གནས་ལུང་དཔལ་གྱི་རི་བོའི་དཀར་ཆགས་དད་ལྡན་དགའ་བ་སྐྱེད་བྱེད། ལོ་ཆེན་བཻ་རོ་ཙཱ་ན།
༁ྃ༔ གནས་ལུང་དཔལ་གྱི་རི་བོའི་དཀར་ཆགས་དད་ལྡན་དགའ་བ་སྐྱེད་བྱེད་ཅེས་བྱ་བ་བཞུགས་སོ༔
ན་མོ་གུ་རུ་དྷེ་ཝ་ཊཱཀྐི་ནི་ཡེ༔
ཡེ་ནས་རང་རིག་གཞན་དུ་མ་འཁྲུལ་བའི༔
ཐོག་མའི་མགོན་པོ་ཀུན་བཟང་སྣང་མཐའ་དང༔
སྤྱན་རས་གཟིགས་དབང་གུ་རུ་པད་འབྱུང་སོགས༔
སྐུ་གསུམ་རྒྱལ་བ་རྣམས་ལ་གུས་པས་འདུད༔
ཆོས་སྐུའི་ཞིང་མཆོག་རབ་འབྱམས་ནམ་མཁར་ཁྱབ༔
ལོངས་སྐུའི་ཞིང་ཁམས་མ་འདྲེས་འོད་ལྔར་གྲུབ༔
སྤྲུལ་སྐུའི་འདུལ་ཞིང་འཛམ་གླིང་བྱེ་ཕྲག་བརྒྱ༔
དེ་དག་གང་འདུལ་སྣང་ངོར་ལྷུན་གྱིས་གྲུབ༔
ཁྱད་པར་འཇིག་རྟེན་ཞིང་ཁམས་གཅིག་པུ་འདིར༔
མ་སྲིང་མཁའ་འགྲོ་རྒྱ་མཚོ་འདུ་བའི་གནས༔
ཡུལ་མཆོག་ཆེན་པོ་ཉི་ཤུ་རྩ་བཞི་དང༔
སུམ་ཅུ་རྩ་གཉིས་གནས་ཀྱི་མཆོག་ཏུ་གྲགས༔
འཛམ་གླིང་འདིའི་དབུས་རྒྱ་གར་རྡོ་རྗེ་གདན༔
སྐལ་བཟང་རྣམ་འདྲེན་སྟོང་ཕྲག་བྱོན་པའི་ཡུལ༔
དེ་ཡི་བྱང་ཕྱོགས་བསིལ་ལྡན་གངས་ལྗོངས་འདི༔
རྒྱལ་སྲས་རིགས་གསུམ་མགོན་པོ་སྤྱི་དང་ནི༔
ཁྱད་པར་སྤྱན་རས་གཟིགས་དང་པད་འབྱུང་གི༔
གདུལ་ཞིང་ཆེད་དུ་བསྔགས་པ་ཡིན་ནོ་ཞེས༔
མདོ་སྔགས་རྒྱུད་ལུང་ཀུན་ནས་གསལ་བར་གསུངས༔
ལྗོངས་འདིར་ཡོངས་སུ་གྲགས་པའི་གནས་ཆེན་ནི༔
ལུང་ལྔ་ལྗོངས་གསུམ་ལྗོངས་ཆེན་བཅོ་བརྒྱད་དང༔
རི་ཆེན་བཞི་དང་མཚོ་ཆེན་རྣམ་པ་བཞི༔
ཁྱད་འཕགས་གནས་ཆེན་བརྒྱ་རྩ་བརྒྱད་དང་ནི༔
སྦས་གནས་ཆེན་པོ་སྟོང་དང་བརྒྱ་ཕྲག་ཡོད༔
སྟོད་ཀྱི་གངས་དཀར་ཏེ་སེ་ནས་བཟུང་སྟེ༔
མངའ་རི་སྐོར་གསུམ་དབུས་གཙང་རུ་བཞི་དང༔
མཐའ་འཁོབ་རོང་བརྒྱད་ཀློ་མོན་ཀོང་པོའི་ཡུལ༔
མདོ་ཁམས་སྒང་དྲུག་སྨད་ཀྱི་རྒྱ་ནག་བར༔
རྒྱལ་དང་རྒྱལ་སྲས་འཕགས་པའི་ཚོགས་རྣམས་ཀྱིས༔
སྐུ་དངོས་དང་ནི་སྤྲུལ་པ་དཔག་མེད་ཀྱིས༔
ཞབས་ཀྱིས་བཅགས་ཤིང་བསྟན་འགྲོའི་དོན་ཆེད་དུ༔
སྐུ་གསུང་ཐུགས་ཡོན་ཕྲིན་ལས་ལྔ་ཡི་གནས༔
རང་རང་ཡུལ་དང་མཐུན་པར་བྱིན་གྱིས་བརླབས༔
གངས་ཁྲོད་རི་བྲག་རྣམས་ལ་སྒྲུབ་གནས་མཛད༔
མ་འོངས་དོན་ཕྱིར་ཆོས་ནོར་གཏེར་ཁ་སྦས༔
ལྷ་སྔགས་ཕྱག་རྒྱ་སྐུ་དང་ཕྱག་ཞབས་རྗེས༔
མི་འགྱུར་རྡོ་ཡི་རི་མོ་བཀོད་ནས་བཞག༔
སྨད་ཀྱི་མདོ་ཁམས་འཛིན་མའི་ཡུལ་ལྗོངས་འདིར༔
བསོ་ཐོག་སྐུ་དང་བ་གནས་གསུང་གི་གནས༔
བྲག་དཀར་བཅུ་གསུམ་ཐུགས་ཀྱི་གནས་སུ་གྲགས༔
ཡོན་ཏན་ཕྲིན་ལས་གནས་ཕྲན་བསམ་མི་ཁྱབ༔
དེ་དག་སྤྱི་དོན་ཙམ་ཡིན་ཁྱད་པར་དུ༔
མ་སྲིང་མཁའ་འགྲོའི་འདུ་གནས་ཀུན་གྱི་མཆོག༔
རྒྱ་གར་དུར་ཁྲོད་བསིལ་བའི་ཚལ་གཉིས་པ༔
ཨོ་རྒྱན་མཁའ་སྤྱོད་གནས་ལུང་དཔལ་གྱི་རི༔
སྤང་རི་ཤེལ་རི་རྫ་རི་རྣམ་པ་གསུམ༔
ཕྱི་ལྟར་རི་བོ་ནང་ནི་གཞལ་མེད་ཁང༔
གསང་བ་རྩ་གསུམ་ལྷ་ཡི་ཕོ་བྲང་ཡིན༔
གཡས་རི་གསང་བདག་གཡོན་རི་འཇམ་དཔལ་དབྱངས༔
དབུས་རི་འཕགས་པ་སྤྱན་རས་གཟིགས་དབང་གི༔
བྱིན་གྱིས་བརླབས་པའི་སྒྲུབ་གནས་ངོ་མཚར་ཅན༔
དེ་ན་རང་བྱོན་རྟེན་མཆོག་བཞུགས་ཚུལ་ཡང༔
ཕྱག་རྡོར་རི་ལ་ཞི་ཁྲོའི་དཀྱིལ་འཁོར་དང༔
རྡོ་རྗེ་ཕུར་བའི་ལྷ་ཚོགས་རང་བྱོན་བཞུགས༔
སྤྱན་རས་གཟིགས་དབང་རི་ལ་རྟ་མགྲིན་གྱི༔
དཀྱིལ་འཁོར་དང་ནི་བཅུ་གཅིག་ཞལ་གྱི་སྐུ༔
སྒྲོལ་མ་དཀར་སྔོན་གཉིས་དང་བཅས་པ་བཞུགས༔
འཇམ་དཔལ་རི་ངོས་བྲག་རིར་གཤིན་རྗེ་ཡི༔
དཀྱིལ་འཁོར་དང་ནི་ཡ་མནྟ་ཀའི་སྐུ༔
དེ་ཡི་སྒྲུབ་ཐབས་ཕྱག་མཚན་དང་བཅས་བཞུགས༔
གཏེར་སྒྲོམ་བྲག་ལ་ཆོས་ནོར་རྫས་གཏེར་དང༔
གཏེར་སྲུང་མ་མགོན་ལྕམ་དྲལ་ཕྱག་མཚན་ཡོད༔
བྲག་དམར་པོ་ཏི་བརྩེགས་འདྲའི་རི་རྒྱུད་དེར༔
འཕགས་པའི་གནས་བསྟན་བཅུ་དྲུག་རང་བྱོན་བཞུགས༔
གནས་བདག་རི་ལ་དམ་ཅན་མགར་ནག་གི༔
སྐུ་དང་ཕྱག་མཚན་ཐོ་བ་མགར་རྡོ་ཡོད༔
དཔལ་གཏོར་རི་ལ་དྲེགས་པའི་སྲོག་ཡིག་དང༔
སྲུང་མའི་བསྐང་རྟེན་སྒྲུབ་རྫས་རང་བྱུང་ཡོད༔
གནས་འདིའི་མཐའ་སྐོར་གཡས་གཡོན་མདུན་རྒྱབ་ན༔
རང་བྱོན་མཆོད་རྟེན་བརྒྱ་རྩ་བརྒྱད་དང་ནི༔
རྒྱལ་སྲས་བརྒྱད་ཀྱི་ཕྱག་མཚན་སོགས་ཀྱང་ཡོད༔
སྒོ་སྲུང་ཕ་ཝཾ་རྡོ་ཁེང་རྣམ་པ་བཞི༔
བདུད་བཙན་ཀླུ་དང་མ་མོའི་བླ་རྡོ་ཡོད༔
ཕྱོགས་བཞིར་ཞི་རྒྱས་དབང་དྲག་ཕྲིན་ལས་བཞིའི༔
སྒྲུབ་ཕུག་བཞི་དང་བར་དོའི་འཕྲང་ལམ་བཞི༔
བྱིན་རླབས་འབྱུང་བའི་སྒྲུབ་ཆུ་རྣམ་བཞི་ཡོད༔
གནས་སྲུང་བྲག་བཙན་རྡོ་རྗེ་དྲག་རྩལ་འདིའི༔
ངོ་བོ་དམ་ཅན་མགར་བ་ནག་པོ་ཡིན༔
གསང་མཚན་སྐུ་ལྷ་གཡུ་འབྲུག་ལྷ་རྩེ་ཞེས༔
མཆོད་ན་དཔལ་དང་གྲགས་པ་སྤེལ་ནུས་ཤིང༔
ཁྲོས་ཚེ་བར་ཆད་མ་རུང་སྣ་ཚོགས་རྩོམ༔
དེ་ཕྱིར་འདི་ཉིད་མཆོད་དུས་གཙང་སྦྲར་རེམས༔
དེ་ནས་གནས་འདིར་མངའ་གསོལ་མཛད་ཚུལ་ཡང༔
སྤྲེལ་ལོ་སྤྲེལ་གྱི་ཟླ་བའི་བཅོ་ལྔའི་ཉིན༔
རྒྱལ་བའི་དབང་པོ་པདྨ་ཀཱ་ར་དང༔
བི་མ་མི་ཏྲ་བོ་དྷི་ས་ཏྭ་རྗེ༔
ལོ་པཎ་བཻ་རོ་མཁའ་འགྲོ་མཚོ་རྒྱལ་སོགས༔
རྒྱ་བོད་རིག་འཛིན་གྲུབ་ཐོབ་རྒྱ་མཚོའི་ཚོགས༔
གནས་འདིར་རྫུ་འཕྲུལ་ཤུགས་ཀྱིས་བྱོན་ནས་སུ༔
རྩ་བ་གསུམ་གྱི་དཀྱིལ་འཁོར་ཞལ་ཕྱེས་ཚེ༔
ཕྱོགས་བཅུར་བཞུགས་པའི་སངས་རྒྱས་བྱང་སེམས་དང༔
བླ་མ་རིག་འཛིན་ཡི་དམ་ཞི་ཁྲོའི་ལྷ༔
མ་སྲིང་མཁའ་འགྲོ་དམ་ཅན་ཆོས་སྐྱོང་བཅས༔
སྤྲིན་ལྟར་གཏིབ་ནས་བྱིན་རླབས་ཆར་བཞིན་ཕབས༔
ཁྱད་པར་འཕགས་མཆོག་རིགས་གསུམ་མགོན་པོ་ཡིས༔
སྒྲུབ་གནས་མཚོར་བཅས་རབ་གནས་མངའ་གསོལ་མཛད༔
པད་འབྱུང་བི་མ་བཻ་རོ་མཚོ་རྒྱལ་སོགས༔
རྗེ་འབངས་རྣམས་ཀྱིས་སྨིན་གྲོལ་ཆོས་འཁོར་བསྐོར༔
དྲེགས་ཚོགས་སྡེ་བརྒྱད་དབང་བསྡུས་དམ་ལ་བཞག༔
སློབ་དཔོན་པདྨ་བོ་དྷི་ས་ཏྭ་དང༔
བི་མ་མི་ཏྲ་བཻ་རོ་མཚོ་རྒྱལ་སོགས༔
རྗེ་འབངས་རྣམས་ཀྱི་སྐུ་རྗེས་ཕྱག་ཞབས་རྗེས༔
མ་སྲིང་མཁའ་འགྲོས་བྲོ་གར་འཆམ་རྗེས་སོགས༔
རང་རང་གྲུབ་རྟགས་རྨད་བྱུང་ཁྱད་པར་ཅན༔
མི་འགྱུར་རྡོ་ཡི་རི་མོར་གསལ་བར་བཀོད༔
གནས་ཀྱི་དཀར་ཆགས་བཻ་རོ་ཙ་ནས་བཀོད༔
མ་འོངས་དོན་ཕྱིར་ཆོས་ནོར་གཏེར་མང་སྦས༔
ལས་ཅན་བུ་དང་འཕྲད་པའི་སྨོན་ལམ་བཏབ༔
གནས་བདག་སྲུང་མ་རྣམས་ལ་གཉེར་དུ་གཏད༔
དེ་ལྟར་ཡོན་ཏན་ལྡན་པའི་གནས་ཆེན་འདིར༔
གང་ཞིག་ལྷག་བསམ་རྣམ་པར་དག་པའི་བློས༔
ཉ་སྟོང་ཚེས་བཅུ་ལ་སོགས་དུས་ཆེན་ལ༔
ཕྱག་དང་བསྐོར་བ་ཚུལ་བཞིན་བྱེད་ནུས་ན༔
མི་དགེའི་སྒྲིབ་སྦྱོང་ཚོགས་གཉིས་མྱུར་རྫོགས་ནས༔
མངོན་མཐོ་ངེས་ལེགས་ཡོན་ཏན་མ་ལུས་འབྱུང༔
གནས་མདུན་འདི་རུ་མཚམས་སྒྲུབ་ཚོགས་འཁོར་དང༔
བསང་གསུར་ཆུ་གཏོར་སྒྱུ་ལུས་མཆོད་སྦྱིན་སོགས༔
ཟག་བཅས་ཟག་མེད་དགེ་བ་གང་བྱས་ཀྱང༔
ཕན་ཡོན་གཞན་ལས་འབུམ་འགྱུར་ཁྱད་དུ་འཕགས༔
ཁྱད་པར་སྤྲེལ་ལོ་སྤྲེལ་གྱི་ཟླ་བའི་དུས༔
རྒྱ་བོད་གནས་ཆེན་ཀུན་ཀྱི་གནས་བདག་དང༔
ཞིང་སྐྱོང་མ་སྲིང་མཁའ་འགྲོ་འདིར་འདུས་ནས༔
བསྐོར་ཕྱག་མཆོད་འབུལ་མངའ་གསོལ་རབ་གནས་མཛད༔
དེ་དུས་ངེས་འབྱུང་བློ་ལྡན་ གང་ཞིག་གིས༔
དད་གུས་མོས་པས་ཕྱག་སྐོར་བྱས་ནས་སུ༔
ཚོགས་གཏོར་མཆོད་པ ་ཕུལ་ན་སངས་རྒྱས་ཞིང༔
གངྒའི་ཀླུང་ལ་བསྙེན་བཀུར་བྱས་དང་མཉམ༔
འདི་དུས་མཐའ་སྐོར་གཅིག་བྱས་ཕན་ཡོན་ཚད༔
མཁའ་སྤྱོད་དཔལ་གྱི་ཙ་རི་བསྐོར་དང་མཚུངས༔
ལོ་འདིར་སྒྲུབ་གནས་མཐོང་ཐོས་འབྲེལ་ཚད་ཀྱི༔
སྔོན་ལས་འཕྲལ་རྐྱེན་ནད་གདོན་བར་ཆད་སེལ༔
ཚེ་བསོད་དཔལ་འཕེལ་ཚོགས་རྫོགས་སྒྲིབ་སྦྱང་ནས༔
བླ་མེད་བྱང་ཆུབ་རིང་པོར་མི་ཐོག་ཐོབ༔
གནས་འདིར་དད་པས་རྗེས་སུ་ཡི་རང་ཀྱང༔
བསོད་ནམས་ཕུང་པོ་གཞན་ལས་ཁྱད་དུ་འཕགས༔
ཚུལ་འདི་དད་ལྡན་བུ་རྣམས་ཡིད་ལ་ཞོག༔
དད་མེད་ལོག་ལྟ་ཅན་ལ་གསང་རྒྱ་སྡོམ༔
ས་མ་ཡཱ༔ རྒྱ་རྒྱ་རྒྱ༔
དེ་ལྟར་གནས་ཀྱི་དཀར་ཆགས་མདོར་བསྡུས་འདི༔
བདག་འདྲ་ལོ་པཎ་བཻ་རོ་ཙ་ནས་བཀོད༔
དཔེ་ཚན་གསུམ་དུ་བྲིས་ནས་གཏེར་དུ་སྦ༔
དམ་ཅན་དྲེགས་པའི་ཚོགས་ལ་གཉེར་དུ་གཏད༔
ལས་ཅན་བུ་དང་འཕྲད་ཚེ་ཕྱག་ཏུ་སྤྲོད༔
དེ་དུས་ཀུན་ལ་སྤེལ་བའི་གྲོགས་ལྡན་མཛོད༔
སྐལ་མེད་ཐེ་ཚོམ་ཅན་གྱི་དབང་པོ་སྣུབས༔
སྐལ་ལྡན་ལས་ཅན་རྣམས་ཀྱི་བསམ་དོན་སྒྲུབ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔