Nitartha Digital Library
Tibetan
གཟུང་འདུས་གླེགས་བམ་གཉིས་པ།

2 occurrences of ལོངས་སྤྱོད་རྫོགས་པ་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
དག་པ་གསེར་གྱི་མདོ་ཐིག
  
  
  
  
  
  
  
  
  
  
 
  
  
  
  
  
  
  
  
  
  


2 occurrences of ལོངས་སྤྱོད་རྫོགས་པ་
[Clear Hits]

 
previousདག་པ་གསེར་གྱི་མདོ་ཐིགnext

དག་པ་གསེར་གྱི་མདོ་ཐིག

༄༅། །དག་པ་གསེར་གྱི་མདོ་ཐིག་ཅེས་བྱ་བ་བཞུགས་སོ། །

རྒྱ་ནག་སྐད་དུ། གཙུག་ལག་འཕྲུལ་གྱི་འགྱུར་རྩིས། སྲིད་པ་ལྷའི་སྐད་དུ། ཀོང་ཙེ་ལིང་ཙེ་མེར་མ་རོལ་མ་ཞེས་བྱ་བ། བོད་སྐད་དུ། གཟའ་སྐར་གསང་བའི་ཟུ་ཙེ་བསྐོལ་གྱི་མདོ་ཞེས་བྱ་བའི་གཟུངས། ཐམས་ཅད་ཀུན་འདུས་མ་ལུས་འབྱུང་བའི་ཕྱིར། །འབྱུང་བ་ལྔ་ལ་དབང་སྒྱུར་འབྱུང་བ་ལྔ་ཡི་བདག །ཐམས་ཅད་མཁྱེན་པ་ཐམས་ཅད་ཡོངས་ཀྱི་རྗེ། །ཉོན་མོངས་མ་ལུས་འདུལ་མཛད་པ། །ཉོན་མོངས་དུག་ལྔ་ཀུན་འདུལ་ཚོགས། །ཐམས་ཅད་བྱང་ཞིང་གནས་སུ་དག་མཛད་པའི། བྱང་སེམས་སངས་རྒྱས་ཤེས་རབ་ལྔ་ལྡན་པ། །ལྷ་དང་ལྷ་མོ་ཐམས་ཅད་བཞུགས་པ་ཀུན། །ཐུགས་རྗེའི་སྤྲུལ་སྐུས་འགྲོ་དོན་མཛད་པའི་ཕྱིར། །ཡིད་འོང་མཛེས་ལྡན་ཕོ་བྲང་གནས་འདིར་གཤེགས། །ཆགས་མེད་གསལ་མཛད་འཇའ་ཚོན་ལྷ་ཡི་གནས། །རྣམ་དག་པདྨའི་གདན་ལ་བཞུགས་སུ་གསོལ། །ཕྱོགས་བཅུའི་སངས་རྒྱས་ཇི་སྙེད་བཞུགས་པ་ལ། །ལུས་ངག་ཡིད་གསུམ་གུས་པས་ཕྱག་འཚལ་ལོ། །སེམས་ཅན་ཉོན་མོངས་བག་ཆགས་སྡིག་སྒྲིབ་དང༌། །ལས་ངན་འཁྲུལ་པའི་དུག་གསུམ་རྩད་གཅོད་ཕྱིར། བྱང་སེམས་ཉོན་མོངས་དུག་ལྔ་འདུལ་མཛད་པ། །སྟོན་པ་བླ་མེད་འགྲོ་བ་ཡོངས་ཀྱི་མགོན། །དེ་དག་ཐམས་ཅད་བཞུགས་པའི་སྤྱན་ལམ་དུ། །འཁྲུལ་པའི་ལས་དང་དུག་ལྔ་འཁྲུལ། །བསད་བཅད་བརྡུང་བརྡེག་རྐུ་འཕྲོག་དང༌། །རྫུན་དང་ཕྲ་མ་གཡེན་དང་གཅུགས། །ཅི་བགྱིས་ཐམས་ཅད་མཐོལ་ལོ་བཤགས། །འཇིག་རྟེན་ལྷ་ཚོགས་འགྲོ་བའི་མགོན། །འགྲོ་བའི་མགོན་མཛད་ལྷ་ཡི་དཔལ། །དྲེགས་པ་ཅན་དང་གདུག་པ་ཅན། །ང་རྒྱལ་ཅན་དང་ཕྲག་དོག་ཅན། །ལས་དང་ལས་ངན་ལས་སྐྱེས་པའི། །བར་སྣང་མཁའ་ལ་རྒྱུ་བའི་རྗེ། །དྲང་སྲོང་ཆེན་པོ་གཟའ་ཆེན་བརྒྱད། །རྒྱུ་སྐར་ལྷ་མོ་ཉི་ཤུ་བརྒྱད། །སུམ་ཅུ་རྩ་གསུམ་ལྷ་ཡི་གནས། །ཀུན་ཏུ་རྒྱུ་དང་ཀུན་ཏུ་འཁོར་བའི་ཚོགས། །ཕྱོགས་དང་ཕྱོགས་མཚམས་གནས་པའི་བདག །དྲང་སྲོང་རྒྱལ་པོ་སྤྲུལ་པའི་འཁོར། །སུམ་ཅུ་རྩ་གསུམ་ལྷ་ཡི་ཕོ་བྲང་དུ། །ཇི་ལྟར་གདན་བཞུགས་ཡིན་པར་བར་སྣང་མཁའ་ལ་འཁོར། །རི་རབ་རི་བོའི་མཁའ་ལ་བཞུགས་པ་ཀུན། །དྲང་སྲོང་རྒྱལ་བ་ཀུན་མགོན་ལྷ་ཡི་བུ། །སྲིད་པའི་སྲིད་རྩ་འབྱུང་བའི་བཅུད་སྡུད་པ། ཐམས་ཅད་མ་ལུས་འཁོར་ཞིང་གནས་པའི་བདག །གཉའ་ཤིང་འཛིན་ལ་སོགས་པ་གསེར་གྱི་རི་བདུན་སྐོར། །རྒྱལ་ཆེན་རིས་བཞི་བང་རིམ་བཞི་ལ་གནས། །ལྷ་སྲིན་སྡེ་བརྒྱད་འཁོར་ན་གནས་པའི་གཙོ། །ལྷ་ཆེན་ཀླུ་དང་གནོད་སྦྱིན་ཆེན་པོ་དང༌། །མི་མིན་མཁའ་ལ་རྒྱུ་བའི་འཕྲུལ་ལག་སྒྲོན་ཁྱེར་ཚོགས། །སྤྲུལ་པ་འབུམ་འབྱིན་རྫུ་འཕྲུལ་མཐའ་དག་སྟོན། །ཧ་ལ་འབར་བ་གདུག་པ་ཅན་གྱི་ཚོགས། །ཧ་འཛིན་གདུག་པ་གསེར་གྱི་མེ་སྒྲོན་ཚོགས། གནོད་སྦྱིན་གདུག་པ་ཅན་དང་རྒྱལ་པོའི་ཚོགས། །སངས་རྒྱས་བཀའ་འཛིན་སྟོན་པའི་བཀའ་མཉན་པའི། །བདུད་དང་སྲིན་པོ་བཙན་ཚོགས་རྨུ་ཡི་རྗེ། །རྨུ་བཙན་འཁོར་དང་ལྡན་པའི་འཁོར་ལོ་ཅན། །སྟོན་པའི་བཀའ་ནི་འགྱུར་བ་མེད་པའི་དོན། །སྲ་བའི་གོས་གྱོན་གཏི་མུག་མུན་པ་སེལ། །གེགས་འདུལ་ཉོན་མོངས་ཚར་ཡང་གཅོད། །དྲང་སྲོང་ལྷ་ལྔ་དཔང་དུ་བཙུགས། །འགྲོ་བའི་དོན་དུ་དཀྱིལ་འཁོར་བཅས། །རྒྱན་དང་ཡོ་བྱད་མཆོད་པ་བཤམས། །མེ་ཏོག་གཅལ་བཀྲམ་ཆུ་གཙང་སྦྱར། །དྲི་དང་ཙན་དན་གླ་རྩི་སྦྱར། །གུར་གུམ་རྒྱ་སྤོས་སྤོས་མེ་སྦྱར། །འགྲོ་བའི་དོན་དུ་བྱམས་སེམས་བསྐྱེད། །ཉོན་མོངས་མཐའ་དག་སྙིང་རྗེ་སྒོམ། །འགྱུར་བ་མེད་པའི་ཕོ་བྲང་ནས། །དྲང་སྲོང་འགྱུར་མེད་སྤྱན་ཡང་དྲངས། །འབྱུང་བ་ལྔ་ཡི་ཤུལ་ཡང་མཚོན། །ཤར་ཕྱོགས་སྐྱེད་བྱེད་ཤིང་གི་ལྷ། །ལྷོ་ཕྱོགས་གསོ་བྱེད་མེ་ཡི་ལྷ། །ནུབ་ཕྱོགས་བརྟན་པ་ལྕགས་ཀྱི་ལྷ། །བྱང་ཕྱོགས་ཀུན་གསོ་ཆུ་ཡི་ལྷ། །ཚམས་བཞི་འགྱུར་མེད་ས་ཡི་ལྷ། །ལྷ་ལྔའི་སྐུ་ལ་ཕྱག་འཚལ་ལོ། །གདུག་པ་འདུལ་ཁྱེད་རྫུ་འཕྲུལ་ཅན། །སྐུ་ཡི་ཆ་ལུགས་བསམ་མི་ཁྱབ། །སྤྲུལ་པའི་སྐུ་མངའ་མཁའ་ལ་འགྲོ་བའི་དཔལ། །ཁྲོས་པའི་ཆ་བྱད་འགྱིང་བག་བརྐྱང་བསྐུམ་མཛད། །བགྲད་པའི་ཞབས་ཀྱིས་ཐམས་ཅད་གནོན། །ཐམས་ཅད་དབང་སྡུད་འབྱུང་བའི་ལྷ། །འབྱུང་བའི་ངང་དུ་མ་འདུས་གང་ཡང་མེད། །དང་པོ་སྲིད་ནས་བར་དུ་ཆགས། །ཐ་མ་འཇིག་ཀྱང་འབྱུང་བས་འཇིག །འབྱུང་བ་བྱ་བའི་དབང་པོ་ཆེ། །འགྲོ་བ་རིགས་དྲུག་སེམས་ཅན་གྱི། །རྐྱེན་དང་རྒྱུ་དང་ས་བོན་རྣམས། །འབྱུང་བའི་འོད་གསལ་འབྱུང་བ་ལྔ་ཡི་འོད། །འབྱུང་བ་ལྔ་ཡི་ལྷ་ཆེན་རྣམས། །དེ་བཞིན་དེ་དང་ལྡན་པའི་དཔལ། །དཔལ་ལྡན་ལྷ་ཆེན་ཚངས་པས་བཤད། །ཚངས་པའི་གནས་ནས་སྒྲ་སྒྲོག་པའི། །དྲང་སྲོང་ལྷ་ཆེན་རྣམས་ཀྱིས་གསུངས། །འབྱུང་བ་ལྔ་ལ་ཐམས་ཅད་ལྡན། །ཐམས་ཅད་བསྐྱེད་པས་འབྱུང་བའི་ལྷ། །ཆ་ལུགས་སྣ་ཚོགས་འོད་ཟེར་བཀྲ། །འབྱུང་བའི་སྐུ་ལ་འོད་མདངས་གསལ། །ཐབས་ཀྱི་སྤྲུལ་པ་ཐབས་ཀྱིས་མཛད། །མི་མངོན་རྒྱ་མཚོའི་རུས་སྦལ་ལྟར། །སྟོན་པ་སྐུ་སྤྲུལ་སངས་རྒྱས་སྤྱན། །འདས་དང་མ་འོངས་ཐམས་ཅད་གཟིགས། །ལྷ་ཆེན་ལྔར་སྤྲུལ་འབྱུང་བའི་ཀློང༌། །ཀློང་ལྔ་ཡངས་པའི་མཁའ་དབྱིངས་ནས། །ཐམས་ཅད་འདུལ་བའི་ཐིག་ལེ་འཆང༌། ཕྱག་སྟོང་རྣམས་ཀྱིས་མཚོན་ཆ་འཛིན། །ཤེས་རབ་རལ་གྲིས་ཐམས་ཅད་སྒྲོལ། །ཡེ་ཤེས་མདའ་གཞུས་སྡུག་བསྔལ་འཇོམས། །ཐར་ལམ་འབྱེད་པའི་སྟོབས་པོ་ཆེ། །དབྱིངས་དང་ཡེ་ཤེས་འགྱུར་བ་མེད། །མཛེས་སྡུག་མདངས་སྟོན་འབྱུང་བའི་ལྷ། །དུག་ལྔ་སྤངས་པ་འབྱུང་བའི་སྐུ། །སྲ་བརྟན་འགྱུར་མེད་སྐུ་མངའ་བའི། །ཉི་མ་ལྟ་བུའི་སྤྱན་མངའ་བའི། །རང་བྱུང་གསང་བ་འབྱུང་བའི་ལྷ། །ཐམས་ཅད་འདུལ་ཞིང་གེགས་རྣམས་འཇོམས། །ས་ཡི་དུག་དང་མེ་ཡི་དུག །ཤིང་ལ་གནས་པའི་དུག་འདུལ་བ། ཆུ་དང་ལྕགས་ནི་དེ་བཞིན་དུ། །གཅོད་འདྲལ་མི་མཐུན་འབྱུང་བའི་དུག །ཐམས་ཅད་མ་ལུས་ཞི་བྱེད་ཤོག །ཕྱོགས་བཅུར་ཁྱབ་པའི་བདེ་གཤེགས་བྱང་ཆུབ་སེམས། །དེ་དག་ལ་མཆོད་མེ་ཏོག་ལ་སོགས་འབྱུང་བའི་གཏེར། །རྒྱུ་ལ་མཛེས་པའི་རིན་པོ་ཆེ། །སེམས་ཅན་སྡུག་བསྔལ་བསྐྱབ་པའི་ཕྱིར། །ཀོང་རྩེ་ལྷ་ཡིས་གསོལ་བ་བཏབ། །ཡི་དམ་འབྱུང་བའི་ལྷ་ལྔ་མཆོད། །ལྷ་ལྔ་མཆོད་པས་བདེ་བ་ཐོབ། །བདེ་བ་ཆེན་པོ་བདེ་བའི་ངང༌། །དེ་ནས་རྫོགས་པའི་སངས་རྒྱས་དང༌། བྱང་ཆུབ་ཡེ་ཤེས་ཚོགས་དང་ནི། །སེམས་ཅན་སྤྱི་མཐུན་སྨོན་ལམ་རྒྱུ། །སྨོན་ལམ་རང་བཞིན་གྲུབ་པའི་མཆོག །མཆོག་ལྡན་སེམས་ཅན་ཀུན་གྱི་གཏེར། །བསོད་ནམས་ཀུན་ལ་རྗེས་ཡི་རང༌། བྱང་ཆུབ་ལམ་དུ་སྔས་བསྟན་ནས། །རིམ་པ་བཞིན་དུ་ཚངས་པའི་གནས། །བཞི་པོ་ཡང་ནི་ཀུན་ཏུ་འབྲེལ། །ཀུན་ཏུ་འབྲེལ་བ་ཀུན་ཏུ་གནས། །འབྱུང་བའི་རྒྱུ་ལས་རྒྱུ་བསྟན་པ། །རྒྱུ་མེད་པས་ནི་མཚན་མ་མེད། །རང་བཞིན་དག་གི་དངོས་པོ་རྣམས། །དེ་ལ་དེ་བཞིན་ངང་གིས་འབྲེལ། །བསོད་ནམས་ཚོགས་བསགས་འབྱུང་བའི་ལྷ། །སྐུ་གསུང་ཐུགས་ཀྱི་ཁྱད་པར་ལས། །ཐམས་ཅད་བསྐྱེད་པའི་རྒྱུ་འབྲས་འབྲེལ། །ངེས་པའི་འབྲས་བུ་སྲིད་པའི་རྒྱུ། །འབྱུང་བ་ལྔ་སྣང་སྲིད་པའི་ཕུགས། །གཡུ་ཡི་གནམ་ཡོལ་ཀུན་གྱི་ཕ། །གསེར་གྱི་ས་གཞི་ཀུན་གྱི་མ། །རི་རབ་ལྷུན་པོ་དངོས་གྲུབ་རི། །རྒྱ་མཚོའི་མཆིང་རྣམས་བདུད་རྩིའི་སྣོད། །བ་ལེ་སྟོང་འཇམ་སྨོན་ལམ་ཤང༌། །ནམ་མཁའ་ཁྱུང་ཆེན་དབང་གིས་ཕུག །ཉི་ཟླ་གཟའ་སྐར་རྫུ་འཕྲུལ་ལྷ། །བར་སྣང་མཁའ་ལ་ཡོད་པ་ལྷང་ངེར་གསལ། །གནས་ཡིན་འཁོར་བ་འབྱུང་བས་བཙལ། །འབྱུང་བ་ལྔ་ཡི་འཁོར་ལོ་སྒྱུར། །རླུང་ལྔ་འབྱུང་བའི་སྙིང་པོས་བཟུང༌། །འབྱུང་བའི་ས་བོན་རླུང་གིས་བསྐྱེད། །འབྱུང་བའི་ལྷ་ལྔ་རླུང་གིས་གྲུབ། རླུང་གིས་རླུང་ཆགས་འབྱུང་བའི་རྒྱུ། །ཐམས་ཅད་རླུང་གི་ཀློང་དུ་ཡངས། །ཀློང་ཡངས་རླུང་གི་ཆར་ཆེན་ཕོབ། །རླུང་ལྷ་པདྨའི་འཁོར་ལོ་དེས། །རྡོ་རྗེ་རྒྱ་གྲམ་རླུང་གི་སྒྱུ་ཡིས་སྤྲུལ། །འབྱུང་བའི་སྙིང་པོ་དེ་ལས་བསྐྱེད། །རླུང་གིས་ཐམས་ཅད་མ་ལུས་མགྱོགས། །རླུང་གི་རྒྱལ་པོ་ལྷ་ཡི་མཆོག །སེམས་ཅན་མ་ལུས་མཐའ་དག་གི །དབུགས་ཀྱི་ཁ་འབྱེད་དབང་པོའི་ཁ་མདངས་སེལ། །དྭངས་སྙིགས་འབྱེད་པ་རླུང་གི་མཆོག །བུ་གུ་སེལ་བ་རླུང་གིས་སྐྱོབ། །མ་འདྲེས་གསལ་བས་རླུང་ལྔ་རྫོགས། །ལས་མཐའ་གྲུབ་པ་རླུང་གིས་བསྐྱེད། །རླུང་གི་ལྷ་ལྔ་ཕྱ་ལས་སྐྱོབ་པ་སྟེ། །བདེ་བའི་འབྲས་སམ་རླུང་གིས་བསྐྱེད། །རླུང་ལྷ་གར་མཁན་ལྷ་ཡི་ལྷ། །ལྷ་ཡི་རྒྱལ་པོས་ཐམས་ཅད་མཛད། །རླུང་ལྷ་བདེ་བ་ཆེན་པོའི་འཁོར། །སྣ་ཚོགས་གཟུགས་མེད་མཁའ་ལ་རྒྱུ། །དང་པོ་རླུང་གི་ངང་ལས་འབྱུང་བ་ཆགས། །འབྱུང་བའི་རྟེན་ཕུར་རླུང་གིས་གྲུབ། །རླུང་གི་ལྷ་ཆེན་ཁྱབ་པ་ཆེ། །ཐམས་ཅད་ཀུན་ཏུ་ཁྱབ་པའི་དཔལ། །སེམས་ཅན་ཉོན་མོངས་མཐའ་དག་གི །མ་ལུས་སྒྲིབ་པ་སེལ་བ་དང༌། རླུང་ལས་གྱུར་པའི་ནད་ཡམས་དང༌། །བར་ཆད་སྡུག་བསྔལ་རྐྱེན་དང་བྱུར། །ལུས་འཇིག་ཚེ་ཉམས་དབང་ཐང་འཕྲོག །གེགས་ཀྱི་བར་ཆད་ལྟས་ངན་ཐན། །གདུག་པའི་ལས་ངན་རླུང་འཁྲུགས་དང༌། །རླུང་ལས་རླུང་འཕར་རླུང་འབུད་པའི། །ཐམས་ཅད་མ་ལུས་དེ་དག་གིས། །གཅོད་དང་དབུགས་ནི་ཉམས་པ་ཡི། །འཁོར་ལོ་བསྐོར་དང་གདུག་པ་སྟོན། །བར་དུ་གཅོད་ཅིང་སྡུག་བསྔལ་འབེབས། །འབྱུང་བ་ལོག་པ་བདུད་དང་གཤེད། །བདུད་ཀྱི་བར་ཆད་སེལ་ཕྱིར་དུ། །ཀོང་རྩེ་ལྷ་ཡི་རྒྱལ་པོ་ཡིས། །བདེ་བ་ཅན་གྱི་དཀྱིལ་འཁོར་བཅས། །ཏིང་འཛིན་གཡོ་མེད་རབ་ཏུ་བསྒོམས། །ཤེས་རབ་བྱམས་པའི་སེམས་བསྐྱེད་དེ། །དག་པ་གསེར་གྱི་མདོ་ཐིག་འདི་བརྩམས་པས། །སྡུག་བསྔལ་མ་ལུས་ཐམས་ཅད་བྱང༌། །སྔགས་དང་སྙིང་པོ་འདི་སྐད་བརྗོད། །ཡཾ་ཡཾ་སལ་སལ་གེ་རེ་དུ། །ཡཾ་ཏེ་ཁྲུ་ཏེ་ཚེ་ཡང་ཕཊ། །ཞི་ཞི་ཡཾ་གེ་རྒྱུ་མ་ཧཱ། །དེ་སྐད་སྙིང་པོ་བརྗོད་པ་ཡིས། །སེམས་ཅན་ཐམས་ཅད་མདངས་དང་ལྡན། །ཁ་དོག་ལེགས་ཤིང་ཤ་བཀྲག་རྒྱས། །བར་ཆད་གེགས་དང་ལྟས་ངན་ཞི། །འབྱུང་བ་རླུང་གི་སྡུག་བསྔལ་བྱང༌། །རླུང་གིས་སེམས་ཅན་མ་ལུས་གསོ། །ཐམས་ཅད་བསྐྱེད་ཅིང་ཐམས་ཅད་སྐྱོབ། །རླུང་གི་སྙིང་པོ་མདོ་ཐིག་འདི། །གསེར་བཞིན་བཅངས་ཤིང་བཀླགས་པ་ཡིས། །ཐམས་ཅད་ནད་དང་སྡུག་བསྔལ་ཞི། །མི་བདེ་སྡུག་བསྔལ་དག་པར་ནུས། །ནུས་མཐུ་དེ་དག་འདི་ལས་བྱུང༌། །ཀོང་རྩེའི་རྒྱལ་པོས་འདི་བཀླགས་པས། །རང་ལ་བར་ཆད་གེགས་མི་ཚུགས། །ཀུན་གྱིས་འཁུར་ཞིང་ཡོངས་ཀྱིས་སྐྱོབ། །དེ་ལས་འདི་བཀླགས་ཡོན་ཏན་ཆེ། །དེ་ཚེ་བྱུང་བ་རླུང་གི་འོད་ལས་ནི། །འབྱུང་བ་མེ་ཡི་པདྨ་འཕྲོས། །མེ་ལས་འོད་ཡོད་པས་ན་མེ་ཞེས་བྱ། མཐར་ཐུག་གསལ་བས་མེ་ཞེས་བྱ། །ཅི་ཡང་མེད་པས་མེ་ཞེས་བྱ། །ཐམས་ཅད་སྨིན་གྲོལ་མེ་ཡི་མཆོག །ཉོན་མོངས་འབར་འབུར་མེ་ཡིས་སྲེག །མེ་ཡིས་ལས་བྱེད་ཐམས་ཅད་གསོ། །གཉིས་མེད་གཉིས་སུ་མེད་པར་འཁྲིགས། །འབྱུང་བ་མེ་ཡིས་ཐམས་ཅད་མགྱོགས། །འབྱུང་བ་མཐའ་དག་གདུག་རྩུབ་སེལ། །སྟོང་ཉིད་བདེ་བའི་ངང་ལ་འདུས། །ཐེག་ཆེན་མེ་ཡིས་ཐམས་ཅད་གསོ། །འབྱུང་བའི་དྲོད་འབྱིན་མེ་ཡི་མཆོག །མེ་ཡི་ཀུན་མཐར་ཀུན་འབྱུང་མཆོག །མེ་ཡི་ལྷ་ལྔ་འགྲོ་བའི་མགོན། །ཐུགས་རྗེས་རྒྱུད་ལྡན་སྤྲུལ་པས་ཁྱབ། །ཉོན་མོངས་སྒྲིབ་སེལ་དུག་ལྔ་འདུལ། །མེ་ཡི་ལས་ལ་བྱུང་བ་མགྱོགས། །སྟོབས་ཆེན་མེ་ཡིས་རྫུ་འཕྲུལ་འགྱེད། །ཀུན་ལྡན་འབྱུང་བ་མེ་ཡི་གཙོ། །གཙོ་བོ་ལྔ་འདུས་མེ་ཡི་ལྷ། །གསོ་བྱེད་མེ་ཡིས་ཕུང་པོ་གསོ། །སྐྱེད་བྱེད་མེ་ཡིས་ཚེ་སྲོག་སྐྱེད། །མདངས་སྟོན་མེ་ཡིས་ལུས་མདངས་བསྐྱེད། །མེ་ལྷའི་རྒྱལ་པོ་ཨགྣེ་དེ། །ཨ་རམ་འཕྲུལ་གྱི་ཁྲི་ལ་བཞུགས། །ཚ་ཚ་འཕྲོ་བའི་སྟོབས་པོ་ཆེ། །སྟོང་པ་ལས་བྱུང་འབྱུང་བའི་མེ། །ཀུན་ལ་ཁྱབ་པའི་འབྱུང་བ་མེ། །སྣང་དང་ཉི་མའི་འོད་ཆེན་འབེབས། །འཇིག་རྟེན་ཁམས་གསུམ་དྲོད་སྟོན་པའི། །ཐམས་ཅད་དྲོད་ཀྱི་ངང་ལས་གྲོལ། །རི་རབ་རྒྱ་མཚོ་གསེར་གྱི་ས། །དེ་དག་ཐམས་ཅད་དྲོད་ལས་འཚོ། །ཆགས་པ་ཆེན་པོ་མེ་ཡི་དྲོད། །ཀུན་ཏུ་སྣང་བྱེད་མེ་ཡི་འོད། །ཐམས་ཅད་ཀུན་ཏུ་ཁྱབ་པའི་མཆོག །སེམས་ཅན་ཉོན་མོངས་མཐའ་དག་གི །མ་ལུས་བག་ཆགས་སེལ་བ་དང༌། །སྐྱོན་སྒྲིབ་སྡུག་བསྔལ་འཁོར་བའི་འདམ། །མེ་ལས་གྱུར་པའི་ནད་རྣམས་དང༌། །ཚད་པའི་ནད་དང་འཁྲུ་ནད་དང༌། བར་ཆད་སྡུག་བསྔལ་རྐྱེན་དང་བྱུར། །མི་འཕྲད་པ་ཡི་འཇིགས་པ་དང༌། །མེ་ཡི་ཚད་ནད་འཁོར་བའི་དུག །མེ་དུག་མེ་ནད་ཚ་བའི་ནད། །ལུས་འཇིག་ཕུང་པོ་འཁོར་བའི་བདུད། །ཆེ་ཉམས་དབང་ཐང་ཀུ་བའི་གེགས། །གེགས་དང་བགེགས་ཆེན་ལས་ཀྱི་བདུད། །ཉོན་མོངས་འདོད་ཆགས་འཁོར་བའི་གཤེད། །གཤེད་བདུད་ཉོན་མོངས་ལྟས་ངན་ཐན། །གདུག་པའི་ལས་ངན་ཚ་བ་གཡོབ། ཚ་དང་སྲེག་དང་འཕར་བའི་ནད། །སྐེམ་བྱེད་སྨྱོ་སྤྱོད་བྱེད་པའི་ནད། །སྡུག་བསྔལ་མཐའ་དག་སྟོང་པའི་བདུད། །མེ་ལས་གྱུར་པའི་ནད་སེལ་བ། །ཀོང་རྩེ་ལྷ་ཡི་རྒྱལ་པོ་ཡིས། །ཀུན་ལྡན་འཕྲུལ་གྱི་དཀྱིལ་འཁོར་བཅས། །ཏིང་འཛིན་འཁྲུལ་མེད་རབ་ཏུ་བསྒོམས། །སྙིང་རྗེ་ལྡན་པའི་སེམས་བསྐྱེད་དེ། །དག་པ་གསེར་གྱི་མདོ་ཐིག་འདི་བརྩམས་པས། །ཉོན་མོངས་མཐའ་དག་སྡུག་བསྔལ་བྱང༌། །སྙིང་པོ་སྔགས་ཆེན་འདི་དག་བརྗོད། །རཾ་རཾ་སྙིང་ཕུར་རཾ་གེ་རེ་འདུ། ཙ་བ་ཕཊ། མ་མ་རཾ་ཏེ་ཉེ་ཕུར། །མེ་གྷ་དྷ་སང་ཞི་བ་འདུལ། །དེ་སྐད་སྙིང་པོ་བརྗོད་པ་དེས། སེམས་ཅན་ཐམས་ཅད་དྲོད་དང་ལྡན། །དབང་པོ་གསལ་ཞིང་བདེ་བ་ཐོབ། །ཉོན་མོངས་སྡུག་བསྔལ་དག་ལས་ཐར། །ལྟས་ངན་ཐན་དང་བར་ཆད་ཞི། །འབྱུང་བ་མེ་ཡི་སྡུག་བསྔལ་བྱང༌། །མེ་ཡིས་སེམས་ཅན་མ་ལུས་བསྐྱེད། །ཐམས་ཅད་བསྐྱེད་པ་མེ་ཡི་མཐུ། །མེ་ཡི་སྙིང་པོ་མདོ་ཐིག་འདི། །གསེར་བཞིན་བཅངས་ཤིང་བཀླག་པར་འོས། །ཐམས་ཅད་སྡུག་བསྔལ་མི་དགེ་བས། །ནད་དང་སྐྱོན་གྱིས་བསྡུས་པའི་བགེགས། །དེ་དག་ཐམས་ཅད་དག་པར་ནུས། །ནུས་མཐུ་ཐམས་ཅད་དེ་ལས་འབྱུང༌། །ཀོང་རྩེའི་རྒྱལ་པོས་འདི་བཀླགས་པས། །རང་ལ་བར་ཆད་གེགས་མི་ཚུགས། །འབྱུང་བ་མེ་ཡི་ལྷ་ཡིས་སྐྱོབ། བསོད་ནམས་དབང་ཐང་རྒྱས་པར་ནུས། །མེ་ལས་གྱུར་པའི་སྡུག་བསྔལ་ཞི། །ལས་ངན་བདུད་ཀྱི་གེགས་རིགས་འདུལ། །དེས་ན་བཀླགས་པའི་ཡོན་ཏན་ཆེ། །དེ་ཚེ་མེ་ཡི་ཚ་ངར་ལས། །འབྱུང་བ་ཆུ་ཡི་འཁོར་ལོ་ཆགས། །ཐམས་ཅད་ཆུབ་པས་ཆུ་ཞེས་བྱ། །ཆུ་ཡིས་ཐམས་ཅད་ཀུན་ཏུ་ཁྱབ། །ཁྱབ་པ་ཆེན་པོ་ཆུ་ཡིས་ཕུལ། །སྤྲུལ་པའི་ལས་ལ་གྲུབ་པའི་ཆུ། །སྣ་ཚོགས་བཞི་ལྡན་བདུད་རྩིའི་ཀློང༌། །བདུད་རྩིས་གྲུབ་པ་ཆུ་ཡི་ལྷ། །དུ་མར་གསལ་བ་ཆུ་ཡི་མཆོག །འབྱུང་བ་ཆུ་ཡི་ཤུགས་ལས་གྲུབ། །ལྕགས་དྲག་ངར་ཆེན་ཆུ་ཡི་རྒྱུ། །ཤུགས་ལྡན་ཆུ་ཡི་ཁ་དོག་ལས། །སེམས་ལྡན་འཁོར་བའི་ཤ་ཁྲག་བསྐྱེད། །ལུས་དང་སེམས་སུ་གནས་ཁྱེད་ཆུ། །ཆུ་ཡི་བདུད་རྩི་ཆུ་ཡི་ངང༌། །འཁོར་ལོ་ཤུགས་ལྡན་ཆུ་ཡི་རླན། རླན་བྱེད་ཆུ་ཡིས་འབྱུང་བ་གསོ། །རྩལ་གསུམ་རྫོགས་པའི་ཐིག་ལེ་ཅན། །ཟད་པ་མེད་པའི་ཐིག་ལེ་འཆང༌། །ཐིག་ལེ་འགྱུར་མེད་མེ་ལ་བརྟེན། །མེ་ཡི་སྙིང་པོ་རླུང་གིས་བཟུང༌། །ཆུ་ཡིས་ཐམས་ཅད་བསྐྱེད་པས་ཆུ། །གཡོ་བའི་རང་བཞིན་ངང་དུ་འདུས། །འདུས་པའི་ཆུ་རྒྱུན་ཟད་པ་མེད། །རྒྱ་མཚོ་ལྟ་བུ་ཆུ་ཡི་ངང༌། །ངང་ལས་གཡོ་འགུལ་མེད་པའི་རྟེན། །ཆུ་ཡང་ལྷ་ཆེན་དུ་མས་བརྟེན། །རི་རབ་གསེར་གྱི་གླིང་ཆེན་བཞི། །དེ་བཞིན་དེ་ཡི་རླན་གྱིས་བཙས། །འགྱེལ་བ་མེད་པ་སྲ་བརྟན་ཐེབ། །རོལ་པའི་མཚོ་བདུན་དེ་ལྟར་ཆགས། །མདོ་རྒྱས་མདོ་འཕེལ་འབྱུང་བ་དེ་ལྟར་ཆགས། །འབྱུང་བ་ཆུ་ཡི་ལྷ་ཆེན་གཙོ། །ཆུ་ལས་བདུད་རྩི་རང་འཁྱིལ་ཆེ། །འཁྱིལ་ཞིང་རྙོགས་པ་རང་བཞིན་ཤུགས། །རླན་བྱེད་ཆུ་ཡིས་ཕུང་པོ་བསྐྱེད། །བདུད་རྩི་ཆུ་ཡིས་ཕུང་པོ་གསོ། །ཀུན་གྲུབ་ཆུ་ཡིས་འབྲས་བུ་འཚོ། །འདོད་བྱེད་ཆུ་ཡིས་གཏི་མུག་སྦྱོང༌། །ཆུ་ལྷའི་རྒྱལ་པོ་འཁོར་ལོ་ཅན། །འཁོར་ལོ་ལྔ་ལྡན་ཕྱག་ལས་འགྲེམས། །ཡེ་ཤེས་ལྔ་ཡི་སྡོང་པོ་རྒྱས། །ཕ་རོལ་ཕྱིན་པའི་དེ་བཞིན་ཉིད། །རྣམ་ཤེས་དྲུག་ལྡན་ཕུང་པོའི་བཅུད། །བཅུད་ལྡན་བཅུད་འཕེལ་འབྱུང་བ་ཆུ། །ཆུ་ཡི་ངང་ལྡན་འཁྱག་ཅིང་གྲང༌། །ཟླ་བའི་འོད་ལྡན་དེ་བཞིན་གསལ། །འཇིག་རྟེན་ཁམས་གསུམ་གསོ་བསྐྱེད་མཛད། །ཁམས་གསུམ་ཐམས་ཅད་ཆུ་ཡིས་གསོ། །དེ་ལྡན་དེ་བཞིན་ཆུ་དང་ལྡན། །ཆུ་ཡི་འབྱུང་བ་ཆུ་ལ་རྫོགས། །དེ་བཞིན་གཉིས་འབྲེལ་ཐམས་ཅད་འབྱུང༌། །ཀུན་ཏུ་གྲུབ་པ་ཆུ་ཡི་ལྷ། །བག་ཆགས་སྒྲིབ་སེལ་ཆུ་ཡི་མཐུ། །མཐུ་སྟོབས་དེ་ཡིས་ཉོན་མོངས་འདུལ། །དགའ་བ་གྲུབ་པ་ཀུན་གྱི་མགོན། །མགོན་མཛད་མགོན་གྱིས་ཐམས་ཅད་སྐྱོབ། །ཐམས་ཅད་རེ་བ་སྐྱབས་ཀྱི་མཆོག །དེ་བཞིན་འབྱུང་བ་ཆུ་ལས་འོང༌། །སེམས་ཅན་ཉོན་མོངས་མཐའ་དག་གིས། མ་ལུས་སྡུག་བསྔལ་སྦྱོང་བ་དང༌། །སྐྱོན་དང་བག་ཆགས་སྡིག་སྒྲིབ་དང༌། །བར་ཆད་རྐྱེན་དང་འབྱུང་བའི་དགྲ། །ཆུ་ལས་གྱུར་པའི་གདོན་དང་གེགས། །གྲང་བ་ཆུ་ལས་གྱུར་པའི་ནད། །མ་ཞུ་བ་དང་རྡེལ་ནད་དང༌། །རྒྱུ་མཁྲིས་རྒྱུ་ནད་ཆུ་ཡི་དུག །ཟས་ཟོས་དུག་ཏུ་གྱུར་པ་ཡིས། །རྨུ་ཆུ་ཆུས་ཁྱེར་ཆུ་དགྲ་དང༌། །ཆུ་གཡོས་ཆུ་དགྲ་འགུལ་བ་ཟློག །གདུག་པའི་ཐན་ལྟས་ངན་པ་ཟློག །མི་ཡི་ལུས་ལ་ཉམས་བསོད་དང༌། །གཟུགས་ཀྱི་ཕུང་པོ་བཤིག་པ་དང༌། །ཚེ་སྲོག་བར་དུ་གཅོད་པ་ཟློག །ཁ་རྗེ་དབང་ཐང་དག་ལ་ཀུ་བ་དང༌། །འབྱུང་བ་ལས་ངན་གེགས་དང་བདུད། །བདུད་དང་ལས་ལ་འཁོར་བའི་གཤེད། །འཇིག་རྟེན་སྤྱི་མཐུན་བསོད་ནམས་འཕྲོག །ཀུན་ལ་འཚེ་བ་བྱེད་པ་རྣམས། །དེ་དག་ཐམས་ཅད་ཞི་བར་མཛོད། །ཀོང་རྩེ་ལྷ་ཡི་རྒྱལ་པོ་ཡིས། །བསོད་ནམས་རབ་འཕེལ་དཀྱིལ་འཁོར་བཅས། །ཡི་དམ་ལྷ་གསལ་འགྱུར་མེད་ཏིང་འཛིན་བསྒོམས། །ཚད་མེད་བཞི་ལྡན་བྱམས་པའི་སེམས་བསྐྱེད་དེ། །དག་པ་གསེར་གྱི་མདོ་ཐིག་འདི་བརྩམས་པས། །སྡུག་བསྔལ་ཕྲག་དོག་དུག་ལྔའི་སྒྲིབ་པ་བྱང༌། །སྙིང་པོ་སྔགས་ཚིག་འདི་དག་བརྗོད། །མཾ་མཾ་ས་མཾ་དུ་ཡེ་མཾ་འདུ། པྲ་ཧ་ར་ཧཱུཾ་དུ་ཕཊ། །མཾ་དྷ་ཀ་ཤ་ཁཾ་ར་དུ། །དེ་སྐད་སྙིང་པོ་བརྗོད་པ་དེས། །སེམས་ཅན་ཐམས་ཅད་ཤ་ལུས་རྒྱས། །དབང་པོའི་དྭངས་མ་ཀུན་ཀྱང་གསལ། །འཁྲུལ་པ་མེད་ཅིང་གཡོ་བ་མེད། །རང་བཞིན་ལྷུན་གྲུབ་བདེ་བ་ཐོབ། བྱམས་པ་ལྡན་ཞིང་སྙིང་རྗེ་ཆེ། །སེམས་ཅན་མི་ལ་གནོད་པ་བསྐྱལ་བ་དེ། །ཐན་ངན་ལ་ཉེ་ངན་པ་དང༌། །ཐམས་ཅད་འདི་ཡིས་ཐར་བར་འགྱུར། །འབྱུང་བ་ཆུ་ཡི་སྡུག་བསྔལ་བྱང༌། །ཆུ་འདི་སེམས་ཅན་ཀུན་གྱི་གསོས་སུ་ཆེ། །ཐམས་ཅད་གསོ་བ་ཆུ་ཡི་མཐུ། །ཆུ་ཡི་སྙིང་པོ་མདོ་ཐིག་འདི། །གསེར་བཞིན་བཅང་ཞིང་བཀླག་པར་བྱ། །སྡུག་བསྔལ་བག་ཆགས་སྒྲིབ་པ་དང༌། །དྲི་ཞུགས་དྲི་མ་ངན་པ་དང༌། །ནད་ངན་མི་གཙང་ལ་སོགས་དང༌། །དེ་དག་ཐམས་ཅད་དག་པར་འགྱུར། །ནུས་མཐུ་དེ་དག་འདི་ལས་འབྱུང༌། །ཀོང་རྩེའི་རྒྱལ་པོས་འདི་བཀླགས་པས། །བར་ཆད་གེགས་ཀྱིས་མི་ཚུགས་དང༌། །འབྱུང་བ་ཆུ་ཡི་ལྷ་ཡིས་སྐྱོབ། །ཟ་ཐང་བསོད་ནམས་རྒྱས་པར་འགྱུར། །ཆུ་ལས་གྱུར་པའི་ནད་རྣམས་དང༌། །དེ་དག་མྱུར་དུ་ཞི་བར་ལྟ། །དེས་ན་འདི་བཀླགས་ཡོན་ཏན་ཆེ། །སྔོན་ཚེ་ཆུ་ཡི་རྦ་རླབས་ལས། །རིན་ཆེན་གསེར་གྱི་ས་གཞི་གྲུབ། །འགྱུར་བ་མེད་ཅིང་གཡོ་བ་མེད། །རང་བཞིན་ཁང་དང་རིམ་གྱིས་ཆགས། །ས་གཞི་རིན་པོ་ཆེ་ཡི་ངང༌། །ཐམས་ཅད་མཛེས་པའི་གསེར་དང་ལྡན། །གསེར་གྱི་ངོ་བོ་ཁ་དོག་ལས། །ས་ཡི་སྙིང་པོ་རབ་ཏུ་བཟང༌། །འཕར་བ་མེད་པ་གསེར་གྱི་བརྗིད། །རང་བཞིན་གནས་པ་ས་ཡི་མཐུ། །འབྱུང་བ་ས་ལས་རིན་པོ་ཆེ། །ལྔ་ལྡན་འབྱུང་བ་ལྔ་ཡི་ཤུགས། །གང་འདོད་ཐམས་ཅད་དེ་ལས་འབྱུང༌། །སེམས་ཅན་འདོད་པ་དེ་ཡིས་སྐོང༌། །བླ་མེད་སྟོན་པའི་ཐུགས་རྗེ་དང༌། །སངས་རྒྱས་བྱང་སེམས་རབ་རྫོགས་པའི། །དགེ་བའི་རྩ་བ་དེ་བཞིན་འགྲུབ། །དེ་ལྡན་སེམས་ཅན་ཉོན་མོངས་སྤངས། །དེ་བཞིན་མཐོང་མེད་འགྱུར་མི་སྲིད། །དེ་བཞིན་དེ་ལྡན་འབྱུང་བའི་ངང༌། །ངང་ལས་མ་གཡོས་རིན་ཆེན་ས། །བདེ་བ་བཀོད་པ་གསེར་གྱི་ཕུགས། །ཐམས་ཅད་རྟེན་ལ་ཐམས་ཅད་གནས། །འཕོ་མེད་འགྱུར་མེད་སྲ་ཞིང་བརྟན། །འགྲོ་བ་རིགས་དྲུག་དེ་བཞིན་གནས། །ཐམས་ཅད་གནས་པ་ས་ཡི་གཞལ་ཡས་མཆོག །འབྱུང་བ་ས་ཡི་དཀྱིལ་འཁོར་རྒྱས། །ཀུན་ཏུ་ཁྱབ་པའི་སྡེ་བརྒྱད་རིན་པོ་ཆེ། །ཀུན་ལ་དགོས་པ་དེ་བཞིན་ཡོད། །དད་ལྡན་མོས་པའི་སེམས་དང་ཕྲད། །གཏི་མུག་མུན་པས་བསྒྲིབས་པ་ཡི། །ང་རྒྱལ་ཅན་དེ་མེ་ཡི་འཁོར། །ས་ལས་སྤྱོད་པ་ས་ཡི་ངང༌། །ཐམས་ཅད་དེ་བཞིན་ས་ལས་གྲོལ། བྱམས་སེམས་ལྡན་པ་ཡེ་ཤེས་ཆེ། །ལྷ་མོ་བརྟན་མ་ས་ཡི་ལྷ། །རྫུ་འཕྲུལ་གཟུགས་འཆང་ས་ཡི་བཅུད། །ས་ལས་གྲོལ་བར་ཀུན་གཞི་རྒྱས། །རྒྱས་པ་རབ་ལྡན་རབ་ཀྱི་གཟུགས། །ས་ཆེན་གསུམ་པོ་འགྲོ་བའི་དོན། །འབྱུང་བའི་གཟུགས་ཅན་དེ་རུ་རྫོགས། །སྐྱེ་ཤི་མེད་པ་ས་ཡི་ཁམས། །ཁམས་བརྒྱད་རྣམ་ཤེས་སྤྲུལ་པ་ཡི། །སྤྲུལ་སྐུས་ཁྱབ་པས་ཁམས་གསུམ་དབྱིངས། །ས་ཆེན་འགྱུར་བ་ས་ཡ་བཅུད། །བཅུད་དུ་རྫོགས་པ་རི་རབ་ཡིན། །ཁ་དོག་འབྱུང་བ་ལྔ་ལས་གྲུབ། །རིན་པོ་ཆེ་ཡི་འོད་ལྔ་འབར། །སྣ་ཚོགས་གཟུགས་ཅན་འབྱུང་བའི་གཟུགས། །ཐམས་ཅད་དེ་ལ་གནས་ཤིང་འཁོར། །འབྱུང་བ་ལྔ་ལས་གྲུབ་པའི་མཆོག །མཆོག་ཏུ་ལྡན་པ་ལྷ་ཡི་གནས། །ས་ཡི་ལྷ་ལྔས་ཐམས་ཅད་བསྐྱེད། །ཁྱབ་བྱེད་ས་ཡི་གཟུགས་ཕུང་བསྐྱེད། །བདེ་ལྡན་ས་ཡིས་བཀྲག་མདངས་འབྱིན། །གསལ་ལྡན་ས་ཡིས་འོད་མདངས་སྟེར། །ཀུན་ལྡན་ས་ཡིས་དྲན་པ་སྦྱོར། །ས་ཡི་ལྷ་ལྔས་ཐམས་ཅད་གསོ། །བདེ་བ་དྲན་པ་ས་ཡིས་བྱེད། །ས་ཡིས་བྱ་བ་ཐམས་ཅད་འགྲུབ། །སྐལ་ལྡན་འབྱུང་བའི་གཏེར་ལ་སྤྱོད། །བག་ཆགས་བྱང་བས་བྱང་ཆུབ་གཏེར། །ཀུན་ཏུ་སྤྱོད་པ་ས་ཡི་བཅུད། །དེ་བཞིན་འབྱུང་བ་ས་ཡི་རྩི། །བདུད་རྩི་བྱ་བ་ས་ཡི་བཅུད། །དེ་ལས་ལྷག་པའི་བདུད་རྩི་མེད། །གསོ་བསྐྱེད་འབྱུང་བ་དེ་ཡིས་ཐམས་ཅད་གསོ། །སེམས་ཅན་ཉོན་མོངས་མཐའ་དག་ལ། །མ་རིག་འཁྲུལ་པའི་སྡུག་བསྔལ་དང༌། །མ་རིག་སེམས་ཀྱི་ཞེན་ཆགས་དང༌། །རྟོག་པ་མེད་པའི་བྱིང་རྨུགས་དང༌། །ལེ་ལོ་བཏང་སྙོམས་ནད་དང་སྐྱོན། །ཤི་ཞིང་ཆད་དང་བརླག་པ་དང༌། །ས་ལས་གྱུར་པའི་གདོན་དང་བགེགས། །ལྕི་ཞིང་འཐིབས་པའི་ནད་དག་དང༌། །སྨྱོ་དང་འབོག་དང་རྨུགས་དང་ནོན། །ས་གཞི་ས་གཡོས་ས་འགུལ་ཟློག །ས་ནང་ས་ཡི་ཆོ་འཕྲུལ་གཤེད། །ཚེ་ལ་གནོད་དང་བར་དུ་གཅོད། །དུས་མིན་འཆི་དང་སྒྲ་ངན་སྒྲོགས། །གདུག་པའི་ཆོ་འཕྲུལ་སྟོན་པའི་ཚོགས། །དེ་དག་ཐམས་ཅད་ཞི་བར་མཛོད། །ཀོང་ཙེ་ལྷ་ཡི་རྒྱལ་པོ་ཡིས། །འབྱུང་བའི་མདོ་ཐིག་འདི་བརྩམས་པས། །འཁྲུལ་པ་མ་རིག་མ་གོ་བའི། །ཉོན་མོངས་བྱིང་རྨུགས་སྒྲིབ་པ་བྱང༌། །སྙིང་པོ་སྔགས་ཆེན་འདི་དག་བརྗོད། །ཁཾ་ས་སིལ་མ་དུ་མ་གི་དུ་མ་ཡེ། ཁཾ་ཀེ་མ་ཧཱ་ཨ་མུ་དུ། དེ་སྐད་སྙིང་པོ་བརྗོད་པ་དེས། །སེམས་ཅན་ཐམས་ཅད་དགའ་བ་བསྐྱེད། །ལུས་རྒྱས་བཅུད་འཕེལ་ཤ་ཁྲག་གསལ། །གདུག་པ་ཅན་གྱི་གནོད་པ་ཞི། །མི་གདུག་ཆོ་འཕྲུལ་མཐའ་ནས་སངས། །ལེགས་པའི་ཡོན་ཏན་ཐམས་ཅད་འཕེལ། །བྱམས་སེམས་དང་ནི་སྙིང་རྗེར་ལྡན། །ཐར་པའི་བདེ་ལམ་ཐོབ་པར་འགྱུར། །ས་ཡི་སྡུག་བསྔལ་ཉོན་མོངས་སྒྲིབ་པ་བྱང༌། །ས་ལ་གནས་པའི་སེམས་ཅན་བགེགས། །ཐམས་ཅད་འགེགས་པ་ས་ཡི་སྟོབས། །ས་ཡི་སྙིང་པོ་མདོ་ཐིག་འདི། །གསེར་བཞིན་བཅང་བཞིན་བཀླགས་པ་ཡིས། །མི་མཐུན་རྐྱེན་དང་སྡུག་བསྔལ་ཐན། །ལས་ཀྱིས་མནར་བའི་སེམས་ཅན་ཉོན་མོངས་བདུད། །ནུས་མཐུ་འདི་ཡིས་དག་པར་ནུས། །ཀོང་ཙེའི་རྒྱལ་པོས་འདི་བཀླགས་པས། །ལྷ་སྲིན་སྡེ་བརྒྱད་གདུག་པ་དང༌། །ས་བདག་ས་ལས་མི་ལྡང་དང༌། །ས་གདོན་གདུག་པ་ཅན་གྱིས་ཉམས་མི་སོད། །འབྱུང་བའི་ལྷ་ཡིས་རྟག་ཏུ་ཁུར། །སེམས་ཅན་ཉོན་མོངས་སྐྱོབས་པར་ནུས། །ས་ལས་གྱུར་པའི་གདུག་པ་ཞི། །འདི་བཀླགས་ཡོན་ཏན་མཐའ་དག་འཕེལ། །དེ་ཚེ་འབྱུང་བ་བཞིན་གཡོས་པས། །ནམ་མཁའ་མེ་ཏོག་བཞིན་དུ་ནི། །གསལ་བའི་འོད་འབར་ལྷང་ངེ་གསལ། །གདོད་ནས་མ་སྐྱེས་སྟོང་པའི་ངང༌། །ཅི་ཡང་མེད་པ་སྟོང་པའི་ངང༌། །དང་པོ་སྟོང་པའི་ངང་ཉིད་ལས། །མཁའ་ལ་འོད་ཆགས་ནམ་མཁའི་ཀློང༌། །འགྱུར་བ་མེད་པ་ནམ་མཁའི་དབྱིངས། །ནམ་མཁའི་ངང་ནི་ལོག་པ་སྟེ། །འབྱུང་བ་ལྔ་པོ་དེ་ལས་འདུས། །དེ་ཉིད་ངོ་བོ་སེམས་ཀྱི་ཡུལ། །སེམས་ཉིད་ལ་ཡང་ངོ་བོ་མེད། །སེམས་ཀྱི་མཚན་ཉིད་སེམས་སུ་རྫོགས། །སེམས་ཉིད་སྟོང་པའི་རང་བཞིན་ནོ། །སྟོང་པ་སྐྱེ་བ་མེད་པའི་དབྱིངས། །ངང་གིས་མ་གཡོས་ངང་གིས་འབྲེལ། །དབྱེར་མེད་འཕོ་འགྱུར་མེད་པའི་ངང༌། །དངོས་པོ་མེད་པ་སྟོང་པའི་ངང༌། །མཚན་མ་བརྗོད་བྲལ་སྟོང་པའི་ངང༌། །གཡོ་མེད་སྐྱེ་མེད་དངོས་པོ་མེད། །ཅི་ཡང་མེད་པ་ནམ་མཁའི་ངང༌། །ནམ་མཁའི་ངང་ལ་དབྱིངས་ཉིད་རྫོགས། །ནམ་མཁའི་ངང་ལ་ཅི་ཡང་མེད། །འབྱུང་བའི་ཁ་དོག་མཚན་མ་མེད། །སྟོང་ཉིད་སྟོང་པའི་དེ་བཞིན་གནས། །ནམ་མཁའ་འབྱུང་བའི་ངོ་བོར་རྫོགས། །འབྱུང་བ་བྱས་པ་མེད་པའི་ངང༌། །ཕྱོགས་དང་མཚན་མ་དེ་བཞིན་མེད། །ཁ་དོག་ངོ་བོ་མེད་པ་སེམས་ཀྱི་རྩལ། །སེམས་ལ་བཟུང་དུ་མེད་དེ་ཅི་ཡང་མེད། །ནན་ལྟར་ལྟས་ན་གང་ཡང་མི་གནས་པ། །སེམས་ཀྱི་དཔེ་ནི་ནམ་མཁའ་འདྲ། །དཔེ་ཡིས་དཔེ་རྩལ་འཁྲུལ་པ་མེད། །འཁྲུལ་མེད་སེམས་དང་ནམ་མཁའི་ཀློང༌། །རྫོགས་པ་ཆེན་པོ་དེ་ལ་ཡོད། །ཆོས་ཉིད་དབྱེ་བ་མེད་པ་ཐིག་ལེར་འདུས། །སེམས་དང་འགྱུར་མེད་ནམ་མཁའ་གཉིས། །བསྒྲུབ་བྱར་ཡོད་པ་ངོ་མཚར་ཆེ། །རྩལ་ལྡན་རྫོགས་པ་སེམས་ཀྱི་རྩལ། །ཉོན་མོངས་སྤངས་པས་རང་སེམས་བདེ། །སེམས་ཀྱི་གནད་དུ་འཁྲུལ་པ་མེད། །འཁྲུལ་པའི་རྩ་བ་མ་རིག་པ། །མ་རིག་པ་ཡང་འཁྲུལ་པ་ཡིན། །རྣམ་པར་རྟོག་པ་སེམས་ཀྱི་དུག །ནམ་མཁའི་དངོས་པོ་མི་འགྱུར་ཡང༌། །གློ་བུར་ཆར་སྤྲིན་ཁུག་རྣ་དང༌། །རྨུགས་པས་བསྒྲིབས་པ་ལྟ་བུའོ། །སྐྱོན་དང་འགྲོགས་པ་ནམ་མཁའི་ངོས། །ནམ་མཁའ་རྫུ་འཕྲུལ་སངས་རྒྱས་བཀའ། །བྱས་པ་མེད་པར་ཀུན་ཏུ་ཤེས། །བྱང་ཆུབ་བཞི་ལྡན་ཀུན་ཏུ་ཤེས། །བྱང་ཆུབ་བཞི་ལྡན་དེ་བཞིན་དབྱིངས། །ལྷ་རྣམས་རིག་པ་དེ་བཞིན་གནས། །འཁོར་བ་གནས་ལྔར་སྤངས་བྱས་ཏེ། །ཐམས་ཅད་རང་བཞིན་རྫོགས་པའི་ས། །བདེ་ལྡན་བདེ་བ་ཐོབ་པའི་ས། །ནམ་མཁའ་སེམས་ཀྱི་འཁོར་ལོ་སྐོར། །འཁོར་ལོ་ལྔ་ལྡན་ཡེ་ཤེས་ལྔ། །ཡེ་ཤེས་ལྷ་ལྔས་ཐམས་ཅད་ཁྱབ། །སྲིད་པ་འགྲོ་བའི་འབྱུང་བ་ཆེ། །འབྱུང་བ་བཞི་འདུས་ནམ་མཁའི་མཁའ། །མཁའ་དབྱིངས་རྣམ་པར་དག་པའི་ཀློང༌། །རྟོགས་ན་རང་སེམས་སངས་རྒྱས་ཏེ། །མ་རྟོགས་པ་ལ་གཙུག་ལག་དགོས། །མ་རིག་འཁྲུལ་སྣང་གཙུག་ལག་པ། །གཡོ་མེད་ནམ་མཁས་གཟུགས་ཕུང་བསྐྱེད། །དཔལ་ལྡན་ནམ་མཁས་ཤ་ཁྲག་འབྱིན། །གྲུབ་པའི་ནམ་མཁས་ཐམས་ཅད་སྐོང༌། །ཐམས་ཅད་མ་ལུས་བསྐྱེད་པ་དེ། །འབྱུང་བ་ནམ་མཁའི་ཀློང་དུ་འདུས། །རང་བཞིན་ལྷུན་རྫོགས་གྲགས་པ་ཆེ། །དཔལ་ལྡན་གསལ་བ་དེ་ལ་འདུས། །གསལ་བདེན་སྒྲིབ་པ་མེད་པ་ལམ་གྱི་མཆོག །འཁྲུལ་མེད་བརྟན་པ་གནས་ཀྱི་མཆོག །མཆོག་དང་ལྡན་པ་དེ་ལ་འདུས། །དེ་བཞིན་གནས་པ་དེ་ཡི་མ། །སེམས་ཅན་ཉོན་མོངས་མཐའ་དག་གི །ལས་ངན་སྡུག་པའི་བག་ཆགས་སྡིག་སྒྲིབ་དང༌། །ཉོན་མོངས་ལས་ཀྱི་བར་ཆོད་དང༌། །གདུག་པ་སྟོན་པའི་བགེགས་རིགས་སྟོང༌། །ཆོ་འཕྲུལ་སྟོན་དང་ཐན་ངན་འབེབས། །ལུས་གནོད་སྲོག་ལ་རྐུ་དང་འཚེ་བ་བྱེད། །ཚེ་ལ་གློ་བུར་གཏོང་བའི་ཚོགས། །ནམ་མཁའི་གདོན་དང་ལྕགས་ཀྱི་གཤེད། །ལྕགས་ལས་གྱུར་པའི་ནད་ཡམས་དང༌། །སྐྲན་ནད་དང་ནི་རུས་ནད་དང༌། །ལྕགས་འཁྲུག་གློ་བུར་དྲག་ཤུལ་དང༌། །གྲོ་དང་མདའ་མཚོན་འཁོར་བ་དང༌། །ཡེ་འབྲོག་སུམ་བརྒྱ་དྲུག་ཅུ་དང༌། །ནད་རིགས་བརྒྱད་ཅུ་རྩ་བཞི་དང༌། །ལྕགས་ལས་གྱུར་པའི་གྲི་ཡི་ཚོགས། །གདུག་པའི་ཐོག་དང་གནམ་དལ་དང༌། །དེ་དག་ཐམས་ཅད་ཞི་བར་མཛོད། །ཀོང་ཙེ་ལྷ་ཡི་རྒྱལ་པོ་ཡིས། །ཡེ་ཤེས་ལྔ་ལྡན་དཀྱིལ་འཁོར་བཅས། །ཐབས་ལྡན་ཤེས་རབ་འཕྲུལ་གྱི་ཏིང་འཛིན་བསྒོམས། །ལྟ་བ་མཐའ་དག་ཉམས་སུ་མྱོང་བའི་སེམས་བསྐྱེད་དེ། །དག་པ་གསེར་གྱི་མདོ་ཐིག་འདི་བརྩམས་པས། །སྡུག་བསྔལ་ལས་ཀྱི་ཉོན་མོངས་སྒྲིབ་པ་བྱང༌། །སྔགས་ནི། ཨོཾ་ཨ་མེར་ཏི་བ་རོ་མ་ཁྲེར་དུཾ་མ་ཨ་རཾ་ཁེ་ར་ན་ཡུ། ཨ་ཧཱུཾ་ཁྱེ་ཉ་མ་ཧཱུཾ། དེ་སྐད་སྙིང་པོ་བརྗོད་པ་དེས། །སེམས་ཅན་ཐམས་ཅད་དྲན་པ་རྙེད། །གསལ་ལྡན་སེམས་དང་ལྡན་པར་འགྱུར། །དབང་པོ་རྒྱས་པས་ཀུན་གཞི་བདེ། །སྐུ་གསུང་ཐུགས་ཀྱི་ཕུང་པོ་རྟེན། །འཇིག་མེད་འགྱེལ་མེད་བརླག་པ་མེད། །འབྱུང་བ་ལྕགས་ཀྱི་གདུག་པ་དང༌། །གཅོད་འབིགས་རྒྱག་པའི་གདུག་པ་ཞི། །འབྱུང་བ་ལྕགས་ཀྱི་སེམས་ཅན་རྟེན། །ཐམས་ཅད་རྟེན་པ་ལྕགས་ཀྱི་སྟོབས། །ལྕགས་ཀྱི་སྙིང་པོ་མདོ་ཐིག་འདི། །གསེར་བཞིན་བཅང་ཞིང་བཀླག་པར་འོས། །ཉོན་མོངས་མ་རིག་འཁྲུལ་པའི་བདུད། །ཤེས་བྱ་མ་རྟོགས་གཏི་མུག་ཀློང༌། །ཟང་ཟིང་གནོད་པ་ཕྲག་དོག་བགེགས། །དེ་དག་ཐམས་ཅད་དག་པར་ནུས། །ནུས་མཐུ་འདི་ལས་འབྱུང་བས་བཀླག་པར་བྱ། །ཀོང་ཙེའི་རྒྱལ་པོས་འདི་བཀླགས་པས། །བགེགས་ཞི་སྡུག་བསྔལ་རབ་ཏུ་བྱང༌། །དྲག་བྱེད་བདུད་དང་འཚེ་བྱེད་བཙན། །ལྷ་སྲིན་སྡེ་བརྒྱད་གདུག་པའི་ཚོགས། །ཉམས་མི་སོད་ལ་ཀུན་གྱིས་འཁུར། །ཚེ་དང་བསོད་ནམས་འཕེལ་བར་འགྱུར། །ནམ་མཁའི་རྒྱལ་པོས་རྟག་ཏུ་འཁུར། །སེམས་ཅན་ཀུན་ལ་ཕན་འདོགས་ནུས། །ལྕགས་ལས་གྱུར་པའི་གནོད་པ་ཞི། །དངོས་གྲུབ་བདུད་རྩི་ཆར་བཞིན་འབེབས། །དེས་ན་འདི་བཀླགས་ཡོན་ཏན་ཆེ། །དེ་ཚེ་འབྱུང་བ་རྣམ་པ་ལྔ༌། །གཟུགས་མེད་དངོས་ཀྱི་ཆོ་འཕྲུལ་དང༌། །གསུང་མེད་སྒྲ་ཡི་རང་བཞིན་ལས། །ཐམས་ཅད་ཆགས་པ་འབྱུང་བའི་རྒྱུ། །འབྱུང་བ་ཆགས་པས་སེམས་ཅན་གནས། །སྣ་ཚོགས་སེམས་ཅད་དེ་ཡིས་གྲོལ། །འདས་དང་མ་བྱོན་ད་ལྟར་གྱི། །ཐམས་ཅད་འབྲས་བུ་དེ་ཡི་ངང༌། །ཀུན་འབྱུང་གཟུགས་ཀྱང་དེ་ལས་བླང༌། །འགྲོ་བ་རིགས་དྲུག་དེ་ལས་གྲོལ། །རྒྱ་མཚོ་ཆེན་པོ་དེ་ལས་ཆགས། །རྒྱ་མཚོའི་དྭངས་མ་བྱོལ་སོང་དང༌། །ཀླུ་རྣམས་ཆང་འགགས་སྦང་མ་འདྲ། །གཅིག་ཤ་ཟ་ཞིང་གཅིག་ཁྲག་འཐུང༌། །གཅིག་གིས་གཅིག་གསོད་བྱོལ་སོང་ཡིན། །དམྱལ་བའི་སྡུག་བསྔལ་བསམ་མི་ཁྱབ། །སྔོན་ཚེ་འབྱུང་བ་ཆ་མ་སྙོམས། །དེ་ལྟར་སེམས་ཅན་རིགས་དྲུག་ལ། །སྡུག་བསྔལ་དེ་བཞིན་ཁུར་བ་ཡིན། །དྲང་སྲོང་བཀའ་ནི་མ་ཐོས་སངས་མི་རྒྱ། །སེམས་ཅན་རྒྱུ་ཡིན་འབྲས་བུ་སངས་རྒྱས་ཡིན། །བྱམས་དང་སྙིང་རྗེ་རྒྱུད་ལ་དགོས། །དེ་མེད་ངན་སོང་གསུམ་གྱི་རྒྱུ། །མཚོ་གླིང་འོ་མའི་རྡལ་ཁྱབ་ནས། །སྟོན་པོ་ཆེན་པོ་འགྲོ་བའི་མགོན། །བླ་མེད་ས་བཅུ་སྟོན་པ་ཡིས། །མཁྱེན་རབ་བདག་པོ་འཇམ་པའི་དཔལ། །མ་ཧཱ་གསེར་སྦལ་སེར་པོ་རུ། །སྐུ་སྤྲུལ་འགྲོ་བའི་དོན་ཡང་མཛད། །རྒྱ་མཚོར་ཞུགས་ནས་འགྲོ་དོན་མཛད། །འགྲོ་དོན་མཛད་ཕྱིར་རུས་སྦལ་སྐུ་རུ་སྤྲུལ། །མགོ་ལས་མེ་ཡི་རུས་སྦལ་བུ་ཚའི་གབ་རྩེ་དང༌། །གློ་གཡས་ཤིང་གི་རུས་སྦལ་ཕ་ཁུའི་གབ་རྩེ་དང༌། །མཇུག་ལས་ཆུ་ཡི་རུས་སྦལ་གཉེན་ལམ་མཐའ་བཞིའི་གབ་རྩེ་དང༌། །གློ་གཡོན་ལྕགས་ཀྱི་རུས་སྦལ་ནོར་གྲོགས་གབ་རྩེ་དང༌། །ཡན་ལག་བཞི་ལས་ས་ཡི་རུས་སྦལ་མ་ཕྱི་ཡུལ་མཁར་གྱི་གབ་རྩེ་དང༌། །དེ་དག་ལ་སོགས་རྒྱས་པར་གཏན་ལ་ཕབ། །མ་ནི་ཀུན་ལ་བྱམས་པས་མ། །སེམས་ཅན་སེམས་ལ་བརྩེ་བས་མ། །ཧཱ་ནི་དུག་གསུམ་སྐྱོན་གྱིས་མ་གོས་པའི། །དེ་ཡི་ཕྱིར་ན་ཧཱ་ཞེས་བྱ། །གསེར་ནི་རིན་པོ་ཆེ་ཡི་མཆོག །ཀུན་གྱི་ནོར་བུ་ཆེ་བ་དང༌། །སེམས་ཉིད་རིན་ཆེན་གསེར་དུ་བསྟན། །ཅིས་ཀྱང་མི་འགྱུར་བཅོས་སུ་མེད། །དེ་ཡི་ཕྱིར་ན་གསེར་མདོག་བསྟན། །འགྱུར་བ་མེད་པས་ཁ་དོག་ལྡན། །ཆོས་སྐུའི་བརྡའ་མཚོན་ཐིག་ལེ་ཅན། །ཡང་ན་མཆོད་རྟེན་རི་མོ་ཅན། །ལོངས་སྐུའི་བརྡའ་མཚོན་རུས་སྦལ་སྤྲུལ། །སྤྲུལ་སྐུས་གང་ལ་གང་འདུལ་སྟོན། །ཀྱིས་ནི་ཐམས་ཅད་དེ་ལ་འདུས། །ཐམས་ཅད་འདུས་པ་གནས་ཀྱི་དབྱིངས། །རུས་ཞེས་བྱ་བ་འབྱུང་བའི་ཁམས། །འབྱུང་བ་ལྕགས་ཆ་མེ་ས་ཤིང༌། །སྦལ་ནི་སྟོན་པ་ལྷ་ཡི་སྐུ། །སྐྱེ་ཤི་མེད་པ་བྱང་ཆུབ་དང༌། །སྣང་སྲིད་ཐམས་ཅད་དེ་རུ་འདུས། །དེ་ལས་མ་གྲོལ་གང་ཡང་མེད། །ཐམས་ཅད་རུས་སྦལ་སྐུ་ལས་གྲོལ། །སྟོན་པས་འགྲོ་བའི་དོན་དུ་བསྟན། །འགྲོ་དོན་མཛད་ཕྱིར་རུས་སྦལ་ལོ། །ཕ་ནི་ཐབས་ཀྱི་རང་བཞིན་ཏེ། །མ་ནི་ཤེས་རབ་རང་བཞིན་ཡིན། །ཡབ་ཡུམ་གཉིས་མེད་འབྲེལ་བ་ལས། །མ་ཧཱ་གསེར་སྦལ་སེར་པོར་བསྟན། །སེམས་ཅན་རྒྱལ་པོ་གྲངས་མང་ཡང༌། །མཁྱེན་རབ་བདག་པོས་རུས་སྦལ་སྤྲུལ། །གཞན་ལས་ཁྱད་འཕགས་རུས་སྦལ་ཡིན། །འབྱུང་བ་འགྱུར་མེད་ཐིག་ལེར་ལྡན། །ས་བདག་ཕོ་མོ་བུ་ཙ་དྲུག །ཚ་ཡུག་ལ་སོགས་སྤར་ཁ་བརྒྱད། །རུས་སྦལ་མགོ་དང་ཡན་ལག་རྣམས་ལ་གྲོལ། །འབྱུང་བ་ལྔ་པོར་དེ་བཞིན་འདུས། །ལྟ་བ་ཐམས་ཅད་ཡས་ཕུག་ཅིག །མ་རྟོགས་སེམས་ཅན་སྙིང་རེ་རྗེ། །གཉིས་སུ་ལྟ་བ་ཉོན་རེ་མོངས། །གཉིས་མེད་ཐམས་ཅད་གཅིག་ཏུ་འདུས། །ཐམས་ཅད་འདུས་པའི་སྟོན་པའི་སྐུ། །སྐུ་ལྔ་སངས་རྒྱས་རིགས་ལྔའི་གནས། །འགྲོ་བའི་དོན་དུ་སོ་སོར་བསྟན། །དུག་ལྔ་དག་པས་ཡེ་ཤེས་ལྔ། །རབ་ལྡན་ཐོབ་པས་ཐམས་ཅད་སྣང༌། །གསལ་སྣང་ཁྱབ་པས་གཉིས་ཞེས་བྱ། །འབྱུང་བའི་བཅུད་སྟོབས་རིན་ཆེན་ས། །ས་ལ་ལྔ་ཚན་ས་བདག་བུ། །རྒྱལ་རིགས་རྗེ་རིགས་བྲམ་ཟེའི་རིགས། །གདོལ་པའི་རིགས་ནི་ངན་སེམས་ཅན། །བསམ་པ་ངན་པས་འཚེ་བར་བྱེད། །དེ་བཞིན་ལྷ་ཡི་རྒྱལ་པོས་བཤད། །ལྷ་ཡི་བསོད་ནམས་ཐུགས་རྗེ་ཡིས། །འགྲོ་བའི་དོན་མཛད་སྡུག་བསྔལ་སེལ། །རབ་ཏུ་སེལ་བའི་སྐྱབས་ཆེན་པོ། །འགྲོ་བའི་ཉོན་མོངས་མཐའ་དག་ལ། གནོད་པ་རྣམ་པ་སྣ་ཚོགས་བྱེད། །ཉོན་མོངས་གདུག་པའི་ཆོ་འཕྲུལ་ཅན། །དུག་འཆང་དུག་གི་ང་རོ་ཅན། །འབྱུང་བ་རྣམ་ལྔའི་སྙིང་པོ་ཡིས། །དུག་སེལ་སྟོན་པས་སྐུ་སྤྲུལ་པ། །མ་ཧཱ་གསེར་སྦལ་སེར་པོ་ཡིས། །རྣམ་ཤེས་བརྒྱད་ལས་གྲོལ་བའི་བགེགས། །ས་ལ་དབང་སྒྱུར་ས་བདག་ཚོགས། །དེ་དག་གདུག་པ་བསལ་ཕྱིར་དུ། །ཀོང་རྩེ་ལྷ་ཡི་རྒྱལ་པོ་ཡིས། །ཀུན་ཤེས་ཀུན་གྲོལ་གསལ་བའི་དཀྱིལ་འཁོར་བཅས། །བདེན་པ་ལུང་གསལ་སྟོང་པའི་ཏིང་འཛིན་སྒོམ། །མན་ངག་ཐིག་ལེ་ཉག་གཅིག་གསལ་བའི་ལྷ་བསྐྱེད་དེ། །དག་པ་གསེར་གྱི་མདོ་ཐིག་འདི་སྟོན་པས། །ས་བདག་ཞེ་སྡང་གདུག་པ་ཅན་རྣམས་ཞི་བར་འགྱུར། །སྡུག་བསྔལ་བྱང་དང་སྒྲིབ་པ་དག་པར་ཤོག །སྙིང་པོ་སྔགས་ཆེན་འདི་དག་བརྗོད། །ཨ་བཱ་སརྦ་ར་ག་དྷུ་ཨ་མ་རག་ཤ་མ་ཧཱ་ཧཱུཾ། །ཧཱུཾ་ཧཱུཾ་དྷ་དྷ་དྷུ་ཀ་མ་ཡེ་དྷ་ཀེ་ཚ་ར་ཧཱུཾ་ཕཊ། དེ་སྐད་སྙིང་པོ་བརྗོད་པ་དེས། །ལྷ་ཡིས་མཐུ་འབྱིན་རྟག་ཏུ་རྒྱས། །བྱམས་པ་ཀུན་ལྡན་དགའ་བ་ཆེ། །བཏང་སྙོམས་ཀྱིས་ནི་ཕ་རོལ་ཕྱིན། །ཉན་པའི་ཡིད་ལ་སྤྲོ་བ་སྐྱེད། །དུད་འགྲོ་མཐའ་དག་བདེ་བ་ཐོབ། །ས་བདག་གདུག་པའི་སེམས་ཞི་སྟེ། །ཕྲག་དོག་གཏན་སྤངས་ཞི་བར་གྲོལ། ཉོན་མོངས་གདུག་པའི་སེམས་བོར་ཏེ། །བདེ་བ་ཆེན་པོའི་ངང་ལ་གནས། །རུས་སྦལ་ཆོ་འཕྲུལ་ས་བདག་བུ། དེ་ཡི་གདུག་པ་ལྟས་ངན་ཐན། །འབྱུང་བ་འཐབ་པའི་དགྲ་གཤེད་དང༌། །མི་མཐུན་འཁྲུགས་པའི་གཅོད་འདྲལ་ཞི། །རུས་སྦལ་ཐམས་ཅད་རྟེན་པའི་གནས། །གསེར་གྱི་ཁ་དོག་འབྱུང་བའི་བཅུད། །བཅུད་རྒྱས་བཅུད་འཕེལ་རུས་སྦལ་སྐུ། །སྟོན་པའི་ཐུགས་རྗེ་ཕུན་སུམ་ཚོགས། །རུས་སྦལ་སྙིང་པོ་མདོ་ཐིག་འདི། །གསེར་ཞིང་བཅང་ཞིང་བཀླག་པར་འོས། །སེམས་ཅན་ཐམས་ཅད་སྤྲོ་བ་སྐྱེས། །དགའ་བ་ལྡན་ཞིང་ཡིད་སེམས་མོས། །སྤྲུལ་པ་ལྡན་ཅིང་ལྷ་ཡིས་སྐྱོབ། །གདུག་པའི་སེམས་ཡིད་ཕྱིར་བོར་ཏེ། །དེ་དག་སྐྱོན་སྒྲིབ་དག་པར་འགྱུར། །ནུས་མཐུ་ཐམས་ཅད་དེ་ལས་བྱུང༌། །དེ་བཞིན་ལྡན་པས་བཀླགས་པར་འོས། །ཀོང་རྩེའི་རྒྱལ་པོས་འདི་བཀླགས་པས། །རང་ལུས་དབང་རྫོགས་དབང་དང་ལྡན། །ཀུན་གྱིས་ཁུར་ཞིང་ཡོངས་ཀྱིས་བསྟོད། །ཐམས་ཅད་ཡོངས་ལ་ཉམས་མི་ང༌། །རང་བཞིན་བསམ་པ་གསེར་བཞིན་ལ། །ཅི་བསམ་འགྲུབ་ལ་ཅི་དགོས་འབྱུང༌། །ཅི་སྨྲས་བདེན་ལ་ཅི་ལྟས་མཐོང༌། །སྣང་གསལ་མེ་ལོང་བཞིན་དུ་གསལ། །མཐོང་གི་བྱ་བ་ཐམས་ཅད་གཟིགས། །རུས་སྦལ་ལྷ་ཡི་དབང་ཆེན་ཐོབ། །ཀུན་ཏུ་དགོས་པ་ཐམས་ཅད་འབྱུང༌། །རུས་སྦལ་སྐུ་ལ་མཆོད་འཛིན་ན། །བདེ་གཤེགས་དངོས་གྲུབ་རང་བཞིན་ཐོབ། །སེམས་ཅན་ཀུན་ལ་ཕན་འདོགས་ནུས། །ཚེ་རིང་ཚེ་དང་ལྡན་པར་འགྱུར། །ནོར་མེད་ནོར་རྫས་འཕེལ་བར་ནུས། །དེས་ན་འདི་བཀླགས་ཡོན་ཏན་ཆེ། །དེ་ཚེ་ལྷ་ཡི་ཐུགས་རྗེ་དང༌། །ཕྱི་རབས་འགྲོ་བ་འདྲེན་ཕྱིར་དུ། །རྒྱ་མཚོ་འཁྱིལ་བའི་ཕོ་དྲང་དུ། །མ་ཧཱ་གསེར་སྦལ་སེར་པོར་སྤྲུལ། །སྤྲུལ་པའི་སྐུ་ལ་རི་མོ་བཀྲ། །མ་བྲིས་ཡེ་ནས་ཡོད་པའི་གཟུགས། །སྐུ་གདུང་མཆོད་རྟེན་པདྨ་བཀྲ། །ཐམས་ཅད་དེ་ལས་ལྡན་པའི་གནས། །སངས་རྒྱས་སྟོན་པའི་ཞབས་བཅགས་སོ། །འགྲོ་བ་ཡོངས་ལ་ཐུགས་རྗེ་ཆེ། །ཐུགས་རྗེའི་སྨན་པ་དེ་དང་ལྡན། །སྐུ་གསུང་ཐུགས་ཀྱི་ཡོན་ཏན་ལྡན། །ཡན་ལག་བརྒྱད་སྤྲུལ་སྤར་བ་བརྒྱད། །ལི་ཁོན་དྭ་ཁེན་ཁམ་དང་ནི། །གིན་ཟིན་ཟོན་དང་རྣམ་པ་བརྒྱད། ཕྱག་རྒྱ་བརྒྱད་དང་ཡང་དག་ལྡན། །རང་བཞིན་ལྷུན་གྲུབ་ལྷུན་གྱིས་གནས། །བརྒྱད་ལྡན་ཤེས་རབ་ཡེ་ཤེས་མེ་བོ་ཆེ། །དུག་ལྔ་སྲེག་བྱེད་འཇོམས་པར་བྱེད། །ལི་ནི་རུས་སྦལ་མགོ་ལས་ཆད། །སྟོང་ཉིད་སྟོང་པའི་ངང་ལས་འཕྲོ། །ཕ་རོལ་ཕྱིན་པའི་ས་བཅུ་རྫོགས། །ས་ཅིག་རབ་ཏུ་དགའ་བའི་ས། །བཅུ་བཞི་བར་དུ་རབ་ཏུ་ལྡན། །སྲིད་པ་གསུམ་ལ་ལམ་གྱིས་བགྲོད། ལྕགས་བཞིན་གྱོང་རྩུབ་མཐར་བྱེད་དེ། བྱམས་པའི་ངང་དང་བདེན་པའི་ཚིག །གང་བལྟས་འབྲེལ་བའི་དམ་ཚིག་གིས། །ལྟ་སྒོམ་གཅིག་ཏུ་གནས་པའི་མི། །ཐར་ལམ་བདེ་བ་འབྱེད་པའི་ལུང༌། །དེ་ལ་བདེ་བས་ལུང་བསྟན་བཞག །ནམ་མཁའི་འཁོར་ལོ་སེམས་ཀྱི་མཛོད། །ཐམས་ཅད་སེམས་ཀྱིས་འབྱེད་པའི་ཕྱིར། །དུག་ལྔ་ཉོན་མོངས་སྡུག་བསྔལ་ཅན། །མཁྱེན་པ་ཅན་ནི་ཁེན་ལ་གནས། །ཀུན་གཞི་བདེ་ལྡན་དྲི་མེད་ཆུ། །ཁམས་བརྒྱད་ལྡན་པ་ལམ་གྱི་ངང༌། །རིགས་གསུམ་མགོན་པོ་སངས་རྒྱས་ཞིང༌། །རིག་བྱེད་ལྡན་ལ་སྤྲུལ་པའི་སྐུ། །མི་བླ་བསླུ་མེད་བདེ་བའི་ས། །བདེ་བ་ཅན་གྱི་ཞིང་མཆོག་ན། །པདྨ་རབ་ལྡན་བྱང་ཆུབ་ཞིང༌། །འཛིན་ཆགས་མེད་པ་འབྱུང་བའི་རྩིས། །འབྱུང་བའི་སྙིང་པོ་རླུང་ལ་ཐུག །རླུང་གིས་ཐམས་ཅད་སྐྱེད་པར་པར་བྱེད། །དགྲ་མེད་དུག་འདུལ་ཟོན་ལ་གནས། །ཐམས་ཅད་གནས་སུ་སྟོན་པ་ཡིན། །འོག་ནས་གོང་དུ་སྤར་བས་སྤར། ནམ་མཁའ་མཁའ་ལྟར་ཁྱབ་པས་མཁའ། །རྣམ་ཤེས་བརྒྱད་རྫོགས་ཕྱིར་ན་བརྒྱད། །སྤར་ཁ་བརྒྱད་པོ་ལྷ་ཡི་ལུང༌། །སྣང་སྲིད་ཀུན་ལ་ཁྱབ་པར་གྲོལ། །འབྱུང་བ་བདུན་ལྡན་ཁྱབ་པ་ཆེ། །ལེགས་པའི་ཡོན་ཏན་ཚང་བས་ལྷ། །ཉེས་པའི་སྐྱོན་དང་ལྡན་པས་བདུད། །ལྷ་བདུད་གཉིས་པོ་དེ་ལྟར་གནས། །ཁྱེན་ལ་གནམ་ཡང་ལྡན་རྨོངས་པ། །ཐབས་ཀྱི་མཆོག་དང་ཡང་དག་ལྡན། །ཁོན་མ་ས་ཡང་ཤེས་རབ་ལུང༌། །བུ་ཚ་དྲུག་ནི་ཕ་རོལ་ཕྱིན་དང་ལྡན། །སེམས་ཅན་ཉོན་མོངས་སྐྱོབ་པའི་ཕྱིར། །སྡུག་བསྔལ་ཕྲག་དོག་ངན་སེམས་དང༌། །གནོད་སེམས་ཐན་ངན་ཟང་ཟིང་དང༌། །ཁེན་གྱི་ཁྲན་གཟེར་གནམ་དལ་དང༌། །ཁམ་གྱི་ཁ་མཆུ་སྨྲ་ལག་བྱུར། །གིན་གྱི་ལྟས་ངན་ཐེའུ་རང་ཐན། །ཟིན་གྱི་གློ་བུར་ནད་དྲག་དང༌། །ཟོན་གྱི་སྨྱོ་ནད་འབོག་ནད་དང༌། །ལི་ཡི་ཚད་ནད་མེ་ཡི་དགྲ། །ཁོན་གྱི་ས་གཡོས་སྡིག་སྒྲིབ་དང༌། །དྭ་ཡི་གཟེར་ནད་གྲི་འཁྲུག་བཙན། །དེ་དག་ཞི་བར་མཛད་སླད་དུ། །ཀོང་རྩེ་ལྷ་ཡི་རྒྱལ་པོ་ཡིས། །བདེ་ལྡན་འོད་གསལ་དག་པའི་དཀྱིལ་འཁོར་བཅས། །འཁྲུལ་མེད་བསམ་གཏན་ཏིང་འཛིན་སྒོམས། །ཡི་དམ་འབྱུང་བའི་ལྷ་ལྔ་བསྐྱེད། །དག་པ་གསེར་གྱི་མདོ་ཐིག་འདི་བཀླགས་པས། །མི་མཐུན་འབྱུང་བའི་གཅོད་འདྲལ་དང༌། །སྤར་ཁ་བརྒྱད་ཀྱི་ཐུག་འདོམ་དང༌། །ས་བདག་གདུག་པའི་སྡུག་བསྔལ་ཞི། །སྙིང་པོ་འདི་ནི་བརྗོད་པར་བྱ། །ཨོཾ་ཨ་ག་ནི་དྷ་ཤ་མ་ལེ་ཧཱུཾ། ས་ལེ་ས་མ་ཡ་གྲ་ཏ་ཡ་ནེ་ཕཊ། ག་ཏ་གུ་ཡེ་ཏ་མ་ཡེ་སྭཱ་ཧཱ། །དེ་སྐད་སྙིང་པོ་བརྗོད་པ་དེས། །སྡུག་བསྔལ་ཐམས་ཅད་རབ་ཏུ་ཞི། །ཉོན་མོངས་འབྱུང་བ་འཁྲུགས་པའི་སྐྱོན་དག་དང༌། །གཅོད་འདྲལ་བདུན་གཅོད་ཉེས་པ་དང༌། །སྤར་ཁ་འགྲམ་སྙིང་དོད་པ་དང༌། །འཇུག་ཐག་ཆད་དང་རྟེན་ཕུར་ཕྱུང༌། །རུས་བཞི་སྤུངས་པའི་ཚིག་པ་དང༌། །སྤར་བཞི་ཨ་ཐང་ཆད་པ་དང༌། །འདྲེ་ལྔ་ཚང་ནང་སྡོད་པ་དང༌། །ནག་མོ་ལྕགས་ཁར་ཐུག་པ་དང༌། །སྐྱ་མདའ་བདུད་མདའ་ཐུག་པ་དང༌། །ས་བདག་སྤྱང་ཁུ་ངུ་བ་དང༌། །གཤིན་གྱི་ཕོ་རོག་རྒྱུག་པ་དང༌། །དུར་སྒོ་འབྱེད་དང་གཤེད་སྒོ་རལ། །དགྲ་ཐོག་གྱོད་བྱུར་ཆུད་པ་དང༌། །ས་གཞི་འགུལ་དང་ས་གཞི་འཕར། །ས་བདག་གདུག་པའི་སྙིང་འཁྲུགས་རྣམས། །རབ་ཏུ་བྱང་ཞིང་ཞི་བར་འགྱུར། །ཞི་བའི་ངང་དང་ལྡན་པར་འགྱུར། །བདེ་བའི་ལོངས་སྤྱོད་ཐོབ་པར་ཤོག །བཀྲ་ཤིས་དངོས་གྲུབ་ཐོབ་པར་ཤོག །བདེ་ཐོབ་དཔལ་དང་ལྡན་པར་ཤོག །སྔགས་བརྗོད་གདུག་པ་འདུལ་བར་ཤོག །འཁོར་བ་མྱ་ངན་འདའ་བར་ཤོག །སྤར་ཁའི་སྙིང་པོ་མདོ་ཐིག་འདི། །ལས་འཕྲོ་ཅན་དང་ཕྲད་པར་ཤོག །སྡུག་བསྔལ་ཐམས་ཅད་བྱང་བར་ཤོག །འགྲོ་བ་བསོད་ནམས་འཕེལ་བར་ཤོག །བཀྲ་ཤིས་དཔལ་དང་ལྡན་པར་ཤོག །ཚེ་རབས་སྔ་མའི་སྡིག་སྒྲིབ་དང༌། །ད་ལྟའི་སྐེག་ཆེན་ཉམ་ང་དང༌། །རྒྱ་འདྲེ་མཚན་མ་ངན་པ་དང༌། །དེ་དག་ཐམས་ཅད་ཞི་བར་ཤོག །དེ་བཞིན་ལྡན་པས་བཀླག་པར་འོས། །ཀོང་རྩེའི་རྒྱལ་པོས་འདི་བཀླགས་པས། །དཔལ་དང་ལྡན་པའི་བསོད་ནམས་རྒྱས། །ལོངས་སྤྱོད་ཚེ་རིང་དབང་ཐང་འཕེལ་བར་ཤོག །བར་ཆད་གེགས་ཀྱིས་མི་ཚུགས་ཤོག །ས་བདག་ས་སྲིན་ས་ཡི་ཀླུ། །བྱམས་པ་སྟོན་ཅིང་དགའ་བ་བསྐྱེད། །དེས་ན་འདི་བཀླགས་ཡོན་ཏན་ཆེ། །དེ་ཚེ་རུས་སྦལ་ཡན་ལག་གིས། །པདྨའི་གདན་ལས་གྲོལ་བའོ། །སྤར་ཁ་བརྒྱད་ནི་ཕོ་བྲང་ནས། །ཕོ་བྲང་གླིང་དགུ་འབྱུང་བའི་གཏེར། །འབྱུང་བ་ཆེན་པོ་ཕོ་བྲང་གནས། །སྟོན་པ་ལྷ་ཡི་ཐུགས་རྗེ་ལས། །ལྷ་ཡི་གནས་སུ་གྲོལ་བའི་རྒྱུ། །རྒྱུ་ལྔ་རྐྱེན་དང་དེ་རུ་ལྡན། །སེམས་ཀྱི་ངོ་བོ་དེ་ཡི་ངང༌། །ཐིག་ལེ་ཉག་ཅིག་གཅིག་དཀར་སེམས། །ཐབས་དང་ཤེས་རབ་འབྲེལ་བ་གཉིས། །འབྱུང་བ་ཆུ་ཡི་བག་ཕོག་ནག །སྐུ་གསུང་ཐུགས་དང་ལྡན་པས་མཐོན༌། །རིག་པ་བཞི་དང་ལྡན་པས་ནི། །ཤིང་གི་བག་དང་ལྡན་པས་ལྗང༌། ཡེ་ཤེས་ལྔ་ལྡན་རྫོགས་པས་སེར། །ཕ་རོལ་ཕྱིན་དྲུག་སྒྲིབ་མེད་དཀར། །འབྱུང་བ་བདུད་ལྡན་ཐེག་པས་དམར། །རྣམ་ཤེས་བརྒྱད་ལྡན་བག་ཆགས་མེད་པས་དཀར། །ཐེག་པ་རིམ་དགུ་ཕྱིན་པས་དམར། །ཐེག་པ་བགྲོད་པའི་སྟོབས་པོ་ཆེ། །དགུ་ལྡན་ངེས་པར་ཡེ་སངས་རྒྱས། བྱམས་པའི་ཐིག་ལེ་འགྱུར་བ་མེད། །ཐེག་པ་རིམ་དགུ་ལྟ་བའི་ཀློང༌། །གང་ལ་གོམས་པ་དེ་བཞིན་འདུས། །སྣ་ཚོགས་ཏིང་འཛིན་སྒོམ་པའི་ལམ། །སྒོམ་ལམ་རྙེད་པས་ཐར་ལམ་ཐོག །ཐར་ལམ་ཐོབ་པས་རྫོགས་སངས་རྒྱས། །ཐ་སྙད་མེད་པའི་ས་བཅུ་གནོན། །དེ་ལས་ཐར་པའི་སེམས་ཅན་ཀུན། །ཕྱིར་མི་ལྡོག་པའི་ས་ལ་གནས། །འབྱུང་བས་བསྐྱེད་པའི་རྒྱུ་འབྲས་ནི། །ཇི་བཞིན་སེམས་ལ་བསྐོར་ཞིང་ལྟ། །འཁྲུལ་མེད་སེམས་ཀྱི་ཡོན་ཏན་ལྟ། །ཡོན་ཏན་ལྡན་པས་དགེ་བའི་མཆོག །ལྟ་བ་དེ་དང་ལྡན་པས་ན། །འཇིག་རྟེན་ཐ་སྙད་ཡིད་མི་འགྱུར། །རུས་སྦལ་ཡན་ལག་ཕོ་བྲང་གི །ཡོན་ཏན་དེ་རྣམས་ཀུན་གྱིས་རྟོགས། །སེམས་ཅན་ཉོན་མོངས་མ་རིག་པས། །ལས་ངན་སྤྱད་པས་ཞེ་སྡང་ཅན། །བློ་ངན་གཏི་མུག་འཁྲུལ་པའི་གཞི། །རྣམ་རྟོག་དྲ་བས་བཅིངས་པའི་དུག །རྣམ་རྟོག་གྱུར་ཅིང་ནོར་བ་ན། །གནོད་དང་འགལ་བས་སྡུག་བསྔལ་འབེབས། །ཐམས་ཅད་འདྲེར་ལངས་སྦྱང་བའི་ཕྱིར། །ཀོང་རྩེ་ལྷ་ཡི་རྒྱལ་པོ་ཡིས། །འབྱུང་བ་ལྔ་ལྡན་དཀྱིལ་འཁོར་བཞེངས། །གདོན་དང་གེགས་ཞི་འབྱུང་པོ་འདུལ། །ལྷ་མིན་དྲི་ཟ་ལྟོ་འཕྱེ་དང༌། །ནམ་མཁའ་ལྡིང་དང་གྲུལ་བུམ་དང༌། །སྲིན་པོ་བདུད་ཀྱིས་མི་ཚུགས་སོ། །རོག་དན་བྱེད་ཅིང་མགོན་སྐྱབས་མཛད། །ཚེ་རིང་ནད་མེད་ལུས་པོ་བསྲུང༌། །དཔལ་མེད་དཔལ་དང་ལྡན་པར་བྱེད། །སྲེད་མེད་བུ་ཚའི་དབང་ཐང་སྤེལ། །དེས་ན་འདི་བཀླགས་ཡོན་ཏན་ཆེ། །དེ་ཚེ་འབྱུང་བ་ལྔ་ཡི་མདོག །དཀར་སེར་སྔོ་ནག་དམར་བ་ཡིས། ཚངས་པ་ལྷ་ཆེན་དེ་ཡི་འཁོར། །སངས་རྒྱས་སྟོན་པའི་ཐུགས་རྗེའི་ངང༌། །འགྲོ་བ་མཐའ་དག་ཀུན་གྱི་རྟེན། །ལོ་སྐོར་ཟླ་སྐོར་བཅུ་གཉིས་ཆགས། །དང་པོ་ཆགས་པ་རླུང་གིས་བསྐྱེད། །འབྱུང་བ་ལྔ་པོ་རང་བཞིན་གནས། །ཐབས་ཀྱིས་བསྐྱེད་པས་འགྲོ་བའི་མགོན། །འགྲོ་བ་ཡོངས་ལ་དེ་བཞིན་གནས། །ལུས་ཅན་ལུས་ཏེ་ལུས་ཀྱི་མཆོག །ལོ་སྐོར་བཅུ་གཉིས་ལུས་དང་ལྡན། །སྟོན་པ་ལྷ་ཡིས་སྐུ་བཞེངས་པ། །ལོ་ཡི་མཛད་ཐབས་གཏན་ལ་ཕབ། །གཏན་ཚིགས་ངེས་ཚིག་ལུང་གིས་བཤད། །ཟླ་བ་བཅུ་གཉིས་དེ་ལ་འཁོར། །འཁོར་འདས་རྒྱས་པ་ལྷ་ཡི་སྐུ། ། ལོངསསྤྱོདརྫོགས next hit་དེ་བཞིན་སྐུ། །དུག་ལྔའི་དགྲ་འདུལ་གནོད་པ་ཞི། །སྐུ་ལས་གཟུགས་བསྐྱེད་རབ་ཏུ་སྟོན། །ཏིང་འཛིན་དགོངས་པ་ལྷ་ཡི་ལུས། །གཡོ་བ་མེད་པའི་ལྟ་བ་རྟོགས། །ཉོན་མོངས་བྱིང་བ་བྱི་བ་ཡིན། །ཐབས་དང་ཤེས་རབ་གླང་བས་གླང༌། །རི་མོ་ཕྲ་བས་སྟག་ཏུ་བྱུང༌། །དེ་ལྟར་ཡོད་པས་ཡོས་ཞེས་བྱ། །རྒྱུད་ལུང་མན་ངག་ཆུ་ལྟར་འབྲུག །བསམ་གཏན་བཞི་པོ་ཀུན་ཏུ་སྦྲུལ། །རྟ་ཡི་ལོངས་སྤྱོད་སྣ་ཚོགས་མཛེས། །ཐམས་ཅད་མན་ངག་ལུག་པས་ལུག །ཡི་དམ་ལྷ་ལ་ཕྲེང་བས་སྤྲེའུ། བྱ་དོན་ཐམས་ཅད་འགྲུབ་པས་བྱ། །ཡངས་པའི་དབྱིངས་ཉིད་འཁྱལ་བས་ཁྱི། །ངོ་མཚར་ཀུན་ལས་འཕགས་ཏེ་ཕག །ཐམས་ཅད་འདུས་ཏེ་སངས་རྒྱས་བཀའ། །སྟོན་པས་ལུང་བསྟན་ཀུན་གྱི་ནོར། །དཔེ་ཟླ་ངོ་མཚར་ཆེ་བས་ལྷ། །བཅུ་གཉིས་རང་བཞིན་རྒྱུད་ལས་འཕེལ། །ཟླ་བ་བཅུ་གཉིས་ཞག་ཟ་མ། །དུས་ཚོད་ལ་སོགས་དེ་ལ་བསྐོར། །རིག་ཅིང་རྟོགས་ན་ཐམས་ཅད་འབྱུང༌། །མ་རིག་མི་རྟོགས་གོ་བ་མེད། །ཅི་ཡང་མེད་པ་བྱ་ཡི་ལམ། །སྐམ་ལ་ཕྱུང་བའི་ཉ་བཞིན་དུ། དེ་ཕྱིར་དེ་ཡིས་ས་མེ་ཆོད། །ཐ་མ་བརླག་སྟེ་འབྲས་བུ་འཚིག །དེ་ལ་སོམས་ལ་སེམས་ཅན་གྱི། །སྟོན་པའི་བཀའ་ཉན་ལུང་ཁྲོལ་ནས། །ལས་ངན་ཐམས་ཅད་རང་སར་གྲོལ། །སངས་རྒྱས་བྱ་བ་དེ་ལ་ཟེར། །འབྲས་བུ་མིང་སྟོར་ཆུད་མི་གསོན། །སེམས་ཅན་ཉོན་མོངས་མཐའ་དག་གི །ལས་ངན་སྒྲིབ་པའི་མུན་པ་བྱང༌། །ལས་ངན་འཁོར་བའི་གདུག་པ་རྣམས། །ཀུན་གྱིས་མ་རྟོགས་གནོད་པའི་གེགས། །ལས་ངན་གདུག་པའི་གེགས་དང་འབྲེལ། །དེ་ཡིས་བཅིངས་ཏེ་ལྟས་ངན་ཐན། །ལོ་སྐོར་བཅུ་གཉིས་ཟླ་བའི་གཤེད། མི་མཐུན་གཅོད་ལ་རླུང་ལོག་ཅིག །ལོ་སྐེག་ཟླ་སྐེག་ཞག་སྐེག་དང༌། །ཟ་སྐེག་ལ་སོགས་འབྱུང་བའི་བདུད། །གཅིག་བདུད་གཅིག་ལ་གནོད་པའི་བྱུར། །དེ་དག་ཐམས་ཅད་ཞི་བར་མཛོད། ཀོང་རྩེ་ལྷ་ཡི་རྒྱལ་པོ་ཡིས། །སྣ་ཚོགས་དག་གསལ་མཛེས་པའི་དཀྱིལ་འཁོར་བཅས། །ཡེ་ཤེས་ལྔ་ལྡན་ཏིང་འཛིན་བསྒོམས། །ཀུན་གསལ་ཀུན་གྲོལ་ལྷ་ཚོགས་སྤྱན་དྲངས་ནས། །དག་པ་གསེར་གྱི་མདོ་ཐིག་འདི་བཏོན་པས། །ལོ་སྐོར་བཅུ་གཉིས་བར་ཆད་འཁྲུལ་པའི་བདུད། །ལོ་སྐེག་ཟླ་སྐེག་ཡོད་པའི་གཤེད། །ལོ་གནས་ངན་དང་ལོ་ཁྱིམ་ཞིག །ཚེ་ཕུར་ཕྱུང་དང་མཇུག་ཐག་ཆད། །བརྟན་ཕུར་ཆག་གམ་རྒྱ་མ་ཞིག །རླུང་ལོག་པ་དང་དར་གུང་གཡོས། ན་ཤི་གུད་པ་དུར་ཞུགས་བུ། མདུན་ཁུར་ཁ་ཡན་སེ་ཞིག་བདུད། །གཟའ་བཞི་སུམ་འདོམ་ལྟས་ངན་ཐན། །དེ་དག་ཞི་བར་མཛད་སླད་དུ། །སྙིང་པོ་སྔགས་ཆེན་འདི་བརྗོད་དོ། །ཨོཾ་ཨ་ས་ཧཱུཾ་གེ་རི་ཏེ་ཕཊ། དྷ་ཧ་ན་མ་ས་ར་མ་ཏྲེ་དྷ་ན་ཧཱུཾ་ཧཱུཾ་ཧཱུཾ་ཞི་ཞི་མ་ལ་མ་ལ་འབུར་མ་ཀེ་ཤེ་མ་ཧཱ་ཧ་ན་ཧཱུཾ་ཧཱུཾ་སྭཱ་ཧཱ། །དེ་སྐད་སྙིང་པོ་བརྗོད་པ་དེས། །ཡོན་ཏན་ལྡན་ཞིང་བྱིན་རླབས་འཕེལ། །དགའ་བ་གྲུབ་ཅིང་མོས་པར་འགྱུར། །ཐམས་ཅད་གདུག་པའི་སྐེག་ལས་གྲོལ། །འཕྲེང་ཅན་འབྱུང་བའི་དགྲ་གཤེད་ཞི། །འབྱུང་བའི་གཅོད་འདྲལ་བདུད་ལས་ཐར། །ལོ་ཟླ་ཞག་དང་ཟ་མ་དང༌། །དུས་ཚོད་ཀུན་གྱི་འདྲེ་སྲིན་འདུལ། །དག་པ་གསེར་གྱི་མདོ་ཐིག་འདི་བཀླགས་པས། །ཕྱོགས་བཞིའི་ལྷ་འདྲེ་གདུག་པ་དང༌། །གཏུམ་དང་རྔམ་དང་ཁྲོ་དང་ཚིག །མི་མ་ཡིན་གྱི་ཆོ་འཕྲུལ་རྣམས། །དེ་བཞིན་བྱང་ཞིང་མེད་པར་འགྱུར། །དགའ་མགུ་སྙིང་རྗེ་བྱམས་པར་ལྡན། །འགྲོ་བ་ཡོངས་ལ་ཕན་འདོགས་ནུས། །ཀུན་ཏུ་འགྲོལ་བ་འབྱུང་བའི་ལྷ། །བདུད་གཤེད་གཅོད་པ་རབ་ཏུ་ཞི། །ཉོན་མོངས་རབ་སེམས་འགྲོ་བའི་མགོན། །མགོན་སྐྱབས་མཛད་པ་འབྱུང་བའི་ལྷ། །འབྱུང་བའི་ལྷ་ཆེན་ཀུན་གྱིས་སྐྱོབ། །ལོ་སྐོར་ཟླ་བའི་སྙིང་པོ་མདོ་ཐིག་འདི། །བཅངས་ཤིང་བཀླགས་ཏེ་སྔགས་བརྗོད་ན། །གེགས་ཀྱི་བར་ཆད་ཉམས་མི་སོད། །ཇི་ལྟར་བཀླགས་པས་ཡོན་ཏན་འབྱུང༌། །རྟོག་པ་ཆོམས་ཤིང་དགྲ་གཤེད་ཐུལ། །རབ་ཏུ་དགའ་བའི་ལྷ་དང་འགྲོགས། །ཐམས་ཅད་ཉོན་མོངས་དག་པར་ནུས། །དེ་དག་ཐམས་ཅད་དག་པའི་ཕྱིར། །ནུས་མཐུ་ཅི་བསམས་དེ་ལས་འབྱུང༌། །དེ་ལྟར་ལྡན་པས་བཀླག་པར་འོས། །ཀོང་རྩེ་འཕྲུལ་གྱི་རྒྱལ་པོ་ཡིས། །ཡི་དམ་རྟག་ཏུ་འདི་བཀླགས་པས། །གཉེན་སྦྱོར་རྩི་བའི་གབ་རྩེ་ཕྲུག །ཐམས་ཅད་བརྩིས་ཤིང་བཀླགས་པའི་ཚེ། །རང་ལ་མི་གནོད་བཀྲ་ཤིས་ཐོབ། །བཀྲ་ཤིས་ཐོབ་ཅིང་བཀྲ་ཤིས་འཕེལ། །ཚེ་སྲོག་འབྱུང་བའི་ལྷ་ལྔས་སྐྱོབ། །འབྱུང་བས་མགོན་དང་གྲོགས་དན་བྱེད། །སེམས་ཅན་རྨོངས་ལ་ཕན་པར་བྱེད། །དེས་ན་འདི་བཀླགས་ཡོན་ཏན་ཆེ། །གཟའ་རྒོད་ཉི་མ་གསེར་གྱི་མདོག །གསེར་གྱི་མདོག་ཅན་དྲག་ཤུལ་ཅན། །གསེར་མདོག་ཆེན་པོའི་གཟུགས་ཅན་དང༌། །ཟླ་བ་ཆེན་པོ་དུང་གི་མདོག །དུང་ལྟར་དཀར་བའི་ཆ་བྱད་ཅན། །གཟའ་ཆེན་དམག་དཔོན་ཀུན་འདུལ་དཔོན། །དམག་དཔོན་ཁྲོ་གཏུམ་ཞེ་སྡང་ཅན། །གཟའ་ལག་ཆེན་པོ་ལས་རྣམས་བྱེད། །ཐམས་ཅད་མཁྱེན་པའི་ཤེས་རབ་ཅན། །ཚེ་དང་སྲོག་དང་དབང་ཐང་ཀུ། །ཉོན་མོངས་གནོད་མཛད་ཐམས་ཅད་འདུལ། །པ་སངས་ལྕགས་ཀྱི་ཡང་ཐོག་ཅན། །ཡང་ཐོག་ཅན་གྱིས་དུག་ལྔ་འདུལ། །དུག་འདུལ་དུག་གི་མེ་ཏོག་ཅན། །རྣམ་པ་སྣ་ཚོགས་རྫུ་འཕྲུལ་འགྱེད། ཕུར་བུ་གསེར་གྱི་ཡི་གེ་ཅན། །སྣ་ཚོགས་སྨྲ་བའི་ཚིག་ཡོད་པས། །ཐམས་ཅད་དེ་ཡིས་སྨྲ་བར་བྱེད། །སྤེན་པ་གཟའ་ཆེན་ས་བདག་བུ། །ས་བདག་ས་ལ་གནས་པ་དང༌། །གཉེན་པོ་བར་སྣང་འཛིན་པས་བསྐོར། །འཁོར་ནི་དྲག་པོ་བཙན་དང་བཅས། །སེམས་ཅན་ཀུན་ལ་གནོད་པ་མཛད། །གནོད་པ་ཀུན་དོན་ཉོན་མོངས་གཤེད། །གཟའ་བདུད་ཆེན་པོ་རཱ་ཧུ་ལ། །སྒྲ་གཅན་འཛིན་དང་ལྗང་སྐྱའི་མདོག །མཇུག་རིངས་ལྟོ་འཕྱེ་ཆེན་པོའི་འགྲོས། །དུ་བ་མཇུག་རིངས་ལྟས་ངན་མགོ །མགོ་དགུ་བརྩེགས་པའི་གདུག་པ་ཅན། །ཐག་སེར་འབེབས་པའི་ང་རྒྱལ་ཅན། །སྐྱ་སྐག་མུན་ནག་ཆར་སྤྲིན་མདོག །རླུང་དང་བུ་ཡུག་འབྲུག་སྒྲ་སྒྲོག །ཚངས་པ་ཆེན་པོ་ལྷ་ཡིས་བསྐོར། །རྒྱུ་སྐར་ལྷ་མོ་ཉི་ཤུ་བརྒྱད། །སྨིན་དྲུག་ལྷ་མོ་གསེར་ཐིག་ཅན། །གསེར་དང་གཡུ་ཡི་པདྨ་བཀོད། །སྣར་མ་ཐོག་གི་སྤུ་གྲི་འཛིན། །མགོ་ཡི་ལྷ་མོ་དུང་ཕྲེང་འདྲེན། །ལག་དང་ནམ་སོ་རྒྱལ་དང་སྐག །གསེར་གྱི་གདན་བཞུགས་སྤོས་མེ་ཐོགས། །མེ་ཏོག་སྣ་ལྔའི་འོད་དང་ལྡན། །རྒྱ་མཚོ་ཆུ་ཡི་འཁོར་དམིགས་བསྲུང༌། །རི་རབ་ཤར་ལ་དབང་སྒྱུར་བ། །དབང་ཆེན་དབང་ལྡན་རྫུ་འཕྲུལ་ཅན། །མ་བདུད་རྒྱལ་མོའི་བ་གནོན་མཛད། །ཐམས་ཅད་མ་ལུས་འཁོར་དང་ལྡན། །འཁོར་དང་ལྡན་པའི་རྒྱུ་སྐར་བདུན། །ཉོན་མོངས་སྒྲིབ་པ་སྦྱང་བ་དང༌། །གདུག་པ་ཐམས་ཅད་འདུལ་བ་དང༌། །ལྟས་ངན་ཐམས་ཅད་བཟློག་པ་དང༌། །ཟང་ཟིང་ཞི་བར་མཛད་སླད་དུ། །སྙིང་པོ་མདོ་ཐིག་འདི་གསུངས་སོ། །ཨོཾ་དྷ་ལ་མ་དྷུ་སི་ཡེ་པདྨེ་ཧཱུཾ། །འདི་བཏོན་པ་ཡི་བྱིན་རླབས་ཀྱིས། །ཚེ་དང་ལོངས་སྤྱོད་རྒྱས་པར་འགྱུར། །བཀྲག་དང་ལུས་བྱད་བཟང་བར་འགྱུར། །ཁ་དོག་ལེགས་ཤིང་ལུས་བོང་ལྡན། །བཏོན་ན་གེགས་རྣམས་ཞི་བར་འགྱུར། །ལྷོ་ཕྱོགས་འོད་མཐའ་མྱུལ་པ་ཡིས། །རྟ་ཆེན་ལྷ་མོ་འོད་འབར་མ། །འབར་མ་མེ་ཡི་གོས་གྱོན་མ། །མེ་ལ་དབང་སྒྱུར་མེ་ཡི་མདོག །རྟ་ཆུང་ཁྲོ་བྱེད་ཐག་མདའ་འབེབས། །ཐོག་མཚོ་ཁོལ་མའི་རྟ་ལ་ཞོན། །དབོ་དང་མེ་བཞི་ནག་པ་དང༌། །ས་རི་ས་ག་ལ་སོགས་པ། །སྣ་ཚོགས་གཡུ་ཡི་གདན་ལ་བཞུགས། །མཛེས་པའི་མེ་ཏོག་ཕྲེང་བ་ཐོགས། །ཀུན་གསལ་མར་མེའི་འོད་དང་ལྡན། །སྡུག་བསྔལ་སེལ་དང་སྡུག་བསྔལ་འཇོམས། །གཏི་མུག་སེལ་བའི་སྟོབས་པོ་ཆེ། །རི་རབ་ལྷོ་ལ་དབང་བསྒྱུར་བའི། །དྲག་བྱེད་ཀུན་འདུལ་གཤིན་རྗེའི་འཁོར། །ཐམས་ཅད་མ་ལུས་འཁོར་དང་ལྡན། །འཁོར་དང་ལྡན་པའི་རྒྱུ་སྐར་བདུན། །ཉོན་མོངས་སྒྲིབ་པ་སྦྱང་བ་དང༌། །གདུག་པ་ཐམས་ཅད་འདུལ་བ་དང༌། །ཟང་ཟིང་ཞི་བར་མཛད་སླད་དུ། །སྙིང་པོ་སྔགས་ཆེན་འདི་གསུངས་པ། །ཨོཾ་དྷ་ལ་མ་དྷ་སི་ཡེ་པདྨེ་ཧཱུཾ། །ནུབ་ཕྱོགས་འོད་མཐའ་མྱུལ་བ་ཡིས། །ལྷ་མཚམས་སེར་མོ་གསེར་གྱི་ཕྱགས་ཤིང་ཅན། །རིན་ཆེན་བརྩེགས་པའི་ན་བཟའ་སྐུ་ལ་གསོལ། །ཀུན་གྱི་ཚེ་སྤེལ་ཚེ་ཡི་བདག །ནུབ་ཀྱི་ལྷ་མོ་དཔལ་བེའུ་མཛེས་པའི་སྐུ། །སྐུ་ལ་འོད་འབར་ཐམས་ཅད་གསལ། །གྲུ་སོག་ལྷ་མོ་སེང་གེ་ཁྲོས་པའི་མདངས། །ཐམས་ཅད་ཟིལ་གྱིས་གནོན་པའི་རྫུ་འཕྲུལ་ཅན། །མཐུ་དང་རྩལ་འབྱིན་ང་རོས་རྒྱལ་ཁམས་གཡོ། །ཆུ་སྟོད་ཆུ་སྨད་གྲོ་བཞིན་བྱི་བཞིན་སྲིད་པ་ལྷ་ཡི་ཚོགས། །སྣ་ཚོགས་མཆོད་པ་འོད་འཕྲོའི་གདན་ལ་བཞུགས། །འཇའ་ཚོན་ལྟ་བུ་མཛེས་པའི་གུར་ཁྱིམ་འཛིན། །འཁོར་ལོ་སྣ་ཚོགས་འཁོར་བའི་ལྷ་བས་མགྱོགས། །ལྷ་དང་ལྷ་མིན་མངའ་མཛད་ཁམས་གསུམ་བསྐོར། བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་ནས། །འགྲོ་བའི་དོན་མཛད་བར་ཆད་སེལ། །སྐུ་མདོག་སྣ་ཚོགས་པདྨར་བཀྲ། །པདྨའི་སྐུལ་ཡེ་ཤེས་རྫོགས། ཕྱག་ན་གསལ་བའི་མདའ་རྒོད་འཕེན། །དུག་ལྔ་ཉོན་མོངས་གཏན་ནས་ལེན། །རི་རབ་ནུབ་ལ་མངའ་མཛད་པའི། །ནག་པོ་བདུད་ཀྱི་ཁ་གནོན་མཛད། །བདུད་ཀྱི་ཞེ་སྡང་ཐབས་ཀྱིས་འདུལ། །ཐམས་ཅད་མ་ལུས་འཁོར་དང་གཡོག །ནུབ་ཕྱོགས་ལྕགས་ཀྱི་སྐར་མ་བདུན། །ཉོན་མོངས་སྒྲིབ་པ་བྱང་བ་དང༌། །གདུག་པ་ཐམས་ཅད་འདུལ་བ་དང༌། །ཟང་ཟིང་ཞི་བར་མཛད་སླད་དུ། །སྙིང་པོ་མདོ་ཐིག་འདི་གསུངས་སོ། །ཨོཾ་དྷ་ལ་མ་དྷུ་སི་ཡེ་པདྨེ་ཧཱུཾ། བྱང་ཕྱོགས་འོད་མཐའ་མྱུལ་བ་ཡི། །མོན་དྲེའི་ལྷ་མོ་སྟག་ཆས་ཅན། རྔམ་གཏུམ་གདུག་པའི་རྟ་ལ་ཞོན། །རིན་ཆེན་དྲ་བ་ཀླད་ལ་བསྐོར། དྲ་བ་འཕྲུལ་གྱི་དབུ་ཐོད་ཅན། །ལྷ་ལ་དབང་སྒྱུར་ལྷ་ཡི་ལྷ། །མོན་གྲུ་གསེར་གྱི་དྲིལ་བུ་དཀྲོལ། །སིལ་སྙན་སྒྲ་སྒྲོག་ཐམས་ཅད་ཟིལ་གྱིས་གནོན། བྱ་རྒྱལ་ཁྱུང་ལྟར་གང་ལའང་ཐོགས་པ་མེད། །ལྟ་བ་དབྱིངས་ཉིད་སེམས་ཉིད་ས་ལེར་མཁྱེན། །སེ་སྟོད་བདུད་ལས་རྒྱལ་བའི་དྲག་ཤུལ་ཅན། །དཔའ་སྟོབས་གྱད་ཀྱི་སྟོབས་ཀྱང་འབྱིན། །མུ་ཏིག་མཛེས་པའི་ཅོད་པན་བྱས། །ཀུན་མཛེས་ཐམས་ཅད་བཀྲ་ལ་གསལ། །བཀྲ་གསལ་མཛེས་པའི་འོད་མེ་དཔུངས། །སེ་སྨད་ནམ་གྲུ་དབྱུག་གུ་དང༌། བྲ་ཉེ་གདུག་པ་ཅན་གྱི་འཁོར། །ཐམས་ཅད་འདུས་ནས་ནོར་གྱི་དབྱིངས། །རིན་ཆེན་སྣ་ལྔ་སྤུངས་པའི་ཁྲི་ལ་བཞུགས། །འཕན་དར་ལོངས་སྤྱོད་མཛེས་པའི་རྒྱལ་མཚན་ཅན། །རྔ་གླིང་པི་ཝང་ཌཱ་མ་རུ་ཡི་སྒྲ། །དུས་མིན་རྟག་པར་སྒྲོག་ཅིང་ལྷ་མོ་ཀུན་དང་རོལ། །གནམ་ས་བར་ན་གནས་ཤིང་བྱང་གླིང་ཀུན་ཡང་སྐོར། །བཙན་གྱི་ཁ་གནོན་མཛད་ཅིང་ང་རྒྱལ་ཞི་བར་མཛད། །ཞི་བ་ཆེན་པོའི་ངང་ལས་མ་གཡོས་གཡོས་པ་མེད། །གཡོ་མེད་ངང་ལས་བྱམས་དང་སྙིང་རྗེ་ཅན། །ལྷ་སྲིན་མ་ལུས་ཁྱེད་ཀྱི་འཁོར། །འབོར་དང་གཡོག་བཅས་རྒྱུ་སྐར་བདུན། །ཉོན་མོངས་སྒྲིབ་པ་སྦྱང་བ་དང༌། །གདུག་པ་ཐམས་ཅད་འདུལ་བ་དང༌། །ལྟས་ངན་ཐམས་ཅད་བཟློག་པ་དང༌། །ཟང་ཟིང་ཞི་བར་མཛད་སླད་དུ། །སྙིང་པོ་མདོ་ཐིག་འདི་གསུངས་པ། །ཨོཾ་དྷ་ལ་མ་དྷུ་སི་ཡེ་པདྨེ་ཧཱུཾ། །གཟའ་དང་རྒྱུ་སྐར་ལྷ་མོའི་འཁོར། །དག་པ་གསེར་གྱི་མདོ་ཐིག་འདི། །འབྱུང་བ་རྣམ་ལྔ་རུས་སྦལ་འཁོད། །སྤར་ཁ་བརྒྱད་དང་ཕོ་བྲང་དང༌། །ལོ་ཆེན་བཅུ་གཉིས་ཟླ་བའི་ཕུགས། །གཟའ་སྐར་དུས་ཚོད་ཟ་མ་ཞག །དེ་རྣམས་འཁོར་ཞིང་གནས་པ་ཡིན། །གདུག་པ་ཅན་དང་ས་བདག་དཔོན། །དེ་ཡི་འཁོར་ན་གནས་པ་ཡི། །རྒྱལ་པོ་མཚོན་ཐོགས་ལོ་ལ་ཞོན། །ནག་མོ་ཁྱོ་མེད་ཞེ་སྡང་ཅན། །གཤིན་རྗེའི་ཟས་འཕྲོག་ཟས་ལ་རྐུ། བྱིས་པ་ཆུང་བདུད་འདོད་ཆགས་ཅན། །སྣ་བདུད་འཁོར་བའི་སྤུ་གྲི་ཅན། །ནད་བདུད་མགོ་གཅོད་ནད་ཀྱི་བདག །ཀ་ལ་རོ་ཟན་གདུག་པ་ཅན། །ལྟོ་འཕྱེ་ཆེན་པོ་ས་ཡི་བདག །གནམ་ཁྱི་ནག་པོ་གདུག་པ་ཅན། །སེམས་ཅན་ཀུན་ལ་གནོད་མཛད་པའི། །ས་བདག་ས་ལ་འཁོར་བ་ཡིས། །དུག་ལྔ་འཆང་བའི་སྟོབས་པོ་ཆེ། །ལོ་ཟླ་ཞག་དང་དུས་ཚོད་ཀྱི། །ཟ་མ་མྱུལ་བའི་ཕྲག་དོག་ཅན། །སེམས་ཅན་ཀུན་ལ་གདུག་པའི་འགྱེད། །ཀུན་ལ་གནོད་སྐྱེལ་དུག་ལྔའི་བུ། །གདུག་པ་སྟོན་པའི་ལས་ངན་གཤེད། །ཆོ་འཕྲུལ་སྟོན་པའི་བདུད་སྲིན་གཙོ། །ཀུན་དུ་རྒྱུག་པའི་ཞེ་སྡང་ཅན། །འབྱུང་བའི་སྙིགས་མ་ལས་ཀྱི་གཤེད། །ལས་ངན་ཉོན་མོངས་ལྟས་ངན་འདུས། །ཅི་བྱས་ལས་ལ་ཕྲག་དོག་བྱེད། །གང་དང་ཕྲད་པའི་སེམས་ཅན་ཏེ། །ལས་ཀྱིས་མནར་ཏེ་ལས་ཀྱིས་གསོད། །དེ་དག་ཐམས་ཅད་ཉོན་མོངས་ཆེ། །འཛམ་གླིང་འདི་ན་གནས་པའི་བདུད། །ཚེ་ལ་བར་ཆད་བྱེད་པའི་གེགས། །ལུས་རྡོ་རྒྱ་མདུད་འགྲོལ་བའི་གཤེད། །ཇི་བཞིན་འཁོར་ཞིང་རྟོགས་འདོད་ཆེ། །གང་བྱས་ལས་ལ་ཕྲག་དོག་ཆེ། །ལས་ནད་གཏོང་ཞིང་དལ་ནད་འབེབས། །རྡོ་མཚོན་བུ་ཡུག་ཆར་དུ་འབེབས། །ལ་ལས་ལས་ངན་འཁྲུགས་པ་གཏོང༌། །ལ་ལས་ཚེ་ལ་བར་ཆད་བྱེད། །ལ་ལས་མཛེ་དང་ཞ་གྲུམ་གཏོང༌། །ལ་ལས་སྐྱེ་བརྒྱུད་བརྩད་ནས་གཅོད། ལ་ལས་གློ་བུར་ཡེ་འབྲོག་འབེབས། །ལ་ལས་དུས་མ་ཡིན་པར་གསོད། །དེ་བཞིན་ལྡན་པས་གདུག་པ་ཆེ། །གདུག་པ་དེ་དག་སེལ་ཕྱིར་དུ། །ཀོང་རྩེ་ལྷ་ཡི་རྒྱལ་པོ་ཡིས། །དུག་འདུལ་སྨན་གྱི་དཀྱིལ་འཁོར་བསྒོམས། །ཞི་བའི་མདངས་ལྡན་རྫོགས་པའི་ཏིང་འཛིན་བསྒོམས། །དཔལ་ལྡན་པདྨ་ཅན་གྱི་ལྷ་ལྔ་བསྐྱེད། །དག་པ་གསེར་གྱི་མདོ་ཐིག་འདི་ཡང་མཛད། །ས་བདག་ས་རྗེ་ས་ཡི་བདུད། །ཉོན་མོངས་གདུག་པ་སྟོན་དང་ང་རྒྱལ་འབྱིན། །ལས་ངན་ལས་ཀྱི་སྤྲུལ་པའི་གཤེད། །སྣ་ཚོགས་གདུག་པ་ཐན་དང་བྱུར། །ཁྲོ་དང་ང་རྒྱལ་ཐམས་ཅད་བྱང༌། །སྙིང་པོ་སྔགས་ཆེན་འདི་དག་བརྗོད། །ཨ་རག་ཤ་སི་མ་དྷུ། དྷ་ཏྲི་དུ་སི་ནག་པོ་ཞི་ས་མ་ཡ་ནི་ཕཊ། །གུར་མ་གུར་ཏི་ནག་པོ་ཞི། །དེ་སྐད་སྙིང་པོ་བརྗོད་པ་དེས། །ས་ལ་གནས་པའི་ས་བདག་གདུག་པ་རབ་ཞི་སྟེ། །སྡུག་བསྔལ་མཐའ་དག་རབ་ཏུ་ཞི་བར་འགྱུར། །ཆོ་འཕྲུལ་སྟོན་པའི་ང་རྒྱལ་ཅན། །ལས་ཀྱིས་གསོད་པའི་ཞེ་སྡང་དུག །དེ་དག་ཐམས་ཅད་དགའ་བ་སྐྱེས། །སྙིང་པོ་སྔགས་ཆེན་འདི་ཡི་མཐུས། །ས་བདག་མ་ལུས་བྱམས་པ་སྐྱེས། །སྡུག་བསྔལ་ཐམས་ཅད་རང་སར་གྲོལ། །གཉིས་སུ་མེད་པའི་སྙིང་རྗེ་སྐྱེས། ཀུན་ལྡན་དངོས་གྲུབ་ཡོངས་ལ་འབེབས། །ས་བདག་སྙིང་པོ་མདོ་ཐིག་འདི། །གསེར་བཞིན་བཅངས་ཤིང་བཀླགས་པ་ཡིས། །ཐམས་ཅད་སྡུག་བསྔལ་དག་ལས་ཐར། བྱང་ཆུབ་ཆེན་པོའི་ངང་དུ་ཐིམ། །གདུག་པ་བྱང་བས་ཡེ་ཤེས་རྫོགས། །ཞེ་སྡང་འདུལ་བས་བྱམས་པ་རྙེད། །གཏི་མུག་འདུལ་བས་བདེ་བ་ཐོབ། །ཕྲག་དོག་འདུལ་བས་ང་རྒྱལ་ཞི། །འདོད་ཆགས་འདུལ་བས་ཆགས་སྡང་དག །དུག་ལྔ་འདུལ་བས་བདེ་བ་ཐོབ། །དེ་ཡི་སྒྲིབ་པའི་ཆོ་འཕྲུལ་དང༌། །ལས་ངན་སྒྲིབ་པའི་སྡིག་པ་དག །དག་པར་ནུས་པ་དེ་ཡི་མཐུས། །ཀོང་རྩེ་རྒྱལ་པོས་འདི་བཀླགས་པས། །ས་བདག་དེ་རྣམས་ཞི་བར་ནུས། །ཚུར་ལ་ཕྱག་འབུལ་སྐྱབས་སུ་སོང༌། །གནོད་པ་མི་བྱེད་འཁོར་དུ་མཆོད། །ས་བདག་དེ་དག་འཁོར་བཅས་ཀྱིས། །ཀོང་རྩེའི་མགོན་བྱེད་ཅི་དགོས་སྟེར། །ཟས་དང་སྐོམ་གྱི་ལོངས་སྤྱོད་སྤེལ། ནོར་བུ་རིན་ཆེན་རིན་པོ་ཆེ། །གསེར་དངུལ་ཟངས་ལྕགས་ལ་སོགས་པའི། །དངོས་གྲུབ་བསོད་ནམས་ཆར་བཞིན་འབེབས། །ལོ་ཕྱུགས་རྟག་ཏུ་ལེགས་པར་བྱེད། །བེའུ་ལུག་ཕྱུགས་བཟང་འཕེལ་བར་བྱེད། །ཀོང་རྩེ་འཕྲུལ་གྱི་རྒྱལ་པོ་ཡིས། །འབྱུང་བས་རྒྱུ་འབྱུང་རྒྱུ་ལྡན་པའི། །སྣང་སྲིད་ལྷ་འདྲེའི་གདུག་པ་ཞི། །བདུད་བཙན་རྒྱལ་པོའི་ཞེ་སྡང་འདུལ། །ཀླུ་གཉན་ས་བདག་ཀུན་གྱིས་སྐྱོབ། །དེ་བས་རྟག་ཏུ་འབྲི་བར་བྱ། །བཀླགས་དང་བཀུར་སྟི་ཕུད་དུ་མཆོད། ཉིན་གསུམ་མཚན་གསུམ་དུས་དྲུག་ཏུ། །བར་ཆད་མེད་པར་རྟག་ཏུ་འདོན། །དེ་ལྟར་བཀླགས་པའི་ཡོན་ཏན་ནི། །ཐམས་ཅད་ཞི་ཞིང་ཐམས་ཅད་འདུ། །ཐམས་ཅད་མཉེས་པས་མགོན་སྐྱབས་མཛད། །འབྱུང་བའི་ལྷ་ལྔས་རྟག་ཏུ་སྐྱོབ། །ས་བདག་ཀུན་ཀྱང་དགྲར་མི་ལྡང༌། །ཉེས་པ་བྱས་ཀྱང་སྐྱོན་མི་འབྱུང༌། །ནོར་འཁྲུལ་བྱུང་ཡང་ཞི་བར་ནུས། །ཅི་བྱས་ཅི་སྤྱོད་ཅི་འཁྲུལ་ཡང༌། །རང་བཞིན་བྱས་པས་བདེ་བ་ཐོབ། །ཡང་དག་འབྱུང་བའི་དངོས་གྲུབ་ཡོང༌། །ཐུན་མོང་ཅན་གྱི་ལྷ་དང་འགྲོགས། །གྲོགས་དང་སྡོང་བསྡེབས་དགའ་བར་བྱེད། །དེ་བས་འདི་བཀླགས་ཡོན་ཏན་ཆེ། །ཡོན་ཏན་འབྱུང་བས་རྟག་ཏུ་བཀླགས། །ཀོང་རྩེ་ལྷ་ཡི་རྒྱལ་པོས་སྟོན། །འགྲོ་དོན་མཛད་ལ་དོགས་འཚེར་མེད་པའི་ཕྱིར། །མདོ་འདི་སྔོན་འགྲོའི་ཆོ་ག་ཡིན། །སྔོན་དུ་ལན་གྲངས་མང་དུ་འདོན། །ཅི་བྱེད་ཀུན་གྱི་སྣ་སེལ་བྱེད། །བརྩོན་འགྲུས་བྱས་ལ་མང་དུ་འདོན། །དག་པ་གསེར་གྱི་མདོ་ཐིག་འདི། །གསང་སྔགས་ཀུན་འདུས་ནུས་པ་ཆེ། །རང་ལ་དགོས་པའི་བདུད་དང་བཙན། །ལྷ་སྲིན་སྡེ་བརྒྱད་རབ་ཏུ་ཞི། །འཁོར་དུ་བྱེད་ཅིང་སྐུ་ལུས་བསྲུང༌། །མདོ་ཐིག་གསེར་གྱི་མདོ་འདི་བརྗོད། །བྱམས་པ་ཀུན་ལྡན་བདེ་བའི་ངང༌། །དེ་ཉིད་མཆོག་སྟེ་སངས་རྒྱས་བཀའ། །བཀའ་བཞིན་མཛད་པ་སྟོན་པའི་ལྷ། །མན་ངག་ལུང་སྟོན་ཤེས་རབ་འཆང༌། བྱང་ཆུབ་སྙིང་པོ་རབ་ཏུ་སྤེལ། །འགྲོ་དོན་མཛད་པ་དེ་བཞིན་ཉིད། །ཀུན་ལ་ཕན་འདོགས་ལྷ་ཡི་ལྷ། །འཁྲུལ་པ་གཏི་མུག་རབ་སྤང་སྟེ། །བྱམས་པའི་ཤེས་རབ་ཐོབ་པའི་ཕྱིར། །ཏིང་འཛིན་བསམ་གཏན་རབ་ཏུ་བསྐྱེད། འགྲོ་བ་ཀུན་འདུལ་ཡོངས་ཀྱི་མགོན། །མགོན་སྐྱབས་ཅན་ལ་ཕྱག་འཚལ་ལོ། ན་མོ་བདེན་པའི་བཀའ་ལ་སྨོན་ལམ་མཐུས། །གསང་སྔགས་འདི་ཡི་སྟོབས་མཆོག་གིས། །ཐབས་ཀྱིས་གདུག་པ་བྱང་བར་འགྱུར། ཨོཾ་ཨ་དུ་སརྦ་རག་ཤ་ཧུ། །དྷ་ཧ་དྷ་ཧ་ན་མ་ཧེ་མ་ཧེ་མ་མ་ལུ་རག་མོ་རྦད། །ཞི་ཞི་དུལ་དུལ་སྭཱ་ཧཱ་ལྷན། ཐམས་ཅད་ཞི་བའི་སྔགས་ཆེན་འདི། །མི་བརྗེད་རྟག་ཏུ་ཡིད་ལ་བཅངས། །ཐམས་ཅད་ཡོངས་འདུལ་ཡོངས་ལ་ཕན། །འདི་བཀླགས་སངས་རྒྱས་སྟོན་པས་གསུངས། །ཐམས་ཅད་ལྷ་ཚོགས་ཀུན་གྱིས་སྐྱོབ། །ཀུན་གྱིས་བསྲུང་ཞིང་ཀུན་གྱིས་འཚོ། །དག་པ་གསེར་གྱི་མདོ་ཐིག་འདི། །གདུག་པ་ཅན་དང་ས་བདག་ཀླུ། །གེགས་རིགས་སྟོང་ཕྲག་བརྒྱད་ཅུ་ཡི། །གདུག་པ་ཀུན་ལས་ཐར་བར་བྱེད། །ཐམས་ཅད་ཡོངས་ལས་ཐར་བ་དེས། །ཀོང་རྩེ་ཡི་དམ་འདི་བཀླག་གོ །ཉོན་མོངས་གདུག་པ་འདུལ་ཕྱིར་མཛད། །སེམས་ཅན་ཀུན་ལ་ཕན་འདོགས་ཕྱིར། །དེ་ཕྱིར་ཐོན་ཚད་བཀླགས་པར་བྱ། །ལྟོ་མཁན་བདག་གི་ལུས་བསྲུང་འདི་ལས་ལྷག་པ་མེད། །འདི་ཐོན་འདི་ལ་གུས་པར་གྱིས། །སྒྲིབ་པ་བྱང་ཞིང་འདུ་བའི་ནད་རྣམས་ཞི། །ཡི་དྭགས་གེགས་འདུལ་བདུད་བཙན་རྒྱལ་པོ་འདུལ། །ས་བདག་ཀླུ་དང་གཉེན་པོ་མཁའ་ལ་རྒྱུ་བ་དང༌། །གཟའ་དང་རྒྱུ་སྐར་གདུག་པ་ཅན་གྱི་འཁོར། །མ་ལུས་ཀུན་གྱི་ཕྲག་དོག་ཞི་བར་བྱེད། །ཞེ་སྡང་ཞི་ནས་བདེ་ཆེན་ངང་ལ་གནས། །འབྱུང་བའི་ལྷ་ཆེན་ཀུན་གྱིས་བདག་ལ་སྐྱོབ། །དེ་ཡིས་མི་སྐྱོབ་གང་ཡང་མེད། །དག་པ་གསེར་གྱི་མདོ་ཐིག་གི །ཡོན་ཏན་བརྗོད་ཀྱིས་མི་ལང་གི །ཡང་དག་ཕན་ཡོན་དངོས་གྲུབ་འབྱུང༌། །ཕན་ཡོན་བསམ་གྱིས་མི་ཁྱབ་སྟེ། །ཅི་བསམ་འགྲུབ་ལ་ཀུན་གྱིས་འཁུར། །རང་ལ་དོགས་འཚེར་ཉམས་གྲིབ་མེད། །སྒྲིབ་པ་མི་འགོ་བྱང་ཆུབ་ཐོབ། བླ་མེད་ས་བཅུ་བདེ་བ་ནོན། །པདྨ་ཅན་གྱི་ལྷ་གནས་མཐོང༌། །འདི་ནི་གང་ཀློག་མི་དེ་ལ། །བདུད་དང་བཙན་གྱིས་ཁྲིད་པ་ཡང༌། །མདོ་འདི་སྟོན་པས་ལྷོད་པར་འགྱུར། །ས་བདག་གདོན་གྱིས་ཟིན་པ་དང༌། །གནོད་པ་ཀུན་ལས་གྲོལ་བར་འགྱུར། །བླ་མཁྱེན་ཤེས་བྱ་རྩལ་མེད་ཀྱིས། །མ་བསླབས་རིག་བཟོ་བྱས་པ་ཡིས། །ལྟོ་ལོག་ལྟོ་རྡུགས་ལྟོ་འབྱམས་པ། །མདོ་འདི་བཀླགས་པས་ཕན་པར་འགྱུར། །འབྱུང་བའི་རྩིས་མི་ཤེས་པ་དང༌། །རས་གཅོད་ཐོ་ཅོ་བྱས་པ་དང༌། །རྡོ་རློགས་ས་རྒོད་བཏུལ་བ་དང༌། །རི་རྒོད་སྤང་ལ་མེ་བཏང་དང༌། །ཤིང་རྒོད་བྲག་ལ་སྐྱེས་པ་བཅད། །རོ་ལམ་ནོར་བའི་ས་བདག་བསླང༌། །གཤེད་ཀྱི་སེ་སྒོ་ནོར་བ་དང༌། །བག་མ་བླང་ཟླ་ནོར་བ་དང༌། །མ་ཤེས་པ་ཡིས་ས་བདག་བསླང༌། །ལྷ་འདྲེ་ཡིད་ཀྱི་གཟུགས་ཅན་གྱིས། །བླ་མཁྱེན་ཡོན་བདག་དག་ལ་གནོད། །གཟུངས་འདི་སྟོན་པས་དེ་དག་ཞི། །ཡིད་ལ་བཟུང་ལ་རྟག་ཏུ་ཐོན། །གསང་སྔགས་ཆེན་པོའི་སྙིང་པོ་བཟླས། །གནོད་པ་ཐམས་ཅད་འདི་ཡིས་ཞི། །སྔོན་ཡང་ཀོང་རྩེ་ལྷ་ཡིས་གསུངས། །ལྷ་ཡི་ངག་བདེན་འགྲོ་དོན་མཛད། །སྣང་སྲིད་འཇིག་རྟེན་འབྱུང་བའི་ཀློང༌། །གནམ་ས་རི་རབ་རྒྱ་མཚོ་ལ། །གནས་དང་འཁོར་ན་འདུག་པ་ཡི། །ལྷ་ཀླུ་གནོད་སྦྱིན་དྲི་ཟ་དང༌། །ལྟོ་འཕྱེ་དང་ནི་མི་མ་ཡིན། །གནོད་པ་ཐམས་ཅད་རབ་ཏུ་ཞི། །འབྱུང་བདུད་གཟའ་བདུད་རབ་ཏུ་ཞི། །སྐར་བདུད་སྤར་ཁའི་བདུད་རྣམས་ཞི། །གནོད་པ་ཐམས་ཅད་རབ་ཏུ་ཞི། །རབ་ཏུ་བྱས་པས་ཐམས་ཅད་དུལ། །རྒྱ་ནག་ཡུལ་དུ་མཛད་པ་ཡིས། །ཀོང་རྩེའི་ཡི་དམ་མདོ་ཐིག་འདི། །རབ་ཏུ་བཟང་སྟེ་བཀྲ་ཤིས་ཐོབ། །དག་པ་གསེར་གྱི་མདོ་ཐིག་ཅེས་བྱ་བ། ཐུན་མོང་མ་ཡིན་པ་ཉེས་པ་ཐམས་ཅད་སེལ་བའི་མདོ་དགོས་འདོད་འབྱུང་བ་རྫོགས་སོ།། །།


previousདག་པ་གསེར་གྱི་མདོ་ཐིགnext