ལེའུ་བཅུ་གསུམ་པ། རྒྱུན་སྤྱོད་བསྟན་པ།
དེ་ནས་ཡང་དྲང་སྲོང་ཡིད་ལས་སྐྱེས་ཀྱིས་འདི་སྐད་ཅེས་ཞུས་སོ། །ཀྱེ་དྲང་སྲོང་ཆེན་པོ་རིག་པའི་ཡེ་ཤེས་ལགས། བྱ་བ་སྤྱོད་ལམ་གནས་ལ་ཇི་ལྟར་བསླབ་པར་བགྱི། །འཚོ་མཛད་སྨན་པའི་རྒྱལ་པོས་བཤད་དུ་གསོལ། །ཞེས་ཞུས་པ་ལས། སྟོན་པས་གསུངས་པ། ཀྱེ་དྲང་སྲོང་ཆེན་པོ་ཉོན་ཅིག །ནད་ལ་གསོ་བར་བྱེད་པའི་གཉེན་པོ་ཡི། །བྱ་བ་སྤྱོད་ལམ་གནས་ལ་བསླབ་བྱ་ན། །རྒྱུན་སྤྱོད་དུས་སྤྱོད་གནས་སྐབས་སྤྱོད་ལམ་གསུམ། །དེ་ལ་ཉིན་རེ་རྒྱུན་དུ་སྤྱོད་པའི་ལས། །ཚེ་རྐྱང་འཇིག་རྟེན་པ་དང་དམ་པའི་འོ། །དང་པོ་ཚེ་རྐྱང་པ་ཡི་སྤྱོད་ལམ་ནི། །རྟག་ཏུ་བདེ་གནས་འདོད་ཅིང་ཚེ་བསྲིང་ཕྱིར། སྨན་མཆོག་རིན་ཆེན་གྲུབ་པའི་གསང་སྔགས་བཅང༌། །ནད་སློང་རྐྱེན་གཉིས་དྲན་པས་རྟག་ཏུ་སྤང༌། །ལུས་ངག་ཡིད་ལས་ཉེས་སྤང་ཡང་དག་བསྟེན། །ལྕེ་སོགས་དབང་པོ་མནར་དང་ཉམས་བདེ་ར་མིན། །ཐེ་ཚོམ་གྲུ་འམ་མི་སྲུན་བཞོན་པ་དང༌། གསོད་ས་ཆུ་ཆེན་མེ་ཡི་ཕུང་པོ་དང༌། །གད་སྟེང་ཤིང་རྩེར་དབྱར་དགུན་འཛེག་འགྲོ་སྤང༌། སྡོད་ན་ས་བརྟག་འགྲོ་ན་ལམ་བརྟག་ཅིང༌། །མཚན་མོ་དོན་ཆེན་དབྱུག་ཐོགས་གྲོགས་ལྡན་བྱ། །མཚན་གཉིད་མ་ལོག་རྩུབ་པས་ཅི་བདེར་ལོག །མ་ལོག་ནང་པར་སྨྱུང་བྱ་ཕྱེད་གཉིད་ལོག །ར་རོ་སྟོབས་ཟད་མྱ་ངན་རྩོལ་བས་དུབ། །སྨྲ་མང་རྒས་དང་འཇིགས་པའི་མི་རྣམས་ལ། །སོ་ག་རྩུབ་ཅིང་མཚན་མོ་ཐུང་བས་ན། །ལུས་ཀྱི་སྟོབས་འཕྲོག་རླུང་འཕེལ་འགྱུར་བའི་ཕྱིར། །ཉིན་པར་གཉིད་ལོག་སྣུམ་ལྕིར་འགྱུར་བས་ཕན། གཞན་དུ་ཉིན་གཉིད་བད་ཀན་སྐྱེད་ཅིང་སྐྲངས། རྨོངས་བག་མགོ་ན་སྒྱིད་སྐྱུར་རིམས་འདེབས་འགྱུར། །གཉིད་འཕེལ་སྐྱུགས་དང་སྨྱུང་བྱ་བུད་མེད་བསྟེན། །གཉིད་ཡེར་འོ་མ་ཞོ་ཆང་ཤ་ཁུ་བཏུང༌། མགོ་བོ་བསྐུ་ཞིང་རྣ་བ་སྣུམ་གྱིས་དགང༌། །ཉལ་པོ་སྐྱེ་གནས་མི་མཐུན་བདག་པོ་ཅན། །མི་སྡུག་སྦྲུམ་མ་ཤུགས་ཞན་ཉེན་པ་དང༌། ཟླ་མཚན་ལྡན་དུས་བཀན་བྱེད་འཁྲིག་པ་སྤང་། །དགུན་དུས་རོ་ཙས་དྲེགས་ཚེ་བཀག་པ་མེད། །སྟོན་དཔྱིད་ཞག་གཉིས་དབྱར་སོས་ཟླ་ཕྱེད་སྤྱད། གཞན་དུ་བུད་མེད་ལ་ཞུགས་དབང་པོ་ཉམས། །མགོ་འཁོར་དུས་མིན་འཆི་བར་བྱེད་པ་ཡིན། །རྟག་ཏུ་བསྐུ་བྱུག་སྤྱོད་བྱེད་རྒས་ངལ་རླུང་། །འཇོམས་བྱེད་མགོ་རྐང་རྣ་བ་ལ་བསྟེན་བྱ། །ལུས་ཡང་ཚིལ་འབྲི་སྐབས་ཕྱེད་མེ་དྲོད་སྐྱེད། མཁྲེགས་དང་ལས་ནུས་ཡང་དག་རྩོལ་སྤྱད་འབྱུང༌། ཐལ་དྲག་ལོག་པས་དེ་ལས་མ་རུངས་འགྱུར། །རྒན་བྱིས་རླུང་མཁྲིས་ནད་ཅན་དེ་སྤང་བྱ། །སྟོབས་ལྡན་སྣུམ་ཟ་དགུན་དང་དཔྱིད་དུས་དང༌། །བད་ཀན་ཅན་གྱིས་རྩོལ་བཅག་བསྟེན་པར་བྱ། །དྲིལ་ཕྱིས་བད་ཀན་སེལ་ཞིང་ཚིལ་འཇུ་བྱེད། །ལྤགས་གསལ་ཡན་ལག་བརྟན་པར་བྱེད་པའི་མཆོག །ཁྲུས་ནི་རོ་ཙ་དྲོད་སྟོབས་ཚེ་མདངས་སྐྱེད། གཡའ་རྔུལ་དྲི་ང་སྙོམ་སྐོམ་ལུས་ཚ་སེལ། ཆུ་དྲོན་མགོ་བཀྲུས་སྐྲ་མིག་སྟོབས་འཕྲོག་ཡིན། །ཚད་འཁྲུ་ལྟོ་སྦོས་ཆམ་པ་མ་ཞུ་དང༌། །སྣ་མིག་ནད་ཅན་ཟོས་མ་ཐོག་ལ་སྤང་། །མིག་ནི་མེ་ཡི་རང་བཞིན་བད་ཀན་འཇིག མཆི་མ་འཛག་ཕྱིར་མིག་སྨན་སྐྱེར་ཁཎྜ། རྟག་ཏུ་ཞག་བདུན་ལོན་ཚེ་ཉིན་རེ་བླུག །གློ་བུར་ནད་ལྔའི་དགྲ་ལ་སྐྱེལ་མ་བསྟེན། རྟག་ཏུ་གཅིག་ལ་མ་ཡིན་ཀུན་སྙོམས་སྤྱད། །དེ་ལྟར་བདག་ནི་ཉིན་མཚན་གནས་འགྲོ་ཞེས། །རྟག་ཏུ་དྲན་པ་ཉེར་འཇོག་སྡུག་བསྔལ་བསྲིང་། །འཇིག་རྟེན་མི་ཆོས་སྤྱོད་པ་ཡོན་ཏན་ཀུན་གྱི་གཞི། འཆད་དོན་བཙན་པར་བྱ་ཞིང་ཚིག་རྗེས་དོན་གྱིས་བསབ། །ངན་ལས་ཆད་ཀྱང་བཟློག་ཅིང་བཟང་ལས་བཤོལ་ཡང་བརྩམ། གཞིག་པ་སྔོན་ལ་བཏང་ཞིང་ཕྱིས་ཀྱི་ལེགས་འཕེན་བཅའ། ཟེར་དགུ་བདེན་པར་མི་བཟུང་ལེགས་པར་དཔྱད་ནས་བཟུང༌། སྨྲ་དགུ་བསམ་ལ་སྨྲ་ཞིང་རང་གི་མདོ་དོན་བསྡམ། །བུད་མེད་ངག་ལ་མི་ཉན་སྦད་ཁ་ལྕི་བར་བྱ། བྱམས་ལྟོས་མི་ལ་ཚིག་དྲོན་མི་གཞུག་ལྷུག་པར་སྨྲ། །ཅམ་ལ་བརླིང་ཞིང་འཕྲལ་ལ་འགྲོགས་པ་བདེ་བར་བྱ། །དགྲ་བོ་ཡན་པར་མི་བཏང་འདམ་རིང་ཐབས་ཀྱིས་འདུལ། །ཉེ་འཁོར་ཤ་ཚས་བསྐྱང་ཞིང་སྔར་དྲིན་མིག་རིང་བལྟ། །སློབ་དཔོན་ཕ་ཁུ་ལ་སོགས་རྒན་རིགས་ཕུད་དུ་ཁུར། །ཡུལ་མི་མཛའ་བཤེས་འགྲོགས་དགོས་རྣམས་དང་བློ་སེམས་བསྟུན། །སོ་ནམ་ཞིབ་མོར་བྱ་ཞིང་ དགོས་དུས་རྩིང་པོར་སྤྱད།མི་བདེན་འཕམ་ངོས་བླང་ཞིང་རྒྱལ་ན་ཚོད་ཟིན་བྱ། མཁས་ན་དྲེགས་པ ་སྐྱུང་ཞིང་ཕྱུག་ན་ཆོག་ཤེས་བྱ། །མི་བྲན་ཁྱད་དུ་མི་བསད་མཐོ་ལ་ཕྲག་དོག་སྤང༌། མི་ངན་བསྟེན་རྫི་མི་བྱ་བན་བོན་དགྲར་མི་བསླང༌། །གཞན་གྱི་ནོར་ལ་མི་འབགས་ལ་ཡོགས་མནའ་ལ་འཛེམ། །མི་འགྱོད་རྡོག་གཏད་བྱ་ཞིང་ངན་ལ་དབང་མི་བསྐུར། །སེམས་ཀྱི་སྟོབས་དྲང་ངང་རིང་ཡངས་ཤིང་གཞི་བསྐྱེད་ལ། །ལས་རྣམས་ཕལ་ཆེར་ཟླ་ཚོད་དུས་སུ་བླང་བ་གཅེས། །དེ་འདྲ་གཅིག་པུར་སྐྱེས་ཀྱང་གཞན་ལ་དབང་མི་འཆོར། །བྲན་གྱི་ལུས་ཀྱང་སྐྱེ་བོ་མང་པོའི་དཔོན་དུ་འགྱུར། །དེ་ནས་དམ་པ་ལྷ་ཆོས་སྤྱད་པ་ནི། །སེམས་ཅན་ཐམས་ཅད་བདེ་བ་འདོད་པའི་ཕྱིར།རྩོམ་པ་ཀུན་ལ་འཇུག་ཀྱང་ཆོས་མེད་ན། བདེ་ཉིད་སྡུག་བསྔལ་རྒྱུ་ཕྱིར་ཆོས་ལ་འབད། མོས་པས་བཤེས་བསྟེན་ཅིག་ཤོས་རིང་དུ་སྤང༌། །སྲོག་གཅོད་རྐུ་དང་ལོག་པར་གཡེམ་པ་དང༌། རྫུན་དང་ངག་འཁྱལ་ཚིག་རྩུབ་དབྱེན་སྦྱོར་དང༌། བརྣབས་སེམས་གནོད་སེམས་ལྟ་བ་ཕྱིན་ཅི་ལོག སྡིག་པའི་ལས་བཅུ་ལུས་ངག་ཡིད་ཀྱིས་སྤང༌། །མྱ་ངན་ནད་འཕོངས་སྡུག་ལ་ནུས་ཕན་གདགས། །འབུ་སྲིན་སོགས་ཀུན་རྟག་ཏུ་རང་འདྲ་ར་བལྟ། བསླུ་མེད་དེས་པས་འཛུམ་ཞིང་དྲང་པོར་སྨྲ། གནོད་བརྩོན་དགྲ་ལའང་ཕན་གདགས་གཙོར་བྱས་ཏེ། །བྱམས་པས་བྱང་ཆུབ་མཆོག་གི་སེམས་གཉིས་བསྐྱེད། །ལུས་ངག་ཡིད་དུལ་ཕངས་མེད་གཏོང་སེམས་ལྡན།གཞན་གྱི་དོན་ལའང་རང་གི་འདྲར་སེམས་པ། །དེ་དག་དམ་པའི་སྤྱོད་པ་མཐར་ཐུག་གོ། །ཞེས་གསུངས་སོ། །བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་ཉིན་རེ་བཞིན་རྒྱུན་དུ་སྤྱོད་པའི་ལེའུ་སྟེ་བཅུ་གསུམ་པའོ།། །།