Nitartha Digital Library
Tibetan
 
no previousno next

(༤༧)དབུས་དང་མཐའ་རྣམ་པར་འབྱེད་པའི་གཞུང་བཞུགས།

(༤༨)།རྒྱ་གར་སྐད་དུ། མ་དྷྱན་ཏ་བི་བྷཾ་ག །བོད་སྐད་དུ། དབུས་དང་མཐའ་རྣམ་པར་འབྱེད་པ་། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །མཚན་ཉིད་སྒྲིབ་པ་དེ་ཁོ་ན། །གཉེན་པོ་དག་ནི་སྒོམ་པ་དང་། །དེ་ཡི་གནས་དང་འབྲས་བུ་འཐོབ། །ཐེག་པ་བླ་ན་མེད་པའོ། །ཡང་དག་མ་ཡིན་རྟོག་ཡོད། །དེ་ལ་གཉིས་པོ་ཡོད་མ་ཡིན། །སྟོང་པ་ཉིད་ནི་འདི་ལ་ཡོད། །དེ་ལ་ཡང་ནི་དེ་ཡོད་དོ། །སྟོང་པ་མ་ཡིན་མི་སྟོང་མིན། །དེ་ལྟ་བས་ན་ཐམས་ཅད་བཤད། །ཡོད་པས་མེད་པས་ཡོད་པས་ན། །དེ་ནི་དབུས་མའི་ལམ་ཡིན་ནོ། །དོན་དང་སེམས་ཅན་བདག་རྣམ་རིག་ །སྣང་བའི་རྣམ་པར་ཤེས་པ་ནི། །རབ་ཏུ་སྐྱེའོ་དེ་དོན་མེད། །དེ་མེད་པས་ན་དེ་ཡང་མེད། །ཡང་དག་མ་ཡིན་ཀུན་རྟོག་པ། །དེ་ནི་དེ་ཕྱིར་གྲུབ་པ་ཡིན། །དེ་བཞིན་མ་ཡིན་ཡེ་མེད་ཡིན། །དེ་ཟད་ནས་ནི་གྲོལ་བར་འདོད། །བཏགས་པ་དང་ནི་གཞན་དབང་དང། །ཡོངས་སུ་གྲུབ་པ་ཉིད་ཀྱང་ངོ། །དོན་ཕྱིར་ཡང་དག་མིན་རྟོག་ཕྱིར། །གཉིས་པོ་མེད་པའི་པའི་ཕྱིར་བཤད་དོ། །དམིགས་པ་ལ་ནི་བརྟེན་ནས་སུ། །མི་དམིགས་པ་ནི་རབ་ཏུ་སྐྱེ། །མི་དམིགས་པ་ལ་ནི་བརྟེན་ནས་སུ། །མི་དམིགས་པ་ནི་རབ་ཏུ་སྐྱེ། །དེ་ཡི་ཕྱིར་ན་དམིགས་པ་ནི། །མི་དམིགས་ངོ་བོ་ཉིད་དུ་གྲུབ། །དེ་ལྟ་བས་དམིགས་པ་དང་། །མི་དམིགས་མཉམ་པར་ཤེས་པར་བྱ། །ཡང་དག་མ་ཡིན་ཀུན་རྟོག་ནི། །སེམས་དང་སེམས་བྱུང་ཁམས་གསུམ་པ། །དེ་ལ་དོན་མཐོང་རྣམ་པར་ཤེས། །དེ་ཡི་ཁྱད་པར་སེམས་ལས་བྱུང། །གཅིག་ནི་རྐྱེན་གྱི་རྣམ་པར་ཤེས། །གཉིས་པོ་ཉེ་བར་སྤྱོད་པ་ཅན། །ཉེ་བར་སྤྱོད་དང་ཡོངས་གཅོད་དང་། །དེ་ཡི་འཇུག་བྱེད་སེམས་ལས་བྱུང་། །སྒྲིབ་པའི་ཕྱིར་དང་འདེབས་པའི་ཕྱིར། །འཁྲིད་པའི་ཕྱིར་དང་

(༤༩)ཀུན་འཛིན་ཕྱིར། །རྫོགས་བྱེད་ཕྱིར་དང་གསུམ་གཅོད་ཕྱིར། །ཉེ་བར་སྤྱོད་ཕྱིར་སྡུད་པའི་ཕྱིར། །སྦྱོར་བའི་ཕྱིར་དང་མངོན་དུའི་ཕྱིར། །སྡུག་བསྔལ་ཕྱིར་ནི་འགྲོ་ཉོན་མོངས། །རྣམ་གསུམ་རྣམ་གཉིས་ཀྱང་ཉོན་མོངས། །རྣམ་བདུན་ཡང་དག་མིན་རྟོག་ལས། །སྟོང་པ་ཉིད་ནི་མདོར་བསྡུ་ན། །མཚན་ཉིད་དང་ནི་རྣམ་གྲངས་དང་། །དེ་བཞིན་ཉིད་དང་ཡང་དག་མཐའ། །སྒྲུབ་པ་དག་སྟེ་ཤེས་པར་བྱ། །གཉིས་དངོས་མེད་པའི་དངོས་མེད་པའི། །དངོས་པོ་སྟོང་པའི་མཚན་ཉིད་དོ། །ཡོད་པ་མ་ཡིན་མེད་པ་རང་མིན། །ཐ་དད་གཅིག་པའི་མཚན་ཉིད་མིན། །སྟོང་པ་ཉིད་ནི་མདོར་བསྡུ་ན། །དེ་བཞིན་ཉིད་དང་ཡང་དག་མཐའ། །མཚན་མ་མེད་དང་དོན་དམ་དང། །ཆོས་ཀྱི་དབྱིངས་ནི་རྣམ་གྲངས་སོ། །གཞན་མིན་ཕྱིན་ཅི་ལོག་མ་ཡིན། །དེ་འགགས་འཕགས་པའི་སྤྱོད་ཡུལ་དང། །འཕགས་པའི་ཆོས་ཀྱི་རྒྱ་ཡི་ཕྱིར། །རྣམ་གྲངས་དོན་དེ་གོ་རིམ་བཞིན། །ཀུན་ནས་ཉོན་མོངས་རྣམ་པར་དག །དེ་ནི་དྲི་བཅས་དྲི་མ་མེད། །ཆུ་ཁམས་གསེར་དང་ནམ་མཁའ་རྣམས། །དག་པ་བཞིན་དུ་དག་པ་འདོད། །ཟ་བ་བཟའི་དང་དེ་ཡི་ལུས། །གནས་དང་གཞི་ཡི་སྟོང་པ་ཉིད། །དེ་ཡང་གང་གིས་ཇི་ལྟར་མཐོང། །གང་ཕྱིར་དེ་ཡང་སྟོང་པ་ཉིད། །དགེ་གཉིས་ཐོབ་པར་བྱ་བའི་ཕྱིར། །རྟག་ཏུ་སེམས་ཅན་ཕན་བྱའི་ཕྱིར། །འཁོར་བ་བཏང་བར་མི་བྱའི་ཕྱིར། །དགེ་བ་མི་ཟད་བྱ་བའི་ཕྱིར། །རིགས་ཀྱང་རྣམས་པར་དག་བྱའི་ཕྱིར། །མཚན་དང་དཔེ་བྱད་ཐོབ་བྱའི་ཕྱིར། །སངས་རྒྱས་ཆོས་རྣམས་དག་བྱའི་ཕྱིར། །བྱང་ཆུབ་སེམས་དཔའ་སྒྲུབ་པར་བྱེད། །གང་ཟག་དང་ནི་ཆོས་རྣམས་ཀྱི། །དངོས་པོ་མེད་འདིར་སྟོང་པ་

(༥༠)ཉིད། །དེ་དངོས་མེད་པའི་དངོས་ཡོད་པ། །དེ་ནི་དེ་ལས་སྟོང་ཉིད་གཞན། །གལ་ཏེ་ཉོན་མོངས་དེ་མ་གྱུར། །ལུས་ཅན་ཐམས་ཅད་གྲོལ་བར་འགྱུར། །གལ་ཏེ་རྣམ་དག་དེ་མ་གྱུར། །འབད་པ་འབྲས་བུ་མེད་པར་འགྱུར། །ཉོན་མོངས་མ་ཡིན་མི་མོངས་མིན། །དེ་ནི་དག་དང་མ་དག་མིན། །བསྟན་བཅོས་དབུས་དང་མཐའ་རྣམ་པར་འབྱེད་པ་ལས། །མཚན་ཉིད་ཀྱི་ལེའུར་བཅད་པ་ཞེས་བྱ་བ་སྟ་དང་པའོ།། །།ཁྱབ་དང་ཉི་ཚེ་ལྷག་པ་དང་། །མཉམ་དང་ལེན་དང་སྤོང་བ་ནི། །གཉིས་ཀྱི་སྒྲིབ་པར་བསྟན་པ་ཡིན། །ཉོན་མོངས་མཚན་ཉིད་རྣམ་དགུའོ། །ཀུན་ཏུ་སྦྱོར་རྣམས་སྒྲིབ་པ་ཡིན། །སྐྱོ་བ་དང་ནི་བཏང་སྙོམས་དང་། །དེ་ཁོ་ན་ནི་མཐོང་བ་དང་། །འཇིག་ཚོགས་ལྟ་དང་དེ་བཞི་དང་། །འགོག་དང་ལམ་དང་དཀོན་མཆོག་དང་། །རྙེད་པ་དང་ནི་བཀུར་སྟི་དང་། །ཡོ་བྱད་བསྙུགས་པ་ཡོངས་ཤེས་ལ། །དགེ་ལ་སོགས་པ་བཅུ་ལ་གཞན་། །སྦྱོར་བ་མེད་དང་སྐྱེ་མཆེད་མིན། །རྣལ་འབྱོར་མིན་པས་གང་བསྐྱེད་དང་། །སྐྱེ་བ་མེད་དང་ཡིད་མི་བྱེད། །ཚོགས་ནི་རབ་ཏུ་མ་རྫོགས་དང་། །རིགས་དང་བཤེས་གཉེན་མི་ལྡན་དང་། །སེམས་ནི་ཡོངས་སུ་སྐྱོ་བ་དང་། སྒྲུབ་པ་དང་ཡང་མི་ལྡན་ཞིང་། །སྐྱེ་བོ་ངན་སྡང་འགོགས་པ་དང་། །རང་གི་གནས་ངན་ལེན་གསུམ་ལས། །ལྷག་མ་ཤེས་རབ་མ་སྨིན་དང་། །རང་བཞིན་གྱིས་ནི་གནས་ངན་ལེན། །ལེ་ལོ་དང་ཡང་བག་མེད་དང་། །སྲིད་དང་ལོངས་སྤྱོད་ཆགས་པ་དང་། །སེམས་ནི་ཞུམ་པར་གྱུར་པ་དང་། །མ་དད་པ་དང་མ་མོས་དང་། །སྒྲ་བཞིན་དུ་ནི་སྤྱོད་པ་དང་། །དམ་ཆོས་ཆེད་ཆེར་མི་འཛིན་དང་། །རྙེད་ལ་གདུ་དང་སྙིང་རྗེ་མེད། །ཐོས་པས་ཕོངས་དང་ཉུང་བ་དང་། །ཏིང་འཛིན་སྦྱངས་པ་མ་བྱས་པའོ།

(༥༡)དགེ་དང་བྱང་ཆུབ་ཡང་དག་འཛིན། །བློ་ལྡན་འཁྲུལ་མེད་སྒྲིབ་པ་དང་། །བསྔོ་དང་མི་སྐྲག་སེར་སྣ་མེད། །དབང་ནི་དགེ་ལ་སོགས་པའོ། །དེ་དག་གི་ནི་སྒྲིབ་པ་རྣམས། །གསུམ་གསུམ་དག་ཏུ་ཤེས་པར་བྱ། །ཕྱོགས་དང་ཕ་རོལ་ཕྱིན་ས་ལ། སྒྲིབ་པ་དག་ནི་གཞན་ཡིན་ནོ། །གཞི་ལ་མི་མཁས་ལེ་ལོ་དང་། །གཉིས་ཀྱིས་ཏིང་འཛིན་ཉམས་པ་དང་། །མི་བསྐྱེད་པ་དང་ཉམས་ཆུང་དང་། །ལྟ་དང་གནས་ངན་ལེན་སྐྱོན་ཆགས། །ཕྱུག་པོ་དང་ནི་བདེ་འགྲོ་དང་། །སེམས་ཅན་མི་གཏོང་སྒྲིབ་པ་དང་། །ཉེས་པ་དག་དང་ཡོན་ཏན་རྣམས། །འབྲི་དང་འཕེལ་དང་འཛུད་པ་དང་། །གྲོལ་བར་བྱེད་དང་མི་ཟད་དང་། །དགེ་བ་རྒྱུན་མི་འཆད་པ་དང་། །ངེས་པར་བྱེད་དང་ཆོས་རྣམས་ལ། །ལོངས་པར་སྤྱོད་དང་ཡོངས་སྨིན་བྱེད། །ཀུན་ཏུ་འགྲོ་དོན་མཆོག་གི་དོན། །རྒྱུ་མཐུན་དོན་གྱི་མཆོད་ཉིད་དང་། །ཡོངས་སུ་འཛིན་པ་མེད་དོན་དང་། །རྒྱུད་རྣམས་ཐ་དད་མེད་དོན་དང་། །ཉོན་མོངས་རྣམ་དག་མིན་དོན་དང་། །ཐ་དད་མེད་པའི་དོན་ཉིད་དང་། །བྲི་མེད་འཕེལ་བ་མེད་དོན་དང་། །དབང་ནི་རྣམ་པ་བཞི་ཡི་གནས། །ཆོས་ཀྱི་དབྱིངས་ལ་མ་རིག་པ། །ཉོན་མོངས་ཅན་མིན་སྒྲིབ་པ་བཅུ། །ས་བཅུའི་མི་མཐུན་ཕྱོགས་རྣམས་ཀྱི། །གཉེན་པོ་དག་ནི་ས་ཡིན་ནོ། །ཉོན་མོངས་པ་ཡི་སྒྲིབ་པ་དང་། །ཤེས་བྱའི་སྒྲིབ་པ་ཉིད་དུ་བསྟན། །དེར་ནི་སྒྲིབ་པ་ཐམས་ཅད་དེ དེ་ཟད་ནས་ནི་གྲོལ་བར་འདོད། །བསྟན་བཅོས་དབུས་དང་མཐའ་རྣམ་པར་འབྱེད་བ་ལས། །སྒྲིབ་པའི་ལེའུར་བཅད་བ་ཞེས་བྱ་བ་སྟེ་གཉིས་པའོ།། །།རྩ་བ་མཚན་ཉིད་དེ་ཁོ་ན། །ཕྱིན་ཅི་མ་ལོག་མཚན་ཉིད་དང་། །འབྲས་བུ་རྒྱུ་ཡི་དེ་ཁོ་ན། །རགས་པ་དང་ནི་ཕྲ་བ་དང་། །གྲགས་དང་རྣམ་

(༥༢)པར་དག་ཡུལ་དང་། །བསྡུ་དང་དབྱེ་བའི་མཚན་ཉིད་དང་། །མཁས་དེ་ཁོ་ན་རྣམ་བཅུ་ནི། །བདག་ཏུ་ལྟ་བའི་གཉེན་པོའོ། །ངོ་བོ་ཉིད་གསུམ་རྟག་མེད་དང་། །ཡོད་ཀྱང་ཁོ་ན་མ་ཡིན་དང་། །ཡོད་དང་མེད་དེ་ཁོ་ན་སྟེ། །ངོ་བོ་ཉིད་ནི་གསུམ་དུ་འདོད། །འདི་ལ་ཆོས་དང་གང་ཟག་དང་། །གཟུང་བ་དག་དང་འཛིན་བ་དང་། །ཡོད་དང་མེད་པར་སྒྲོ་འདོགས་དང་། །སྐུར་པ་འདེབས་པར་ལྟ་བ་དག་ །གང་ཤེས་ནས་ནི་མི་འབྱུང་བ། །དེ་དེ་ཁོ་ནའི་མཚན་ཉིད་དོ། །མི་རྟག་དོན་ནི་མེད་དོན་དང་། །སྐྱེ་ཞིང་འཇིག་པའི་མཚན་ཉིད་དང་། །དྲིར་བཅས་དྲི་མ་མེད་དོན་ཏེ། །རྩ་བའི་ཁོ་ནར་གོ་རིམ་བཞིན། །སྡུག་བསྔལ་ལེན་དང་མཚན་ཉིད་དང་། །འབྲེལ་པ་གཞན་དུ་འདོད་པ་ཡིན། །དངོས་མེད་དེ་ཡི་དངོས་མ་ཡིན། །རང་བཞིན་གྱིས་ནི་སྟོང་པར་འདོད། །མཚན་ཉིད་མེད་པས་བདག་མེད་དང་། །དེ་དང་མི་མཐུན་མཚན་ཉིད་དང་། །རང་གི་མཚན་ཉིད་བསྟན་པ་ཡིན། །དེ་ཕྱིར་སྡུག་བསྔལ་བདེན་པར་འདོད། །བག་ཆགས་ང་ནི་ཀུན་ནས་འབྱུང་། །མ་བྲལ་བ་ཡང་དེ་བཞིན་ནོ། །ངོ་བོ་ཉིད་དང་གཉིས་མི་སྐྱེ། །དྲི་མ་ཞི་བ་གཉིས་སུ་འདོད། །ཡོངས་སུ་ཤེས་དང་སྤངས་པ་དང་། །ཐོབ་པར་མངོན་སུམ་བྱ་བས་ནི། །ལམ་གྱི་བདེན་པ་ཡང་དག་བཤད། །བཏགས་པ་དང་ནི་ཤེས་པ་དང་། །དེ་བཞིན་བརྗོད་པ་རགས་པ་ཡིན། །དམ་པའི་དོན་ནི་གཅིག་པུའོ། །དོན་དང་འཐོབ་དང་སྒྲུབ་པ་ནི། །དོན་དམ་རྣམ་པ་གསུམ་དུ་འདོད། །འགྱུར་མེད་ཕྱིན་ཅི་མ་ལོག་པ། །ཡོངས་སུ་གྲུབ་པ་རྣམ་པ་གཉིས། །གཅིག་གིས་འཇིག་རྟེན་གྲགས་པ་སྟེ། །གསུམ་གྱིས་རིགས་པའི་གྲགས་པ་ཡིན། །རྣམ་དག་སྤྱོད་ཡུལ་རྣམས་ཏེ། །གཅིག་པུ་ཁོ་ནར་བརྗོད་པ་ཡིན། །རྒྱུ་དང་རྣམ་པར་རྟོག་པ་

(༥༣)དང་། །མིང་ནི་རྣམ་པ་གཉིས་སུ་བསྡུས། །ཡང་དག་ཡེ་ཤེས་རབ་ཁོ་ན། །གཅིག་པུ་ཁོ་ནར་བསྡུས་པ་ཡིན། །འཇུག་དེ་ཁོ་ན་རྣམ་པ་གཉིས། །གནས་པ་དང་ནི་ངན་པར་ཞུགས། །མཚན་ཉིད་རྣམ་པར་རིག་དང་དག་ ཡང་དག་སྒྲུབ་པ་གཅིག་པུའོ། །གཅིག་དང་རྒྱུ་དང་ཟབ་དང་། །བྱེད་པ་དང་ནི་དབང་སྒྱུར་དང་། །བདག་པོའི་དོན་དང་རྟག་པ་དང་། །ཉོན་མོངས་པ་དང་དག་པའི་གནས། །རྣལ་འབྱོར་ཅན་དང་མེ་གྲོལ་གྲོལ། །འདི་དག་ལ་ནི་བདག་ཏུ་ལྟ། །ཀུན་ཏུ་རྟོག་དང་རྣམ་རྟོག་དོན། །ཆོས་ཉིད་དོན་གྱིས་དེ་དག་དེར། །ཐོག་མ་དུ་མ་ཉིད་དང་ནི། །བསྡུས་དང་ཡོངས་སུ་ཕྱི་བིའི་དོན། །འཛིན་དང་གཟུངས་དང་དེ་འཛིན་པ། །ས་བོན་དོན་དེ་གཞན་དུ་འདོད། །ཚོར་དང་དོན་རྣམས་ཡོངས་གཅོད་ཀྱི། །ཉེར་སྤྱོད་འབྱུང་སྒོ་གཞན་ཡིན་ནོ། །རྒྱུ་དང་འབྲས་བུ་རྩོལ་བ་ལ། །སྒྲོ་འདོགས་མེད་ཅིང་སྐུར་འདེབས་མེད། །མི་འདོད་འདོད་དང་རྣམ་དག་དང་། །མཉམ་དུ་བྱུང་དང་དབང་བྱེད་དང་། །འཐོབ་དང་ཀུན་དུ་སྤྱོད་པ་དག་ །གཞན་དབང་ཉིད་ཀྱི་དོན་ཏེ་གཞན། །འཛིན་དང་གནས་དང་རྒྱུན་མི་འཆད། །སྤྱོད་དང་དག་པ་གཉིས་ཀྱི་ཕྱིར། །འབྲས་བུ་རྒྱུ་རྣམས་སྤྱད་ཟིན་དང་། །དེ་བཞིན་མ་སྤྱད་གཞན་ཡིན་ནོ། །ཚོར་བ་རྒྱུ་དང་བཅས་པའི་དོན། །དེ་ཡི་རྒྱུ་ནི་སྒྲུབ་པ་ཡིན། །དེ་ཞི་བ་དང་གཉེན་པོའི་དོན། །ལྡན་པའི་ཕྱིར་ན་གཞན་དུ་འདོད། །ཡོན་ཏན་སྐྱོན་དང་རྣམ་མི་རྟོག་ །ཤེས་པས་གཞན་ལས་བདག་གིས་ནི། །ངེས་པར་འབྱུང་ཕྱིར་གཞན་ཞེས་བྱ། །བཏགས་བཅས་རྒྱུར་བཅས་རྒྱུ་མཚན་ལ། །རབ་ཏུ་ཞི་བའི་དོན་བཅས་ནི། །ཐ་མ་ཉིད་དུ་བཤད་པ་ཡིན། །བསྟན་བཅོས་དབུས་དང་མཐའ་རྣམ་པར་འབྱེད་པ་ལས། །དེ་ཁོ་ནའི་ལེའུར་བཅད་པ་ཞེས་བྱ་བ་སྟེ་གསུམ་པའོ།།

(༥༤)གནས་ངན་ལེན་ཕྱིར་སྲིད་རྒྱུའི་ཕྱིར། །གཞི་ཡི་ཕྱིར་དང་མ་རྨོངས་ཕྱིར། །བདེན་པ་བཞི་ལ་འཇུག་བྱ་བས། །དྲན་པ་ཉེ་བར་གཞག་པ་སྒོམ། །མི་མཐུན་ཕྱོགས་དང་གཉེན་པོ་རྣམས། །རྣམ་པ་ཐམས་ཅད་ཡོངས་ཤེས་ནས། །དེ་དག་སྤང་ཕྱིར་བརྩོན་འགྲུས་ནི། །རྣམ་པ་ཞི་དག་རབ་ཏུ་འབྱུང་། །དེར་གནས་ལས་སུ་རུང་བ་ཉིད། །དོན་རྣམས་ཐམས་ཅད་འབྱོར་པར་འགྱུར། །ཉེས་པ་ལྔ་སྤོང་འདུ་བྱེད་བརྒྱད། །བསྟེན་པའི་རྒྱུ་ལས་བྱུང་བའོ། །ལེ་ལོ་དང་ནི་གདམས་ངག་རྣམས། །བརྗེད་དང་བྱིང་དང་རྒོད་དང་། །འདུ་མི་བྱེད་དང་འདུ་བྱེད་དེ། །དེ་དག་ཉེས་པ་ལྔར་འདོད་དོ། །གནས་དང་དེ་ལ་གནས་པ་དང་། །རྒྱུ་དང་འབྲས་བུ་ཉིད་དུའོ། །དམིགས་པ་བརྗོད་པར་མ་གྱུར་དང་། །བྱིང་དང་རྒོད་པ་རྟོགས་པ་དང་། །དེ་སྤང་མངོན་པར་འདུ་བྱེད་དང་། །ཞི་ཚེ་རྣལ་དུ་འཇུག་པའོ། །ཐར་པའི་ཆ་དང་མཐུན་བསྐྱེད་ནས། །འདུན་དང་སྦྱོར་བའི་དབང་བྱེད་དེ། །དམིགས་པ་བརྗོད་པར་མ་གྱུར་དང་། །མི་འཕྲོ་རྣམ་པར་འབྱེད་ཀྱང་ངོ། །མི་མཐུན་ཕྱོགས་ནི་བསྲབས་པའི་ཕྱིར། །སྔ་མའི་འབྲས་བུ་ཕྱི་མ་ཡིན། །དབང་པོ་དང་ནི་སྟོབས་རྣམས་ལ། །ངེས་འབྱེད་ཆ་མཐུན་གཉིས་གཉིས་སོ། །རང་བཞིན་ཡན་ལག་གནས་ཡན་ལག་ །གནས་པ་ངེས་འགྱུང་ཡན་ལག་སྟེ། །བཞི་པ་ཕན་ཡོན་ཡན་ལག་ཡིན། །རྣམ་གསུམ་ཉོན་མོངས་མེད་ཡན་ལག །འདི་ལ་བཞི་དང་གནས་དང་ནི། །ངོ་བོ་ཉིད་དུ་བསྟན་པ་ཡིན། །ཡོངས་སུ་གཅོད་དང་གོ་འབྱེད་དང་། །རྣམ་གསུམ་གཞན་ཡིད་ཆེས་པར་བྱེད། །མི་མཐུན་ཕྱོགས་ཀྱི་གཉེན་པོར་ནི། །ལམ་གྱི་ཡན་ལག་དེ་བརྒྱད་དོ། །ལྟ་དང་ཚུལ་ཁྲིམས་ཡོ་བྱད་བསྙུངས། །གཞན་ལ་རྣམ་པར་རིག་བྱེད་འདོད། །ཉོན་མོངས་ཉེ་བའི་ཉོན་མོངས་དབང་། །མི་མཐུན་

(༥༥)ཕྱོགས་ཀྱི་གཉེན་པོའོ། །རྗེས་སུ་མཐུན་ལ་ཕྱིན་ཅི་ལོག་ །རྗེས་སུ་འབྲེལ་བཅས་བཟློག་པ་དང་། །ཕྱིན་ཅི་མ་ལོག་ཕྱིན་ཅི་ལོག་ །རྗེས་སུ་འབྲེལ་མེད་སྒོམ་པའོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་ནི། །དམིགས་དང་ཡིད་ལ་བྱེད་པ་དང་། །ཐོབ་པས་དེ་ནི་ཁྱད་པར་འཕགས། །རྒྱུ་ཡི་གནས་དང་ཞུགས་པ་དང་། །སྦྱོར་དང་འབྲས་བུ་བརྗོད་པ་དང་། །བྱ་དང་བྱ་མེད་ཁྱད་པར་དང་། །དེ་ནི་བླ་མ་བླ་ན་མེད། །མོས་པ་དང་ནི་འཇུག་པ་དང་། །ངེས་པར་འབྱུང་དང་ལུང་བསྟན་དང་། །བརྗོད་པ་དང་ནི་དབང་བསྐུར་དང་། །ཕྱིན་པ་དང་ནི་ཕན་ཡོན་དང་། །བྱ་བ་སྒྲུབ་པར་བསྟན་པའོ། །ཆོས་ཀྱི་དབྱིངས་ལ་རྣམ་གསུམ་སྟེ། །མ་དག་མ་དག་དག་པ་དང་། །རྣམ་པར་དག་དང་ཅི་རིགས་སྦྱར། །འདི་ལས་ཇི་ལྟར་འོས་འོས་སུ། །གང་ཟག་རྣམ་པར་བཞག་པར་འདོད། །སྣོད་གྱུར་རྣམ་པ་སྨིན་བརྗོད་དང་། །དེ་ཡི་དབང་གིས་སྟོབས་དང་ནི། །འདོད་དང་འཕེལ་དང་རྣམ་དག་སྟེ། །དེ་དག་འབྲས་བུ་གོ་རིམ་བཞིན། །ཕྱི་མ་ཕྱི་མ་ཐོག་མ་དང་། །དེ་གོམས་བྱས་དང་རྫོགས་པའོ། །རྗེས་སུ་མཐུན་དང་མི་མཐུན་ཕྱོགས། །བྲལ་བ་དང་ནི་ཁྱད་པར་དང་། །བླ་མ་དང་ནི་བླ་ན་མེད། །འབྲས་བུ་གཞན་ཏེ་མདོར་བསྡུས་པའོ། །བསྟན་བཅོས་དབུས་དང་མཐའ་རྣམ་པར་འབྱེད་པ་ལས། །གཉེན་པོ་བསྒོམ་པའི་ལེའུར་བཅད་པ་ཞེས་བྱ་བ་སྟེ་བཞི་པའོ།། །།བླ་མེད་ཉིད་ནི་སྒྲུབ་པ་དང་། །དམིགས་པ་དང་ནི་ཡང་དག་འགྲུབ། །བསྟན་པ་ཡིན་པར་འདོད་པའོ། །སྒྲུབ་པ་དག་ནི་རྣམ་དྲུག་སྟེ། །དམ་པ་དང་ནི་ཡིད་བྱེད་དང་། །རྗེས་སུ་མཐུན་ཆོས་མཐའ་སྤངས་དང་། །ཁྱད་པར་ཅན་དང་ཁྱད་པར་མེད། །དམ་པ་དང་ནི་ཡིད་བྱེད་དང་། །དམ་པ་བཅུ་གཉིས་བདག་ཉིད་དེ། །རྒྱ་ཆེ་བ་དང་ཡུན་རིང་དབ། །ཆེད་དུ་བྱ་བ་

(༥༦)མི་ཟད་དང་། །རྒྱུན་མི་འཆད་ཚེགས་མེད་པ་དང་། །དབང་འབྱོར་བ་དང་ཡོངས་བཟུང་དང་། །བརྩོམ་དང་འཐོབ་དང་རྒྱུ་མཐུན་དང་། །འགྲུབ་པ་དམ་པར་འདོད་པ་ཡིན། །དེ་ཕྱིར་དམ་པའི་དོན་གྱིས་ནི། །ཕ་རོལ་ཕྱིན་པ་བཅུར་འདོད་དོ། །སྦྱིན་དང་ཚུལ་ཁྲིམས་བཅོད་བརྩོན་འགྲུས། །བསམ་གཏན་དང་ནི་ཤེས་རབ་ཐབས། །སྨོན་ལམ་སྟོབས་དང་ཡེ་ཤེས་ཏེ། །འདི་དག་ཕ་རོལ་ཕྱིན་བཅུའོ། །ལས་ནི་རྗེས་སུ་འཛིན་བྱེད་དང་། །གནོད་མི་བྱེད་དང་དེ་ལ་བཟོད། །ཡོན་ཏན་འཕེལ་དང་འཛུད་ནུས་དང་། །རྣམ་པར་གྲོལ་བར་བྱེད་པ་དང་། །མི་བཟད་པ་དང་རྟག་འཇུག་དང་། །ངེས་པར་ལོངས་སྤྱོད་སྨོན་པར་བྱེ། །ཐེག་པ་ཆེན་པོར་ཇི་ལྟ་བུར། །ཆོས་རྣམས་བཏགས་པར་མཛད་པ་དང་། །བྱང་ཆུབ་སེམས་དཔའ་རྟག་པར་ཡང་། །ཤེས་རབ་གསུམ་གྱིས་ཡིད་བྱེད་པའོ། །ཁམས་རྟས་བྱེད་དང་འཇུག་བྱེད་དང་། །དེ་ནི་དོན་རྣམ་འགྲུབ་པར་འགྱུར། །དེ་ནི་ཆོས་སྤྱོད་རྣམ་བཅུ་དང་། །ཡང་དག་ལྡན་པར་ཤེས་པར་བྱ། །ཡི་གེ་འདྲི་མཆོད་སྦྱིན་པ་དང་། །ཉན་དང་ཀློག་དང་ལེན་པ་དང་། །འཆད་དང་ཁ་ཏོན་བྱེད་པ་དང་། །དེ་སེམས་པ་དང་སྒོམ་པའོ། །ཡོད་པ་དེ་བཅུའི་བདག་ཉིད་ནི། །བསོད་རྣམས་ཕུང་པོ་དཔག་ཏུ་མེད། །ཁྱད་པར་ཕྱིར་དང་མི་ཟད་ཕྱིར། །གཞན་ལ་ཕན་འདོོགས་མ་ཞིའི་ཕྱིར། །མི་གཡེང་ཕྱིན་ཅི་མ་ལོག་པར། །གྱུར་པ་རྗེས་སུ་མཐུན་པའི་ཆོས། །ལྡང་དང་ཡུལ་ལ་འཇུག་པ་དང་། །དེ་བཞིན་རོ་མྱང་བྱིང་དང་རྒོད། །ཡིད་

(༥༧)ཆེས་པ་ཡི་བསམ་པ་དང་། །ཡིད་ལ་བྱེད་བ་ངར་འཛིན་དང་། །ཆུང་ངུའི་སེམས་ཀྱི་གཡེང་བ་དང་། །བློ་ལྡན་རྣམས་ཀྱིས་ཤེས་པར་བྱ། །ཡི་གེ་དོན་དང་ཡིད་བྱེད་དང་། །མི་འཕྲོ་བ་དང་མཚན་ཉིད་གཉིས་མ་དག་དག་དང་གློ་བུར་དང་། །མི་དངང་བ་དང་ཁེངས་པ་དང་། །འབྲེལ་པའི་ཕྱིར་དང་འདྲིས་ཕྱིར་དང་། །མ་འབྲེལ་ཕྱིར་དང་མ་འདྲིས་ཕྱིར། །དོན་ཡོད་པ་དང་དོན་མེད་པ། །དེ་ནི་ཡི་གེ་མ་ལོག་པའོ། །གཉིས་སུ་སྣང་བར་གྱུར་པ་ནི། །དེ་ལྟར་ཡོད་པ་མ་ཡིན་ཏེ། །དེ་ནི་དོན་ལ་མ་ལོག་པའོ། །ཡོད་དང་མེད་པ་རྣམ་པར་སྤངས། །རྟོག་པ་དེ་ཡིས་བསྒོས་པ་ནི། །རྟོག་པ་ཡིད་བྱེད་དེའི་གནས་ནི། །ཡིད་ལ་བྱེད་པ་མ་ལོག་པ། །གཉིས་སུ་སྣང་བའི་རྒྱུ་ལའོ། དོན་གྱི་མེད་དང་ཡོད་པ་དེ། །སྒྱུ་མ་ལ་སོགས་བཞིན་དུ་འདོད། །དེ་ནི་མ་འཕྲོག་མ་ལོག་སྟེ། །ཡོད་དང་མེད་པར་མི་པར་འཕྲོའི་ཕྱིར། །རྟོག་པ་ཐམས་ཅད་མིང་ཙམ་ཁོ་ན་སྟེ། །རང་བཞིན་ཉིད་མ་ལོག་པའོ། །དོན་དམ་རང་གི་མཚན་ཉིད་ལའོ། །ཆོས་ཀྱི་དབྱིངས་ནི་མ་གཏོགས་པར། །འདི་ལྟར་ཆོས་ཡོད་མ་ཡིན་ཏེ། །དེ་ཕྱིར་སྤྱི་ཡི་མཚན་ཉིད་དེ། །དེ་ནི་ཕྱིན་ཆི་མ་ལོག་པའོ། །ཕྱིན་ཅི་ལོག་གི་ཡིད་ལ་བྱེད། །མ་སྤངས་པ་དང་སྤངས་པ་ལ། །དེ་ནི་མ་དག་རྣམ་དག་སྟེ། །དེ་ཡང་དེ་ལ་མ་ལོག་པའོ། །ཆོས་ཀྱི་དབྱིངས་ནི་རང་བཞིན་གྱིས། །རྣམ་པར་དག་ཕྱིར་ནམ་མཁའི་བཞིན། །གཉིས་ནི་གློ་བུར་བྱུང་བ་སྟེ། །དེ་ཡང་དེ་ལ་མ་ལོག་པའོ། །ཆོས་རྣམས་དང་ནི་གང་ཟག་གི་ །ཀུན་

(༥༨)ནས་ཉོན་མོངས་རྣམ་དག་མེད། །མེད་ཕྱིར་དེ་བས་སྐྲག་དང་དང་། །མེད་དེ་འདིར་མ་ལོག་པའོ། །ཐ་དད་པ་དང་གཅིག་མཐའ་དང་། །མུ་སྟེགས་ཉན་ཐོས་གཉིས་ཀ་དང་། །གང་ཟག་ཆོས་ལ་སྒྲོ་འདོགས་དང་། །སྐུར་འདེབས་མཐའ་རྣམ་གཉིས་གཉིས་དང་། །མི་མཐུན་ཕྱོགས་དང་གཉེན་པོའི་མཐའ། །རྟག་དང་ཆད་པར་འདུ་ཤེས་དང་། །གཟུངས་དང་འཛིན་དང་ཀུན་ཉོན་མོངས། །རྣམ་པར་བྱང་ལ་གཉིས་དང་གསུམ། །རྣམ་པར་རྟོག་པ་གཉིས་ཀྱི་མཐའ། །དེ་ནི་རྣམ་པ་བདུན་དུ་འདོད། །དངོས་ཡོད་དངོས་མེད་ཞི་བྱ་དང་། །ཞི་བྱེད་སྐྲག་བྱ་དེ་ལ་འཇིགས། །གཟུང་དང་འཛིན་དང་ཡང་དག་ཉིད། །ལོག་པ་ཉིད་དང་བྱེད་དང་མིན། །སྐྱེ་བ་མེད་དང མཉམ་པའི་དུས། །དེ་ནི་རྣམ་རྟོག་གཉིས་ཀྱི་མཐའ། །ཁྱད་པར་ཅན་དང་ཁྱད་མེད་ནི། །ས་བཅུ་དག་ཏུ་ཤེས་པར་བྱ། །རྣམ་པར་བཞག་དང་དེ་བཞིན་དབྱིངས། །སྒྲུབ་དང་སྒྲུབ་དང་འཛིན་དང་། །ངེས་པར་འཛིན་དང་རབ་ཏུ་འཛིན། །རབ་ཏུ་རྟོགས་དང་རབ་རྒྱས་དང་། །རྣམ་པར་རྟོག་དང་རྣལ་འདུག་དང་། །ཕུལ་དུ་བྱུང་བའི་དམིགས་པར་འདོད། །མ་ཚང་མེད་དང་མི་སྤོང་དང་། །མི་གཡེང་བ་དང་རབ་རྫོགས་དང་། །ཡང་དག་བསྐྱེད་དང་འཕེལ་བ་དང་། །ལས་སུ་རུང་དང་མི་དམིགས་དང་། །སྒྲིབ་པ་མེད་པ་ཉིད་དང་དེ། །རྒྱུན་མི་གཅོད་ཡང་དག་འགྲུབ། །དབུས་རྣམས་འབྱེད་པའི་བསྟན་བཅོས་ཏེ། །རྟོགས་པར་དཀའ་དང་སྙིང་པོའི་དོན། །དོན་ཆེན་དེ་བཞིན་ཀུན་གྱི་དོན། །དོན་མེད་ཐམས་ཅད་སེལ་བའོ། །བསྟན་བཅོས་དབུས་དང་མཐའ་རྣམ་པར་འབྱེད་པ་ལས། །ཐེག་

(༥༩)པ་བླ་ན་མེད་པའི་ལེའུར་བཅས་པ་ཞེས་བྱ་བ་སྟེ་ལྔ་པའོ།། །།དབུས་དང་མཐའ་རྣམ་པར་འབྱེད་པའི་བསྟན་བཅོས། མགོན་པོ་བྱམས་པས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲྭ་དང་ཤཱི་ལེན་དྲ་བོ་དྷི་དང་། ནུ་ཆེན་གྱི་ལོ་ཙ་བ་བནེྡ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །། མངྒལ།

(༦༠)

(༦༡)ཆོས་དང་ཆོས་ཉིད་རྣམ་པར་འབྱེད་པའི་གཞུང་བཞུགས་སོ།།

(༦༢) རྒྱ་གར་སྐད་དུ། །དྷ་རྨ་དྷ་རྨ་ཏཱ་བི་བྷཾ་ག་ཏ། བོད་སྐད་དུ། ཆོས་དང་ཆོས་ཉིད་རྣམ་པར་འབྱེད་པ། འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །གང་ཕྱིར་ཤེས་ནས་འགའ་ཞིག་སྤང་བྱ་ཞིང་། །གཞན་དག་འགའ་ཞིག་མངོན་སུམ་བྱ་བའི་ཕྱི། །དེས་ན་དེ་དག་མཚན་ཉིད་ལས་རྣམ་དབྱེ། །བྱེད་པར་འདོད་ནས་བསྟན་བཅོས་འདི་མཛད་དོ། །འདི་དག་ཐམས་ཅད་ནི་གཉིས་ཀྱིས་བསྡུས་ཏེ། ཆོས་དང་ཆོས་ཉིད་ཀྱིས་སོ། །ཆོས་ཀྱིས་ཉེ་བར་མཚོན་པ་ནི་འཁོར་བའོ། །ཆོས་ཉིད་ཀྱིས་ཉེ་བར་མཚོན་པ་ནི་ཐེག་པ་གསུམ་གྱི་མྱ་ངན་ལས་འདས་པའོ། །གཉིས་དང་བརྗོད་པ་ཇི་ལྟར་སྣང་བ་ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོགས་པ་ནི་ཆོས་ཀྱི་མཚན་ཉིད་དེ། །མེད་པ་སྣང་བ་ནི་ཡང་དག་པ་མ་ཡིན་པའོ། ཀུན་ཏུ་རྟོག་པ་ནི་ཐམས་ཅད་དུ་དོན་མེད་པར་རྟོག་པ་ཙམ་མོ། །གཟུང་བ་དང་། འཛིན་པ་དང་། བརྗོད་པ་བརྗོད་པར་བྱ་བའི་ཁྱད་པར་མེད་པའི་དེ་བཞིན་ཉིད་ནི་ཆོས་ཀྱི་མཚན་ཉིད་དང་། །མེད་པ་སྣང་བའི་ཕྱིར་འཁྲུལ་ལ་པ་ནི་ཀུན་ནས་ཉོན་མོངས་པའི་རྒྱུ་སྟེ། །སྒྱུ་མའི་གླང་པོ་ཆེ་ལ་སོགས་པ་མཐོང་བ་བཞིན་ཏེ། །ཡོད་པ་མི་མཐོང་བས་ཀྱང་ངོ། །མེད་པ་དང་སྣང་བ་དག་ལས་གང་ཡང་རུང་བ་ཞིག་མེད་ན་འཁྲུལ་པ་དང་མ་འཁྲུལ་བ་དང་། ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་རྗེས་སུ་འཇུག་པར་མི་འགྱུར་རོ། །གཉིས་པོ་དག་གཅིག་པ་དང་ཐ་དད་པ་མ་ཡིན་ཏེ། །ཡོད་པ་དང་མེད་པའི་ཁྱད་པར་དང་ཁྱད་པར་མེད་པའི་ཕྱིར་རོ། །རྣམ་པ་དྲུག་གིས་ཆོས་རྟོགས་པ་གོང་ན་མེད་པ་ཡིན་ཏེ། མཚན་དང་། གྲུབ་པ་དང་། གཅིག་

(༦༣)པ་དང་། ཐ་དད་པ་མ་ཡིན་པ་དང་། ཀུན་ཏུ་གནས་པ་དང་། ཐུན་མོང་དང་ཐུན་མོང་མ་ཡིན་བ་དང་། །གཟུང་བ་དང་འཛིན་པར་སྣང་བ་དངོས་པོ་མེད་པར་འཇུག་པའོ། །མཚན་ཉིད་དང་། གྲུབ་པ་དང་། གཅིག་པ་དང་། ཐ་དད་པ་མ་ཡིན་པ་རྣམས་ནི་ཇི་ལྟར་མདོར་བསྟན་པ་བཞིན་ནོ། །གང་གང་དུ་འཁོར་བར་བྱེད་པ་དེ་ནི་ཀུན་ཏུ་གནས་པ་སྟེ། སེམས་ཅན་དང་སྣོད་ཀྱི་འཇིག་རྟེན་ནོ། །སྣོད་ཀྱི་འཇིག་རྟེན་ནི་ཐུན་མོང་བ་བཞིན་ཉིད་དུ་རྣམ་པར་རིགས་པའོ། །སེམས་ཅན་གྱི་འཇིག་རྟེན་ནི་ཐུན་མོང་དང་ཐུན་མོང་མ་ཡིན་པའོ། །སྐྱེ་བ་དང་ཐ་སྙད་དང། རྗེས་སུ་བཟུང་བ་དང་། ཚར་གཅད་པ་དང་། ཡོན་ཏན་དང་། སྐྱོན་ཕན་ཚུན་བྱེད་པའི་ཕྱིར་ཕན་ཚུན་བདག་པོ་ཉིད་ཀྱིས་ནི་ཐུན་མོང་པའོ། །གནས་དང་རྣམ་པར་རིག་པ་དང་། ལས་དང་བདེ་བ་དང་། སྡུག་བསྔལ་བ་དང་། འཆི་འཕོ་དང་། སྐྱེ་བ་དང་། བཅིངས་པ་དང་། གྲོལ་བ་ནི་ཐུན་མོང་མ་ཡིན་པ་ཉིད་ཀྱིས་ན་ཐུན་མོང་མ་ཡིན་པའོ། །ཐུན་མོང་དུ་ཕྱི་རོལ་དུ་གཟུང་བར་སྣང་བ་ཉིད་ནི་འཛིན་པའི་ཤེས་པ་ཉིད་ཡིན་གྱི། ཤེས་པ་ལས་ལོགས་ཤིག་ན་དོན་མེད་དེ། ཐུན་མོང་ཉིད་ཀྱི་ཕྱིར་རོ། །ཐུན་མོང་མ་ཡིན་པའི་གཟུང་བའི་རྣམ་པར་ཤེས་པའི་དོན་གཞན་གྱིས་སེམས་ལ་སོགས་པ་ནི་མཉམ་པར་བཞག་པ་དང་། མཉམ་པར་མ་བཞག་པའི་འཛིན་པའི་རྣམ་པར་རིག་པའི་ཡང་ཕན་ཚུལ་ཡུལ་མ་ཡིན་ཏེ། མཉམ་པར་མ་བཞག་པ་ལ་ནི་རང་གི་རྣམ་པར་རྟོག་པ་རབ་ཏུ་སྣང་བའི་ཕྱིར་རོ། །མཉམ་པར་བཞག་པ་ཡང་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་ལ་དེའི་གཟུགས་བརྙན་རབ་ཏུ་སྣང་བའི་ཕྱིར། །གཟུང་བར་སྣང་བ་མེད་ན་འཛིན་པར་སྣང་བ་མེད་པར་ཡང་རབ་ཏུ་གྲུབ་པོ། །དེས་ན་གཟུང་བ་དང་

(༦༤)འཛིན་པར་སྣང་བ་མེད་པར་རྟོགས་པ་རབ་ཏུ་གྲུབ་བོ། །ཐོག་མ་མེད་པའི་ཀུན་ནས་བློང་བ་རབ་ཏུ་གྲུབ་པའི་ཕྱིར་རོ། །རྣམ་པ་དྲུག་གིས་ཆོས་ཉིད་རྟོགས་པ་གོང་ན་མེད་པ་ཡིན་ཏེ། མཚན་ཉིད་དང་། །ཀུན་ཏུ་གནས་པ་དང་། །ངེས་པར་འབྱེད་པ་དང་། རེག་པ་དང་། །རྗེས་སུ་དྲན་པ་དང་། དེའི་བདག་ཉིད་དུ་ཉེ་བར་འགྲོ་བར་དེ་རབ་ཏུ་རྟོག་པའོ། །མཚན་ཉིད་ནི་མདོར་བསྟན་པ་བཞིན་ནོ། །ཀུན་དུ་གནས་པའི་ཆོས་ཐམས་ཅད་དང་། །མདོ་སྡེ་གསུང་རབ་ཡན་ལག་བཅུ་གཉིས་ཐམས་ཅད་ཀྱི་ཚིག་གི་ཚོགས་སོ། །ངེས་པར་འབྱེད་པ་ནི་ཐེག་པ་ཆེན་པོའི་མདོ་སྡེ་ལ་བརྟེན་ནས་ཚུལ་བཞིན་ཡིད་ལ་བྱེད་པས་བསྡུས་པའི་སྦྱོར་བའི་ལམ་ཐམས་ཅད་དོ། །རེག་པ་ནི་ཡང་དག་པའི་ལྟ་བ་ཐོབ་ཕྱིར་མཐོང་བའི་ལམ་གྱིས་དེ་བཞིན་ཉིད་རབ་ཏུ་རྟོགས་ཤིང་ཉམས་སུ་མྱོང་བ་སྟེ། །མངོན་སུམ་ཉིད་དུ་སྦྱོར་བས་སོ། །རྗེས་སུ་དྲན་ཇི་ལྟར་རེག་པའི་བྱང་ཆུབ་ཀྱི་ཕྱོགས་ཀྱིས་བསྡུས་པ་དེའི་དྲི་མ་སེལ་བའི་སྒོམ་པའི་ལམ་ཐམས་ཅད་དོ། །དེའི་བདག་ཉིད་དུ་ཉེ་བར་འགྲོ་བ་དེ་བཞིན་ཉིད་དྲི་མ་མེད་པར་གྱུར་པ་ལས་རྣམ་པ་ཐམས་ཅད་དུ་དེ་བཞིན་ཉིད་ཙམ་སྣང་བ་སྟེ། །དེ་ནི་གནས་ཡོངས་སུ་གྱུར་པའི་ཡོངས་སུ་གྲུབ་པའོ། །རྣམ་པ་བཅུ་རྣམས་ཀྱིས་གནས་ཡོངས་སུ་གྱུར་པ་རྟོགས་པ་ནི་གོང་ན་མེད་པ་སྟེ། ངོ་བོ་དང་། དངོས་པོ་དང་། གང་ཟག་དང་། ཁྱད་པར་དང་། དགོས་པ་དང་གནས་དང་། ཡིད་ལ་བྱེད་པ་དང་། སྦྱོར་བ་དང་། ཉེས་དམིགས་དང་། ཕན་ཡོན་ལ་རབ་ཏུ་རྟོགས་པའོ། །ངོ་བོ་རྟོགས་པ་ནི་དེ་བཞིན་ཉིད་དྲི་མ་ལ་གློ་བུར་གྱི་ཉོན་མོངས་པ་དང་དེ་བཞིན་ཉིད་མི་སྣང་བ་དང་སྣང་བའོ། །དངོས་པོ་རྟོགས་པ་ནི་ཐུན་མོང་གི་སྣོད་ཀྱི་རྣམ་པར་

(༦༥)རིག་པ་དེ་བཞིན་ཉིད་དུ་གྱུར་པ་དང་། །མདོ་སྡེའི་ཆོས་ཀྱི་དབྱིངས་དེ་བཞིན་ཉིད་དུ་གྱུར་པ་དང་། ཐུན་མོང་མ་ཡིན་པའི་སེམས་ཅན་གྱི་ཁམས་ཀྱི་རྣམ་པར་རིག་པ་དེ་བཞིན་ཉིད་དུ་གྱུར་པའོ། །གང་ཟག་རྟོགས་པ་ནི་དང་པོ་གཉིས་དེ་བཞིན་ཉིད་དུ་གྱུར་བ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཉིད་ཀྱིའོ། །ཕྱི་མ་ནི་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་ཡང་ངོ། །ཁྱད་པར་རྟོགས་པ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པའི་ཁྱད་པར་དང་། །ཆོས་ཀྱི་སྐུ་དང་། ལོངས་སྤྱོད་རྫོགས་པའི་ཁྱད་པར་དང་། སྤྲུལ་པའི་སྐུ་ཐོབ་པའི་ཁྱད་བར་ཀྱང་ཡིན་ཏེ། མཐོང་བ་དང་། སྟོན་པ་དང་། འབྱོར་པ་བརྙེས་པའི་ཁྱད་པར་གྱི་ཕྱིར་རོ། །དགོས་པ་རྟོགས་པ་ནི་སྔོན་གྱི་སྨོན་ལམ་ཁྱད་པར་དང་། །ཐེག་པ་ཆེན་པོ་སྟོན་པ་ལ་དམིགས་པའི་ཁྱད་པར་གྱི་དང་། ས་བཅུ་ལ་རབ་ཏུ་སྦྱོར་བའི་ཁྱད་པར་གྱི་ཕྱིར་རོ། །གནས་རྟོག་པ་ནི། རྣམ་པ་དྲུག་གིས་རྣམ་པར་མི་རྟོག་པའི་ཕྱིར་རོ། །རྣམ་པ་དྲུག་གིས་རྟོགས་པ་ཉིད་ནི་དམིགས་པ་ལས་དང་། མཚན་མ་ཡོངས་སུ་སྤངས་ལས་དང་། ཡང་དག་པར་སྦྱོར་བ་ལས་དང་། མཚན་ཉིད་ཀྱི་ཕྱིར་དང་། ཕན་ཡོན་གྱི་ཕྱིར་དང་། ཡོངས་སུ་ཤེས་པའི་ཕྱིར་རོ། །རྣམ་པ་བཞིས་དམིགས་པ་རྟོགས་པ་སྟེ། ཐེག་པ་ཆེན་པོ་སྟོན་པ་དང་། དེ་ལ་མོས་པ་དང་། ངེས་པ་དང་། ཚོགས་ཡོངས་སུ་རྫོགས་པ་རྣམས་ཀྱིས་སོ། །རྣམ་པ་བཞིས་མཚན་མ་སྤོང་བ་རྟོགས་སྟེ། མི་མཐུན་པའི་ཕྱོགས་དང་། །གཉེན་པོའི་ཕྱོགས་དང་། དེ་བཞིན་ཉིད་དང་། རྟོགས་པའི་ཆོས་ཀྱི་མཚན་མ་ཡོངས་སུ་སྤོང་བ་ལས་ཏེ། །རགས་པ་དང་

(༦༦)འབྲིང་བོ་དང་། ཕྲ་བ་དང་། རིང་དུ་རྗེས་སུ་འགྲོ་བའི་མཚན་མ་ཡོངས་སུ་སྤོང་བ་རྣམས་གྲངས་ཇི་ལྟ་བ་བཞིན་དུ་འདིས་ཡང་དག་པར་བསྟན་པ་ཡིན་ནོ། །ཡང་དག་པར་སྦྱོར་བ་རྟོགས་པ་ལ་ཡང་རྣམ་པ་བཞི་སྟེ། དམིགས་པའི་སྦྱོར་བ་ལས་དང་། དམིགས་པ་མི་དམིགས་པ་ཉིད་དུ་སྦྱོར་བ་ལས་དང་། མི་དམིགས་པ་དམིགས་པར་སྦྱོར་བ་ལས་སོ། །མཚན་ཉིད་རྟོགས་པ་ལ་ཡང་རྣམ་པ་གསུམ་སྟེ། ཆོས་ཉིད་ལ་རབ་ཏུ་གནས་པའི་ཕྱིར་ནི་གཉིས་སུ་མེད་པ་བརྗོད་པ་དང་བྲལ་བའི་ཆོས་ཉིད་ལ་རབ་ཏུ་གནས་པའི་ཕྱིར་རོ། །སླང་བ་མེད་པའི་ཕྱིར་ནི་གཉིས་དང་། །ཇི་ལྟར་བརྗོད་པ་དང་། དབང་པོ་དང་། ཡུལ་དང་། རྣམ་པར་རིགས་དང་། སྣོད་ཀྱི་འཇིག་རྟེན་རྣམས་སུ་སྣང་བ་མེད་པའི་ཕྱིར་རོ། །དེ་རྣམས་ཀྱིས་ནི་གཟུགས་མེད་པ། །བསྟན་དུ་མེད་པ། གནས་མེད་པ། སྣང་བ་མེད་པ། རྣམ་པར་རིག་པ་མེད་པ། རྟེན་མེད་པ་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་སོ་ཞེས་ཇི་ལྟར་མདོ་ལས་གསུངས་པའི་མཚན་ཉིད་དེ་གསལ་བར་བསྟན་ཡིན་ནོ། །སྣང་བའི་ཕྱིར་ནི་ནམ་མཁའི་དཀྱིལ་ལྟར་ཆོས་ཐམས་ཅད་མཐོང་བའི་ཕྱིར་དང་། སྒྱུ་མ་ལ་སོགས་པ་ལྟར་འདུ་བྱེད་ཐམས་ཅད་མཐོང་བའི་ཕྱིར་རོ། །ཕན་ཡོན་རྟོགས་པ་ནི་རྣམ་པ་བཞི་སྟེ། ཆོས་ཀྱི་སྐུ་རྫོགས་པར་རབ་ཏུ་ཐོབ་པའི་ཕྱིར་དང་། གོང་ན་མེད་པའི་བདེ་བའི་གནས་པ་རབ་ཏུ་ཐོབ་པའི་ཕྱིར་དང་། མཐོང་བའི་ཕྱིར་དང་། མཐོང་བའི་འབྱོར་པ་རབ་ཏུ་ཐོབ་པའི་ཕྱིར་དང་། སྟོན་པའི་འབྱོར་པ་རབ་ཏུ་ཐོབ་པའི་ཕྱིར་རོ། །ཡོངས་སུ་ཤེས་པ་ལས་རྟོགས་པ་ཡང་རྣམ་པ་བཞི་སྟེ། །གཉེན་པོ་ཡོངས་སུ་ཤེས་པའི་ཕྱིར་དང་། །མཚན་ཉིད་ཡོངས་སུ་ཤེས་པའི་ཕྱིར་དང་། ཁྱད་པར་

(༦༧)ཡོངས་སུ་ཤེས་པའི་ཕྱིར་དང་། །ལས་ཡོངས་སུ་ཤེས་པའི་ཕྱིར་རོ། །དེ་ལ་གཉེན་པོ་ཡོངས་སུ་ཤེས་པ་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་ཏེ། ཆོས་དང་། གང་ཟག་དང་། གྱུར་པ་དང་། ཐ་དད་པ་དང་། སྐུར་པ་ལྔ་ནི་བདེན་པའི་ངོ་བོ་ལས་ཞེན་པའི་གཉེན་པོའོ། མཚན་ཉིད་ཡོངས་སུ་ཤེས་པ་ནི། ཡིད་ལ་བྱེད་པ་མེད་པ་དང་། ཡང་དག་པར་འདས་པ་དང་། ཉེ་བར་ཞི་བ་དང་། ངོ་བོའི་དོན་དང་། བཀྲ་བར་འཛིན་པ་ལྔ་སྤངས་པ་ནི་རང་གི་མཚན་ཉིད་དོ། །ཁྱད་པར་ཡོངས་སུ་ཤེས་པ་ནི་རྟོག་པ་མེད་པ་དང་། ཕྱོགས་གཅིག་པ་མ་ཡིན་པ་ཉིད་དང་། གནས་པ་མེད་པ་ཉིད་དང་། གཏན་དུ་བ་ཉིད་དང་། གོང་ན་མེད་པ་རྣམ་པ་ལྔའི་ཁྱད་པར་གྱི་ཕྱིར་རོ། །ལས་ཡོངས་སུ་ཤེས་པ་ནི། རྣམ་པར་རྟོག་པར་མིང་དུ་བྱེད་པ་དང་། །བླ་ན་མེད་པའི་བདེ་བ་སྦྱིན་པ་དང་། ཉོན་མོངས་པ་དང་། ཤེས་བྱའི་སྒྲིབ་པ་དང་བྲལ་བར་སྦྱོར་བ་དང་། དེའི་རྗེས་ལས་ཐོབ་པའི་ཡེ་ཤེས་ཀྱིས་ཤེས་བྱའི་རྣམ་པ་ཐམས་ཅད་ལ་འཇུག་པ་དང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་དང་། སེམས་ཅན་ཡོངས་སུ་སྨིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་སྟོང་པར་བྱེད་པའི་རྣམ་པ་ལྔ་ནི་ལས་ཀྱི་ཁྱད་པར་རོ། །ཡིད་ལ་བྱེད་པ་རྟོགས་པ་ནི། ཇི་སྐད་དུ། བྱང་ཆུབ་སེམས་དཔའ་རྣམ་པར་མི་རྟོག་པའི་ཡེ་ཤེས་དེ་རྟོགས་པར་འདོད་པ་དེ་འདི་ལྟར་ཡིད་ལ་བྱེད་པ། དེ་བཞིན་ཉིད་མི་ཤེས་པ་ཐོག་མ་མེད་པའི་དུས་ཅན་ལས་ཏེ། ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པས་ས་བོན། །ཐམས་ཅད་པ་སྟེ། མི་བདེན་པ་གཉིས་སུ་སྣང་བའི་རྒྱུ་དང་། དེ་ལ་བརྟེན་པ་ཐ་དད་པ་ཡང་ཡིན་ཏེ་དེ་ལ་རྒྱུ་དང་འབྲས་བུར་བཅས་པ་སྣང་དུ་ཟིན་ཀྱང་མི་བདེན་པ་ཡིན་ནོ། །དེ་ལྟར་སྣང་བས་ཀྱང་དེའི་ཆོས་ཉིད་ནི་སྣང་བ་མེད་ལ། དེ་སྣང་བ་མེད་ལས་ཀྱང་ཆོས་ཉིད་སྣང་བ་ཡིན་ནོ་

(༦༨)ཞེས་ཚུལ་བཞིན་ཡིད་ལ་བྱེད་པ་དང་། བྱང་ཆུབ་སེམས་དཔའ་རྣམ་པར་མི་རྟོག་པའི་ཡེ་ཤེས་རྟོགས་པ་ཡིན་ནོ། །དེ་ལྟར་ཉེ་བར་དམིགས་པ་ལས་རྣམ་པར་རིག་པ་ཙམ་ལ་ཉེ་བར་དམིགས་པ་རྟོགས་པར་བྱེད་དོ། །རྣམ་པར་རིག་པ་ཙམ་ལ་ཉེ་བར་དམིགས་པ་ལས་དོན་ཐམས་ཅད་དམིགས་པ་མེད་པར་བྱེད་དོ། །དོན་ཐམས་ཅད་དམིགས་པ་མེད་པ་ལས་རྣམ་པར་རིགས་པ་ཙམ་ཡང་མི་དམིགས་པ་རྟོགས་པར་བྱེད་དོ། །དེ་མི་དམིགས་པ་ལས་གཉི་ག་ཁྱད་པར་དམིགས་པ་རྟོགས་པར་བྱེད་པ་ཡིན་ནོ། །དེར་གང་ཡང་གཉིས་དམིགས་པ་མེད་བ་དེ་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་ཏེ། ཡུལ་མེད་ཅིང་དམིགས་པ་མེད་པ་ཡིན་ཏེ། མཚན་མ་ཐམས་ཅད་མི་དམིགས་པས་ཉེ་བར་མཚོན་པ་ཉིད་ཀྱི་ཕྱིར་རོ། །སྦྱོར་བ་རྟོགས་པ་ནི་རྣམ་པ་བཞི་སྟེ། མོས་པས་སྤྱོད་པའི་ས་ལ་མོས་པས་སྦྱོར་བའི་ཕྱིར་དང་། དེ་ཉིད་ངེས་པར་འབྱེད་པའི་གནས་སྐབས་སོ། །དེ་ཉིད་ས་དང་པོ་ལ་སོ་སོར་རིག་པར་སྦྱོར་བའི་ཕྱིར་དང་། དེ་ཉིད་ནི་རེག་པའི་གནས་སྐབས་སོ། །རྣམ་པར་མ་དག་པའི་ས་དྲུག་ལ་སྒོམ་པ་ལ་རབ་ཏུ་སྦྱོར་བའི་ཕྱིར་དང་། ཡོངས་སུ་དག་པ་གསུམ་པོ་ལ་ཡང་ངོ་། །དེ་ཉིད་ནི་རྗེས་སུ་དྲན་པའི་གནས་སྐབས་སོ། །སངས་རྒྱས་ཀྱི་ས་ལ་མཐར་ཕྱིན་སྦྱོར་བའི་ཕྱིར་ཏེ། །ལྷུན་གྱིས་གྲུབ་པར་སངས་རྒྱས་ཀྱི་མཛད་པ་རྒྱུན་མི་འཆད་པའི་ཕྱིར་རོ། །དེ་ཉིད་ནི་དེའི་བདག་ཉིད་ནི་རྗེས་སུ་དྲན་པའི་གནས་སྐབས་སོ། །ཉེས་དམིགས་རྟོགས་པ་ནི། །གནས་སྐབས་སུ་གྱུར་པ་མེད་ནའོ། །ཉེས་དམིགས་པ་རྣམ་པ་བཞི་སྟེ། ཉོན་མོངས་པ་མི་འཇུག་པའི་རྟེན་མེད་པའི་ཉེས་དམིགས་དང་། ལམ་འཇུག་པའི་རྟེན་མེད་པའི་ཉེས་དམིགས་དང་། གང་ཟག་མྱ་ངན་ལས་འདས་པར་ཐ་སྙད་བཞག་པའི་རྟེན་མེད་པའི་ཉེས་དམིགས་

(༦༩)དང་། བྱང་ཆུབ་རྣམ་པ་གསུམ་གྱི་ཁྱད་པར་གྱི་ཐ་སྙད་བཞག་པའི་རྟེན་མེད་པའི་ཉེས་དམིགས་སོ། །དེ་དག་ལས་བཟློག་པ་ལ་བརྟེན་ནས་གནས་ཡོངས་སུ་གྱུར་པ་ཡོད་པ་ལ། ཕན་ཡོན་རྣམ་པ་བཞི་ཉིད་དུ་རིག་པར་བྱའོ། །དེ་དག་ཉིད་ནི་གནས་གྱུར་པ་ཇི་ལྟ་བར་རྟོགས་པ་རྣམ་པ་བཅུ་རིག་པར་བྱའོ། །མེད་པའི་ཆོས་སྣང་བ་ནི། །དཔེར་ནི་སྒྱུ་མ་དང་རྨི་ལམ་ལ་སོགས་པ་བཞིན་ནོ། །གནས་གྱུར་པའི་དཔེ་ནི། ནམ་མཁའ་དང་གསེར་དང་ཆུ་ལ་སོགས་པ་བཞིན་ནོ།། །།།ཆོས་དང་ཆོས་ཉིད་རྣམ་པར་འབྱེད་པ་འཕགས་པ་བྱམས་པས་མཛད་པ་རྫོགས་སོ།།་ །།རྒྱ་གར་གྱི་མཁན་པོ་པཎིྜ་ཏ་ཤཱན་བྷ་དྲ་དང་། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་ཚུལ་ཁྲིམས་རྒྱལ་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ་ལས། སླད་ཀྱི་ཁ་ཚའི་མཁན་པོ་པཎིྜ་ཏ་པ་ར་ཧ་ཏ་དང་། ཞུ་ཆེན་་གྱི་ལོ་ཙཱ་བ་དགེ་སློང་དགའ་རྡོར་གྱིས་ཐུགས་དམ་ས་ཐོ་ལིང་གི་གཙུག་ལག་ཁང་དུ་བཅོས་ཤིང་གཏན་ལ་ཕལ་པ།།

(༧༠)

(༧༡)ཆོས་དང་ཆོས་ཉིད་རྣམ་འབྱེད་ཚིག་བཅད་མ་བཞུགས།

(༧༢)རྒྱ་གར་སྐད་དུ། དྷ་རྨ་དྷ་རྨ་ཏཱ་བི་བྷཾ་ག་ཀཱ་རི་ཀ། བོད་སྐད་དུ། ཆོས་དང་ཆོས་ཉིད་རྣམ་པར་འབྱེད་པའི་ཚིག་ལེའུར་བྱས་པ། མགོན་པོ་བྱམས་ལ་ཕྱག་འཚལ་ལོ། །ཤེས་ནས་འགའ་ཞིག་ཡོངས་སུ་སྤང་བྱ་ཞིང་། །གཞན་འགའ་ཞིག་ནི་མངོན་སུམ་ཉིད་དུ་བྱ། །དེས་ན་དེ་དག་མཚན་ཉིད་རྣམ་དབྱེ་བ། །བྱེད་པར་འདོད་པས་བསྟན་བཅོས་འདི་བརྩོམ་མོ། །འདི་དག་ཐམས་ཅད་མདོར་བསྡུ་ན། །རྣམ་པ་གཉིས་སུ་ཤེས་བྱ་སྟེ། །ཆོས་དང་དེ་བཞིན་ཆོས་ཉིད་ཀྱིས། །ཐམས་ཅད་བསྡུས་པ་ཉིད་ཕྱིར་རོ། །དེ་ལ་ཆོས་ཀྱིས་ཕྱེ་བ་ནི། །འཁོར་བ་ཡིན་ཏེ་ཆོས་ཉིད་ཀྱིས། །རབ་ཏུ་ཕེ་བ་ཐེག་གསུམ་གྱི། །མྱ་ངན་ལས་ནི་འདས་པའོ། །དེ་ལས་ཆོས་ཀྱིས་མཚན་ཉིད་ནི། །གཉིས་དང་ཇི་ལྟར་མངོན་བརྗོད་པར། །སྣང་བ་ཡང་དག་མ་ཡིན་པའི། །སྣང་བ་ཡང་དག་མ་ཡིན་པའི། །ཀུན་རྟོག་པ་སྟེ་མེད་སྣང་ཕྱིར་དེས་ན་ཡང་དག་མ་ཡིན་པའོ། །དེ་ཡང་ཐམས་ཅད་དོན་མེད་ཅིང་། །རྟོག་ཙམ་ཡིན་པས་ཀུན་རྟོག་པའོ། །གཞན་ཡང་ཆོས་ཉིད་མཚན་ཉིད་ནི། །གཟུང་བ་དང་ནི་འཛིན་པ་དང། །བརྗོད་པར་བྱ་དང་རྗོད་པར་བྱེད། །ཁྱད་མེད་དེ་བཞིན་ཉིད་ཡིན་ནོ། །མེད་པ་སྣང་ཕྱིར་འཁྲུལ་པ་ནི། །ཀུན་ནས་ཉོན་མོངས་རླུ་ཡིན་ཏེ། །སྒྱུ་མའི་གླང་ཆེན་སོགས་སྣང་བཞིན། །ཡོད་པ་ཡང་ནི་མི་སྣང་ཕྱིར། །མེད་སྣང་དག་ལས་གང་རུང་ཞིག་ །མེད་ན་འཁྲུལ་པ་དང་མ་འཁྲུལ་དང་། །དེ་བཞིན་ཀུན་ནས་ཉོན་མོངས་དང་། །རྣམ་པར་བྱང་བ་མི་འཐད་དོ། །གཉིས་པོ་དག་ནི་གཅིག་ཉིད་དང་། །སོ་སོ་བ་ཡང་མ་ཡིན་ཏེ། །ཡོད་པ་དང་ནི་མེད་པ་དག་ །ཁྱད་པར་ཡོད་དང་མེད་ཕྱིར་རོ། །རྣམ་པ་དྲུག་གིས་ཆོས་རྣམས་ལ། །འཇུག་པ་བླ་ན་མེད་པ་སྟེ། །མཚན་ཉིད་དང་ནི་གྲུབ་པ་སྟེ། །གཅིག་དང་ཐ་དད་

(༧༣)མ་ཡིན་ཞིང་། །གནས་ནི་ཐུན་མོང་ཐུན་མོང་མིན། །གཟུང་འང་འཛིན་པར་སྣང་བ་ནི། །མེད་ལ་རབ་ཏུ་འཇུག་པས་སོ། །དེ་ལ་མཚན་ཉིད་གྲུབ་པ་དང་། །གཅིག་དང་ཐ་དད་མ་ཡིན་པ། །ཇི་ལྟར་མདོར་བསྟན་དུའོ། །གང་ཞིག་གང་དུ་འཁོར་བ་ན། །དེ་ནི་ཀུན་ཏུ་གནས་པ་སྟེ། །སེམས་ཅན་ཁམས་དང་སྣོད་ཀྱི་ཁམས། །སྣོད་ཀྱི་ཁམས་ནི་ཐུན་མོངས་ལྟར། །རྣམ་པར་རིག་པ་ཐུན་མོང་ཡིན། །སེམས་ཅན་ཁམས་ནི་ཐུན་མོང་དང་། །ཡང་ན་ཐུན་མོང་མ་ཡིན་པའོ། །དེ་ལ་སྐྱེ་དང་ཐ་སྙད་དང་། །རྗེས་སུ་བཟུང་དང་ཚར་བཅད་དང་། །ཕན་པ་དང་ནི་གནོད་པ་དང་། །ཡོན་ཏན་སྐྱོན་ནི་ཕན་ཚུན་དུ། །བདག་པོ་ཉིད་ཀྱིས་ཕན་ཚུན་དུ། །ཡིན་པའི་ཕྱིར་ན་ཐུན་མོང་པའོ། །གནས་དང་རྣམ་པར་རིག་པ་དང་། །བདེ་སྡུག་ལས་དང་འཆི་འཕོ་དང་། །སྐྱེ་བ་དང་ནི་བཅིངས་པ་དང་། །གྲོལ་བ་ཐུན་མོང་མ་ཡིན་ཕྱིར། །དེ་ནས་ཐུན་མོང་མ་ཡིན་པའོ། །ཕྱི་རོལ་བཟུང་བ་ཐུན་མོང་བར། །སྣང་བ་འཛིན་པའི་རྣམ་རིག་པའོ། །རྣམ་པར་ཤེས་ལས་ཕྱི་རོལ་ཏུ། །གྱུར་པའི་དོན་ཡོད་མ་ཡིན་ཏེ། །ཐུན་མོང་བ་ཉིད་ཡིན་ཕྱིར་རོ། །ཅིག་ཤོས་ཐུན་མོང་མ་ཡིན་བའི། །གཟུང་བ་རྣམ་པར་རིག་པའི་དོན། །གཞན་གྱི་སེམས་ལ་སོགས་པ་ནི། །མཉམ་བར་མ་བཞག་མཉམ་གཞག་པའི། །འཛིན་པའི་རྣམ་པར་རིག་པ་ལ། །ཕན་ཚུན་ཡུལ་གྱུར་མ་ཡིན་ཏེ། །མཉམ་པ་མ་བཞག་བ་ལ་ནི། །རང་གི་རྣམ་རྟོག་སྣང་ཕྱིར་དང་། །མཉམ་པར་བཞག་པ་དག་ལ་ནི། །ཏིང་ངེ་འཛིན་གྱི་སྤྱོད་ཡུལ་དེའི། །གཟུགས་བརྙན་རབ་ཏུ་སྣང་ཕྱིར་རོ། །གཟུང་བར་སྣང་བ་མེད་གྲུབ་ན། །འཛིན་པར་སྣང་བ་མེད་གྲུབ་བོ། །དེ་ལས་ཀྱང་ནི་བཟུང་བ་དང་། །འཛིན་པར་སྣང་བ་མེད་པ་ལ། །འཇུག་པ་གྲུབ་སྟེ་ཐོག་མེད་པའི། །ཀུན་ནས་ལྡང་བ་གྲུབ་པས་སོ། །གཉིས་སུ་ཡོངས་སུ་མ་གྲུབ་པར། །རབ་ཏུ་གྲུབ་པར་ཡིན་ཕྱིར་རོ། །རྣམ་པ་དྲུག་གིས་ཆོས་ཉིད་ལ། །འཇུག་པ་བླ་ན་མེད་

(༧༤)པ་སྟེ། །མཚན་ཉིད་ཀུན་དུ་གནས་པ་དང་། །ངེས་པར་འབྱེད་དང་རེག་པ་དང་། །རྗེས་སུ་དྲན་དང་དེ་དག་ཉིད། །ཉེ་བར་སོན་ལ་འཇུག་པས་སོ། །མཚན་ཉིད་མདོ་ནི་ཇི་ལྟ་བཞིན། །གནས་ནི་ཆོས་རྣམས་ཐམས་ཅད་དེ། །འོན་ཀྱང་མདོ་སྡེ་ཐམས་ཅད་ཀྱང་། །དེ་ལ་ངེས་པར་འབྱེད་པ་ནི། ཐེག་པ་ཆེན་པོའི་མདོ་སྡེ་ལ། །བརྟེན་པའི་ཚུལ་བཞིན་ཡིད་བྱེད་པས། །བསྡུས་པའི་སྦྱོར་ལམ་ཐམས་ཅད་དོ། །རེག་པ་ཡང་དག་ལྟ་ཐོབ་ཕྱིར། །མཐོང་བའི་ལམ་གྱི་མངོན་གསུམ་གྱི། །ཚུལ་དུ་དེ་བཞིན་ཉིད་ཐོབ་ཅིང་། །ཉམས་སུ་མྱོང་བ་གང་ཡིན་པའོ། །རྗེས་སུ་དྲན་པ་རེག་པས་ནི། །མཐོང་བའི་དོན་ལ་སྒོམ་ལམ་གྱི། །བྱང་ཆུབ་ཕྱོགས་ཀྱིས་བསྡུས་པ་སྟེ། །དེ་ཡི་དྲི་མ་སེལ་བའི་ཕྱིར། །དེ་ལ་དེ་ཡི་བདག་ཉིད་དུ། །ཉེ་བར་སོན་པའི་དེ་བཞིན་ཉིད། །དྲི་མ་མེད་པར་གྱུར་པ་ན། །ཐམས་ཅད་དེ་བཞིན་ཉིད་ཙམ་དུ། །སྣང་བ་དེ་ཡང་གནས་གྱུར་བ། །གྲུབ་པ་ཡིན་ནོ་རྣམ་པ་བཅུས། །གནས་ཡོད་གྱུར་ལ་འཇུག་པ་ནི། །བླ་ན་མེད་པ་ཉིན་ཡོན་ཏེ། །ངོ་བོ་རྫས་དང་གང་ཟག་དང་། །ཁྱད་པར་དགོས་པ་གནས་དང་ནི། །ཡིད་ལ་བྱེད་དང་སྦྱོར་བ་དང་། །ཉེས་དམིགས་ཕན་ཡོན་འཇུག་པས་སོ། །དེ་ལ་ངོ་བོ་འཇུག་པ་ནི། །གློ་བུར་པ་ཡི་དྲི་མ་དང་། །དེ་བཞིན་ཉིད་ནི་སྣང་བ་དང་། །སྣང་བའི་དོན་ཏེ་དེ་བཞིན་ཉིད། །དྲི་མ་མེད་པ་གང་ཡིན་པའོ། །དངོས་པོ་རྫས་ལ་འཇུག་པ་ནི། །ཐུན་མོང་སོད་ཀྱི་རྣམ་རིག་པ། །དེ་བཞིན་ཉིད་དུ་གྱུར་པ་དང་། །མདོ་སྡེ་ཆོས་ཀྱི་དབྱིངས་ཉིད་ཀྱི། །དེ་བཞིན་ཉིད་དུ་གྱུར་པ་དང་། །ཐུན་མོང་མིན་པ་སེམས་ཅན་གྱི། །ཁམས་ཀྱི་རྣམ་པར་རིག་པ་ཡི། །དེ་བཞིན་ཉིད་དུ་གྱུར་པའོ། །གང་ཟག་དག་ལ་འཇུག་པ་ནི། །དང་པོ་གཉིས་ནི་སངས་རྒྱས་དང་། །བྱང་ཆུབ་སེམས་དཔའ་

(༧༥)རྣམས་ཀྱི་ནི། །དེ་བཞིན་ཉིད་ཡོངས་གྱུར་པ་སྟེ། ཕྱི་མ་ཉན་ཐོས་རྣམས་དང་ནི། །རང་སངས་རྒྱས་ཀྱི་ཡང་ཡིན་ནོ། །ཁྱད་པར་ཅན་ལ་འཇུག་པ་ནི། །སངས་རྒྱས་བྱང་ཆུབ་སེམས་དཔའ་རྣམས། །ཞིང་ཡོངས་སུ་དག་པའི་པར་བར་དང་། །ཆོས་སྐུ་ལོངས་སྤྱོད་རྫོགས་པ་དང་། །སྤྲུལ་སྐུ་ཐོབ་པས་གཟིགས་པ་དང་། །འདོམས་པ་དང་ནི་དབང་འབྱོར་ཉིད། །ཐོབ་པའི་ཁྱད་པར་ལས་ཡིན་ནོ། །དགོས་པ་རྟོགས་ལ་འཇུག་པ་ནི། །སྔོན་གྱི་སྨོན་ལམ་ཁྱད་པར་དང་། །ཐེག་པ་ཆེན་པོས་སྟོན་པ་ཡིས། །དམིགས་པའི་ཁྱད་པར་ས་བཅུ་ལ། །རབ་ཏུ་སྦྱོར་བའི་ཁྱད་པར་རོ། །གནས་སམ་རྟེན་ལ་འཇུག་པ་ནི། །རྣམ་པར་མི་རྟོག་ཡེ་ཤེས་ལ། །འཇུག་བ་རྣམ་པ་དྲུག་གིས་ཏེ། །དམིགས་དང་མཚན་མ་སྤངས་པ་དང་། །ཡང་དག་པ་སྦྱོར་བ་དང་། །མཚན་ཉིད་དང་ནི་ཕན་ཀྱོན་དང་། །ཡོངས་སུ་ཤེས་ལ་འཇུག་པས་སོ། །དེ་ལ་དང་པོ་དམིགས་པ་ལ། །འཇུག་པ་རྣམ་བཞིར་ཤེས་བྱ་སྟེ། །ཐེག་པ་ཆེན་པོ་སྟོན་པ་དང་། །དེ་ལ་མོས་དང་ངེས་པ་དང་། །ཚོགས་ནི་ཡོངས་སུ་རྫོགས་པས་སོ། །གཉིས་པ་མཚན་མ་སྤངས་པ་ལ། །འཇུག་པ་ཡང་ནི་རྣམ་བཞི་སྟེ། །མི་མཐུན་པ་དང་གཉེན་པོ་དང་། །དེ་བཞིན་ཉིད་དང་རྟོགས་པ་དང་། །མཚན་མ་དག་ནི་སྤངས་པས་སོ། །འདིར་ནི་རིམ་ཇི་ལྟ་བཞིན། །རགས་དང་འབྲིང་དང་ཕྲ་མོ་དང་། །རིང་དུ་རྗེས་སུ་འབྲེལ་བ་ཡི། །མཚན་མ་ཡོངས་སུ་སྤངས་པ་ཡིན། །ཡང་དག་པ་ཡི་སྦྱོར་བ་ལ། །འཇུག་པ་ཡང་ནི་རྣམ་བཞི་སྟེ། །དམིགས་པ་ཡི་ནི་སྦྱོར་བ་དང་། །མི་དམིགས་པ་ཡི་སྦྱོར་བ་དང་། །དམིགས་པ་

(༧༦)མི་དམིགས་སྦྱོར་བ་དང་། །མི་དམིགས་དམིགས་པའི་སྦྱོར་བའོ། །དེ་ལ་མཚན་ཉིད་འཇུག་པ་ནི། །རྣམ་པ་གསུམ་གྱིས་ཤེས་བྱ་སྟེ། །ཆོས་ཉིད་གནས་པ་ཉིད་ལས་ནི། །གཉིས་སུ་མེད་ཅིང་བརྗོད་མེད་པའི། །ཆོས་ཉིད་རབ་ཏུ་གནས་ཕྱིར་རོ། །སྣང་བ་མེད་ལས་གཉིས་དང་ནི། །ཇི་ལྟར་མངོན་པར་བརྗོད་པ་དང་། །དབང་པོ་ཡུལ་རྣམ་རིག་པ་དང་། །སྣོད་ཀྱི་འཇིག་རྟེན་སྣང་མེད་ཕྱིར། །དེས་ན་འདྲིས་ནི་བརྟག་མེད་པ། །བསྟན་དུ་མེད་པ་གནས་མེད་པ། །སྣང་བ་མེད་ཅིང་རྣམ་རིག་མེ། །གནས་པ་མེད་པ་ཞེས་བྱ་སྟེ། །རྣམ་པར་མི་རྟོག་ཡེ་ཤེས་ཀྱི། །མཚན་ཉིད་མདོ་བཞིན་བརྗོད་པ་ཡིན། །སྣང་བ་ལས་ནི་ཆོས་ཐམས་ཅད། །ནམ་མཁའི་དཀྱིལ་མཉམ་སྣང་ཕྱིར་རོ། །འདུ་བྱེད་ཐམས་ཅད་སྒྱུ་མ་སོགས། །ལྟ་བུར་སྣང་བ་ཡིན་ཕྱིར་རོ། །ཕན་ཡོན་འཇུག་པ་རྣམ་བཞི་སྟེ། །ཆོས་སྐུ་རྫོགས་པར་ཐོབ་པ་དང་། །གོང་ན་མེད་པའི་བདེ་ཐོབ་དང་། །གཟིགས་པ་དབང་སྦྱོར་ཐོབ་པ་དང་། །སྟོན་ལ་དབང་འབྱོར་ཐོབ་པ་དང་། །ཡོངས་སུ་ཤེས་ལ་འཇུག་པ་ནི། །རྣམ་པ་བཞི་རུ་ཤེས་བྱ་སྟེ། །གཉེན་པོ་ཡོངས་སུ་འགྱུར་བ་ཐ་དད་དང་། །སྐུར་པ་འདེབས་པ་ཉིད་ཡིན་ཏེ། །མེད་པ་འཛིན་པ་རྣམ་ལྔའི། །གཉེན་པོ་བསྟན་པ་ཡིན་ཕྱིར་རོ། །མཚན་ཉིད་ཡོངས་སུ་ཤེས་པ་ནི། །ཡིད་ལ་མི་བྱེད་ཡང་དག་འདས། །ཉེ་

(༧༧)བར་ཞི་དང་ངོ་བོའི་དོན། །མངོན་བརྟགས་འཛིན་པ་རྣམ་པ་ལྔ། །སྤངས་པའི་རང་གི་མཚན་ཉིད་དོ། །ཁྱད་པར་ཡོངས་སུ་ཤེས་པ་ནི། །རྣམ་པར་མི་རྟོག་པ་ཉིད་དང་། །ཉེ་ཚེ་བ་ནི་མ་ཡིན་དང་། །གནས་མེད་པ་དང་གཏན་དུ་དང་། །གོང་ན་མེད་པའི་རྣམ་པ་སྟེ། །ཁྱད་པར་རྣམ་པར་ལྔ་ཡིན་ནོ། །ཐ་མ་ལས་ཡོངས་ཤེས་པ་ནི། །རྣམ་རྟོག་རིང་དུ་བྱེད་པ་དང་། །བླ་ན་མེད་པའི་བདེ་སྟོང་དང་། །ཉོན་མོངས་པ་དང་ཤེས་བྱ་ཡི། །སྒྲིབ་པ་བྲལ་བར་བྱེད་པ་དང་། །དེ་ཡི་རྗེས་ལས་ཐོབ་པ་ཡི། །ཡེ་ཤེས་ཤེས་བྱའི་རྣམ་པ་ནི། །ཐམས་ཅད་ལ་ནི་འཇུག་པ་དང་། །སངས་རྒྱས་ཞིང་ནི་སྦྱོང་བ་དང་། །སེམས་ཅན་ཡོངས་སུ་སྨིན་བྱེད་དང་། །རྣམ་པར་ཐམས་ཅད་མཁྱེན་པ་ཉིད། །གཏོང་ཅིང་སྟེར་བར་བྱེད་པ་སྟེ། །རྣམ་ལྔ་ལས་ཀྱི་ཁྱད་པར་རོ། །ཡིད་ལ་བྱེད་ལ་འཇུག་པ་ནི། །རྣམ་པར་མི་རྟོག་ཡེ་ཤེས་ལ། །འཇུག་པར་འདོད་པའི་གང་ཟག་ནི། །བྱང་ཆུབ་སེམས་དཔའ་གང་ཡིན་པ། །འདི་ལྟར་ཡིད་ལ་བྱེད་པ་སྟེ། །དེ་བཞིན་ཉིད་ནི་མི་ཤེས་པས། །མི་བདེན་པར་ནི་ཡོངས་བརྟག་པའི། །ས་བོན་ཐམས་ཅད་པ་ཞེས། །མེད་པ་གཉིས་སུ་སྣང་བའི་རྒྱུ། །དེ་ལ་རྟེན་པའི་ཐ་དད་རྒྱུ། །དེས་ན་རྒྱུ་འབྲས་བུར་བཅས། །སྣང་དུ་ཟིན་ཀྱང་མེད་པའོ། །དེ་སྣང་ཆོས་ཉིད་མི་སྣང་ཞིང་། །དེ་མི་སྣང་བས་ཆོས་ཉིད་སྣང་། །དེ་ལྟར་ཚུལ་བཞིན་ཡིད་བྱེད་ན། །བྱང་ཆུབ་སེམས་དཔའི་མི་རྟོག་པའི། །ཡེ་ཤེས་ལ་ནི་འཇུག་པའོ། །དེ་ལྟར་དམིགས་པ་རྣམ་རིག་ཙམ། །དམིགས་དང་

(༧༨)རྣམ་པར་རིག་ཙམ་དུ། །དམིགས་ལས་དོན་རྣམས་མི་དམིགས་དང་། །དོན་རྣམས་མི་དམིགས་པ་ལས་ནི། །རྣམ་པར་རིག་ཙམ་མི་དམིགས་དང་། །དེ་མི་དམིགས་ལས་གཉིས་པོ་ནི། །ཁྱད་མེད་པ་ཡི་དམིགས་ལ་འཇུག་ །དེ་གཉིས་ཁྱད་པར་མི་དམིགས་རྣམས། །དེ་ནི་རྣམ་པར་མི་རྟོག་པའི། །ཡེ་ཤེས་ཡུལ་མེད་དམིགས་མེད་པ། །མཚན་མ་ཐམས་ཅད་མི་དམིགས་པས། །རབ་ཕྱེ་བ་ནི་ཡིན་ཕྱིར་རོ། །སྦྱོར་བས་ས་ལ་འཇུག་པ་ནི། །རྣམ་པ་བཞི་རུ་ཤེས་བྱ་སྟེ། །མོས་བའི་རབ་ཏུ་སྦྱོར་བས་ནི། །མོས་པས་སྤྱོད་པའི་ས་ལ་སྟེ། །ངེས་པས་འབྱེད་པའི་གནས་སྐབས་སོ། །སོ་སོར་རབ་ཏུ་རྟོག་པ་ཡི། །སྦྱོར་བས་ས་ནི་དང་པོ་སྟེ། །དེ་ཉིད་རེག་པའི་གནས་སྐབས་སོ། །བསྒོམ་པས་རབ་ཏུ་སྦྱོར་བས་ནི། །མ་དག་པ་ཡིས་ས་དྲུག་དང་། །དག་པའི་ས་ནི་གསུམ་པོ་སྟེ། །དེ་ནི་རྗེས་དྲན་གནས་སྐབས་སོ། །མཐར་ཕྱིན་པ་ལ་སྦྱོར་བས་ནི། །ལྷུན་གྱིས་གྲུབ་པས་སངས་རྒྱས་ཀྱིས། །མཛད་པ་རྒྱུན་མི་འཆད་ཕྱིར་རོ། །དེ་ནི་དེ་ཡི་བདག་ཉིད་དུ། །ཉེ་བར་འགྲོ་བའི་གནས་སྐབས་སོ། །ཉེས་དམིགས་དག་ལ་འཇུག་པ་ནི། །གནས་ཡོངས་གྱུར་པ་མེད་པ་ཡི། །ཉེས་དམིགས་བཞི་སྟེ་ཉོན་མོངས་པ། །མི་འཇུག་རྟེན་མེད་ཉེས་པ་དང་། །ལམ་འཇུག་རྟེན་མེད་ཉེས་པ་དང་། །མྱ་ངན་འདས་པའི་གང་ཟག་རྣམས། །གདགས་པའི་གཞི་མེད་ཉེས་པ་དང་། །བྱང་ཆུབ་གསུམ་གྱི་ཁྱད་པར་དག་ །གདགས་པའི་གཞི་མེད་ཉེས་པའོ། །བཟློག་ནས་ཕན་ཡོན་འཇུག་པ་ནི། །རྣམ་པ་བཞི་རུ་ཤེས་པར་བྱ་

(༧༩)མེད་པའི་ཆོས་རྣམས་སྣང་བའི་དཔེ། །སྒྱུ་མ་རྨི་ལམ་ལ་སོགས་བཞིན། །གནས་ཡོངས་གྱུར་པ་དཔེར་བྱ་ན། །ནམ་མཁའ་གསེར་དང་ཆུ་སོགས་བཞིན།། །།ཆོས་དང་ཆོས་ཉིད་རྣམ་པར་འབྱེད་པའི་ཚིག་ལེའུར་བྱས་པ། མགོན་པོ་བྱམས་པས་མཛད་པ་རྫོགས་སོ།། །པཎིྜ་ཏ་ཆེན་པོ་མ་ཧཱ་ཛ་ན་དང་། ལོ་ཙཱ་བ་དགེ་བསྙེན་སེང་གེ་རྒྱལ་མཚན་གྱིས་བསྒྱུར་བའོ།།

(༨༠)


no previousno next