ཟས་ལ་ལོངས་སྤྱོད་པས་དང་དེ་ལ་གནད་དུ་བསྣུན་པས་ལོངས་སྐུ་ཐོབ་པས་དང་། སྙིང་ཁའི་འཁོར་ལོ་ལ་གནད་དུ་བསྣུན་པས་ཆོས་སྐུ་ཐོབ་པ་དང་། དེ་བཞིན་ལྟེ་བ་དང་སྤྲུལ་པའི་སྐུ་འཐོབ་བྱེད་དུ་འགྱུར་བས་སྤྲུལ་པའི་འཁོར་ལོ་ཞེས། འདི་དག་གི་སྐབས་སུ་འཁོར་ལོ་ནི་གཅོད་བྱེད་རྩིབས་དང་ལྡན་པ་ཡིན་པ་ལྟར། འདི་དག་ལ་གནད་དུ་བསྣུན་ན་རྟོག་སྒྲིབ་གཅོད་པས་སོ། །ཞེས་གསུངས། ཟིན་བྲིས་ལས། སྟེང་སྒོ་དང་སྦྱར་ནས་བཤད་ཀྱང་རུང་མོད། འདིར་འོག་སྒོ་དང་སྦྱར་ནས་བཤད་ན། རྩ་གནས་ཀྱི་ཐིག་ལེ་སོགས་ལུས་ཀྱིས་ཁྱབ་ཚད་རྩས་ཁྱབ། རྩས་ཁྱབ་ཚད་ཐིག་ལེས་ཁྱབ། ཐིག་ལེས་ཁྱབ་ཚད་བདེ་བའི་ཡེ་ཤེས་ཀྱི་རོས་ཁྱབ། རྣལ་འབྱོར་བས་ཐིག་ལེ་དབབ་ལྡོག་བྱས་ནས་ལྷན་སྐྱེས་བདེ་ཆེན་ཡེ་ཤེས་མངོན་ཏུ་མྱོང་། ཞེས་སོ། །
གླེང་གཞིའི་ཐད། གསུང་རྒྱུན་ལས། ཕུན་སུམ་ཚོགས་པ་ལྔ་པོ་དེ་རྒྱུད་འབྱུང་བའི་རྒྱུ་ཡང་ཡིན། རྒྱུད་གླེང་བའི་གཞི་ཡང་ཡིན་པས་ན་གླེང་གཞི་ཞེས་བཤད་པ་ཡིན་གསུངས། གླེང་གཞིའི་སྐད་དོད་ད་ན་ཞེས་པ་སྦྱིན་པ་ལ་འཇུག་སྟེ། དེ་ཡང་གང་སྦྱིན་ན་ཡིད་ཆེས་ཀྱི་ངེས་པ་སྦྱིན། གང་ལ་སྦྱིན་ན་བཀའ་ཡིན་མིན་དུ་རྟོག་པའི་ཐེ་ཚོམ་ཅན་དེ་ལ་སྦྱིན། ཚུལ་ཇི་ལྟ་བུའི་སྒོ་ནས་སྦྱིན་ན་ཕུན་སུམ་ཚོགས་པ་ལྔའི་ལོ་རྒྱུས་བརྗོད་པའི་སྒོ་ནས་སྦྱིན་པའོ། །
གནས་སྙིང་ག་ཆོས་ཀྱི་འཁོར་ལོའི་རྩ་བཞི་ནི། ཟིན་བྲིས་ལས། མདུན་ཆོས་ཉིད་ཀྱི་རྩ་གསུམ་དཀར་པོ་དབྱིབས་ཟླུམ་པོ་ཝཾ༵། གཡས་ཡེ་ཤེས་ཀྱི་རྩ་གཅིག་འོད་སེར་པོ་དབྱིབས་གྲུ་བཞི་མ༵། གཡོན་ཡོན་ཏན་གྱི་རྩ་གཅིག་འོད་དམར་པོ་དབྱིབས་ཟླ་གམ་ཡ༵། རྒྱབ་རང་རྒྱུད་ཀྱི་རྩ་གསུམ་འོད་དམར་ནག་གྲུ་གསུམ་ཨེས༵་མཚན་པ། དྭངས་མ་ལྔའི་ཐིག་ལེ་ནི། སའི་དྭངས་མ་རྩ་དར་དཀར་གྱི་སྐུད་པ་ལྟ་བུ་རྟ་རྔ་བཅུ་གཤགས་ཙམ། དེའི་དབུས་ན་ཆུའི་དྭངས་མ་རྒྱ་མཚལ་ཅོག་ལའི་ཁུ་བ་ལྟ་བུ། དེའི་དབུས་ན་མེའི་དྭངས་མ་མེ་ལོང་ཉི་མ་ལ་བཞག་པའི་ངད་པ་ཙམ། དེའི་དབུས་ན་རླུང་གི་དྭངས་མ་གསེར་ས་འོག་ན་ཡོད་པའི་རླངས་པ་ནམ་མཁའ་ལ་རྒྱུ་བ་ཙམ། དེའི་དབུས་ན་ནམ་མཁའི་དྭངས་མ་སང་སང་པོའམ་གོ་འབྱེད་པའི་རྣམ་པར་གནས་པ། དེ་ལྟ་བུའི་དྭངས་མ་ལྔ་འདུས་ཀྱི་དབུས་ན་ཡེ་ཤེས་སྙིང་པོའི་ཐིག་ལེ་སྟོང་གསལ་འགགས་མེད་ཡི་གེ་ཝཾ་དབྱིབས་ཀྱི་རྣམ་པར་གནས་པ་དེ་ནི་སྟོན་པ་ཕུན་སུམ་ཚོགས་པ་སྟེེ། དེ་ཉིད་མར་མེ་གསལ་བྱེད་གཞན་ལ་ལྟོས་མི་དགོས་པ་བཞིན་རང་གིས་རང་ལ་བདེ་བ་གསལ་བར་སྟོན་པས་ན་སྟོན་པའོ། །
འཁོར་༵རྩ༵་འདབ༵་ལ༵་རྒྱུ༵། ཞེས་པའི་ཐད། ཆོས་ཉིད་ཀྱི་རྩ་ལ་ཀུན་གཞིའི་རྣམ་ཤེས་དང་། ཡེ་ཤེས་ཀྱི་རྩ་ལ་ཡིད་ཀྱི་རྣམ་ཤེས། ཡོན་ཏན་གྱི་རྩ་ལ་ཉོན་ཡིད། རང་རྒྱུད་ཀྱི་རྩ་ལ་སྒོ་ལྔའི་རྣམ་ཤེས་གནས་སོ། །པདྨ་ལས་བཞིའི་དབྱིབས་ཅན་ནི། གནས་ཡིན་ཏེ་ཁྱམས་གྲུ་བཞི། སྒོ་གྲུ་གསུམ། དབང་ཕྱུག་གི་སྣ་རྩེ་ཟླུམ་པོ། སྐྱེ་གནས་ཟླ་གམ་ནོར༵་བུའི༵་དབུས༵་ན༵་རྩ་ས་ཡ་ཕྲག་གསུམ་གྱི་བཅུད་འདུས་པ་ཀུན་རྫོབ་ཀྱི་ཐིག་ལེ་ཝཾ་གྱིས་མཚན་པར་བཞུགས་པ་སྟོན་པ། མ་དཱ་སྡོམ་བྱེད་དང་མ་ནུ་ཡིད་ལ་འཇུག་པས་བྱེད་པ་སྡོམ་པའི་ཡིད། འདི་དོན་རྩ་རླུང་གི་བྱེད་པ་སྡོམ་པའོ། །རླུང་རྔུབ་པ་དང་། སྡོམ་པ་སོགས་བྱེད་པའོ། །རྩ་ཁ་ཁ་མུ་ཁ་དང་རྡོ་རྗེ་ནོར་བུའི་རྩ་གཉིས་དཀྱིལ་ཀྲུང་དུ་བསྣོལ་ནས་བྱང་སེམས་དཀར་དམར་ཕན་ཚུན་ཞལ་མཇལ་ནས་འདུ་ཤེས་གསུམ་ལྡན་གྱིས་མཚན་རྟོག་སྡོམ་པར་བྱེད་པའི་གསང་བའི་རྣམ་ཤེས་ཀྱི་རེག་བདེ་ཉམས་སུ་མྱོང་བའི་ཆ་ནས་འཁོར་དང་ཐབས་ལམ་གྱི་སེམས་ལྔ་ཞེས་པ། རྩ་ཁམས་ནས་ཁམས་དང་པོ་གཡོ་བ་གཡོ་ལྡང་། རྩ་ལམ་ནས་འཇུག་པ་འཇུག་པ། རྩ་གནས་དང་པོ་རྣམས་ནས་ཁམས་དང་ལྷན་ཅིག་ཏུ་བདེ་བ་སྔ་མ་འཇིག་ཅིང་ཕྱི་མ་འབྱུང་བ་འཇིག་འཇུག །བདེ་བ་སྔ་མ་ལས་ཕྱི་མ་ལྷག་པས་ཕྱི་མ་ལ་སྨོན་པ་སྨོན་པ། དབུ་མའི་མར་སྣེ་ནས་ཁམས་དཀར་དམར་ཞལ་མཇལ་ཞིང་ལྷན་སྐྱེས་ཀྱི་བདེ་བ་ཆེན་པོ་སྐྱེས་པ་ན་འདོད་དོན་མཐར་ཕྱིན་བྱང་ཆུབ་ཀྱི་སེམས་ཞེས་བྱའོ། །མངོན་བྱང་ལྔའི་སྐབས། དཀར་ཆ་དག་པ་སྐུ། དམར་ཆ་དག་པ་གསུང་། དྲན་རིག་དག་པ་ཐུགས། རྩ་ཁམས་དག་པ་ཡོན་ཏན། རླུང་ཁམས་དག་པ་ཕྲིན་ལས། ཞེས་དང་། ཡང་ལས་རླུང་དག་པ་ཡོན་ཏན་རྡོ་རྗེ། ཆ་མཉམ་དག་པ་ཕྲིན་ལས་གཉིས་ལ་སྦྱོར། ཡང་སྐུ་རྡོ་རྗེ་རྣམ་སྣང་། གསུང་སྣང་མཐའ། ཐུགས་མི་བསྐྱོད་པ། ཡོན་ཏན་རིན་འབྱུང་། ཕྲིན་ལས་དོན་གྲུབ་བོ། །ཁམས་དཀར་པོ་མས་ནས་དང་། དམར་པོ་སྤྱི་གཙུག་ནས་བརྩེགས་པའམ་དག་པ་ལས་ཡས་བབ་དང་མས་བརྟན་གྱི་བདེ་བ་མཐར་ཕྱིན་ནས་མངོན་པར་བྱང་ཆུབ་པར་འགྱུར་རོ། །གསུང་རྒྱུན་ལ། དཀར་ཆ་ཐུར་དུ་འགྲོ་བ་གྱེན་དུ་སོང་སྟེ་དཀར་ཆ་ཆུའི་རང་བཞིན་སྤྱི་བོར་དག་པས་སྐུ་རྡོ་རྗེ་ཐོབ། དམར་ཆ་མེའི་རང་བཞིན་གྱེན་དུ་འགྲོ་བ་ཐུར་དུ་སོང་ནས་རྡོ་རྗེ་ནོར་བུའི་རྩེར་འགགས་པས་དམར་ཆ་དག་པས་གསུང་རྡོ་རྗེ་ཐོབ། དཀར་དམར་བར་གྱི་འབྲེལ་བྱེད་པའི་རླུང་དག་པས་ཐུགས་རྡོ་རྗེ་ཐོབ། དེ་གསུམ་འགྱུར་བ་མྱོང་བའི་ཤེས་རིག་དག་པས་ཡེ་ཤེས་རྡོ་རྗེ་ཐོབ་སྟེ་སྐུ་བཞིི་ཡེ་ཤེས་ལྔའི་ངོ་བོར་སངས་རྒྱས་པས་ན། སྟོན་འཁོར་དགོངས་པ་དབྱེར་མེད་དུ་གྱུར་པ་ནི་ཐུན་མོང་མ་ཡིན་པའི་གླེང་བསླང་ངོ་གསུངས།
འོག་མིན་ཐད་དོན་གྱིི་དང་། རིག་པའི། གསང་བའི། འཇིག་རྟེན་གནས་ཀྱི། དབང་ཕྱུག་ཆེན་པོའི་འོག་མིན་དང་ལྔ་ལས། དང་པོ་ནི། གསུང་རྒྱུན་ལས། ཆོས་ཀྱི་དབྱིངས་ལ་གྲགས་ཏེ། དེ་ཉིད་སངས་རྒྱས་ཐམས་ཅད་ཀྱི་རྟེན་གནས་སོ། །རྣམ་རྟོག་དང་མཚན་མ་གང་གི་འོག་ཏུ་མ་གྱུར་བའོ། །གཉིས་པ་ཆོས་དབྱིངས་དེ་རྟོགས་པའི་རང་རིག་པའི་ཡེ་ཤེས་ལ་བྱ་སྟེ་གཉིས་འཛིན་གྱི་འོག་ཏུ་མ་གྱུར་པས་སོ། །གཞན་ཏུ་ན་ལོངས་སྐུའི་ཞིང་དང་ཆ་མཐུན་པར་ལྷག་པའི་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་བསྒོམ་པ་ལའང་དེ་ལྟར་གྲགས་པའི་ཕྱིར་རོ། །གསུམ་པ་ནི། ཡུམ་གྱི་མཁའ་ལ་གྲགས་ཏེ། སྟོན་པ་གསང་བའི་སྐུའི་བཞུགས་གནས་ཡིན་ཅིང་། མཚན་མའི་རྟོག་པ་རང་རྒྱུད་པའི་འོག་ཏུ་མ་གྱུར་བས་སོ། །བཞི་པ་ནི་གཟུགས་ཁམས་གནས་རིས་བཅུ་བདུན་གྱི་ཡ་མཐའ་གཙང་མ་རིས་ཀྱི་ལྷ་ལྔའི་དང་པོ་སྟེ། གཟུགས་ཅན་གྱི་གནས་གཞན་གྱི་འོག་ཏུ་མ་གྱུར་བས་སོ་གསུངས། ལྔ་པ་དབང་ཕྱུག་ཆེན་པོའི་འོག་མིན་ནི། སྐབས་འདིར་བསྟན་གྱི་གཞུང་ལོངས་སྐུའི་གནས་སུ་གྱུར་པ་འོག་མིན་ཆེན་པོའོ། །དེ་ཡང་སངས་རྒྱས་ཀྱི་ཞིང་ནི་རང་ཉིད་གང་ན་གནས་པའི་རང་སྣང་ཡིན་པས་མ་དག་པའི་ཞིང་སྤངས་པའི་ཕ་རོལ་ན་དག་པའི་ཞིང་གཞན་བློས་བཙལ་དུ་མེད་དེ། །རྒྱས་པ་ལས། ཡང་དག་ཤེས་པའི་རང་རིག་བློ་མེད་ན། །སོགས་ལྟར་རོ། །ཞེས་གསུངས། ཡང་ཟིན་བྲིས་ལས། དྲི་མ་མཐའ་དག་དང་བྲལ་བས་ཆོས་དབྱིངས་མཐར་ཐུག་དོན༵་གྱི༵་འོག་མིན། དེ་ཡུལ་ཅན་བདེ་བའི་ཡེ་ཤེས་རིག༵་པའ་ི༵འོག་མིན། རྡོ་རྗེ་བཙུན་མོའི་པདྨ་གསང༵་བའི༵་འོག་མིན། གནས་གཙང་གི་འོག་མིན་འཇིག་རྟེན་འོག་མིན། སྟུག་པོ་བཀོད་པ་དབང་ཕྱུག་ཆེན་པོའི་འོག་མིན། རྣམ་པར་དག་པའི་ཞིང་ཁམས་སོགས་ལྟར་རོ། །འགྲེལ་ཆུང་ལས། གཞན་ཡང་གཞི་དང་རྒྱུ་དང་སོགས། གསང་བདག་ཞལ་ལུང་སོགས་ན་གསལ་བར་བཞུགས་པས་མ་བྲིས། ཡེ་ཤེས་ཀྱི་དེ་ཉིད་ལ་རང་བཞིན་ཞེས་པ་རང་སྣང་གི་དཀྱིལ་འཁོར་དེ་ཉིད་ཡེ་ཤེས་ཉག་གཅིག་ལས་གྲུབ་པའི་ཆ་ནས་རང་བཞིན་ཞེས་མདོར་ན་ཡེ་ཤེས་ཀྱི་རང་བཞིན་ལས་གྲུབ་པས་ན་རང་བཞིན་ནོ། །གཟུགས་ཀྱི་རྣམ་པ་ཞེས་པ། དབྱིབས་དང་ཁ་དོག་སོགས་ཀྱི་རྣམ་པ་ལ་ངོ་བོ་ཞེས་བཏགས་པ་དང་། རང་བཞིན་ཆོས་སྐུའི་ཕྱོགས་ནས་ཞེས་པ། གོང་བསྟན་གྱི་རང་བཞིན་དང་གཅིག་ཡིན། གཟུགས་ཀྱི་རྣམ་པ་ལ་བཏགས་པ་དང་ངོ་བོ་གཟུགས་སྐུའི་ཕྱོགས་ནས་བསྟན་པ་གཉིས་གཅིག་ཡིན་ནོ། །
སྟོན་པའི་རང་བཞིན་སྐབས། ཆོས་ཉིད་དེ་བཞིན་ཉིད་ཀྱི་དོན་སྒྲིབ་བྱེད་ཀྱི་ཞེན་པ་དང་བྲལ་བས་ནར་སོན་ཞིང་དེའི་ངོ་བོ་མངོན་དུ་གྱུར་བས་ན་དེ༵་བཞིན༵་ཉིད༵་དུ༵་སོགས། དེའི་དབང་གིས་རང་བྱུང་ཡེ་ཤེས་ལ་སྤང་བྱ་མ་གྲུབ་པས་ན་མི་འགྱུར། མི་བསླུ་བས་ན་ཡང་དག་པ་དང་། ཆོས་ཉིད་དེ་ཡི་ཀློང་ན་འབྲས་བུ་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་རྫོགས་པར་རང་སྣང་བས་ནང་ཡོ༵ན་ཏན་༵མ༵་བཙལ༵་ལྷུན༵་གྱི༵༴སོགས། གཟུང༵་དུ༵་མེད༵་པས༵་སྒྲིབ་བྲལ་གྱི་ཡེ་ཤེས་མཐའ་དབུས་མེད་པར་བརྡལ་བས་ན། མཐའ༵་དབུས༵༴སོགས། སྤངས༵་རྟོགས༵་སོགས། སྒྲིབ་པའི་ཆ་ཤས་ཕྲ་མོ་ཙམ་ཡང་མི་གནས་པ་དང་། ཤེས་རབ་ཁྱད་པར་ཅན་དང་དམིགས་མེད་སྙིང་རྗེའི་སྟོབས་ཀྱིས་སྲིད་ཞི་སོགས། ཡང༵་ན༵་སོགས། ནས་མཚན་མའི་ཡུལ་ཅན་གང་གིས་མཚོན་དུ་མེད་པ། རྣམ་རྟོག་གིས་ཇི་བཞིན་མཚོན་དུ་མེད་པའི་འབྲས་བུ་ལ་མངའ་མཛད་པས་བདུད་བཞི་བཅོམ་པ་དང་ཆེ་བའི་ཡོན་ཏན་ཐམས་ཅད་ལ་མངའ་མཛད་ཀྱང་རང་གི་ངོ་བོ་ཚིག་གིས་ཇི་བཞིན་བསྟན༵་དུ༵་མེད༵་པའི༵༴མཉམ་པ་ཉིད་མངོན་དུ་མཛད་ཅེས་པ། འཁོར་འདས་མཉམ་པ་ཉིད་ཀྱི་དོན་མངོན་དུ་མཛད་པས་ཆོས་ཐམས་ཅད་ལ་སྤྱད་བྱ་སྤྱོད་བྱེད་དུ་འཛིན་པའི་ཞེན་པ་དང་བྲལ་བའི་སྒོ་ནས་ལོངས་སྤྱོད་པས་ན་སྤྲོས་པ་ཐམས་ཅད་དང་བྲལ་བའི་རང༵་བཞིན༵་ཞེས༵་ཀྱང༵་བྱའོ། །ཞེས་གསུངས། ཞལ་རྒྱུན་དུ། མཉམ་པ་ཉིད་ལྷག་པའི་བདེན་དབྱེར་མེད་དུ་ཆོས་ཐམས་ཅད་དུས་གསུམ་དུ་མཉམ་པའི་ཚུལ་མངོན་དུ་སོགས་སྦྱར།
ཕྱོགས༵་བཅུའི༵་དུས༵་བཞིའི༵༴སོགས་ཕྱོགས་དུས་ཀྱི་བསྡུས་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆེ་བའི་ཡོན་ཏན་གྱི་རྟེན་བྱེད་པའི་ཆ་ནས་སྐུ་ལྔ་དང་། ཆོས་བརྡ་སྤྲོད་པའི་ཆ་ནས་གསུང་ལྔ། མི་གཡོ་བའི་ངོས་ནས་ཐུགས་ལྔ། དགོས་འདོད་འབྱུང་བའི་ངོས་ནས་ཡོན་ཏན་ལྔ། གཞན་དོན་མཛད་པའི་ཕྲིན་ལས་ལྔ་སྟེ། འབྲས་ཆོས་ཉེར་ལྔར་སྣང་བས་གཅིག་གི་རང་བཞིན་དང་བྲལ། འབྲས་ཆོས་ཉེར་ལྔ་པོ་དེ་རང་བྱུང་གི་ཡེ་ཤེས་སུ་འདུས་ཤིང་རིགས་ལྔ་ཡང་རིགས་དྲུག་པར་འདུས་པས་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་ཉིད་གཅིག་དང་དུ་མ་དང་བྲལ་བའི་རང་བཞིན་གཉིས་སུ་མེད་པའི་བདག་ཉིད་ཆེན་པོ་དུས་གསུམ་འདུ་འབྲལ་མེད་པའི་རང་བཞིན་ནོ། །ཞལ་རྒྱུན་ལྟར་ན། ཕྱོགས་དུས་ཀྱི་རྒྱལ་བ་ཐམས་ཅད་རིགས་ལྔར་འདུ་ཞིང་དེ་དག་ཁྱབ་བདག་རིགས་དྲུག་པ་ལ་འདུ་བས་ཕྱོགས་དུས་རྒྱལ་བ་ཐམས་ཅད་ཀྱི་བདག་ཉིད་ཡིན་པས་གཅིག་དང་། དེ་ཐམས་ཅད་རིགས་དྲུག་པ་གཅིག་ཡིན་པས་དུ་མ་དང་བྲལ་བ་སྟེ། ལྷག་བདེན་སྤྱི་ཡི་སྟེང་ནས་གོ་དགོས་གསུངས། ཟིན་བྲིས་ལས། ལོངས་སྐུ་གཅིག་གི་ཞིང་ཁམས་བཤད་པ་དང་གཏན་ལ་ཕབ་པས་ལོངས་སྐུ་ཐམས་ཅད་ཀྱི་ཞིང་ཁམས་བཤད་པ་དང་གཏན་ལ་ཕབ་པར་འགྱུར་ཡང་ཐམས་ཅད་ཆུ་དང་འོ་མ་འདྲེས་པ་ལྟར་མིན་པས་གཅིག་དང་བྲལ། སངས་རྒྱས་གཅིག་གི་ཕྲིན་ལས་དང་སངས་རྒྱས་ཐམས་ཅད་ཀྱི་ཕྲིན་ལས་མི་འདྲ་བ་མེད་པ་སོགས་ཀྱིས་དུ༵་མ༵་དང༵་བྲལ༵་བའི༵་རང༵་བཞིན༵། ཞེས་སོ། །ཞལ་རྒྱུན་ཏུ། རྟག༵་ཁྱབ༵་ཏུ༵་བཞུགས༵་པ༵༴ལྷག་བདེན་དེ་གཉིས་ལ་རྟག་ཏུ་མཉམ་པར་བཞག་པས་གཉིས༵་སུ༵་མེད༵་པའི༵་སོགས༴གསུངས་སོ། །ཟིན་བྲིས་ལས། མདུན༵་དང༵་རྒྱབ༵་སོགས༴བདེ་གཤེགས་རང་སྣང་ལ་སྐུ་མདུན་དང་རྒྱབ་མ་གྲུབ་ཅིང་གདུལ་བྱའི་སྣང་བ་ལ་རིས་མེད་པར་ཞལ་ཐ་ལེར་གཟིགས་པ་ནི་རྣམ་མཁྱེན་གྱི་ཡེ་ཤེས་ཀྱིས་ཆོས་ཀུན་གཟིགས་པའི་རྟགས་སོ། །
ལོངས༵་སྐུའི༵་བདག༵་ཉིད༵༴ཐུན་མོང་མཚན་དཔེ་ཕྱག་ཞབས་འཁོར་ལོས་མཚན་སོགས་སོ་གཉིས། ཐུབ་པའི་སེན་མོ་ཟངས་མདོག་དང་སོགས་དཔེ་བྱད་བརྒྱད་བཅུ་མངའ་བའོ། །གཉིས་པ་ཁྱད་པར་གྱི་མཚན་དཔེ་ལའང་ཕྱི་ནང་གསང་གསུམ་ལས། དང་པོ་ཕྱིའི་མཚན་དཔེ་ནི། སྟོན་པའི་ཐུགས་མེ་ལོང་སོར་རྟོག་བྱ་གྲུབ་མཉམ་ཉིད་ཡེ་ཤེས་བཞི་པོ་རེ་རེའང་བཞི་བཞིར་ཕྱེ་བའི་ཡེ་ཤེས་བཅུ་དྲུག་གི་རྩལ་སེམས་དཔའ་བཅུ་དྲུག །དེའི་ཡུལ་ཆོས་དབྱིངས་བཅུ་དྲུག་ལས་སེམས་མ་བཅུ་དྲུག་སྟེ་མཚན་སོ་གཉིས་དང་། སེམས་དཔའ་བཅུ་དྲུག་པོར་ཡེ་ཤེས་ལྔའི་རྟགས་རིགས་ལྔས་དབུར་བརྒྱན་པའི་ལྷ་བརྒྱད་ཅུ་ནི་དཔེ་བྱད་བརྒྱད་ཅུའོ། །གཉིས་པ་ནང་གི་མཚན་དཔེ་ནི། སྤྱི་བོའི་རྩ་འདབ་མཚན་༣༢། མགྲིན་པའི་༡༦། སྙིང་ཁའི་༤། ལྟེ་བའི་དྲུག་ཅུ་རྩ་བཞིའི་སྟོང་པའི་རྩ་བཞི་ཕྲི་ལྷག་༦༠། དེ་དག་བསྡོམ་པས་དཔེ་བྱད་དོ། །གསུམ་པ་ནི། རྟེན་ཉི་ཟླ་གཉིས་ཀྱིས་དབྱེ་བས་དགའ་བ་མཚན་༣༢དང་། ཟླ་བ་མས་བརྟན་གྱི་དགའ་བ་བཅུ་དྲུག་ལ་ཡེ་ཤེས་ལྔ་ལྔའི་རོས་ཁྱབ་པ་ནི་དཔེ་བྱད་ཡིན་ནོ། །སྙིང༵་རྗེ༵་ཆེན༵་པོ༵་དང༵་། མི༵་དམིགས༵་པའི༵་ཤེས༵་རབ༵་ལ༴ཐུན་མོང་དང་ཐུན་མོང་མིན་པའི་དམིགས་མེད་སྙིང་རྗེ་དང་ཤེས་རབ་བོ། བཞུགས་ཚུལ་དག་ཞལ་ལུང་དུ་གསལ་བས་དེར་བལྟའོ། །
རྡོ་རྗེ་འཁོར་ལོ་རིན་ཆེན་གཡས། །དྲིལ་བུ་པདྨ་རལ་གྲི་གཡོན། །ཞེས་པ། ཡེ་ཤེས་ལྔ་དབྱེར་མེད་པ་དང་། །ཆོས་ཀྱི་འཁོར་ལོ་རྒྱུན་མི་འཆད་པ་དང་། འགྲོ་བའི་རེ་འདོད་སྐོང་བ་དང་། ཆོས་ཉིད་དེ་བཞིན་ཉིད་ལ་རྟག་ཏུ་མཉམ་པར་བཞག་པ་དང་། འཁོར་བའི་སྐྱོན་གྱིས་མ་གོས་པ་དང་། མི་མཐུན་འཇོམས་པའི་ནུས་པ་མཐར་ཐུག་པ་རྣམས་རིམ་བཞིན་མཚོན། ཞེས་དང་། རྣམ་ཐར་གསུམ་མཐར་ཐུག་པ་བརྙེས་པའི་རིག་པ་ཉིད་སྐུ་གསུང་ཐུགས་ཀྱི་རྣམ་པར་ཤར་བའི་བརྡར་དཀར་དམར་མཐིང་བའི་ཞལ་གསུམ་ནི། སྐུ་བསམ་གྱིས་མི་ཁྱབ་པ་དང་ལྡན་པའམ་ཉེས་སྐྱོན་གྱིས་མ་གོས་པའི་བརྡར་ཞལ་གཡས་དཀར། གསུང་བསམ་གྱིས་མི་ཁྱབ་པ་དང་ལྡན་པའམ་གདུལ་བྱ་ལ་རྗེས་སུ་ཆགས་པའི་བརྡར་གཡོན་དམར། ཐུགས་བསམ་གྱིས་མི་ཁྱབ་པ་དང་ལྡན་པའམ་དེ་བཞིན་ཉིད་དབྱིངས་ལས་སླར་མི་ལྡང་བའི་ཚུལ་དུ་མཉམ་པར་བཞག་པ་ལ་འགྱུར་བ་མེད་པའི་བརྡར་དབུས་མཐིང་བའོ། །ཞེས་སོ། །ཞལ་རྒྱུན་དུ་རྣམ་ཐར་སྒོ་གསུམ་ལ་སྦྱར་བ་དེ་ཡང་རྣམ་འཇོག་ཙམ་ལས་གཡས་ཞལ་གྱིས་སྟོང་པ་ཉིད་ཁོ་ན་ལས་གཞན་གཉིས་མི་མཚོན་ཞེས་པའི་དོན་མིན་གསུངས། ༈ དེ་བཞིན་གཤེགས་པ་རྣམ་པར་ཤེས་པའི་རྒྱལ་པོ། ཞེས་པའི་ཐད། གསུང་རྒྱུན་ལས། ཀུན་མཁྱེན་ཆེན་པོས་དབུས་སུ་རིགས་བདག་མཚོན་བྱེད་གདན་འཁོར་ལོ་སེང་གེ་བྱུང་བའི་ཕྱིར་དང་། ཡུམ་ནམ་མཁའི་དབྱིངས་ཕྱུག་མ་བྱུང་བའི་ཕྱིར་དང་། ཞི་བའི་མདངས་འཕྲོག་པའི་ཁྲོ་བོའི་སྐབས་སུ་གཙོ་བོ་བུངྷ་ཧེ་རུ་ཀ་བྱུང་བའི་ཕྱིར་དང་། དཀྱིལ་འཁོར་འདི་ཡང་ཡེ་ཤེས་རང་སྣང་བ་གཞི་ལ་གཙོ་འཁོར་མ་འཁྲུགས་པར་འཆད་ཅིང་སྣང་བའི་སྐབས་ཡིན་པའི་ཕྱིར། འདིར་དཀྱིལ་འཁོར་ཀུན་གྱི་གཙོ་བོ་རྣམ་སྣང་དུ་འཇོག་རིགས་ཏེ། ཐུན་མོང་མ་ཡིན་པའི་རྒྱུད་ཀྱི་སྡེ་ཚན་གཅིག་པ་འཇམ་དཔལ་སྒྱུ་འཕྲུལ་དྲྭ་བའི་འགྲེལ་པ་པདྨ་དཀར་པོ་ལས། མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་བདག་ཉིད་རྣམ་པར་སྣང་མཛད་མཐིང་ག་དང་། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་བདག་ཉིད་མི་བསྐྱོད་པ་དཀར་པོ་དང་། ཞེས་སོ། །གཞན་ཡང་རྣམ་སྣང་གཙོ་བོ་ཡིན་པ་ནི་དེ་བཞིན་གཤེགས་པའི་ཐུགས་ཀྱི་རིགས་ཡིན་པ་དང་ཐུན་མོང་མིན་པའི་རྒྱུད་ཀྱི་དགོངས་པར་གནས་སོ། །གཞན་ལས་རྣམ་སྣང་གཟུགས་ཏེ་སྐུའི་རིགས་དང་མི་བསྐྱོད་པ་ཐུགས་སུ་བཤད་པ་ནི། ཐུན་མོང་པའི་རྒྱུད་ཀྱི་དགོངས་པ་སྟེ། རིགས་ལྔ་སྤྱི་ཙམ་སྐུའི་དཀྱིལ་འཁོར་ལ་སོགས་པ་རྩ་བའི་དཀྱིལ་འཁོར་ལས་གཞན་དུ་འཕྲོས་པའི་དབང་དུ་བྱས་པའོ། །ཞེས་དང་། ཟུར་བས་ནི། དཀྱིལ་འཁོར་གྱི་གཙོ་བོ་རྡོ་རྗེ་མི་བསྐྱོད་པར་འདོད་དེ། གླང་ཆེན་རབ་འབོག་གི་རྒྱུད་ལས། དོན་དམ་པར་སེམས་ཅན་གྱི་རྣམ་པར་ཤེས་པ་གནས་སུ་དག་པ་དེ་བཞིན་གཤེགས་པའི་ཐུགས་ཀྱི་བདག་ཉིད་ཅེས་པ་བཅོམ་ལྡན་འདས་རྡོ་རྗེ་མི་བསྐྱོད་པ་ཞེས་དང་། ཉི་འོད་སེང་གེས། ཀུན་གཞི་མི་བསྐྱོད་པ་ལ་རྣམ་པར་ཤེས་པའི་རྒྱལ་པོ་ཞེས་གནས་སྐབས་འདིར་བྱའོ། །ཞེས་དང་། རྡོ་རྗེ་ལས་རིམ་ལས། རྣམ་ཤེས་ནམ་མཁའི་ངོ་བོ་ཉིད། །སེམས་ཕྱིར་མཚན་ཉིད་མ་སྐྱེས་པ། །མི་བསྐྱོད་ཡབ་ཡུམ་རང་བཞིན་ལས། ཞེས་གསུངས་ པ་ལྟར་མི་བསྐྱོད་པར་བཞེད། དོགས ་སྤོང་ལ་ཡུམ་དབྱིངས་ཕྱུག་མ་ནི། རྣམ་ཤེས་ཡུལ་ནམ་མཁའི་ཁམས་དང་སྦྱོར་བ་དང་། གདན་གྱི་འཁོར་ལོ་ནི། རིགས་བདག་མཚོན་བྱེད་ཀྱི་མཚན་མ་མ་ཡིན་གྱི། རིགས་ལྔ་ཡེ་ཤེས་ལྔའི་ཕྱག་རྒྱ་སྟེ། འགྲེལ་ཆུང་ལས། གཞི་ཡང་ཚད་མེད་འཁོར་ལོ་སྟེ། །ཡེ་ཤེས་ལྔ་ཡི་རང་བཞིན་ཡིན། །ཞེས་སོ། །སེང་ཁྲི་ཡང་ཐུགས་གཙོ་བོར་སྟོན་པའི་ཕྱིར་རྡོ་རྗེའི་རིགས་དང་སྦྱར་བ་ཙམ་དུ་ཟད་དོ། །ཡེ་ཤེས་ནི་རྒྱ་ཆེར་འགྲེལ་ལས། ཞེ་སྡང་རྣམ་པར་དག་པའི་རང་བཞིན་རྣམ་པར་ཤེས་པའི་ཕུང་པོ་ཡོངས་སུ་དག་པ་ཐུགས་རྡོ་རྗེ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་བདག་ཉིད་མི་བསྐྱོད་པའི་དཀྱིལ་འཁོར་ཞེས་སོ། །ཁྲོ་བོའི་སྐབས་སུའང་། བྷུདྡྷ་ཧེ་རུ་ཀ་གཙོ་བོ་མ་གྲུབ་སྟེ། པཎ་གྲུབ་ཀྱི་མན་ངག་རྣམས་སུ་རྒྱུད་འཁྲུགས་པ་བསྡེབས་ནས་གཙོ་བོ་བཛྲ་ཧེ་རུ་ཀར་བཞེད་པའི་ཕྱིར་རོ། །ཞེས་དང་། མི་བསྐྱོད་རྒྱལ་པོ་མདུན་ན་གནས། །ཞེས་པ། རིགས་དྲུག་པའི་མདུན་དཀྱིལ་འཁོར་གྱི་དབུས་ཀྱི་ལྟེ་བའི་སྟེང་དུ་གནས་སོ། །གཞན་རིགས་བཞི་རྣམས་ནི་ཕྱོགས་བཞི་ན་གནས་སོ། །ཞེས་སོ། །
དད་པས་ཉན་པའི་ལྷ་ཆེན་རྣམས། །ཞེས་པའི་ཐད། ཞལ་རྒྱུན་ལ། རྒྱུད་ཉན་པས་དད་པའི་འཁོར་ལྷ་ཆེན་རྣམས་སངས་རྒྱས་ཀྱི་སྤྲུལ་པ་དང་སྔགས་ཀྱི་ལམ་གྱིས་སྟོན་པ་དངོས་སུ་མཐོང་ནུས་པའི་འཁོར་དང་གཉིས་ཏེ། དཔེར་ན་ཕར་ཐེག་ཏུ་ལོངས་སྐུའི་འཁོར་ལ་སངས་རྒྱས་ཀྱི་མཐུས་ཉན་རང་ཡང་ཡོད་ཆོག་པར་གསུངས་པ་ལྟར་རམ། ཡང་ན་རང་སྣང་གཞན་སྣང་གི་འཁོར་གཉིས་ཡོད་པ་བཞིན་ནོ། །ཞེས་གསུངས། ཟིན་བྲིས་ལས། དྲང་སྲོང་ཁྲོས་པ་ལོཀྟྲི་པཱ་ལ་ལྟ་བུ། མི་ཐུང་བྱིས་པ་གསང་འཛིན་ལག་ན་རྡོ་རྗེ་ལྟ་བུ། དཔལ་ཆེན་རྔམ་བརྗིད་ཆེ་མཆོག་ཧེ་རུ་ཀ་ལྟ་བུའོ། །གནས་ཚོད་ལ། སངས་རྒྱས་སྤྲུལ་པ་ཡིན་པར་བཤད་ཀྱང་། ཞེས་པ་ནི། རུ་ཏྲ་རང་སྣང་གི་འཁོར་ཡིན་པའི་སྒྲུབ་བྱེད། དཔེར་ན་འོག་མིན་གྱི་རྟེན་བརྟེན་པ་རང་སྣང་འབའ་ཞིག་ཡིན་པ་བཞིན་དུ་དུར་ཁྲོད་མེ་རི་འབར་བའི་རྟེན་བརྟེན་པ་ཡང་དེ་བཞིན་དང་། རྡོ་རྗེའི་ལུས་ལ་ཞི་ཁྲོའི་དཀྱིལ་འཁོར་བསྒོམ་པ་ཡོད་པའི་ཕྱིར་རོ། མདོར་ན་ལམ་འབྲས་གཉིས་ཀའི་སྐབས་ན་དེ་ལྟར་ཡོད་ཅིང་ལམ་འབྲས་གཉིས་མཚུངས་དགོས་པའི་ཕྱིར། སྣང་ཚོད་ལྟར་བཤད་ན་མདོ་དགོངས་འདུས་དང་བཀའ་ཐང་གཉིས་རྒྱས་བསྡུས་ཙམ་མ་གཏོགས་ཤིན་ཏུ་མཐུན་ཞེས་གསུངས། འདོད༵་གཟུགས༵་གནས་ལྔ་མ་གཏོགས། འདོད་ཁམས་པས་གཟུགས་ཁམས་པ་དབང་དུ་བསྡུ་ན་མི་འཐད་པས་འདི་རྒྱུད་རྣམ་དག་མིན་ཟེར་བ་ཡོད་ཀྱང་སྐྱོན་མེད་དེ། སྤྱིར་དེ་ལྟར་ཡིན་ཀྱང་། དམིགས་བསལ་རིག་སྔགས་ཀྱི་མཐུ་བསམ་གྱིས་མི་ཁྱབ་པའི་ཕྱིར་མི་འགལ་ཏེ། དཔེར་ན་དམག་གི་རྒྱལ་པོ་རིག་སྔགས་ཀྱིས་དབང་དུ་བསྡུས་པ་མི་འགལ་བ་བཞིན། ཞེས་དང་། དབང་ཕྱུག་ཉེར་བརྒྱད་གདུལ་བྱ་འདུལ་བྱེད་གཉིས་ཀར༵་གཏོགས༵་ཚུལ། གཞི་སྣང་བར་དོའི་སྐབས་སུ་སྣང་བའི་དབང་མོ་དང་། འབྲས་དུས་སུ་དཀྱིལ་འཁོར་གྱི་ཁྱམས་ན་གནས་པའི་དབང་མོ་དང་། དྲེགས་པ་ཅན་གྱི་ཆུང་མ་དུར་ཁྲོད་ན་གནས་པའི་དབང་མོ་དང་གསུམ་ལས་བར་བ་འདུལ་བྱེད་ཐ་མ་གདུལ་བྱ་ཡིན་ཞེས་དང་། ཐུབ་པ་དྲུག་ཏུ་བཞག་གོ་ཞེས་པའི་ཐད་རིན་པོ་ཆེས། དུད་འགྲོ་འདུལ་བྱེད་དུ་སྤྲུལ་པའི་སྐུ་ལ་ཀླུའི་རྒྱལ་པོ་དང་། རི་དྭགས་དབང་པོ་སོགས་དུད་འགྲོའི་རྣམ་པ་ཅན་དང་། ཡིད་བཞིན་ནོར་བུ་འདོད་པ་སྦྱིན་ཤིང་བེམ་པོའི་རྣམ་ཅན་དང་། མཆོག་སྤྲུལ་མཚན་དཔེས་སྤྲས་པའི་རྣམ་ཅན་སོགས་མང་དུ་ཡོད་ཀྱང་། དཀྱིལ་འཁོར་ལ་འགོད་དུས་དེ་ཐམས་ཅད་དུད་འགྲོ་འདུལ་བྱེད་ཀྱི་སྤྲུལ་སྐུར་རིགས་བསྡུས་ནས་ལྷ་གཅིག་འགོད། དེའང་བཤད་མ་ཐག་པ་དེ་ཐམས་ཅད་ཀྱི་ནང་ནས་སྐུའི་རྣམ་པའི་ཆ་ནས་མཆོག་ཏུ་གྱུར་པ་ནི་མཆོག་སྤྲུལ་རྣམ་ཅན་རང་ཡིན་པས་དེའི་རྣམ་པར་འགོད་པ་ཡིན། དེ་འདྲའི་སངས་རྒྱས་ཀྱི་སྤྲུལ་བ་དེ་དུད་འགྲོ་འདུལ་བྱེད་ཀྱི་ཐུབ་པ་ཡིན་ཡང་། དུད་འགྲོའི་རྟེན་ཅན་གཏན་ནས་མིན་ནོ། །དེའི་སྐུའི་རྣམ་པའི་ཆེས་མཆོག་ཏུ་གྱུར་ཚུལ་ནི། དག་པའི་རྣམ་ཅན་ཡིན་ཕྱིར་རོ། །ཞེས་གསུང་རྒྱུན་ལས་སོ། །
གཤིན་རྗེའི་རྒྱལ་པོ་ཞེས་པ་ལ། ལས་དབང་གིས་སྐྱེ་བ་དང་། སངས་རྒྱས་ཀྱི་སྤྲུལ་པ་གཉིས་ལས་སྐབས་འདིར་ཕྱི་མའོ། །སྤྲུལ་སྐུའི་འཁོར་རྣམ་བཞི་དགེ་བསྙེན་ཕ་མ། དགེ་སློང་ཕ་མའོ། །
གདམས་ངག་རྗེས་བསྟན་ཞེས་པ། མན་ངག་ཁྱད་པར་ཅན་གསར་དུ་སྟོན་པ་ནི་གདམས་ངག་དང་། གདམས་ངག་ཐོབ་ཟིན་པ་ལ་ཡང་ཡང་ངེས་པར་བྱ་བའི་ཕྱིར་དེའི་དོན་ཞིབ་པར་སླར་ཡང་རྗེས་སུ་འདོམ་པ་ནི་རྗེས་བསྟན་ནོ། །རྫོགས་སྨིན་སྦྱང་གསུམ་ནི་སྨོན་ལམ་ཡོངས་སུ་རྫོགས། གདུལ་བྱ་ཡོངས་སུ་སྨིན། ཞིང་ཁམས་སྦྱང་བའོ། །སྒྲོན་མ་བཀོད་པའི་དུས། ཆོས་འཁོར་བསྐོར་བའི་དུས་སོ། །སྣང་གསུམ་གྱི་བག་ཆགས་སམ་འཕོ་བའི་བག་ཆགས། རླུང་སེམས་དང་ཁམས་ཕྲ་བ་ཡུལ་ལ་འཕོ་བའོ། །སྣང་གསུམ་གྱི་བག་ཆགས་ཞེས་པ་ནི། ཁམས་དཀར་དམར་ནག་གསུམ་གྱི་སྣང་བ་སྟེ། སྣང་མཆེད་ཐོབ་གསུམ་ལ་བྱའོ། །ཞེས་གསུངས་སོ། །
ཞལ་རྒྱུན་དུ། ཕྲ་མོའི་བདུད་བཅོམ་པ་ནི། མ་རིག་བག་ཆགས་དང་། ཟག་པ་མེད་པའི་ལས། ཡིད་ཀྱི་རང་བཞིན་གྱི་ལུས། བསམ་མི་ཁྱབ་པའི་འཆི་འཕོ་བ་བཞི། ཉོན་བདུད་དང་། ལྷ་བདུད་དང་། ཕུང་བདུད། འཆི་བདུད་ཕྲ་མོ་ཞེས་གསུངས། ལོ་ཆེན་གྱིས་བདེར་འདུས་བསྙེན་ཡིག་ཏུ། ཕུང་ལྔ་ལྷར་དག་པས་ཕུང་བདུད་བཅོམ། རང་རིག་པའི་རྩལ་གྱིས་ཉོན་མོངས་པ་ཡེ་ཤེས་ལྔར་དག་པས་ཉོན་མོངས་པའི་བདུད་བཅོམ། དེ་ལ་འདོད་ལྷའི་བར་ཆད་ཀྱིས་མི་ཚུགས་ཤིང་སེམས་ཉིད་སྐྱེ་ཤི་ལས་གྲོལ་བ་ལྷའི་བུའི་བདུད་དང་འཆི་བདག་གི་བདུད་བཅོམ། ཞེས་གསུངས།
འདི་གཉིས་ཞར་བྱུང་གི་གླེང་གཞིར་འགྱུར་ཞེས་པ་ལ། ཟིན་བྲིས་ལས། གོང་དུ་བཤད་མ་ཐག་པའི་ཁྲོ་སྤྲུལ་གཉིས་ཀྱི་གླེང་གཞི་དངོས་སུ་མ་བསྟན་ཀྱང་ཤུགས་བསྟན་དུ་བཞེད་པ་ལ་དགོངས་སོ། །གླེང་གཞི་ཉེར་ལེན་གྱི་རྒྱུ་དང་། གླེང་བསླང་ལྷན་ཅིག་བྱེད་རྐྱེན་ལྟ་བུའོ། །ཞེས་དང་། ཉི་ཟླ་བྱང་ཆུབ་ཀྱི་སེམས་ཞེས་པ། ངོ་བོ་ཡེ་ཤེས། རྣམ་པ་བདུད་རྩིའོ། །སེམས་ཡེ་ཤེས་སུ་བསྐྱེད་པ་ཞེས་པ། མ་དག་པའི་སེམས་དག་པ་ཡེ་ཤེས་སུ་བསྐྱེད་པའོ། །ཞེས་གསུངས།
འདིར་སྟོན་པ་ཀུན་ཏུ་བཟང་པོ་སོགས་ཐད། གསུང་རྒྱུན་ལས། འོག་མིན་གྱི་རྟེན་ཅན་དབང་གསུམ་པ་བསྐུར་ཡུལ་དེ་ལ་ཁམས་དཀར་དམར་ཡོད་པ་མི་འཐད་དེ། །དེར་མ་ཟད་འདོད་པའི་ལྷ་ལ་ཡང་རླུང་འཕོ་བ་ཙམ་ལས་ཁམས་མེད་པར་གསུངས་པའི་ཕྱིར་ཞེ་ན་དོགས་སྤོང་ཁུ་རྡུལ་རླུང་གསུམ་སོགས་ཀྱིས་བསྟན་ཏོ། །ལོ་ཆེན་རིན་པོ་ཆེའི་བཞེད་པས་སོགས་དེའི་ཕྱོགས་ནས། འདིར་ཞལ་རྒྱུན་དུ། འདི་རྒྱུད་སྨིན་ནས་དབང་གི་བག་ཆགས་ཙམ་གྱིས་ཁམས་དྲུག་ལྡན་གྱི་ལུས་ལྟར་བྱ་བ་བྱེད་པར་གསུངས། ཀུན་མཁྱེན་ཆོས་ཀྱི་རྒྱལ་པོས་གྲོལ་བའི་ཐིག་ལེ་ཞེས་པའི་ཐད་བླ་མའི་གསུང་ལྷན་ཐབས་ལས། ཕར་ཕྱིན་ཐེག་པའི་ལམ་པ་རྣམས་ཀྱིས་ཀྱང་མཐར་སྔགས་བླ་མེད་ལམ་ལ་མ་བརྟེན་པར་འཚང་རྒྱ་མི་ནུས་པའི་རྒྱུ་མཚན་ནི། ལས་མཐའ་རྣམ་འབྱེད་ལས། བསྐལ་པ་མཐའ་ཡས་རྣམས་སུ་ཡང་། །མགོ་དང་རིན་ཆེན་སོགས་སྦྱིན་པས། །སྣང་བ་རྣམ་གསུམ་མ་དག་ཕྱིར། །བྱང་ཆུབ་དམ་པ་ཐོབ་མི་འགྱུར། །མཐའ་ཡས་བསྐལ་པ་རྣམས་སུ་ཡང་། །དེ་བཞིན་ཚུལ་ཁྲིམས་བཟོད་སོགས་ཀྱིས། །སྣང་བ་རྣམ་གསུམ་མ་དག་ཕྱིར། །བྱང་ཆུབ་དམ་པ་ཐོབ་མི་འགྱུར། །མཐའ་ཡས་བསྐལ་པ་རྣམས་སུ་ཡང་། །སྔགས་ཀྱི་སྐུ་ཡི་ཏིང་འཛིན་གྱིས། །སྣང་བ་གསུམ་པོ་མ་དག་ཕྱིར། །བྱང་ཆུབ་དམ་པ་ཐོབ་མི་འགྱུར། །སྣང་བ་གསུམ་པོ་དག་པ་ན། །ཐམས་ཅད་མཁྱེན་པ་ཐེ་ཚོམ་མེད། །ཅེས་གསུངས་པའི་ཚིགས་བཅད་དང་པོ་གཉིས་ཀྱིས་ཕར་ཕྱིན་གྱི་ཐེག་པ་དང་། དེ་ནས་ཚིགས་བཅད་གཅིག་གིས་བསྐྱེད་རིམ་ཙམ་དང་རྒྱུད་སྡེ་འོག་མ་གསུམ་གྱིས་སྣང་བ་གསུམ་དག་པར་བྱེད་མི་ནུས་པས་བླ་མེད་བྱང་ཆུབ་མི་འཐོབ་པར་གསུངས་པའི་དགོངས་པ་ནི་སྣང་བ་གསུམ་གྱི་སྐབས་སུ་གཉིས་སྣང་གི་འཁྲུལ་བ་ཡོད་ལ། དེ་གཉིས་སྣང་འཁྲུལ་བའི་བག་ཆགས་མ་ལུས་པ་མ་དག་བར་དུ་གཏན་ནས་ལྡོག་པ་མེད། དེས་ན་དེ་གཏན་ལྡོག་པའི་ཚུལ་གྱིས་སྦྱོང་བ་ལ་ལྷན་སྐྱེས་ཀྱི་བདེ་བས་དེ་ཁོ་ན་ཉིད་ཀྱི་དོན་རྟོགས་ནས་སྒོམ་པ་དགོས་ཤིང་། དེ་ཡང་བླ་མེད་ཀྱི་ཐེག་པ་ལས་གཞན་ན་མེད་པའི་དོན་ནོ། །གྲོལ་བའི་ཐིག་ལེ་ལས་ཀྱང་། ཅི་ཕྱིར་ཤཱཀྱ་ཐུབ་པ་ཡིས། །གྲངས་མེད་གསུམ་དུ་ཚོགས་བསགས་ཀྱང་། །འདི་དོན་མ་རྟོགས་ནེ་རཉྫར། །ཅི་ཡང་མ་ཡིན་ཏིང་འཛིན་གནས། །དེ་ཚེ་བདེ་གཤེགས་ཀུན་གྱིས་ཀྱང་། །ཐལ་བྱུང་བློ་ཅན་དེ་བཟློག་སྟེ། །ནམ་མཁའི་དཀྱིལ་ལྟར་རྣམ་དག་པའི། །ཟབ་གསལ་གཉིས་མེད་རབ་བསྟན་ཏོ། །ནམ་ཕྱེད་དུས་ན་བརྒྱལ་བ་ལྟར། །དེ་ཉིད་བསྒོམས་པས་ཐོ་རངས་དུས། །སྐད་ཅིག་གིས་ནི་ཡང་དག་རྟོགས། །ཞེས་སོགས་གསུངས་སོ། །བདག་ཅག་གི་སྟོན་པས་དཀའ་སྤྱད་ཀྱི་མཛད་པ་ལ་གནས་པའི་ཚེ་ན་ནམ་མཁའ་གང་བའི་བདེ་བར་གཤེགས་པ་རྣམས་ཀྱིས་ཅི་ཡང་མ་ཡིན་པའི་ཏིང་ངེ་འཛིན་འདི་ལྟ་བུའི་བླ་མེད་མི་འགྲུབ་པོ། །ཞེས་ཐལ་བྱུང་གི་བློ་ཅན་དེ་བཟློག་པར་གསུངས་པ་ནི། རྟོགས་བྱ་ཆོས་དང་གང་ཟག་གི་བདག་མེད་ཕྲ་མོ་ཆོས་ཐམས་ཅད་ཀྱི་གནས་ལུགས་མཐར་ཐུག་པ་ཡིན་ཀྱང་། རྟོགས་བྱེད་ཡུལ་ཅན་གྱི་བློ་དག་བྱ་གློ་བུར་བའི་སེམས་ཡིན་པས་འདི་ཉིད་ཀྱི་སྟེང་ན་སྟོང་ཉིད་མངོན་སུམ་དུ་རྟོགས་པ་ཅི་ཙམ་གོམ་པར་བྱས་ཀྱང་སྣང་གསུམ་དྲི་མ་ཕྲ་མོ་སྦྱང་མི་ནུས་པའི་ཕྱིར་དང་། དག་བྱ་གློ་བུར་བའི་ལུས་སེམས་ཤིན་ཏུ་དག་པའི་རྒྱལ་བའི་ཆོས་གཟུགས་ཀྱི་སྐུའི་དངོས་ཀྱི་ཉེ་རྒྱུ་བྱེད་མི་ནུས་པའི་ཕྱིར་ན་ཅི་ཡང་མ་ཡིན་པ་དང་ཐལ་བྱུང་གི་བློ་ཞེས་དམན་པའི་སྒྲས་དེ་ཙམ་གྱིས་ཆོག་འཛིན་བཟློག་པར་གསུངས་པ་ཡིན་ལ། བླ་མེད་ཀྱི་ལམ་གང་ནས་ཞུགས་པ་ནི། ནམ་མཁའི་དཀྱིལ་ལྟར་རྣམ་དག་པའི། །ཟབ་གསལ་གཉིས་མེད་དེ་བསྟན་ཏོ། །ཞེས་ནམ་མཁའི་དཀྱིལ་ལྟར་སྤྲོས་པ་མཐའ་དག་དང་བྲལ་བའི་ཆོས་དབྱིངས་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་གང་ཞིག །སྣང་བ་གསུམ་གྱིས་བསྡུས་པའི་གཉིས་སྣང་ཕྲ་མོའི་དྲི་མས་དག་པ་ཟབ་པ་རིམ་པ་བཞི་པའི་དོན་གྱི་འོད་གསལ་དང་དེ་བཞོན་པའི་རླུང་གིས་བསྒྲུབས་པའི་ཟབ་དང་རྒྱ་ཆེ་བ་གཉིས་མེད་ཟུང་འཇུག་གི་གདམས་པ་བསྟན་པར་གསུངས་པ་ཡིན་ནོ། །དཔྱོད། ནམ་ཕྱེད་དུས་ན་བརྒྱལ་བ་ལྟར། །དེ་ཉིད་བསྒོམས་པས་ཐོ་རངས་དུས། །སྐད་ཅིག་གིས་ནི་ཡང་དག་རྟོགས། །ཞེས་གསུངས་པ་ནི། དེ་ལྟ་བུའི་གདམས་པའི་དོན་བསྒོམས་པས་བརྒྱལ་བའི་ཚེ་ཀུན་རྟོག་རགས་པ་དང་བྲལ་བ་ལྟར། ཀུན་རྟོག་གི་སྤྲོས་པ་མཐའ་དག་དང་བྲལ་བའི་དོན་གྱི་འོད་གསལ་མངོན་སུམ་དུ་བྱས་པ་དེས་ཆོས་ཐམས་ཅད་དེ་ཁོ་ན་ཉིད་མངོན་སུམ་དུ་རྟོགས་ཤིང་བསྒོམས་པར་བྱས་པའི་མཐུས། ལམ་གཞན་གྱིས་སྦྱང་བར་མི་ནུས་པའི་སྣང་གསུམ་གྱི་དྲི་མ་ཕྲ་མོ་ཤེས་སྒྲིབ་ཀྱིས་བསྡུས་པ་དེ་ཉིད་ལྷག་མ་མེད་པར་སྦྱངས་ཏེ་ཐོ་རངས་ཀྱི་དུས་ན་འོད་གསལ་དེའི་བཞོན་པའི་རླུང་གིས་མི་སློབ་ཟུང་འཇུག་གི་སྐུ་གྲུབ་ནས་སངས་རྒྱས་པར་བསྟན་ཏོ། །མན་ངག་སྙེ་མར། མཆོག་ཏུ་མཐར་ཐུག་ས་ལ་གནས་ཀྱང་ངེས་པར་ཐབས་འདི་ལ་ལྟོས་སོ་ཞེས་བརྗོད་པར་བྱ་སྟེ། དཔེར་ན་ནམ་མཁར་བཞུགས་པའི་སངས་རྒྱས་རྣམས་ཀྱིས་གནང་བའི་ཤེས་རབ་ཀྱི་དབང་ལས་ཤཱཀྱའི་མགོན་པོ་བྱང་ཆུབ་ཀྱི་ཤིང་དྲུང་དུ་བཞུགས་པ་ལ་བྱང་ཆུབ་ཐོབ་པའི་ཆེད་དུ་མཚན་ཕྱེད་ན་སྟོང་པ་བཞི་དང་། ཇི་ལྟར་ཡང་བཅོམ་ལྡན་འདས་འདི་ཁོ་ནས་རྡོ་རྗེ་སྙིང་པོ་ལ་ཐིག་ལེ་མཆོག་མ་ལས་དབང་བསྐུར་བ་བྱིན་པ་བཞིན་ནོ། །ཞེས་པ་དང་མཐུན་པར་དོན་གྱི་འོད་གསལ་དང་ཟུང་འཇུག་གི་རིམ་པ་གྲུབ་དགོས་པས་དེ་གཉིས་དབང་གསུམ་པ་དང་བཞི་པའི་ལམ་ཡིན་པས། དབང་གསུམ་པ་ཤེར་དབང་དང་བཞི་པ་ཚིག་དབང་བསྐུར་དགོས་གསུངས་པ་ལྟ་རིགས་པས་གྲུབ་བོ། མ་དག་སྒྱུ་ལུས་མན་ཆད་ཀྱི་ལམ་རྣམས་བསྒོམ་མི་དགོས་ཏེ་ས་བཅུ་པའི་སྲིད་པ་ཐ་མ་དེས་བསྐལ་ཆེན་གྲངས་མེད་གསུམ་དུ་བསོད་ནམས་ཀྱི་ཚོགས་བསགས་པ་དེས་སྒྱུ་ལུས་མན་ཆད་ཀྱི་དོད་ཐུབ་པའི་ཕྱིར་ན་རྒྱལ་སྲས་མཐར་ལམ་པ་དེས་བུམ་དབང་ཉིད་ཀྱི་ལམ་བསྐྱེད་རིམ་དང་། གསང་དབང་གི་ལམ་དབེན་གསུམ་སྒྱུ་ལུས་དང་བཅས་པ་ནས་འཇུག་མི་དགོས་པས། བུམ་དབང་དང་གསང་དབང་ཡང་དེ་ལ་བསྐུར་མི་དགོས་པར་གྲུབ་པོ། །རྒྱུ་མཚན་དེའི་ཕྱིར། ཀུན་མཁྱེན་ཆེན་པོས། ངལ་གསོའི་སྤྱི་དོན་ལེགས་བཤད་རྒྱ་མཚོར། བདག་ཅག་གི་སྟོན་པ་འཚང་རྒྱ་ཚུལ་སྟོན་པའི་སྐབས་སུ་གྲོལ་བའི་ཐིག་ལེའི་ལུང་དེ་ཉིད་དྲངས་ནས་བཤད་པ་ལྟར་བྱས་ཚེ་བྱང་སེམས་མཐར་ལམ་པ་དེ་བླ་མེད་དུ་འཇུག་ཚེ་དབང་གསུམ་པ་ནས་འཇུག་པས་ཆོག་དགོས་པར་མངོན་ཡང་བཀའ་སྡེ་ཟུར་བའི་བཤད་སྲོལ་འཛིན་པ་རྣམས་ཀྱིས་གསང་དབང་ནས་འཇུག་དགོས་པར་གསུངས་པ་གཉིས་མི་མཐུན་པར་སྣང་བ་འདི་ཅི་ཞེ་ན། གྲོལ་བའི་ཐིག་ལེ་ལ་སོགས་པ་༼འདི་གསར་ཕྱོགས་དང་མཐུན་པར་བཤད་པ་ཡིན་མཆན་༽གཞུང་ཆེན་པོ་གཞན་གྱི་གསང་དབང་གི་ལམ་དབེན་གསུམ་སྒྱུ་ལུས་དང་བཅས་པ་ཡིན་པས་གོང་བཤད་ལྟར་རྒྱལ་སྲས་མཐར་ལམ་པ་དེ་མི་སློབ་ལམ་དུ་འཇུག་པ་ལ་དབང་གསུམ་པའི་ལམ་རིམ་པ་བཞིན་དོན་གྱི་འོད་གསལ་ལ་འཇུག་པས་དབང་གཉིས་པ་ནས་འཇུག་མི་དགོས་པར་བཞེད་ལ། རྒྱུད་འདིའི་བཤད་སྲོལ་གྱི་དབང་དུ་བྱས་ཚེ་གསང་དབང་གི་ལམ་རྡོ་རྗེའི་ལུས་ཀྱི་རྩ་ཐིག་རླུང་གསུམ་གནད་དུ་བསྣུན་པའི་རང་ལུས་ཐབས་ལྡན་གྱི་ལམ་རྣམས་ཡིན་པས། མཐར་ལམ་པ་དེས་ཀྱང་རྡོ་རྗེའི་ལུས་ཀྱི་རྩ་ཐིག་རླུང་གསུམ་ལ་དམིགས་པས་གནད་དུ་བསྣུན་དགོས་པས། གསང་དབང་དགོས་པར་བཞེད་ཀྱང་། རྫོགས་རིམ་གྱི་ལམ་ལ་འཇུག་མཚམས་ལ་མི་འདྲ་བ་ཆེན་པོ་མིན་ནོ། །ཞེས་འགལ་མེད་དུ་འཆད་པའོ། །ཡང་ན་སྟོན་པ་ཡབ་ཡུམ་སྙོམ་པར་ཞུགས་ནས་ཁམས་དཀར་དམར་གྱི་རྫས་གནང་སྟེ་ཆེད་དུ་བརྗོད་པའི་འབྲས་དབང་དང་གསང་དབང་ཆོས་མཐུན་པས་གསང་དབང་གི་ཐ་སྙད་དུ་མཛད་པ་མ་གཏོགས་གསང་དབང་དངོས་མ་ཡིན་ནོ། །ཞེས་པའི་ལན་སྔ་མ་དང་འདི་གཉིས་གང་བདེར་དཔྱད་དགོས་གསུངས། མཐར་ལམ་པ་ཞེས་པའང་། ལོ་ཆེན་གྱིས་ས་བཅུའི་ཁྱད་པར་ལམ་ལ་གནས་པ་ལ་བཤད། ཁྱད་པར་ལམ་ཐམས་ཅད་ནི། ས་བཅུའི་ཡེ་ཤེས་མཉམ་བཞག་ཐུན་གཅིག་སྐྱེས་ཕན་ཆོད་དོ། །ཞེས་གསུངས། དབང་ཕྱི་མ་གཉིས་ལ་ཡང་ དོགས་པ ་གཅད་རྒྱུ་ཡོད་པ་དེས་ཤེས་སོ། །ཞེས་གསུངས་པ་ནི། མཁས་གྲུབ་ཆེན་པོ་གཞན་གྱིས་བཞེད་པའི་དབང་གསུམ་པ་ནི། ཕྱག་རྒྱ་མཚན་ཉིད་དང་ལྡན་པ་ལ་སྙོམ་པར་ཞུགས་པ་ལས་རླུང་དབུ་མར་ཞུགས་གནས་ཐིམ་གསུམ་བྱས་པ་ལས་བྱུང་བའི་ཡས་བབས་དང་མས་བརྟན་གྱི་དགའ་བཞི་སྟོང་ཉིད་དང་སྦྱར་བའི་བདེ་སྟོང་དབྱེར་མེད་ཀྱི་ཡེ་ཤེས་དེ་ཉིད་དབང་གསུམ་པ་དང་། དེའི་དུས་སུ་རང་དང་རིག་མ་གཉིས་ཀྱི་ལུས་འདོད་ལྷ་ཡབ་ཡུམ་ཀྱི་སྐུར་གསལ་བ་དང་སེམས་བདེ་སྟོང་དབྱེར་མེད་དུ་སོང་བ་གཉིས་དུས་གཅིག་ཏུ་ཚོགས་པ་དེ་དཔེར་བྱས་ཏེ། ཐུགས་བདེ་ཆེན་དེས་སྟོང་ཉིད་མངོན་སུམ་དུ་རྟོགས་པ་སྐུ་དག་པ་སྒྱུ་མའི་སྐུ་མཚན་དཔེ་བཞིན་ལག་གི་རྣམ་ཅན་དུ་དངོས་གནས་ལ་གྲུབ་པ་གཉིས་དུས་གཅིག་ཏུ་ཚོགས་ཤིང་དབྱེར་མེད་དུ་སོང་བའི་སློབ་པ་དང་མི་སློབ་པའི་ཟུང་འཇུག་གི་སྐུ་ཐུགས་ཟུང་འཇུག་དེ་ཉིད་ཚིག་གི་སྒོ་ནས་ངོ་སྤྲད་པ་དེ་ཉིད་བཞི་པ་ཚིག་དབང་དུ་ངོས་འཛིན་པར་མཛད་ལ། རྒྱུད་འདིའི་བཀའ་སྲོལ་འཛིན་པ་རྣམས་ཀྱིས་དབང་གི་དུས་སུ་སློབ་བུ་རིག་མ་དང་མཉམ་པར་སྦྱར་བ་ལས་ཐིག་ལེ་ཡས་བབས་ཀྱི་དགའ་བ་བཅུ་དྲུག་དབང་གསུམ་པ་དང་། མས་བརྟན་གྱི་དགའ་བ་བཅུ་དྲུག་དབང་བཞི་པ་དབྱེར་མེད་བདེ་བ་ཆེན་པོའི་དབང་ཞེས་དབང་གསུམ་པ་དང་བཞི་པ་ངོས་འཛིན་ལུགས་མི་འདྲ་བའང་དེ་གཉིས་ཀྱི་ལམ་ངོས་འཛིན་ལུགས་མི་འདྲ་བས་ཡིན་པའི་ཕྱིར་ཏེ། ཆེན་པོ་རྣམས་ཀྱིས་བཞེད་པ་ལ་དབང་གསུམ་པའི་ལམ་ནི་རིམ་པ་བཞི་པའི་དོན་གྱི་འོད་གསལ་དང་། དབང་བཞི་པའི་ལམ་ཟུང་འཇུག་གི་ལམ་ཡིན་པར་བཞེད་པ་དང་། རྒྱུད་འདིའི་བཀའ་སྲོལ་འཛིན་པ་རྣམས་ཀྱིས་དབང་གསུམ་པའི་ལམ་གཞན་ལུས་ཐབས་ལྡན་གྱི་ལམ་དང་། དབང་བཞི་པའི་ལམ་འོད་གསལ་རྣམ་པར་མི་རྟོག་པའི་ཡེ་ཤེས་སྔགས་བླ་མེད་ཀྱི་འཕགས་ལམ་དེ་ཡིན་པར་བཞེད་པ་ལ་ཤིན་ཏུ་མཐུན་པས་དོན་གྱི་གནད་ལ་འགལ་བ་ཆེར་མེད་དོ། །འཆད་གང་བདེར་དཔྱད་གསུངས་པ་ལས། རང་རང་གི་བཞེད་གཞུང་རྣམས་དང་ཤིན་ཏུ་མཐུན་པས་དབང་གཉིས་ལམ་འཇོག་ལུགས་མི་འདྲ་བས་ཡིན་ནོ། །ཞེས་པ་འདི་འཐད་པ་ཡིན་སྙམ། ཞེས་གསུངས། ༈ ཟིན་བྲིས་ལས། སློབ་དཔོན་སངས་རྒྱས་ཡེ་ཤེས་ཞི་བའི་ཞབས་ལ། སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱིས་གསུངས་པའི་དཔལ་གསང་བ་འདུས་པའི་གདམས་པ་འཇམ་དཔལ་ཞལ་ལུང་། དེའི་འགྲེལ་བ་སློབ་དཔོན་ཡེ་ཤེས་ཞབས་ཀྱིས་མཛད་པའི་བསྐྱེད་རིམ་སྟོན་པ་སྒྲུབ་ཐབས་ཀུན་བཟང་། རྫོགས་རིམ་སྟོན་པ་གྲོལ་བའི་ཐིག་ལེ་སྟེ་ཡེ་ཤེས་ཞབས་ལུགས་གསུངས། ཀླུ་སྒྲུབ་ཀྱིས་གསང་འདུས་རྩ་རྒྱུད་ཀྱི་འགྲེལ་བ་མདོ་བྱས་དང་མདོ་བསྲེས་གཉིས་ཏེ། སྔ་མ་རྩ་རྒྱུད་ཀྱི་ཚིག་རེ་རེ་ནས་སྦྱར་བ་མེད། ཕྱི་མ་ལ་ཡོད་དེའི་རྫོགས་རིམ་སྟོན་པ་ལ་དཔལ་རིམ་པ་ལྔ་པ་སྟེ། འདི་ལ་གསང་འདུས་འཕགས་ལུགས་གསུངས། གསུང་རྒྱུན་ལས། དབང་གི་ལམ་འཇོག་ཚུལ་མི་འདྲ་བས་ཞེས་པ་གསུང་རྒྱུན་ལས། གསར་རྙིང་གཉིས་ཀས་བུམ་དབང་ཚོགས་ལམ་དུ་འཇོག་ཚུལ་འདྲ་ཡང་། གསར་ཕྱོགས་ནས་གསང་དབང་སྦྱོར་ལམ། ཤེར་དབང་མཐོང་ལམ། ཚིག་དབང་སྒོམ་ལམ་དུ་འཇོག །འདིར་ནི་གསང་ཤེར་གཉིས་ཀ་སྦྱོར་ལམ་ནས་རྒྱུན་མཐའི་བར་དུ་འཇོག་པའོ། །དབང་ཕྱི་མ་གཉིས་ལ་ དོགས་གཅོད་ཅེས་པ ་གྲོལ་ཐིག་ལྟར། དབང་ཕྱི་མ་གཉིས་མཐོང་ལམ་ཕན་ཆོད་ནས་འཇོག་པ་ཁམས་ལུགས་ཡིན་ནོ། །སྦྱོར་ལམ་ནས་འཇོག་པ་ཟུར་ལུགས་སོ། ཞེས་གསུངས། ཞལ་རྒྱུན་ལ། བདག་བྱིན་རླབས་ཀྱི་ལམ་རྩ་ཐིག་རླུང་ལ་གནད་དུ་བསྣུན་པའི་ལམ་གསང་དབང་གི་ལམ་དང་། གཞན་ལུས་ལ་བརྟེན་ནས་ཡས་བབས་ཀྱི་ལམ་དང་། མས་བརྟན་དབྱེར་མེད་བདེ་བ་ཆེན་པོའི་དབང་གི་ལམ་དུ་བཞག་པས། གསང་དབང་གི་ལམ་འདི་ལྟར་ན་ཁྱབ་ཆེ་བས་ཁྱད་པར་ཡོད་ཅེས་གསུངས། ༈ ཀུན་མཁྱེན་འཇིགས་མེད་གླིང་པའི་ཡོན་ཏན་མཛོད་ཀྱི་རང་འགྲེལ་ལས། ས་བཅུའི་མཐར་སྔགས་ལ་འཇུག་པར་གསུངས་པའི་དོན། དྲན་པ་ཉེ་བར་བཞག་པ་བཞི། ཡང་དག་སྤོང་བ་བཞི་དང་བརྒྱད། རྫུ་འཕྲུལ་རྐང་པ་དང་པོ་གསུམ་དང་བཅུ་གཅིག་གི་བར་ལ་གདུལ་བྱ་དྲང་བའི་ཕྱིར་རབ་ཏུ་དགའ་བ་ལ་སོགས་པའི་ས་བཅུ་གཅིག་ཏུ་བཏགས་པ་ཡིན་པས། སྔགས་ཀྱི་ཐེག་པ་ལ་རྫུ་འཕྲུལ་རྐང་པ་བཞི་པ་ནས་འཇུག་པར། མཚན་བརྗོད་ཀྱི་ལུང་གིས་བསྒྲུབས་ཏེ་གསུངས། དེ་བཞིན་ཏུ་མཁན་པོ་ཡོན་ཏན་རྒྱ་མཚོའི་ཡོན་མཛོད་འགྲེལ་བ་ལས་ལུང་རིགས་དུ་མའི་སྒོ་ནས་བསྒྲུབས་ཡོད་ལ། ཁྱད་པར་སྤྱོད་བསྡུས་ཀྱི་འགྲེལ་བ་དང་། རྣམ་སྣང་མངོན་བྱང་སོགས་ལ་བརྟེན་ནས་བསྒྲུབས་པས་དང་པོ་ནི། གང་ཚེ་ཐ་མའི་དྲོད་གྱུར་ནས། །བཟོད་པ་ཆོས་མཆོག་བར་དུ་ནི། །རབ་འབྲིང་སྦྱོར་བ་བཅུ་གཉིས་ཏེ། །རབ་ཏུ་དགའ་བ་བཅུ་གསུམ་པའོ། །ཞེས་སོགས་དང་། རིགས་པ་ཡང་སོ་སྐྱེས་འཆིང་བ་ཀུན་ལྡན་གྱི་རྒྱུད་ལ་སྔགས་ལམ་སྐྱེ་ན། འཕགས་པ་ས་ཐོབ་པའི་རྒྱུད་ལ་མི་སྐྱེ་ཞེས་བཤད་ན་ཧ་ཅང་ཐལ་བ་དང་། དེར་མ་ཟད་ཕྱི་འགྱུར་ཆོས་སྐད་ནང་མཐུན་པར་སྨྲ་བ་དག་ཀྱང་སོ་སྐྱེའི་རྣལ་འབྱོར་དང་། འཕགས་ས་མཐོན་པོའི་རྣལ་འབྱོར་སྟོབས་ནུས་ཆེ་ཆུང་གི་ཁྱད་པར་གནམ་ས་ལྟ་བུར་ཁྱད་ཞུགས་པ་ལ་དོད་ཐུབ་བྱེད་པ་ཧ་ཅང་ཐལ་ཞེས་ནང་ཕན་ཚུན་དགག་པ་སོགས་རྣམ་གྲངས་མང་པོའི་སྒོ་ནས་བཀག་སྟེ་འཕགས་ལམ་ནས་སྔགས་ཀྱི་ཡེ་ཤེས་ཉིད་མངོན་དུ་གྱུར་བར་གསུངས་སོ། །ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་ཡང་། ཐུན་མོང་གི་འདོད་པའི་སངས་རྒྱས་ཚུལ་ལ་སྦྱར་ཏེ། ཅིའི་ཕྱིར་ཤཱཀྱ་ཐུབ་པ་ཡིས། །གྲངས་མེད་གསུམ་དུ་ཚོགས་བསགས་ཀྱང་། །སོགས་དྲངས། ཐུན་མིན་ཐེག་ཆེན་མདོ་ལྟར་ན། ཡབ་སྲས་མཇལ་བའི་མདོ་ལས། དཔའ་བོ་ཆེན་པོ་ཐབས་མཁས་དེ། །བྱེ་བ་ཕྲག་བརྒྱར་རྒྱལ་བ་ཉིད། །སོགས་ཀྱི་སྒོ་ནས་གྲངས་མེད་མང་པོའི་གོང་ནས་སངས་རྒྱས་པར་གསུངས་པ་དང་། མི་ཕམ་ཆོས་རྗེས་ཡང་འཕགས་ལམ་ནས་སྔགས་ཀྱི་ཡེ་ཤེས་ཉིད་བརྙེས་པར་གསུངས་པ་སོགས་བསྒྲིགས་ནས། ཐུན་མོང་དང་ཐུན་མིན་གྱི་ཁྱད་པར་རང་ལུགས་འཛིན་པའི་སྐྱེས་བུ་དམ་པ་གཟུར་གནས་རྣམས་ཀྱིས་དཔྱད་པར་ཞུའོ། །
ཨེ༵་མ༵་ཧོ༵་ཡེ༵་ནས༵་གསང༵་བའི༵་ཆོས༵། །སོགས༴ཞེས་པའི་དོན་ནི། མ་རྟོགས་པའི་འགྲོ་བ་ལ་སྐྱོ་བའི་ཚུལ་གྱིས་ཨེ༵་མ༵་ཧོ༵་ཞེས་རང་བཞིན་གཉིས་སུ་མེད་པའི་ཆོས་ཉིད་ལ་འབྲས་བུ་ཆེ་བའི་ཡོན་ཏན་ཐམས་ཅད་ལྷུན་གྱིས་གྲུབ་ཀྱང་། དེའི་དོན་ལ་ཐོག་མ་ཉིད་ནས་མ་རྟོགས་པས་ཡེ༵་ནས༵་གསང༵་བའི༵་ཆོས༵་སོ། །དེ་ཉིད་སྣ༵་ཚོགས༵་སུ་སྣང༵་བའི་ཆོས་ཐམས་ཅད་ཀྱང་འབྲས་བུ་མི་ཟད་པ་རྒྱན་གྱི་འཁོར་ལོའི་གནས་ལ༵་ཕྱིན་ཅི་ལོག་གི་ཤེས་པས་བསླད་ནས་རང་གི་རང་བཞིན་མ་རྟོགས་པ་ནི་རང༵་བཞིན༵་གྱིས་གསང༵་བའོ། །གནས་ལུགས་དེ་ཡང་ཡུལ་སེམས་དང་རྒྱུ་འབྲས་ལ་སོགས་པ་གཉིས་ཆོས་ཐམས་ཅད་ལས་ངོ༵་བོ༵་ཉིད༵་ཀྱིས༵་གྲོལ་ཏེ་ཡུལ་དུ་བྱར་མེད་ཀྱང་མ་རྟོགས་པས་དེ་ལྟར་བལྟ་བ་ནི་རབ༵་ཏུ༵་གསང༵་བའོ། །དེ་ཡང་སེམས་ཉིད་ལས་གཞན༵་ཞིག་གུད་དུ༵་ཡོད་པ་མིན༵་ཀྱང་སྒྲིབ་གཉིས་བག་ཆགས་དང་བཅས་པས་བསྒྲིབས་ཏེ༵་རང་ལ་གནས་པ་གཞན་ལས་འཚོལ་བ་ནི་ཤིན༵་ཏུ༵་གསང༵་བ་སྟེ། དེ་ལྟར་གསང་བ་བཞིས་ཆོད་ནས་མ་རྟོགས་པའི་གདུལ་བྱ་རྣམས་རྗེས་སུ་བཟུང་བར་རིགས་ཞེས་ཞུས་པའོ། །ཞེས་གསུངས། ཡང་ཟིན་བྲིས་ལས། གཉུག་མའི་སྟེང་ན་འབྲས་ཆོས་ཐམས་ཅད་ཡེ་རྫོགས་སུ་གནས་པ་ངོ་མ་ཤེས་པ་ཡེ༵་གསང༵་། སྣ་ཚོགས་སུ་སྣང་བའི་ཆོས་ཀུན་ཡེ་ཤེས་རང་སྣང་ལས་མི་གཞན་ཀྱང་གློ་བུར་འཁྲུལ་རྟོག་གི་དབང་གིས་དེ་འདྲའི་རང་བཞིན་མ་ཤེས་པ་རང་༵བཞིན༵་གསང༵་བ༵། སྣང་བ་དེ་ཐམས་ཅད་གཉིས་ཆོས་མཐའ་དག་དང་བྲལ་ཡང་དེ་ལྟར་མ་རྟོགས་པ་རབ༵་གསང༵་། ཆོས་རྣམས་སེམས་ཉིད་ལས་གཞན་དུ་མེད་ཀྱང་འཁྲུལ་བའི་དབང་གིས་གཞན་དུ་འཚོལ་བ་ཤིན༵་ཏུ༵་གསང་༵བའོ༵། །སྨིན་མ་གཡོ་བ་སོགས་ཀྱིས་སྤྱན་འགྱུར་བ། ཕྱག་རྐྱོང་བ། སྐུའི་གཟེངས་བསྟོད་པ། འོད་ཟེར་སྤྲོ་བ་རྣམས་སོ། །ཟིན་བྲིས་ལས། གང་ལ་གནད་དུ་བསྣུན་པའི་ཡེ་ཤེས་ཡུལ་དང་བཅས་པ་ཡེ་ནས་རྣམ་པར་དག་པའམ་སངས་རྒྱས་པའི་ཚུལ་དང་། གང་གིས་གནད་དུ་བསྣུན་པའི་ཐབས་ལམ་རིམ་གཉིས་ཀྱི་རྣལ་འབྱོར་དང་། ཇི་ལྟར་གནད་དུ་བསྣུན་པའི་ཚུལ་ལྟ་བུའི་དེའི༵་ཁྱད༵་ཆོས༵་ལེགས༵་པར༵་ཤེས༵་ན༵་སོགས་ལ་སྦྱར། ཞེས་གསུངས། འཆིང་གྲོལ་མེད་པའི་གནས་ལུགས་སོགས་ཐད། ཞལ་རྒྱུན་དུ། སེམས་ཁོ་ན་གཙོ་བོ་ཡིན་པར་ལན་ཅིག་སོགས་སྐབས། ཐེག་ཆེན་མདོ་ལས། སེམས་འདུལ་བ་ནི་བདེ་བ་འདྲེན། །སེམས་འདུལ་བ་ནི་ལེགས་པ་སྟེ། །བདག་ཉིད་བདག་གི་མགོན་ཡིན་གྱི། །གཞན་ལྟ་སུ་ཞིག་མགོན་ཏུ་གྱུར། །ཞེས་དང་། སེམས་དགེ་མི་དགེའི་དབང་གིས་ནི། །སེམས་དམྱལ་མཐོ་རིས་འཇིག་རྟེན་ན། །མཚོན་དང་རིན་ཆེན་ཤིང་བཞིན་ནོ། །ཞེས་དང་། འཇུག་པ་ལས་ཀྱང་། སེམས་སྤང་ནས་ནི་ལས་ཀྱང་ཡོད་མ་ཡིན། །ཞེས་དང་། ཡིད་བཞིན་མཛོད་ལས། སེམས་ཀྱིས་འདུ་བྱེད་སེམས་ཀྱིས་ལས་ཀུན་བྱེད། །སེམས་ལ་སྣང་ཞིང་སེམས་ཀྱིས་བཏགས་པས་ན། །འཁྲུལ་བའི་སེམས་གདུལ་སླད་དུ་འབད་པར་མཛོད། །ཅེས་གསུངས་པ་ལྟར། རྩ་བ་སེམས་ལ་ཐུག་པའི་སྒོ་ནས་ལས་བསགས། དེས་གནས་རིས་ཐ་དད་པའི་འཁོར་བ་དག་སྣང་བ་དང་། དད་པ་སོགས་ཡིད་དགེ་བའི་དབང་གིས་རྣམ་བྱང་ཕྱོགས་ཡང་འབྱུང་བ་ཡིན་པས་ཐམས་ཅད་ལས་སེམས་གཙོ་བོ་ཡིན་པར་གསུངས། ཕྲ་བའི་སེམས་ཞེས་པ་ཚོགས་བརྒྱད་ལས་འདས་པས་སོ། །སེམས་ཀྱི་རྡོ་རྗེ་ཞེས་པ། མཚོན་བྱ་དོན་གྱི་ཆོས་བདུན་དང་ལྡན་པ་ཉིད་སེམས་ཅན་གྱི་རྒྱུད་ལ་འདུ་འབྲལ་མེད་པར་བཞུགས་པ་ཉིད་ཡིན་ལ། དེ་ལྟར་རྟག་ཏུ་བཞུགས་པ་ཡང་རང་འཇོམས་བྱེད་ཀྱི་གཉེན་པོ་མེད་པས་ཡིན་ནོ། །ཞེས་དང་། འོད་གསལ་ཞེས་པ། ཕར་ཐེག་ཏུ་སྟོང་པ་ཉིད་ལ་བདག་འཛིན་གྱིས་དམིགས་ཚུལ་དག་པས་བདག་འཛིན་དང་དེའི་རྩ་བ་ཅན་གྱི་ཉོན་མོངས་དག་པས་ན་འོད་གསལ་ཞེས་ཟེར། འདིར་གཉུག་མའི་ཡེ་ཤེས་ཉིད་ཆགས་སྡང་རྨོངས་སོགས་སྒྲིབ་པའི་ངོ་བོར་གཏན་ནས་སྐྱེ་མི་སྲིད་པས་སངས་རྒྱས་ནས་སེམས་ཅན་བར་སྐད་ཅིག་ཙམ་ཡང་བཟང་ངན་མེད་པས་ན་འོད་གསལ་ཞེས་བཏགས་པ་དང་། རང་བཞིན་ལྷན་སྐྱེས་ཞེས་པའང་། ལམ་སྒོམ་སྟོབས་ལྟ་བུའི་བདེ་ཆེན་གྱི་ངོ་བོར་སྐྱེས་པ་ལྟ་བུ་མིན་པར་གདོད་ནས་ངོ་བོ་བདེ་བ་ཆེན་པོའི་བདག་ཉིད་དུ་ལྷན་ཅིག་སྐྱེས་པས་ལྷན་སྐྱེས་དང་། སེམས་ཐམས་ཅད་ཀྱི་འཆར་གཞི་སེམས་དང་ལྷན་གཅིག་ཏུ་བཞུགས་ཀྱང་རང་ཉིད་སེམས་ལས་མ་སྐྱེས་པའི་ལྷན་སྐྱེས་ལ་སོགས་པའི༴ཞེས་པའི་སྐབས། གཉུག་མའི་ཡེ་ཤེས་དང་། ཡེ་གྲོལ་རིག་པ་སོགས་མཚན་མང་དུ་ཡོད་ལ། དང་པོའི་དོན་རྐྱེན་གྱིས་བཅོས་བསྒྱུར་བྱས་པ་མིན་པར་ཡིན་ལུགས་ལ་གཉུག་མ་ཟེར་བ་དང་ཆོས་ཐམས་ཅད་རང་སྣང་དུ་རིག་པས་ན་རིག་པ་དང་སྤང་བྱས་གཏན་མ་བཅིངས་བས་ཡེ་གྲོལ་སོགས་སུ་བཏགས་པར་གསུངས། བཅིངས་གྲོལ་མེད་པའི༴ཞེས་པ། སེམས་རགས་པ་རྣམས་ལས་ཉོན་སྡུག་བསྔལ་གྱི་ངོ་བོར་སྐྱེ་བཞིན་པའི་སྐབས་ནའང་འོད་གསལ་བའི་ཡེ་ཤེས་ཀྱི་ངོ་བོ་ལ་ཅུང་ཟད་མ་སྦག་མ་བསླད་པར་བཞུགས་པས་ན་གང་གིས་མ་བཅིངས་བས་ན་ད་གྲོལ་ཡང་མི་དགོས་པས་བཅིངས་གྲོལ་མེད་པ་སྟེ། བྱམས་པ་མགོན་པོས། འདི་ལ་བསལ་བྱ་ཅི་ཡང་མེད། །བཞག་པར་བྱ་བའང་ཅུང་ཟད་མེད། །ཅེས་པ་ལྟར་རོ། །ཡེ་ཤེས་རང་གི་གནས་ལུགས་སྟོང་པ་ཉིད། ཅེས་པའི་ཐད། ཞལ་རྒྱུན་དུ། རིག་པ་ཉིད་མངོན་དུ་གྱུར་ན་ཆོས་ཀྱི་དབྱིངས་རང་སྟོབས་ཀྱིས་མཐོང་བྱ་མཐོང་བྱེད་ཀྱི་སྤྲོས་པ་མེད་པར་མངོན་སུམ་གཟིགས་པས་ན་རང་རིག་པ་ཞེས་བརྗོད་དོ། །
བྱང་ཆུབ་སེམས་ཞེས་པའི་ཐད། རྒྱུད་འདི་ནས་བསྟན་པའི་ཡེ་ཤེས་དེ་སྒྲིབ་པའི་དྲི་མས་གཏན་མ་གོས་པ་དང་། གསལ་བ་སྐུ་དང་ཡེ་ཤེས་ཀྱི་བདག་ཉིད་དུ་བཞུགས་པས་བྱང་ཆུབ་དང་། ངོ་བོ་ཡེ་ཤེས་ཡིན་པས་སེམས་ཞེས་བརྗོད་ལ། ཀུན་རྫོབ་བྱང་སེམས་ཉིད། བྱང་ཆུབ་མིན་ཞིང་བྱང་ཆུབ་འདོད་པ་ཙམ་ཡིན་པར་གསུངས་སོ། །
བདེན་པ་གཉིས་ལ་སྤྱིར་འཇོག་ཚུལ་མང་ཡང་། ཞེས་པ། བྱེ་མདོ་དང་དབུ་སེམས་ཕྱི་རྒྱུད་རྣམས་སོ། །བདེ་གཤེགས་ཟུར་ཆུང་བས། ཆོས་རྣམས་སོགས་ཐད། ཆོ་འཕྲུལ་ཆུ་ཆབ་རོམ་ལྟ་བུ་ལ་གོ་དགོས། གནས་ཚུལ་ཡེ་ཤེས་ཡིན་ཡང་སྣང་ཚུལ་ཕྱིན་ཅི་ལོག་ཏུ་སོང་བ་ཆབ་རོམ་ཆུ་མིན་ཡང་གཤིས་ཆུ་ཡིན་པ་བཞིན་ནོ་གསུངས། འདིར་བསྟན་གཉུག་སེམས་དོན་གཅིག་པས་དགོངས་གཞིར་མ་ཟད་བརྗོད་བྱ་ཡང་འདི་ཁོ་ན་ཡིན་ཞེས་བཞེད་ལ། ཞེས་པ་ནི། ཡིད་བཞིན་མཛོད་འགྲེལ་པདྨ་དཀར་པོའི་རིམ་ཁང་བཅོ་བརྒྱད་པར། དོན་འདི་མདོ་སྡེའི་ཡང་བཀའ་ཐ་མ་དོན་དམ་རྣམ་པར་ངེས་པའི་ཆོས་ཀྱི་རྣམ་གྲངས་སུ་གཙོ་བོར་གསུངས་པ་ལ། རྒྱུད་ཀྱི་དངོས་གཞི་ཡིན་པས། འདིར་དེའི་རང་བཞིན་རྟོགས་པར་བྱེད་པ་ནི་རྒྱུད་བླ་མའི་མྱ་ངན་འདས་པ་དང་། སྒྱུ་འཕྲུལ་ཆེན་པོ་ལ་སོགས་པའི་གནས་ཇི་ལྟ་བ་བཞིན་བཤད་པ་ལས། གཉུག་མའི་འོད་གསལ་དེ་ཉིད་སེམས་ཅན་གྱི་རྒྱུད་ལ་རང་ཆས་སུ་ཡོད་པའི་ངེས་དོན། རྒྱུད་བླ་མ་དང་ཆོས་དབྱིངས་བསྟོད་པ་བཞིན་ཏུ་བཤད་པ་ནི། ས་འོག་གཏེར་དང་བུམ་ནང་མར་མེ་དང་། །པད་ནང་སྐུ་འདྲར་མཁས་པས་ཤེས་པར་བྱ། །ཞེས་གསུངས་པ་དྲངས་པ་དང་། གང་འདིར་སྟོན་པས་ཆོས་ཀྱི་མཛོད་གསུངས་པ། །ཀུན་གྱི་སྙིང་པོ་འོད་གསལ་རྩེ་མོའི་ལམ། །ལྷུན་གྲུབ་གཞི་ཡི་གནས་ལུགས་ཡིན་ཞེས་བྱ། །སངས་རྒྱས་ཀྱི་བཀའ་ཐ་མ་དང་མན་ངག་ཏུ་ལྷུན་གྲུབ་གཞི་ཡི་གནས་ལུགས་འདི་མཆོག་ཏུ་བསྔགས་པས་ཤེས་པར་བྱའོ། །ཞེས་སོགས་ཐེག་མཆོག་རིན་པོ་ཆེའི་མཛོད། གྲུབ་མཐའ་མཛོད་དང་། ངེས་དོན་ཤིང་རྟ་ཆེན་མོ་སོགས་ནས་ཚུལ་དེ་དང་མཐུན་པར་གསུངས་སོ། ༈ །སྔགས་ཀྱི་ཁྱད་ཆོས་ཡིན་ཞེས་བཞེད་དོ། །ཞེས་པའི་དོན་ནི། ཟུར་འདེབས་ལས། ནང་རང་རིག་འགྱུར་མེད་ལ་དེ་བཞིན་ཉིད་དུ་བྱས་པ་ནི་སྙིང་པོའི་མདོ་དང་། རྒྱུད་བླ་མ་སོགས་དེ་དག་གི་དགོངས་འགྲེལ་རྣམས་དང་མཐུན་ཡང་། འདིར་རང་རིག་དེ་བདེ་བ་ཆེན་པོའི་རང་བཞིན་དུ་བྱས་པ་ནི། བླ་མེད་རྒྱུད་ཀྱི་ཁྱད་ཆོས་ཡིན་ནོ་སྙམ་དུ་སེམས་ཏེ། དུས་འཁོར་ལས། སྲིད་གསུམ་ཕྲ་རགས་གཟུགས་མིན་འདིར་ནི་རྣམ་པར་ཤེས་པའོ་དེ་བཞིན་རྣམ་པར་ཤེས་པ་ཉིད་མེད་དེ། །སངས་རྒྱས་ཤེས་རབ་གང་དུའང་གནས་པ་མ་ཡིན་ཞེས་པའི་ཚིག་ནི་སངས་རྒྱས་པ་རྣམས་སྟོན་པར་འགྱུར། །གང་གིས་འགྱུར་མེད་དང་བྲལ་མི་རྣམས་ཀྱིས་ནི་སྟོང་པ་ཉིད་དེ་བཟུང་ནས་སྟོང་པར་བལྟ་བྱེད་པ། །དེ་ནས་གཙོ་བོ་གང་གི་འཕོ་མེད་ལྷན་སྐྱེས་ལུས་ཀྱི་བདེ་བ་དག་ནི་སྔགས་ཀྱི་ཐེག་པར་བསྟན། །ཞེས་ཟུར་འདེབས་ལས་སོ། །མི་ཕམ་རིན་པོ་ཆེས་རྒྱུད་བླ་མའི་དོགས་བཤད། སྤྲིན་དང་རྨི་ལམ་བཞིན་ཆོས་ཐམས་ཅད་སྟོང་པར་གསུངས་ནས། དེའི་རྗེས་སུ་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་ཆོས་ཉིད་ཀྱི་དབྱིངས་དེ་བདེ་གཤེགས་སྙིང་པོ་ཡོན་ཏན་ཡེ་ལྡན་གྱི་ཁམས་སུ་གསུངས་པའི་དགོས་པ་ཅི་ཞེས་དྲིས་པ་ལ། སེམས་ཞུམ་པ་སོགས་ཉེས་པ་ལྔ་སྤང་པའི་དོན་དུ་གསུངས། དེ་ལྟར་གསུངས་པ་དེ་འདྲའི་ཁམས་ཡོན་ཏན་མེད་ཀྱང་ཡོད་པའི་རྒྱུས་ཚིག་དྲང་དོན་ནམ། ངེས་དོན་གང་ཡིན་ན། དྲང་དོན་ཡིན་ན་རྒྱུད་བླ་མའི་རང་ཚིག་དང་དངོས་སུ་འགལ། ངེས་དོན་ཡིན་ཏེ་བྱང་ཆུབ་ཏུ་སེམས་བསྐྱེད་ནས་ཕྱིར་མི་ལྡོག་པ་འཇིག་མེད་རྟག་པའི་ལམ་ཐེག་ཆེན་རྟོགས་རིགས་ཐུན་མིན་ཡིན་ནོ། །དེ་ཡིན་པར་ཡང་། ཡང་དག་མཐའ་ནི་འདུས་བྱས་ཀྱི་སོགས་ཀྱིས་བཤད་དོ། །ལས་ཉོན་རྣམ་སྨིན་གྱིས་བསྡུས་པའི་འཁོར་བའི་ཆོས་རྣམས་དབྱིངས་ལ་ཡེ་ནས་མི་ལྡན་དེ་རང་བཞིན་རྣམ་དག་ཡིན་པས་འབྲལ་རུང་དང་། ཟག་མེད་མི་གནས་པའི་མྱང་འདས་ཀྱི་ཡོན་ཏན་ཐམས་ཅད་མཁའ་གོ་འབྱེད་དང་། ཉི་མ་ལ་འོད་བཞིན་འབྲལ་མི་རུང་བར་རང་གི་ཆོས་ཉིད་ལ་ལྡན་ཏེ། གཤེགས་སྙིང་ནི་སྟོང་རྐྱང་ཙམ་མིན་ཏེ། སྟོང་ཉིད་འོད་གསལ་ཡིན། དེ་ཆོས་ཐམས་ཅད་ཀྱི་ཡེ་ཐོག་གཞི་ཡི་གནས་ལུགས་ཡིན། ཟུང་འཇུག་བདེན་པ་དབྱེར་མེད་ཀྱི་གནས་ལུགས་རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་ཡིན་ལ། དེ་ངོ་བོ་ཉིད་ཀྱིས་སྲིད་ཞིར་མི་གནས་པ་དང་། སངས་རྒྱས་ཀྱི་ཡོན་ཏན་ལྷུན་གྲུབ་ཡོད་པ། དེ་རྟོགས་པས་ཐེག་ཆེན་ལམ་གྱི་ཡོན་ཏན་ཐམས་ཅད་འབྱུང་བ་ཡིན་ནོ། །ལས་ཉོན་རྣམ་སྨིན་གྱི་ཕྲ་བ་གང་ཟད་ཕན་ཆད་སྤང་བྱ་གཏན་མེད་པ་ནི། མ་རིག་བག་ཆགས་ཀྱི་ས་སོགས་བཞི་ཡིན། དེ་སྤང་བ་ནི་སངས་རྒྱས་ཁོ་ནའི་ས་ཡིན་ལ། དེ་བཞི་སྤངས་ན་མཐར་ཐུག་གི་ཡོན་ཏན་སྟོབས་སོགས་སངས་རྒྱས་ཀྱི་ཆོས་རྒྱ་མཚོ་མངོན་དུ་འགྱུར་བ་ནི་དབྱིངས་ཀྱི་ཡོན་ཏན་ཉིད་མངོན་ཏུ་གྱུར་བ་ཡིན་པས། འདི་སངས་རྒྱས་ཀྱི་རིགས་ཁོ་ན་ཡིན་གྱི་ཉན་རང་སོགས་ཀྱི་མ་ཡིན་ཏེ། སངས་རྒྱས་པའི་ཡོན་ཏན་དང་དབྱེར་མེད་པའི་ཕྱིར་རོ། །འོ་ན་ཁྱི་ཕག་སོགས་སེམས་ཅན་རྣམས་ཀྱི་སེམས་ཀྱི་རྒྱུད་ལ་སྟོབས་བཅུའི་ཡེ་ཤེས་ཡོད་དམ་ཟེར་ན། སྟོབས་བཅུའི་ཡེ་ཤེས་ཀྱི་ཡོན་ཏན་དེའི་རྒྱུད་ཀྱི་གཤེགས་སྙིང་ལ་ཡེ་ནས་ཡོད་དོ། །ཁོ་རང་གི་ཆོས་ཉིད་ཀྱི་ཡོན་ཏན་ཡིན་པས་ཁམས་ཡོད་ན་ཡོན་ཏན་ཡོད་མོད་ཀྱི་མངོན་ཏུ་མི་འགྱུར་ཏེ། རལ་གྲི་ལ་གཅོད་པའི་བྱ་བ་ཡོད་ཀྱང་། ཤུབས་སུ་ཆུད་པ་ལ་གཅོད་པའི་བྱ་བ་མངོན་གྱུར་དུ་མེད་པ་དང་། མེ་ལོང་ལ་གཟུགས་བརྙན་འཆར་རུང་གི་ཡོན་ཏན་ཡོད་ཀྱང་སྒྲོམ་དུ་བཅུག་པ་ལ་མངོན་གྱུར་དུ་མི་འཆར་བ་དང་འདྲ་སྟེ་རང་རྒྱུད་ལྡན་གྱི་གང་ཟག་དེའི་རྒྱུད་ལ་ཡོད་པའི་སྒྲིབ་པས་ཁམས་ཀྱི་ཡོན་ཏན་མངོན་དུ་མི་སྣང་སྟེ། དེར་མ་ཟད་དེའི་རང་སེམས་ཀྱི་ཆོས་ཉིད་རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་ཡོད་ཀྱང་མངོན་དུ་མ་གྱུར་ན་ཡོན་ཏན་ཅི་ལ་མངོན། དེའི་ཕྱིར་མངོན་གྱུར་དུ་མེད་པ་འདི་ལ་བསམས་ནས། སྟོབས་བཅུ་སྐྱེ་རུང་གི་རྒྱུ་ཙམ་ཡོད་ཀྱི་དངོས་སུ་མེད་ཟེར་བ་ཡོད་པའང་དཔྱད་ཚུལ་དེའི་དབང་དུ་དེ་ལྟར་རུང་མོད། སྐྱེ་རུང་གི་རྒྱུ་དེ་འདུས་བྱས་སེམས་ཀྱི་ཆ་ཡིན་ན་སེམས་ཡིན་ཚད་སྟོབས་བཅུ་བསྐྱེད་རུང་དུ་སྒྲུབ་དཀའ་ལ། སྒྲིབ་གཉིས་བག་ཆགས་བཅས་སྦྱངས་སྟོབས་ཀྱིས་སེམས་ཉིད་རང་གི་བྱེད་པ་ཡིན་ན། འདི་འདུས་མ་བྱས་ཀྱི་དབྱིངས་ཀྱི་ཡོན་ཏན་ཡིན་པས། སྨིན་པའི་རྒྱུ་རུ་མི་རུང་ངོ་། །འདི་ལྟ་བུའི་ཁམས་དེ་སེམས་ཀྱི་རང་བཞིན་འོད་གསལ་གཉུག་སེམས་གསུངས་པ་དེ་ཡིན། དེ་ནམ་ཡང་རྒྱུན་ཆད་པ་མེད་ལ་ངོ་བོ་སྟོང་པས་དམིགས་མཚན་གང་ཡང་མེད་ཀྱང་། སྟོང་རྐྱང་མིན་ཏེ་མཚན་མ་མེད་པའི་རང་འོད་གསལ་བ་ཡིན་ནོ། །སྒྲིབ་པ་མ་ཟད་པའི་སེམས་རྒྱུད་ཀྱི་གཤེགས་སྙིང་ལ་སྟོབས་བཅུའི་ཡེ་ཤེས་མངོན་གྱུར་དུ་མེད་པ་ནི་བདག་ཅག་ཀྱང་འདོད་མོད། བླ་མེད་ཆོས་ཀྱི་ཡོན་ཏན་དབྱིངས་དེ་ལ་མེད་པ་མིན་ཀྱང་། མངོན་དུ་མི་འགྱུར་བའི་སྒྲིབ་པ་ཡོད་པའི་ཕྱིར་རོ། །ཁམས་རང་གི་ངོ་བོ་སངས་རྒྱས་ཀྱི་ཡོན་ཏན་ཡེ་ལྡན་མིན་ན། དེ་འདྲའི་ཁམས་དེ་ཡོད་ཀྱང་སངས་རྒྱས་ཀྱི་རིགས་སུ་མི་འགྲུབ་སྟེ། སྟོང་རྐྱང་བཞིན་ནོ། །དེས་ན་ཆོས་དབྱིངས་འོད་གསལ་ལམ། རང་བྱུང་ཡེ་ཤེས་སམ། གཉུག་སེམས་འོད་གསལ་ལམ། བདེ་གཤེགས་སྙིང་པོ་ཞེས་པ་རྣམས་དོན་གཅིག་སྟེ། འདི་སངས་རྒྱས་ཀྱི་རིགས་ཡིན་ཏེ། སྒྲིབ་བཅས་ཀྱི་རྒྱུད་ལ་ཡོད་ཚེ་སངས་རྒྱས་རུང་གི་རིགས་དང་སངས་རྒྱས་ཚེ་མངོན་གྱུར་ཡིན། སངས་རྒྱ་རུང་ཡིན་ཀྱང་འདུས་མ་བྱས་པའི་ཆོས་ཉིད་ལ་སྔ་ཕྱིའི་ཁྱད་པར་གནས་ཚུལ་ལ་མེད་དེ་ངོ་བོ་འགྱུར་མེད་ཡིན་པས་སོ། །སྣང་ཚུལ་ལ་གནས་གྱུར་བའི་ཐ་སྙད་བརྗོད་རུང་ངོ་། །དེ་འདྲའི་སངས་རྒྱས་ཀྱི་རིགས་ཡོད་པར་བསྟན་པས་ཉེས་པ་ལྔ་སྤང་ནས་བླ་མེད་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར་རོ། །ཉེས་པ་ལྔ་པོ་གཤེགས་སྙིང་སེམས་ཅན་ཐམས་ཅད་ལ་ཡོད་པར་མ་ཐོས་པ་ལས་འབྱུང་། མཐར་ཐུག་ཐེག་གཅིག་འགྲུབ་པའི་གནད་འདི་ཡིན་ལ། རྡོ་རྗེ་ཐེག་པར་སེམས་ཉིད་ཡེ་སངས་རྒྱས་པའི་གནད་ཀྱང་འདི་ཡིན་ནོ། །ཞེས་གསུངས། སྤྲིན་དང་རྨི་ལམ་སྒྱུ་བཞིན་དེ་དང་དེ། །ཤེས་བྱ་ཐམས་ཅད་རྣམ་ཀུན་སྟོང་ངོ་ཞེས། །གསུངས་ནས་ཡང་འདིར་རྒྱལ་རྣམས་སེམས་ཅན་ལ། །སངས་རྒྱས་སྙིང་པོ་ཡོད་ཅེས་ཅི་སྟེ་གསུངས། །སེམས་ཞུམ་སེམས་ཅན་དམན་ལ་བརྙས་པ་དང་། །ཡང་དག་མིན་འཛིན་ཡང་དག་ཆོས་ལ་སྐུར། །བདག་ཅག་ལྷག་པའི་སྐྱོན་ལྔ་གང་དག་ལ། །ཡོད་པ་དེ་དག་དེ་སྤང་དོན་དུ་གསུངས། །ཞེས་པའི་དོན་ཡང་། རྗེ་མི་ཕམ་པའི་ཕྱག་མཆན་ལས། མི་བརྟན་ཞིང་རང་བཞིན་མེད་པ་སྤྲིན༵་དང༵་། ཉམས་སུ་མྱོང་ཡང་རང་བཞིན་མེད་པ་རྨི༵་ལམ༵་དང་། རྣམ་པར་སྣང་ཡང་རང་བཞིན་མེད་པ་སྒྱུ༵་མའི་གཟུགས་བརྙན་བཞིན༵་བཀའ་བར་བ་ཡུམ་རྒྱས་འབྲིང་སོགས་དང༵་དེ༵ར་ཤེས༵་བྱ༵་ཐམས༵་ཅད༵་ནི་རྣམ༵་ཀུན༵་ཏུ༵་སྟོང༵་པའོ༵་ཞེས༵་གསུང༵ས་ནས༵་ཡང༵་འཁོར་ལོ་ཐ་མ་འདིར༵་རྒྱལ༵་བ་རྣམས༵་སེམས༵་ཅན༵་གྱི་རྒྱུད་ལ༵་སངས༵་རྒྱས༵་ཀྱི་སྙིང༵་པོ༵་གདོད་ནས་ལྷུན་གྲུབ་ཏུ་ཡོད༵་ཅེས༵་ཅི༵་སྟེ༵་གསུངས༵་ཏེ་ཡོད་མེད་མི་འགལ་ལམ། ཞེས་དང་། ཡང་ཁམས་དེ་འཕགས་པ་མཆོག་གིས་ཀྱང་རྟོགས་པར་དཀའ་ན་བྱིས་པ་རྣམས་ལ་དེ་བསྟན་པ་ལ་དགོས་པ་ཅི་ཡོད་ཅེ་ན། དེ་ཡི་ལན་ཉིད་བསྟན་པའོ། །དེ་གཉིས་མི་འགལ་ཏེ། སྔར་གཟུགས་ནས་རྣམ་མཁྱེན་བར་གྱི་ཆོས་རྣམས་ལ་བདེན་པ་མེད་པར་གསུངས་པ་དབྱིངས་ངོ་བོ་སྟོང་པའི་ཆ་ནས་བསྟན་པ་ཡིན་ལ་འདིར་བདེ་གཤེགས་སྙིང་པོ་ཡོད་པར་གསུངས་པ་ཡང་ངོ་བོ་བདེན་པར་ཡོད་ཅེས་གསུངས་པ་མ་ཡིན་ཏེ། རིག་པ་ཡེ་ཤེས་རང་བཞིན་གསལ་བའི་ཆ་ནས་བསྟན་པས་དེ་གཉིས་མི་འགལ་བར་མ་ཟད་གཅིག་གྲོགས་སུ་གཅིག་འཆར་བས་ཟུང་དུ་འཇུག་པ་དང་། དགོས་པ་ཁྱད་པར་ཅན་ལྔའི་ཆེད་དུ་ཡོད་པར་བསྟན་པ་དང་། ལྔ་གང་ཞེ་ན། རང་ལ་སེམས་བསྐྱེད་སྐྱེ་བའི་གེགས་དོན་དམ་པའི་དབྱིངས་རང་ལ་ཡོད་པར་མ་ཤེས་ནས་བྱང་ཆུབ་བསྒྲུབ་པར་མི་ནུས་སྙམ་དུ་སེམས༵་ཞུམ༵་པ་དང་། ལམ་ལ་མི་སྤྲོ་བའི་ཉེས་པ་དང་། གཞན་རྗེས་སུ་འཛིན་པའི་གེགས་གཞན་རྒྱུད་ལ་གཤེགས་སྙིང་ཡོད་པར་མ་ཤེས་ནས་སེམས༵་ཅན༵་འདི་དག་དམན་ནོ་སྙམ་དུ་དམན༵་ལ༵་བརྙས༵་པ༵་མི་གུས་པའི་ཉེས་པ་དང༵་། །ཡང་དག་པའི་གནས་ལུགས་རྟོགས་པའི་ཤེས་རབ་ཀྱི་གེགས་རང་གཞན་ཀུན་ལ་གཤེགས་སྙིང་ཡོད་པར་མ་ཤེས་ནས་བཅོས་མ་གློ་བུར་གྱི་དྲི་མ་དབྱིངས་ལ་གདོད་ནས་མེད་པ་ལ་ཡོད་པར་སྒྲོ་བཏགས་ཏེ་ཡང༵་དག༵་མིན༵་པར་འཛིན༵་པའི་ཉེས་པ་དང་དབྱིངས་དང་དབྱེར་མེད་པའི་ཡོན་ཏན་རྣམས་ཡོད་པ་ལ་མེད་པར་སྙམ་ཏེ་ཡང༵་དག༵་ཆོས༵་ལ༵་སྐུར༵་པ་འདེབས་པའི་ཉེས་པ་དང་། བདག་གཞན་མཉམ་པ་ཉིད་དུ་རྟོགས་པའི་གེགས་བདག་གཞན་རང་བཞིན་ཆོས་དབྱིངས་མཉམ་པར་མ་ཤེས་པས་བདག༵་ལ༵་ཆགས༵་པ་ལྷག༵་པར་འཕེལ་བའི༵་ཉེས་པ་སྟེ་སྐྱོན༵་ནམ་ཉེས་པ་ལྔ༵་གང་ཟག་གང༵་དག༵་ལ་ཡོད༵་པ༵་དེ༵་དག༵་དེ༵་སྤང༵་དོན༵་དུ༵་གསུང༵ས་པ་ཡིན་ནོ། །ཞེས་གསུངས། རིན་པོ་ཆེས་གཏེར་ཆེན་བླ་མ་ལ་གསུངས་པ་ནི། སེམས་ཞུམ་སོགས་དོན། བདག་ཀྱང་བདེ་གཤེགས་སྙིང་པོ་རང་བཞིན་འོད་གསལ་གྱི་སེམས་དང་ལྡན་པས་དྲི་མ་གློ་བུར་པ་སྦྱོང་བའི་ཐབས་ལ་བསླབས་ན་བླ་མེད་བྱང་ཆུབ་གདོན་མི་ཟ་བར་འཐོབ་ནུས་སོ་སྙམ་ནས་ཞུམ་པ་སྤོང་པ་དང་༡། རྒྱུད་ཉེས་བྱས་ཆེན་པོས་ཟིལ་ཀྱིས་མནན་ཅིང་ཉོན་མོངས་འཆོལ་ཉོག་ཏུ་སྤྱོད་པའི་སེམས་ཅན་རྣམས་ཀྱང་གདོད་ནས་རྣམ་དག་འོད་གསལ་གྱི་སྙིང་པོ་ཅན་དུ་གནས་པས་ངེས་པར་སངས་རྒྱས་པར་འགྱུར་རོ་སྙམ་ནས་སེམས་ཅན་དམན་པ་ལ་བརྙས་པ་སྤོང་བ་དང་༢། འབྲལ་རུང་གློ་བུར་བའི་སེམས་ལ་མཐར་ཐུག་སངས་རྒྱས་ཀྱི་སའི་བར་དུ་འགྲོ་བའི་ཤེས་རྒྱུད་གཉུག་མར་ཞེན་པའི་སྒྲོ་འདོགས་སྤོང་བ་དང་༣། སངས་རྒྱས་ཀྱི་ཆོས་གང་གའི་བྱེ་མ་སྙེད་ཀྱི་གཞིར་གྱུར་ཅིང་མོས་པ་ལན་རེ་སྐྱེས་པས་ཀྱང་ཕྱིར་མི་ལྡོག་པའི་ས་བོན་ཁྱད་པར་ཅན་འཇོག་པའི་སེམས་ཀྱི་གནད་གསང་མཐར་ཐུག་གཞན་ཡོད་པ་ལ། ད་ལྟ་རང་ཅག་ལ་མངོན་དུ་གྱུར་པའི་སེམས་ཀྱི་ཕ་རོལ་ན་དེ་འདྲ་གང་ཡང་མེད་དོ་ཞེས་སྐུར་བ་འདེབས་པ་སྤོང་བ་དང་༤། བདག་གཞན་སྣོད་བཅུད་བདེ་སྡུག་སོགས་གློ་བུར་གྱི་འཁྲུལ་སྣང་ཅི་ཙམ་ཤར་ཡང་སེམས་ཀྱི་གཉུག་མའི་གཤིས་ལ་མཉམ་པ་ཉིད་དུ་ཤེས་ནས་བདག་ལ་ལྷག་པར་ཆགས་པའི་སྐྱོན་བསལ་ཏེ་ཞེན་མེད་ཀྱི་གནད་དང་ལྡན་པའི་དགོས་པ་དང་༥། ཞེས་པ་འཕྲལ་གཏམ་ཙམ་མོ། །འཕགས་པ་ཐོགས་མེད་ཀྱི་རྒྱུད་བླ་མའི་འགྲེལ་བར། སྤྲིན་མཐོང་མཁའ་ལ་ཉི་བཞིན་ཁྱོད་འདིར་སོགས་དྲངས་ནས། ཉན་རང་གིས་ཀྱང་བདེ་གཤེགས་སྙིང་པོ་ཕྱོགས་གཅིག་མཐོང་བར་བཤད་པ། ཁྱོད་ལྟར་ན། ཉན་རང་རྣམས་ཀྱང་ལྷན་སྐྱེས་ཀྱི་ཡེ་ཤེས་རྟོགས་པའི་གསང་སྔགས་པར་ཁས་ལེན་དགོས་སོ་ཞེ་ན། ཉན་རང་གིས་སེམས་ཀྱི་གནས་ལུགས་སྟོང་པ་ཉིད་དུ་གཟིགས་ཤིང་། སེམས་ཀྱི་ནང་ན་གཤེགས་སྙིང་ཡང་ཡོད་པས་དེ་ཙམ་ལ་བཤད་རུང་སྟེ། ཆོས་ཐམས་ཅད་ཀྱི་གནས་ལུགས་མངོན་སུམ་དུ་མཐོང་ན་ཆོས་ཐམས་ཅད་མངོན་སུམ་དུ་མཐོང་མི་དགོས། ད་དུང་ཡིད་བཞིན་མཛོད་འགྲེལ་དང་ཤིང་རྟ་ཆེན་པོ་ལས་གཡའ་ཆོད།
བླ་མ་རིན་པོ་ཆེའི་གསུང་ཟུར་འདེབས་ལས། སྤྲིན་དང་རྨི་ལམ་སོགས༴ཟུར་འདེབས་ལས། འཁོར་ལོ་བར་བར་ཉོན་མོངས་སྤྲིན་དང་། ཟག་བཅས་ཀྱི་ལས་རྨི་ལམ་གྱི་ལོངས་སྤྱོད་དང་། ཉེར་ལེན་གྱི་ཕུང་པོ་སྒྱུ་མ་དང་སྤྲུལ་པ་ལྟར་རང་བཞིན་གྱིས་གྲུབ་པ་རྡུལ་ཙམ་ཡང་མ་གྲུབ་པས་རྫུན་པའི་སྣང་བ་ཙམ་དུ་གསུངས་ནས། ཡང་འཁོར་ལོ་ཐ་མ་འདིར་སེམས་ཅན་གྱི་རྒྱུད་འདིར་སངས་རྒྱས་ཀྱི་སྙིང་པོ་འདི་ལྟ་བུ་ཡོད་པར་གསུངས་པ་མི་འགལ་ལམ་ཞེ་ན། ཞེས་དྲིས་པའི་ལན་དུ་སེམས་ཞུམ་སོགས་དོན་བདེ་བར་གཤེགས་པའི་སྙིང་པོ་སེམས་ཅན་ཐམས་ཅད་ལ་རང་ཆས་སུ་ཡོད་པ་འདི་མ་མཐོང་བར་བདག་ནི་ཡོན་ཏན་དང་བྲལ་ཞིང་ཉེས་སྐྱོན་ཀྱི་ཕུང་པོ་ཆེན་པོ་ཡིན་པས་བདག་ལྟ་བུས་བྱང་ཆུབ་ག་ལ་འགྲུབ་སྙམ་ནས་སེམས་ཞུམ་པ་དང་། བདག་ཉིད་ལ་བྱང་ཆུབ་ཀྱི་སེམས་སྐྱེས་ཀྱང་བྱང་སེམས་མ་སྐྱེས་པའི་སེམས་ཅན་གཞན་ལས་དམན་པའི་འདུ་ཤེས་ཀྱིས་ཁྱད་དུ་གསོད་པ་དང་། བདག་གཞན་གྱི་རྒྱུད་འདི་མཐའ་གཅིག་ཏུ་ཉེས་སྐྱོན་ཅན་དུ་བདེན་པར་སྒྲོ་འདོགས་པ་དང་། ཡང་དག་པའི་ཆོས་སངས་རྒྱས་ཀྱི་སྐུ་དང་ཡེ་ཤེས་མཐའ་དག་གི་སེམས་ཅན་གྱི་རྒྱུད་འདི་སྟོང་པར་བཟུང་ནས་སྐུར་བ་འདེབས་པ་དང་། བདག་ལ་ཆགས་པའི་དབང་གིས་བདག་ནི་གཞན་ལས་ལྷག་གོ་ཞེས་ང་རྒྱལ་སྐྱེས་པའི་ཉེས་པ་ལྔ་སྤང་བའི་རྣམ་གཅོད་ཀྱི་དགོས་པའི་ཆེད་དུ། འགྲོ་བ་མཐའ་དག་གི་རྒྱུད་ན་གཉུག་མའི་འོད་གསལ་སངས་རྒྱས་ཀྱི་ཡོན་ཏན་རྒྱ་མཚོའི་གཏེར་མཛོད་ལྟ་བུ་དེ་ཡོད་པར་སྟོན་པའི་མན་ངག་གི་མཆོག་དེ་བསྟན་པས། སྤྲོ་དང་སྟོན་པ་བཞིན་གུས་དང་། །ཤེས་རབ་ཡེ་ཤེས་བྱམས་ཆེན་སྐྱེས། །ཞེས་གསུངས་པ་ལྟར། བདག་ཉིད་ཀྱང་བརྩོན་པའི་སྟོབས་བསྐྱེད་ན་ངེས་པར་འཚང་རྒྱའོ་སྙམ་དུ་དགའ་ཞིང་སྤྲོ་བ་དང་། །སེམས་ཅན་གཞན་མཐའ་དག་ཀྱང་གཤིས་སངས་རྒྱས་ཀྱི་བདག་ཉིད་ཡིན་ནོ་སྙམ་དུ་སྟོན་པ་བཞིན་དུ་གུས་པ་དང་། མ་དག་འཁོར་བའི་ཕུང་ཁམས་འདི་དག་ཐམས་ཅད་ཀྱང་དག་བྱ་གློ་བུར་བ་འབྲལ་རུང་ཁོ་ནའི་བདག་ཉིད་དུ་ཤེས་པའི་ཤེས་རབ་དང་། རང་བཞིན་རྣམ་དག་གི་དབྱིངས་འོད་གསལ་བས་སེམས་ཅན་ཐམས་ཅད་ལ་ཁྱད་མེད་དུ་ཁྱབ་པར་ངེས་པའི་ཡེ་ཤེས་དང་། བདག་གཞན་ཐམས་ཅད་ཡེ་ནས་སངས་རྒྱས་པའི་བདག་ཉིད་དུ་མཉམ་པར་ཤེས་པའི་བྱམས་པ་ཆེན་པོ་སྐྱེ་བ་དེ་ཡོངས་གཅོད་ཀྱི་དགོས་པ་ལྔ་དང་ལྡན་པར་བསྟན་ནོ། །རྒྱུད་བླ་མའི་འགྲེལ་བར་ཡང་བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་སྙིང་པོ་ནི་སྐྱེ་བའམ་ན་བའམ་འཆི་འཕོ་བ་མ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་སྙིང་པོ་ནི་འདུས་བྱས་ཀྱི་མཚན་ཉིད་ཀྱི་ཡུལ་ལས་འདས་པའོ། །རྟག་པ། བརྟན་པ། ཞི་བ། གཡུང་དྲུང་ཞེས་གསུངས་པ་སོགས་གཤེགས་སྙིང་རྟག་བརྟན་དུ་ལུང་དང་འགྲེལ་ཚིག་དུ་མར་བསྟན་ཀྱང་། དེའི་དོན་ཤིང་རྟ་ཆེན་པོར་ནི། དྲི་མ་མེད་པས་གཙང་བ། འཕོ་འགྱུར་མེད་པས་བདག་དམ་པ། དུས་ཐམས་ཅད་དུ་གནས་པས་རྟག་པ། སྡུག་བསྔལ་ཐམས་ཅད་པའི་འཁོར་བར་ལྟུང་ཡང་སྡུག་བསྔལ་གྱི་ཟིལ་གྱིས་མི་གནོན་པའི་ཕྱིར་བདེ་བའི་ཕ་རོལ་ཏུ་ཕྱིན་པ་སྟེ། ཞེས་གསུངས་པ་ལྟར། རང་གི་ངོ་བོ་དྲི་མས་མ་བསླད་ཅིང་ཡོན་ཏན་ཡེ་རྫོགས་སུ་ཡོད་པས་ཡེ་ཤེས་དེ་ཉིད་བཟང་ངན་སྣ་ཚོགས་སུ་འགྱུར་བ་མེད་པས་བརྟན་པ། དུས་ནམ་ཡང་རྒྱུན་ཆད་པ་མེད་པས་རྟག་པ། དྲི་མས་མ་བསླད་པས་ཞི་བ། སྐྱེ་འཆི་བགྲེས་རྒུད་དང་བྲལ་བའི་གཡུང་དྲུང་གི་བདག་ཉིད་ཡིན་པར་དགོངས་པ་ཡིན་ནོ། ༈ །དེ་བས་ཀྱང་ཆེས་བཤད་དཀའ་བ་འགའ་ཞིག །ཞེས་པའི་ཐད། རྒྱུད་བླ་མའི་འགྲེལ་པར། འཇིག་རྟེན་ལས་འདས་པའི་ཆོས་ཀྱི་སྐུའི་རང་བཞིན་ཡོངས་སུ་དག་པ་ལྟ་བའི་གནད་ཡིན་པ་ནི་འདིར་གང་གིས་ས་བཅུ་ལ་གནས་པའི་བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས་པའི་སྙིང་པོ་ཅུང་ཟད་མཐོང་ངོ་ཞེས་གསུངས་པས། ཡང་དག་པ་ནི་ཇི་ལྟ་བ་བཞིན་གྱི་ཡེ་ཤེས་ཀྱིས་མཐོང་བར་འདོད་དོ། །དེ་སྐད་དུ། སྤྲིན་མཐོང་མཁའ་ལ་ཉི་བཞིན་འདིར་ཁྱོད་ཕྱོགས་གཅིག་བློ་གྲོས་ཅན། །བློ་མིག་དག་པའི་འཕགས་རྣམས་ཀྱིས་ཀྱང་ཐམས་ཅད་མཐོང་མ་ལགས། །བཅོམ་ལྡན་འདས་ཁྱོད་ཆོས་སྐུ་གང་དག་བློ་གྲོས་མཐའ་ཡས་པ། །ཤེས་བྱ་མཐའ་མེད་མཁའ་དབྱིངས་ཁྱབ་པ་དེ་དག་གིས་ཀུན་མཐོང་། །ཞེས་པའི་ཐད་དུ། ཤིང་རྟ་ཆེན་པོ་ལས། གནས་ལུགས་མ་མཐོང་བའི་སྐྱེ་བོ་དགེ་བའི་བཤེས་གཉེན་གྱིས་ཟིན་པ་རྣམས་དང་། ཉན་ཐོས་དང་། རང་སངས་རྒྱས་ཐེག་པ་ཆེན་པོ་མོས་པ་དང་། ས་ལ་མ་ཞུགས་པའི་སེམས་དཔའ་རྣམས་ཀྱིས་མོས་པས་དོན་སྤྱིའི་ཚུལ་དུ་རྟོགས་པ་དང་། སེམས་དཔའ་ས་བཅུ་ལ་གནས་པས་ཕྱོགས་གཅིག་ཙམ་རྟོགས་ལ། ཇི་ལྟ་བ་བཞིན་ཏུ་ནི་སངས་རྒྱས་ཉིད་ལས་གཞན་གྱིས་མི་མཐོང་སྟེ། ཞེས་གསུངས། ༈ ཡང་ཟིན་བྲིས་ལས། སྤྲིན་དང་རྨི་ལམ༴སོགས་ནས། གསུངས་ཞེས་ཤེར་ཕྱིན་གྱི་མདོ་སྟོང་ཕྲག་བརྒྱ་བ་ལ་སོགས་པ་དེ་དང་དེར་ཤེས་བྱ་ཐམས་ཅད་སྤྲིན་དང་རྨི་ལམ་སྒྱུ་མ་བཞིན་དུ་རྣམ་པ་ཐམས་ཅད་དུ་རང་བཞིན་གྱིས་གྲུབ་པའི་སྟོང་པ་ཞེས་གློ་བུར་ལྟར་གསུངས་ནས། ཡང་དེ་བཞིན་གཤེགས་པའི་སྙིང་པོའི་མདོ་ལ་སོགས་པ་འདིར་རྒྱལ་བ་རྣམས་སེམས་ཅན་ཐམས་ཅད་ལ་སེམས་ཀྱི་རང་བཞིན་ནམ་གཉུག་མར་གྱུར་བའི་སངས་རྒྱས་ཀྱི་སྙིང་པོ་ཡོད་ཅེས་ཅི་སྟེ་གསུངས་ཏེ། གསུངས་མི་རིགས་པར་ཐལ། གློ་བུར་བ་ཡིན་པ་དང་རང་བཞིན་ནམ་གཉུག་མ་ཡིན་པ་གཉིས་འགལ་བའི་ཕྱིར། ཞེས་པའི་རྩོད་པ་དང་། སེམས་ཅན་ཐམས་ཅད་ལ་དེ་འདྲའི་བདེ་གཤེགས་སྙིང་པོ་ཡོད་ཅེས་ཅི་སྟེ་གསུངས་ཏེ། དགོས་པ་མེད་པར་ཐལ། བྱིས་པ་རྣམས་ལ་བསྟན་ཀྱང་རྟོགས་མི་ནུས་པའི་ཕྱིར་ཏེ། དཀོན་མཆོག་གསུམ་པོ་འདི་ཡི་རིགས། །ཐམས་ཅད་གཟིགས་པ་རྣམས་ཀྱི་ཡུལ། །དེ་ལ་རྣམ་བཞི་གོ་རིམ་བཞིན། རྒྱུ་བཞི་ཡིས་ནི་བསམ་མི་ཁྱབ། །ཅེས་པ་ལྟར་བསམ་གྱིས་མི་ཁྱབ་པར་གསུངས་པའི་ཕྱིར། ཞེས་དེ་ལྟར་བསྟན་པ་ལ་དགོས་པ་མེད་པར་རྩོད་པའི་ལན་དུ། སེམས་ཞུམ་སེམས་ཅན་དམན་ལ་སོགས་གསུངས། ཞེས་གསར་དུ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའི་གེགས་བདག་ལ་སངས་རྒྱས་ཀྱི་རིགས་སམ་ས་བོན་མེད་པས་བླ་མེད་བྱང་ཆུབ་འཐོབ་མི་ནུས་སྙམ་དུ་སེམས་ཞུམ་པ་དང་༡། བྱང་སེམས་ཀྱི་སྤྱོད་པ་སྒྲུབ་པའི་གེགས་སེམས་བསྐྱེད་པ་ཁ་ཅིག་བདག་གིས་བྱང་ཆུབ་འཐོབ་ནུས་ལ་སེམས་ཅན་གཞན་གྱིས་མི་ནུས་སྙམ་པའི་སེམས་ཅན་དམན་པ་ལ་བརྙས་པ་དང་༢། གནས་ལུགས་སམ་གཉུག་མའི་ཡེ་ཤེས་ཀྱི་དོན་རྟོགས་པའི་གེགས་གཉུག་མའམ་ཡང་དག་མིན་པའི་གློ་བུར་བ་ལ་ཡང་དག་པར་འཛིན་པའི་སྒྲོ་འདོགས་དང་༣། ཡང་དག་པའི་ཆོས་གཉུག་སེམས་རང་བཞིན་གྱིས་རྣམ་པར་དག་པ་མེད་དོ་ཞེས་སྐུར་བ་འདེབས་སླད་དང་༤། སེམས་བསྐྱེད་སྐྱེ་བའི་རྒྱུ་བདག་གཞན་བརྗེ་བའི་སྙིང་རྗེ་ཆེན་པོའི་གེགས་རང་གཅེས་འཛིན་དབང་གིས་བདག་ལ་ཆགས་པ་ལྷག་པར་ཡོད་པའི་སྐྱོན་ལྔ་པོ་དེ་དག་སྤངས་ནས་གསར་དུ་སེམས་བསྐྱེད་པ་སོགས་ཀྱི་ཡོན་ཏན་དེ་དག་བསྐྱེད་པའི་དོན་དུ་སངས་རྒྱས་སུ་འགྱུར་རུང་གི་གཤེགས་སྙིང་སེམས་ཅན་ཐམས་ཅད་ལ་ཡོད་པར་གསུངས་སོ། །མདོ་ཕྱི་མར་བསྟན་པའི་གཉུག་སེམས་ཡུལ་ཡུལ་ཅན་གྱི་སྤྲོས་པ་དང་བྲལ་བ་དེ་ཉིད། མདོ་སྔ་མར་བསྟན་པའི་སྤྲོས་པ་དང་བྲལ་བའི་དབྱིངས་ཡིན་པས་ན་སྔ་ཕྱི་མི་འགལ་བར་ཤེས་པར་བྱོས་ཤིག་ཅེས་པ་སྟེ། མདོ་ཕྱི་མར་བསྟན་པའི་རང་བཞིན་ནམ་གཉུག་མ་ནི་གཉུག་སེམས་ཀྱི་དབྱིངས་མཐར་ཐུག་དང་། མདོ་སྔ་མར་བསྟན་པའི་གློ་བུར་བ་ནི་ཀུན་ཉོན་གསུམ་གྱིས་མཚོན་པའི་ཀུན་རྟོག་ཡུལ་དང་བཅས་པ་ཡིན་པས་མི་འགལ་བར་གསུངས་ཏེ། ཡང་དག་མཐའ་ནི་འདུས་བྱས་ཀྱིས་སྟོང་སོགས་གསུངས་སོ། །གསུང་རྒྱུན་ལས། གཤེགས་སྙིང་ལ་རྟག་པའི་ཆོས་ཉིད་ཅེས་པ། གསར་ཕྱོགས་ནས། རྟག་བརྟན་ཐེར་ཟུག་གི་རྣམ་པ་མ་ཡིན་པར་རྒྱུན་གྱི་རྟག་པ་ལ་གོ་དགོས། ཕར་ཐེག་ནས་སེམས་རགས་པའི་སྟེང་ནས་སྟོང་ཉིད་སྒོམ་པས་ངོ་བོ་ཉིད་སྐུའི་ཉེར་ལེན་གྱི་རྒྱུ་དང་། སེམས་རགས་པའི་སྟེང་ནས་ཚོགས་བསགས་པས་གཟུགས་སྐུའི་ཉེར་ལེན་གྱི་རྒྱུར་འདོད་པའོ། །དེ་བས་ཆེས་བཤད་དཀའ་བ་ཞེས་པ། གསར་ཕྱོགས་ཀྱིས་གཤེགས་སྙིང་སྟོང་ཉིད་ལ་བཞེད་པས་དེ་ནི་ཉན་རང་ལའང་རྟོགས་པ་ཡོད། དེ་ལྟ་ན་ཉན་ཐོས་ཀྱི་སྟོང་ཉིད་བསྟན་པའི་སྡེ་སྣོད་རྣམས་གཤེགས་སྙིང་སྟོན་པའི་སྡེ་སྣོད་ཡིན་པར་ཐལ་ཞེ་ན། ཉན་རང་གིས་རྟོགས་པའི་སྟོང་ཉིད་ནི་སྐར་མའི་འོད་ལྟ་བུ་དང་། སངས་རྒྱས་ཀྱིས་ཉི་མའི་དཀྱིལ་འཁོར་ལྟ་བུར་མཐོང་བ་དེ་གཉིས་མི་འདྲའོ། །ཞེས་སོ། །མི་ཕམ་ཆོས་རྗེའི་བཞེད་པ་ལྟར་ན། བྱང་སེམས་ཀྱི་གཤེགས་སྙིང་ཚེས་གཅིག་གི་ཟླ་བ་ཆ་ཤས་མཐོང་བ་ལྟ་བུ་དང་། སངས་རྒྱས་ཀྱིས་ཡོངས་རྫོགས་མཐོང་བའི་ཁྱད་པར་གསུངས་པ་འོག་ནས་བཤད་པར་འགྱུར་རོ། །ཞེས་གསུངས། ཟིན་བྲིས་ལས། རྣམ་པ་གཅིག་ཏུ་ན་ཞེས་པ་ནས། ཞིབ་ཏུ་དཔྱད་པར་བྱའོ་ཞེས་པའི་བར་རིན་པོ་ཆེ་ཉིད་ཀྱི་དགོངས་པ་རེད་གསུངས། ༈ ད་ལྟར་གསོན་ལུས་ལ་གནས་དུས་ཀྱང་ཞེས་པའི་ཐད། ཞལ་རྒྱུན་དུ། ཚིག་དོན་མཛོད་སོགས་ལས་བཤད་པ་ལྟར་གྱི་སེམས་ཀྱི་གནས་ངོ་བོ་རོ་རྐྱང་བཞོན་པ་ལས་རླུང་དང་འགྲོགས་པའི་སེམས་རྣམས། རིག་གདངས་མི་འཕྱེ་བོ། ལས་རླུང་རྟ་ལོང་བ་ཞོན་ནས་ཡུལ་བགྲོད་པའི་དཔེས་མཚོན་པའི་དོན་རིག་གདངས་ཉིད་ལས་གཞན་མིན་ལ། གལ་ཏེ་རིག་གདངས་དང་མ་འགྲོགས་ན་ཡུལ་ཤེས་པའི་བྱ་བ་སོགས་གང་ཡང་མི་བྱེད་པར་གསུངས་སོ། །
ཟིན་བྲིས་ལས། ཆོས་ཐམས་ཅད་རྟོག་པའི་ཆོ་འཕྲུལ། རྟོག་པ་ཐམས་ཅད་འོད་གསལ་གྱི་ཆོ་འཕྲུལ། ད་ལྟ་ནས་རྣམ་རྟོག་ཐམས་ཅད་ཀྱི་སྲོག་ན་འོད་གསལ་ཉིད་བཞུགས་པ་དེ་ཉིད་བླ་མའི་མན་ངག་གིས་ངོ་སྤྲད་དེ་ལམ་དུ་བྱེད་པ་རྒྱུད་འདིའི་ཁྱད་ཆོས། ད་ལྟའི་རྟོག་པ་ཐམས་ཅད་ཀྱི་སྲོག་ན་འོད་གསལ་ཡོད་ན། འོད་གསལ་རྣམ་རྟོག་གཉིས་སྐུད་པ་དཀར་ནག་བསྒྲིམ་པ་ལྟར་ཡོད་དགོས་པས་ཤེས་རྒྱུད་གཉིས་སུ་ཐལ་ལོ་ཞེ་ན། དཔེར་ན་ཆུ་གྲང་བས་གཅུར་དེ་ཆབ་རོམ་དུ་སོང་བའི་སྲ་འཐས་ཏེ་ཆུ་མིན་ཀྱང་དེའི་གཤིས་ཆུ་ཡིན་པས་ནམ་ཞིག་ཞུ་བ་ན་ཆུའི་ངོ་བོར་ཞུ་འགྲོ་བ་བཞིན་དུ། འཁྲུལ་བའི་ཡོ་ལང་སྣ་ཚོགས་ཀྱི་གཙོ་བོ་ཀུན་རྟོག་རགས་པ་སྣ་ཚོགས་པ་མཆེད་པ་འདི་དག་གི་སྲོག་གམ་གཤིས་ན་འོད་གསལ་ཡོད་པས་དེ་བླ་མའི་མན་ངག་གིས་ངོ་སྤྲད་དེ་མངོན་དུ་གྱུར་ཚེ་ཀུན་རྟོག་ཐམས་ཅད་འོད་གསལ་གྱི་ཀློང་དུ་ཐིམ་འགྲོ་བས་འོད་གསལ་དང་རྣམ་རྟོག་གཉིས་གཅིག་མངོན་ཏུ་གྱུར་བ་ན་ཅིག་ཤོས་བག་ལ་ཞ་འགྲོ་བ་སྲང་མདའི་མཐོ་དམན་ལྟ་བུ་ཡིན་གསུངས། ༈ དྷུ་ཏིའི་རྩ་འཁོར་སོགས་ཐད། རྫོགས་རིམ་དུས་དྷུ་ཏིའི་ནང་ཁོ་ནར་འཆར་བ་ཡིན་ཡང་ཐེག་རྩེ་སོགས་ཀྱི་ལུགས་ལྟར་ན། ཡེ་ཤེས་དང་དྭངས་མའི་རླུང་རིག་གི་ཆ་རེ་ཡོད་པ་རྣམས་རྗེན་ལ་བཏོན་ནས་མཉམ་པར་བཞག་མཐུས་དྷུ་ཏི་ཁོ་ན་མིན་པར་ལུས་ཐམས་ཅད་ལ་ཁྱབ་པའི་ཚུལ་དུ་འཆར་བའི་ཁྱད་པར་གྱིས་རྩོད་ལྡན་དུ་ཆོས་ཀྱི་རྒྱལ་པོའི་མཐུས་བདེ་སྐྱིད་ཁོལ་བུ་དང་ཁ་སྦྱོར་ཡན་ལག་བདུན་ལྡན་གྱི་ཕུན་ཚོགས་ལྟར་རྒྱ་ཆེ་ལ་མཐའ་བརྟན་པའི་ཁྱད་པར་ལྟ་བུ་ཡོད་ཅེས་རིན་པོ་ཆེ་ནས་གསུངས། ཞལ་རྒྱུན་དུ། དུས་འཁོར་ལྟར་ན་སྟོང་སང་ཙམ་མིན་པར་སྟོང་གཟུགས་སྣང་བ་དང་བཅས་པ་འཆར་བ་དང་། དེ་བཞིན་དུ་འདིར་ཡང་སྟོང་གཟུགས་དང་ཟབ་པའི་ཕྱོགས་གྱི་ཁྱད་པར་དང་། འཆར་བའི་གནས་ཀྱང་རགས་པའི་རྩས་གར་ཁྱབ་ཡེ་ཤེས་ཀྱི་རྩས་ཁྱབ་པ་དང་། རླུང་རགས་པའི་ཆ་རྣམས་ཡེ་རླུང་དུ་ཤར་ནས་འོད་གསལ་མུ་མཐའ་མེད་པར་འཆར་བའི་ཁྱད་པར་ཆེའོ་གསུངས། ༈ རྣམ་བྱང་ཕྱོགས་ཀྱི་གཞི་བྱེད་ལུགས་གཞན་ཡང་ཡོད་ཅེས་པ་གསར་ཕྱོགས་ལྟར་ན་བླ་མེད་ལུགས་ལ། མཉམ་གཞག་ཏུ་འོད་གསལ་དེའི་བདེན་སྟོང་སྒོམ་པ་དང་། རྗེས་ཐོབ་ཏུ་དག་མ་དག་གི་སྒྱུ་ལུས་སྒོམ་པ་སྟེ་ཆོས་གཟུགས་གཉིས་ཀྱི་བསྒྲུབ་གཞིའོ། །ཞེས་གསུངས་རྒྱུན་དང་། ཕྱི་མའི་གནས་ལུགས་སོགས། གསུང་རྒྱུན་ལས། གོང་དུ་བཤད་པའི་ཡེ་ཤེས་རང་སྣང་གཉིས་བསྟན་པའི་ཕྱི་མའོ། །ཕྱི་མའི་གནས་ལུས་སོགས་སེམས་དང་ཡེ་ཤེས་གང་ཡང་མིན་པས་རང་སྣང་དངོས་མ་ཡིན་ཡང་། སྣང་སྲིད་དག་མཉམ་དུ་བསྟན་པ་རྣམས་ཀྱི་དགོངས་དོན་གཏན་ལ་དབབ་པའི་ཕྱིར་ཐམས་ཅད་རང་སྣང་གི་ཕྱོགས་སུ་བསྡུས་ནས་བསྟན་པའོ། ༈ །འདས་པ་སྣང་ཡང་འཁོར་བར་ཞེན་པ་ཞེས་པའི་སྐབས། དེས་ཐག་ཁྲ་སྦྲུལ་སྣང་བཞིན་ཏུ་འདས་པ་སྣང་ཡང་ཕྱིན་ཅི་ལོག་ཏུ་ཞེན་པ་སྟེ། ཐག་ཁྲའི་སྤུ་ཉག་རེ་རེ་དང་ཚོགས་པ་གང་ཡང་སྦྲུལ་དུ་མ་སོང་བཞིན་དབང་ཤེས་འཁྲུལ་བ་ལ་སྦྲུལ་སྣང་བཞིན། ཡེ་ཤེས་དང་དེའི་སྣང་ཆ་ལ་ཡུལ་དང་ཡུལ་ཅན་རང་རྒྱུད་པར་སྣང་ནས་ཕྱིན་ཅི་ལོག་ཏུ་ཞེན་པ་ནི་སྦྱང་བྱའི་གཙོ་བོ། ཞེས་དང་། དེ་ལ་ལྷན་སྐྱེས་ཀུན་བཏགས་གཉིས་སྐབས། ཕར་ཐེག་ལྟར་གྲུབ་མཐའི་ཀུན་བཏགས་མ་ཡིན་པ་དང་ཡིན་པའི་ཁྱད་པར་ལྟ་བུ་ལ་གོ་རྒྱུ་མིན་པར། འོད་གསལ་བའི་ངོ་བོའི་དབྱིངས་ལ་རྨོངས་ཙམ་གྱི་མ་རྟོགས་པའི་མ་རིག་པ་དང་། སྣང་སེམས་རང་ངོས་གྲུབ་པར་ཞེན་པའི་ལོག་རྟོག་གཉིས་ལས་གཙོ་བོ་ཕྱི་མའོ། །ཞེས་གསུངས། ཞལ་རྒྱུན་ལས། གཉུག་མའི་ཡེ་ཤེས་ལས་མེད། འདི་ལ་ཇི་ལྟ་བ་དང་ཇི་སྙེད་མཁྱེན་པའི་ཡེ་ཤེས་གཉིས་ཡོད། འདིས་ཡུལ་གཟིགས་ཚུལ་མཐར་ཐུག་པ་ནི་སངས་རྒྱས་ཀྱི་ཡེ་ཤེས་དང་འདྲའོ། །ཞེས་གསུངས། འདི་ཉིད་ཀྱི་དཔེར་འོས་པ་འཕགས་པའི་མཉམ་བཞག་ཉིད་ཡིན་པར་དུས་འཁོར་གྱི་སྤྱི་དོན་མཁས་གྲུབ་ནོར་བཟང་རྒྱ་མཚོས་མཛད་པ་ཡོད་ཅེས་གསུངས། གསུང་རྒྱུན་ལས། སྐྱེད་བྱེད་ཐོས་བསམ་སྒོམ་གསུམ་གྱི་ཤེས་རབ་རྣམ་པ་གསུམ་གྱིས་ཐུན་མོང་དང་མཆོག་གི་སེམས་ལྔ་སྔོན་སྐྱེས་སམ་ད་ལྟ་སྐྱེས་པའོ། །འདིར་སེམས་ལྔ་དག་གི་ཁྱད་པར་ཞལ་ལུང་སོགས་ན་གསལ་ལོ། ༈ །ཚོགས་སྤྱོད་བཞིན་ནོ། །ཞེས་པ་ནི། འོག་སྒོ་གཙོ་བོར་སྟོན་པའོ། །སྤྱིར་ཐབས་གྲོལ་ལམ་གྱི་ཁྱབ་ཆེ་ཆུང་ནི། གྲོལ་ལམ་ཀྱི་སྐབས་སུ་ལམ་གྱི་ཁོག་ཤིང་མཚན་ཉིད་གསུམ་གཙོ་བོར་བསྟན་པ་དང་། ཐབས་ལམ་གྱི་སྐབས་སུ་རང་གི་དགོས་ཆོས་རྩ་ཐིག་རླུང་གསུམ་གནད་དུ་བསྣུན་པ་ཙམ་ལས་མ་བསྟན་པས་གྲོལ་ལམ་ཁྱབ་ཆེ་བའོ། །ཞེས་གསུངས། ༈ གྲོལ་ལམ་ནི་རིན་པོ་ཀཽསྟུ་བྷ་སོགས་ཐད་ཟིན་བྲིས་ལས། གྲོལ་ལམ་ཁེ་ཉེན་ཆུང་ལ། ཐབས་ལམ་ནི་ཁེ་ཉེན་ཤིན་ཏུ་ཆེ་སྟེ། དཔེར་ན་གསེར་འགྱུར་གྱི་རྩིས་སྟབས་ལེགས་ན་སྲང་གང་གིས་ལྕགས་སྲང་སྟོང་ཡུད་ཙམ་གྱི་གསེར་དུ་བསྒྱུར་ཡང་ཉེས་ན་ལྕགས་དེ་ཙམ་ཐལ་བར་བསྒྱུར་བ་ལྟར་ཡིན་གསུངས། མི་ཕམ་རིན་པོ་ཆེས་ཐབས་གྲོལ་གྱི་ལམ་དེ་གཉིས་ཀྱང་ཐབས་ཤེས་ཀྱི་བྱེད་པ་ཙམ་གཙོ་ཆེ་ཆུང་གི་སྒོ་ནས་བཞག་གི་ཅིག་ཤོས་ལ་ཅིག་ཤོས་མེད་པ་མ་ཡིན་ལ། གནས་ལུགས་ཀྱི་དོན་མཐོང་བ་ལ་དོན་གཅིག་པར་ཤེས་པར་བྱའོ། །ཞེས་དང་། ཐབས་ལམ་རིམ་གྱིས་པ་སྟེང་སྒོ་དང་ཅིག་ཆར་བ་འོག་སྒོའི་མན་ངག་ལ་བརྟེན་ནས་གསུངས་སོ། །
༈ ཟིན་བྲིས་ལས། རྒྱུད་འདིའི་ཆེད་དུ་བྱ་བའི་གདུལ་བྱ་དཔེ་ཐུན་མོང་གི་ལམ་གྱིས་རྒྱུད་སྦྱང་བ་སྔོན་དུ་བཏང་ནས། སྨིན་བྱེད་ཀྱི་དབང་ཞུས། དབང་སྲོག་དམ་ཚིག་གིས་བཟུང་སྟེ་ལམ་རིམ་གཉིས་ལ་བསླབ། དེ་ལ་སྔོན་དུ་ལྟ་བ་གཏན་ལ་ཕབ་དགོས། དེའང་རྒྱུ་ཤེས་པའི་མཚན་ཉིད་ལྟ་བ་ཙམ་ཁོ་ན་མིན་པར་གང་ལ་གནད་དུ་བསྣུན་པའི་ཡུལ་གྱི་རྩ་རླུང་ཐིག་ལེའི་རྣམ་བཞག་དེ་ལ་ཇི་ལྟར་གནད་དུ་བསྣུན་ཚུལ། དེ་ལྟར་གནད་དུ་བསྣུན་པའི་འབྲས་བུ་དང་བཅས་པ་ལ་ཐོས་བསམ་གྱིས་སྒྲོ་འདོགས་ཆོད་པར་བྱས། དེ་ནས་རིམ་གཉིས་ཀྱི་རྣལ་འབྱོར་ལ་དངོས་སུ་སློབ་པ་ནི་རྐྱེན་འཇུག་པའི་མཚན་ཉིད་ཏིང་ངེ་འཛིན་ཏེ། བསྐྱེད་རིམ་སྔོན་དུ་བཏང་བའི་རྫོགས་རིམ་ལ་ཐབས་གྲོལ་གཉིས་ལས། རྩ་ཐིག་རླུང་གསུམ་ལ་གནད་དུ་བསྣུན་པ་མེད་པར་བཞག་སྟོབས་ཁོ་ནས་རང་གནས་ཀྱི་ཡེ་ཤེས་མངོན་དུ་བྱས། དེའི་སྟོབས་ཀྱིས་ཡེ་ཤེས་ཀྱི་སྣང་ཆ་གཉུག་མའི་རླུང་གིས་བསྐུལ་ཏེ་གཞི་སྣང་སྟོང་གཟུགས་ཀྱི་སྣང་བ་སྣ་ཚོགས་སུ་ཤར་ཏེ་ལམ་དུ་བྱེད་པ་གྲོལ་ལམ་དེ་ནི་རྟོགས་དཀའ་བ་དང་ལམ་བུལ་བ་ཡིན། རྟོགས་སླ་བ་དང་ལམ་མྱུར་བ་ནི་ཐབས་ལམ་སྟེ། དེ་ལ་རང་ལུས་ཐབས་ལྡན་དང་། གཞན་ལུས་ཐབས་ལྡན་གཉིས་ཀྱི་དང་པོ་ནི། སྙིང་ཁའི་མི་ཤིགས་པ་སད་པ་ལམ་གྱི་གནད་ཡིན་པས། དེ་གཏུམ་མོའི་མེ་སྦར་ཏེ་སད་དགོས། དེའི་ཚུལ་ནི་རང་ཉིད་གསང་ཆེན་རིགས་གཅིག་རྡོ་རྗེ་འཆང་ངམ་ཀུན་ཏུ་བཟང་པོ་ལྟ་བུར་བྱས་ཏེ། ལུས་གནད་རྣམ་སྣང་ཆོས་བདུན་བཅས། སྤྱི་མགྲིན་སྙིང་ཁ་ལྟེ་བ་བཞི་དང་། ལྟེ་འོག་སོར་བཞིའི་ཐད་དུ་གཏུམ་མོ་ལ་ཨ་ཤད་ཀྱི་གནས་དང་། དེའི་འོག་ཏུ་སྦྱོར་བྱེད་རླུང་གི་དཀྱིལ་འཁོར་ཏེ། ལུས་ཀྱི་རྩ་འཁོར་དྲུག་གསལ་བཏབ་སྟེ། སྟེང་རླུང་མནན་འོག་རླུང་དྲག་ཏུ་འཐེན་ཏེ་རླུང་གཉིས་ཁ་སྦྱོར་ནས་བཟུང་། ལྟེ་བའི་ཨ་ཐུང་ཞེས་པ་ངོ་བོ་ཁྲག་གི་དྭངས་མ་བདེ་བའི་རང་བཞིན་ཅན། རྣམ་པ་ཚེར་མ་རྣོ་ས་ནས་བཅད་པའི་བཅད་ཁ་གྱེན་བསྟན་ལྟ་བུ། རེག་བྱ་ཚ་བ་ཞིག་གསལ་ཏེ། དེ་ལ་རིག་པ་གཏད་དེ་བཟུང་ནས་རོ་རྐྱང་དུ་རྒྱུ་བའི་རླུང་སེམས་ཐམས་ཅད་དབུ་མར་འདྲོང་བའི་རྐྱེན་གྱིས་ཨ་ཐུང་ལྷག་པར་འབར་ཏེ་སྤྱི་བོའི་ཧཾ་ཡིག་བསྐུལ་བས་བྱང་སེམས་ཀྱི་ངོ་བོར་ཞུ་བ་རིམ་བཞིན་རྩ་གནས་རྣམས་སུ་ཡས་བབ་དང་མས་བརྟན་གྱི་དགའ་བ་རྒྱས་ཏེ་མར་མེ་གསོས་ན་རང་འོད་མཆེད་ནས་འོང་བ་ལྟར་སྙིང་གའི་མི་ཤིགས་པ་སོགས་དྭངས་མ་སྟོབས་སུ་གྱུར། དྭངས་མ་དེ་དག་གི་ལྷན་ཅིག་བྱེད་རྐྱེན་གྱིས་ཡེ་ཤེས་ཀྱི་གདངས་བསྐུལ་ཏེ་སྟོང་གཟུགས་ཀྱི་སྣང་བ་སྣ་ཚོགས་ཤར་བ་ལ་གཞི་སྣང་ཟེར། དེ་ལ་སྐུ་མཐོང་ཐོབ་གཉིས་ཡོད། སྙིང་རྗེ་སྒྱུ་མ་མན་ཆད་ལ་ལྷ་སྐུ་ཡིད་ངོར་ཤར་བ་ཡིན་པས་སྐུ་མཐོང་བ་དང་། ཕྱག་རྒྱ་གཅིག་པ་མན་ཆད་ལ། དབུ་མའི་ནང་དུ་སྒོམ་སྟོབས་ཀྱི་མིག་དབང་གསར་དུ་གྲུབ་དེས་དངོས་སུ་མཐོང་བས་ལྷ་སྐུ་ཐོབ་པ་ཟེར། དེ་འདྲའི་གཞི་སྣང་དེ་ཉིད་སློབ་ལམ་རྣམས་སུ་རིམ་གྱིས་ལམ་དུ་བྱས་ཏེ་སྣང་བ་དེ་རྒྱ་ཇེ་ཆེ་ཇེ་བཟང་ཇེ་དག་ཇེ་བརྟན་དུ་སོང་སྟེ་སློབ་པ་མཐའི་འོད་གསལ་གྱི་ཚེ། སྣང་བ་ཐམས་ཅད་གཉུག་མའི་དབྱིངས་སུ་ཐིམ་པའམ་ཟད་དེ་དབྱིངས་དེའི་ངང་དུ་སོང་ཚེ་རྒྱུན་མཐའི་བར་ཆད་མེད་ལམ་ཡིན། སྐབས་དེར་སྣང་བ་ཟད་པ་བཞིན་དུ་རང་ལུས་འོད་དུ་དྭངས་བའམ་ཟད་དེ་སྐད་ཅིག་གཉིས་པ་ནས་ལོངས་སྤྱོད་རྫོགས་པའི་སྐུ་ཁ་སྦྱོར་ཡན་ལག་བདུན་ལྡན་དུ་བཞེངས་ཚེ་རྒྱུན་མཐའི་རྣམ་གྲོལ་ལམ་ཞེས་ནམ་མཁའ་མ་ཞིག་བར་དུ་ཆོས་ཀྱི་དབྱིངས་ལས་མ་གཡོས་བཞིན་དུ་སྤྲུལ་སྐུ་ཕྲིན་ལས་དང་བཅས་པ་འཇིག་རྟེན་གྱི་ཁམས་རབ་འབྱམས་སུ་སྤྲོ་བ་ནི་མངོན་དུ་གྱུར་པ་འབྲས་བུ་མཐར་ཐུག་གི་དུས་ཡིན་ནོ། །མིག་དབང་ལ་བསྟན་དུ་ཡོད་པས་ལུས༵་སྣང༵་བ༵་འདོད༵་ཁམས༵། དབང་པོ་གཟུགས་ཅན་ལ་བསྟན་དུ་ཡོད་ཅིང་མིག་དབང་ལ་བསྟན་དུ་མེད་པས་ངག༵་ཕྱེད༵་སྣང༵་། དབང་པོ་གཟུགས་ཅན་ལ་སྤྱིར་བསྟན་དུ་མེད་པས་ཡི༵ད་མི༵་སྣང༵་སོགས་གསུང་རྒྱུན་ལས། ཡུལ་དབང་ཤེས་གསུམ་སྐབས་ཡུལ་རགས་པ་དང་། དབང་པོ་དེ་ལས་ཕྲ་བ། རྣམ་ཤེས་དེ་ལས་ཀྱང་ཕྲ་བས་ན། དེ་དག་ལ་ཁམས་གསུམ་ཞེས་བརྗོད་དོ། །འདོད་གཟུགས་གཟུགས་མེད་རྣམས་སྔ་མ་ལ་ལྟོས་ཕྱི་མ་དག་ཕྲ་བའི་ཁྱད་པར་དང་མཚུངས་པས་ན་དེ་དག་གི་ཐ་སྙད་སྦྱོར། ཞེས་གསུངས། ༈ འཁོར་ལོ་གསུམ་གཉིས་སོགས་ཐད། ཟིན་བྲིས་ལས། སྤྱི་བོའི་ཐིག་ལེ་ཧཾ་ཡིག་གིས་མཚན་པ་ཉིད་དབབ་ལྡོག་བྱེད་པ་བདེ་བ་ཆེན་པོའི་ཡེ་ཤེས་ཀྱི་རྟེན་བྱེད་པས་དེའི་གནས་སྤྱི་བོའི་རྩ་འཁོར་༣༢་ལ་བདེ་༵ཆེན༵་གྱི༵་འཁོར་ལོ། མགྲིན་པའི་ཐིག་ལེ་བཟའ་བཏུང་ལོངས་སྤྱོད་ན་རོ་དྲུག་མྱོང་བའི་རྟེན་བྱེད་པས་དེའི་གནས་མགྲིན་པའི་རྩ་འཁོར་༡༦ལ་ལོངས༵་སྤྱོད༵་ཀྱི༵་འཁོར༵་ལོ༵། སྙིང་གའི་མི་ཤིགས་པའི་ཐིག་ལེ་ནི་དེ་ལ་གནད་དུ་བསྣུན་ནས་སད་ན་རྣམ་བྱང་གི་ཡོན་ཏན་གྱི་ཆོས་མཐའ་དག་གི་རྟེན་བྱེད་པས་དེའི་གནས་རྩ་འཁོར་༨ལ་ཆོས༵་ཀྱི༵་འཁོར༵་ལོ༵་དང་། དང་པོ། མངལ་དུ་ཆགས་པ་ན་ལྟེ་བའི་ཐིག་ལེ་ཆགས་ཏེ། དེ་ལས་ཕུང་ཁམས་རགས་པ་འཕྲུལ་བ་སྟེ་མཆེད་པས་ན་དེའི་རྩ་འཁོར་༦༤ལ་སྤྲུལ༵་བའི༵་འཁོར་༵ལོ་སྟེ་ཞེས་སྦྱར། ཞེས་གསུངས། ༈ ཟུར་འདེབས་ལས། ས༵་བོན་དྲུག་པོ་རྩ་འདབས་ཀྱི་སྐབས་སམ་མཐའ་ན་གན༵ས་སོ། །དེ་ཡང་སྙིང་ཁོང་སྟོང་གི་དབུས་ན་རྩའི་དྭངས་མ་རྩ་འདབ་རྒྱུས་པ་བལྡད་པ་འདྲ་བ་བརྒྱད་ཡོད་པ་རྩ་བཞིར་འདུས་ཏེ། མདུན་གྱི་གསུམ་ཆོས་ཉིད་ཀྱི་རྩ་སྟེ་སྐྱེ་བ་མེད་པ་རང་སྣང་བའི་ལས་བྱེད་པ། གཡས་ཀྱི་གཅིག་ཡེ་ཤེས་ཀྱི་རྩ་སྟེ་ཡེ་ཤེས་འཆར་བའི་ལས་བྱེད་དོ། །གཡོན་གྱི་གཅིག་ཡོན་ཏན་གྱི་རྩ་སྟེ་མངོན་ཤེས་དང་འབྲས་བུའི་ཆོས་རྣམས་སྣང་བའི་ལས་བྱེད་པ། རྒྱབ་ཀྱི་གསུམ་རང་རྒྱུད་ཀྱི་རྩ་སྟེ་ཤེས་པ་རྣམས་རྨོང་ཞིང་འཇོམས་པའི་ལས་བྱེད་དོ། །རྩ་དེ་དག་གི་སྦུབས་ན་འོད་བཞི་དང་དེའི་ཁྲོད་ན་སྦྱང་བྱ་དང་སྦྱོང་བྱེད་ཀྱི་ས་བོན་རྣམ་ཤེས་དང་བཅས་པ་རྣམས་གནས་ཏེ། ཆོས་ཉིད་ཀྱི་རྩ་ལ་འོད་ཟླུམ་པོ་དཀར་པོ་སྦྱང་བྱ་སུ་དང་ཏྲི། སྦྱོང་བྱེད་ༀ། ཀུན་གཞིའི་རྣམ་ཤེས་སོ། །ཡེ་ཤེས་ཀྱི་རྩ་ལ་འོད་གྲུ་བཞི་སེར་པོ། སྦྱང་བྱ་ཨ་དང་ནྲི། སྦྱོང་བྱེད་ཧཱུྃ། ཡིད་ཀྱི་རྣམ་ཤེས། ཡོན་ཏན་རྩ་ལ་འོད་ཟླ་གམ་དམར་པོ། སྦྱང་བྱ་པྲེ་དང་དུ། སྦྱོང་བྱེད་ཨཱཿཉོན་མོངས་ཅན་གྱི་ཡིད། རང་རྒྱུད་ཀྱི་རྩ་ལ་འོད་གྲུ་གསུམ་དམར་ནག་ལ་སྒོ་ལྔའི་རྣམ་པར་ཤེས་པ་ཉིད་དང་བཅས་པ་གནས་སོ། །འདིར་ཆོས་ཉིད་དང་ཡེ་ཤེས་རྩའི་འོད་དཀར་པོ་དང་སེར་པོར་གནས་པ་དཔེ་ཆུང་རང་གནས་ཀྱི་ལུགས་ཏེ། བི་མ་མི་དྲའི་གསང་ཐིག་ལས་ནི། ཆོས་ཉིད་སེར་པོ་དང་། ཡེ་ཤེས་མཐིང་གར་བཤད་དོ། །དེ་ལྟར་སྙིང་གའི་དཀྱིལ་འཁོར་རྩ་ཆེན་བཞི་དང་ལྡན་པ་དེའི་ནང་ན་དྭངས་མ་ལྔའི་དཀྱིལ་འཁོར་རང་བཞིན་གྱིས་གནས་པའི་དབུས་སུ་ཡེ་ཤེས་སྙིང་པོའི་ཐིག་ལེ་སྟོང་གསལ་འགག་མེད་བདེ་བ་ཆེན་པོའི་ངོ་བོར་བཞུགས་ཏེ། ཉི་ཟླ་ཁ་སྦྱོར་གྱི་རྒྱུད་ལས། ཙིཏྟ་རིན་ཆེན་གཞལ་ཡས་ན། །ཞི་བའི་དཀྱིལ་འཁོར་བཞི་བཅུ་གཉིས། །སྐུ་ནི་སྣང་ལ་རང་བཞིན་མེད། །ཆ་ཕྲ་འོད་གསལ་སྙིང་པོར་བཞུགས། །ཞེས་དང་། བརྟགས་གཉིས་ལས། ལུས་ལ་ཡེ་ཤེས་ཆེན་པོར་གནས། །རྟོག་པ་ཐམས་ཅད་ཡང་དག་སྤངས། །དངོས་པོ་ཀུན་ལ་ཁྱབ་པ་པོ། །ལུས་གནས་ལུས་ལས་མ་སྐྱེས་པའོ། །ཞེས་དང་། རིམ་ལྔ་ལས། རྟག་ཏུ་སྙིང་ལ་གནས་པ་ནི། །ཐིག་ལེ་གཅིག་ལ་འགྱུར་བ་མེད། །དེ་སྒོམ་བྱེད་པའི་སྐྱེ་བོ་ལ། །ངེས་པར་ཡེ་ཤེས་སྐྱེ་བར་འགྱུར། །ཞེས་སོ། །དེ་ལ་དྭངས་མ་ལྔ་ནི་གོང་དུ་བཤད་པ་ལྟར་རོ། །ལྔ་པོའང་ཡུམ་ལྔ་ཡེ་ཤེས་ལྔ་སྐུ་ལྔར་གནས་ཏེ། རྩའི་དྭངས་མ་ནི་འབྱུང་བ་ས་སྟེ། ཡུམ་སྤྱན་མ། མེ་ལོང་ལྟ་བུའི་ཡེ་ཤེས། མངོན་བྱང་གི་སྐུའོ། །ཁྲག་གི་དྭངས་མ་ཆུ་སྟེ་མ་མ་ཀཱི། མཉམ་ཉིད་ལོངས་སྐུའོ། མེའི་དྭངས་མ་ནི་གོས་དཀར། སོར་རྟོགས་རྡོ་རྗེའི་སྐུའོ། །རླུང་གི་དྭངས་མ་ནི་སྒྲོལ་མ། བྱ་གྲུབ་སྤྲུལ་སྐུའོ། །ནམ་མཁའི་དྭངས་མ་ནི་དབྱིངས་ཕྱུག་མ། སྟོང་པ་ཉིད་ཆོས་ཀྱི་སྐུའོ། །ཡེ་ཤེས་སྙིང་པོའི་ཐིག་ལེ་ནི། རིག་པའི་དྭངས་མ་སེམས་ཉིད་འོད་གསལ་བ་སྟེ། ཡུམ་ལྔ་འདུས་པ་བྱ་བ་མོ་དང་། ཡེ་ཤེས་ལྔ་འདུས་པ་རང་བྱུང་གི་ཡེ་ཤེས་དང་། སྐུ་ལྔ་འདུས་པ་བདེ་ཆེན་གྱི་སྐུར་དོན་གྱིས་འགྱུར་ཞིང་། དེར་མ་ཟད་དྭངས་མ་དྲུག་པོའང་གཉིས་གཉིས་རོ་གཅིག་ཏུ་འཇུག་པས་ཕྲ་བའི་སྒོ་གསུམ་མམ། རྡོ་རྗེ་མི་ཤིགས་པ་གསུམ་དུ་འགྱུར་ཏེ། ས་ཆུ་གཉིས་སྐུ་རྡོ་རྗེ། མེ་རླུང་གཉིས་གསུང་རྡོ་རྗེ། མཁའ་སེམས་གཉིས་ཐུགས་རྡོ་རྗེ་སྟེ། དཔེ་ཆུང་རང་གནས་ལས། མི་ཤིགས་ཡེ་ཤེས་ཐིག་ལེ་ནི་སོགས་ལྟར་རོ། །ཞེས་གསུངས། ཞལ་རྒྱུན་ལ། རྡོ་རྗེ་མེ་ལོང་གི་ལུང་དོན། ལུས་ཅན་སེམས་ཅན་ཀུན་གྱི་སྙིང་ལ་གནས་པའི་ཡེ་ཤེས་རྒྱུ་རྐྱེན་ལས་འདས་རང་བྱུང་ཡེ་ཤེས་ཟག་མེད་ཀྱི་གཟུགས་ཀྱི་སྐད་དོད། རཱུ་པ་རང་བཞིན་ལ་གོ་བའི་དབང་དུ་བྱས་པའོ། །རང༵་བཞིན་རླུང་ཁམས་སེམས་མི་ཤིགས་པ་དང་དབྱེར་མེད་དུ་བཞུགས་པའི་བདེ་ཆེན་ནམ་མཁའ་ལྟ་བུ་སྲིད་ཞིར་མི་གནས་ཆོས་སྐུའི་རང་བཞིན་ཅན་ནོ། །ཞེས་དང་། དཔེ་ཆུང་རང་གནས་ལུང་དོན། གཅིག་དང་དུ་མའི་སྤྲོས་པ་ཐམས་ཅད་ལས་འདས་པ། སྣ་ཚོགས་སུ་སྣང་ཡང་ངོ་བོ་སྒྲ་རྟོག་གིས་ཇི་བཞིན་མཚོན་དུ་མེད་པའོ། །
སྐུ་སྒྲུབ་བྱེད་ཀྱི་ལས་ༀ་གྱི་སྟེང་དུ་གསོག་པ་དང་། ཞེས་པའི་སྐབས། ཉེ་དྭངས་འདི་དག་ལ་རགས་པ་ཕ་མའི་ཁུ་ཁྲག་གི་ཆ་དང་ལས་རླུང་དང་། དེར་བརྟེན་བག་ཆགས་ཀྱིས་བགོ་གཞི་ཀུན་གཞི་དང་ཡེ་ཤེས་ཀྱི་བདག་ཉིད་ཀྱི་རླུང་ཁམས་སེམས་བཅས་དང་གཉིས་འདོད་དགོས་པ་འདྲ་སྟེ། ཀུན་རྟོག་གིས་ལྷ་བསྒོམ་པ་སོགས་ཀྱིས་བག་ཆགས་འཛིན་པའི་ཕྱིར་དང་། ཡེ་ཤེས་ཀྱི་ཆའི་སྟོང་གཟུགས་སྣང་བའི་ནུས་པ་འཛིན་པ་སོགས་ཡོད་པའི་ཕྱིར་རོ། །ཞེས་གསུངས་སོ། ༈ །བརྡ་བཞི་དང་ཕྱག་རྒྱ་བཞིའི་ཐད། གསུང་རྒྱུན་ལས། བརྡ་བཞི་ནི། ས་མ་ཡ་སྟྭཾ་ནམ་དུས་ལ་བབ་ཅེས་ཡུམ་གྱིས་བསྐུལ། ས་མ་ཡ་ཧོཿདུས་ཡིན་ནོ་ཞེས་ལན་བྱིན། སླར་ར་ག་ཡ་ཧོཿབདག་ཆགས་སོ་ཞེས་བསྐུལ། རཱ་ག་ཡཱ་མའི་ཆགས་པར་བགྱིའོ། །ཞེས་ལན་བྱིན་ནོ། །དེ་ལྟར་བརྡ་དང་བརྡ་ལན་མ་ཤེས་ན་མཁའ་འགྲོའི་གནས་སུ་སོང་ན། རྡོ་རྗེ་མཁའ་འགྲོ་མ་རྣམས་ཀྱིས་བསྒྲལ་ནས་ཚོགས་འཁོར་བྱེད་པར་གསུངས། ཕྱག༵་རྒྱ༵་བཞིས༵་སྙོམ༵་པར༵་ཞུགས་པ་ནི། ཛ་ཞེས་པས་ལུས་ཀྱི་ཆ་རྣམས་རེག །ཧཱུྃ་ཞེས་པས་ལག་པ་དང་བརླ་འཁྱུད། བམ་ཞེས་པས་མཁའ་གསང་དམ་དུ་སྤྲད། ཧོ་ཞེས་ཡབ་ཀྱིས་གསོར་ཡུམ་གྱིས་བསྐྱོད་པ་ལ་སོགས་པའོ། །གཞན་ཡང་ཕྱག་རྒྱ་མཚན་ཉིད་དང་ལྡན་པ་དགུག་པ། ཡབ་ཡུམ་མཉམ་པར་སྦྱོར་བ་འཆིང་བ། ཡན་ལག་ཕན་ཚུན་སྡོམ་པ་བསྡམ་པ། ཡབ་ཡུམ་བདེ་ནས་ཚིམ་པ་མྱོས་པ་སྟེ་རགས་པའི་ཕྱག་རྒྱ་བཞིའོ། །དམར་ཆ་གྱེན་དུ་དྲངས་བ་དགུག་པ། རླུང་གི་བྱེད་བཅིང་གི་སྟོབས་ཀྱིས་གཅུན་པ་འཆིང་བ། ཐིག་ལེ་ཕྱིར་མི་ལྡོག་པ་བསྡམ་པ། ཡབ་ཡུམ་ཀྱི་གསང་བའི་རྣམ་ཤེས་བདེ་བས་ཚིམ་པ་མྱོས་པ་སྟེ་ཕྲ་བའི་ཕྱག་རྒྱ་བཞིའོ། །ལྷན་སྐྱེས་གཉིས་འབྲེལ་བ་ཞེས་པ། རྟེན་གྱི་སྒོ་ནས་ཡབ་ཡུམ་ཀྱི་ལྷན་སྐྱེས་གཉིས། བརྟེན་པའི་སྒོ་ནས་ཡས་བབ་དང་མས་བརྟན་གྱི་ལྷན་སྐྱེས་གཉིས་སོ། །
འཇོག་ཚུལ་ཁྱད་པར་ཅན་གཞན་གསུངས་སོ། །ཞེས་པའི་ཐད་དུ་ཞལ་ལུང་དུ། ལམ་རིམ་ལས། འདི་ཡང་ལམ་སྒྲུབ་སྦྱོར་བ་ཡི། །ཞེས་པས། ལམ་གྱི་དུས་ཀྱི་དང་། སྒྲུབ་པའི་དུས་ཀྱི་དང་། སྦྱོར་བའི་དུས་ཀྱི་བསྙེན་སྒྲུབ་ཡན་ལག་བཞིའོ། །དང་པོ་ནི། ལྟ་བ་རྟོགས་ནས་སྟོང་ཆེན་དང་ཀུན་ཏིང་ལ་གནས་པ་ནི་བསྙེན་པ། ཕྱག་རྒྱ་གཅིག་སྤྲོ་ནི་ཉེ་བསྙེན། ཡོ་བྱད་ལྔའི་ཚོགས་སྒྲུབ་པ་ནི་སྒྲུབ་པ། དེ་འབྲས་ཟག་མེད་ཀྱི་རིག་འཛིན་ཐོབ་མ་རག་པ་ནི་སྒྲུབ་ཆེན་ཏེ། ལམ་རིམ་ལས། བྱང་ཆུབ་སེམས་རྟོགས་འགྲུབ་པ་ནི། །བསྙེན་པའི་དམ་པ་ཡིན་པའི་ཕྱིར། །སེམས་ཆོས་སྙིང་རྗེ་མན་ཆད་དོ། །ཕྱག་རྒྱ་གསལ་བ་ཉེ་བསྙེན་པ། །དེ་ཕྱིར་གཅིག་དང་སྤྲོས་པའོ། །སྒྲུབ་པ་ཉིད་ནི་བར་ཆད་མེད། །དུས་ཀྱི་ཚོགས་མཐའ་སྒྲུབ་ཆེན་ནོ། །ཞེས་སོ། །གཉིས་པ་ནི། ཟླ་བ་གཅིག་ལ་སྒྲུབ་པ་རྫོགས་པ་མ་ཡིན་པས་ཟླ་བ་དྲུག་ལ་སོགས་པ་ཅི་ཙམ་བྱེད་པ་ལ་ཆ་བརྩི་བ་ཡིན་མོད་ཀྱི། འོན་ཀྱང་འདིར་ཟླ་བ་གཅིག་ལྟ་བུ་ལ་དཔེར་བྱས་ཏེ་བརྩི་ན། དེ་ལས། ཟླ་ཕྱེད་ཕྱེད་ཞལ་ཉེ་བསྙེན་པ། །ལྷ་གསལ་འཕྲོ་འདུས་སྣང་དུ་རུང་། །བཅོ་ལྔ་མར་ཕྱེད་སྒྲུབ་པ་སྟེ། །འཕྲོ་འདུ་བསྣོལ་མས་བསྒྲུབ་པར་བྱ། །ཞག་གྲངས་ཚང་ནས་རྟགས་བྱུང་ན། །དངོས་གྲུབ་བཟླས་ཀྱང་སྒྲུབ་ཆེན་པོ། །ཞེས་པས་ཆ་རྐྱེན་རྣམས་ཚོགས་ནས་སྒྲུབ་པ་ལ་འཇུག་མ་ཐག་པ་ནི་བསྙེན་པ། ཞུགས་ནས་ཟླ་བ་ཕྱེད་ཡན་ཆད་ནི་ཉེ་བསྙེན། ཐ་མའི་ཞག་གཅིག་མ་གཏོགས་པའི་ཕྱེད་མན་ཆད་ནི་སྒྲུབ་པ། ནུབ་ཐ་མ་ལ་དངོས་གྲུབ་ལེན་པ་ནི་སྒྲུབ་པ་ཆེན་པོ་སྟེ། སྒྲུབ་བྱང་ལས། རིམ་པ་ཤོམ་དང་འབྲེལ་བའི་ཕྱིར། །བསྙེན་པ་ཞེས་སུ་བརྗོད་པ་ཡིན། །གསང་སྒོར་ཞུགས་ནས་བྱིན་ལྡན་པ། །ཉེ་བའི་བསྙེན་པ་ཞེས་སུ་བརྗོད། །གང་ཡང་བར་ཆད་མི་གཡེལ་བར། །དམ་པའི་གཞུང་གཉིས་འཛིན་པ་ན། །སྒྲུབ་པ་ཞེས་སུ་བརྗོད་པ་ཡིན། །རྣལ་འབྱོར་སྲོད་ཀྱི་རྩལ་འཆང་བ། །སྒྲུབ་པ་ཆེན་པོ་དེ་བརྗོད་དོ། །ཞེས་སོ། །གསུམ་པ་ནི། ཡུམ་བཙལ་ཏེ་ཆས་སུ་ཞུགས་པ་ནི་བསྙེན་པ། དེ་བྱིན་གྱིས་བརླབས་པ་ཉེ་བསྙེན། རོལ་ནས་དབབ་བཟུང་གི་དགོངས་པ་ནི་སྒྲུབ་པ། ཉི་ཟླ་རྡོ་རྗེའི་ལྕེས་ལེན་ཏེ་ལྡོག་བཀྲམ་གྱི་དགོངས་པ་ནི་སྒྲུབ་ཆེན་ཏེ་ལག་ལེན་སྦྱོར་མཆོད་བཞིན་ནོ། །དེའང་ལམ་རིམ་ལས། གསུམ་པ་མཆོད་པའི་སྐབས་བཞིན་ཤེས། །ཞེས་སོ། །སྤངས་ནས་རྡོ་རྗེ་དབྱིངས་ཕྱུག་རྩ་སོགས་ཐད། གསུང་རྒྱུན་ལས། སྤང་ཞེས་པ་མཚན་འཛིན་གྱི་རྟོག་པ་སྤང་བ་དང་། ཡང་ན་དགུག་པ་དང་བསྡམས་པ་མི་ཤེས་པ་སྤང་བའོ། །རྡོ་རྗེ་ཞེས་པ་སྐྱིལ་ཀྲུང་སྟེ་དེ་ལ་གསུམ། ལུས་རྡོ་རྗེ་སྐྱིལ་ཀྲུང་གིས་ཡབ་ཡུམ་མཉམ་པར་སྦྱོར་བའོ། །རྩ་རྡོ་རྗེ་སྐྱིལ་ཀྲུང་ནི། ཡུམ་གྱི་དབུ་མའི་མར་སྣ་ཡབ་ཀྱི་དབུ་མར་དྲངས་ཏེ་སད་པར་བྱས་པའོ། །རླུང་རྡོ་རྗེ་སྐྱིལ་ཀྲུང་ནི། ཡུམ་གྱི་དབུ་མའི་རླུང་ཡབ་ཀྱི་དབུ་མར་དྲངས་བ་དང་། ཁམས་རྡོ་རྗེ་སྐྱིལ་ཀྲུང་ནི། ཐིག་ལེ་དཀར་དམར་འདྲེས་པའོ། །རིན་པོ་ཆེས། ཐལ་རྒྱུད་ལས། སྤངས་ནས་རྡོ་རྗེ་དབྱིངས་ཕྱུག་བཅས། །དགུག་དང་བསྡམ་པ་མ་ཤེས་ན། །ཞེས་ཐབས་ལམ་འོག་སྒོའི་སྐབས་རྩ་འཆིང་བ་གལ་ཆེ་གསུངས་པ་འདི་འབོར་མི་ཉན། ཞེས་གསུངས་སོ། ༈ །འདི་ལ་དང་འདིས་རྟོག་པ་ཞེས་པ་ནི། རྣམ་རྟོག་འདིའི་ཡུལ་དུ་གྱུར་པའམ་རྟོག་པ་དེས་གཞལ་བའི་ཕུང་པོ་ཁམས་དང་སྐྱེ་མཆེད་ལ་འདི་ལ་དང་། རྣམ་རྟོག་འདིས་རྟོག་པར་བྱེད་པས་ན་འདིས་རྟོག་པ་ཞེས་སོ། །སྔ་མ་ཡུལ་ལ་ཡུལ་ཅན་གྱི་མིང་གིས་བཏགས་པའོ། །རྟོགས་པ་ཤིན་ཏུ་མྱུར་བ་ནི་རྣམ་བྱང་གི་དབང་པོ་ལྔའམ་ནང་ནས་གཙོ་བོར་ཤེས་རབ་ཀྱི་འཇུག་པ་ཆེས་མྱུར་བའི་རྒྱུ་མཚན་གྱིས་མཚན་ཉིད་གསུམ་གྱི་བར་གཞན་གྱིས་མ་ཆོད་པར་ཡུན་ཤིན་ཏུ་ཐུང་བ་ལ་རྟོགས་གོམ་མཐར་ཕྱིན་པར་བྱེད་པ་ལ་ཅིག༵་ཆར༵་བ༵་ཞེས༵་བརྗོད༵་པ་ཡིན་གྱི་དེའི་རྒྱུད་ཀྱི་མཚན་ཉིད་གསུམ་གྱི་སྔ་ཕྱིའི་རིམ་པ་མེད་པ་མིན་ཏེ། འགལ་མེའི་འཁོར་ལོ་བཞིན་ནོ། །སྦྱང་རྣོ་རང་རྣོ་སོགས་ཞལ་ལུང་ན་གསལ་བས་མ་བྲིས།
གཏན་ཚིགས་ཀྱི་སྣ་རྩེ་ཙམ་ཞེས་པ་རྟགས་སྒྲུབ་སོགས་རྒྱས་པར་བཀོད་པ་ལ་མི་ལྟོས་པར་སྦྱོར་བ་གཅིག་བཀོད་པ་ཙམ་གྱིས་མངོན་སུམ་དུ་རྟོགས་པ་ལ་གོ་དགོས་གསུངས།
འདིར་ཐུན་མིན་གྱི་ཀུན་རྫོབ་སེམས་བསྐྱེད་ཀྱང་ལྟ་བའི་ཕྱོགས་ནས་འཇོག་ཞེས་པའི་ཐད། ཟིན་བྲིས་ལས། སྔར་གཞི་རྒྱུད་སྐབས་ལུགས་འདིར་སེམས༵་དག༵་གི་གནད༵་གསང༵་རྡོ་༵རྗེའི་ཡེ༵་ཤེས་འདི་༵ཁོ༵་ན༵་བྱང་༵ཆུབ་༵ཆེན་པོའི་ཡེ་ཤེ༵ས་ཀྱི༵་སྙིང༵་པོར་བཞེད༵་ནས༵་བྱང་ཆུབ༵་སེམས༵་ཞེས༵་བྱ༵་གསུངས་པ་དེའོ། །སྙིང་པོ་ཞེས་པ་དེ་དངོས་ལ་བྱེད་ཀྱི་ས་བོན་ལྟ་བུ་ལ་གོ་རྒྱུ་མིན་གསུངས། ཡང་ཞལ་རྒྱུན་དུ། ཆོས་ཐམས་ཅད་ཡེ་ནས་སངས་རྒྱས་པར་རྟོགས་པའི་རང་ལུགས་ཐུན་མིན་གྱི་སེམས་བསྐྱེད་དང་མཉམ་བཞག་ཡེ་ཤེས་འོད་གསལ་བ་ཉིད་བརྩེ་བའི་སྙིང་རྗེའི་བདག་ཉིད་དུ་བཞུགས་པས། རྗེས་ཐོབ་ཏུ་རྐྱེན་ཕྲ་མོས་བསྐུལ་བའི་སྒོ་ནས་འགྲོ་ཀུན་གནས་ལུགས་ཇི་ལྟ་བཞིན་མངོན་དུ་གྱུར་པའི་སངས་རྒྱས་ཀྱི་ས་ལ་འགོད་པར་འདོད་པའི་སྒོ་ནས་འཁྲུལ་རྟོག་གློ་བུར་བ་བསལ་ནས་བདག་གིས་སེམས་ཅན་ཆེད་དུ་སངས་རྒྱས་བསྒྲུབ་པར་བྱའོ་སྙམ་པ་རང་ཤུགས་ལ་འོང་བ་ནི་ཐུན་མོང་སེམས་བསྐྱེད་ཀྱང་ཚང་བར་གསུངས་སོ། །གསུང་རྒྱུན་ལས། འདིར་ཐུན་མིན་གྱི་ཀུན་རྫོབ་སེམས་བསྐྱེད་ཅེས་པ། སྣང་ཆ་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་རྟོགས་པའོ། །ཞེས་གསུངས།
མ་དག་པའི་ཞེན་སྣང་གཏན་ལ་ཕབ་པས་ཆོས་ཉིད་གཏན་ལ་ཕེབས་པར་འགྱུར་བའི་སྐབས། སྒྱུ་འཕྲུལ་འདིའི་སྐབས་ཀྱི་སྣང་ཞེན་གཅོད་ལུགས་ནི། རིན་པོ་ཆེས་གཏེར་ཆེན་ལ་གསུངས་པ། དཔེ་ཉི་མ་སྤྲིན་གྱིས་བསྒྲིབ་པའི་སྐབས་འོད་དྲོད་དང་ལྡན་པ་ཡིན་ཀྱང་། སྒྲིབ་བྱེད་སྤྲིན་གྱི་དབང་གིས་འོད་ཟེར་དྲོད་ལྡན་དུ་མི་འཆར་བ་ཡིན་ལ། སྤྲིན་དང་བྲལ་ཚེ་འོད་ཟེར་མཐའ་དག་དྲོད་དང་ལྡན་པར་དངོས་སུ་འཆར་ལ། དེ་ཡང་སྔར་དྲོད་མེད་གསར་དུ་དྲོད་དང་ལྡན་པར་སོང་བ་མིན་པར་ཐ་སྙད་ཀྱི་ཡིན་ཚུལ་གསལ་བ་ཡིན་ལ། དེ་བཞིན་དུ་འཆར་གཞིའི་འོད་གསལ་བའི་རིག་པ་ཉིད་ཚོགས་བརྒྱད་གློ་བུར་བའི་སྤྲིན་གྱིས་སྒྲིབ་ཚེ། སེམས་ཀུན་གྱི་གཤིས་ཡེ་ཤེས་ཡིན་པར་མི་སྣང་བར་མ་དག་རང་རྒྱུད་པར་སྣང་ཞིང་ཞེན་ལ། བླ་མའི་མན་ངག་ལ་བརྟེན་ནས་སྙིང་དབུས་ཀྱི་འོད་གསལ་སད་ནས་མངོན་དུ་གྱུར་ཚེ། དེའི་ངོར་སེམས་ཐམས་ཅད་འོད་གསལ་འབའ་ཞིག་ཏུ་འཆར་བ་ནི། དཔེ་གསེར་གླིང་དུ་ཕྱིན་པ་ལྟ་བུ་ཡིན་ལ། འདི་དུས་ཡུལ་ཅན་ཐམས་ཅད་ཡེ་ཤེས་འབའ་ཞིག་ཏུ་ཤར་བ་ནི། སྔར་ཡེ་ཤེས་མིན་པ་གསར་དུ་ཡེ་ཤེས་སུ་སོང་བ་མིན་པར་གནས་ལུགས་ཇི་བཞིན་པ་ཉིད་མངོན་དུ་གྱུར་བ་ཡིན་ནོ། །རིག་པ་སད་སྟོབས་ཀྱིས་ཡུལ་ཅན་ཐམས་ཅད་ཡེ་ཤེས་སུ་ཤར། ཡུལ་ཡང་ཡེ་ཤེས་ཀྱི་ངོར་སྣང་བས་ཡུལ་གྱི་སྟེང་ན་མ་དག་པ་བསལ་རྒྱུ་མེད་པར་ཐམས་ཅད་དག་པ་འབའ་ཞིག་ལས་མེད་པ་མྱོང་བས་གྲུབ་པ་ཡིན་ནོ། །ཞེན་སྣང་ནི་རྗེས་ཐོབ་རྒྱ་ཡན་པའི་ངོར་སྣང་སེམས་རང་རྒྱུད་པ་འཁྲུལ་རྟོག་ཏུ་སྣང་བ་འདི་ཙམ་ལས་གཞན་མེད་པས། ངོ་ཤེས་མ་ཤེས་ཙམ་མམ། རིག་པ་སད་མ་སད་ཙམ་མམ། ཞེས་གསུངས། མི་ཕམ་རིན་པོ་ཆེས། རྣམ་ཤེས་ཚོགས་བརྒྱད་ཆོས་ཅན་དང་། དེའི་རང་བཞིན་ཆོས་ཉིད་ཀྱི་ཡེ་ཤེས་གཉིས་ནི། གཅིག་ཐ་དད་གང་དུ་དང་ཁས་བླང་བྱ་མིན་པར། དགོངས་འགྲེལ་ལས། འདུ་བྱེད་ཁམས་དང་དོན་དམ་མཚན་ཉིད་ནི། །གཅིག་དང་ཐ་དད་བྲལ་པའི་མཚན་ཉིད་དེ། །གཅིག་དང་ཐ་དད་དུ་ཡང་གང་རྟོག་པ། །དེ་དག་ཚུལ་མིན་ལྟ་ལ་ཞུགས་པ་ཡིན། །ཞེས་གསུངས་པའི་ལུང་བཞིན་ཀློང་ཆེན་རབ་འབྱམས་ཀྱིས་གསུངས་ལ། དེའི་ཕྱིར་དེ་གཉིས་ཐ་སྙད་དུ་གཅིག་མ་ཡིན་ཏེ། སེམས་རྟོགས་པ་ཙམ་གྱིས་སེམས་ཀྱི་ཆོས་ཉིད་ཡེ་ཤེས་མི་རྟོགས་པ་དང་། ཆོས་ཅན་དང་ཆོས་ཉིད་ཡིན་པ་སོགས་ཀྱི་ཕྱིར་རོ། །དོན་དམ་པར་ཐ་དད་མིན་ཏེ། སེམས་ཀྱི་རང་བཞིན་ཡེ་ཤེས་ཡིན་པས། ཡེ་ཤེས་རྟོགས་དུས་སེམས་ཀྱང་དེ་ལས་ཐ་དད་དུ་མ་དམིགས་པའི་ཕྱིར་དང་། ཡེ་ཤེས་རྟོགས་ཚེ་སེམས་རང་གྲོལ་དུ་འཆར་བ་སོགས་ཀྱི་ཕྱིར་ནའོ། །ཞེས་སོ། །འདི་ཐད། བླ་མ་འཇིགས་འོད་ཉིད་ཀྱི་ཞལ་རྒྱུན་ལ་གསུང་སྒྲོས་ཐུན་མིན་ལྟར་ན། ཡེ་ཤེས་རང་དབང་གི་སྣང་བ་ཆོས་ཅན། དག་པའི་དཀྱིལ་འཁོར་གཅིག་ཏུ་གནས་པ་ཡིན་ཏེ། དེའི་སྣང་ཆ་ལ་མ་དག་པའི་སྣང་བ་མ་དམིགས་པའི་ཕྱིར་ཞེས་དང་། དཔལ་སྤྲུལ་གསུང་རྒྱུན་ལ། སྣང་བ་འདི་ཆོས་ཅན། ལྷ་ཡིན་ཏེ། ཡེ་ཤེས་རང་སྣང་ཡིན་པའི་ཕྱིར། འདི་སྐབས་ཀྱི་ལྷ་ཀ་དག་ལྷུན་གྲུབ་ཟུང་འཇུག་གི་ཡེ་ཤེས་ཉིད་ཡིན་ལ། ལྷ་དེ་ཉིད་ཚོགས་བརྒྱད་ཀྱི་རྣམ་པར་བཞེངས་པའི་ཡེ་ཤེས་རང་སྣང་གི་ཆ་ཡིན་པའི་ཕྱིར་ཞེས་པར་གོ་དགོས་ཞེས་དང་། རྫོགས་ཆེན་ལུགས་ལ་སྣང་བ་ཐམས་ཅད་ཀྱི་ཆོས་ཉིད་རིག་སྟོང་འདུས་མ་བྱས་པ་དེ་འབྲས་བུ་ཡོངས་དག་ལྷའི་ངོ་བོར་དང་པོ་ངོ་ཤེས། བར་དུ་ཡང་ཡང་བསྐྱངས་བས་རྩལ་རྫོགས་པའི་ཐབས་ལ་སློབ་ཅིང་། མཐར་བརྟན་པ་ཐོབ་ཚེ་སྒོམ་སྟོབས་ཀྱིས་སྣང་བ་ལྷར་གྲུབ་པའམ་ཤར་བ་ཡིན་ནོ། །བཤད་པ་མང་པོས་སྣང་བ་ལྷར་མི་འགྲུབ་ཀྱི། དང་པོ་སེམས་དང་རིག་པ་གཉིས་སུ་ཕྱེ་ནས་རིག་པ་རྐྱང་དེད་དུ་བསྐྱང་བ་ནི་སྣང་བ་ལྷར་སྒྲུབ་པའི་སྒོ་ཡིན། བར་དུ་སྣང་ལུགས་འཁྲུལ་བ་ཅུང་ཟད་ལོག་ནས་སེམས་རིག་གཉིས་མེད་ཆུ་དང་རླབས་ལྟར་མཐོང་ནས་སེམས་རིག་གཉིས་འཛིན་གྱི་སྒྲོགས་ལྷོད་པས་རྩལ་གྱི་འཆར་སྒོ་ལ་དགག་སྒྲུབ་མི་དགོས་པར་གུ་ཡངས་ལ་བློ་བདེ་བའི་དབྱིངས་ཀྱི་ནམ་མཁའ་ལ་རིག་པའི་མཁའ་ལྡིང་གཡོ་བ་ན་སྣང་བ་ལྷར་འགྲུབ་པའི་མགོ་རྩོམ་པ་ཡང་ཡིན། མཐར་བརྟན་པ་ཐོབ་པ་མཐར་ཐུག་པ་ན་གསེར་གླིང་དུ་ས་རྡོ་ཕལ་བ་བཙལ་ཀྱང་མི་རྙེད་པ་སེམས་རིག་དང་ཆུ་རླབས་ལྟར་རྟོགས་པར་མ་ཟད། སྣང་སེམས་ཀྱང་དེ་ལྟར་རྟོགས་པ་དང་གནས་ལུགས་དང་སྣང་ལུགས་མ་བུ་འཕྲོད་དེ་སྣང་ལུགས་ཀྱི་འཁྲུལ་ཆ་དབྱིངས་སུ་ཟད་པ་ན་སློབ་ལམ་གྱི་སྣང་བ་ལྷར་སྒྲུབ་མཐར་ཐུག་ཡིན་ཞིང་། མཐར་རིག་པ་དབྱིངས་སུ་འཁྱིལ། རིག་གདངས་སྐུ་དང་ཞིང་ཁམས་སུ་སྨིན། རིག་རྩལ་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་སུ་གྲོལ་བ་ན་སྣང་བ་ལྷར་གྲུབ་པ་བླ་ན་མེད་པའོ། །ཞེས་གསུངས་སོ། །ཟིན་བྲིས་ལས། ཐག་ཁྲ་སྦྲུལ་དུ་སྣང་བ་ཆོས་ཅན། ཇི་ལྟར་སྣང་བ་ལྟར་གྱི་སྦྲུལ་གྱིས་གདོད་ནས་སྟོང་སྟེ། ཁྱོད་ཡུལ་མི་གསལ་བ་སོགས་ཀྱི་རྐྱེན་ལས་སྣང་གཞི་ཐག་པ་ལ་སྦྲུལ་དུ་བཟུང་བའི་སྣང་བ་ཙམ་ཡིན་པའི་ཕྱིར། །དོན་ནི་ལོག་རྟོག་འཁྲུལ་བའི་དམིགས་ཡུལ་དུ་གྱུར་བའི་མ་དག་པའི་ཕུང་ཁམས་སྐྱེ་མཆེད་ཆོས་ཅན། ཇི་ལྟར་སྣང་བ་ལྟར་གྲུབ་པས་གདོད་ནས་སམ་ཡེ་ནས་སྟོང་སྟེ། ཁྱོད་གཉུག་མའི་ཡེ་ཤེས་ཀྱི་སྣང་བ་ལས་ཕྱིར་གོལ་ཏེ་མ་རིག་པ་མཆེད་ཕྱིན་ཆད་ཀྱི་སྣང་བ་ཡིན་པའི་ཕྱིར། ཞེས་ཞལ་རྒྱུན་ཡིན། ཞེས་སོ། །
སྟོན་པ་ཆོས་ལོངས་རྡོ་རྗེ་མངོན་བྱང་གི་སྐུ་བཞི་དང་། འཁོར་ཡེ་ཤེས་རྒྱ་མཚོ་སོགས་བཞི་པོ་རྣམས་ནི་ལྡོག་ཆས་ཕྱེ་ལ། སྐུ་དེ་དག་རང་རང་གི་དགོངས་པ་ལ་མཉམ་པར་བཞག་པའི་སྟོབས་ཀྱིས། འཁོར་རྣམས་ཀྱི་སྐུ་དེ་དང་ཆ་འདྲ་བའི་རྟོགས་པ་ཁྱད་པར་ཅན་ཐོབ་པས། རང་རང་གི་དགོངས་པ་ལ་མཉམ་པར་བཞག་པ་ལ་གསུང་གིས་བརྡ་སྤྲད་པའི་ཐ་སྙད་སྦྱར་བ་ཡིན་ནོ། །ཆོས་སྐུའི་ཆོས་ཐམས་ཅད་སྐྱེ་བ་མེད་པ་ལ་མཉམ་པར་བཞག་པས་འཁོར་གྱིས་ཀྱང་དེ་དང་ཆ་འདྲ་རྟོགས་པ་དང་། ལོངས་སྐུས་སྐུ་གསུམ་ངོ་བོ་དབྱེར་མེད་ཀྱི་དོན་ལ་མཉམ་པར་བཞག་པས་མེ་ལོང་ལ་པྲ་ཕབ་པ་ལྟར་ལོངས་སྐུ་མཐོང་བ་ཙམ་གྱིས་རང་རྒྱུད་ཀྱི་སྒྲིབ་པ་ཕྲ་མོ་ངོས་ཟིན་པ་དང་། རྡོ་རྗེའི་སྐུས་སྐུ་གསུམ་ངོ་བོ་དབྱེར་མེད་པ་ལ་མཉམ་པར་བཞག་པས་འཁོར་རྣམས་ལྷག་པའི་བདེན་པ་དབྱེར་མེད་ཀྱི་དོན་དང་། མངོན་བྱང་གི་སྐུ་ལྔ་ཡེ་ཤེས་ལྔའི་ལྡོག་ཆ་ཐ་དད་པ་ལ་དགོངས་པ་གཏད་པས་འཁོར་རྣམས་སྤྲོས་པ་མཐའ་དག་གི་སྦུབས་ལས་གྲོལ་བའི་འོད་གསལ་མངོན་སུམ་རྟོགས་གསུངས། ལོངས་སྐུས་སྨིན་པ་ཞེས་པ་གསུང་རྒྱུན་ལས། རྒྱུན་མཐའ་བ་དེས་ལོངས་སྐུ་མཐོང་བ་ཙམ་གྱིས་རང་རྒྱུད་ཀྱི་དྲི་མ་ངོས་ཟིན་ནོ། །སྤྲུལ་སྐུས་མོས་པ་ཞེས་པ་མོས་སྤྱོད་པ་རྣམས་ལའོ། །ཞེས་དང་། སྐུ་གསུམ་དབྱེར་མེད་ཀྱི་ཆ་ནས་དང་སྐུ་གསུམ་གྱི་ལྡོག་ཆ་མ་འདྲེས་པའི་ཆ་ནས་རྡོ་རྗེ་དང་མངོན་བྱང་གི་སྐུའོ། །ཞེས་གསུངས། ཟིན་བྲིས་ལས། བླ་མ་ཐམས་ཅད་མཁྱེན་པ་དཔལ་སྤྲུལ་ནས། སྤྱིར་དབང་རྣོན་ནི་རྟགས་སམ་གཏན་ཚིགས་ཙམ་ལ་བརྟེན་པའི་ཤེས་རབ་ཀྱིས་གྲོལ་བ་དང་། འདིར་དངོས་ལྔ་སོགས་ཀྱི་ཡེ་ཤེས་མཚོན་ནས་རྟོགས་པས་གྲོལ་ཚུལ་གཉིས་དབྱིབས་མཚུངས་དུ་ཡོད་པས་དངོས༵་ལྔ༵་སོགས་གཏན༵་ཚིགས༵་མཚན༵་ཉིད༵་པ༵་དང༵་འདྲ༵་བ༵་ལས༵་བཏགས༵་ཏེ། ཞེས་སོ། །
བཞེད་པ་གཉིས་པོ་གང་ལའང་འཐད་མི་འཐད་ཀྱི་ཆ་གཉིས་ཞེས་པ། གསུང་རྒྱུན་ལས། ཞེན་སྣང་མེད་ཅེས་པ་མི་འཐད་དེ། ཤེས་སྒྲིབ་ཕྲ་མོ་ཡོད་པའི་ཕྱིར། གཏན་ཚིགས་མིན་ཞེས་པ་འཐད་ལྡན་ནོ། །ཞེན་སྣང་གཅད་རྒྱུ་ཡོད་ཅེས་པ་འཐད། གཏན་ཚིགས་དངོས་ཡིན་གསུངས་པ་མི་འཐད། དེ་གཏན་ཚིགས་བཏགས་པ་བ་ཡིན་ནོ། །ཞེས་དང་། སྐྱེ་མེད་མཚོན་པ་ཞེས་པ། ནམ་མཁའ་མཐོང་བ་ཙམ་གྱིས་ཆོས་རྣམས་སྐྱེ་མེད་དུ་རྟོགས་པ་དང་། མེ་ལོང་གི་གཟུགས་བརྙན་གྱི་དྲི་མ་མཐོང་བ་ཙམ་གྱིས་རང་རྒྱུད་ཀྱི་དྲི་མ་ངོས་ཟིན་པ་དང་། ཉི་མའི་སྙིང་པོ་མཐོང་བ་ཙམ་གྱི་གསལ་བའི་ཡེ་ཤེས་མངོན་སུམ་རྟོགས་པ་དང་། བྲག་ཆ་ཐོས་པ་ཙམ་གྱི་གྲགས་སྟོང་དབྱེར་མེད་ཀྱི་དོན་རྟོགས་པ་དང་། སངས་རྒྱས་ཀྱི་ཚངས་དབྱངས་གཅིག་ཐོས་པའི་ཚེ་ན་རང་གི་མོས་པ་ཤེས་ནུས་པ་བཞིན་དངོས་པོ་གཅིག་ཉིད་མཐོང་བའི་ཚེ་ན། དགོངས་དོན་སྣ་ཚོགས་ཤེས་ནུས་སོ། །ཞེས་གསུངས།
ལྡེམ་དགོངས་བརྡའི་ཚིག་སོགས་ཐད། ཞལ་རྒྱུན་དུ། ཁམས་གསུམ་གྱི་སྲོག་གཅད་པར་བྱའོ། །ཞེས་པའི་ནང་དུ་རླུང་སེམས་དབུ་མར་བསྡུ་བ་ལ་གོ་བ་དང་ཆོས་ཐམས་ཅད་བྲག་ཆ་ལྟ་བུའོ། །ཉིན་པར་གྱི་སྣང་བ་ཉི་མ་ལས་གཞན་དུ་མ་གྱུར་བའོ། །ཞེས་པ་དག་ལོངས་སྐུ་དང་དབྱེར་མེད་དང་། མངོན་བྱང་གི་གསུང་གི་མཚན་གཞིར་བཞག་གསུངས། ཚིག་དོན་མཐུན་པའི་གཏན་ཚིགས་ཀྱི་སྐབས་སུ་སྒྲ་མི་འགལ་ཞེས་པའི་དོན་ནི། ཅི་ཡང་མིན་པ་དང་། ཡིན་པ་གཉིས་ཚིག་འགལ་བ་ལྟར་མ་ཡིན་པ་གོ་བ་ལས། གཞན་ཚིག་དོན་མི་མཐུན་པ་ནི། རྟགས་དང་བསྒྲུབ་བྱའི་ཆོས་འགལ་བ་ལ་གོ་ན་འགལ་རྟགས་མཚན་ཉིད་པར་འགྱུར་བས། ཚིག་དོན་མི་མཐུན་པའི་གཏན་ཚིགས་ཡང་དག་གཞག་ཏུ་མེད་པའོ། །ཞེས་གསུངས། གཏན་ཚིགས་ཐད། མི་ཕམ་རིན་པོ་ཆེས་མཛད་པའི་མན་ངག་ལྟ་ཕྲེང་གི་མཆན་འགྲེལ་ནོར་བུའི་བང་མཛོད་ལས། རྒྱུ་གཅིག་པར་རྟོགས་པ་དང་། ཡིག་འབྲུའི་ཚུལ་གྱིས་རྟོགས་པ་དང་། བྱིན་གྱིས་རླབས་ཀྱི་རྟོགས་པ་དང་། མངོན་སུམ་པར་རྟོགས་པའོ། །དེ་ཡང་རྟོགས་པ་བཞི་འདི་ལ་རིམ་ཅིག་ཆར་གཉིས་ཀྱི་བཤད་པ་འབྱུང་ཡང་འདིར་རྫོགས་པ་ཆེན་པོ་རང་བྱུང་གི་ཡེ་ཤེས་ཐིག་ལེ་ཉག་གཅིག་ཏུ་གཏན་ལ་ཕེབས་པས་ཅིག་ཆར་བ་ལྟར་དུ་བཤད་དོ། །དེ་ལ་རྒྱུ་སྟེ་རང་བཞིན་ནམ་གཞི་གཅིག་པར་རྟོགས་པ་ནི་ཆོས་ཐམས་ཅད་དོན་དམ་པར་མ་སྐྱེས་པས་ཞེས་མ་སྐྱེས་པའི་རང་བཞིན་དུ་སོ་སོ་མ་ཡིན་པ་དང་། ཀུན་རྫོབ་ཏུ་སྣང་བ་བདེན་སྟོང་སྒྱུ་མའི་མཚན་ཉིད་དུ་སོ་སོ་མ་ཡིན་པ་ནི་ཐེག་པ་ཆེན་པོ་ཐུན་མོང་དུ་གྲགས་པ་དང་། མ་སྐྱེས་པ་ཉིད་མ་སྐྱེས་བཞིན་དུ་ཆུ་ཟླ་ལྟར་སྒྱུ་མ་དག་སྣ་ཚོགས་སུ་སྣང་ཞིང་རང་རང་གི་བྱ་བ་བྱེད་ནུས་པ་དང་། སྒྱུ་མ་ལྟར་སྣང་བ་ཉིད་སྣང་བཞིན་དུའང་ངོ་བོ་མེད་དེ་མ་སྐྱེས་པས་ན་ཀུན་རྫོབ་དང་དོན་དམ་པར་དབྱེར་མེད་པས་ཟུང་འཇུག་རང་བྱུང་གི་ཡེ་ཤེས་རྒྱུ་གཅིག་པར་རྟོགས་པ་ནི་ལུང་ཟབ་མོ་ལས་དྲང་བའི་ཐུན་མོང་མ་ཡིན་པའོ། །མདོར་ན་རང་བྱུང་ཡེ་ཤེས་བྱང་ཆུབ་སེམས་ཀྱི་ངོ་བོ་ནི་སྣང་སྟོང་དབྱེར་མི་ཕྱེད་པའི་རང་བཞིན་ཡིན་ལ། འཁོར་འདས་ཐམས་ཅད་དེའི་ཚུལ་གཅིག་ལས་མི་འདའ་བ་ནི་རྒྱུ་གཅིག་པའོ། །ཡིག་འབྲུའི་ཚུལ་གྱིས་རྟོགས་པ་ནི་དེ་ལྟ་བུའི་སྣང་སྟོང་དབྱེར་མེད་ཀྱི་རང་བཞིན་དེ་ཉིད་ཀྱང་གདོད་མ་ནས་སྐུ་གསུང་ཐུགས་འབྲས་བུའི་ཆོས་སུ་སངས་རྒྱས་པར་བསྟན་པ་སྟེ། དེ་ལ་ཆོས་ཐམས་ཅད་མ་སྐྱེས་པ་ནི་ཨ་ཡིས་མཚོན་ཏེ་གསུང་གི་རང་བཞིན། མ་སྐྱེས་པ་ཉིད་སྒྱུ་མར་སྣང་ཞིང་བྱ་བ་བྱེད་ནུས་པ་ནི་ཨོ་ཡིས་མཚོན་ཏེ་སྐུའི་རང་བཞིན། དེ་ལྟར་རྟོགས་པའི་རིག་པ་སྒྱུ་མའི་ཡེ་ཤེས་མཐའ་དབུས་མེད་པ་ནི་ༀ་གྱིས་མཚོན་ཏེ་ཐུགས་ཀྱི་རང་བཞིན་དུ་རྟོགས་པའོ། །དེ་ཡང་གདོད་ནས་སྣང་སྟོང་ཟུང་འཇུག་གི་ཡེ་ཤེས་དེ་ལ་བསལ་བཞག་གི་བྲི་གང་ནམ་ཡང་མེད་ཅིང་། དེ་ཉིད་རང་བཞིན་རྣམ་པར་དག་པས་འཁོར་བ་ཡེ་སངས་ཆེན་པོ་ཡིན་ལ། དེ་ཉིད་ཀྱི་རོལ་བ་ནི་གདོད་ནས་དཀྱིལ་འཁོར་གསུམ་དུ་གནས་པ་ཡིན་པར་ནི་ཡིག་འབྲུའི་ཚུལ་གྱིས་རྟོགས་པའོ། །བྱིན་གྱིས་རླབས་ཀྱིས་རྟོགས་པ་ནི། རྟོགས་པ་རྣམ་པ་གཉིས་པོ་དེའི་མཐུ་དང་བྱིན་རླབས་ཤེས་པ་སྟེ། དཔེར་ན་རས་དཀར་པོ་ལ་དམར་པོར་བྱིན་གྱིས་རློབ་པའི་མཐུ་བཙོད་མ་ཡོད་པ་བཞིན་ཏུ། ཆོས་ཐམས་ཅད་གདོད་མ་ནས་སངས་རྒྱས་པར་བྱིན་གྱིས་རློབས་པའི་མཐུ་ཡང་རྒྱུ་གཅིག་པ་དང་ཡིག་འབྲུའི་ཚུལ་གྱི་མཐུས་བྱིན་གྱིས་བརླབས་པར་ཤེས་ཤིང་རྟོགས་པའོ། །དེ་ལ་ཆོས་ཐམས་ཅད་ཡེ་ནས་སངས་རྒྱས་པ་ཡིན་མོད་ཀྱི་རྟོགས་པ་གཉིས་དང་མི་ལྡན་པ་རྣམས་ལ། དེས་ཕན་འདོགས་པར་མི་འགྱུར་ལ། དེ་གཉིས་དང་ལྡན་ན་ནི་ཕན་ཐོགས་པར་སྣང་བར་འགྱུར་བས། རྟོགས་པ་གཉིས་ཀྱི་མཐུས་ཆོས་ཐམས་ཅད་ཡེ་ནས་སངས་རྒྱས་པར་བྱིན་གྱིས་བརླབས་པ་ལྟར་སྣང་བར་འགྱུར་བས་བྱིན་གྱིས་བརླབས་པར་རྟོགས་པ་ཞེས་བྱའོ། །མངོན་སུམ་པར་རྟོགས་པ་ནི། སྤྱིར་དབང་པོའི་མངོན་སུམ་སོགས་ཡོད་ཀྱང་འདིར་ཤེས་རབ་ཀྱི་དབང་པོའི་མངོན་སུམ་སྟེ། དེ་ཡང་སོ་སོར་རྟོག་པའི་ཤེས་རབ་ཉིད་ལ་གོ་བར་བྱ་སྟེ། ཆོས་ཐམས་ཅད་ཡེ་ནས་སངས་རྒྱས་པར་གནས་པ་དེ་ཡང་ཡིན་ཞེས་པའི་ལུང་དང་བླ་མ་བརྒྱུད་པའི་མན་ངག་དང་འགལ་བའང་མ་ཡིན་པ་སྟེ། དཔེར་ན་བསྲེགས་བཅད་བརྡར་བའི་གསེར་ཡིན་མིན། སྐྱོན་ཡོད་མེད། གསེར་བཟང་ངན་ཤེས་པ་བཞིན་དུ། ལུང་གིས་སྤྱི་ལ་མི་འཁྲུལ། ལུང་ལ་དྲང་ངེས་ལྡེམ་དགོངས་སྣ་ཚོགས་པ་ལ་མན་ངག་གིས་དེའི་སྐྱོན་བསལ་བས་ཡིད་ཆེས་ལུང་དང་མན་ངག་ཡོད་ཀྱང་ཚིག་ཙམ་གྱི་སྒྲ་ཕྱིར་འབྲངས་བས་བློའི་གཏིང་དུ་ཉམས་སུ་མ་ལོན་པ་ཡང་ཡོད་པས། ལུང་དང་མན་ངག་གི་ཚིག་ཙམ་ལ་བརྟེན་པའང་མ་ཡིན་པར་སོ་སོར་རྟོག་པའི་ཤེས་རབ་བམ་རང་གི་རིག་པས་བློའི་གཏིང་དུ་ཡིད་ཆེས་པས་མངོན་སུམ་དུ་རྟོགས་པའོ། །ཞེས་འདིས་ནི་ལུང་གི་དོན་སྤྱི་ཕྱིན་ཅི་མ་ལོག་པ་ཤེས་པར་འགྱུར་ལ། མན་ངག་གིས་ལུང་གི་དགོངས་པ་གཞན་དུ་འདྲེན་པ་གཅོད་ཅིང་། ཤེས་རབ་ཀྱིས་མངོན་སུམ་དུ་རྟོགས་པས་ཐོས་པ་ཙམ་ལ་སོགས་པ་ཉིད་དུ་ཞེན་པ་སེལ་ཞིང་གཅོད་པར་བྱེད་པ་ཡིན་ནོ། །དེ་ལྟར་ལམ་གྱིས་ཡིད་ཆེས་པ་ནི། རྟོགས་པ་རྣམ་བཞིའི་དོན་དེ་ཉིད་ཤེས་ཤིང་རིག་པ་ཉིད་རྣལ་འབྱོར་བའི་ལམ་སྟེ། དེའང་མཚན་ཉིད་ཐེག་པར་རྒྱུ་སྔོན་དུ་བསྒྲུབས་པའི་འབྲས་བུ་སངས་རྒྱས་ཉིད་ཀྱིས་ནམ་ཞིག་ན་འབྱུང་བའི་དུས་ལ་ལྟོས་པ་ལྟ་བུ་མ་ཡིན་གྱི། ད་ལྟ་ཉིད་དུ་ཤེས་རབ་ཀྱི་དབང་པོས་རང་གིས་མངོན་སུམ་དུ་རྟོགས་ཤིང་ཡིད་ཆེས་པའོ། །ཞེས་དང་། རིན་པོ་ཆེས། ཡོངས་སུ་དག་པའི་ལྷ་སྐུ་ཐམས་ཅད་སྐྱེད་པའི་ས་བོན་ནི་གསང་སྔགས་ཀྱི་ཡི་གེ་སྟེ། སངས་རྒྱས་ཐམས་ཅད་མིང་ཙམ་ལ་གནས་པ་ལ་གཏུག་ནས་ལེའུ་བཞི་པར་རྒྱས་བཤད་མཛད། ཕུང་སོགས་ཅིར་སྣང་ཐམས་ཅད་སྐྱེད་པའི་ས་བོན་ནི་ཆོས་ཀྱི་དབྱིངས་སམ་སེམས་ཀྱི་གཉུག་མའི་ཁམས་ཏེ། འདིར་འོད་གསལ་གྱི་བསམ་མི་ཁྱབ་བམ་མི་རྟོགས་པའམ་སྤྲོས་པ་མེད་པའི་བཞུགས་ཚུལ་གྱི་ཆའོ། །དེ་ཉིད་ནི་ཡིད་སྐྱོབ་པའི་མནྡྲ་ཐམས་ཅད་ཀྱི་མཐར་ཐུག་སྟེ། ཕྱག་རྡོར་དབང་བསྐུར་དུ་ཆོས་ཀྱི་དབྱིངས་ལ་ལྷ་སྔགས་ཕྱག་རྒྱ་སོགས་མང་པོར་བརྟགས་ནས་དངོས་གྲུབ་ཀྱི་དོན་བྱེད་པར་གསུངས་པ་ལྟ་བུ། དེ་གློ་བུར་བའི་སྤྲོས་པས་སྟོང་བའམ་དག་པ་ཡིན་ཅིང་། གང་སྣང་ཐམས་ཅད་དེའི་ངང་ལས་མཆེད་པ་ནི་སྣང་བ་ཐམས་ཅད་ཀ་ནས་དག་པའི་མཆེད་བཞིའི་ས་བོན་མཐར་ཐུག་ནས་དག་པ་དང་གདོད་ནས་དག་པའོ། །དེའི་ཕྱིར་དབྱིངས་དེ་ནི་ས་བོན་གྱི་སྔགས་དེ་ལ། དེའི་རྣམ་འགྱུར་རང་སྣང་རིས་མེད་སྔགས་ཀྱིས་མིག་བསྒྱུར་བའི་རང་སྣང་གི་སྒྱུ་མ་ལྟ་བུར་མཆེད་ན་ནི་ལྷའི་སྐུ་སྟེ་ཨོས་མཚོན། དེ་ལྟར་དབྱིངས་དང་དེ་ཉིད་སྣང་བ་སྣ་ཚོགས་སུ་ཤར་བ་ཐམས་ཅད་སྔགས་བླ་མེད་ཀྱི་རང་ལུགས་ཐུན་མོང་མ་ཡིན་པའི་རང་བཞིན་རྣམ་དག་གི་དཀྱིལ་འཁོར་གཅིག་ཏུའམ་རང་བཞིན་རྣམ་དག་གི་སྐུ་གསུང་ངམ་ལྷ་སྔགས་ཀྱི་ཡོ་ལང་ཁོ་ན་གནས་པ་དེ་རྟོགས་བྱེད་ཀྱི་ཐུགས་ནི་འོད་གསལ་རང་གི་མཁྱེན་ཆའམ་རིག༵་པའི༵་ཆ༵་སྟེ། དེས་རྟོགས་ཚུལ་ཡང་དབྱིངས་དང་ཡུལ་སྣང་གཉིས་ཆར་རིག་ཆ་ཉིད་ལས་མི་གཞན་པར་མངོན་དུ་གྱུར་ནས་རྟོགས་བྱ་གཉིས་ཀ་རྟོགས་བྱེད་ཀྱི་ཀློང་དུ་རྫོགས་པ་ཨ་ཨོ་གཉིས་ཆར་ༀ་ལ་རྫོགས་པ་ལྟ་བུའོ། །ༀ་གྱི་དོན་ནི། གཟུང་འཛིན་བྲལ་བའི་སེམས་ལ་ལྟོས། །སྣང་བ་ཐམས་ཅད་རང་སྣང་ཡིན། །ཡེ་ཤེས་རིག༵་པ༵་ངོ་མཚར་ཆེ། །ཞེས་པ་དང་གཅིག་རེད། རྟོགས་དུས་སྣང་རིག་དབྱིངས་གསུམ་ཁྱབ་བརྡལ་དུ་འདྲེས་ནས་མཐའ་དབུས་མེད་པའི་འོད་གསལ་དུ་འགྱུར་བར་མ་ཟད་དབྱིངས་མ་རྟོགས་རང་སྣང་སྣོད་བཅུད་རྒྱུད་གསུམ་རང་རྒྱུད་པར་ཞེན་པའི་དུས་ཉིད་ནས་ཤེས་པས་གར་ཁྱབ་རིག་པའི་བདག་ཉིད་གཅིག་གི་ཚུལ་གྱིས་ཁྱབ་ཅིང་རིག་པ་རང་གི་ངོ་བོ་བཟང་ངན་དུ་མི་འགྱུར་བར་མཐའ་དང་དབུས་མེད་པ་སྟེ་ཟབ་ཅིང་རྒྱ་ཆེ། རྒྱ་ཆད་ཕྱོགས་ལྷུང་མེད་པར་གདལ་བ་སྟེ། སེམས་རང་སྣང་རྣམས་སེམས་རང་སྣང་དང་ཡེ་ཤེས་རང་སྣང་གཉིས་ཀྱི་ཟླས་ཕྱེ་བའི་ཡེ་ཤེས་རང་སྣང་མིན་ཡང་། མཐར་གཏུག་ན་ཡེ་ཤེས་ཀྱི་རང་སྣང་ཡིན་དགོས། རང་སྣང་ཞེས་པའི་སྐོར་ཐམས་ཅད་སྣང་བ་སྣང་ཡུལ་གཉིས་ཀྱི་ཟླས་ཕྱེ་བའི་སྔ་མ་རང་ལ་སྦྱར་ན་འགྲིགས་ཆེ། ཀུན་མཁྱེན་ཆེན་པོས་སྣང་བ་འདི་རྣམས་བག་ཆགས་སྨིན་པའི་སྣང་ཆར་བཤད་པའང་དེ་ལྟར་དགོས། སྣང་ཡུལ་དག་མ་དག་གམ་ཕྱིན་ཅི་ལོག་ཡིན་མིན་སྣང་བ་དག་མིན་གྱིས་ཕྱེ་བ་ཐལ་འགྱུར་བའི་ཡང་ལོག་རྣམ་བཞག་དང་ཀུན་རྫོབ་བདེན་པ་གནས་སྣང་མི་མཐུན་པའི་སྟེང་ནས་བཤད་ལུགས་ལྟ་བུ་སྟེ་ཞར་བྱུང་ངོ་། །རང་སྣང་ཐམས་ཅད་དག་པའི་ལྷའི་རང་བཞིན་ནམ་ངོ་བོ་ཉིད་ཡིན་ལུགས་ནི། དག་པའི་དུས་སུ་རྣམ་སྣང་དུ་འོང་རྒྱུ་དེ་མ་རིག་པའི་བག་ཆགས་ཀྱིས་བསླད་ཚེ་ཐ་མལ་བའི་གཟུགས་ཕུང་དུ་འཆར་བ་སོགས་སོ། །རྫོགས་པ་ཆེན་པོའི་ཚུལ་ལ་རྟོགས་པ་བཞིས་ཡིད་ཆེས་ཚུལ་ཡང་གཙོ་བོར་འདི་དང་རྒྱུ་གཅིག་པ་གཉིས་སུ་སྣང་། རྒྱུ་གཅིག་པར་ཆོས་ཐམས་ཅད་ཅེས་པ་ནི་གོང་དུ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཆོས་ཐམས་ཅད་ཅེས་པ་དང་གཅིག་རེད། དོན་དམ་འོད་གསལ་གྱི་དབྱིངས་ལ་འཇིག་འདས་ཀྱི་མཚན་མའམ་སྤྲོས་པ་གཉིས་ཆར་མི་དམིགས། ཀུན་རྫོབ་རང་སྣང་གི་ངོར་དེ་གཉིས་སོ་སོའི་བྱ་བ་བྱེད་ནུས་སུ་ཤར་བའི་རྟེན་འབྲེལ་དུ་མཉམ། དེ་གཉིས་དབྱེར་མེད་དུ་མཉམ་པ་རྣམས་རེད་པས་འདིས་མཉམ་པ་དང་། ཡིག་འབྲུའི་དག་པར་རྟོགས་པ་བསྟན་འདྲ། འདིའི་སྟོང་མཉམ་སྣང་མཉམ་གཉིས་ཆར་དབུ་མ་ལྟར་མི་འཇོག་པར་བླ་མེད་ལུགས་ཁོ་ན་ལྟར་འཆད་པ་འདི་གཙང་ཊཱིཀ་ན་གསལ། མཉམ་ལུགས་སྔ་མ་གཉིས་ཐུན་མོང་བ་དང་། ཕྱི་མ་གཅིག་ཐུན་མིན་དུ་རོང་འགྲེལ་གཉིས་ན་སྣང་བ་ནི་སྲིད་ཞི་གཉིས་བདེན་མཉམ་རྫུན་མཉམ་ཙམ་ཐུན་མོང་ཐེག་པར་ཡང་བཞེད་ཀྱང་། དེ་གཉིས་བདེན་པ་གཉིས་ཀར་འོད་གསལ་ལས་ཕྱི་རོལ་དུ་མ་གྱུར་བར་གཅིག་པའམ་དབྱེར་མེད་པས་བཟང་ངན་མེད་པར་མཉམ་པ་འདི་བླ་མེད་ཀྱི་ཐུན་མིན་ཡིན་ཟེར་རམ་སྙམ་སྟེ། ཀུན་རྫོབ་ཏུའང་དབྱེར་མེད་དེ། །ལྟ་བ་མཐོ་དམན་དེ་ཙམ་མོ། །ཞེས་པ་ལྟ་བུ་རེད་དམ་བརྟག །དོན་དམ་མ་སྐྱེས་པ་ཨ་དང་། ཀུན་རྫོབ་སྒྱུ་མ་ཨོ་གཉིས་རིག་པ་འོད་གསལ་གཅིག་པུར་རྫོགས་པའི་ༀ་འདི་བདེན་གཉིས་དབྱེར་མེད་ལྷག་པའི་ཆོས་སྐུ་ཆེན་པོ་ཟེར་རྒྱུ་དེ་ཡིན་པ་འདྲ། བྱིན་གྱིས་བརླབས་པར་རྟོགས་པའི་ཐད་དཔེ་ལ་ལར་ཡེ་ནས་སངས་རྒྱས་པར་བྱིན་གྱིས་བརླབས་པའི་ཞེས་སྣང་ཡང་། ཡེ་ནས་ཞེས་པ་མེད་པའི་དཔེ་དག་པར་སྣང་། དེའང་རྟོགས་པ་སྔ་མ་གཉིས་ཀྱིས་ཕུང་པོར་བྱིན་གྱི་རློབ་ནུས་པ་སྟེ། རྟོགས་པ་དེ་དག་གི་སྟོབས་ཀྱིས་རྟོགས་བྱའི་དོན་དེ་དག་མངོན་དུ་གྱུར་འོང་བའོ། །དེའང་རྟོགས་པ་གཉིས་པོའི་སྟོབས་ཀྱིས་མ་དག་པའི་ལམ་ཐ་མལ་བའི་སྣང་ཞེན་གློ་བུར་བ་གཉིས་ཀ་ནུབ་ནས་གཞི་དུས་སུ་གཟུགས་ཚོར་སོགས་ཐ་མལ་གྱི་སྣང་བར་འོང་རྒྱུ་དེ་རྣམ་སྣང་རིན་འབྱུང་སོགས་ཀྱི་སྣང་ཞེན་དུ་གོ་འཕོ་བ་སྐྱེ་ཤི་བར་དོ་སྐུ་གསུམ་དུ་སྒྱུར་ཞིང་རློབས་པ་ལྟ་བུ། དེའང་རས་དཀར་པོ་ལྟ་བུ་ནི་ཕུང་སོགས་རང་བཞིན་རྣམ་དག །དམར་པོ་ནི་གློ་བུར་རྣམ་དག་གམ་རྟོགས་པ་མངོན་གྱུར། བཙོད་ནི་རྟོགས་པ་གཉིས་རེད། རས་ནག་པོ་སོགས་ལ་ཚོས་ཁ་ཆེན་པོ་གཞན་དུ་སྒྱུར་མི་བཏུབ། དཀར་པོ་ཁོ་ན་གང་འདོད་དུ་བཏུབ། དེ་བཞིན་ཏུ་གང་སྣང་ཐམས་ཅད་རང་སྣང་རིས་མེད་ཡིན་པའི་གནད་ཀྱིས་ཡོངས་སུ་དག་པའི་ལྷར་བསྒྱུར་ནུས་པ་སྣ་ཚོགས་ནོར་བུ་ལྟ་བུ་རེད། དེའང་སྣང་བ་ཡིན་ཚད་མཐར་གཏུག་ན་ཡེ་ཤེས་རང་སྣང་ཁོ་ནར་ངེས་པ་ལ་ཐུག །ལར་སྐྱེ་འཆི་བར་དོའང་ཐབས་མཁས་ཀྱིས་ཟིན་ན་སྐུ་གསུམ་དུ་འོང་ཞེས་པ་ཙམ་གྱིས་འདིའི་ལུགས་ཀྱི་ལྷར་སྒྲུབ་ལ་དྲན་པ་རྙེད་དཀའ། དེའི་ཁ་བསྐོར་ཕྱོགས་བསྒྱུར་ནས་གདོད་ནས་སྐུ་གསུམ་དངོས་སུ་འོང་རྒྱུ་དེ་འཁྲུལ་རྒྱུས་རྙོག་ནས་ཐ་མལ་བའི་སྐྱེ་ཤི་བར་དོར་འཆར་ཞེས་པའི་སྟེང་ནས་འགྲོ་དགོས། འདིར་སྒྱུ་མ་ངལ་གསོའི་ལེའུ་དང་པོར་མ་དག་གཞན་དབང་ནུབ་སྟེ་དག་པའི་གཞན་དབང་འོང་ཚུལ་གསུངས་པའང་དྲན་པར་བྱ། དེ་ལྟ་བུའི་རྟོགས་པ་གསུམ་པོའང་ཐོས་བསམ་རྐྱང་བའི་གོ་ཡུལ་ཙམ་གྱིས་ནི་གོང་དུ་རྫོགས་པ་ཆེན་པོའི་ཚུལ་ལ་རྟོགས་པ་བཞིའི་ལམ་གྱིས་ཡིད་ཆེས་ཞེས་གསུངས་པའི་ཡིད་ཆེས་མཚན་ཉིད་རྫོགས་པར་མི་འགྱུར་གྱི་རྟོགས་པ་དེ་གསུམ་གྱི་དོན་ཐོས་ཤིང་བསམ་ནས་འདི་ཅིག་ཆར་བ་རེད་པས་རྟོགས་པ་མྱུར་བའི་རྒྱུ་མཚན་གྱིས་མེ་དང་སྤྲ་བ་ཕྲད་པ་ལྟར་སྣང་སེམས་རང་རྒྱུད་པར་འཛིན་པའི་སྒྲོ་འདོགས་རང་ཞིག་སྟེ་རིག་པ་ཡུལ་མེད་རང་གསལ་དུ་བུད་པའི་སྟེང་ནས་དག་མཉམ་ཆེན་པོའི་བཞུགས་ཚུལ་ལ་མྱོང་སྟོབས་ཀྱིས་གཏིང་སླེབ་པ་ལས་ཡིད་ཆེས་རྙེད་པ་ཤེས་ནས་དད་པ་ཐོབ་པ་ཞེས་པ་ལྟ་བུར་གྱུར་དུས། ལྟ་བའི་ལག་རྗེས་འཇོག་ཐུབ་པ་རེད་པས་ཤེས་པའི་མཚན་ཉིད་ཀྱི་ལམ་དངོས་ལ་སླེབས་པའོ། །འདི་ནི་མངོན་སུམ་པར་རྟོགས་པ་སྟེ། རྫོགས་པ་ཆེན་པོའི་ཚུལ་ལ་ཡིད་ཆེས་པ་ཞེས་པའི་རྟོགས་པར་འཇོགས་པ་ལ་རྟོགས་པ་སྔ་མ་གསུམ་པོའི་ཁྱད་པར་འདི་ལྟ་བུ་དགོས་ཞེས་བྱེ་བྲག་ཏུ་ཕྱེ་ནས་བསྟན་པའོ། །རོང་ཟོམ་པས་སོ་སོར་རྟོག་པའི་དུས་ཡིན་གྱི་རྣལ་འབྱོར་གྱི་དུས་ན་མིན་གསུངས་པ་དང་། གཡུང་གིས་སྔ་མ་སྔ་མའི་རྒྱུན་གྱིས་ཕྱི་མ་ཕྱི་མ་བསྟན་ཡོད་སྣང་ཤར་བ་དཔྱོད་ཅེས་དང་། ཡང་རྒྱུ་གཅིག་པའི་སྐབས་མ་དག་པ་ན་ཡེ་ཤེས་ཀྱི་བཞུགས་ཚུལ་ལྟར་ན་རི་རྭ་ལྟ་བུ་དང་། དག་པའང་སྣང་ཙམ་ལས་མེད་པ་ཡིན་པས་དབྱིངས་ངོར་གང་ཡང་མ་གྲུབ་པ་ལ་གོ་དགོས། རྒྱུ་གཅིག་གི་གཏན་ཚིགས་ལ་བརྟེན་ནས་རྒྱུད་འདིའི་ཆེད་དུ་བྱ་བའི་གདུལ་བྱའི་དོན་དམ་དཀོར་བདུན་གྱི་བདག་ཉིད་དབྱིངས་མངོན་སུམ་དུ་རྟོགས་ཏེ་གཉིས་ཆོས་སྤྲོས་མཚན་གྱིས་དབེན་པར་རྟོགས་པ་དང་། དེ་ཡང་ཡེ་ཤེས་ཀྱི་རང་བཞིན་དུ་རྟོགས་པ་དང་། མ་དག་པ་ཐམས་ཅད་ལས་འདས་པའི་ཤིན་ཏུ་དག་པའི་བདག་ཉིད་ཅན་དུ་གཟིགས་པས། དབྱིངས་ཡེ་འབྲས་བུ་དོན་དམ་དངོས་སུ་རྟོགས་པ་སྟེ། དེ་ཡང་རྒྱུད་འདིའི་དབང་དུ་བཏང་ནས་ཟབ་མོའི་ལམ་དང་མཐར་ཐུག་ཆོས་སྐུ་ཐམས་ཅད་འདི་ངོ་འཕྲོད་པ་ཁོ་ནས་འོང་གསུངས། ཡིག་འབྲུའི་གཏན་ཚིགས་སྐབས། ངོ་བོ་ཉིད་ཡེ་མེད་ན་ཆོས་ཐམས་ཅད་ཇི་ལྟར་སྣང་ཞེ་ན། མིང་ཙམ་གྱིས་བཞག་པས་ན་ཡི་གེའི་རྣམ་འཕྲུལ་ཙམ་མོ། །ཡི་གེ་དེའང་གནས་སྣང་མི་མཐུན་པའི་འཁྲུལ་བ་ཕྱིན་ཅི་ལོག་གིས་བསླད་ནས་གཏན་མ་ཞུགས་ན་དེས་གང་བཏགས་དང་ཅིར་སྤྲུལ་གྱི་སྣང་བ་ཐམས་ཅད་ཀྱང་སྣང་ཚུལ་ཕྱིན་ཅི་ལོག་ལས་འདས་པའི་ཤིན་ཏུ་རྣམ་དག་གི་སྣང་བ་འབའ་ཞིག་ཏུ་ཟད་པས་སྣང་སྲིད་ཐམས་ཅད་གདོད་མའི་སྡོད་ཚུལ་ལ་གསུངས། གསང་སྔགས་ཀྱི་སྒྱུ་འཕྲུལ་ཁོ་ནར་གནས་ཏེ་གསུང་གསང་སྔགས་ཀྱི་ཡི་གེ་བྱ་བ་ཕྱིན་ལོག་གིས་བསླད་པ་དང་བྲལ་བའི་དག་པའི་ཡི་གེ་དག་པ་རབ་འབྱམས་ཀྱི་རྣམ་འཕྲུལ་དང་བྱེད་ལས་ཅན་དེ་ལ་བྱེད་པས་སོ། །སྣང་ཚུལ་སེམས་རང་སྣང་གི་ཡི་གེ་ལ་འཁྲུལ་བའི་མིང་ཚིག་མཐའ་མེད་སྲིད་ཀྱང་གནས་ཚུལ་ཡེ་ཤེས་རང་སྣང་གི་མིང་ཚིག་ལ་གསང་སྔགས་ཀྱི་ཡི་གེའི་སྤྲིན་མིན་པ་མེད་པའོ། །འདི་ལེའུ་བཞི་པ་དང་། ཡིག་འབྲུའི་གཏན་ཚིགས་སྐབས་མཁོ་མིན་དཔྱོད། ཅེས་རིན་པོ་ཆེས་གསུངས། ཞལ་རྒྱུན་དུ། ཡིག་འབྲུའི་ཚུལ་གྱིས་གཏན་ཚིགས་དེས་རང་སྣང་དག་པའི་དཀྱིལ་འཁོར་མངོན་སུམ་མཐོང་སྟེ། ལམ་གྱི་སྐབས་རྒྱ་ཆེ་བ་སངས་རྒྱས་གཟུགས་སྐུའི་དངོས་རྒྱུ་དང་། འབྲས་བུའི་སྐབས་ཀྱི་གཟུགས་སྐུ་མཐར་ཐུག་པ་ཉིད་འདི་ངོ་འཕྲོད་པ་ལ་ལྟོས། གྲོལ་ལམ་ཅིག་ཆར་བའི་ཐད་ན། སྐུ་གསུང་ཐུགས་སུ་སྣང་བའི་དག་པའི་ཆོས་ཀུན་མ་ལུས་གསུང་ༀ་ཡིག་རོལ་བར་མཚོན་ནས་རྟོགས། འདི་ལ་དཔེར་བརྗོད། སེམས་ཉིད་ཆོས་ཅན། གཤིས་དག་པའི་དཀྱིལ་འཁོར་ཡིན་ཏེ། ༀ་བཞིན་ཞེས་པ་ལྟ་བུའོ། །དེ་ལྟར་ཡི་གེ་ཨ་ཨུ་མ་གསུམ་གྱིས་སྐུ་གསུང་ཐུགས་རྡོ་རྗེ་གསུམ་མཚོན་ལ། དེའང་ཨ་ཡིག་གིས་ནི་དབྱིངས་ཅི་ཡང་མ་ཡིན་པ་མཚོན་ལ། ཀླད་གོར་གྱིས་དབྱིངས་ལ་ཡེ་ཤེས་འབྲལ་མི་སྲིད་ཅེས་པའི་ཡེ་ཤེས་མཚོན་ལ། ཨུ་ཡིག་གིས་ནི་ཡེ་ཤེས་ལ་སྣང་ཆ་ལྷུན་གྲུབ་ཏུ་ཡོད་པ་མཚོན་ནོ། །བྱིན་གྱིས་བརླབས་པའི་གཏན་ཚིག་ཐད། འདིར་བདེན་གཉིས་དབྱེར་མེད་ཀྱི་ཚུལ་མངོན་སུམ་དུ་རྟོགས་པ་ནི། ལམ་དུས་སྐུ་ཐུགས་ཟུང་འབྲེལ་དུ་སློབ་པ་དང་། མཐར་ཐུག་སྐུ་ཐུགས་ཟུང་འཇུག་གི་དངོས་རྒྱུ་འདི་ཡིན་པས་འདི་ལ་སྒྱུ་ལུས་སྒྲུབ་ཚུལ་ལྟ་བུ་མེད་པར་རང་ལུགས་ཀྱི་སྒྱུ་འཕྲུལ་དྲྭ་བའི་སྐུ་འདི་ཉིད་ངོ་འཕྲོད་པ་གལ་ཆེ་གསུངས། ཞལ་རྒྱུན་དུ། བདེན་གཉིས་དབྱེར་མེད་རྟོགས་བྱེད་ཉིད་འོད་གསལ་བའི་ཡེ་ཤེས་བློ་བྲལ་ཉིད་ཡིན་པར་བསྟན་པ་འདི་ལམ་སོ་སོ་རང་རིག་པའི་ཡེ་ཤེས་དང་མཐར་ཐུག་རྒྱལ་བའི་ཐུགས་རྣམ་པར་མི་རྟོག་པའི་ཡེ་ཤེས་ཉིད་བསྟན་པའོ། །ཞེས་གསུངས། འདི་སྐོར་རྒྱས་པ་གཏན་ཚིགས་ཀྱི་འགྲེལ་བ་བཀའ་དྲིན་འཁོར་དུ་མེད་པ་རྗེ་བཙུན་བླ་མ་ཉིད་ཀྱིས་མཛད་པ་ལས་ཤེས་པར་བྱའོ། །
༈ རིན་པོ་ཆེས། གཡོ༵་མེད༵་ཀྱི༵་དགོངས༵་པ༵་ཤར༵་བ༵་ན༵། དེ་འདྲའི་རྣལ་འབྱོར་བ་དེའི་བློ་ངོར་ཆོས་ཐམས་ཅད་དབྱེར་མེད་དུ་སངས་རྒྱས་པ་དེ་གདོད༵་གཞོན༵་ནུ༵་མའི༵་༴སོགས། དབུ་མའི་སྐབས་སུ་སྟོང་པ་དང་རྟེན་འབྱུང་གཉིས་གཅིག་གྲོགས་སུ་གཅིག་སོང་བ་བཞིན་དུ། འདིར་དབྱིངས་ཅི་ཡང་མ་ཡིན་པའི་གནད་ཀྱིས་ཅིར་ཡང་སྣང་བ་དང་། ཅིར་ཡང་སྣང་བའི་གནད་ཀྱིས་དབྱིངས་ཅི་ཡང་མ་ཡིན་པ་ནི་གནད་ཀྱི་དབྱིངས་སུ་ཅི་ཡང་མ་ཡིན་པ་ནི་ཆེས་ཤིན་ཏུ་འཐད་གསུངས།
སྣོད་བཅུད་རྒྱུད་གསུམ་ཞེས་པའི་ཐད། རྒྱུད་རྣམ་ཤེས་ཚོགས་བརྒྱད་ནི། གྲུབ་མཐའ་མཛོད་ལས། དེའང་ཀུན་གཞི་ནི་རྟོག་མེད་དྭངས་མ་ཕྱེད་པ་ལུང་མ་བསྟན་ཡིན་པ། ཀུན་གཞིའི་རྣམ་ཤེས་གསལ་བ་ཙམ་རིས་སུ་མ་ཆད་པར་གནས་པའི་ཆ་ཞེས་དང་། ཡང་རྟོག་པ་དང་དཔྱོད་པ་ཆགས་སྡང་ནི་ཡིད་ཤེས་དང་ཉོན་ཡིད་ཅེས་དང་། དྭངས་མ་ཕྱེད་པའི་རྟོག་མེད་ཀུན་གཞི། ཅུང་ཟད་གསལ་དྭངས་ཙམ་ཀུན་གཞིའི་རྣམ་ཤེས། གཟུགས་སྒྲ་སོགས་ཡུལ་ལྔ་རགས་པ་དང་དབང་ཤེས་སོ་སོ་ལ་སྣང་བ་སྒོ་ལྔའི་རྣམ་ཤེས་སོ། །ཞེས་གསུངས་པ། ངོ་བོ་མི་རྟོག་པའི་ཆ་ནས་ཀུན་གཞི། རིག་ཙམ་གསལ་ཙམ་གྱི་ཆ་ནས་ཀུན་གཞིའི་རྣམ་ཤེས་ཏེ། ཤེས་པ་གཅིག་ལ་ལྡོག་པས་ཕྱེ་བ་ཡིན་པ་འདྲ་ལ། ཡང་གསུང་རྒྱུན་ལ། ཀུན་གཞི་འཐིབ་ཤིང་དྭངས་མ་ཕྱེ་བ། དེ་ལས་ཅུང་དྭངས་བ་སྒོ་ལྔ་མ་མཆེད་པའི་སྐབས་ཀྱི་ཤེས་པ་རྨོངས་པ་ལ་ཀུན་གཞིའི་རྣམ་ཤེས་ཟེར་བ་འདྲ་བ་ཞིག་ཀྱང་ཐོས་པ་འདྲ་ཡང་། སྔ་མ་ཉིད་ལེགས་པ་ཡིན་ནམ་དཔྱད། །འདི་དག་གནས་གྱུར་ཡེ་ཤེས་ལྔར་འགྱུར་ཚུལ་ནི། གྲུབ་མཐའ་མཛོད་ཀྱི་ཐེག་ཆེན་ལམ་གྱི་འབྲས་བུ་རྟེན་སྐུ་བརྟེན་པ་ཡེ་ཤེས་འཆད་སྐབས་ལ། མ་དག་པའི་དུས་ཀྱི་རྣམ་ཤེས་ཚོགས་བརྒྱད་རྟེན་ཀུན་གཞི་དང་བཅས་པ་ལོག་པས་ཡེ་ཤེས་སུ་ཤར་བ་ལ། ཀུན་གཞི་དག་པས་ཆོས་དབྱིངས། ཀུན་གཞིའི་རྣམ་ཤེས་དག་པས་མེ་ལོང་ལྟ་བུའི་ཡེ་ཤེས། ཡིད་དག་པས་མཉམ་པ་ཉིད། ཉོན་ཡིད་དག་པས་སོ་སོར་རྟོག་པ། སྒོ་ལྔའི་རྣམ་ཤེས་དག་ནས་བྱ་བ་གྲུབ་པའི་ཡེ་ཤེས་ཏེ། སྐུ་གསུམ་ལ་འཇུག་པའི་མདོ་ལས། ཀུན་གཞི་དབྱིངས་སུ་ནུབ་པ་ནི་ཆོས་ཀྱི་དབྱིངས་སོ། །ཀུན་གཞིའི་རྣམ་ཤེས་དབྱིངས་སུ་ནུབ་པ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་སོ། །ཡིད་ཀྱི་རྣམ་པར་ཤེས་པ་དབྱིངས་སུ་ནུབ་པ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་སོ། །ཉོན་མོངས་པ་ཅན་གྱི་ཡིད་དབྱིངས་སུ་ནུབ་པ་ནི། སོ་སོར་རྟོག་པའི་ཡེ་ཤེས་སོ། །སྒོ་ལྔའི་རྣམ་པར་ཤེས་པ་དབྱིངས་སུ་ནུབ་པ་ནི་བྱ་བ་གྲུབ་པའི་ཡེ་ཤེས་སོ། །ཞེས་སོ། །འདི་དག་གནས་འགྱུར་ཞེས་པའང་སྣང་ཚུལ་གྱི་མ་དག་པའི་ཆ་ཡེ་ཤེས་སུ་ཤར་བ་ལ་གོ་བ་ལས་ཉོན་མོངས་རང་མཚན་ཡེ་ཤེས་སུ་གནས་འགྱུར་བ་མི་སྲིད་དེ་ཡེ་ཤེས་དང་ཤིན་ཏུ་འགལ་བའི་ཕྱིར་དང་། སྤང་བྱར་བཤད་པའང་སྣང་ཚུལ་ལ་དགོངས་པ་དང་། ཡེ་ཤེས་ལྔ་པོ་ལྷུན་གྲུབ་འདུས་མ་བྱས་པའི་ཁམས་ཀྱི་ཡོན་ཏན་ཡིན་པས་ད་གསར་དུ་སྒྲུབ་དགོས་རྒྱུ་ཞིག་རང་ལུགས་སུ་འདོད་པའི་མཁས་གྲུབ་སུ་ཡང་མེད་པས་ན། ངོ་བོ་གདོད་ནས་ཡེ་ཤེས་སུ་འདོད་པར་བྱའོ། །ཞེས་གསུངས། ཞལ་རྒྱུན་ལ། སེམས་ཉིད་ཆོས་ཅན། གཤིས་དག་པའི་དཀྱིལ་འཁོར་ཡིན་ཏེ། དཔེར་ན་ༀ་བཞིན། ཞེས་པ་ལྟ་བུའི་ཅིག་ཆར་དུ་ལྷག་བདེན་གཉིས་རྟོགས་གསུངས།
གསུང་རྒྱུན་ལས། ཡུམ༵་ལྔ༵་དང༵་ཡབ༵་ལྔ༵་ཞེས་པ། འབྱུང་བཞིའི་རེག་བྱ་སྟེ་ཡུལ་ཡིན་པས་ཡུམ་ལ་བཞག་པ་དང་། འབྱུང་གྱུར་གཟུགས་ཀྱི་ཕུང་པོ་ནི་ཡུལ་ཅན་ཡིན་པས་ཡབ་ལ་བཞག་གོ །
གཟུགས༵་ཕུང༵་ཙམ་ཡང་ཚོར་བ་༴སོགས། ཞེས་པ། གཟུགས་ཕུང་གཅིག་གིས་ཀྱང་ཕུང་པོའི་ཕྱི་མ་རྣམས་ཀྱི་དོན་བྱེད་ནུས་པས་ན་རོ་མཉམ་ཞེས་བརྗོད་པ། གཟུང་ཕུང་དེ་ལ་ཚོར་ཕུང་ཞེས་མི་བརྗོད་དེ་ལྡོག་ཆ་ཐ་དད་དུ་འཇོག་དགོས་སོ། །
དཔྱད༵་རྒྱུ༵་ཆེ༵་ཡང༵་ཞེས༵་པ། མདོ་ཕྱོགས་ནས་གཤེགས་སྙིང་བསྟན་པས་འདིར་བསྟན་གྱི་ཡེ་ཤེས་བསྟན་པར་འདོད་དགོས་སོ། །འདོད་ན་ལྷག་པའི་ཀུན་རྫོབ་བདེན་པ་བསྟན་པར་ཡང་འདོད་དགོས། འདོད་ན་ཐུན་མིན་བདེན་གཉིས་འཇོག་པར་དཀའ་ཡང་། སྐྱོན་མེད་པའི་ཚུལ་ནི། རྒྱུད་བླ་མའི་བཤད་བྱ་རྩ་བར་བསྟན་པའི་མདོ་བཞི་ནི། གཤེགས་སྙིང་བསྟན་པའི་མདོ། གཟུངས་ཀྱི་དབང་ཕྱུག་གིས་ཞུས་པའི་མདོ། དཔལ་ཕྲེང་གིས་ཞུས་པའི་མདོ། བྱམས་པ་སེང་གེས་ཞུས་པའི་མདོ་རྣམས་དམིགས་བསལ་དུ་བྱས་ནས། མདོ་ཕྱོགས་སྤྱིར་བཏང་ལ་ལྟོས་ཏེ་ཐུན་མིན་དུ་འཇོག་པ་ལོ་ཆེན་གྱིས་བཞེད་པའོ། །
མཱུ༵ྃ་གྱི༵་དེ༵་ཉིད་ཅེས་པ་ཟིན་བྲིས་ལས། དབྱིངས་བཞིན་ལག་གི་རྣམ་པར་ཤར་བ་ཡུམ་དབྱིངས་ཕྱུག་མ་ཡིན་ལ། དེའི་ས་བོན་མཱུཾ༵་དང་། དེའི་དེ་ཉིད་དབྱིངས་ཡིན་པས་དེར་བསྡུས་པ་ལ་ཆོས་དེ་དག་མཱུ༵ྃ་གྱི་དེ་ཉིད་སོགས་ཞེས་དང་། གྲུབ་མཐའ་ནི། འཇལ་བྱེད་རྟགས་སམ་གཏན་ཚིགས་རྣམས་ལ་བརྟེན་ནས། གཞལ་བྱ་དག་མ་དག་གི་ཚོགས་དོན་དེ་ཉིད་གདོད་ནས་རྣམ་དག་ཏུ་ཤར་བ་ལ་གྲུབ་མཐའ་ཟེར་ཞེས་གསུངས།
ལམ་རིམ་ལས། རྒྱ་མཚོ་དྭངས་བའི་སོགས། རླུང་རྐྱེན་གྱིས་བྱུང་པའི་རླབས་སོགས་དང་བྲལ་བའི་རྒྱ༵་མཚོ༵་དྭངས༵་པའི༵་ནང་དུ་གཟའ་སྐར་གྱི་གཟུགས༵་བརྙན༵་ཤར་བ་ལྟར༵་དུ་སྒྲ༵་ལ་བརྟེན་པའི་དོན་སྤྱི་ཡིད༵་ལ༵་བྱེད༵་པའི་རྟོག་པས་ཡུལ་འཇལ་བ་ལྟར་མིན༵་པར༵་གནས་ལུགས་མཚན་ཉིད་པ་དེ་སོ་སོ་རང༵་རིག༵་པའི་མངོན༵་སུམ༵་གྱིས་དམིགས༵་གཏད་ཀྱི་ཡུལ་དང་བྲ༵ལ་བར༵་སེམས་ཉིད་རང༵་གསལ༵་གྱི་ཚུལ་དུ་སྒྲོ་སྐུར་ལུང་མ་བསྟན་གསུམ་མམ། ལྟ་བའི་ཡུལ། བལྟ་བྱེད་ཀྱི་མཁན་པོ། ལྟ་བ་དངོས་གསུམ༵་དང་བྲལ༵་བར་མཐོང་བ་དང་། ཀུན་རྟོག་གི་གྲུབ་མཐའ་གཞན་གྱིས་མི༵་བསྒུལ༵་བའམ༵་དཀྲི་མི་ནུས་པའི་ངེས༵་པ༵་གཏིང་ནས་རྙེད་པའི་ལྟ་བ་ལ་གདེངས༵་སུ༵་བྱས༵་པ༵་སྟེ་གདེངས་བཅས་ཏེ་ཐོས༵་བསམ༵་བརྟན་༵པོ༵་སོགས་སྔོན་དུ་སོང་ནས་སྒོམ་པ་ལ་ལྟ༵་བ་མཐར༵་ཕྱིན༵་པ་ཡིན་ནོ། །ཞེས་སོ། །ཞལ་རྒྱུན་དུ། སྒྲ་ཚིག་ལ་བརྟེན་པ་དང་ཀུན་རྟོག་གི་ཡིད་ལ་བྱེད་ནུས་པ་མིན་པར། རང་རིག་མངོན་སུམ་འདི་དང་འདིའོ་སྙམ་པ་ལྟ་བུའི་དམིགས་བྲལ་བ། རང་གསལ་གསུམ་བྲལ་རྟོགས་བྱ་རྟོགས་བྱེད་རྟོགས་པ་པོས་མི་བསྒུལ་བར་རམ་མ་རྟོགས་ལོག་རྟོག་ཐེ་ཚོམ་གྱིས་མི་བསྒུལ་བར་ཡིད་ཆེས་པས་གདེངས་སུ་གང་བྱས་པ་ཐོས་བསམ་བརྟན་པའི་ལྟ་བ་མཐར་ཕྱིན་པའོ། །ཞེས་གསུངས། ༈ ལྷུན་གྲུབ་ཡེ་ཤེས་སྒྲོན་མ་ཉིད། །རང་བཞིན་གསལ་བ་སྤྱན་གྱི་མཆོག །ཅེས་པའི་ཐད། འཇིགས་འོད་ཞལ་རྒྱུན་ལས། རང་བཞིན་གསལ་བ་སྤྱན་གྱི་མཆོག །ཅེས་པས་གསལ་བའི་རང་བཞིན་འདིར་བསྟན་དབྱིངས་ཡིན་ཞིང་། དབྱིངས་མངོན་སུམ་དུ་གཟིགས་པས་ཤེས་རབ་ཀྱི་སྤྱན་གཞན་ལས་མཆོག་ཅེས་པ་རེད། ཡིད་ལས་འདས་པའི་ཤེས་རབ་ཞེས་པའི་ཡིད་གློ་བུར་བའི་ཤེས་རབ་དང་། དེ་ལས་འདས་པའི་ཤེས་རབ་གཉུག་མའི་ཤེས་རབ་ཡིན་ནོ། །ཞེས་གསུངས།
ལམ་གྱི་འོད་གསལ་ཤར་ན་ཆོས་ཉིད་ཀྱི་དབྱིངས་མངོན་སུམ་དུ་མཐོང་བས་མ་ཁྱབ་པས། ཞེས་པའི་ཐད་དུ། ཞལ་རྒྱུན་དུ། འོད་གསལ་ཉིད་མངོན་དུ་གྱུར་ཡང་། དཔེ་སྤྲིན་སྲབ་མོས་བསྒྲིབ་པའི་ཉི་མ་ལྟ་བུ་སྦྱོར་ལམ་གྱི་དུས་དང་། འཕགས་ས་ནས་ཀྱང་ཡོངས་རྫོགས་མཐོང་བ་ནི་སངས་རྒྱས་ཀྱི་ས་ལས་མི་འོང་སྟེ། མདོར་ན་དབྱིངས་ཡེ་གཉིས་ཀའི་ཡིན་ལུགས་ཅི་བཞིན་པ་མངོན་དུ་གྱུར་པ་ནི་སངས་རྒྱས་པའི་ས་ལས་མི་འོང་ཞེས་གསུངས་སོ། །མི་ཕམ་རིན་པོ་ཆེས། དོན་གྱི་ཡེ་ཤེས་ཟླ་བ་ལྟ་བུ་མངོན་དུ་མཐོང་བའི་ཚེ་ན་དོན་གྱི་ཡེ་ཤེས་དངོས་མཐོང་བ་ཡིན་ཡང་། ཚེས་གཅིག་ཟླ་བ་ཟླ་བ་དངོས་ཡིན་ཀྱང་ད་དུང་བཅོ་ལྔའི་བར་རྒྱ་ཆེར་མཐོང་བ་ཡོད་པ་བཞིན། སྒོམ་པའི་ལམ་དུ་དོན་གྱི་ཡེ་ཤེས་མཐོང་བ་ཆེར་འཕེལ་ཏེ། མཐར་ཐུག་བཅོ་ལྔའི་ཟླ་བ་མཐོང་བ་ལྟར་མཐོང་བ་ཡོངས་སུ་རྫོགས་པ་སངས་རྒྱས་ཀྱི་གོ་འཕང་འགྲུབ་པའོ། །ཞེས་གསུངས། རིན་པོ་ཆེས། ཚད་ཕེབས་དུས་ངོ་བོའི་སྟེང་དུ་བཙན་ས་ཟིན་པ་ཡིན་པར་གསུངས།
གསང་འདུས་སོགས་ཐད་ཟིན་བྲིས་ལས། སྟོང་གཞིའི་རླུང་སེམས་ལས་དག་མ་དག་གི་སྒྱུ་མའི་སྐུ་སྒྲུབ་ཚུལ་གཙོ་བོར་སྟོན་པའི་རྒྱུད་སྡེ་དངོས་སམ་དེ་དང་བརྗོད་བྱ་ཕྱོགས་མཐུན་གང་རུང་གི་རྒྱུད་དེ་ཕ་རྒྱུད། ཕ་རྒྱུད་རྣལ་འབྱོར་རྒྱུད། ཐབས་ཀྱི་རྒྱུད། མཁའ་འགྲོ་ཕའི་རྒྱུད་རྣམས་དོན་གཅིག་རླུང་དབུ་མར་ཞུགས་གནས་ཐིམ་གསུམ་བྱས་པ་ལས་བྱུང་བའི་དོན་དེ་བདེན་པ་དང་རོ་གཅིག་དུ་གྱུར་བའི་བདེ་བ་ཆེན་པོའི་ཡེ་ཤེས་གཙོ་བོར་སྟོན་ཞིང་སྒྱུ་མའི་སྐུ་སྒྲུབ་ཚུལ་གཙོ་བོར་མི་སྟོན་པའི་རྒྱུད་སྡེ་དངོས་སམ་དེ་དང་བརྗོད་བྱ་ཕྱོགས་མཐུན་གང་རུང་གི་རྒྱུད་དེ་མ་རྒྱུད། མ་རྒྱུད་རྣལ་འབྱོར་གྱི་རྒྱུད། ཤེས་རབ་ཀྱི་རྒྱུད། མཁའ་འགྲོ་མའི་རྒྱུད་རྣམས་དོན་གཅིག །བདེན་སྟོང་གཉིས་མེད་ཀྱི་རྒྱུད་སྡེ་དངོས་སམ་དེ་དང་བརྗོད་བྱ་ཕྱོགས་མཐུན་གང་རུང་གི་རྒྱུད་ཀྱི་རྒྱུད་དེ་གཉིས་མེད་རྒྱུད། དེ་དང་མ་ནིང་གི་རྒྱུད་དོན་གཅིག །སྟོང་པ་སྣང་བ། ཤིན་ཏུ་སྟོང་པ་མཆེད་པ། རབ་ཏུ་སྟོང་པ་ཐོབ་པ། ཐམས་ཅད་སྟོང་པ་འོད་གསལ། ཞེས་སོ། །
ཡང་གསུང་རྒྱུན་ལས། དག༵་རྫོགས༵་སྨིན༵་གསུམ༵་ཞེས་པ། མར་སྐྱེ་འཆི་བར་དོ་གསུམ་ག་དག །ཡར་འབྲས་བུ་སྐུ་གསུམ་རྫོགས་པ་སྟེ། དགག་སྒྲུབ་གཉིས་ཀྱི་སྒོ་ནས་འཇོག་པ་དང་། སྨིན་པ་ནི་བསྐྱེད་རིམ་དེ་ཉིད་རྫོགས་རིམ་སྨིན་བྱེད་ཀྱི་ཡན་ལག་ཏུ་གྱུར་པའོ། །དེ་ཡང་བསྐྱེད་རིམ་གྱི་སྟོང་པ་ཆེན་པོའི་རྣལ་འབྱོར་དང་། སྙིང་རྗེ་སྒྱུ་མ་ནས་བཟུང་སྟེ་སྤྲོས་བཅས་ཀྱི་བར་འབྲས་བུ་ཆོས་གཟུགས་གཉིས་ཀྱི་བརྒྱུད་རྒྱུ་བྱེད་པ་དང་། རྫོགས་རིམ་གྱི་འོད་གསལ་དང་སྟོང་གཟུགས་གཉིས་ཀྱི་འབྲས་བུ་ཆོས་གཟུགས་གཉིས་ཀྱི་དངོས་རྒྱུ་བྱེད་པའོ། །
དངོས༵་སུ༵་སྒྱུར༵་བའི༵་ལམ༵་ཞེས་པ། རྫོགས་རིམ་ཡིན་ལ། རྒྱུན་མཐའི་བར་ཆད་མེད་ལམ་གྱི་རྣམ་གྲོལ་ལམ་ལ་འཕོས་ནས་འབྲས་བུ་ལམ་ལ་ཉིང་མཚམས་སྦྱོར་བའོ། །
རྫོགས༵་པའི༵་བསྐྱེད༵་པ༵་ཞེས་པ། སྟོང་ཆེན་ལ་གོམས་པས་འོད་གསལ་མངོན་ཏུ་གྱུར་ཏེ། རྗེས་སུ་སྙིང་རྗེ་སྒྱུ་མ་སྒོམ་པ་ལྟ་བུ། བསྐྱེད༵་པའི༵་རྫོགས༵་པ༵་ཞེས་པ་བསྐྱེད་རིམ་གྱི་སྙིང་རྗེ་སྒྱུ་མའི་རྣལ་འབྱོར་བསྒོམ་པས། རྫོགས་རིམ་ཀྱི་ཡེ་ཤེས་ལ་གོ་འཕོས་ནས་མ་བཅོས་པའི་སྙིང་རྗེ་སྒྱུ་མར་སོང་བ་ལྟ་བུའོ། །ཞེས་གསུངས།
ཟིན་བྲིས་ལས། ལྷ་ཞེ་གཉིས་ཞེས་པ། རིགས་ལྔ་ཡབ་ཡུམ་བཅུ། སེམས་དཔའ་ཡབ་ཡུམ་༡༦། ཀུན་བཟང་ཡབ་ཡུམ་༢། ཐུབ་པ༦། སྒོ་བ་ཡབ་ཡུམ་བརྒྱད་དང་ཞེ་གཉིས་སོ། །ཞེས་གསུངས། ཞལ་རྒྱུན་ལས། སྤྱི་མགྲིན་སྙིང་གར་རྣམ་སྣང་སྤྱན་གཟིགས་མི་བསྐྱོད་རྒྱལ་པོ། དཀར། དམར། མཐིང་། འཁོར་ལོ། པདྨ། རྡོ་རྗེ་འཛིན་པ་ལོངས་སྐུའི་ཆས་ཅན། ཡེ་ཤེས་སེམས་དཔའ་རྒྱན་དང་ཕྱག་མཚན་སྤང་བ་དང་། རྣམ་སྣང་སོགས་རིགས་ཐ་དད་བཞིའི་གཙོ་བོ་རྡོ་རྗེ་མི་བསྐྱོད་པ་གཅིག་ཏུ་གྱུར་པའི་རབ་ཏུ་ཕྱེ་བའི་དཀྱིལ་འཁོར། རང་གི་རིགས་ཆུང་གིས་བསྐོར་བའི་རིགས་ཐ་མི་དད་པའི་གཙོ་བོ་སོ་སོས་བྱེད་པ་ཚོམ་བུར་བཤད་དོ། །
རིགས་ཆུང་གི་སེམས་དཔའ་བཞི་བཅུའི་མཚན་སྡོམ་ནི། དབུས་ཀྱི་རིགས་ཆུང་སེམས་དཔའ་རྡོ་རྗེ་དང་། །དེ་བཞིན་རིན་ཆེན་ཆོས་དང་ལས་བཞིའི་ཡུམ། །རིམ་བཞིན་བརྟན་འབར་སྡུད་བསྐྱོད་བཞི་པོ་སྦྱར། །སེམས་དཔའ་རྒྱལ་པོ་ཆགས་པ་ལེགས་བཞི་ཤར། །ཡུམ་ནི་སྒེག་མོ་བདུག་པ་ལྕགས་ཀྱུ་སྒྲོན། །རིན་ཆེན་ཉི་མ་རྒྱལ་མཚན་བཞད་བཞི་ལྷོ། །ཡུམ་ནི་མ་ལེ་མེ་ཏོག་ཞགས་བདེ་མ། །ཆོས་དང་རྣོན་པོ་འཁོར་ལོ་སྨྲ་བ་ནུབ། །ཡུམ་ནི་གླུ་སྒྲོན་ལྕགས་སྒྲོགས་གསལ་བཀྲ་མ། །ལས་དང་སྲུང་བ་གནོད་སྦྱིན་ཁུ་ཚུར་བྱང་། །གར་བྱུག་དྲིལ་འཁྲོལ་འབེབས་མ་ཡུམ་བཞི་སྟེ། །དང་གཅིག་མ་གཏོགས་ཡབ་ཡུམ་ཐམས་ཅད་ཀྱི། །མཚན་གྱི་ཐོག་མར་རྡོ་རྗེ་རེ་རེ་སྦྱར། །ཞེས་སོ། །
ཁྲོ་བོའི་རིགས་ཆུང་སྡོམ་ནི། །བུདྡྷའི་འཁོར་ནི་བྱམས་པ་ཐུགས་རྗེ་དང་། །ལོ་ཀ་གསུམ་ལ་སྙིང་པོ་བཏགས་པ་དང་། །བཏང་སྙོམ་ཡབ་ཡུམ་པདྨ་ཧེ་རུའི་འཁོར། །རྒྱལ་བར་རོལ་བར་སེམས་ཟད་འབྱུང་བ་བཞིར། །བྱེད་པར་བཏགས་པ་ཡབ་ཡུམ་ཀརྨའི་འཁོར། །སྒྲོལ་བྱེད་མཐར་བྱེད་རོལ་པ་ཉམས་མྱོང་བཞི། །ཡུམ་བཅས་བཛྲ་འཁོར་ནི་རྡོ་རྗེ་དང་། །རིན་ཆེན་པདྨ་ཀརྨ་བཞི་པོ་ལ། །སྙིང་པོ་བཏགས་པ་ཡུམ་བཅས་རཏྣའི་འཁོར། །རྡོ་རྗེ་རོལ་བ་རྡོ་རྗེ་སྲིན་པོ་དང་། །རྡོ་རྗེ་ལྷ་མོ་སྣ་ཚོགས་རྡོ་རྗེ་རྣམས། །ཡུམ་བཅས་རིགས་ལྔའི་རིགས་ཆུང་ཁྲོ་མོའི་འཁོར། །ཞེས་སོ། །སངས་རྒྱས་སྟོང་དང་སོགས་ཀྱི་བཀོད་ལུགས་རྣམས་གསང་བདག་ཞལ་ལུང་ན་གསལ་བས་མ་བྲིས། སྟོན་པ་མཛོད་ལྡན་ཆུ་བོ་རྫོགས། །གཉེར་ལྡན་རྒྱུད་དང་ལས་ལ་མཁས། །མན་ངག་དྲོད་དང་བརྒྱད་འཆང་བ། །རྣལ་འབྱོར་མཐར་ལྡན་ཤིན་ཏུ་བསྟེན། །ཞེས་པ། ལྟ་སྒོམ་སྤྱོད་པའི་མཛོད་དང་ལྡན་པ་དང་། །དབང་བཞིའི་ཆུ་བོ་ཡོངས་སུ་རྫོགས་པ་དང་། །བློ་རིམ་དང་འཚམས་པར་སློབ་མ་རྗེས་སུ་འཛིན་པའི་དོན་གཉེར་དང་ལྡན་པ་དང་། རྒྱུད་གསུམ་གྱི་དོན་དང་ལས་བཞིའི་ཕྲིན་ལས་སྒྲུབ་པ་ལ་མཁས་པ་དང་། ལག་ལེན་གྱི་མན་ངག་ཤེས་པ་དང་། ཉམས་མྱོང་གི་དྲོད་དང་ལྡན་པ་སྟེ་བརྒྱད་དོ། །ཞེས་སོ། །ཟིན་བྲིས་ལས། ལྷག་པའི་བདེན་གཉིས་དབྱེར་མེད་རྟོགས་པའི་ལྟ་བ་དང་། སྤྲོས་བཅས་མན་ཆད་མཐར་ཕྱིན་པའི་ཏིང་ངེ་འཛིན་དང་། མཆོག་ཐུན་གྱི་དངོས་གྲུབ་སྒྲུབ་པ་ལས་མི་འདའ་བ་དམ་ཚིག་གི་མཛོད་དེ་དམ་པའི་མཛོད་གསུམ་དང་ལྡན་པ། ཡོངས་སུ་རྫོགས་པ་དབང་གི། བཀའ་རྒྱུད་པ་ལུང་གི། བླ་མ་བརྒྱུད་པ་བྱིན་རླབས་ཀྱི། རང་རིག་པ་ཉམས་ཀྱི་ཆུ་བོ་སྟེ། ཆུ་བོ་བཞི་དང་ལྡན་པའམ། ཡང་ན་བྱིན་རླབས་དབང་གི་ཆུ་བོ་ཞེས་རྩ་ལྟུང་གི་ཉེས་པས་གཏན་ནས་མ་གོས་ཤིང་སྦོམ་ལྟུང་བྱུང་ཡང་ཕྱིར་བཅོས་ཀྱིས་སོར་ཆུད་པ། སྒྲུབ་པའི་ལས་ཀྱི་གཉེར་ཁ་འཛིན་པ་ལ་སྤྲོས་བཅས་མན་ཆད་མཐར་ཕྱིན་པའི་སྟེང་དུ་ཡི་དམ་ལྷས་གནང་བ་ཐོབ་པའམ་དངོས་ཉམས་རྨི་ལམ་དུ་རྟགས་གསར་བ་ཐོན་པ་དང་ལྡན་པ། ཡང་ན་ཕྱིའི་དགྲ་བགེགས་ཀྱི་བར་ཆད་བཟློག་པ། ཉོན་མོངས་ལམ་དུ་སློང་བ། བདེ་སྡུག་རོ་སྙོམ་པ། སྙིང་རྗེ་དང་ཕན་སེམས་ཀྱིས་སློབ་མ་རྗེས་སུ་འཛིན་པའི་གཉེར་ཁ་བཞི་དང་ལྡན་པ། རྒྱུད་དང་ཞེས་པ་ཕྱི་ནང་གི་དེ་ཉིད་བཅུ་ཤེས་པའམ། ཡང་ན་རྒྱུད་སྡེའི་དོན་ལ་མཁས་པ། ཆོ་ག་དང་སྒྲུབ་པའི་ལས༵་ཀྱི་ངོ་བོ་གྲངས་གོ་རིམ་སོགས་ལ་མཁས་དགོས་ཏེ། དཔེར་ན་སོ་ཐར་གྱི་ལས་ཆོག་གོ་རིམས་སོགས་ནོར་ན་ལས་མི་ཆགས་པ་བཞིན་ཏུ་དབང་གི་ངོ་བོ་གྲངས་སོགས་ནོར་ན་དབང་མི་ཐོབ་པས་མན་ངག་ཟབ་མོ་ཉམས་མྱོང་གི་དྲོད་དང་ལྡན་པ་སྟེ་ཁྱད་པར་གྱི་ཆོས་བརྒྱད༵་འཆང༵་བའི་རྣལ་འབྱོར༵་བ་ཟག་བཅས་སྤྲོས་པ་མཐར༵་ཕྱིན་པ་དང་ལྡན༵་པ་བསྟེན༵་པར་བྱ་ཞེས་པའོ། །
སྟོན་པ་མཆོད་བརྩོན་རྟོགས་པ་གསལ། །དམ་ཚིག་སྔགས་དང་ཕྱག་རྒྱ་རྣམས། །མ་ཉམས་ཤེས་ཤིང་ཡོ་བྱད་ལྡན། །ཞེས་སྟོན་པ་རྡོ་རྗེ་སློབ་དཔོན་མཉེས་པ་གསུམ་གྱིས་མཆོད༵་པ་ལ་བརྩོན༵་པ་དང་ཏིང་ངེ་འཛིན་གྱི་རྟོགས༵་པ༵་གསལ༵་བའམ། ཡང་ན་བརྩོན་པས་སྒོ་གསུམ་སྦྱང་བ་སྟོང་ཆེན་སོགས་བཞིའི་ཏིང་འཛིན་གསལ་བ། རྩ་བའི་དམ་ཚིག་ལྔ། ཡན་ལག་གི་དམ་ཚིག་བཅུ་དང་སྡོམ་པ་མ་ཉམས་པ། རྒྱུ་མ་ནོར་བ་རྩ་བའི། བསྐྱེད་པ་རྐྱེན་གྱི། བཟླས་པ་ལས་ཀྱི༵་སྔགས༵་རྣམས༵་དང་། སྐུ་ཕྱག་རྒྱ། གསུང་ཆོས་རྒྱ། བཅའ་བ་ལས་རྒྱ། དམ་ཚིག་ཕྱག་རྒྱ་སྟེ་ཕྱག༵་རྒྱ༵་བཞི་ཤེས་པ་དང་། ཡོ་བྱད་ལྔ་ནི། དམ་ཚིག་ལྟ་བ་ཏིང་འཛིན་དང་། །བྱང་ཆུབ་སེམས་དང་སྙིང་རྗེ་སྟེ། །ལྷག་པའི་ཡོ་བྱད་ལྔ་རྫོགས་བྱ། །ཞེས་ལམ་གྱི་ཡོ་བྱད་ལྔའོ། །ཡང་ན་སྒྲུབ་པ་རྫས་ཀྱི་ཡོ་བྱད། བཟའ་བཅའ་བཏུང་བའི། རྒྱན་དང་བགོ་བའི། གླུ་ཚིག་སྒྲ་ཡི། བྲོ་གར་འདུ་འཕྲོའི། ཨ་ལི་ཀ་ལིའི་ཡོ༵་བྱད༵་དེ་ལྔ་དང་ལྡན་པས་འགྲུབ་པར་འགྱུར་རོ། །
ལས༵་རིམ༵་གྱི༵་ཏིང་༵འཛིན༵་ལྔ༵་པོ། ཡེ་ཤེས་དཀྱིལ་འཁོར་སྤྱན་དྲངས་བ། མཆོད་པ་འབུལ་བ། བཤགས་པ་བྱ་བ། དངོས་གྲུབ་གསོལ་བ། དམ་བཅའ་བ། ཛབ་བཟླ་བ། བདག་དམ་ཚིག་པ། ལྷ་ཡེ་ཤེས་པ་འོད་ཟེར་སྤྲོ་བསྡུ་སྟེ་གསལ་བ་གསུམ། ཕྲ༵་ཡང༵་སོགས༵་ཐད། སྤྱོད་བསྡུས་ལས། གཟུགས་ཕྲ་བ་དང་རགས་པ་དང་། །ཁྱབ་པ་ཡང་དག་ཐོབ་པ་ཉིད། །རབ་ཏུ་གསལ་བ་ཉིད་བསྟན་དང་། དབང་ཕྱུག་ཉིད་དང་འདོད་དགུར་བསྒྱུར། །ཞེས་བརྟེན་པ་ཕྲ་བ་ལྷ་སྤྲོ་བ། རྟེན་གཞལ་ཡས་ཁང་རགས་པ་སྤྲོ་བསྡུ། དྲུག་ཅེས་པ་ཡང་འདུག །རང་ལུས་ཀྱིས་འཇིག་རྟེན་ཁྱབ་པར་སྤྲུལ་ནུས་པ། དེ་ལྟ་བུའི་ཡང་དག་ཐོབ་པ་དཀྱིལ་འཁོར་སྤྲོ་བའི་བདག་པོར་གྱུར་པ། རབ་ཏུ་གསལ་བ། ལྷ་ཆེན་པོ་སོགས་ཟིལ་གྱིས་གནོན་ནུས་པ། བརྟན་པ་ནི་རང་ཉིད་ཇི་ལྟར་འདོད་པའི་དོན་ལ་སྤྱོར་ནུས་པ། དབང་ཕྱུག་ཉིད་གདུལ་བྱ་ཚར་གཅོད་རྗེས་འཛིན་ལ་དབང་བསྒྱུར་ཐོབ་པ། འདོད་དགུར་བསྒྱུར་བ་སྟོབས་སོགས་སངས་རྒྱས་ཀྱི་ཡོན་ཏན་དང་ཆ་འདྲ་ཐོབ་པའོ། །དངོས༵་གྲུབ༵་ཀྱི༵་ཕོ༵་ཉའི༵་དབང་གིས༵་ཞེས་པ་དབང་ཕྱུག་ཉེར་བརྒྱད་དང་ཕུར་སྲུང་བཅུ་གཉིས་རྣམས་སོ། །གཞན་ཡང་ཕྱག་རྒྱའི་ཁྱད་པར་འདོད་ཚུལ་ཡང་ཡོད་དོ། ༈ །ཟིན་བྲིས་ལས། ཕྲ༵་མོའི༵་རྣལ༵་འབྱོར༵་མཐར༵་ཕྱིན༵་པ། མ་དག་པའི་སྣང་ཞེན་གཅོད་བྱེད་དངོས་རྫོགས་རིམ་ཡིན་མོད། དེའི་སྔོན་དུ་དེ་འདྲའི་སྣང་ཞེན་ཡིད་ངོར་གཅོད་དགོས་པས། མ་དག་པར་སྣང་བའི་གཉེན་པོ་ཐ་མལ་གྱི་ཕུང་ཁམས་སྐྱེ་མཆེད་ཐམས་ཅད་ཡེ་ནས་དག་པ་རྒྱལ་བའི་དཀྱིལ་འཁོར་ཉག་གཅིག་ཏུ་བལྟ་བ་སྟེ། རྣམ་པ་གསལ་བ་དང་། མ་དག་པར་ཞེན་པའི་གཉེན་པོར། རྣམ་པ་གསལ་བ་དེའི་སྐབས་སུ་སངས་རྒྱས་སྐུ་གསུམ་གྱི་བདག་ཉིད་དུ་ང་རྒྱལ་བ་རྣམ་དག་དྲན་པ་སྟེ། དེ་ལྟ་བུའི་ཁྱད་པར་གཉིས་ཚང་བའི་བསྐྱེད་རིམ་ཐུན་མཐར་འཁྱོལ་གྱི་བར་དུ་བར་མ་ཆད་པ་ལ་སློབ་དགོས། དེའང་འཛིན་སྟངས་གཞན་གྱིས་བར་བཅད་པ་ཙམ་མིན་གྱི་མ་དག་པའི་སྣང་ཞེན་གྱིས་བར་མ་བཅད་པ་དགོས་ལ། དེ་ལྟར་སློབ་པ་ལ་བཞི་སྟེ། རགས་པའི་དཀྱིལ་འཁོར་ཡུད་ཙམ་ལ་གསལ་མི་ནུས་པ་དེ་སྲིད་དུ་ལས་དང་པོ་བའི་གནས་སྐབས་དང་། དེ་ལྟར་ནུས་པ་ན་ཡེ་ཤེས་ལ་ཅུང་ཟད་དབང་པའི་གནས་སྐབས་དང་། ཡུད་ཙམ་ལ་ཕྲ་བའི་དཀྱིལ་འཁོར་གསལ་ནུས་པ་ཡེ་ཤེས་ལ་ཅུང་ཟད་དབང་བའི་གནས་སྐབས་དང་། བསྐྱེད་རིམ་ལ་མ་ལྟོས་པར་ཏིང་ངེ་འཛིན་ཙམ་ལ་བརྟེན་ནས་གཞན་དོན་རྒྱ་ཆེན་བྱེད་ནུས་པ་ཡེ་ཤེས་ལ་ཡང་དག་པར་དབང་བའི་གནས་སྐབས་དང་བཞིའོ། །དེ་དག་གི་སྐབས་སུ་བྱིང་རྒོད་གཅོད་དགོས་པས་བྱིང་བའི་གཉེན་པོར་ཐུགས་ཀའི་སྔགས་ལས་འོད་ཟེར་སྤྲོ་བསྡུ་དང་དབུགས་འབྱུང་རྔུབ་བགྲང་བ་སོགས་ཀྱིས་སེམས་གཟེངས་བསྟོད་པ་དང་། རྒོད་པའི་གཉེན་པོར་ཕྲ་ཐིག་གི་རྣལ་འབྱོར་ལ་སློབ་པ་སྟེ། དང་པོ་གཉིས་ཀྱི་སྐབས་སུ་དབུ་མའི་ཡར་མར་གྱི་སྣ་རྩེ་གཉིས་པོ་གང་རུང་དུ་ཐིག་ལེ་ཚད་ཡུང་འབྲུ་ཙམ་པ། ཁ་དོག་མཐིང་ག་ངོ་བོ་ལྷ་ཡིན་པའམ་དབྱིབས་ཟླུམ་པོ་སྟེ་ཁྱད་པར་གསུམ་ལྡན་ལ་སེམས་འཛིན་པ་ཐིག་ལེའི་རྣལ་འབྱོར་དང་། ཕྱི་མ་གཉིས་ཀྱི་སྐབས་སུ། རང་ཉིད་གསང་འདུས་མི་བསྐྱོད་རྡོ་རྗེར་གསལ་བའི་ཡུམ་གྱི་མཁར་ཐིག་ལེ་ཕབ་སྟེ། དེའི་ནང་དུ་དཔལ་གསང་བ་འདུས་པ་ལུས་དཀྱིལ་དང་བཅས་པའི་དཀྱིལ་འཁོར་ཡོངས་སུ་རྫོགས་པ་སྤྱན་གྱི་དཀར་ནག་གི་ཆ་ཚུན་ཆད་མ་འདྲེས་པར་གསལ་ནུས་པའི་ཚུལ་དང་། ཐིག་ལེའི་ནང་གི་གསང་འདུས་ཡུམ་མཁར་ཡང་དེ་འདྲ་གསལ་ནུས་པ་ཚ་བོའི་ཚུལ་དང་། དེས་ཀྱང་དེ་ལྟར་ནུས་པ་ཡང་ཚའི་ཚུལ་དུ་གསལ་ནུས་པ་ན་ཕྲ་མོའི་རྣལ་འབྱོར་མཐར་ཕྱིན་པ་ཡིན་པར་གསུངས་སོ། །གོང་གི་རིམ་པ་བཞིའི་གཉིས་པའི་སྐབས་སུ་བསྐྱེད་རིམ་ཐོབ་པ་མ་ཡིན་ཞིང་། གསུམ་པའི་སྐབས་སུ་དེ་ཐོབ་པར་འཇོག་གསུངས། བྱིང་རྒོད་གཅོད་པ་ཡང་ཞི་གནས་ཙམ་འགྲུབ་པའི་ཆེད་དུ་མིན་གྱི་འདིར་བསྟན་གྱི་བསྐྱེད་རིམ་མཐར་ཕྱིན་པ་ན། ཞི་གནས་ཞར་ལ་གྲུབ་ཡོད་པ་ཡིན་གསུངས།
སྒྲུབ་ལུགས༵་ཀྱི༵་ཁྱད༵་མི་འདྲ༵་བས༵་འབྱེད༵་དགོས༵་སམ༵། ཞེས་ཐད། ཞལ་རྒྱུན་ལས། དང་པོ་དཔྱོད་པའི་དུས་བདེ་ཆེན་དོན་དུ་གཉེར་ནས་དེ་རྗེས་དངོས་གྲུབ་དོན་ལ་སྦྱིན་སྲེག་སོགས་བརྒྱུད་དགོས། ཕྱི་བས་ནི་དང་པོ་ནས་དངོས་གྲུབ་དོན་དུ་གཉེར་ནས་འོད་ཟེར་དཀར་པོས་དངོས་གྲུབ་ཀྱི་སྣོད་རུང་དུ་བྱ་བ་དང་འོད་ཟེར་དམར་པོའི་སྤྲོ་བསྡུས་དངོས་གྲུབ་སྡུད་པ་སོགས་ཐབས་དུ་མའི་སྒོ་ནས་དངོས་གྲུབ་ཐོབ་ཆེད་དུ་ཚོགས་སྒྲུབ་བྱེད་པའི་དེའི་རྗེས་མཇུག་ཏུ་སྦྱིན་སྲེག་སོགས་ལ་མི་ལྟོས་པར་འདོད་གཟུགས་ཀྱི་རིག་འཛིན་འགྲུབ་ཅེས་གསུངས། འདོད་གཟུགས་ཀྱི་རིག་འཛིན་ནི། འདོད་པ་ལས་འདོད་ཆགས་དང་མ་བྲལ་བའི་ལྷ། ལྷ་དབང་བརྒྱ་བྱིན་གྱི་རྣམ་པའི་རིག་འཛིན་དང་། ཆགས་བྲལ་ཚངས་པའི་ལུས་ལྟ་བུའི་རིག་འཛིན་འགྲུབ་ཅེས་གསུངས། བཞག་ཐབས་གཉིས་ཐད། ཟིན་བྲིས་ལས། ངང་མ་ཤོར་བ་ལ་གོ་དགོས་པས་སྤྱི་བླུགས། གསལ་མི་གསལ་མིན་པས་སོ་མ་ཤོར་བ། ཞེས་དང་། དེ་བྱང་བར་གོམས་པ་ན་ཞེས་པའི་ཐད། སྣང་བ་ཐམས་ཅད་འོད་གསལ་གྱི་རྩལ་འབའ་ཞིག་ཏུ་བལྟ་བ་ལ་བསྲེེ༵་བ་ཟེར། ཞེས་དང་། ཞལ་རྒྱུན་ལ། སྟོང་གཟུགས་རིག་ངོར་སྣང་བའི་གཉིས་འཛིན་བྲལ་བ་ལ་གོ་དགོས་པ་དང་། སྟོང་གཟུགས་ཀྱི་སྣང་བ་དེ་དག་ལ་རང་སྣང་དུ་བལྟ་བའོ། །རང་ལུས་ཀྱི་འདུ་ཤེས་བཞག་ནས་རྩེ་གཅིག་ཏུ་སྟོང་གཟུགས་ཀྱི་སྣང་བ་དག་མ་དག་ལ་མཉམ་དུ་མཉམ་པར་བཞག་པ་ན་སྔར་ལས་ཀྱང་ལྷག་པར་མཆེད་དེ་རྩལ་རྫོགས་པར་འགྱུར་རོ། །ཞེས་གསུངས། ཟིན་བྲིས་ལས། སྣང་བ་ཐམས་ཅད་འོད་གསལ་གྱི་རྩལ་འབའ་ཞིག་ཏུ་གོང་སྨོས་ལྟར་བསྒོམས་པས་སྣང་བ་ཐམས་ཅད་དབྱིངས་མི༵་དམིགས༵་པ་དང་དབྱེར་མི་ཕྱེད་པའི༵་བདེ༵་བའི༵་ཡེ་ཤེས་ཀྱི་ཡོ༵་ལང༵་འབའ༵་ཞིག༵་ཏུ༵་འཆར༵། དེ༵་དག་གསལ་བརྟན་པའི༵་ཁྱད་པར་ཐོབ་པའི་ཚེ༵། ཐུན་མཐར་འཁྱོང་གི་བར་དུ་མི་གཡོ་བར་གནས་ནུས་པའི་སྟོང༵་གཟུགས༵་ལས༵་རུང༵་སོགས། དང་པོ་ནས་སྟོང་གཟུགས་ཀྱི་སྣང་བ་གང་ཤར་ལྷ་སྐུ་ཕྱག་རྒྱ་གཅིག་པར་དངོས་སུ་བསྒྱུར་རོ་སྙམ་པའི་འཕེན་པའི་རྐྱེན༵་ཅུང༵་ཟད༵་སོགས།
དེ་བཞིན་དུ་ཉིན་མོའི་ཏིང་འཛིན་གང་ལ་སློབ་པ་དེ་ཉིད་མཚན་མོའི་རྣལ་འབྱོར་དུ་ཁྱེར་ཚུལ་སྐབས་ལ་གཉིས་ཏེ། རླུང་སྟོབས་དང་འདུན་སྟོབས་ཀྱིས་འཁྱེར་བ་གཉིས་ཀྱི་དང་པོ་ནི། རྣལ་འབྱོར་དང་པོའི་སྐབས་སད་དུས་སུ་རླུང་དབུ་མར་ཞུགས་གནས་ཐིམ་གསུམ་བྱས་སྟོབས་ཀྱིས་སྟོང་ཆེན་འོད་གསལ་མངོན་དུ་གྱུར་ནུས་པ་དེས་སྙིང་གའི་རྩ་གསལ་ཏེ། དེ་ལ་སེམས་བཟུང་སྟེ་གཉིད་ལ་ཞུགས་པ་ན། གཉིད་ཀྱི་སྟོང་བཞི་འམ་སྣང་མཆེད་ཐོབ་གསུམ་གྱི་ཡེ་ཤེས་འོད་གསལ་དང་བཅས་པ་ངོས་ཟིན་ནས་བདེ་སྟོང་སྦྱར་ཏེ། ལམ་གྱི་སྟོང་ཆེན་དུ་དངོས་སུ་བསྒྱུར་ནུས་ལ། དེའི་མཇུག་ཏུ་འོད་གསལ་ལས་གཡོ་བའི་མགོ་རྩོམ་པ་དང་། གཡོ་ན་ཡང་ངོས་ཟིན་ནས་འཕེན་པའི་རྐྱེན་ཅུང་ཟད་ཙམ་གྱི་རྐྱེན་ལས་ཉིན་མོའི་སྟོང་གཟུགས་ཀྱི་སྣང་བ་དང་རྨི་ལམ་གཉིས་སྦྲེལ་ཏེ་སྙིང་རྗེ་སྒྱུ་མ་དངོས་གོམས་ནུས་ཤིང་། དེ་ཕྱག་རྒྱ་གཅིག་སྤྲོས་སུ་ཡང་བསྒྱུར་ནུས་ལ། འདིའི་སྟོང་ཆེན་སོགས་བཞི་ནི་དེ་དག་མཚན་ཉིད་པ་ཡིན་ཞིང་། འདི་དུས་ཁ་སྣའི་དབུགས་ཀྱི་རྒྱུ་བ་འགག་པར་གསུངས། གཉིས་པ་ནི། རླུང་སྟོབས་ཀྱིས་གོང་ལྟར་མི་ནུས་པའི་གང་ཟག་གིས་དེ་ལྟར་ནུས་ཆེད་དུ་སློབ་པ་སྟེ། འདིའི་མགྲིན་པའི་རྩ་འཁོར་གསལ་ཏེ། གཉིད་ཀྱི་སྟོང་བཞི་ངོས་ཟིན་པར་བྱའོ་སྙམ་པ་དང་སྟོང་ཆེན་སོགས་ལ་རིམ་བཞིན་འཇུག་པར་བྱའོ་སྙམ་དུ་འདུན་པས་དམིགས་འོག་ཏུ་བཅུག་སྟེ་གཉིད་པ་ན་གཉིད་ཀྱི་སྟོང་བཞི་སོགས་ངོས་ཟིན་མི་ནུས་པས་སྟོང་ཆེན་སོགས་མཚན་ཉིད་པ་མི་འོང་ཡང་དེ་དག་རྗེས་སུ་མཐུན་པ་ལ་གོམས་པ་ན་རིང་པོར་མི་ཐོགས་པར། སྔ་མ་ལྟར་འོང་བ་ཡིན་གསུངས། གྲུབ་དབང་རིན་པོ་ཆེས། དགོངས་རྒྱན་དང་སྡོམ་ཊིཀ་སོགས་མང་པོར་སྟོང་ཆེན་གྱི་སྐབས་སུ། སད་པའི་དུས་ཀྱི་འོད་གསལ་དང་། མཚན་མོ་གཉིད་འཐུག་གི་འོད་གསལ་གཉིས་སྦྲེལ་ཏེ་ཉམས་སུ་ལེན་པར་གསུངས་ཤིང་། སྙིང་རྗེ་སྒྱུ་མའི་ཐད་དུ་སད་རྨི་གཉིས་ཀྱི་སྣང་བ་མཐོང་བར་བཤད་པའང་སྣང་བ་དེ་དག་སྟོང་གཟུགས་སུ་ལམ་ཁྱེར་བྱེད་པའམ། ཐ་མལ་པ་ལ་སྣང་བ་དེ་གཉིས་འཆར་བའི་དོད་དུ་སྟོང་གཟུགས་མཐོང་ཞེས་པར་མངོན་ཡང་། དེས་ནི་རྣལ་འབྱོར་དང་པོ་གཉིས་གཉིད་རྨི་གཉིས་ཀྱི་སྐབས་སུ་སྐྱོང་ཚུལ་བསྟན་ནོ། །རྨི་ལམ་དུ་འོང་རྒྱུ་རྣམས་སྟོང་གཟུགས་ཡེ་ཤེས་ཀྱི་སྣང་བར་འཆར་ཞེས་བསྟན་པ་དང་། དེ་ལྟར་ཤར་བའི་སྟོང་གཟུགས་དེ་རིམ་གྱིས་ཕྱག་རྒྱ་གཅིག་སྤྲོས་སུའང་འཆར་བར་གོང༵་བཞིན༵་བཤད་པས། ཕྱག་རྒྱ་གཅིག་སྤྲོས་རྨི་ལམ་དུ་སྦྱང་ཚུལ་ཐོན་ནོ། །གཞི་ལ་སྲིད་པ་བར་དོ་མ་གྲུབ་གོང་ཆོས་ཉིད་བར་དོའི་སྣང་བ་འཆར་བ་ལྟ་བུའི་རྨི་ལམ་མ་མཐོང་བའི་སྔོན་དུ་ལྷུན་གྲུབ་ཀྱི་གཞི་སྣང་མཐོང་བར་མན་ངག་སྙིང་ཐིག་ཏུ་གསུངས་པ་དང་། འདིའི་སྟེང་སྒོ་རྣལ་འབྱོར་བའི་གཉིད་ཐུག་གི་རྒྱ་སྤྲོས་གཉིས་མཐུན་དགོས་ཏེ། འདིའི་སྟོང་གཟུགས་དང་། ཆོས་ཉིད་བར་དོའི་སྣང་བ་གནད་གཅིག་པར་དགོངས་རྒྱན་དང་ཤིང་རྟ་ཆེན་མོར་བཤད་པས་སོ། །ཞེས་དང་ཡང་ལམ་རིམ་ལུང་སྐབས། གང་དག་དངོས་ཀུན་རང་རིག་ཕྱིར། །འཆི་བ་དོན་དམ་བདེན་པ་སྟེ། །སོགས་ཀྱིས་བསྐྱེད་རིམ་པས་མོས་ངོར་དང་། རྫོགས་རིམ་པས་ཡོངས་སུ་འཆི་བ་ཆོས་སྐུར་སྦྱོང་བྱེད་སྟོང་ཆེན། བར་དོར་ལོངས་སྐུར་སྦྱོང་བྱེད་སྙིང་རྗེ་སྒྱུ་མ་སོགས་སྒོམ་པར་བསྟན་པས། སྟོང་ཆེན་དང་འཆི་བ་བསྲེ་བ་སོགས་ཀྱིས་འཐོབ་བོ། །འོན་ཀྱང་འདིའི་སད་པ་དང་སྐྱེ་བ་སྦྱོང་བྱེད་ནི་རྨི་ལམ་དང་བར་དོ་སྦྱོང་བྱེད་དུའང་མི་འགལ་བས། སྙིང་ཐིག་ཏུ། འཆི་བ་དང་། ཆོས་ཉིད་བར་དོའི་ལམ་ཁྱེར་གཉིས་པོ་ཁོ་ནས་བར་དོ་དང་སྐྱེ་བ་ཀུན་སྦྱོང་བར་བཞེད་པ་དང་མཐུན་ནོ། །
བར༵་ཆད༵་མེད༵་པའི༵་ཏིང༵་འཛིན༵་ཞེས་པ། སྐྱེ་བ་དང་ལམ་གཞན་གྱིས་བར་མ་ཆོད་པའོ། །ཞེས་གསུངས།
དེར་ཚོགས་བསྒྲུབ་ཀྱི་དུས་སུ་ལྷ་ཚོམ་བུ་གཅིག་པ་སོགས་ཞེས་པའི་ཐད། གསུམ་པ་སོགས་གང་བསྒོམ་གྱི་ཁྱད་པར་ལས་འབྲས་བུ་དམན་མཆོག་གི་ཁྱད་འཇུག་པར་བཤད་པ་ཞེས་པ་ནི། ཟུར་འདེབས་ལས། ལེའུ་བཅུ་གཅིག་པར་ཚོམ་བུ་གཅིག་པ་དང་། གསུམ་པ་དང་། ལྔ་པ་རྣམས་ལ་བརྟེན་ནས་ཚོགས་སྒྲུབ་བྱས་པས། རིམ་པར་མཐོང་ལམ་ནས་རྒྱ་ཆེན་དང་། ཚེ་དབང་ནས་ལྷུན་གྲུབ་དང་ཚེ་དབང་ནས་རྡོ་རྗེ་འཆང་ལ་སྦྱོར་བར་གསུངས་སོ། །
ལོ༵་ཚོད༵་བསྟུན་༵པར༵་འདོད༵་ཅེས་པ། གསུང་རྒྱུན་ལས། ལྷ་རྗེ་ཁ་རག་པ་སོགས་ཀྱི་བཞེད་པ་ནི། ཟག་བཅས་ཟག་མེད་ཀྱི་ལམ་དགུ་པོ་འདི་དག་ལ་རྒྱུའི་ཐེག་པའི་ས་ལམ་དང་གུང་སྦྱར་ཏེ། དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་ཚོགས་ལམ་ཆུང་ངུ་དྲན་པ་ཉེར་བཞག་བཞི་དང་། ཀུན་ཏུ་སྣང་བའི་ཏིང་ངེ་འཛིན་ཚོགས་ལམ་འབྲིང་པོ་ཡང་དག་སྤོང་བཞི་དང་། ཕྱག་རྒྱ་གཅིག་པ་ལ་ཚོགས་ལམ་ཆེན་པོ་རྫུ་འཕྲུལ་རྐང་བཞི་དང་སྤྲོས་བཅས་སྦྱོར་ལམ་ཆུང་ངུ་དྲོད་རྩེ་གཉིས་དང་། ཚོགས་སྒྲུབ་སྦྱོར་ལམ་ཆེན་པོའི་བཟོད་པ་ཆོས་མཆོག་གཉིས་དང་། རྣམ་སྨིན་མཐོང་ལམ་དང་པོ། ཚེ་དབང་ས་དང་པོའི་བདེན་པ་མཐོང་བ་དང་། ཕྱག་ཆེན་ས་གཉིས་པ་ནས་དགུ་པའི་བར་དང་། ལྷུན་གྲུབ་རིག་འཛིན་ས་བཅུ་ཆོས་ཀྱི་སྤྲིན་དང་ལོ་ཚད་མཉམ་པ་ཡིན་གསུངས། ས་དང་པོ་མཐོང་བའི་ཚེ་ཉོན་སྒྲིབ་ཀུན་བཏགས་ལྷན་སྐྱེས་གཉིས་ཀྱི་ཁྱད་པར་མ་ཕྱེ་བར་མཐའ་དག་སྤང་བའོ། །ཞེས་གསུངས།
རྣམ་སྨིན་རིག་འཛིན་སྐབས། ཟིན་བྲིས་ལས། འདིའི་གདུལ་བྱ་དབང་པོ་རྣོ་རྟུལ་གཉིས་ལས། སོ་སྐྱེའི་སར་ཕྱག་རྒྱ་གཅིག་སྤྲོས་སུ་སྟོང་གཟུགས་གྲུབ་པ་ན། སྔ་མས་སྟོང་གཟུགས་ཕྱག་རྒྱ་ཆེན་མོའི་སྟོབས་ཀྱིས་མི་འགྱུར་བའི་བདེ་བ་ཆེན་པོ་འདྲེན་པའི་ཆེད་དུ་ཚོགས་སྤྱོད་བྱས་ནས་བདེ་ཆེན་ཡེ་ཤེས་དེས་རང་ལུས་བེམ་པོའི་ཆ་སྦྱངས་པའམ་ཟོས་ཏེ་དྭངས་མའི་ལུས་སུ་གྱུར་བ་ན་ཚེ་དབང་རིག་འཛིན་དང་། ཕྱི་མས་དགོས་པ་དེའི་ཆེད་དུ་ཚོགས་སྤྱོད་བྱས་ཀྱང་བདེ་བ་ཆེན་པོ་འདྲེན་མ་ནུས་པའི་དབང་གིས་རང་ལུས་མ་དག་ཀྱང་ཉོན་མོངས་པའི་ཟག་པ་དང་བྲལ་བའི་འཕགས་ལམ་བརྙེས་པས་རྣམ་སྨིན་རིག་འཛིན་ཞེས་བྱ། ༈ ཚེ་དབང་རིག་འཛིན་སྐབས། རིན་པོ་ཆེས། རྟོག་ཚོགས་སྒྱུ་དྲྭར་བཤད་པའི་ཁམས་དྲུག་ལྡན་གྱི་རྡོ་རྗེའི་ལུས་ཀྱི་དྭངས་མ་སྟོབས་སུ་གྱུར་ཅིང་། སྙིགས་མའི་དེ་ལས་གྱུར་པའི་ལུས་ཁམས་སྐྱེ་གནས་ཀྱི་ཟག་པ་ཟད་པའི་དབང་གིས། ཕར་ཕྱིན་དུས་ས་ཐོབ་དུས་ཐམས་ཅད་དུ་མཉམ་བཞག་གི་རྟོགས་པ་དང་མཐུན་པ། ཞེས་པ་ལྟར། འདིར་ཡང་ལས་རླུང་གི་འཁྲུལ་རྒྱུས་དཀྲུག་པའི་སེམས་མི་གསལ་བ་རྣམས་མཉམ་རྗེས་ཀུན་ཏུ་ཤས་ཆེར་དྭངས་ཤིང་། གཟི་བྱིན་ཆོས་ཀྱི་དབྱིངས་ལྟར་ཚད་གཟུང་དང་བྲལ་བའི་འོད་གསལ་སྒྱུ་མ་ལྟ་བུའི་རྣལ་འབྱོར་གྱིས་སྣང་སེམས་ཐམས་ཅད་ནོན་ཅིང་ཁ་དོག་བསྒྱུར་བ་ནི། གསང་འདུས་ལས། སྒྱུ་ལུས་ཐོབ་ནས་ལུས་སེམས་ཕྲ་རགས་ཀྱི་འབྲེལ་རགས་པ་ཆད་ནས་མི་རྒྱུ་བ་དང་དོད་མཚུངས་པའམ། ཡང་ན་ཟུང་འཇུག་ཐོབ་ནས་འབྲེལ་ཕྲ་མོ་ཆད་པའི་དོད་དོ། །འདི་རྒྱ་མཚོ་ལས། འབྱུང་བཞི་དྭངས་མ་ལ་བརྟེན་པས། །རིག་པའི་བདེ་ཆེན་བར་ཆད་མེད། །རྣམ་རྟོག་འགྱུ་བའི་རླུང་དྭངས་བས། །བདེ་ཆེན་ནམ་མཁའི་མཐའ་ལྟར་གནས། །ཞེས་ལེའུ་བཅུ་བཞི་པར་བཤད་པ་དང་ཕྱོགས་འདྲའོ། །འདིར་གཡུང་གི་གསུང་ན། བདེན་པའི་ཕྱོགས་གཅིག་མཐོང་བ་རྣམ་སྨིན། བདེ་ཆེན་དོན་རྫོགས་པར་མཐོང་བ་ཚེ་དབང་། མཐོང་ཟིན་གོམས་བྱེད་ཕྱག་ཆེན་གསུངས་པ་དང་། སྤྱོད་བསྡུས་ལས། སེམས་དབེན་པ་ལ་བདེན་པ་མཐོང་བ་འདི། །ཞེས་དཔེའི་འོད་གསལ་ལ་སྤྲོས་པ་ཕྱོགས་རེ་ཁེགས་པའི་ཆ་ནས་དོན་དམ་འོད་གསལ་ཞེས་བཏགས་པ་ལྟར་བཏགས་འདུག་པའམ་མ་འབོར། ཞེས་གསུངས། ཟིན་བྲིས་ལས། ལམ་རིམ་དུ། རྡོ་རྗེ་འཁོར་ལོ་རིན་པོ་ཆེ། །པདྨ་རལ་གྲིའི་རིག་འཛིན་འགྱུར། །ས་གཉིས་པ་ནས་ལྔ་པའི་བར་ལ་རྡོ་རྗེའི་རིག་འཛིན་ཞེས་བྱ་སྟེ། རང་གི་ངོས་སྐལ་གྱི་སྒྲིབ་པ་འཇོམས་པའི་མཐུ་དང་ལྡན་པའི་རྡོ་རྗེ་དང་མཚུངས། ས་དྲུག་པ་དང་བདུན་པར་ཤེར་ཕྱིན་ལྷག་པར་སྤྱོད་པ་དང་ཐབས་ལ་མཁས་པའི་སྟོབས་ཀྱིས་འཁོར་ལོ་བསྐོར་བ་དང་ཚར་གཅོད་པ་དང་རྗེས་འཛིན་གྱིས་གཞན་དོན་སྒྲུབ་པ་ལ་མཁས་པའི་འཁོར་ལོའི་རིག་འཛིན་དང་། བརྒྱད་པར་རྣམ་པར་མི་རྟོག་པའི་ཡེ་ཤེས་ལ་དབང་བའི་འདོད་པ་ཐམས་ཅད་གྲུབ་པས་རིན་པོ་ཆེ། དགུ་པར་ཡུལ་གང་ལ་ཆགས་པ་མེད་པར་སེམས་ཅན་གྱི་དོན་བྱེད་པར་པདྨའི་རིག་འཛིན་དང་། བཅུ་པར་ཕྲིན་ལས་ཁྱད་པར་ཅན་གྱིས་སེམས་ཅན་གྱི་དོན་དཔག་མེད་མཛད་པས་རལ་གྲིའི་རིག་འཛིན་གསུངས།
ཟུར་འདེབས་ལས། ཕུང༵་ཁམས༵་རགས་པ་སྦྱོང་ཚུལ་ལ་དགོངས་སོགས། ཞལ་ལུང་ལས། འདིར་རྒྱལ་བ་གཡུང་ནི། དུས་འཁོར་ལས་མཚན་མ་གསུམ་མཐོང་བར་བཤད་པའི་མཚན་མ་དང་པོ་ལས་རླུང་ཉི་ཁྲི་ཆིག་སྟོང་དྲུག་བརྒྱའི་ཡ་གྱལ་གཅིག་འགག་པ་ནི་མཆོག་ཏུ་མི་འགྱུར་བའི་བདེ་བ་ཐོབ་པ་ཆོས་ཉིད་བདེན་པས་ཆ་ཤས་མཐོང་བ་ཡིན་ལ། མཚན་མ་བར་མ་ནི་ལས་རླུང་གཅིག་འགགས་གཉིས་འགགས་ཀྱིས་སྟོང་བརྒྱད་བརྒྱ་འགགས་པ་ན་གསང་གནས་ཀྱི་རྩ་མདུད་གཅིག་གྲོལ་བ་དང་ཆོས་ཉིད་བདེན་པ་མངོན་དུ་མཐོང་བས་ས་དང་པོ་ནོན་པར་བཤད་པ་ལྟར། འདིར་ཡང་རྣམ་སྨིན་བདེན་པའི་ཆ་ཤས་དང་། །ཚེ་དབང་རིག་འཛིན་མཐོང་བ་ཡིན། །ཞེས་གསུངས་སོ། །ཞལ་རྒྱུན་དུ་སྒྱུ་འཕྲུལ་རྡོ་རྗེའི་ལུང་དོན་ལས། སྔགས་བླ་མེད་ཀྱི་ས་དང་པོ་ནས་བཅུ་པའི་བར་གྱི་ཡོན་ཏན་རྣམས་རྒྱུ་ཅིའི་དབང་གིས་འབྱུང་ཞེ་ན། མ་དག་པའི་རྩ༵་རྣམས༵་འབྲི་བ་སྟེ་འོད་རྩ་དྭངས་པའི་དབང་གིས་ས་ཡི་ཡོན་ཏན་རྣམས་སྐྱེའོ། །དེ་ལྟར་ཡོན་ཏན་སྐྱེ་བ་ནི། རླུང་རགས་པ་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་ལོག་པས་དེ་ཞོན་པའི་རྟོག་པ་རགས་པ་དེའི་གྲངས་ལོག་པ་ཡིན་ལ། དེ་ལྟར་རླུང་སོགས་མ་དག་པའི་སྒྲིབ་པའི་ཆ་རྣམས་ལོག་པས་ནི་མི་འགྱུར་བདེ་ཆེན་གྱི་ཆ་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་སྐྱེ་བ་ལས། དེ་ལྟར་འོང་བར་འདོད་ལ་དེ་ལྟར་ཡིན་པའི་རྒྱུ་མཚན་གྱིས་སྦྱང་གཞི་རླུང་ཁམས་སེམས་རགས་པ་འགྲིབ་པ་དང་། སྦྱོང་བྱེད་བདེ་ཆེན་ཤིན་ཏུ་ཕྲ་བ་འཕེལ་བའི་དབང་གིས་སྲིད་པའི་སྣང་བ་འགྲིབ་ཅིང་འགག །མྱ་ངན་ལས་འདས་པའི་སྣང་བ་འཕེལ་བ་ཡིན་ལ། དེ་ཡང་གང་ལ་བརྟེན་ནས་འབྱུང་ན། ལུས་ཀྱི་རྩ་འཁོར་སྤྱི་མགྲིན་སྙིང་ཁ་གསུམ་ཡོད། ལྟེ་བ་དང་བཞི་འམ་གསང་གནས་ཀྱི་འཁོར་ལོ་དང་ལྔ་སྟེ་དེ་འདྲའི་དབྱེ་བསྡུ་བྱེད་དོན་སྐུ་གསུམ་དང་། སྐུ་བཞི་དང་། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔ་སོགས་མཚོན་བྱའི་དབང་གིས་སོ། །དེ་འདྲའི་དབུ་རྐྱང་འཁོར་ལོ་དང་བཅས་པ་ལ་མདུད་པ་ཉི་ཤུ་རྩ་གཅིག་ཡོད་པས་མདུད་པ་གཉིས་རེ་གྲོལ་ནས་ས་རེ་ཐོབ་པར་གསུངས་ལ། རྩ་མདུད་གཅིག་མ་རྫོགས་པའི་སྐབས་སུ་ས་བཅུའི་ཐ་མ་སྟེ་སྨད་ཀྱི་ཡེ་ཤེས་ཀྱིས་སྟེང་འདིའི་༼ཡེ་བབ་དང་མས་བབ་གཉིས་ཀྱི་༽ལྷན་སྐྱེས་ཀྱི་ཁམས་དཀར་པོ་སྤྱི་བོར་བརྟན། དམར་ཆ་ནོར་བུའི་རྩེར་བརྟན་པས་སངས་རྒྱས་པར་གྲགས་ཤིང་བཞེད་དོ། །ཞེས་གསུངས། ཟིན་བྲིས་ལས། རིམ་བཞིན་དྭངས་སྙིགས་ཀྱི་རྩ་རླུང་སྐྱེ་འབྲིའམ་འཕེལ་འགྲིབ་ལས་སྲིད་པ་དང་མྱང་འདས་འཕེལ་འགྲིབ་བྱེད། ཡིད་བཞིན་མཛོད་ལས། འཁོར་ལོ་བཞི་ཡི་རླུང་སེམས་ལས་རུང་ཚེ། །ནས་བཞེད་ཅེས་དང་། དེ་དག་སོ་སོའི་ཡོན་ཏན་རླབས་ཆེ་བ། སྟོང་ཕྲག་བཅུ་གཉིས་ལ་སོགས་རྒྱ་ཆེ་སྟེ། རྩ་འདབས་ཕྲ་མོའི་མདུད་པ་རབ་གྲོལ་བས། །འཁོར་བའི་རང་བཞིན་ཉོན་མོངས་རླུང་སེམས་ནུབ། མྱང་འདས་རང་བཞིན་ཡེ་ཤེས་རླུང་སེམས་འཕེལ། །དེ་ལྟར་ས་བཅུའི་བསྒྲོད་པ་དེ་དག་ལས། དབུ་མར་རོ་རྐྱང་མདུད་པ་ཉི་ཤུ་གཅིག །གཉིས་གཉིས་གྲོལ་བ་ས་བཅུ་རེ་རེ་ཐོབ། །ཐ་མས་གཙུག་ཏོར་རྩེ་མོའི་ས་མཆོག་འགྲུབ། །ཅེས་སོ། །རང་འགྲེལ་ལས། ལམ་བཞི་ཡོན་ཏན་རྫོགས་པའི་ཡོན་ཏན་འཆར་ཞིང་དབུ་མ་ལ་རོ་རྐྱང་གཉིས་ཀྱི་མདུད་པ་ཉི་ཤུ་རྩ་གཅིག་ཡོད་པའི་གཉིས་གཉིས་གྲོལ་བ་ན་ས་བཅུ་རེ་རེའི་ཡོན་ཏན་འཆར་ལ། ཐ་མ་གྲོལ་བས་སངས་རྒྱས་ཀྱིས་ས་འགྲུབ་པར་སློབ་དཔོན་བི་མ་ལ་དང་པདྨ་འབྱུང་གནས་ལ་སོགས་པའི་མཁས་གྲུབ་ཆེན་པོ་རྣམས་བཞེད་དོ། །ཞེས་དང་། དེ་ལ་རླུང་སེམས་ལས་སུ་རུང་བ་དང་འབྱོང་པ་གཉིས་ལས། དེར་ཚུད་དུས་ལས་སུ་རུང་བ་ཡིན་ལ། འབྱོང་བ་ནི་དེ་དག་གི་རྩ་ཕྲན་དང་བཅས་པའི་མདུད་པ་གྲོལ་དགོས་སོ། །ཞེས་སོ། །
ས་མཆོག་གྲུབ་ཅེས་པའི་ཐད་ཀྱི་འགྲེལ་བར། རྩ་གསུམ་མདུད་པའི་དང་པོ་གཉིས་གྲོལ་བས་ས་དང་པོ་ཐོབ་པ་ནས་ས་བཅུའི་བར་དང་། ཐ་མ་གྲོལ་ནས་གཙུག་ཏོར་རྩེ་མོའི་ས་མཆོག་རྡོ་རྗེ་འགྲུབ་པོ། །ཞེས་དང་། ཤིང་རྟ་ཆེན་མོར། འཁོར་ལོ་དྲུག་གི་རིམ་པ་དང་སྦྱར་ན་གསང་བ་ཡེ་ཤེས་ཀྱི༴མགྲིན་པ་ལོངས་སྤྱོད་ཀྱི༴དབུ་མ་བདེ་བ་ཆེན་པོ༴གཙུག་ཏོར་ནམ་མཁའ༴སྙིང་ཁ་ཆོས་ཀྱི༴ལྟེ་བ་སྤྲུལ་པའི་འཁོར་ལོ་སྟེ་དྲུག་ཏུ་ཡོད་པ་ལས། སྒྱུ་འཕྲུལ་བ་ལྟར་ན་མ་དག་པའི་རིགས་དྲུག་གི་ས་བོན་དྲུག་སྦྱང་གཞིར་གནས་པ་ལ། སྦྱོང་བྱེད་ཐུབ་པ་དྲུག་དང་ཕ་རོལ་ཕྱིན་པ་དྲུག་གི་རང་བཞིན་གྱིས་སྦྱངས་བས་ཡེ་ཤེས་ལྔ་བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་དང་དྲུག་འཐོབ། འཁོར་ལོ་རེ་རེ་དང་དེའི་བར་རེ་སྟེ་བཅུ་གཉིས་སུ་རླུང་དག་པས་ས་བཅུ་གཉིས་རྫོགས་པའི་མཐར་བཅུ་གསུམ་པ་ཡེ་ཤེས་ཆེན་པོའི་ས་རྫོགས་པར་འདོད་ཅིང་སོགས་གསུངས། ལམ་བཞིའི་ཡོན་ཏན་རིམ་བཞིན་འཆར། །ཞེས་པ། ལྟེ་བའི་རྩ་མདུད་གྲོལ་བས་ཚོགས་སྦྱོར་གྱི་ཡོན་ཏན་འཆར། སངས་རྒྱས་སྤྲུལ་སྐུའི་ཞིང་ཁམས་མཐོང་། སྙིང་གའི་རྩ་མདུད་གྲོལ་བས་ལྷག་མཐོང་གི་ཡོན་ཏན་འཆར་ལོངས་སྐུའི་ཞིང་ཁམས་མཐོང་། མགྲིན་པས་ས་གཉིས་པ་ནས་བདུན་པའི་བར་གྱི། སྤྱི་བོས་དག་པ་ས་གསུམ་གྱི། རྩ་མདུད་ཐ་མ་ཉེར་གཅིག་པ་གྲོལ་བས་འབྲས་བུ་མཐར་ཐུག་གི་སྐུ་དང་ཡེ་ཤེས་ཀྱི་སྣང་བ་ཚད་མེད་པར་འཆར། སངས་རྒྱས་ཆོས་སྐུའི་ཞིང་ཁམས་མཐོང་བ་ཡིན། རགས༵་ལུས༵་ཟད༵་ཚུལ་རགས་བཤད་ཞིབ་བཤད་ཀྱི་ཁྱད་པར་མ་གཏོགས་དགོངས་པ་གཅིག་ཅེས་པའི་ཐད། དུས་འཁོར་གྱི་བཞེད་པ་ནི། སྟོང་གཟུགས་ཕྱག་རྒྱ་ཆེན་མོ་ལ་བརྟེན་ནས། རྡོ་རྗེ་ནོར་བུའི་རྩེ་མོའི་ནང་དུ་ཐིག་ལེ་དཀར་པོ་རྡོག་པོ་གཅིག་གནས་གཞན་དང་གཞན་དུ་མི་གཡོ་བར་གནས་པ་ལ་མི་འགྱུར་བའི་བདེ་བའི་སྐད་ཅིག་དང་པོ་སྐྱེ་ཞིང་། ཐིག་ལེ་དེས་ལུས་ཀྱི་བེམ་པོའི་ཆ་ཉི་ཁྲི་ཆིག་སྟོང་དྲུག་བརྒྱའི་ཆ་གཅིག་ཟ་ཞིང་ཟད་པར་བྱེད་ལ། མི་འགྱུར་བའི་བདེ་བའི་སྐད་ཅིག་དེས་ཀྱང་ཞག་གཅིག་ལ་དབུགས་ཉི་ཁྲི་ཆིག་སྟོང་དྲུག་བརྒྱའི་ནང་ནས་གཅིག་བསད་ནས་འགག་པར་བྱེད་དོ། །དེ་ལྟར་ཐིག་ལེ་དཀར་པོ་དེ་ནོར་བུའི་རྩེ་ནས་དབུགས་རེ་རེ་བསད་ནས་འགག་པར་བྱེད་པས་བེམ་པོའི་ཆ་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་དང་། དབུགས་ཀྱི་ཆ་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་རྣམས་རིམ་གྱིས་འགགས་པར་བྱེད་དོ། །དེ་ལྟ་བུའི་མི་འགྱུར་བའི་བདེ་བ་དེ་ཉིད་ཀྱིས་སྟོང་ཉིད་མངོན་སུམ་དུ་རྟོགས་པས་མི་འགྱུར་བའི་བདེ་བའི་སྐད་ཅིག་རེ་རེ་ལའང་སྤང་བྱ་བདེན་འཛིན་བག་ཆགས་དང་བཅས་པའི་དངོས་གཉེན་བར་ཆད་མེད་ལམ་རེ་དང་། རང་གི་ངོས་སྐལ་གྱི་སྤང་བྱ་ལས་གྲོལ་བའི་རྣམ་གྲོལ་ལམ་རེ་རེ་འང་ཡོད་པས་གཉིས་གཉིས་སུ་ཕྱེ་བ་ཡིན་ནོ། །ནོར་བུའི་རྩེ་ནས་གསང་གནས་ཀྱི་བར་ཐིག་ལེའི་ཕྲེང་བ་སུམ་སྟོང་དྲུག་བརྒྱ་བརྩེགས་པ་ལས་རིམ་པར་སྐྱེས་པའི་མི་འགྱུར་བའི་བདེ་བའང་སུམ་སྟོང་དྲུག་བརྒྱ་སྐྱེ་བའི་ཕྱེད་སྔ་མ་ཆིག་སྟོང་བརྒྱད་བརྒྱས་ས་དང་པོ་དང་། ཕྱེད་ཕྱི་མ་ཆིག་སྟོང་བརྒྱད་བརྒྱས་ས་གཉིས་པ་དང་། དེ་བཞིན་དུ་གསང་གནས་ནས་ལྟེ་བའི་བར་ལ་ཐིག་ལེ་སུམ་སྟོང་དྲུག་བརྒྱ་བརྩེགས་པ་ལས་སྐྱེས་པའི་མི་འགྱུར་བདེ་བའི་བདེ་བའང་སུམ་སྟོང་དྲུག་བརྒྱ་སྐྱེས་པའི་ཕྱེད་སྔ་མ་ཆིག་སྟོང་བརྒྱད་བརྒྱས་ས་གསུམ་པ་དང་། ཕྱེད་ཕྱི་མ་ཆིག་སྟོང་བརྒྱད་བརྒྱས་ས་བཞི་པ་དང་། ལྟེ་བ་ནས་སྙིང་ཁའི་བར་སྔར་བཞིན་ཐིག་ལེ་བརྩེགས་པ་ལས་མི་འགྱུར་བ་སྔར་ལྟར་སྐྱེས་པའི་ཆིག་སྟོང་བརྒྱད་བརྒྱ་སྔ་མས་ས་ལྔ་པ་དང་། ཆིག་སྟོང་བརྒྱད་བརྒྱ་ཕྱི་མས་ས་དྲུག་པ་དང་། སྙིང་ག་ནས་མགྲིན་པའི་བར་ལ་སྔར་བཞིན་ཐིག་ལེ་བརྩེགས་པ་ལས་སྐྱེས་པས་མི་འགྱུར་བའི་བདེ་བ་ཆིག་སྟོང་བརྒྱད་བརྒྱ་སྔ་མས་ས་བདུན་པ། ཆིག་སྟོང་བརྒྱད་བརྒྱས་ཕྱི་མས་ས་བརྒྱད་པ་དང་། མགྲིན་པ་ནས་དཔྲལ་བའི་བར་དུ་ཐིག་ལེ་སྔར་ལྟར་བརྩེགས་པ་ལས་སྐྱེས་བའི་མི་འགྱུར་བའི་བདེ་བ་ཆིག་སྟོང་བརྒྱད་བརྒྱ་སྔ་མས་ས་དགུ་པ་ཕྱི་མས་ས་བཅུ་བ། དཔྲལ་བ་ནས་གཙུག་ཏོར་གྱི་བར་ཐིག་ལེ་སྔར་བཞིན་སུམ་སྟོང་དྲུག་བརྒྱ་བརྩེགས་པ་ལས་སྐྱེས་པའི་མི་འགྱུར་བའི་བདེ་བ་སུམ་སྟོང་དྲུག་བརྒྱའི་ཕྱེད་སྔ་མ་ཆིག་སྟོང་བརྒྱད་བརྒྱས་ས་བཅུ་གཅིག་པ་སྟེ་ས་བཅུའི་ཁྱད་པར་ལམ། ཕྱེད་ཕྱི་མ་ཆིག་སྟོང་བརྒྱད་བརྒྱས་ས་བཅུ་གཉིས་པ་སྟེ་ས་བཅུའི་བར་ཆད་མེད་ལམ་དུ་འཇོག་གོ །ཐིག་ལེ་དཀར་པོ་ནོར་བུའི་རྩེ་ནས་གཙུག་ཏོར་བར་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་མི་གཡོ་བར་བརྩེགས་པ་ལྟར། ཐིག་ལེ་དམར་པོ་ཡང་དེ་རྣམས་དང་དུས་མཚུངས་སུ་གཙུག་ཏོར་ནས་ནོར་བུའི་བར་དུ་རིམ་པར་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་གཡོ་མེད་དུ་བརྩེགས་པར་བྱེད་དོ། །ཡིད་བཞིན་མཛོད་འགྲེལ་ལས། གསང་སྔགས་གསར་རྙིང་གུང་མཐུན་པར་བྱུང་སྟེ། འཁོར་ལོ་བཞིའི་རླུང་སེམས་རིམ་པ་བཞིན་ལས་སུ་རུང་བ་ལས། ཚོགས་དང་སྦྱོར་བ་དང་། མཐོང་བ་དང་སྒོམ་པའི་ལམ་བཞི་རྫོགས་པའི་ཡོན་ཏན་འཆར་ཞིང་དབུ་མ་ལ་རོ་རྐྱང་གཉིས་ཀྱི་མདུད་པ་ཉི་ཤུ་རྩ་གཅིག་ཡོད་པའི་གཉིས་གྲོལ་བ་ན། ས་བཅུ་པོ་རེ་རེའི་ཡོན་ཏན་འཆར་ལ། ཐ་མ་གྲོལ་བས་སངས་རྒྱས་ཀྱི་ས་འགྲུབ་པར་སློབ་དཔོན་ཆེན་པོ་བི་མ་མི་དྲ་དང་། པདྨ་འབྱུང་གནས་ལ་སོགས་པའི་མཁས་གྲུབ་རྣམས་བཞེད་དོ་ཞེས་གསུངས་པས། སྒྱུ་འཕྲུལ་རྡོ་རྗེའི་དགོངས་དོན་ཡིད་བཞིན་མཛོད་རྩ་འགྲེལ་ནས་བཤད་པ་དང་། དུས་འཁོར་ནས་བཤད་པ་གཉིས་རགས་བཤད་ཞིབ་བཤད་ཀྱི་ཁྱབ་པར་མ་གཏོགས་དགོངས་པ་གཅིག་པར་གོང་མ་བཞེད་པར་གསུངས་སོ། །
ཀུན་མཁྱེན་ལུགས་ཀྱི་རྣམ་སྨིན་རིག་འཛིན་ཐད། ཞལ་རྒྱུན་དུ། རྫོག༵ས་རིམ༵་གྱི༵་རྟོགས་པ་ཆེར་བྱང་བ་དགོས་ཀྱི་ཞེས་པའི་བྱང་ཚད་ནི། གྲུབ་མཐའི་སྐབས་སུ་བཤད་པ་ལྟར་རྫོགས་རིམ་ལ་བརྟེན་ནས་འོད་གསལ་མངོན་དུ་རྟོགས་ཤིང་འོད་གསལ་དེའི་ཆར་འགྱུར་བའི་ཤེས་རབ་སད་དེ། འོད་གསལ་གྱི་དབྱིངས་སྟོང་པ་ཉིད་དོན་སྤྱིའི་སྒོ་ནས་རྟོགས་པའི་སྦྱོར་ལམ་པ་ཞིག་སྟེ། འདི་རྣམ་སྨིན་རིག་འཛིན་མཚན་ཉིད་པ་དང་མཐོང་ལམ་པ་དང་འཕགས་པ་བཏགས་པ་བར་གསུངས།
ཀུན་མཁྱེན་ལུགས་ཀྱི་སྐབས་ཀྱི། རྫོགས༵་རིམ༵་གྱི་ལྷག་མཐོང་རྙེད་པ་ཡན༵་ཆད༵་གཅིག༵། མ་མཐའ་རྫོགས་རིམ་གྱི་སྟོང་ཆེན་ལེགས་པར་རྟོགས་པ་ཡན་ཆད་གཅིག་བཞག་དགོས། དེས་དེ་གསར་དུ་མཐོང་བས་མཐོང་ལམ་གྱི་སྒྲ་སྦྱར་བ་ཡིན་ནོ། །ཞེས་སོ། །
ལུང༵་རིག༵ས་ཀྱི༵་གནོད་བྱེད་ཡོད་ཚུལ་སོགས་མ༵་སྤྲོ༵ས་ལ༵། ཞེས་པ་རྣམས་ནི། གཞན་དག་མི་འགྱུར་བའི་བདེ་བ་ཆིག་སྟོང་བརྒྱད་བརྒྱ་ཚན་དང་པོས་མོས་སྤྱོད་པ་དང་། ཚན་པ་གཉིས་པ་རབ་དགའ་བར་བཞེད་པ་དང་། ལ་ལ་སྔ་མ་དང་འདྲ་ལ་ཆིག་སྟོང་བརྒྱད་བརྒྱའི་ཚན་པ་དང་པོས་སྐད་ཅིག་གི་ཐ་མ་ནས་ས་དང་པོའི་མགོ་འཛིན་པར་བཞེད་དོ། །འདིའི་ལུགས་ཀྱི་ས་བཅུ་གཉིས་ཀྱི་དང་པོ་མོས་སྤྱོད་ཀྱི་སར་ཡོད་པ་མི་འཐད་དོ། །འདིའི་དང་པོའི་བདེ་བའི་སྐད་ཅིག་མ་ཆིག་སྟོང་བརྒྱད་བརྒྱ་ཚན་པ་དང་པོ་མོས་སྤྱོད་གྱིས་ས་ཡིན་ན། འདིའི་ལུགས་ཀྱི་ས་བཅུ་པ་བདེ་བའི་སྐད་ཅིག་མ་ཆིག་སྟོང་བརྒྱད་བརྒྱ་ཚན་པ་བཅུ་ཡོད་པ་དགུ་པ་ལེགས་པའི་བློ་གྲོས་ཡིན་དགོས་ན། ས་བཅུའི་དབང་ཕྱུག་དཔལ་ཕྱག་ན་རྡོ་རྗེ་དེ་ས་དགུ་པར་འགྱུར་ཏེ། འགྲེལ་ཆེན་ལས། ཕྱག་རྡོར་གྱི་ལས་རླུང་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་མ་འགགས་པས་འདིའི་ལུགས་གྱི་ས་བཅུ་གཉིས་མ་ཐོབ་པར་བཤད་པའི་ཕྱིར་དང་། ཉི་མ་དཔལ་གྱི་ཡོན་ཏན་འགེང་བ་ལས། དེ་ལྟར་འཁོར་ལོ་སེར་པོ་ས་གཉིས་འཐོབ་པའི་རིམ་པས་ས་གཉིས་ཀྱི་དབང་ཕྱུག་ཏུ་འགྱུར་རོ། །དེ་ལྟར་ན་གསང་བའི་འཁོར་ལོ་དབུགས་འབྱུང་བ་དང་། འཇུག་པ་བརྒྱ་ཕྲག་དྲུག་ལྷག་པའི་སྟོང་ཕྲག་གསུམ་འགོག་པའི་རབ་ཏུ་དགའ་བ་དང་དྲི་མ་མེད་པ་གཉིས་ཡིན་ནོ། །ལྟེ་བའི་འཁོར་ལོ་དེ་བཞིན་དབུགས་འགག་པས་འོད་བྱེད་པ་དང་འོད་འཕྲོ་བ་གཉིས་ཡིན་ནོ། །དེ་བཞིན་ཁོ་ནར་སྙིང་གའི་ཆུ་སྐྱེས་སུ་ཐུབ་དཀའ་བ་དང་མངོན་དུ་གྱུར་པའི་ས་གཉིས་སོ། །ཞེས་སོགས་གསུངས་པ་དང་འགལ་བའི་ཕྱིར་རོ། །ཡང་མཁས་པའི་གསུང་རབ་རྒྱུད་གསུམ་གསང་བ་རྣམ་འབྱེད་ཀྱི་དགོངས་པ་བཙལ་ན། མི་འགྱུར་བའི་བདེ་བ་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་རྫོགས་ཏེ་སྦྱོར་བ་བཅུ་གཉིས་ཀྱི་རླུང་འགགས་ནས་ཡེ་ཤེས་ཀྱི་སྐུ་འགྲུབ་ལ། དེའི་སྔོན་མི་འགྲུབ་པས། ཡེ་ཤེས་ཀྱི་སྐུ་དེ་ཡང་ཕ་རོལ་ཏུ་ཕྱིན་པའི་དབང་དུ་བྱས་ན་ས་དང་པོའི་ཐོག་མ་ནས་བཞེད་པར་མངོན། གལ་ཏེ་དེ་ལྟར་ཡིན་ན། ས་བཅུའི་དབང་ཕྱུག་ཕྱག་ན་རྡོ་རྗེ་ཡང་ས་དང་པོ་རབ་ཏུ་དགའ་བ་མ་ཐོབ་པར་ཐལ་བས་ཧ་ཅང་ཐལ་བར་འགྱུར་རོ། །ཕྱག་ན་རྡོ་རྗེ་ལས་རླུང་སུམ་སྟོང་དྲུག་བརྒྱ་འཕོ་བའི་དུས་སྦྱོར་གཉིས་མ་འགགས་པར་འགྲེལ་ཆེན་ལས་གསལ་བར་གསུངས་པའི་ཕྱིར་རོ། །འཇིག་རྟེན་ཁམས་ལེའི་མདོར་བསྡུས་གཉིས་པ་ལས། ནགས་ཀྱི་རི་དྭགས་ཀྱི་བདག་པོ་ཞེས་པ་བཞིན་དུ་རོལ་ལྡན་ན་གནས་པ་གནོད་སྦྱིན་ཆེན་པོ་རྣམས་ཀྱི་བདག་པོ་འདམ་ནང་དུ་ནི་རོ་ཞེས་པ་དབུགས་འབྱུང་བ་དང་འཇུག་པ་སུམ་སྟོང་དྲུག་བརྒྱའི་དམན་པའི་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་རྣམས་འགགས་པའོ། །དེ་འདི་ལ་ཡོད་པ་ནི། ཆོས་ཀྱི་སྤྲིན་གྱི་ས་སྟེ་དེ་ལ་གནས་པ་ནི་རོ་ལྡན་ན་གནས་པའོ། །ཞེས་གསུངས་པའོ།
ཟུར་ལུགས་སྔ་ཕྱིའི་སྐབས། ཕྱིས་ཀྱི་བཀའ་སྡེ་ཟུར་བའི་ལུགས་ལ་དེ་ལྟར་རྣམ་སྨིན་པ་དེས་ཚེ་འདིར་རྒྱ་ཆེན་གྲུབ་པ་ཞིག་ཡོད་ན་ནི། དེ་འདྲ་དེས་རགས་ལུས་ཀྱི་སྟེང་ནས་རྒྱ་ཆེན་འགྲུབ་པས། འོ་ན་ཁྱོད་ཀྱིས་རྣམ་སྨིན་པ་ཡིན་ན་འཆི་དུས་ཀྱི་ཤིན་ཏུ་ཕྲ་བའི་རླུང་དེ་སྒྱུ་ལུས་སུ་བཞེངས་ཏེ་བར་དོར་རྒྱ་ཆེན་འགྲུབ་དགོས་ཀྱིས་ཁྱབ་པས་སྒྱུ་ལུས་ཀྱི་རྟེན་ལ་རྒྱ་ཆེན་འགྲུབ་པ་ཡིན་པས་རགས༵་ལུས༵་འདི༵་རྒྱ༵་ཆེན༵་དུ༵་འཁྱེར༵་བ༵་མེད༵་པས༵་ལྷག་བཅས་ལྷག་མེད་ཀྱི་རྣམ་བཞག་མཛད་པ་དང་དངོས་སུ་འགལ་ཞིང་ཞེས་སོ། །
དཔལ་སྤྲུལ་རིན་པོ་ཆེས། རྒྱ་མིག་ནི་ཐེལ་ཚེའི་ངོའི་རི་མོ་དང་། རྒྱ་ས་ནིི་ལ་ཆ་སོགས་རྒྱ་འདེབས་ས་དེ་ཡིན་ནོ། །རྒྱ་མིག་རྒྱ་ས་ཇི་བཞིན་དུ། །ཕྱག་རྒྱ་ཐོབ་ལ་མ་རག་པ། །ཞེས་པ་ནི། དཔེར་ན་རྒྱ་མིག་དེ་བསྐོས་ཕོར་རི་མོ་ཇི་ལྟར་ཡོད་པ་དེ་རྒྱ་ས་འཇིམ་པ་ལ་བཏབ་པའི་ཚེ་ལེགས་པར་དོད་ཡོད་ཀྱང་བརྐོས་ཕོར་ནས་མ་བྱུང་བར་དུ་མངོན་དུ་མི་སྣང་བ་ལྟར་སྔགས་བླ་མེད་ཀྱི་སྦྱོར་ལམ་པ་དེ་འཆི་བའི་འོད་གསལ་གྱི་ཚེ་སྔགས་ཀྱི་མཐོང་ལམ་གྲུབ་པ་མཉམ་བཞག་གི་ཚེ་སེམས་དོན་དམ་འོད་གསལ་གྱི་ལྷ་སྐུ་གྲུབ་ཏེ་ཉོན་སྒྲིབ་སྤངས་ནས་ལུས་ཡི་དམ་ལྷའི་ཟུང་འཇུག་གི་སྐུར་མངོན་དུ་གྱུར་མ་རག་ཡོད་ཀྱང་དངོས་སུ་གྲུབ་པ་མེད་ལ། འོད་གསལ་དེ་རྣམ་སྨིན་གྱི་ལུས་ལས་ལྡང་བ་ན་ཟུང་འཇུག་གི་སྐུ་དེ་མངོན་དུ་གྲུབ་པ་ཡིན་ནོ། །ཞེས་སོ། །
འབྲས་རྒྱུད་ཀྱི་བླ་མེད་ཁོ་ན་ལ་གྲགས་པའི་ཁ་སྦྱོར་ཡན་ལག་བདུན་སྐབས། མི་ཕམ་རིན་པོ་ཆེའི་ཤན་འབྱེད་ལས། ངོ་བོ་ཉིད་སྐུ་དེ་ནི་རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་དག་པ་གཉིས་ལྡན་པས་དེའི་མཁྱེན་ཆ་ཡེ་ཤེས་ཆོས་སྐུ། གཟུགས་སྐུ་རྣམ་གཉིས་ཉི་མ་དང་འོད་ཟེར་བཞིན་དུ་འདུ་འབྲལ་མེད་པ་ཡིན་པས་གཟུགས་སྐུའི་དབང་དུ་བྱས་ན་ལོངས་སྐུ་ངེས་པ་ལྔ་ལྡན་གྱི་བདག་ཉིད་རྡོ་རྗེ་སེམས་དཔའི་སོགས་ཁ་སྦྱོར་བདུན་གྱི་བདག་ཉིད་ཡོད་པར་ཁས་ལེན་དགོས་ཏེ། ཁ་སྦྱོར་བདུན་ནི། ངག་དབང་གྲགས་པས། ལོངས་སྤྱོད་རྫོགས་དང་ཁ་སྦྱོར་བདེ་ཆེན་རང་བཞིན་མེད། །སྙིང་རྗེས་ཡོངས་གང་རྒྱུན་མི་འཆད་དང་འགོག་པ་མེད། ཅེས་གསུངས། འོག་མིན་དུ་ས་བཅུ་བའི་བྱང་སེམས་ལ་ཆོས་ཀྱི་ལོངས་སྤྱོད་རྫོགས་པར་མཛད་པ་དང་། ཡེ་ཤེས་ཀྱི་རང་བཞིན་ཅན་གྱི་མཚན་དཔེའི་སྐུ་རང་གི་བཙུན་མོ་དང་ཁ་སྦྱོར་དུ་བཞུགས་པ་དང་། ཟག་མེད་ཀྱི་བདེ་བ་ཆེན་པོས་རྒྱུད་ཡོངས་སུ་གང་བ་དང་། རང་བཞིན་གྱི་ངོ་བོ་ཉིད་མེད་པ་དང་། སྙིང་རྗེས་ཡོངས་སུ་གང་བས་སེམས་ཅན་གྱི་དོན་མཛད་པ་དང་། དེའི་མཛད་པ་ནམ་མཁའ་ཇི་སྲིད་དུ་རྒྱུན་མི་འཆད་པ་དང་། འགོག་པ་མེད་པ་མི་གནས་ཀྱི་མྱང་འདས་སོ། །དེ་ལྟར་ཡང་བཙུན་མོའི་བདེ་བ་དང་ལྡན་པ་སོགས་རྒྱུད་རང་མཚན་པའི་ཆགས་སྤྱོད་སྨད་པའི་ཚུལ་ཅན་མ་ཡིན་ཏེ། སྐུ་རྣམ་པ་ཐམས་ཅད་པར་འཆར་བའི་བྱེ་བྲག་འཁོར་འདས་ཀྱི་ཆོས་ཀུན་ལ་བདག་པོ་ཆེན་པོའི་ཚུལ་དུ་མངའ་དབང་བསྒྱུར་བའི་ཟག་མེད་ཀྱི་བདེ་བ་ཆེན་པོ་ལ་མངའ་དབང་འབྱོར་བ་ཡིན་པས། འབྲས་ཆོས་ཉེར་ལྔ་ལྷུན་གྱིས་གྲུབ་པ་ཡིན་ནོ། །སྤྱན་སོགས་སྐྱེ་མཆེད་དྲུག་ལྡན་གྱི་སྐུ་མཚན་དཔེ་བཞིན་ལེགས་ཏུ་སྣང་ཡང་མིག་སོགས་ལ་བདག་གིར་འཛིན་པ་སོགས་ཡོད་མི་དགོས་ལ། ཡུམ་དང་གདན་ཁྲི་གཞལ་ཡས་སོགས་འདོད་ཡོན་གྱི་རྣམ་པ་ཐམས་ཅད་དེ་བཞིན་ཏེ། སྤྲོལ་བྲལ་དོན་གསལ་ཆེན་པོའི་རྒྱུད་ལས། སྐུ་མདོག་ཕྱག་མཚན་གདན་ཁྲི་ལ་སོགས་པ། །སྣང་ཡང་ཡང་དག་དོན་དུ་གྲུབ་པ་མེད། །ཆོས་སྐུའི་ཡོན་ཏན་ཙམ་དུ་སྣང་བ་ཡིན། །རྩལ་མདང་མ་འགགས་ཆ་ཙམ་ཤར་བ་ཡིན། །མཁྱེན་པའི་ཤེས་རབ་ཙམ་ལས་གསལ་བ་ཡིན། །ཞེས་གསུངས། སྐུ་ལ་ཆེ་ཆུང་གི་ཚད་དུ་སྣང་ཡང་གང་ཡང་ཁྱབ་པའི་ཆུ་ཟླ་ལྟ་བུ་ལ་རྡུལ་ཕྲན་གྱི་ཚད་བསགས་པ་མེད་པ་སོགས་ཤེས་པར་བྱའོ། །སངས་རྒྱས་ཀྱི་སྐུ་ལ་རིས་སུ་ཕྱེ་བའི་རྒྱུད་རང་མཚན་མེད་ཀྱང་དག་པའི་གདུལ་བྱར་སྣང་བའི་ལོངས་སྐུ་དེ་ཡང་སངས་རྒྱས་ཡིན་པ་དང་། ཁ་སྦྱོར་བདུན་ལྡན་དུ་ཁས་ལེན་པ་ལ་སྐྱོན་གང་ཡང་མེད་དེ། རྒྱུད་སྡེ་ཆེན་པོ་རྣམས་ཀྱི་དགོངས་པ་རྣམ་དག་ཡིན་ནོ། །དེར་མ་ཟད་སྤྲུལ་པའི་སྐུ་ལའང་། ཀུན་མཁྱེན་ཆེན་པོའི་ཚིག་དོན་མཛོད་དུ། གདུལ་བྱའི་ངོར་སྣང་བའི་སྤྲུལ་བའི་སྐུ་དེ་ཡང་བེམ་སྟོང་གཟུགས་བརྙན་ལྟ་བུ་མ་ཡིན་པར་ཡེ་ཤེས་གཉིས་ཀྱིས་འགྲོ་བའི་དོན་ལྷུན་གྲུབ་ཏུ་མཛད་པ་སྟེ། ཞེས་སོགས་གསུངས་པ་ལྟར་ཡེ་ཤེས་ཡོད་པ་དང་སངས་རྒྱས་ཡིན་པར་ཁས་ལེན་དགོས་ཀྱི་དེ་སངས་རྒྱས་མིན་པ་དང་ཡེ་ཤེས་མེད་པར་ནམ་ཡང་སྐུར་བ་འདེབས་མི་རུང་ངོ་། །མདོར་ན། ཐལ་འགྱུར་ལས། ཐ་དད་རང་བཞིན་འགྱུར་བ་མེད། །དེ་ཕྱིར་སྐུ་ལྔའི་ཡེ་ཤེས་ཏེ། །སྐུ་དང་ཡེ་ཤེས་འདུ་འབྲལ་མེད། །དོན་ལ་དེ་བཞིན་གནས་པའོ། །ཞེས་སོ། །
ཞལ་རྒྱུན་ལ། གསུང་ལྔའི་ནང་ཚན་གནས་ལུགས་ལ་མཉམ་པར་བཞག་པ་ཉིད་གསུང་ལྔའི་ནང་ཚན་གྱི་ཆོས་སྐུའི་གསུང་ཞེས་བཏགས་པའོ། །ཐུགས་ལྔ་རགས་ཕྲའི་སྒོ་ནས་སྐུ་ལྔའི་ཐུགས་སུ་སྦྱོར་ཞེས་གསུངས། ཡེ་ཤེ༵ས་ཀུན༵་མཁྱེན༵་ལྟ༵་བ༵་དགུ༵་ཞེས་པ་རྣམས་ཀྱི་དོན་ནི། ཟུར་འདེབས་ལས། ཆོས་ཉིད་བདེན་པ་དབྱེར་མེད་མཉམ་པ་ཉིད་ཀྱི་ངང་ལ་མི་སྐྲག་པའི་བཟོད་པ་ཐོབ་པ། ཆོས་ཉིད་བདེན་པ་དབྱེར་མེད་ཀྱི་རང་རིག་པའི་མངོན་སུམ་དུ་སྒྲོ་འདོགས་པ་དང་བྲལ་བར་བྱས་ལ་ཡིད་ཆེས་གདེངས་ཤེས་རབ་སྟེ་རྒྱུ་ཤེས་པའི་མཚན་ཉིད་ལྟ་བ། སྣང་བའི་རྣམ་པ་ཀུན་མ་སྤངས་བར་ལྡན་པ་རྣམ་པ་ཀུན་གྱི་མཆོག་ལྡན་གྱི་སྟོང་པ་ཆེན་པོའི་དོན་དེ་མཐོང་ཞིང་གོ་བའི་ངང་ལས་གནས་པ་དེ་སྟོང་པ་ཆེན་པོའི་ལྟ་བ་དང་། ཡུལ་ཡུལ་ཅན་གཉིས་མེད་པ་རང་རིག་པའི་སྙིང་རྗེ་ཆེན་པོའི་ཏིང་ངེ་འཛིན་གྱི། ཡེ་ཤེས་སྒྱུ་མའི་ངོ་བོར་ཤར་བ་ནི་ཀུན་སྣང་གི་ཏིང་ངེ་འཛིན་སྙིང་རྗེ་ཆེན་པོའི་ལྟ་བ་དང་། འབྲས་བུ་ཡི་དམ་ལྷ་གཅིག་སྣང་སྟོང་གཉིས་མེད་དུ་གསལ་བ་ཕྱག་རྒྱ་གཅིག་པའི་ལྟ་བ་དང་། རྟོག་ཚོགས་ཐམས་ཅད་ལྷ་དུ་མའི་དཀྱིལ་འཁོར་དུ་གསལ་བར་རྟོགས་པ་ཕྱག་རྒྱ་སྤྲོས་པའི་ལྟ་བ་དང་། བར་ཆད་མེད་པའི་ལམ་དུ་ཡོ་བྱད་ལྔ་སྣང་ལ་རང་བཞིན་མེད་པར་སྤྱད་པས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཆེན་གཉིས་རྫོགས་པ་མཐོང་བ་སྦྱོར་ལམ་ཚོགས་སྒྲུབ་པའི་ལྟ་བ་དང་། དོན་ལ་ལུས་སྣང་སེམས་གསུམ་༼ཟད་པ་གསུམ་ཡིན་ནམ་གསུངས་༽མངོན་དུ་བྱས་ཤིང་རྟག་པར་ཚེ་ལ་རང་དབང་བསྒྱུར་བ་མཐོང་ལམ་ཚེ་དབང་གི་ལྟ་བ་དང་། དགོངས་པ་མཉམ་པ་ཉིད་ཀྱི་དོན་ལ་མི་གཡོ་བ་སྒོམ་ལམ་ཕྱག་རྒྱ་ཆེན་པོའི་ལྟ་བ་དང་། དགའ་བ་བཅུ་དྲུག་ཡེ་ཤེས་ལྔ་ཡི་ལམ་དུ་ཀུན་མཁྱེན་པ་ལྷུན་གྲུབ་རིག་འཛིན་གྱི་ལྟ་བ་སྟེ་དགུའོ། ཞེས་སོ། །གསུང་རྒྱུན་ལས། དད་བརྩོན་གྱི་སྤྱོད་པ་བདུན་གྱི་དང་པོ་ནི། མི་ཕམ་རིན་པོ་ཆེའི་བཀའ་བརྒྱད་ཀྱི་རྣམ་བཤད་དངོས་གྲུབ་སྙིང་པོ་ལས། གསང་སྔགས་ཀྱི་བསླབ་པའི་མཐའ་བཅུ་འམ་དྲུག་ཏུ་འདུ་སྟེ། རྒྱུད་ཐོས་པས་གྲོལ། སྒོམ་ཀུན་ནས་སྡུད། མདོ་གཅིག་ཏུ་བསྡུས། མཁས་པའི་ཕུལ་ཏུ་ཕྱིན་པར་བསླབ་པ་བཞིས་སྒྲོ་འདོགས་གཅད་པར་བྱ་སྟེ། ཐོག་མར་རྒྱུད་ལ་མན་ངག་གི་དོན་ཟབ་མོ་མ་ཐོས་ན་བླང་དོར་གྱི་དམིགས་མི་འབྱེད་པས་རྒྱུད་ཐོས་པས་གྲོལ་བ་རྟ་ཕོ་སྒྲོག་བཀྲོལ་བ་ལྟ་བུ་གཞིར་བཞག །དེ་ཡང་ཐོས་པ་ཉུང་ངུས་ཤེས་རབ་རྒྱ་ཆེན་པོ་གྲོལ་བར་མི་ནུས་པས་ཐོས་པའི་སྒོ་མང་དུ་བཙལ་ཏེ། སྒོ་ཀུན་ནས་སྡུད་པ་བུང་བ་ཚང་ཚོལ་བ་ལྟ་བུས་མང་ཏུ་ཐོས་པར་བྱ། མང་དུ་ཐོས་ཀྱང་ལག་ལེན་གནད་དུ་མ་ཁེལ་ན་རང་རྒྱུད་མི་གྲོལ་བས་མཐར་ཐུག་པའི་མན་ངག་གི་གནད་ཟབ་མོ་ཉམས་འོག་ཏུ་ཆུད་པར་བྱས་ནས་མདོ་གཅིག་ཏུ་སྡུད་པ་ཚོང་པ་ཁེ་ཚོལ་བ་ལྟ་བུས་དོན་གནད་ཕོག་པར་བྱ། དེ་ལྟར་བྱས་ནས་ཐོས་པས་རྒྱུད་ཀྱི་དོན་ཤེས། ལུང་གིས་རྒྱུད་དོན་ཉམས་སུ་བླང་། མན་ངག་གིས་ཡིད་ཆེས་ནས་ཐེ་ཚོམ་མེད་པའི་གདེངས་དང་ལྡན་པར་བསླབ་པའི་སྒོ་ནས་མཁས་པའི་ཕུལ་ཏུ་ཕྱིན་པ་རི་མཐོན་པོའི་རྩེར་ཕྱིན་པ་ལྟ་བུ་ཞིག་བྱ་སྟེ། དེ་བཞི་ནི་གསང་སྔགས་ལ་བསླབ་པའི་ཚུལ་ལོ། །དེ་བཞིའི་སྟེང་དུ་བསླབ་བྱའི་ཡུལ་གྱིས་ཆ་ནས་བསླབ་པའི་མཐའ་དྲུག་ཏུ་གསུངས་བ་བསྣན་ནས་བསླབ་པའི་མཐའ་བཅུར་བཞེད་དོ། །དེ་ལ་བསླབ་པའི་མཐའ་དྲུག་གང་ཞེ་ན། རིམ་པ་དབང་གིས་བསྒྲོད། གཞི་དམ་ཚིག་གིས་བཟུང་། ཐག་ལྟ་བས་གཅོད། ཉམས་སུ་ཏིང་ངེ་འཛིན་གྱིས་བླང་། ལ་སྤྱོད་པས་དོར། དོན་མན་ངག་གིས་སྒྲུབ་པ་སྟེ་དྲུག་གོ །དེ་ལ་རིམ་པ་དབང་གིས་བསྒྲོད་པ་ནི། གསང་སྔགས་གྱི་དབང་ཐོབ་པ་དང་གསང་བའི་དབང་ཐོབ་ནས་ཉོན་མོངས་པས་མི་བརྫི་བའི་ལས་ཅན་དུ་གྱུར་པ་རྒྱལ་བུས་རྒྱལ་ས་ཟིན་པ་ལྟ་བུའོ། །གཞི་དམ་ཚིག་གིས་བཟུང་བ་ནི་བླ་མ་མཉེས་པར་བྱས་ལ་ཇི་སྐད་གསུངས་པའི་དམ་ཚིག་ལས་མི་འདའ་བ་ཞིང་ས་གཤིན་པོ་ལྟ་བུ་དངོས་གྲུབ་ཀྱི་ལོ་ཏོག་སྐྱེ་རུང་བའི་ལས་ཅན་ནོ། །ཐག་ལྟ་བས་བཅད་པ་ནི་འཁོར་འདས་ཀྱི་ཆོས་ཐམས་ཅད་རང་གི་སེམས་སུ་འདུ་ལ་སེམས་ཡེ་ནས་སངས་རྒྱས་ པ་རང་བྱུང་གི་ཡེ་ཤེས་སུ་རྟོགས་ནས་བྱ་རྩོལ་རེ་དོགས ་བྲལ་ཏེ་བག་ཡངས་སུ་རྒྱུ་བ་ཁྱུང་ནམ་མཁའ་ལ་ལྡིང་བ་ལྟ་བུའོ། །ཉམས་སུ་ཏིང་ངེ་འཛིན་གྱིས་བླང་བ་ནི་ཤེས་རབ་ཀྱིས་དམིགས་པའི་དོན་ལ་ཏིང་ངེ་འཛིན་གྱིས་གཡེང་བ་མེད་པར་རྩེ་གཅིག་ཏུ་བྱས་པ་ནོར་བུ་རིན་པོ་ཆེ་ལེན་པ་ལྟ་བུའོ། །ལ་སྤྱོད་པས་དོར་བ་ནི་མཉམ་བཞག་སྐབས་བྱ་བའི་ལས་ཐམས་ཅད་སྤངས་ནས་སྒོམ་པའི་ལས་ལ་འཇུག་པ་དང་། རྗེས་ཐོབ་ཏུ་བླང་དོར་མེད་པ་མཉམ་པ་ཉིད་ཀྱི་ལྟ་བ་ཟབ་མོ་དང་མཐུན་པར་འཇིགས་མེད་ཏུ་རྒྱུ་ཞིང་ཕྲིན་ལས་སྣ་ཚོགས་ལ་ཇི་ལྟར་འདོད་པ་བཞིན་འཇུག་པ་གླང་པོ་ཆེ་ཆུར་འཇུག་པ་ལྟ་བུའོ། །དོན་མན་ངག་གིས་སྒྲུབ་པ་ནི་གང་ཆེད་དུ་བསྒྲུབ་པའི་དོན་ལ་གནད་དུ་འབྱོར་བའི་མན་ངག་གིས་ཐེ་ཚོམ་ཆོད་པས་གདེངས་དང་ལྡན་པར་སྒྲུབ་པ་ཉམས་སུ་བླངས་བས། ཏིང་ངེ་འཛིན་ཐོབ་པའི་དུས་ན་བདུད་བཞི་ཆོམ་ནས་སྐུ་གསུམ་ཐོབ་པ་རིན་པོ་ཆེ་ཉོས་པ་ལྟ་བུའོ། །དེ་ལྟར་མཐའ་དྲུག་ལ་བསླབ་ཅིང་ཤེར་ཏིང་གི་ཡོ་བྱད་གཉིས་ལ་ལོངས་སྤྱོད་པ་ནི་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོའོ། །ཞེས་སོ། ༈ །རིག་འཛིན་བཞིའི་སྤྱོད་པ་གསང་བདག་ཞལ་ལུང་ན་གསལ་ལོ། །འགྲེལ༵་ཆུང༵་ལས་དཀྱིལ་འཁོར་བཅུ་གཉིས་བཤད༵་པ༵། ཞེས་པ་ནི། འགྲེལ་ཆུང་ལས། དཀྱིལ་འཁོར་རྣམ་པ་བཅུ་གཉིས་ཏེ། །དེ་བཞིན་ཉིད་དང་རང་བཞིན་དང་། །ཐུགས་རྗེ་འདུལ་བའི་དཀྱིལ་འཁོར་དང་། །ཏིང་ངེ་འཛིན་དང་གཟུགས་བརྙན་དང་། །ལྷག་པའི་ཏིང་འཛིན་གཟུགས་བརྙན་དང་། །བྱང་ཆུབ་སེམས་དང་ལྷག་བྱང་སེམས། །ཚོགས་དང་ལྷུན་གྲུབ་དཀྱིལ་འཁོར་རོ། །ཞེས་སོ། །
༈ དོན་དམ་པའི་གཟུགས་བརྙན་སོགས་ནས་རྣམ་པར་ཤར་བའོ། །ཞེས་པ་འདིར་ལྷ་རྗེ་མདའ་ཏིག་དོན་དམ་པའི་གཟུགས་བརྙན་ཀུན་རྫོབ་ལྷའི་དཀྱིལ་འཁོར་དུ་འབྱུང་བ་ལ་བཞེད། ལྷ་རྗེ་གླན་སྟོན་རྣམ་རྟོག་ཕྲ་རགས་ཀྱི་ལྷ་ཡབ་ཡུམ་དུ་མཚོན་པ་དེའོ་གསུངས། ཉང་ཊིཀ་པ་ནི། སྔ་མའི་བཞེད་པ་དེ་གཉིས་ཆར་ཡང་། འོག་མིན་ན་བཞུགས་པ་དང་། འདི་ལྟར་བསྒོམས་པས་གསལ་བ་གཉིས་འདྲ་བའི་ཕྱིར་གཟུགས་བརྙན་ནོ་གསུངས། དེ་གསུམ་ལུང་ནི་མཐུན་པར། རྒྱས་པ་ལས། གཟུགས་བརྙན་དཀྱིལ་འཁོར་ཡང་དག་ནི། །ཆེན་པོ་རིག་པ་ཐབས་སུ་རྟོགས། །སོ་སོའི་མཚན་ཉིད་ཤེས་རབ་རྟོགས། །གཉིས་གཉིས་འབྲེལ་བ་ཐབས་ཆེན་ཡིན། །ཞེས་སོ། །
ཞལ་རྒྱུན་དུ། རྟོག་པ་རྣམས་ལྷའི་དཀྱིལ་འཁོར་དུ་སྒོམ་པ་ལ་སྦྱོར་རོ། ས་བརྟགས། ས་བསླང་སོགས་ཞལ་ལུང་༢༣༩་ན་གསལ་བས་ཤེས་པར་འདོད་ན་དེ་ལས་རྟོགས་པར་བྱའོ། །གྲ༵ལ་ཚུལ༵་གྱི༵་ཕྱག༵་སོགས་ཀྱང་དེར་གསལ་ལོ། ༈ །རྡོ་རྗེ་ཕུར་བའི་ལུགས་དང་། བཀའ་བརྒྱད་བདེར་འདུས་ཀྱི་ལུགས་དང་། སྒྱུ་འཕྲུལ་གྱི་ལུགས་རྣམས་ལས་སྐབས་འདིར་སྒྱུ་འཕྲུལ་གྱི་ལུགས་ཡིན་ལ། བདག་སྲས་གཞན་སྲས༵་ཐམས་ཅད་རྒྱ་མཚོའི་ལུང་དོན། རྒྱུ་དང་རྐྱེན་སོགས་ཀྱིས་གསར་དུ་བསྐྱེད་པ་ལྟ་བུ་མིན་པས་རང༵་བྱུང༵་ཡེ་ཤེས་གཤིས་ཀྱི་བཞུགས་ཚུལ་སངས་རྒྱས་ཀྱི་བདག་ཉིད་ཅན་དེའི་ཡིན་ལུགས་དངོས༵་དང༵་མི་འགལ༵་ཞིང༵་མཐུན་པའི་འབྲས༵་བུ༵་ཉིད༵་ལ༵་ལམ་དུ་ཤེས་ཏེ། དེ་ཡང་ད་ལྟ་ནས་སད་པར་མོས་པས། རྟེན་བརྟེན་པ་མ༵་ལུས༵་པའི་དཀྱིལ་འཁོར་གྱི་ཐིག༵་ལེ༵་སྟེ་གྲ་ཟུར་མེད་བཞིན་དུ་འབྲས་བུའི་སྐབས་ཀྱི་ལྷ་རྣམས་ཐམས་ཅད་བདག༷་གཉུག་མའི་འོད་གསལ་གྱི༵་སྲས་སུ་བསྒོམ༵་པར་བྱའོ། །འདིར་བདག་གཞན་ཞེས་པ། བདག་དྲི་བཅས་ཀྱི་འོད་གསལ་ཉིད་བསྐྱེད་གཞིར་བཟུང་ནས། གཞན་འབྲས་དུས་ཀྱི་ལྷ་ཞེས་གཉིས་ཀྱི་རྣམ་པར་བསྐྱེད་པ་ནི་བདག་གི་སྲས་སུ་གཞན་བྱ་བ་ཞེས་པ་ཡིན་ལ། དེ་ལྟར་བསྒོམ་པའི་དགོས་པ་གཞིའི་ཡོན་ཏན་རྣམ་པར་སད་བྱེད་ཀྱི་ཐབས་འབྲས་བུ་ལམ་བྱེད་ལ་གོམས་པས། ཡོན་ཏན་ཐམས་ཅད་སད་དེ་འབྲས་བུ་མཐར་ཐུག་པ་ཐོབ་པའི་ཕྱིར་ནའོ། །གཉིས་པ། རྣམ་སྨིན་གྱི་ཆ་འཛིན་པ་གང་གིས་རང་སྣང་ཡེ་ཤེས་ཀྱི་ལྷ་གང༵་ལ༵་ཤར་སྒོ་ནས་ལུས་རྟོག་སྦྱང་བར་གསོལ༵་བ་བཏབ༵་པས༵། ལྷ་རྣམས་ཀྱི་ཐུགས༵་རྗེའི༵་བྱིན་རླབས་ཀྱིས་ལུས་རྟོག་སྦྱང་བར་བྱས༵་ནས༵་ཧཱུྃ་ཡིག་ཏུ་བསྒྱུར་བ་ཐུགས་ཀ་ནས་བྱང་སེམས་ཀྱི་ངོ་བོར་འོད་དུ་ཞུ་ནས་དེ་དང་འདྲེས༵་ནས༵་ཡབ་ཡུམ་གཙོ་འཁོར་བདེ་ཆེན་ངང་དུ་འོད་དུ་ཞུ་ནས་ཐམས་ཅད་དབྱེར༵་མེད༵་པ་དེ་དག་གི་སྲས༵་སུ་བདག་ཉིད་གྱུར་༵བ་ལ་དགོངས༷་པ༵་གཅིག་ལ་གནས་པར་བསྒོམ་དགོས་ཞེས་དང་། ཀུན་ཏུ་རྟོག༵་པའི༵་གཤིས་ཡེ༵་ཤེས༵་འོད༵་གསལ་ལས་མཐར་ཐུག་གི་འབྲས་རྒྱུད་འབྱུང་བའམ་མངོན་དུ་གྱུར་དགོས་པ་ལ། དེ་འབྱུང་བ་ལ་ད་ལྟར་ལམ༵་སྒོམ་པ་དང་༵། དེ་ཡང་བདག་སྲས་གཞན་སྲས་གང་ཡིན་ཀྱང་འབྲས༵་བུ༵་ལམ་བྱེད་དུ་སོང་བའི་ཁྱད༵་པར༵་ལས་མྱུར་ལམ་ཟབ་མོའི་བྱིན་རླབས་སམ་དེའི་མཐུས་འབྲས་བུ་ཟུང་འཇུག་གི་གོ་འཕང་དང་དངོས་སུ་འབྲེལ༵་བ་ཡིན་པས༵། དེས་ན་འོད་གསལ་གྱི་བསྐྱེད་གཞིར་བྱས་པ་ལས་བྱུང་བའི་གཞན་ལྷ་ཞེ་གཉིས་ཀྱིས་བདེ༵་བར༵་གཤེགས༵་པའི༵་སྲས༵་ཀྱི་ཚོགས་ཀྱི་ངོ་བོར་བདག་བསྒོམ་པར་བྱའོ། །ཞེས་སོ། །ཡང་ན་རྟོག༵་པ༵་ཀུན་རྟོག་དེའི་གཤིས་ལུགས་གཉུག་མ་ཡེ་༵ཤེས༵་ཡིན་པས་དེ་ཡི་བསྒྲུབ་གཞི་བྱས་ནས་སྔགས་བླ་མེད་ཀྱི་ལམ་ཐམས་ཅད་བྱུང་བས་འོད༵་ལས༵་བྱུང༵་། འབྱུང་ལུགས་ནི་གཞི་ཡེ་ཤེས་ལམ༵་དུས་སྐུ་གསུམ་གྱི་ངོ་བོར་བསྐྱེད་ཅིང་། འབྲས༵་བུ༵་སྐུ་གསུམ་དང་རྣམ་མཐུན་དུ་བསྒོམ་པའི་ཁྱད༵་པར་༵ལས་༵དེས་བྱིན༵་རླབས་ཀྱི་མཐུ་ལས་མཐར་ཐུག་འབྲས༵་བུ༵་དང་ལམ་གཞན་བརྒྱུད་པ་ལ་མི་ལྟོས་པར་དངོས༵་སུ་འབྲེལ༵་བར་བྱེད་པའི༵་གནད་ཀྱིས་བདེ་བར་གཤེགས་པ༵་རྒྱལ་བ་རྣམས་ཀྱི་སྲས་༵སུ་བདག་རྟོག་ཚོགས་རྣམས་བསྒོམ་མོ། །ཞེས་པ་ཞལ་རྒྱུན་ཡིན་ངེས་ཡིན་ནོ། །བཞུགས་༵ཚུལ༵་ལྷ༵་གནས༵་སོགས་ཞལ་ལུང་༢༥༠ན་ཡོད།
དྲུག་པ་བྱང་སེམས་ཀྱི་དཀྱིལ་འཁོར་ཐད། རྩ་བའི་རླུང་ལྔ་ནི། སྲོག་འཛིན། གྱེན་རྒྱུ། ཁྱབ་བྱེད། མེ་མཉམ། ཐུར་སེལ་དང་ལྔའོ། །བྱེད་ལས་ཀྱང་རིམ་བཞིན་སྲོག་གནས་པ་དང་། དབུགས་འབྱུང་རྔུབ་དང་། ལུས་གནས་པ་དང་། །དྲོད་འབེབས་དང་། འགྲོ་འདུག་གཤང་གཅི་ཁུ་གསུམ་འབྱིན་སྡོམ་གྱི་བྱ་བ་བྱེད་པ། གལ་ཏེ་ལོག་ན། བརྒྱལ་སྨྱོ་ཤི་བ་སོགས་དང་། སྟོད་ནད་དང་། ཕོ་བའི་ནད་དང་། སྨད་ཀྱི་ནད་རྣམས་བསྐྱེད་ཅིང་། དེ་དག་ལུས་ཀྱི་སྙིང་ག་ལྐོག་མ། ཚིགས་ཐམས་ཅད་དང་། ལྟེ་བ་གསང་གནས་རྣམས་སུ་གནས་སོ། །ཡན་ལག་གི་རླུང་ལྔ་ནི་དབང་པོ་ལ་གནས་ཤིང་བསྐྱེད་པ་སོགས་ཀྱི་བྱ་བ་བྱེད་པ་སྟེ། རྒྱུ་བའི་གནས་ནི་སྤྱན་ཡིན་ཏེ། །རྣམ་པར་རྒྱུ་བ་རྣ་བ་ལ། །ཡང་དག་རྒྱུ་བ་སྣ་དང་ནི། །རབ་ཏུ་རྒྱུ་བ་ལྕེ་ལ་གནས། །ངེས་པར་རྒྱུ་བ་ལུས་ཉིད་དེ། །ཞེས་སོ། །
ཟིན་བྲིས་ལས། རྩ་རླུང་རྟགས་བཅུ་མཁན་ཆེན་ཆོས་ཀྱི་རྒྱལ་པོའི་རི་ཆོས་ལས། ས་ཆུ་མེ་རླུང་བཞི་དབུ་མར་འདུས་པ་ལས་རིམ་པར་དུ་བ་འཚུབ་པ་དང་། ཕྱུར་ཞིང་དུད་གདངས་ཆགས་པ་ལྟ་བུ་དང་། སྨིག་རྒྱུ་ལྟར་ཤིག་ཤིག་པ་དང་། ཆུ་རྒྱུག་ཅིང་ཆར་ཟིམ་འབབ་པ་ལྟ་བུ་དང་། སྲིན་བུ་མེ་ཁྱེར་ལྟར་འོད་ཙག་ཙག་དང་། དམར་ཕྲོམ་ནམ་མཁའ་ལ་སྐྱེ་ཞིང་ཡལ་བ་དང་། འདུ་འཕྲོ་བྱེད་པ་ལྟ་བུ། མར་མེ་འབར་བ་དང་། སྒྲོན་མེའི་ཕྲེང་བ་བསྒྲིགས་པ་ལྟ་བུ་དང་། ནམ་མཁའ་ལ་རླུང་འདུ་བ་ལྟ་བུའོ། །ཉིན་ཞག་གཅིག་ལ་དབུགས་ཉི་ཁྲི་ཆིག་སྟོང་དྲུག་བརྒྱའི་དབང་དུ་བཏང་ན་དེ་འཕོ་བ་བཅུ་དྲུག་ཏུ་བྱས་ན་ཆིག་སྟོང་སུམ་བརྒྱ་ལྔ་བཅུའོ། །འདི་སྐོར་༢༧༢་ཞལ་ལུང་ན་ཡོད་ཅེས་གསུངས།
དབང་སྐབས་རིན་པོ་ཆེས། འདིར་སྔགས་སྡོམ་སྐྱེ་དུས་ནི་དམ་ཚིག་བྱིན་པའི་མཇུག་ཏུ་ཡིན་ལ། བྱང་སྡོམ་ནི་ཞལ་ལུང་དུ་སྔོན་རབས་པའི་གསུང་སྒྲོས་དྲངས་བ་ལྟར་ན་དཀྱིལ་ཆོག་གི་སྔ་ལོག་ནས་བྱེད་པ་ལྟ་བུར་སྣང་ལ། ལུས་དབུལ་དགོས་པ་གསུམ་ཕྱིར་བྱེད་པའི་སྐབས་སུ་ཐོབ་རྒྱུར་བྱས་ཀྱང་རུང་སྙམ་སྟེ། དམ་ཚིག་གསུམ་བཀོད་བཞིན་ནོ། །དབང་གི་གྲངས་བཞིར་རྒྱུད་ཕྱི་མ་ལས་ཏེ། དེར་དབང་དང་པོ་ལ་བུམ་དབང་ཞེས་མ་བཤད་ཅིང་། ཉན་དབང་སོགས་ལ་མཐའ་རྟེན་ཆུ་དབང་མི་འདུག་པས་སློབ་དཔོན་གྱི་དབང་ཞེས་བྱ་སྟེ་གཙོ་བོའི་སྒོ་ནས་བཏགས་པའོ། །དབང་དེ་དཀྱིལ་འཁོར་པ་ལས་འཐོབ་པར་བྱ་དགོས་ཏེ། གཞན་དུ་དཀྱིལ་འཁོར་བཞེངས་སྒྲུབ་ཀྱང་དེར་དབང་བསྐུར་བར་འདོད་ནས་མིན་དགོས་ལ། དལ་ཀྱི་ལྷས་དགོངས་གཏད་མཛད་པའི་ཚིག་ཟིན་ཡང་ཆེར་མ་ཐོན་ཡང་། འཇུག་པའི་འོག་དབང་དངོས་གཞི་མཚམས་སྦྱོར་ན་དཀྱིལ་འཁོར་པ་ལ་མཆོད་བསྟོད་བྱས་ནས་བདག་གིས་སློབ་མ་འདི་དག་ལ་དབང་བསྐུར་བྱེད་པ་ལ་བྱིན་གྱིས་རློབས་པའི་གྲོགས་མཛོད། ཅེས་གསོལ་བ་འདེབས་པར་བཤད་པ་དེས་ཐོན་སྙམ་སྟེ། དེ་དགོངས་པ་གཏོད་ཆེད་ཡིན་པས་སོ། །
ཕན་དབང་ལ་བཅུར་ཕྱེ་བའི་རྒྱུ་མཚན་གསལ་བོར་མ་བཤད་ཀྱང་། ལེའུ་བཅུ་པར་རྒྱལ་པོ་སྦྱིན་པའི་ཏིང་ངེ་འཛིན་ཞེས་གསུངས་པ་ལྟར་ཕན་དབང་གིས་ཆོས་ཀྱི་རྒྱལ་པོའི་ཆས་སུ་བཅུག་ནས་རིགས་ལྔའི་རྒྱལ་ཐབས་ལ་དབང་བའི་རྟེན་འབྲེལ་བསྒྲིགས་ནས། ནུས་དབང་དང་ཟབ་དབང་གིས་རིམ་གྱིས་ཆོས་ཀྱི་རྒྱལ་སྲིད་ལ་དབང་བའི་ནུས་པ་དངོས་སུ་བསྐྱེད་པ་ཡིན་ལ། དེའི་ཚེ་རྒྱལ་པོ་རྣམས་ལ་རྒྱལ་པོའི་ཆེ་རྟགས་གཙོ་བོ་དབུ་རྒྱན་ཅོད་པན། རྒོལ་བས་མི་ཚུགས་པའི་གོ་ཆ། བཟའ་བཏུང་སོགས་འདོད་ཡོན། སྲིད་ན་མཐོ་བའི་རྟགས་གདུགས་སོགས་ཡོད་པ་དང་བསྟུན་ནས་བཞག་པ། དུས་འཁོར་དུ་བྱིས་པ་ལྟར་འཇུག་པའི་དབང་བདུན་ཞེས་པ་བཞིན་ནོ་སྙམ་སྟེ་དཔྱད། དབུ་རྒྱན་རིན་པོ་ཆེའི་ཁང་བུ་རིན་ཆེན་རིགས་ཀྱི་ལྷ་གནས་འཐད་པ་ནས། བཟའ་བཏུང་ལུས་བརྟས་བྱེད་ཡིན་པས་སྐུའི་རིགས་རྣམ་སྣང་གི་རབ་གནས་འཐད་པའི་བར་དུ་ཡང་དཔྱོད་ཚུལ་དགོས་འདྲ་ཡང་མི་གསལ་བས་བློ་གཟུ་བོར་འགྲོའམ་སྙམ། ཕན་དབང་དང་ཉན་སྒོམ་གྱི་དབང་རྡོ་རྗེ་སློབ་མའི་དབང་དུ་དོན་གྱིས་འགྲོ་ཡང་ཐ་སྙད་མི་བྱེད། འཆད་ཕྲིན་གྱིས་ངག་གི་ཐིག་ལེ་ལ་རྒྱུད་འཆད་པའི་བྱིན་རླབས་སྐྱེད་ཆེད་འོད་དཔག་མེད་ཀྱི་དབང་བསྐུར་ནས་གནང་བ་སྟོན་པ་དང་། ལས་ཀྱི་ཐིག་ལེ་ལ་བྱིན་གྱིས་བརླབས་ནས་ལས་རབ་འབྱམས་སྒྲུབ་པའི་མཐུ་བསྐྱེད་པའི་སྒོ་ནས་སློབ་དཔོན་དུ་འོས་པའི་གཞི་བསྒྲུབས་ཏེ། གདོད་སློབ་དཔོན་གྱི་དབང་དངོས་སྟེར་བ་ཡིན་པས་དེ་གསུམ་སློབ་དཔོན་དབང་གི་ཕྱོགས་སུ་འགྲོ་བར་བཤད།
འདིའི་དབང་བཞི་པའི་ཐལ་རྒྱུད་ཀྱི་ཚིག་ན། བདེ་ཆེན་ལས་བསྒྲུབས་པའི་མཚན་དཔེ་ལ་ངོ་སྤྲད་ཡོད་པས། ཆོས་གཟུགས་ཀྱི་སྐུ་ཟུང་འཇུག་ལ་ངོ་འཕྲོད་རྒྱུ་གལ་ཆེའོ། །ཞེས་གསུངས། འདི་དག་གཞུང་ན་ཡོད་ཀྱང་དེར་མི་གསལ་བ་འདིར་གསལ་བར་བྲིས།
ཆས་བཅུ་ཞེས་པ། རྒྱན་ཆས་རྟགས་ལ་བཅུ་ཡིན་ཏེ། །དབུ་རྒྱན་བུམ་པ་སྙིང་པོ་ལྔ། །ཅོད་པན་གོ་ཆ་ཕྲེང་བ་རྒྱན། །ཐོད་ཕྲེང་རྟགས་གསུམ་མེ་དཔུང་ངོ་། །
ནུས་པའི་དབང་ནི་ལྔར་ངེས་ཏེ། །ཉན་སྒོམ་འཆད་ལས་རབ་འབྱམས་དབང་། །སྒྲུབ་པའི་དབང་ལ་བཅོ་ལྔ་སྟེ། །བདུད་རྩི་ལྔ་དང་ཤ་ལྔ་དང་། །རཀྟ་རྒྱལ་མཚན་གདུགས་ཁ་ཊཾ། །ཕུར་པ་རྡོར་དྲིལ་རྔེའུ་ཆུང་། །ཡུངས་དཀར་གཟུངས་མ་ཕྲེང་བ་དང་། །ཚེ་དང་བཟའ་བཏུང་མིང་དབང་ངོ་། །ཟབ་དབང་གསུམ་སྟེ་གསང་བ་དང་། །ཤེས་རབ་ཡེ་ཤེས་བདེ་ཆེན་པོ། །ཞེས་སོ། །བྱིས་པ་ལྟར་འཇུག་པའི་དབང་བདུན་ནི། རྡོ་རྗེ་སྙིང་འགྲེལ་ལས། བྱིས་པ་སྐྱེལ་མ་རྣམས་ཀྱིས་ནི། །ཆུ་ཡིས་འཁྲུད་པའི་དབང་བསྐུར་བྱེད། །དེ་ཡི་གཙུག་ཕུད་རབ་འཇོག་པ། །ཅོད་པན་དུ་ནི་ཡོངས་སུ་བཏགས། །དེ་ཡི་རྣ་བ་འབུག་པ་སོགས། །དར་དཔྱང་དབང་བསྐུར་བྱེད་པར་བཤད། །བྱིས་པ་སྨྲ་དང་དགོད་པ་ནི། །དྲིལ་བུ་རྡོ་རྗེའི་དབང་བསྐུར་རོ། །ལྔ་པ་ལོངས་སྤྱོད་བརྟུལ་ཞུགས་ཡིན། །མིང་ནི་མིང་གིས་དབང་བསྐུར་ཡིན། །ཀློག་པ་ལ་སོགས་རྗེས་གནང་བ། །བུ་དག་གིས་ནི་རབ་ཏུ་སྟེར། །དེ་ལྟར་རྣམ་པ་བདུན་གྱིས་ནི། །དབང་བསྐུར་བདུན་དུ་རབ་ཏུ་གྲགས། །ཞེས་སོ། །
ཞལ་རྒྱུན་ལས། དབང་དུས་སུ་སྐྱེས་པའི་མས་བརྟན་དགའ་བཞི་འདི་དག་གིས་རྒྱུན་གོམས་ན། སློབ་པའི་མི་འགྱུར་བའི་བདེ་ཆེན་དང་སྟོང་གཟུགས་ཀྱི་སྐུ་དང་། མི་སློབ་རིག་འཛིན་གྱིས་སྐུ་ཐུགས་ཟུང་འཇུག་འགྲུབ་པར་ངོ་སྤྲད་དེ། དེའི་རྒྱུ་མཚན་ཡང་ད་ལྟའི་དགའ་བཞི་སྐུ་ཐུགས་ཀྱི་བདག་ཉིད་དུ་གནས་པ་ཡིན་པས། དེ་གོམས་ན་སྐུ་ཐུགས་དངོས་གནས་འགྲུབ་པར་འགྱུར་བས་ན་དེ་ལྟར་ངོ་སྤྲད་པའོ། །ཞེས་གསུངས་སོ། །
འོག་སྒོའི་རྣལ་འབྱོར་སྐབས་རིན་པོ་ཆེས། ཡས་བབ་ཀྱི་དགའ་བ་བཅུ་དྲུག་ཐེག་ཆེན་ཐུན་མོང་བའི་ས་ལམ་དང་། ཕར་ཕྱིན་བཅུར་སྦྱར་ཞིང་། མས་བརྟན་གྱི་བཅུ་དྲུག་གསང་སྔགས་ནང་གི་ས་ལམ་དང་སྦྱར་བ་ནི། རྡོ་རྗེ་ལས་རིམ་ལས། ཕ་རོལ་ཕྱིན་དང་ས་མཚན་ཉིད། །མཚུངས་ཕྱིར་རྫོགས་པར་བཤད་པ་ཡིན། །ཞེས་མཚན་ཉིད་མཚུངས་པའམ་ཆོས་མཚུངས་ཀྱི་སྒོ་ནས་ཡིན་པར་བཤད་དོ། །ཕར་ཐེག་ཏུ་ཐུན་མོང་བའི་ཕར་ཕྱིན་བཅུའི་རྟོགས་པ་གོང་དུ་འཕེལ་བའི་གནས་སྐབས་ལས་ས་བཅུ་སོགས་འཇོག་པ་བཞིན་དུ། འདིར་ས་ལམ་ཐམས་ཅད་བདེ་ཆེན་གྱི་རྟོགས་པ་དེ་ཉིད་གོང་དུ་འཕེལ་བའི་རིམ་པའི་སྟེང་ནས་འཇོག་པར་མཚོན་པ་དང་། དགའ་བ་བཅུ་དྲུག་པོ་བདེ་བའི་གནས་སྐབས་ཀྱི་ཁྱད་པར་ལས་ཕྱེ་བ་བཞིན་དུ། སྔགས་བླ་མེད་ཀྱི་ས་ལམ་རྣམ་ཀྱང་བདེ་བ་ཆེན་པོའི་རྣལ་འབྱོར་ན་འཕར་བའི་གནས་སྐབས་ཀྱིས་ཕྱེ་བ་དང་། ད་ལྟ་བདེ་བ་ན་འཕར་བའི་གནས་སྐབས་ལ་དགའ་བ་བཅུ་དྲུག་ཏུ་ཕྱེ་བ་འདི་ལྟར། མ་འོང་བར་བདེ་ཆེན་འདིའི་རྒྱུན་འཕེལ་བའི་གནས་སྐབས་རྣམས་རབ་དགའ་ལ་སོགས་པའི་ས་བཅུར་འོང་ཞེས་བཤད་ན་མུན་སེལ་གྱི་དབང་བཞི་པའི་ངོ་སྤྲོད་ཐད་དུ་འགྲིགས་མཆན། ཕྱག་རྒྱ་དང་སྙོམ་པར་འཇུག་ཐེངས་གཅིག་གིས་དགའ་བ་བཅུ་དྲུག་པོ་རྫོགས་པར་ནུས་པ་བཞིན་དུ། བདེ་ཆེན་གྱི་ལམ་ལ་བརྟེན་ན་ས་དང་ལམ་ཐམས་ཅད་ཆེས་མྱུར་བ་ཁོ་ནར་རྫོགས་པར་འགྱུར་ཞེས་མཆོག་གི་བདེ་བའི་རྣལ་འབྱོར་སྐད་ཅིག་མ་ཙམ་ཡང་ལམ་བསྒྲོད་པའི་ནུས་པ་ཕུལ་དུ་བྱུང་བར་ཤེས་ཆེད། གཉིས་སྦྱོར་གྱི་བདེ་བ་ཐུན་གཅིག་ལ་ས་བཅུ་ལམ་ལྔ་ཚང་བར་བསྒྲོད་པ་ལྟ་བུར་བསྟན་པ་སྟེ། བདེ་སྟོང་གི་ལམ་གྱི་ཆེ་བ་བསྟན་པའོ། །ཞེས་དང་། མདོར་བསྡུ་ན་དྭངས་སྙིགས་ཀྱི་སྣང་བ་ཐམས་ཅད་མི་ཤིགས་པ་གཅིག་པུའི་རྣམ་འཕྲུལ་ཡིན་ཡང་། ད་ལྟ་སྙིགས་མས་བསྐྱེད་པའི་སེམས་དང་སྣང་ཆའི་སྟེང་ནས་ཐ་མལ་བའི་ཞེན་པ་རྩལ་ཤུགས་མཆེད་དེ་འཁྲུལ་བ་ཡིན་ཞིང་། དེ་སྦྱོང་བ་ལ་དང་པོར་བསྐྱེད་རིམ་གྱིས་སེམས་དེ་ཀའི་སྟེང་ནས་སྣང་ཞེན་དེ་སྡུད་པའི་སྒོ་བཏོད་ནས། སླར་རྫོགས་རིམ་གྱིས་དྭངས་མའི་སེམས་མཐར་ཐུག་པ་གསལ་ཞིང་རྗེན་པར་ཕྱུང་སྟེ། དེའི་རང་སྣང་གི་སྟེང་ནས་དག་པའི་ཏིང་ངེ་འཛིན་སྦྱངས་ཏེ་སྒྱུ་འཕྲུལ་དྲྭ་བའི་རྒྱལ་སྲིད་འཛིན་པ་ཡིན་ནོ། །སེམས་ཅན་གྱི་ཤེས་པའི་ཆ་ཐམས་ཅད་སྙིགས་མའི་སྣང་བས་འཕྲོག་པའི་སྐབས་ནི་མི་སྲིད་དེ། གཉུག་སེམས་སྣང་བ་དེ་དང་མི་འགྲོགས་པས་སོ། །དྭངས་མའི་སྣང་བས་ནི་ཤེས་པའི་ཆ་མ་ལུས་པ་བསྒྱུར་དུ་ཡོད་དེ། སེམས་གཞན་ཐམས་ཅད་དྭངས་མའི་སྣང་བའི་རྣམ་པ་ཅན་གྱི་གཉུགས་སེམས་ཁོ་ན་ལ་བསྡུ་བའི་སྐབས་ཡོད་པའི་ཕྱིར་ཏེ། རང་བྱུང་ཀུན་ངམ་ལྷུན་གྱིས་གྲུབ། ཅེས་སོ། །དེ༵་མ༵་ཐག་རྐྱེན་དཀྱིལ་འཁོར་དུ་འཇུག་པ་ལ་སོགས་འཇུག་ཚུལ་བཅོ་བརྒྱད་བསྡུས་ནས། ཞལ་ལུང་༣༠༤་ན་ཡོད།
གསང་དབང་གི་ལམ་པ་དང་བུམ་དབང་གི་ལམ་པ་འགལ་བ་སོགས་མི་བཞེད་དམ་སྙམ་ཞེས་པའི་ཐད། ཞལ་རྒྱུན་དུ། བསྐྱེད་རྫོགས་སྤེལ་མའི་སྐབས་ཀྱི་སྟོང་ཆེན་སོགས་ལ་གསང་དབང་གི་ལམ་དང་། བུམ་དབང་གི་ལམ་གཉིས་ཀ་ཡོད་དོ། །རྫོགས་རིམ་དང་བསྐྱེད་རིམ་གྱིས་བསྡུས་པའི་དེ་གཉིས་རྒྱུད་ལྡན་ཡོད་པའི་ཕྱིར། ཚོགས་སྒྲུབ་དུས་སུ་ཤེས་རབ་མ་ལ་བརྟེན་པའི་ལམ་ཡང་ཡོད་ལ། བསྐྱེད་རིམ་གྱི་ཆ་ཕྲ་མོ་ཡང་ཡོད་པས། བུམ་གསང་ཤེར་གསུམ་གྱི་ལམ་པའི་གཞི་མཐུན་ཡོད་པ་དང་། འཕགས་ལམ་དུ་གསང་ཤེར་དང་དབྱེར་མེད་བདེ་བ་ཆེན་པོའི་དབང་གི་ལམ་པ་ཡང་ཡིན་པའི་གཞི་མཐུན་ཡོད་ལ། བུམ་དབང་གི་ལམ་པ་དང་གཞི་མཐུན་མེད་དོ། །དེ་ཡིན་ན་སོ་སྐྱེས་སའི་ལམ་ཡིན་པའི་ཕྱིར། གསང་ཤེར་དབྱེར་མེད་གསུམ་གྱི་ལམ་པ་གཅིག་ཡོད་དེ། །རིམ་བཞིན་སྟེང་འོག་གི་སྒོའི་ལམ་དང་འཕགས་ལམ་རྣམ་གསུམ་གྱི་ལམ་ཡིན་པའི་ཕྱིར། ཞེས་གསུངས་སོ། །
དམ་ཚིག་ཐད། རིན་པོ་ཆེས། རྩ་བའི་དམ་ཚིག་ལྔས་རྩ་ལྟུང་སྟོན་པ་མིན་ཏེ། རིགས་ལྔའི་དམ་ཚིག་བཞིན་ཡིན་ནོ། །ཡན་ལག་ལ། ནང་དུག་ལྔའི་རྣམ་རྟོག་ཅི་ཤར་ཡང་དེ་ལ་མ་དག་པའི་སྣང་ཞེན་གྱིས་སྤོང་བསྒྱུར་གཞན་མི་བྱེད་པར་ཉོན་མོངས་པ་དེ་རང་བཞིན་གྱིས་དག་པའི་གནས་ལུགས་ཀྱི་རྣམ་འཕྲུལ་ཡིན་པའི་གནད་ཀྱིས་མི་བསྐྱོད་པ་སོགས་རིགས་ལྔའི་ཡེ་ཤེས་ཀྱི་ངོ་བོར་གདོད་ནས་དག་ཚུལ་སྔགས་བླ་མེད་སྤྱིའི་གང་ཤར་བདེ་སྟོང་དུ་ལྟ་ལུགས་བཞིན་དུ་བལྟས་ནས། གང་ཤར་གྱི་ཉོན་མོངས་ཐམས་ཅད་བདེ་ཆེན་ཡེ་ཤེས་འབར་བའི་གྲོགས་ཁོ་ནར་འཁྱེར་བ་དང་། ཕྱིའི་འཇིག་རྟེན་ན་ཤིན་ཏུ་དམེ་༼སྨད་༽བར་གྲགས་པའི་རྫས་ལྔ་ཡང་དག་པའི་རྣལ་འབྱོར་གྱིས་བདུད་རྩིར་བྱས་ནས་བདེ་ཆེན་གྱི་བཅུད་ལེན་དུ་བསྟེན་པ། ལྔ་ཚན་གཉིས་སམ་ཡང་དག་དུག་ལྔ་ནི། ལོག་པའི་དུག་ལྔ་པོ་འཁོར་འདས་སོ་སོར་མི་རྟོག་པའི་གཏི་མུག་སོགས་སུ་བལྟ་ཆེད་བཞག་གམ་དཔྱད། རྒྱུད་འདིར་ཆོས་ཐམས་ཅད་ཡེ་ནས་སངས་རྒྱས་པར་མཐོང་ཞིང་གོམས་པ་རྣལ་འབྱོར་ལམ་གྱི་སྲོག་ཏུ་ཡང་ཡང་རྩལ་བཏོན་གྱིས་སྟོན་ལ། དེའི་ཚེ་ཕྱི་རོལ་གྱི་རྫས་མ་དག་པ་ཕྱི་ས་སོགས་དང་། ནང་རྣམ་རྟོག་མ་དག་པ་དུག་ལྔ་ལྟ་བུའང་དག་པ་རབ་འབྱམས་ཀྱི་རྣལ་འབྱོར་གཅིག་པུའི་གྲོགས་སུ་འཁྱེར་བ་འདི་ཉིད་ཀྱི་སྒོས་ཀྱི་དམ་ཚིག་ཏུ་བསྟན་པས་ཀྱང་ལམ་གྱི་སྲོག་དེ་ཉིད་དང་རྣམ་པ་ཀུན་ཏུ་འབྲལ་མི་རུང་ཞེས་བསྟན་པར་ངེས་པ་རྙེད་དོ་ཞེས་གསུངས། སྤྱིར་དམ་ཚིག་གི་རྣམ་གྲངས་མཐའ་ཡས་ཀྱང་ཞེས་པ་ནི། རྒྱུད་གཞུང་སྤྱིའི་ལུགས་ཀྱི་དམ་ཚིག་སོགས་ཞལ་ལུང་ན་གསལ་ལོ། ༈ །དམ་ཚིག་བཅོ་ལྔ་ལ་དབྱེ་ཚུལ་ཞལ་ལུང་སོགས་ན་གསལ་ལོ། །
རྣལ༵་འབྱོར༵་སྤྱི་ཁྲུས་སོགས་གཞན་ནས་འབྱུང་བ་ལྟར་བྱའོ། །ཞེས་པ་ནི། གླང་ཆེན་རབ་འབོག་གི་རྒྱུད་ལས། རྟོགས་པ་གཅིག་ཁོལ་དུ་ཕྱུང་བ་ཀལྤ་དུམ་བུའམ་རྒྱུད་དྲི་མེད་བཤགས་རྒྱུད་ལས་གསུངས་པ་ལྟར་ཡོ་ག་གསུམ་གྱི་སྒོར་ཞུགས་པའི་རྣལ་འབྱོར་པ་རྣམས་ཀྱིས་ཉམས་ཆགས་དང་རྟོག་སྒྲིབ་ཐམས་ཅད་སྦྱོང་བར་བྱེད་པའི་སྤྱི་ཁྲུས་རྨད་དུ་བྱུང་བ་ན་རག་དོང་སྤྲུགས་ཀྱི་མན་ངག་ལ་བརྟེན་ནས་ཕྱི་ཡོ་བྱད་ཚོགས་ཀྱི་བསྐང་བཤགས། ནང་ཕུང་པོ་རྟེན་གྱི་བསྐང་བཤགས། གསང་བ་བྱང་ཆུབ་སེམས་ཀྱི་བསྐང་བཤགས་ཉ་སྟོང་ཚེས་བརྒྱད་ལ་བྱས་པས་དེ་ཚུན་ཆད་ཀྱི་ཉམས་ཆགས་རྟོག་སྒྲིབ་ཐམས་ཅད་དག་པར་གསུངས་ལ། དེ་ལྟར་མ་ནུས་ནའང་ཞི་ཁྲོའི་ལྷ་ཚོགས་ལ་ཕྱག་འཚལ་ཏེ། མཚན་ནས་བརྗོད་པ་ཡི་དམ་དུ་བགྱིས་པས་ཀྱང་ཉམས་ཆགས་ཐམས་ཅད་དག་པར་གསུངས་ཏེ། གང་ཞིག་སྒྱུ་འཕྲུལ་ཞི་ཁྲོ་ཡི། །དཀྱིལ་འཁོར་ལྷ་ལ་ཕྱག་འཚལ་ན། །ཉམས་ཆགས་ཀུན་ཀྱང་བྱང་འགྱུར་ཏེ། །མཚམས་མེད་ལྔ་ཡི་སྡིག་ཀྱང་འབྱང་། །ན་རག་གནས་ཀྱང་དོང་སྤྲུགས་ཏེ། །རིིག་འཛིན་རྒྱལ་བའི་ཞིང་དུ་གྲགས། །ཞེས་གསུངས་པའི་ཕྱིར་རོ། །གཞན་ཡང་བཤགས་པའི་རུ་ཆེན་བཞི་སྟེ། ཡང་དག་དོན་གྱི་གཅུག་སྦྱང་ཕྱིར་རྟོགས་པ་ལྟ་བའི་སྒོ་ནས་བཤགས་པའི་གཞུང་ལྟ་བའི་ཀློང་བཤགས། ལྷ་མིའི་གཅུག་སྦྱང་ཕྱིར་སྒོམ་པ་བསྐྱེད་རྫོགས་ཀྱི་སྒོ་ནས་བཤགས་པའི་གཞུང་ཡེ་ཤེས་སྐུ་མཆོག །རྩ་བ་དང་ཡན་ལག་གི་གཅུག་སྦྱང་ཕྱིར་བསྲུང་བྱ་དམ་ཚིག་གི་སྒོ་ནས་བཤགས་པའི་གཞུང་དམ་ཚིག་ཉི་ཤུ་རྩ་བརྒྱད་པ། མ་མོ་དང་མཁའ་འགྲོའི་གཅུག་སྦྱང་ཕྱིར་གདུང་བ་སྨྲེ་སྔགས་ཀྱི་སྒོ་ནས་བཤགས་པའི་གཞུང་ཡེ་ཤེས་མཁའ་འགྲོའི་བཤགས་པ་རྣམས་སོ། །གཞན་ཡང་དུས་འཁོར་དང་སྙིང་པོ་རྒྱན་སོགས་ལས་གསུངས་པ་རྣམས་སྡོམ་ཊིཀ་ལས་གསུངས་པ་ལྟར་རོ། །ཡང་ཕྱི་ཡོ་བྱད་ཚོགས་ཀྱིས་བསྐང་བ། མར་མེ་དང་ཚོགས་གཏོར་སྨན་རཀ་བརྒྱ་རྩ་བརྒྱད་བཅས་གདུང་བའི་སེམས་ཀྱིས་བཤགས་པ་ནང་ཕུང་པོ་རྟེན་གྱི་བསྐང་བ། དཀར་ཆ་སྨན། དམར་ཆ་རཀྟ། རྩ་ཁམས་གཏོར་མ། རླུང་སེམས་ཀྱི་ཆ་མར་མེ། གསང་བ་སེམས་ཀྱི་བསྐང་བ། རང་བྱུང་རིག་པའི་གཤིས་བདེ་ཆེན་སྨན། ངོ་བོ་སྟོང་པ་རཀྟ། ཟུང་དུ་འཇུག་པ་གཏོར་མ། རང་བཞིན་གསལ་བ་སྒྲོན་མ་སོགས་ཀྱི་སྒོ་ནས་ཉ་སྟོང་ཚེས་བརྒྱད་སོགས་ལ་བཤགས། དེ་མ་ནུས་ན་ཕྱག་གི་བཀོལ་བྱང་ཙམ་རྒྱུན་དུ་ཡི་དམ་དུ་བྱའོ། །གནས༵་རྫས༵་ཐབས༵་ཀྱི༵་སོགས་ཞལ་ལུང་ན་གསལ་ལོ། །ཞེས་གསུངས།
རིན་པོ་ཆེས། བྲོ་གར་གཉིས་ཀྱི་ཁྱད་པར་ནི། རྐང་པའི་བྲོ་དང་། ལག་པའི་གར་ཞེས་པ་སྟེ། བྲོས་རི་བྲག་དང་ས་འོག་གི་འཁྲུལ་འཁོར་སོགས་ལ་ཐོགས་པ་མེད་པར་འཛུལ༵་ལམ༵། གར་གྱིས་ནམ༵་མཁར༵་འགྲོ༵་བར༵་འགྱུར༵་ཞེས་སྒྱུ་འཕྲུལ་བ་རྣམས་གསུངས་སོ། །བྲོ་ཕྱག་རྒྱར་འཇོག་ནའང་རུང་སྟེ། སྒྱུ་འཕྲུལ་ལས་རྐང་གཉིས་ཆོས་དང་ལས་ཀྱི་སེམས་དཔར་གསུངས་ནས་ཡན་ལག་ཐམས་ཅད་དཀྱིལ་འཁོར་དུ་བྱིན་གྱིས་བརླབས་ནས། ཕྱག་རྒྱ་སྤྲོས་པའི་ལེའུ་ཞེས་གསུངས་པ་སོགས་ཀྱི་རྐང་པ་བརྒུལ་བསྐྱོད་ཕྱག་རྒྱར་བསྟན་ནོ། །ཞེས་དང་། གླུ་བྲོ་དེ་གཉིས་ཀྱི་ཁྱད་པར་ནི། གླུ་ནི་ཡུལ་སྣང་ཐམས་ཅད་བདེ་ཉམས་སུ་མྱོང་བར་བྱེད་པའི་བདེ་བ་དེ་ཡིན། བྲོ་ནི་བདེ་བ་དེ་ཉིད་ཡུལ་གྱི་རྣམ་འགྱུར་སྣ་ཚོགས་སུ་ཤར་བའི་ཆ་སྟེ། འདི་གར་མཁན་དག་དང་རི་མོ་བཟང་ལྟར་སྣང་། །གང་དུ་བདེ་ཆེན་ཞེས་བྱ་གཅིག་པུ་ཉིད། །གཅིག་པུའི་ཉམས་ནི་དུ་མའི་གར་མཛད་དོ། །ཞེས་པར་ཡང་མཐུན། དེའི་ཚེ་བློ་ངོར་སྣང་བ་ཐམས་ཅད་བདེ་བའི་གར་དུ་བྱེད་པས་བྲོས་བརྫི་བྱ་ཟུར་དུ་མི་འཆར་མོད། གནས་ཚོད་ལ་དེ་འདྲའི་རྣལ་འབྱོར་གྱི་བྲོ་འདུལ་བྱེད་དང་། ཡུལ་གྱི་ཕྲ་མེན་མ་གདུལ་རྒྱུ། ཡུལ་གྱི་རྒྱུད་འཕུང་བར་བྱེད་པའི་གདུག་རྩུབ་བྲོའི་དེ་ཉིད་ཀྱིས་བཅོམ་ནས་དངོས་གྲུབ་ཀྱི་གྲོགས་སུ་ཁོལ་བར་བྱེད་པ་འདུལ་ལུགས་སུ་སོང་ཡོད་དོ། །འདི་ནི་རྣལ་འབྱོར་བླ་མེད་པའི་རྫུ་འཕྲུལ་གྱི་རྐང་པའི་རོལ་རྩེད་སྦྱང་ཚུལ་རྨད་དུ་བྱུང་བའོ། །འདི་ཀློང་དུ་གྱུར་པ་ན་ལྷ་དབང་དང་། མིའི་རྒྱལ་སྲིད་ཀྱི་གནས་དང་། མཁའ་སྤྱོད་དང་། ས་འོགབདེ་བ་ཅན་སོགས་གང་དུ་བསྒྲོད་པར་འདོད་ཀྱང་དེ་དང་དེར་དགོངས་པ་གཏད་དེ་བྲོ་གར་བྱས་པས་ཐོགས་མེད་དུ་མནན་འགྲོ་སྟེ། མནན་པ་ས་ནས་ས་མནན་ཞེས་པ་ལྟར་དེར་སླེབ་པའི་དོན་ནོ། །ཞེས་དང་། བདེ་ཆེན་གཅིག་པུ་དེ་ཉིད། ཞི་ཞིང་དྭངས་བ་དང་། དགའ་ཞིང་སྤྲོ་བ་དང་། ཆགས་ཤིང་ཞེན་པ་དང་། ཁྲོ་ཞིང་རྔམ་པ་སྟེ་ལས་ཀྱི་སྟོང་སེམས་ཐ་དད་དུ་ཉམས་བསྒྱུར་བའི་བསམ་པའི་ཁྱད་པར་བཞིན་དུ་བྲོ་གར་གྱི་སྤྱོད་པ་ཡང་རྣམ་པ་གཞན་དང་གཞན་མཛད་དོ། །ཞེས་དང་། བྲོ་འདིས་སྣང་བ་དབང་དུ་བྱེད་པར་མ་ཟད་དབང་དུ་བྱས་པ་དེ་ལས་ནམ་ཡང་མི་ལྡང་བར་ཟིལ་གྱིས་གནོན་ཅིང་རེངས་པར་ཡང་བྱེད་ཅིང་། ཕྱག་རྒྱས་བཏབ་པའི་དོན་དུ་འགྲོ་བ་ཉིད་ཀྱི་ཕྱིར་རོ། །ཞེས་དང་། གླུ་ནི་འགྲོ་བའི་ཡིད་དང་རྗེས་སུ་མཐུན་པའི་དམ་པའི་ཆོས་ཀྱི་དབྱངས་དང་། གར་ནི་གདུལ་བྱ་ངོ་མཚར་བར་བྱེད་པའི་རྫུ་འཕྲུལ་གྱི་སྤྱོད་པ་ཞེས་དང་། གླུ་གར་གྱི་དེ་ཉིད་གཅིག་ཡིན་ཀྱང་རྐང་སྟབས་དང་སྔགས་ཚིག་གི་སྒོ་སོ་སོར་ཤར་ནས་རིམ་བཞིན་སྐུའི་མཛད་པ་དང་གསུང་གི་མཛད་པའི་སྒོས་དངོས་གྲུབ་ཀྱི་རེ་བ་རྫོགས་པར་མཛད་པའོ། །ཞེས་གསུངས།
སྒྲུབ་པའི་སྐབས་ཡོན་ཏན་འབྱུང་བའི་དངོས་གྲུབ་དྲུག་ཅེས་པ་རྒྱུད་ལས། བདུད་རྩིར་འགྱུར་ཞིང་འབྱུང་བ་དང་། །བཞི་བརྒྱ་རྩ་བཞིའི་ནད་སེལ་ཞིང་། །ལོངས་སྤྱོད་འབྱུང་ཞིང་ངན་སོང་སྦྱོང་། །ཅི་ཡང་གཞན་དུ་འགྱུར་བ་འགྲུབ། །ཅེས་པས། ཟས་དུག་ཅན་བསྒྱུར་གཞི་ལ་ཡི་གེ་བཀོད་དེ་འཕྲོ་འདུའི་སྒོ་ནས་དུག་བདུད་རྩིར་བསྒྱུར་བ་དང་། འདོད་བྱ་གཞན་ཡང་ཇི་ལྟར་དམིགས་པ་བཞིན་འགྲུབ་པ་དང་། ནད་ཞི་བ་དང་། ལོངས་སྤྱོད་འབྱུང་བ་དང་། ངན་འགྲོའི་སྒྲིབ་པ་སྦྱོང་བ་དང་། བྱེ་མ་ལས་གསེར་དང་སོལ་བ་ལས་ལྗོན་པ་སོགས་སྣང་བ་མི་མཐུན་པ་གཞན་དུ་འགྱུར་བ་རྣམས་སོ། །འབྱུང་བའི་དངོས་གྲུབ་ལྔ། །ནམ་མཁའ་རྡོ་རྗེ་སྲ་ཞིང་འབྱུང་། །འབར་ནས་མེ་ཡང་འཚིག་པ་དང་། །ཆུ་འགྱུར་འབབ་པའང་དེ་བཞིན་དེ། །འཇིག་རྟེན་ཁམས་ནི་འཐོར་བ་དང་། །ཐམས་ཅད་སྟོང་ཞིང་ལྷུང་བར་འགྱུར། །ནམ་མཁའ་ལ་རྡོ་རྗེའི་སྐས་བསྒོམས་པས་སྲ་བའི་སྐབས་འབྱུང་བ་དང་། དེ་བཞིན་དུ་ལག་མཐིལ་ལ་ཡི་གེ་རཾ་ཡཾ་ཁཾ་བཀོད་པས་ཡེ་ཤེས་ཀྱི་མེ་ཆུ་རླུང་དུ་འགྱུར་ཏེ། ཐ་མལ་གྱི་མེ་ཉིད་ཀྱང་སྲེག་པར་བྱེད་པ་དང་། ཆུའང་དག་པར་བྱེད་པ་དང་། རླུང་ཡང་འཐོར་བར་བྱེད་ལ། ཡི་གེ་ཨེ་བཀོད་དེ་འཕྲོ་འདུས་སྦྱངས་ན་འཇིག་རྟེན་ཁམས་ཀུན་སྟོང་ཞིང་གཞོལ་ཕྱོགས་སུ་ལྟུང་བར་འགྱུར་བ་ཉིད་དོ། །
ཕྲན་ཚེགས་དངོས་གྲུབ་བརྒྱད་ནི། དགུག་དང་གཏང་དང་བཅིང་དང་དགྲོལ། །གསོ་དང་བསད་དང་ཕམ་པ་རྒྱལ། །ཞེས་པས་དགྲ་བགེེགས་འགུགས་པ་དང་། གླིང་ཁམས་གཞན་དུ་གཏང་བ་དང་། རིག་སྔགས་ཀྱིས་བཅིང་བ་དང་། ཀླུ་ཡི་བྱད་དུ་བཅུག་པ་གྲོལ་ཐབས་དང་། ནད་གསོ་བ། ཤི་བ་གསོ་བ། ཚེ་གསོ་བའོ། །བསད་པ་དགྲ་བགེགས་བསད་པ། གཞན་གྱི་གཡུལ་ཕམ་པ། རང་གི་གཡུལ་རྒྱལ་བར་བྱེད་པའོ། །
མཆོད་པའི་སྐབས། རྟ་མགྲིན་གསང་བའི་ཡུམ་བཅས་བསྐྱེད། །ཅེས་པ་ནི། རྒྱ་གྲམ་གྱི་ལྟེ་བར་རྟ་མགྲིན་དམར་པོ་པདྨ་དང་རྡོ་རྗེ་རྒྱ་གྲམ་འཛིན་པ། རྭ་བཞི་ལ་རིམ་པར། ཤར་དུ་མི་ཕམ་དཀར་མོ་གཡས་ལྕགས་ཀྱུ་དང་གཡོན་ཐོད་ཁྲག །ལྷོར་ཁྲོ་གཉེར་མ་སེར་མོ་གཡས་ཞགས་པ་དང་གཡོན་ཐོད་ཁྲགནུབ་ཏུ་རོ་ལང་མ་དམར་མོ་གཡས་ལྕགས་སྒྲོགས་དང་གཡོན་ཐོད་ཁྲགབྱང་རལ་གཅིག་མ་ལྗང་གུ་གཡས་དྲིལ་བུ་དང་གཡོན་ཐོད་ཁྲག་འཛིན་པའོ། །
སྔགས་ཀྱིས་རཀྟའི་རྒྱ་མཚོར་བྱིན་གྱིས་རློབ་པའོ། །ཞེས་པ་ལྟར་མ་བརླབས་ན། ཕྱི་མཆོད་ལ་མཚོན་ན། ཡོན་ཆབ་ལ་དྲི་ཟ་ཉེ་བའི་འཁོར། མེ་ཏོག་ལ་མེ་ཏོག་ཚེ་རྒྱལ། བདུག་སྤོས་ལ་ནག་པོ་དྲི་ལྡན། སྣང་གསལ་ལ་གྲིབ་གནོན་རྐུན་པོ། དྲི་ཆབ་ལ་བདུག་པའི་དྲི་འཕྲོག །ཞལ་ཟས་ལ་ལོག་འདྲེན་གདོང་བརྒྱ་བ་ཞེས་བྱ་བའི་བགེགས་འཇུག་པར་བདེ་གཤེགས་འདུས་པ་ལས་གསུངས་པས་མཚོན་ཏེ་ནང་མཆོད་རྣམས་ལའང་འབག་རྩོག་གི་དྲི་མས་སྦག་པའི་སྐྱོན་གྱིས་རྩ་གསུམ་དང་དམ་ཅན་ལ་སོགས་པ་དབང་དུ་འདུ་བར་མི་ནུས་པའི་སྐྱོན་ཡོད་དོ། །
ཞིང་བཅུ་སོགས་གདུག་པ་རྣམས་བརླག་པའི་ཕྱིར། ཞེས་པའི་ཞིང་བཅུ་ནི། གསལ་བཀྲ་ལས། དཀོན་མཆོག་སློབ་དཔོན་སྐུ་དགྲ་གཉིས། །དམ་ཉམས་ལོག་དང་འཁུ་བ་དང་། །འདུ་བར་འོང་དང་ཡོངས་ལ་གནོད། །དམ་དགྲ་ངན་པའི་ངང་ཚུལ་ཅན། །ངན་སོང་གསུམ་དང་བཅུ་པོ་ནི། །རྣལ་འབྱོར་ཀུན་གྱིས་དང་དུ་བླང་། ཞེས་གསུངས་པ་ལྟར། བསྟན་པའི་གནོད་བྱེད་དཀོན་མཆོག་སྐུ་དགྲ་དང་། བླ་མའི་སྐུ་དགྲ་དང་། དམ་ཚིག་ཉམས་ནས་གསོ་བར་མི་བྱེད་པ་དང་། སྔགས་ཀྱི་ཐེག་པར་ཞུགས་པ་ལས་ལོག་པ་དང་། བླ་མ་དང་མཆེད་ལ་འཁུ་བ་དང་། སྔགས་སྤྱོད་ལ་འདུ་བར་མི་དབང་བཞིན་དུ་རྐུ་ཐབས་སུ་གནས་པ་དང་། སེམས་ཅན་ཡོངས་ལ་གནོད་པར་བྱེད་པ་དང་། དམ་ལྡན་གྱི་དགྲར་གྱུར་བ་དང་། མི་དགེ་བའི་ལས་ཁོ་ནར་འཇུག་པ་དང་། ཡང་ན་རྒྱུད་ལས། སངས་རྒྱས་བསྟན་པ་བཤིག་པ་དང་། །དཀོན་མཆོག་དབུ་འཕང་སྨད་པ་དང་། །དགེ་འདུན་འདུ་བའི་སྒོ་འཕྲོག་དང་། །ཐེག་ཆེན་ཆོས་ལ་སྨོད་པ་དང་། །བླ་མའི་སྐུ་ལ་བསྡོ་བ་དང་། །རྡོ་རྗེའི་ནང་དུ་དབྱེན་བྱེད་པ། །སྒྲུབ་ལ་བར་ཆད་བྱེད་པ་དང་། །གང་ཟག་དམ་ལས་ལོག་པ་དང་། །སྙིང་རྗེ་མེད་པའི་སྲིན་པོ་དང་། །མུ་སྟེགས་ལོག་ལྟར་གཏོང་བ་དང་། །སྒྲུབ་པ་པོ་ལ་དོ་བསྡོ་བ། །འདི་རྣམས་བསྒྲལ་བའི་ཞིང་བཅུ་ཡིན། །ཞེས་གསུངས་སོ། །
ཕྱག་རྒྱའི་སྐབས་དང་། ཐལ་བའི་ལུང་། །རྭ་དང་འདབ་མའི་ཐིག་ལེ་རྣམས། །རང་གནས་ཀྱི་སོགས་ཐད་ཞལ་རྒྱུན་ལས། རྭ་དང་འདབ་མ་ཞེས་པ་ཡུམ་མཁའ་པདྨ། ཡབ་ཀྱི་གསང་བ་རྡོ་རྗེར་བསྒོམ་པ་ལྟར། གཡས་ཐབས་ཀྱི་ཡིག་འབྲུ་བཀོད་པའི་གཞི་ལ་རྭ་དང་། གཡོན་ཤེས་རབ་འབྲུ་ལྔ་བཀོད་པའི་གཞི་ལ་འདབ་མ་ཞེས་བརྗོད་དོ། །བསྣོལ་བ་དང་མ་བསྣོལ་བ་ཟུང་བཅས་ཀྱི་ཕྱག་རྒྱ་བཅིང་བའི་དགོས་པ། བདེ་བ་ཐམས་ཅད་སྤྱིར་བསྡུ་ན་རིགས་འདྲེས་མ་འདྲེས་གཉིས་སུ་འདུ་བས་དེའི་ངོ་བོར་བསྡོམ་པས་རྣལ་འབྱོར་པས་ཕུང་ཁམས་ལྷའམ་བདག་ཉིད་དུ་བརྟན་པར་གནས་པའི་ཆེད་དུའམ་མངོན་དུ་གྱུར་བའི་དོན་དུའོ། །ཞེས་གསུངས། འོན་ཏེ་གྲོལ་ལམ་གྱི་དངོས་གྲུབ་བསྒྲུབ་ཚུལ་ལྟ་བུ་དང་བསྟུན་ན་ཞེས་པའི་ཐད། རིན་པོ་ཆེ་ཉིད་ཀྱི་གསུང་ལས། མན་ངག་འདིའི་ལུགས་ཀྱི་རྫོགས་རིམ་ཐབས་གྲོལ་གཉིས་ཀྱི་ཁྱད་པར། མཚོན་བྱེད་ཀྱི་ཐབས་རྫོགས་རིམ་པའི་ཞུ་བདེ་མྱོང་བ་ཚུན་ཆད་ཐབས་ལམ་དང་། མཚོན་བྱ་དོན་རིག་སྟོང་གདོད་མའི་གནས་ལུགས་དངོས་ལ་རེག་པ་ན་གྲོལ་ལམ་དུ་བཞེད་ཅེས་གསུངས་པས། གཙོ་བོར་མཚོན་བྱ་དོན་གྱི་གནས་ལུགས་རྟོགས་པའི་ལམ་གྱིས་མཐར་རང་གི་ཡིན་ལུགས་དངོས་གསལ་བར་སད་པའམ་མངོན་དུ་གྱུར་བ་མཐར་ཐུག་པ་ན་སངས་རྒྱས་པ་ཞེས་བརྗོད་པ་ཡིན། ཉིང་དགོས་དང་རྒྱུད་ཀྱི་བརྗོད་བྱ་དོན་གྱི་གཙོ་བོ་གཉིས་བདག་གཅིག་འབྲེལ་ཡིན་ཞེས་པ་ངེས་པ་ལྷག་པར་འདྲོང་བ་ཞིག་ཡོད་ཅེས་ཟེར་རམ་དཔྱད། ཆོས་མཆོག་ཞིང་ལ་ངལ་བའི་ས་བོན་འགའ། །བསྐྱེད་ལས་རྒྱུ་མཐུན་སྡོང་པོ་ཆེར་རྒྱས་ཏེ། །ཟབ་ལམ་རོ་བརྒྱའི་འབྲས་སྟེར་ཉན་བཤད་ཀྱི། །ཡལ་འདབ་ཕྱོགས་དུས་ཁྱབ་པར་སྟེར་གྱུར་ཅིག །ཕྱི་སྣོད་གསང་ཆེན་རྒྱུད་སྡེའི་མཛོད་དུ་གྱུར། །ནང་བཅུད་འགྲོ་ཀུན་རིག་འཛིན་ཚོམ་བུར་སད། །བརྟན་གཡོ་མཐའ་དག་སྒྱུ་འཕྲུལ་དྲྭ་བ་ཡི། །དཀྱིལ་འཁོར་འཁོར་ལོ་གཅིག་ཏུ་བྱང་ཆུབ་ཤོག །ཅེས་རྗེ་བཙུན་བླ་མ་དམ་པའི་བཀའ་ཡི་བསྐུལ་བ་ལྡོག་ཏུ་མ་ཕོད་པར། སློབ་མིང་བས་གསུང་སྒྲོས་རྣམས་ཕྱོགས་བསྒྲིགས་འདྲ་བ་ཞིག་བྱས་ཀྱང་རང་ཉིད་ཤེས་རབ་ཆུང་ཞིང་རྒྱུད་ཤིན་ཏུ་རྨོངས་པའི་དབང་གི་བསྒྲིགས་ཚུལ་རྣམས་ལ་ནོངས་པར་གྱུར་བ་ཅི་མཆིས་པ་དང་། ཞལ་རྒྱུན་ཡིན་སྣང་ཤར་ཡང་བརྗེད་ངས་ཆེ་བའི་དབང་གིས་དོན་མིན་དུ་སོང་བ་སོགས་ཉེས་པ་ཐམས་ཅད་བཀའ་དྲིན་མཚུངས་མེད་བླ་མ་དམ་པ་དང་། ཆོས་ཀྱི་སྤྱན་ལྡན་ཐམས་ཅད་ལ་འཇིགས་ཤིང་ཞུམ་པས་བཟོད་པར་གསོལ་བས་མི་སྒྲིབ་པར་མཛད་པ་དང་། དགེ་བའི་ཕྱོགས་ལ་འབད་ཁུལ་བགྱིས་པ་འདིས་ཀྱང་གསང་ཆེན་བསྟན་པའི་རྩ་བ་ཆོས་རྗེ་བླ་མ་དམ་པའི་ཞབས་པད་རབ་ཏུ་བརྟན་ཅིང་འདུས་པའི་ཚོགས་ཀུན་ནས་ཀུན་ཏུ་རྒྱས་ཏེ་གསང་ཆེན་བསྟན་པ་ཕྱོགས་དུས་ཀུན་ཏུ་དར་ཞིང་རྒྱས་ལ་དུས་ནམ་ཡང་མི་ནུབ་པའི་རྒྱུར་འགྱུར་བ་དང་། བདག་ཀྱང་ཚེ་རབས་ཐམས་ཅད་དུ་རྗེ་བཙུན་བླ་མ་དམ་པ་རྣམས་དང་སྐད་ཅིག་ཙམ་ཡང་མི་འབྲལ་ཞིང་དུས་ཀུན་ཏུ་མཉེས་པ་གསུམ་གྱི་སྒོ་ནས་བཀའ་བཞིན་དུ་བགྱིད་ཅིང་གསང་ཆེན་སྔ་འགྱུར་གྱི་བསྟན་པ་ཕྱོགས་དུས་ཐམས་ཅད་དུ་སྤེལ་བའི་སྣང་བྱེད་ཆེན་པོར་གྱུར་ཅིང་འགྲོ་ཀུན་གདོད་མའི་མགོན་པོའི་ས་ལ་དབུགས་དབྱུང་བའི་མཐུན་འགྱུར་དཔལ་ལྡན་བླ་མ་དམ་པ་དང་རྒྱལ་བ་སྲས་བཅས་ཡོངས་ཀྱིས་མཛད་དུ་གསོལ། དེ་བཞིན་དུ་འགྲུབ་པར་གྱུར་ཅིག །དགེའོ། །བཀྲ་ཤིས་སོ། །
༈ གཞུང་འདིའི་དབུ་ཞབས་ཀྱི་དོན་ནི་དག་མཉམ་བདེན་པ་དབྱེར་མེད་ཡིན་ལ། དེ་ལ་སྦྱང་གཞི་དང་། སྦྱོང་བྱེད་། སྦྱངས་འབྲས་གསུམ་ཡོད་པས། དང་པོ་ནི། ཡུན་རིང་ནས་མ་རིག་འཁྲུལ་བའི་དབང་དུ་སོང་བའི་སོ་སྐྱེས་རང་ག་མའི་གློ་བུར་ཉག་གཅིག་གི་འཁྲུལ་ངོར་ཡེ་ནས་དག་པ་ལ་མ་དག་པར་སྣང་བ་དཔེར་ན་དུང་སེར་སྣང་ལྟ་བུ་དེ་སྦྱང་གཞི། གཉིས་པ། དག་པ་ཡེ་ནས་ཡིན་པ་ལ་ཡིན་པར་ཤེས་པའི་ཐབས་ཟབ་མོ་གཞུང་འདི་ནས་བསྟན་པའི་བསྐྱེད་རྫོགས་ཐབས་གྲོལ་གྱི་ལམ་མམ་རྒྱུད་ཀྱི་དངོས་པོ་བཅུ་སོགས་སྦྱོང་བྱེད། གསུམ་པ། ཡེ་ནས་དག་པ་རབ་འབྱམས་ཡིན་པ་ལ་ཡིན་པར་ཤེས་པ་སྣང་གྲགས་རིག་གསུམ་ལྷ་སྔགས་ཆོས་སྐུའི་ངང་ངམ་དག་མཉམ་བདེན་པ་དབྱེར་མེད་པ་ལས་ནམ་ཡང་མི་འདའ་བའི་གསལ་བརྟན་དག་གསུམ་ཐོབ་པའོ།། །།