Nitartha Digital Library
Tibetan
 
no previousno next

(༡)རྫོགས་པ་ཆེན་པོའི་གནད་གསུམ་གསལ་བ་རྣལ་འབྱོར་སྙིང་ནོར་བཞུགས། །

(༢)སློབ་བུ་ཀུན་བཟང་རྒྱ་མཚོས་རྫོགས་པ་ཆེན་པོའི་དཀའ་གནད་དྲི་བ། ཆོས་ལོངས་སྤྲུལ་གསུམ་ངོ་སྤྲོད་གདམ་པའི་གནད། །ལྟ་སྒོམ་སྤྱོད་གསུམ་ཉམས་ལེན་གདམ་པའི་གནད། །གོལ་ཤོར་ནོར་གསུམ་འཕྲང་གྲོལ་གདམ་པའི་གནད། །གནད་གསུམ་ལྡན་པའི་མན་ངག་ཞལ་གདམ་ཞིག་ཞུ་ཞེས་པའི་ལན་དུ། ༈གདོད་ནས་ཆོས་ཉིད་

(༣)རང་རིག་རྣམ་དག་ལ། །རང་གཤིས་བརྗོད་མེད་སྨྲ་བསམ་ཡུལ་ལས་འདས། །རང་བབས་ལྷོད་ནས་བཞག་པའི་རང་གསལ་ཀློང་། །དྲན་པ་ཀུན་ཏུ་བཟང་ལ་ཕྱག་འཚལ་ལོ། །གཞི་རྩ་མེད་པའི་སེམས་ཉིད་ནམ་མཁའ་འདྲ། །ངོ་བོ་སྐྱེ་མེད་ཆོས་དབྱིངས་མཐའ་དབུས་བྲལ། །སྟོང་པ་ཀ་དག་ཆོས་སྐུའི་ལྟ་བ་འདི། །སྤྲིན་བྲལ་ནམ་མཁའ་ལྟ་བུའི་ངང་དུ་ཞོག །རང་བཞིན་འགག་མེད་ཡུལ་སྣང་དྲག་པ་ལ། །ནམ་ལངས་དུས་སུ་ཉི་མ་ཤར་བ་བཞིན། །རང་གསལ་འགག་མེད་ལོངས་སྐུའི་ལྟ་བ་འདི། །རང་རིག་ཡེ་ཤེས་གསལ་བའི་ངང་ལ་ཞོག །ད་ལྟའི་སྣ་ཚོགས་སྣང་བའི་ཆོས་རྣམས་ཀུན། །གང་ཤར་རྗེས་མེད་སྤྲུལ་སྐུའི་ལྟ་བ་འདི། །གང་ཤར་རང་གྲོལ་ཆུ་

(༤)ཡི་རི་མོ་བཞིན། །རྗེས་མེད་རང་དག་ཆེན་པོའི་ངང་དུ་ཞོག །སྐུ་གསུམ་རང་རྩལ་རྫོགས་པའི་སེམས་ཉིད་འདི། །རང་བབས་བསམ་གཏན་རང་གནས་ཆེན་པོ་ཡིན། །ཀུན་ཁྱབ་སྤྲོས་བྲལ་ཀློང་ཡང་ཆོས་ཉིད་གཤིས། །ཡིད་གཉིས་ཐེ་ཚོམ་བྲལ་བའི་ངང་ལ་ཞོག །ལྟ་བ་སྟོང་གསལ་ནམ་མཁའ་ལྟ་བུ་ཡིན། །དེ་ཡི་ངང་ལ་འཇོག་པ་སྒོམ་པ་ཡིན། །དེ་ཉིད་རྐྱེན་དང་བསྲེ་བ་སྤྱོད་པ་སྟེ། །ལྟ་སྒོམ་སྤྱོད་གསུམ་ཉམས་ལེན་གནད་གཅིག་གོ །ཡེ་ནས་རྫོགས་སངས་རྒྱས་པའི་འབྲས་བུ་ནི། །གཞི་བྲལ་གདེང་དང་ལྡན་པའི་རིག་པ་ལ། །གཞི་ལམ་འབྲས་གསུམ་རང་གསལ་རྗེན་པ་འདི། །ད་ལྟ་མངོན་སུམ་མཐོང་བ་བློ་བདེ་མཛོད། །ད་ལྟའི་རིག་པ་ཟང་ཀ་རྒྱ་ཡན་པ། །འདི་ཉིད་ཁོ་ན་ལམ་འཁྱེར་

(༥)གནད་གཅིག་ཡིན། །དེ་ལྟར་མ་ཤེས་མཉམ་རྗེས་བརྟག་དཔྱད་ཤོར། །གོལ་ནོར་ཤོར་ས་གསུམ་གྱི་འཕྲང་ཡོད་པས། །དེ་དག་ངོས་འཛིན་སོ་སོར་མ་ཤེས་ན། །ཡིན་མིན་སོ་སོར་དབྱེ་བར་ནུས་མ་ཡིན། །འདི་ན་དེ་ཡི་ངོས་འཛིན་བཤད་པ་ནི། །རིག་པ་གདོད་ནས་སྟོང་ཞིང་བདག་མེད་པར། །མཐའ་བརྒྱད་སྤྲོས་བྲལ་བློ་འདས་ཆེན་པོ་འདི། །རིག་པ་ཟང་ཐལ་ཉིད་དུ་མ་ཤེས་པར། །བློས་དཔྱད་ཅི་ཡང་མེད་པའི་སྟོང་པ་དང་། །གསལ་སྟོང་སྒྱུ་མ་ཙམ་དུ་མྱོང་ན་ནོར། །རྣམ་རྟོག་ཕྲ་རགས་ཞི་བའི་ཞི་གནས་དང་། །སེམས་ཉིད་འགྱུ་དྲན་རླབས་དང་བྲལ་བ་ལ། །གསལ་དྭངས་སེང་ངེ་གནས་པའི་རང་རིག་ཆ། །རང་གསལ་འདི་ཉིད་ཡིན་པ་མ་ཤེས་པར། །གནས་པ་རྟོག་

(༦)མེད་ཙམ་དུ་གོ་ན་ནོར། །ལྷག་མཐོང་གནས་འགྱུ་གཉིས་མེད་རིག་པ་འདི། །རང་གསལ་འཛིན་མེད་ཡིན་པ་མ་ཤེས་ནས། །གནས་འགྱུ་བརྟག་དཔྱད་བྱེད་པའི་བློ་དང་ནོར། །གང་ཤར་རིག་པའི་ངོ་བོ་དྲན་པས་ཟིན། །དེ་ཡི་ངང་དུ་གནས་པ་མཉམ་བཞག་དང་། །འགྱུ་ཆ་རྗེས་ཐོབ་ཡིན་པ་མ་ཤེས་པར། །སྟོང་པ་རྩེ་གཅིག་འཇོག་པ་མཉམ་བཞག་དང་། །དེ་ལས་ལངས་ནས་གང་ཤར་སྒྱུ་མ་ཞེས། །སྟོང་ཉིད་རྒྱས་འདེབས་རྗེས་ཐོབ་འདོགས་པ་ནོར། །ཡེངས་མེད་ཡང་དག་གཉུག་མའི་དྲན་པ་ལ། །ཡེངས་དོགས་སྡུག་བཙིར་འཇུ་དྲན་བཅིངས་ན་ནོར། །ད་ལྟའི་ཐ་མལ་ཤེས་པ་རང་བབས་འདི། །དྲན་པའི་རྒྱུན་གྱིས་སྐྱོང་བ་མ་ཤེས་པར། །རྣམ་རྟོག་ཐ་མལ་རང་རྒྱུད་ངོས་འཛིན་ནོར། །རྣམ་རྟོག་གང་ཤར་ཤར་

(༧)མཁན་ཁོ་རང་གི །རིག་ཐོག་གློད་ནས་བཞག་པས་རང་དུས་ཀྱི། །གནས་འགྱུ་ཟང་ཐལ་སྐྱོང་བ་མ་གོ་བར། །གང་ཤར་རྗེས་འབྲང་རྟོག་དཔྱོད་བྱས་ན་ནོར། །དེ་བཞིན་གོལ་ས་གསུམ་གྱི་འཕྲང་ཡོད་དེ། །བདེ་བར་ཞེན་ན་འདོད་ཁམས་ལྷ་རུ་གོལ། །བདེ་བ་དེ་ཡང་གནས་ལུགས་ལྟ་བའི་ངང་། །འབྲལ་མི་ཕོད་པ་དགའ་བདེའི་ཉམས་འཆར་ཡིན། །ཡུལ་རྐྱེན་དབང་གིས་དགའ་སྤྲོ་འཆར་བ་དང་། །འདོད་ཆགས་བདེ་བ་འཆར་བ་ལྟ་བུ་མིན། །གསལ་བ་ཞེན་ན་གཟུགས་ཁམས་ལྷ་རུ་གོལ། །གསལ་བ་དེ་ཡང་རིག་པ་དྭངས་གསལ་དང་། །འཆར་སྒོ་འགག་མེད་གསལ་བ་དེ་ཉིད་ཡིན། །ཡུལ་སྣང་ཁ་དོག་རང་གཟུགས་གསལ་བ་མིན། །མི་རྟོག་ཞེན་ན་གཟུགས་མེད་ལྷ་རུ་གོལ། །མི་རྟོག་དེ་ཡང་རྣམ་རྟོག་འཁྲུལ་འབྱམས་ཀྱི། །

(༨)གཡོ་འཁྲུག་བྲལ་བའི་རྟོག་མེད་མཁའ་ལྟར་ཡིན། །དྲན་མེད་རྒྱལ་བ་ལྟ་བུའི་སེམས་འགག་མིན། །སྟོང་ཉིད་ད་ལྟའི་རིག་པ་ཀ་དག་འདི། །ཕྱོགས་ཡན་ཆེན་པོའི་གནད་འགག་མ་གོ་ནས། །སྟོང་པས་རྒྱས་འདེབས་གཤིས་ལ་ཤོར་བ་ཡིན། །རང་རིག་ཐ་མལ་ཤེས་པའི་ལམ་ཁྱེར་ལ། །རྒྱུ་འབྲས་དབྱེར་མེད་ཚང་བ་མ་ཤེས་པར། །སྟོང་ཉིད་བསྒོམས་ནས་འབྲས་བུ་གཞན་དུ་རེ། །འབད་པས་སྒོམ་པ་ལམ་དུ་ཤོར་བ་ཡིན། །དུག་ལྔའི་རྣམ་རྟོག་བཟང་ངན་གང་ཤར་ཡང་། །དེ་ཉིད་ངོ་བོ་ཡེ་ནས་སྟོང་ཉིད་ཡིན། །སྤང་རྒྱུའི་ཉོན་མོངས་གཉེན་པོའི་སྟོང་ཉིད་གཉིས། །སྤང་བྱ་ཁོ་རང་རིག་པ་ངོས་ཟིན་དུས། །རང་གྲོལ་འགྲོ་བའི་གནད་དེ་མ་གོ་བར། །སྤང་བྱའི་ཉོན་མོངས་སྟེང་དུ་གཉེན་པོ་ལ། །སྟོང་ཉིད་སྒོམ་ན་གཉེན་པོར་ཤོར་བ་ཡིན། །

(༩)མདོར་ན་སྤྲོས་བཅས་སྤྲོས་མེད་གང་བསྒོམ་ཀྱང་། །ཡེ་ནས་ཀུན་ཏུ་བཟང་མོས་མཁའ་དབྱིངས་སུ། །གསལ་སྟོང་ཟུང་འཇུག་ཆེན་པོ་མ་ཤེས་པར། །བསྒོམ་བྱ་སྒོམ་བྱེད་སྒོམ་མཁན་མེད་ཟེར་ནས། །སྟོང་བལྟའི་རྒྱས་འདེབས་བྱས་ན་ནོར་བ་ཡིན། །དེ་ཕྱིར་གང་ཤར་ལམ་ཁྱེར་གནད་ཤེས་ན། །ལུས་ཀྱི་མཚམས་ཁང་སེམས་ནི་མཚམས་པའོ། །དབེན་པར་གནས་པའི་མི་ཚེ་ཚད་བཙུགས་སྟེ། །མ་བཅོས་གནས་ལུགས་ཟབ་མོའི་རྒྱུན་བསྐྱངས་ནས། །ཉིན་མཚན་བར་མེད་བརྩོན་པའི་གོ་བགོས་ཏེ། །ལྷག་མཐོང་རིག་པའི་ཡེ་ཤེས་རྩལ་རྫོགས་ཚེ། །དྲན་རིག་གནས་འགྱུ་བཟང་ངན་ཅི་ཤར་ཡང་། །རིག་སྟོང་བློ་འདས་ཆེན་པོའི་ཀློང་དུ་གནས། །སྣང་སྲིད་ཐམས་ཅད་བླ་མའི་དཀྱིལ་འཁོར་དུ། །གང་ཤར་ཡེ་ཤེས་རོལ་བ་ཁྱབ་

(༡༠)གདལ་བས། །ཡུལ་སྣང་ཐམས་ཅད་བརྡ་དང་དཔེ་ཆར་ཤར། །ས་ལམ་དབྱེར་མེད་འཁོར་འདས་ཡེ་གྲོལ་ཀློང་། །ལུས་ཀྱི་འཆིང་བ་ཞིག་དང་དུས་མཚུངས་པར། །ཕྱི་གསལ་རིག་པ་ནང་དུ་དབྱེར་མེད་གཅིག །གདོད་མའི་གཞི་དབྱིངས་ནང་གསལ་བུམ་པའི་སྐུ །གནས་ལུགས་མངོན་གྱུར་འབྲས་བུའི་རྒྱལ་ས་ཟིན། །རང་གཞན་དོན་གཉིས་ལྷུན་གྱིས་འགྲུབ་པ་ཡིན། ། ༈ཨ་ཧོ་སྣང་སྲིད་འཁྲུལ་བའི་སྣང་བ་བསླུ་མཁན་འདི། །ཀ་དག་རིག་པའི་གཤིས་སུ་འུབ་ཆུབ་པས། །རྣམ་རྟོག་འགྱུ་དྲན་བྱ་བྱེད་བྱིས་པའི་གར། །རིག་སྟོང་བློ་འདས་ངང་དུ་བག་ལ་ཞ། །བཟང་ངན་རྣམ་རྟོག་ཕྱོགས་སུ་མ་སོང་ལ། །ནང་དུ་བྱིང་འཐིབས་དབང་དུ་མ་སོང་བར། །བཏང་སྙོམས་ལུང་མ་བསྟན་དུ་མ་འབྱམས་ཤིང་། །རང་གསལ་རིག་པ་རྗེན་པར་ལྷོད་དེ་གནས། །གོ་ཡུལ་ཁ་བལྟས་

(༡༡)སྟོང་ལྟ་བཤད་ཡམ་དང་། །གོལ་ནོར་གནས་འགྱུའི་འཕྲང་ལ་ལྷུང་བའི་དོགས། །གནད་མེད་སྡུག་རུས་ཨུ་ཚུགས་བྱེད་པ་རྣམས། །ཀ་དག་ཀློང་ཆེན་དགོངས་པའི་ཟིལ་གྱིས་མནན། །ཉམས་རྟོགས་གནད་ཀྱི་མན་ངག་ཟབ་མོ་འདི། །གང་བྱུང་རང་བབས་རིག་པའི་རྩལ་ལས་བྱུང་། །རིག་རྩལ་དགོངས་པའི་ཚིག་ལ་སྦ་གསང་མེད། །དགེ་འདིས་གནས་ལུགས་ཟབ་མོའི་དོན་རྟོགས་ཤོག །ཅེས་པ་འདི་ཉིད་རིག་རྩལ་ཆོས་སྐུའི་རྣལ་འབྱོར་པ་མ་ཏི་ས་རས་གང་ཤར་སྨྲས་སོ། །ཡི་གེ་པ་ནི་ཀརྨ་བསྟན་སྙིང་གི་བགྱིས་པའོ། །འདི་ཉིད་ཤིན་ཏུ་ཟབ་པས་ཁྲིད་མ་ཐོབ་པ་དང་། སྐལ་དམན་ལོག་ལྟ་ཅན་གྱི་རིགས་ལ་བསྟན་པར་མི་བྱའོ། །དགེའོ་ དགེའོ་ དགེའོ། སརྦ་མངྒ་ལཾ།། །།

(༡༢)

(༡༣)ཡེ་ཤེས་བླ་མའི་ཉམས་ལེན་བྱེད་ཚུལ་གནད་ཀྱི་སྒྲོན་མེ་ཞེས་བྱ་བ་བཞུགས།

(༡༤)ཆོས་སྐུ་ཀུན་བཟང་ལོངས་སྐུ་རིགས་ལྔ་དང་། །དགའ་རབ་འཇམ་དཔལ་ཤྲཱི་སེང་པདྨ་འབྱུང་། །དྲི་མེད་འོད་ཟེར་འཇིགས་བྲལ་གླིང་བ་སོགས། ། བརྒྱུདགསུམ next hit་རིག་འཛིན་བླ་མར་ལན་བརྒྱར་འདུད། །མན་ངག་སྙིང་པོ་ཚེ་གཅིག་སངས་རྒྱས་ཆོས། །ཤིན་ཏུ་མྱུར་ལམ་ཡང་གསང་བླ་མེད་ཀྱི། །བཅུད་དྲིལ་ཡེ་ཤེས་བླ་མའི་

(༡༥)ཉམས་ལེན་གནད། །བླ་མའི་ཞལ་རྒྱུན་ཇི་བཞིན་འདི་རུ་བཀོད། །དེའང་སྤྱིར་ཇི་སྲིད་འཚོའི་བར་དུ་བརྩོན་འགྲུས་ཐང་ལྷོད་མེད་པས་རྫོགས་པ་ཆེན་པོ་ཉམས་སུ་ལེན་དགོས་ཀྱང་། །གནས་སྐབས་ལོ་གསུམ་ལ་མཚམས་ཀྱི་དབང་དུ་བྱས་ན། །ཡིད་དང་མཐུན་པའི་དབེན་པའི་གནས་སུ་ཕྱིན་ནས་དང་པོ་ཆོས་བསྒྲུབ་པར་ཕྱི་ནང་གི་བར་ཆད་

(༡༦)མི་འབྱུང་བའི་ཕྱིར་དུ་ཚིག་བདུན་གསོལ་འདེབས་འབུམ་ཐེར་གཅིག་བཏང་བ་དང་། དམ་ཚིག་ཉམས་ཆགས་སྦྱང་བའི་ཕྱིར་ཉིན་རེ་བཞིན་ཐོ་རངས་ཡི་གེ་བརྒྱ་བ་བརྒྱ་རྩ་བརྒྱད་རེ་མ་ཆགས་པར་བྱ། དེ་ནས་ཕྱི་ཡི་འཁོར་འདས་རུ་ཤན་ལ་ཞག་ཉེར་གཅིག །ནང་གི་རུ་ཤན་རིགས་དྲུག་སྲེག་སྦྱང་ལ་ཞག་བཅོ་ལྔ། །ལུས་སྦྱང་རྡོ་རྗེ་ལང་འདུག་གཉིས་ལ་ཞག་ཉེར་གཅིག་ངག་སྦྱང་ལ་ཧཱུྃ་སྦྱང་གི་རྒྱས་གདབ་ཕྱི་ནང་གཉིས་ལ་ཞག་ཉེར་གཅིག །རྩལ་སྦྱང་ཕྱི་ནང་གཉིས་ལ་ཞག་ཉེར་གཅིག །མཉེན་བཙལ་ལ་ཞག་ཉེར་གཅིག། ལམ་གཞུག་དང་ཞིང་སྦྱོང་གཉིས་ལ་ཞག་ཉེར་གཅིག །སེམས་སྦྱང་བྱུང་གནས་འགྲོ་གསུམ་ལ་ཞག་ཉེར་གཅིག །རྣལ་དབབ་དང་སོར་གཞུག་གཉིས་ལ་ཞག་ཉེར་གཅིག་བཅས་དེ་ལྟར་སྔོན་འགྲོ་ལ་

(༡༧)ཟླ་བ་དྲུག་དང་ཞག་གསུམ་དང་། ཁྲེགས་ཆོད་ལ་ཟླ་བ་བཅོ་བརྒྱད། །ཐོད་རྒལ་ལ་ཟླ་བ་བཅོ་ལྔ་དང་བཅས། །ལོ་གསུམ་ཟླ་གསུམ་ཞག་གསུམ་མོ། །དེ་ལ་བརྩོན་འགྲུས་ཆེན་པོས་ཉམས་སུ་ལེན་པ་ལ། །ཡེ་ཤེས་བླ་མའི་སྔོན་འགྲོའི་སྐབས་ཐོ་རངས་ཐུན་དང་པོར་ལུས་རྡོ་རྗེ་སྐྱིལ་ཀྲུང་ངམ་ཕྱེད་སྐྱིལ་བཅས་སྟེ་ལུས་དྲང་པོར་བསྲང་རླུང་རོ་ལན་གསུམ་བསལ་ལ་བྱང་ཆུབ་སེམས་ཀྱི་ཀུན་སློང་དང་ལྡན་པས་སྙིང་ཐིག་སྔོན་འགྲོའི་ངག་བྱིན་རླབས་ནས་དབང་བཞིའི་མཇུག་བར་མཐར་ཆགས་སུ་བཏང་། དེ་ནས་འཁོར་འདས་རུ་ཤན་སོགས་རང་རང་གི་སྐབས་སུ་གསུངས་བ་བཞིན་ལེགས་པར་སྦྱང་། ཐུན་འཇོག་ཁར་ནམ་ཞིག་ཚེ་ཡི་དུས་བྱས་ཚེ། ཞེས་པ་ནས་གུ་རུ་རིན་པོ་ཆེའི་ཐུགས་ཀར་ཐིམ་པས་དབྱེར་མེད་རོ་གཅིག་ཏུ་གྱུར་ཞེས་པའི་བར་

(༡༨)བཏང་ནས་ཁྲེགས་ཆོད་ཀྱི་ངང་བསྐྱང་། དེ་རྗེས་དཔལ་ལྡན་རྩ་བའི་བླ་མ་སོགས་ནས་མཇུག་ཏུ་སྙིང་ཐིག་སྨོན་ལམ་རྣམ་ལྔ་སོགས་ཐུན་རྣམས་ཀྱི་རྗེས་རེས་མོས་སུ་གཏོང་། ནམ་ལངས་ནས་ཉི་ཤར་བར་ཡི་དམ་གྱི་སྒོམ་བཟླས་དང་དཀར་གསུར་ཞིང་ཁམས་ཀུན་ཁྱབ་སོགས་འདོན། །སྔ་དྲོའི་ཐུན་མགོར་སྐྱབས་འགྲོ་ལན་གསུམ། སེམས་བསྐྱེད་ལན་གསུམ། བླ་མའི་རྣལ་འབྱོར་དབང་བཞིའི་བར་བཏང་ནས་སྔར་བཞིན་རུ་ཤན་སོགས་སྦྱངས་ཏེ་བསྔོ་སྨོན་མཇུག་སྔ་འགྱུར་བསྟན་པ་རྒྱས་པའི་སྨོན་ལམ་གཏོང་། ཉིན་གུང་དཔེ་གཟིགས་དང་ཕྱག་སོགས་བྱ། །ཕྱི་དྲོའི་ཐུན་ལའང་སྔ་དྲོ་བཞིན་གཏོང། །དགོང་མོ་ཆོས་སྐྱོང་གསོལ་མཆོད་དང་དམར་གསུར་འདོད་ཡོན་རྒྱ་མཚོ་སོགས་འདོན། སྲོད་ཐུན་ལ་ཡང་སྐྱབས་

(༡༩)སེམས་བླ་རྣལ་སྔར་བཞིན་བཏང་ནས་སྦྱང་། །ཐུན་ཐམས་ཅད་ལ་ཐུན་མགོར་སེམས་བསྐྱེད། །དངོས་གཞི་དམིགས་པ་མེད་པ། རྗེས་བསྔོ་སྨོན་གྱི་རྒྱས་ཐེབས་པ་ནི་དམ་པ་གསུམ་དང་འབྲེལ་བ་ཞེས་བྱ་སྟེ་ཤིན་ཏུ་གལ་ཆེའོ། །ནམ་གུང་གཉིད་འོད་གསལ་དུ་སྦ། །དེ་ལྟར་སྔོན་འགྲོ་ཞག་བརྒྱ་དང་གྱ་གསུམ་ལ་ལེགས་པར་སྦྱངས་ཟིན་རྗེས་དངོས་གཞི་ཁྲེགས་ཆོད་ཀྱི་སྐབས་སུ་ཐུན་བཞིའི་བཅད་མཚམས་སྔར་དང་འདྲ་ལ་སྔོན་འགྲོའི་མགོ་ནས་ཐུགས་ཡིད་བསྲེ་བའི་བར་བཏང་ནས་རང་རིག་ཆོས་སྐུའི་རང་ཞལ་རང་གསལ་རྗེན་པ་བཅར་ཕོག་ཏུ་བསྐྱང་། ཐུན་འཇོག་ཁར་དེ་ལས་ལྡང་ནས་སྔོན་འགྲོ་ལས་དཔལ་ལྡན་རྩ་བའི་བླ་མ་སོགས་ནས་མཇུག་བསྔོ་སྨོན་གོང་དང་འདྲ། དེ་ལྟར་ཀ་དག་ཁྲེགས་ཆོད་ལ་ཞག་

(༢༠)ལྔ་བརྒྱ་བཞི་བཅུའི་བར་བྱར་མེད་ཆུ་བོའི་རྒྱུན་གྱི་རྣལ་འབྱོར་ལ་གོམས་ཏེ་ཀློང་དུ་འགྱུར་ངེས་བྱའོ། །དེ་ནས་ཤིན་ཏུ་མྱུར་ལམ་བླ་ན་མེད་པ་ལྷུན་འགྲུབ་ཐོད་རྒལ་ངེས་པར་མི་ཡིས་མི་མཐོང་བར་བྱས་ཏེ་ངག་བཅད་ཉམས་སུ་ལེན་པ་ལ་སྤྲོས་བཅས་དང་སྤྲོས་མེད་གཉིས་ལས་དང་པོ་སྤྲོས་པ་ཅན་ཐུན་བཞིའི་རྣལ་འབྱོར་ལ་བསླབ་ཚུལ་ནི་ཡེ་ཤེས་བླ་མ་ལས། །དེ་ལའང་ཐོ་རངས་དང་པོ་བླ་མའི་རྣལ་འབྱོར་བསྒོམ། བར་བ་ལ་ཁྲེགས་ཆོད་བསྐྱང་། ཐ་མ་ལ་བདེ་སྟོང་དང་གཏུམ་མོ་བསྒོམ་ནམ་ལངས་ནས་ཉི་ཤར་གྱི་བར་ལ་ཁ་ཏོན་དང་སྒོམ་བཟླས་ལ་སོགས་པའོ། ཉི་ཤར་ནས་གུང་གི་བར་ལ་ཐོད་རྒལ་བལྟ། །གུང་ལ་ཕྱག་དང་ཆོས་སྤྱོད་ཀྱི་རིགས་བྱ། ཕྱི་དྲོའང་ཐོད་རྒལ་བསྒོམ། དགུང་མོ་གཏོར་མ་དང་རླུང་འཛིན། སྲོད་ཐུན་

(༢༡)དང་པོ་ལ་འཆི་བ་མི་རྟག་པ་བསྒོམ། །བར་བ་ལ་བསྐྱེད་རིམ་དང་བཟླས་པ་བྱ། །གུང་ཐུན་ལ་གཉིད་འོད་གསལ་གྱི་སྦུབས་སུ་སྦ། །ཞེས་སོ། །སྔ་དྲོ་དཀར་གསུར་དང་། །ཕྱི་དྲོ་དམར་གསུར་རྒྱུན་དུ་གཏོང་། །སྤྲོས་པ་མེད་པ་ནི་རང་གཞུང་ལྟར་ཉམས་སུ་བླང་ངོ། །དེ་ལྟར་ཐོད་རྒལ་ལ་ཞག་བཞི་བརྒྱ་ལྔ་བཅུའི་བར་བསྒོམས་ནས་སྐུ་གསུམ་ལམ་སྣང་དུ་རྩལ་རྫོགས་པར་བྱའོ། །ཟླ་བ་བྱུང་ངོ་ཅོག་གི་ཡར་ངོ་མར་ངོའི་ཚེས་བཅུའི་ཚོགས་མཆོད་འབྱོར་བ་དང་བསྟུན་ནས་གཏོང་ངོ། །སྨྲས་པ། །གང་ལ་ཕྱིན་པ་ཙམ་གྱིས་ཆགས་སྡང་སོགས། །ངང་གིས་ཞི་ཞིང་བྱམས་དང་སྙིང་རྗེ་དང་། །ཉམས་དང་རྟོགས་པའི་ཡོན་ཏན་ཀུན་འཕེལ་བའི། །མི་མེད་དབེན་པའི་ཡོན་ཏན་བསམ་མི་ཁྱབ། །ཚེ་འདིས་བྱ་བ་ཐམས་ཅད་བློས་བཏང་སྟེ། །

(༢༢)སྔོན་བྱོན་དམ་པ་རྣམས་ཀྱི་རྣམ་ཐར་བཞིན། །ནགས་ཁྲོད་གངས་ཁྲོད་ལ་སོགས་དབེན་གནས་སུ། །ཚེ་དང་སྒྲུབ་པ་སྙོམས་པ་འདུན་མའི་རྩེ། །ཆོས་ཀྱི་ཕུང་པོ་བརྒྱད་ཁྲིའི་ཡང་སྙིང་དང་། །ཐེག་པ་ཀུན་ཀྱི་རྩེ་མོར་གྱུར་བ་ནི། །ཤིན་ཏུ་ཟབ་པ་ཡང་གསང་སྙིང་ཏིག་སྟེ། །འདི་དང་འཕྲད་པ་བསྐལ་མང་བསོད་ནམས་འབྲས། །འདི་བྲིས་དགེ་བས་མཁའ་མཉམ་སེམས་ཅན་ཀུན། །དལ་བརྒྱད་འབྱོར་བཅུའི་རྟེན་བཟང་ལེགས་ཐོབ་ནས། །བཤེས་གཉེན་དེད་དཔོན་དམ་པའི་རྗེས་བཟུང་སྟེ། །རྣམ་གྲོལ་ནོར་བུའི་གླིང་དུ་བགྲོད་གྱུར་ཅིག །རྒྱལ་བའི་བསྟན་པ་རིན་ཆེན་དྲི་མེད་ཉིད། །ཕྱོགས་བཅུའི་ཐ་གྲུ་ཀུན་ཏུ་རབ་རྒྱས་ཤིང་། །དེར་འཛིན་ཕྱོགས་རྣམས་ཐུགས་མཐུན་ཁྲིམས་གཙང་ཞིང་། །ལུང་རྟོགས་བསྟན་པས་ས་གསུམ་ཁྱབ་གྱུར་ཅིག །ཅེས་པའང་གྲུབ་པའི་བསྟི་གནས་ཚེ་རིང་

(༢༣)ལྗོངས་སུ་ཡེ་ཤེས་བླ་མའི་བཤད་ཁྲིད་མཛད་སྐབས་སྐལ་ལྡན་གྱི་སློབ་མ་མང་པོས་འདི་འདྲ་ཞིག་དགོས་ཞེས་ཡང་ཡང་བསྐུལ་ངོར་རྩ་བའི་བླ་མའི་ཞལ་རྒྱུན་བློ་ན་ཡོད་པ་རྣམས་དང་བརྗེད་ངེས་སུ་སོང་བ་ལ་བློ་གྲོས་རྒྱ་མཚོས་ཁ་སྐོང་ཅུང་ཟད་བགྱིས་ཏེ་སྦྱར་བའི་ཡི་གེ་པ་ནི་ཐོགས་མེད་ཀྱིས་བགྱིས་པའི་དགེ་བས་འགྲོ་ཀུན་གདོད་མའི་མགོན་པོའི་གོ་འཕང་འཐོབ་པའི་རྒྱུར་གྱུར་གཅིག དགེའོ། དགེའོ། །དགེའོ།

(༢༤)

(༢༥)བླ་མའི་བརྒྱུད་འདེབས་བྱིན་རླབས་མྱུར་འཇུག་བཞུགས། །ཨེ་མ་ཧོ། །ཆོས་སྐུ་ཀུན་བཟང་ལོངས་སྐུ་རྡོ་རྗེ་སེམས། །སྤྲུལ་སྐུ་རིགས་གསུམ་མགོན་པོ་ལ་སོགས་པ། །རྒྱལ་བ་དགོངས་previous hit བརྒྱུད་བླ་མར་གསོལ་བ་འདེབས། །མངོན་གསུམ next hit་ཆོས་ཉིད་རྟོགས་པར་བྱིན་གྱིས་རློབས། །དགའ་རབ་འཇམ་དཔལ་ཤྲཱི་སེང་ཡེ་ཤེས་མདོ། །བི་མ་པད་འབྱུང་རྗེ་འབངས་གྲོགས་previous hit གསུམ་སོགས། །རིག་འཛིན་བརྡ་བརྒྱུད next hit་བླ་མར་གསོལ་བ་འདེབས། །ཉམས་སྣང་གོང་དུ་འཕེལ་བར་བྱིན་གྱིས་རློབས། །ཀློང་ཆེན་རབ་འབྱམས་འཇིགས་བྲལ་གླིང་བ་དང་། །ཀུན་བཟང་གཞན་ཕན་རྒྱལ་བའི་མྱུ་གུ་སོགས། །གང་

(༢༦)ཟག་སྙན་བརྒྱུད་བླ་མར་གསོལ་བ་འདེབས། །རིག་པ་ཚད་ལ་ཕེབས་པར་བྱིན་གྱིས་རློབས། །ནམ་མཁའི་རྡོ་རྗེ་བསྟན་འཛིན་ནོར་བུ་དང་། །གཞན་ཕན་སྣང་བ་རྩ་བརྒྱུད་བླ་མ་སོགས། །previous hit བརྒྱུདགསུམ next hit་བླ་མ་རྣམས་ལ་གསོལ་བ་འདེབས། ཚེ་འདིར་ཟད་སར་ཕྱིན་པར་བྱིན་གྱིས་རློབས། །རང་སྣང་དོན་གྱི་འོག་མིན་ཕོ་བྲང་ནས། །རྩ་བའི་བླ་མ་རྣམས་ལ་གསོལ་བ་འདེབས། །སྣང་བཞི་མཐའ་རུ་ཕྱིན་པར་བྱིན་གྱིས་རློབས། །དེ་ལྟར་གསོལ་བ་བཏབ་པའི་བྱིན་རླབས་ཀྱིས། །ཀུན་མཁྱེན་བླ་མའི་གསང་བ་གསུམ་གྱི་དོན། །མ་བཅོས་གནས་ལུགས་ལྟ་བ་མངོན་འགྱུར་ནས། །ལྔ་ལྡན་འཇའ་ལུས་རྡོ་རྗེའི་སྐུར་སྨིན་ཤོག །ཅེས་པ་འདི་བློ་གྲོས་རྒྱ་མཚོས་བྲིས་པ་དགེའོ། སརྦ་མངྒ་ལཾ།། །།

(༢༧)བླ་སྒྲུབ་བྱིན་རླབས་འོད་སྣང་བཞུགས་སོ། །

(༢༨)སྐྱབས་སེམས་ནི། །སྐུ་གསུམ་དོན་གྱི་བླ་མ་ལ། །རང་ངོ་མཇལ་བའི་སྐྱབས་སུ་མཆི། །སྐྱེ་འགག་འགྲོ་འོང་མི་མངའ་བའི། །རང་གྲོལ་ཆེན་པོར་སེམས་སྐྱེད་དོ། །ཨ ཆོས་དབྱིངས་ཁྱབ་གདལ་གདོད་མའི་མཁའ། །ལྷུན་གྲུབ་རང་སྣང་ལྔ་ལྡན་ཞིང་། །སྣ་ཚོགས་འོད་ཟེར་དྲྭ་བའི་ཀློང་། །སེང་ཁྲི་

(༢༩)པདྨ་ཉི་ཟླའི་སྟེང་། །ཀུན་འདུས་རྩ་བའི་བླ་མ་ནི། །གདོད་མའི་མགོན་པོ་ཀློང་ཆེན་པ། །དཀར་གསལ་པཎྜ་ཏ་ཡི་ཆས། །ཆོས་གོས་གསུམ་གསོལ་སྐྱིལ་ཀྲུང་བཞུགས། །ཕྱག་གཉིས་ངལ་གསོའི་ཕྱག་རྒྱ་བྱས། །དབུ་ལ་པད་ཞྭ་རྣ་རིང་གསོལ། །མཚན་དཔེའི་རྒྱན་སྤྲས་

(༣༠)གཟི་འོད་འབར། །སྤྱི་གཙུག་འཇའ་ཟེར་ཐིག་ལེའི་ཀློང་། །ཀུན་བཟང་རྡོར་སེམས་དགའ་རབ་རྗེ། །འཇམ་དཔལ་ཤྲཱི་སེང་ཛྙཱ་ན་དང་། །བི་མ་མི་ཏྲ་པདྨ་འབྱུང་། །previous hit བརྒྱུདགསུམ next hit་རྩ་བརྒྱུད་བླ་མས་བསྐོར། །ཡི་དམ་རྒྱུད་སྡེའི་ལྷ་ཚོགས་དང་། །མཁའ་འགྲོ་ཆོས་སྐྱོང་སྲུང་མ་བཅས། །མདུན་དུ་སྤྲིན་ཕུང་འཐིབ་པ་བཞིན། །མ་འགག་གསལ་སྟོང་ངང་ཉིད་ལས། །ཆོས་ཉིད་མཉམ་པ་ཉིད་དུ་གསལ། །ཧཱུྃ་ ཀ་དག་ཆོས་དབྱིངས་ཕོ་བྲང་ནས། །ཆོས་སྐུའི་བླ་མ་གཤེགས་སུ་གསོལ། །ལྷུན་གྲུབ་ལྔ་ལྡན་ཕོ་བྲང་ནས། །ལོངས་སྐུའི་བླ་མ་གཤེགས་སུ་གསོལ། འགྲོ་འདུལ་སྤྲུལ་པའི་གནས་མཆོག་ནས། །དྲི་མེད་འོད་ཟེར་གཤེགས་སུ་གསོལ། སྣ་ཚོགས་སྒྱུ་འཕྲུལ་ཕོ་བྲང་ནས། །རྒྱུད་གསུམ་བླ་མ་གཤེགས་སུ་གསོལ། །སྒྲུབ་མཆོག་དངོས་གྲུབ་མཆོག་

(༣༡)སྩོལ་བའི། །ཡི་དམ་ལྷ་ཚོགས་གཤེགས་སུ་གསོལ། །previous hit བརྒྱུདགསུམ next hit་བླ་མས་བཀའ་བསྒོས་བཞིན། །མཁའ་འགྲོ་ཆོས་སྐྱོང་གཤེགས་སུ་གསོལ། །གནས་མཆོག་འདི་རུ་བྱིན་ཕོབས་ལ། །སྒྲུབ་མཆོག་བདག་ལ་དབང་བཞི་སྐུར། །བགེགས་དང་ལོག་འདྲེན་བར་ཆད་སོལ། །མཆོག་དང་ཐུན་མོངས་དངོས་གྲུབ་སྩོལ། །གུ་རུ་ཛྙཱ་ན་སརྦ་སིདྡྷི་ཧཱུྃ། །གདོད་ནས་རང་རིག་བླ་མའི་ཞལ། །མངོན་སུམ་མཇལ་བས་ཕྱག་འཚལ་ལོ། །སྣང་བ་རྒྱན་ཤར་མཆོད་པ་འབུལ། །རིག་སྟོང་གྲོལ་ལ་ཡི་རང་ངོ། །གཟུང་འཛིན་བྲལ་བའི་ཀློང་དུ་བཤགས། ཁྱབ་གདལ་རོལ་བའི་ཆོས་འཁོར་བསྐོར། །འགྲོ་ལ་རྟག་ཁྱབ་བཞུགས་གསོལ་འདེབས། །དམིགས་མེད་ཆོས་དབྱིངས་ཀློང་དུ་བསྔོ། །སྲིད་གསུམ་ཀ་དག་དབྱིངས་གྲོལ་ཤོག ༈ རྗེ་བཙུན་བླ་མ་རིན་པོ་ཆེ།

(༣༢)ཁྱེད་ནི་སངས་རྒྱས་འདུས་པའི་དཔལ། །བདག་ལ་སྐྱབས་གནས་གཞན་མེད་པས། །གདུང་ཤུགས་དྲག་པོས་གསོལ་བ་འདེབས། །མོས་ལྡན་བུ་ལ་བརྩེ་བས་གཟིགས། །དགོངས་བརྒྱུད་བྱིན་རླབས་འཕོ་བ་དང་། །རྟགས་དང་མཚན་མ་མྱུར་དུ་སྟོན། །མཆོག་དང་ཐུན་མོངས་དངོས་གྲུབ་སྩོལ། ༈ རྒྱུད་དོན་འཆད་ལ་རྡོ་རྗེ་འཆང་ཆེན་པོ། །མན་ངག་བཀྲལ་ལ་དགའ་རབ་རྡོ་རྗེ་དངོས། །ལུང་རྟོགས་ཡོན་ཏན་རྒྱན་དྲུག་མཆོག་གཉིས་མཉམ། །གངས་ཅན་གདོད་མའི་མགོན་པོ་ཀློང་ཆེན་པ། །དྲི་མེད་འོད་ཟེར་ཞབས་ལ་གསོལ་བ་འདེབས། །འཁོར་འདས་ཆོས་སྐུར་རྟོགས་པར་བྱིན་གྱིས་རློབས། །ཞེས་གང་མང་སྐབས་དང་བསྟུན་ནས་མཐར། ཨོཾ་ཨཱཧཱུྃ། བཛྲ་མ་ཧཱ་གུ་རུ་ཛྙཱ་ན་སརྦ་སིདྡྷི་ཧཱུྃ། ཅེས་ཁྲི་འབུམ་སོགས་བཟླ་བར་

(༣༣)བྱའོ། །མཐར་དབང་བཞི་བླང་བའི་རྒྱུད་འདེབས་ནི། ཨེ་མ་ཧོ། ཀུན་བཟང་རྡོར་སེམས་དགའ་རབ་ཤྲཱི་སེང་། །འཇམ་དཔལ་ཛྙཱ་ན་བི་མ་པད་མ་འབྱུང་། །ཀློང་ཆེན་རབ་འབྱམས་རྩ་བའི་བླ་མ་སོགས། །དགོངས་བརྡ་སྙན་བརྒྱུད་བླ་མར་གསོལ་བ་འདེབས། །རྫོགས་ཆེན་ལྟ་བ་རྟོགས་པར་བྱིན་གྱིས་རློབས། །ཆོས་ཉིད་མངོན་སུམ་རྟོགས་པར་བྱིན་གྱིས་རློབས། །ཉམས་སྣང་གོང་དུ་འཕེལ་བར་བྱིན་གྱིས་རློབས། །རིག་པ་ཚད་ལ་ཕེབ་པར་བྱིན་གྱིས་རློབས། །ཆོས་ཉིད་ཟད་སར་ཕྱིན་པར་བྱིན་གྱིས་རློབས། །སྣང་བཞི་མཐའ་རུ་ཕྱིན་པར་བྱིན་གྱིས་རློབས། །གདེང་བཞི་མངོན་དུ་འགྱུར་བར་བྱིན་གྱིས་རློབས། །གདོད་མའི་ས་ཆེན་ཕྱིན་པར་བྱིན་གྱིས་རློབས། ཞེས་བརྗོད་པ་ཙམ་གྱིས་རྩ་གསུམ་ལྷ་ཚོགས་ཐམས་

(༣༤)ཅད་རང་ལ་ཐིམ་པར་བསམ། །བླ་མའི་གནས་གསུམ་འབྲུ་གསུམ་ལས། །འོད་ཟེར་དཀར་དམར་མཐིང་གསུམ་འཕྲོས། །རང་གི་གནས་གསུམ་ཐིམ་པ་ཡིས། །དབང་བཞི་ཐོབ་ནས་སྒྲིབ་བཞི་དག །སྐུ་བཞིའི་ས་བོན་རྒྱུད་ལ་བཞག །བླ་མ་འོད་ཞུ་རང་ལ་ཐིམ། །རང་ཡང་མི་དམིགས་ཆོས་ཀྱི་དབྱིངས། །རོ་གཅིག་འདྲེས་ནས་མཉམ་པར་བཞག །གནས་ལུགས་ལྟ་བའི་རང་ཞལ་བལྟ། །སླར་ཡང་དེ་ལས་ལྡང་ནས་རྩ་བརྒྱུད་བླ་མའི་བྱིན་རླབས་ཐམས་ཅད་རང་ལ་ཐོབ་པར་བསམ་པའི་ངང་། དཔལ་ལྡན་རྩ་བའི་བླ་མ་རིན་པོ་ཆེ༴ །སྐྱེ་བ་ཀུན་ཏུ་ཡང་དག་བླ་མ་དང་༴ །དཔལ་ལྡན་བླ་མའི་རྣམ་པར་ཐར་པ་ལ༴ །ནམ་ཞིག་རྡོ་རྗེ་གདན་གྱི་གནས་མཆོག་ཏུ། །རྣམ་འདྲེན་རི་རབ་མར་མེ་རྒྱལ་མཚན་ཞེས། །ལུང་བསྟན་ཇི་བཞིན་མངོན་པར་

(༣༥)བྱང་ཆུབ་ཚེ། །བདག་སོགས་འཁོར་གྱི་ཐོག་མར་སྐྱེ་བར་ཤོག །དེ་ལྟར་གསོལ་འདེབས་ནུས་ན། །རྨི་ལམ་ལ་རྟ་མཆོག་དང་སེང་གེ་སོགས་ཞོན་པ་དང་། ནམ་མཁའ་ནས་གླེག་བམ་གྱི་ཆར་འབེབས་པ་དང་། རྒྱུས་མེད་ཀྱི་དཔེ་ཆ་ལག་ཏུ་ཐོག་ནས་ནང་དོན་བློ་ལ་ཟིན་པ་དང་། བློ་བུར་དུ་སྔར་ཐོས་མ་མྱོང་བའི་ཆོས་ཀྱི་ཚིག་དོན་བློ་ལ་ཤར་ནས་ཁ་ནས་འདོན་རྒྱུ་ལོན་པ་དང་། བརྗོད་མེད་ཀྱི་རིག་པ་ཧྲིག་གེའི་ངང་ལ་ཡུན་རིང་གནས་པ་སོགས། བྱིན་རླབས་མྱུར་བས་ཉམས་སུ་བླང་བར་བྱའོ། །སྤྲང་མདོ་མེད་ཨ་ཁུ་སྨྱོན་པས་གང་ཤར་དུ་བྲིས་པ། དགེའོ། དགེའོ། དགེའོ། །སརྦ་མང་ག་ལཾ།། །། རྗེས་ཆོག་ཚོགས་ཀྱི་འཁོར་ལོའི་རིམ་པ་ནི། ཐབས་ཤེས་བཟའ་བཏུང་ཅི་འབྱོར་བཤམས། །བརྗོད་མེད་དོན་བཤགས་སམ་ན་རཀ་བསྐང་བཤགས་གང་རུང་འདོན། དེ་ནས་བྱིན་གྱིས་བརླབ་པ་ནི། །སྟོང་ཆེན་ཆོས་དབྱིངས་ཡེ་ཤེས་ཀ་པ་ལར། །སྣང་སྲིད་འདོད་ཡོན་བླ་མེད་དམ་ཚིག་

(༣༦)རྫས། །འབྲུ་གསུམ་འོད་ཀྱིས་ཟག་མེད་བདུད་རྩིར་བསྒྱུར། །ནམ་མཁའ་མཛོད་ཀྱི་འཁོར་ལོའི་སྤྲིན་དུ་གྱུར། །རཾ་ཡཾ་ཁཾ། ལན་གསུམ། ཨོཾ་ཨཱཧཱུཾ། ལན་གསུམ། ཚོགས་ཞིང་སྤྱན་འདྲེན་ནི། ཧྲཱི གཞི་དབྱིངས་ཀ་དག་འོག་མིན་ཕོ་བྲང་ནས། །གཞི་སྣང་ལྷུན་གྲུབ་ལོངས་སྐུ་མཚན་དཔེར་ཤར། །previous hit བརྒྱུདགསུམ next hit་བླ་མ་ཡི་དམ་མཁའ་འགྲོའི་ཚོགས། །འདོད་ཡོན་ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ། །གུ་རུ་ཛྙཱ་ན་བཛྲ་ས་མ་ཡ་ཛ་ཛ། ཚོགས་ཕུད་འབུལ་བ་ནི། ཧྲཱི ཀ་དག་སྐྱེ་མེད་ཆོས་དབྱིངས་ཕོ་བྲང་ནས། །རྒྱལ་བ་དགོངས་བརྒྱུད་བླ་མའི་ཐུགས་དམ་བསྐང་། །ལྷུན་གྲུབ་ལྔ་ལྡན་ལོངས་སྐུའི་ཕོ་བྲང་ནས། །རིག་འཛིན་བརྡ་བརྒྱུད་བླ་མའི་ཐུགས་དམ་བསྐང་། །སྣ་ཚོགས་འགྲོ་འདུལ་སྤྲུལ་

(༣༧)བའི་ཕོ་བྲང་ནས། །སྤྲུལ་སྐུ་དྲི་མེད་འོད་ཟེར་ཐུགས་དམ་བསྐང་། །སྣ་ཚོགས་སྒྱུ་འཕྲུལ་དྲྭ་བའི་ཕོ་བྲང་ནས། །previous hit བརྒྱུདགསུམ next hit་བླ་མ་རྣམས་ཀྱི་ཐུགས་དམ་བསྐང་། །དངོས་གྲུབ་ཐོགས་པ་མེད་པར་སྩོལ་མཛད་པའི། །ཡི་དམ་ལྷ་ཚོགས་རྣམས་ཀྱི་ཐུགས་དམ་བསྐང་། previous hit བརྒྱུདགསུམ next hit་བླ་མའི་དཀའ་བསྒོས་ཐ་ཚིག་ཅན། །མཁའ་འགྲོ་ཆོས་སྐྱོང་རྣམས་ཀྱི་ཐུགས་དམ་བསྐང་། །བྱིན་རླབས་དངོས་གྲུབ་ཆར་ལྟར་འབེབས་པ་དང་། །ཐུན་མོང་མཆོག་གི་དངོས་གྲུབ་བསྩལ་དུ་གསོལ། །གུ་རུ་ཛྙཱ་ན་བཛྲ་ས་མ་ཡ་སརྦ་ག་ཎ་ཙཀྲ་པཱུ་ཛ་ཧོ བཤགས་པ་ནི། ཧྲཱི རང་བྱུང་རིག་པ་ཀུན་ཁྱབ་རྡོ་རྗེ་སེམས། །མ་རིག་དབང་གིས་དེ་ལྟར་མ་རྟོགས་པས། །སྡོམ་པ་གསུམ་དང་འགལ་བའི་ཉེས་ལྟུང་ཀུན། །ཞལ་ཟས་ཚོགས་ཀྱི་མཆོད་པས་བཤགས་པར་

(༣༨)བགྱི། །ཡི་གེ་བརྒྱ་བ་བརྗོད། བསྒྲལ་ཞིང་བསྟབ་པ་ནི། ཧྲཱི མ་རིག་བདག་ཏུ་འཛིན་པའི་དགྲ་དང་བགེགས། །བདག་མེད་ཡེ་ཤེས་དོན་ཀྱི་མཚོན་ཆས་བསྒྲལ། །དུག་གསུམ་རྣམ་དག་ཟག་མེད་བདུད་རྩིའི་སྤྲིན། །རྩ་གསུམ་ལྷ་ཚོགས་རྣམས་ཀྱི་ཞལ་དུ་བསྟབ། །རུ་ཏྲ་ཧ་ལ་པཉྩ་པུ་ཛ་ཁཱ་ཧི། །ལྷག་མ་སྔོ་བ་ནི། ཨ་ཀཱ་རོ་སོགས་ ཕཻམ་ཕཻམ་ པདྨའི་དཀའ་ཉན་བོད་ཁམས་སྐྱོང་བའི་ཚོགས། །དཀྱིལ་འཁོར་མུ་རན་གནས་པའི་ལྷག་སྡུད་རྣམས། །འདིར་གཤེགས་ལྷག་མའི་གཏོར་མ་འདི་ལོངས་ལ། །བྱང་ཆུབ་བསྒྲུབ་ལ་བར་ཆད་བགེགས་རྣམས་སྲུངས། །ཨུཙྪཥྚ་བ་ལིང་ཏ་ཁཱ་ཧི། བསྐུལ་བ་ནི། ཧྲཱི ཀ་དག་ལྷུན་གྲུབ་ཆེན་པོའི་རང་རྩལ་ལས། །རིག་འཛིན་བླ་མའི་ལྷ་ཚོགས་དབྱིངས་

(༣༩)ནས་བཞེངས། །འོད་གསལ་རྡོ་རྗེ་སྙིང་པོའི་གསང་ལམ་ནས། །སྣང་བཞི་མཐའ་རུ་ཕྱིན་པའི་ཕྲིན་ལས་མཛོད། །ཆད་ཐོ་བྱ་བ་ནི། ཧྲཱི སྔོན་ཚེ་རང་སྣང་འོག་མིན་ཞིང་ཁམས་ནས། །previous hit བརྒྱུདགསུམ next hit་རིག་འཛིན་བླ་མའི་སྤྱན་སྔ་རུ། །བསྟན་པ་བསྲུང་བར་ཁས་བླང་དྲེག་པའི་ཚོགས། །མཆོད་གཏོར་བཞེས་ལ་ཕྲིན་ལས་མྱུར་འགྲུབ་མཛོད། །བསྟན་མ་སྐྱོང་བ་ནི། །བཤལ་ཆུ་ཨོཾ་ཨཱཧཱུྃ་གིས་བརླབ། ཧྲཱི སྔོན་ཚེ་རྒྱལ་དབང་པདྨའི་བཀའ་བསྒོས་བཞིན། །བོད་ཁམས་སྐྱོང་བའི་བསྟན་མ་བཅུ་གཉིས་རྣམས། །འདིར་གཤེགས་བསྟན་མའི་ཚོགས་རྣམས་གཏོར་མ་ལོངས། །གངས་ཅན་བདེ་ལ་འགོད་པའི་ཕྲིན་ལས་མཛོད། །མ་མ་ཧྲིང་ཧྲིང་བྷ་ལིང་ཏ་ཁཱ་ཧི། །མནན་པར་བྱ་བ་ནི། ཧྲཱི

(༤༠)བྱིན་རླབས་ཀུན་འབྱུང་བླ་མའི་དཀྱིལ་འཁོར་དུ། །དངོས་སྒྲུབ་བར་ཆད་བྱེད་པའི་གཟུང་འཛིན་བགེགས། །རང་རིག་སྐྱེ་མེད་ཀ་དག་ཀློང་དུ་མནན། །བྱང་ཆུབ་བར་དུ་ལྡང་བར་མི་གྱུར་ཅིག སྟམ་བྷ་ཡ་ནན། དངོས་གྲུབ་བླང་བ་ནི། ཧྲཱི རིག་འཛིན་བླ་མའི་དཀྱིལ་འཁོར་ལྷ་ཚོགས་ལ། །བསྙེན་ཅིང་བསྒྲུབས་པའི་དམ་ཚིག་ཐེམས་ལགས་ན། །མཆོག་གི་དངོས་གྲུབ་སྩོལ་བའི་དུས་ལ་བབས། །ཐུན་མོང་མཆོག་གི་དངོས་གྲུབ་བསྩལ་དུ་གསོལ། །རྩ་སྔགས་མཐར། །ཀཱ་ཡ་ཝཱ་ཀ་ཙིཏྟ་སརྦ་སིདྡྷ་ཕ་ལ་ཧོ བཤགས་པ་ནི། ཧྲཱི ངོ་བོ་ཡེ་དག་ཆེན་པོའི་ཡེ་ཤེས་ལ། །བཤགས་དང་བཤགས་པར་བྱ་བ་མི་དམིགས་ཀྱང་། །གློ་བུར་འཁྲུལ་བའི་བག་ཆགས་དྲི་མ་ཀུན། །རང་བྱུང་རིག་པའི་ཀློང་དུ་དག་གྱུར་ཅིག །ཡི་གེ་བརྒྱ་བ་ལན་གསུམ་

(༤༡)བརྗོད། །རྟག་ཆད་ཀྱི་མཐའ་བསལ་བ་ནི། ཧྲཱི གདོད་ནས་འོད་གསལ་སེམས་ཉིད་ཆོས་སྐུ་ཆེར། །རིམ་གཉིས་ཏིང་འཛིན་སྤྲོ་བསྡུ་མི་དམིགས་ཀྱང་། །སྣང་སྲིད་ཐམས་ཅད་བླ་མའི་དཀྱིལ་འཁོར་དུ། །སྐྱེ་མེད་རིག་སྟོང་རྗེན་པའི་ངང་དུ་ཡལ། ཨ་ཨ་ཨཱ བསྔོ་སྨོན་ནི། ཧྲཱི དགེ་རྩ་འདིས་མཚོན་དུས་གསུམ་བསགས་པ་རྣམས། །འཁོར་གསུམ་དམིགས་མེད་ཡོངས་གྲོལ་ཆེན་པོར་བསྔོ། །མ་གྱུར་འགྲོ་དྲུག་སེམས་ཅན་མ་ལུས་པ། །ཀུན་ཀྱང་བླ་མེད་བྱང་ཆུབ་མྱུར་ཐོབ་ཤོག །ཤིས་བརྗོད་ནི། ཧྲཱི གདོད་མའི་མགོན་པོ་ཀུན་བཟང་སྣང་མཐའ་ཡས། །ལོངས་སྤྱོད་རྫོགས་སྐུའི་བདག་ཉིད་རྡོ་རྗེ་སེམས། །དབྱེར་མེད་ཀུན་མཁྱེན་བླ་མའི་བྱིན་རླབས་ཀྱིས། །དགོངས་བརྒྱུད་རྟོགས་པ་འཕོ་བའི་བཀྲ་ཤིས་ཤོག

(༤༢)གློ་བུར་སྒྲུབ་གཉིས་དྲི་མ་དབྱིངས་སུ་དག །ཀ་དག་ལྷུན་གྲུབ་རིག་སྟོང་མངོན་དུ་གྱུར། །སྣང་སེམས་དབང་སྡུད་གཞན་སེམས་དགེ་ལ་བསྒྱུར། །དོན་གཉིས་ལྷུན་གྱིས་འགྲུབ་པའི་བཀྲ་ཤིས་ཤོག །རྩ་གསུམ་ཀྱི་ཤིས་བརྗོད་ཀྱིས་མཐའ་བརྒྱན་པར་བྱའོ། །ཕན་ཡོན་བསྟན་པ་ནི། རྡོ་རྗེ་དྲྭ་བ་ལས། བསོད་ནམ་ནང་ནས་ཚོགས་འཁོར་མཆོག །ཚེ་འདིར་བསམ་པ་ཀུན་འགྲུབ་ཅིང་། །བགེགས་དང་བར་ཆད་ཞི་བ་དང་། །ཕྱི་མ་རིག་འཛིན་རྒྱལ་བའི་ཞིང་། །ཀུན་ཏུ་བཟང་པོ་འཐོབ་པར་འགྱུར། །ཞེས་སོགས་ཕན་ཡོན་རྒྱ་ཆེར་གསུངས་སོ། །ཞེས་པ་འདི་བླ་མ་རིག་འཛིན་གྱིས་ཡང་ཡང་བསྐུལ་ངོར་མ་ཏི་ས་རས་བགྱིས་ཤིང་ཡི་གེ་བ་ནི་འཇམ་དབྱངས་ཐོགས་མེད་རྒྱ་མཚོས་བགྱིས་པའི་དགེ་བས་འགྲོ་ཀུན་ཀུན་མཁྱེན་བླ་མའི་གོ་འཕང་འཐོབ་པའི་རྒྱུར་གྱུར་ཅིག། དགེའོ། །དགེའོ། །དགེའོ། །སརྦ་མངྒ་ལཾ།། །།

(༤༣)ཡི་དམ་རྒྱུད་འདེབས་དོན་གཉིས་ལྷུན་གྲུབ་བཞུགས་སོ། །ཨེ་མ་ཧོ། ཆོས་དབྱིངས་སྤྲོས་བྲལ་འོག་མིན་ཕོ་བྲང་ནས། །ཆོས་སྐུའི་སྟོན་པ་སྣང་བ་མཐའ་ཡས་ལ། །མ་བཅོས་མཐའ་བྲལ་ངང་ནས་གསོལ་བ་འདེབས། །གདོད་མའི་གནས་ལུགས་རྟོགས་པར་བྱིན་གྱིས་རློབས། །བདེ་ཆེན་འབྲལ་མེད་ལྷུན་གྲུབ་ཕོ་བྲང་ནས། །ལོངས་སྐུའི་སྟོན་པ་ཐུགས་རྗེ་ཆེན་པོ་ལ། །འོད་གསལ་ཀློང་ཡངས་ངང་ནས་གསོལ་འདེབས། འཁོར་འདས་བདེན་མེད་རྟོགས་པར་བྱིན་གྱིས་རློབས། སྣ་ཚོགས་འགྲོ་བ་འདུལ་བའི་ཕོ་བྲང་ནས། །སྤྲུལ་སྐུའི་སྟོན་པ་པདྨ་འབྱུང་གནས་ལ། །འགག་མེད་རྩལ་སྣང་ངང་ནས་གསོལ་བ་འདེབས། །འཁྲུལ་སྣང་ཨ་འཐས་ཞིག་བར་བྱིན་གྱིས་རློབས། བཀའ་ལུང་དབང་previous hit གསུམ་རྫོགས་

(༤༤)པའི་ཕོ་བྲང་ནས། །དྲིན་ཆེན་རྩ་བ་བརྒྱུད next hit་པའི་བླ་མ་ལ། །དད་མོས་དྲག་པོའི་ངང་ནས་གསོལ་བ་འདེབས། ཕྱོགས་མེད་འགྲོ་དོན་འབྱུང་བར་བྱིན་གྱིས་རློབས། །སྐུ་གསུམ་འདུ་འབྲལ་མེད་པའི་ཕོ་བྲང་ནས། །རྩ་གསུམ་ཀུན་འདུས་རྩ་བའི་བླ་མ་ལ། །གདུང་ཤུག་དྲག་པོས་རྩེ་གཅིག་གསོལ་བ་འདེབས། །འགྲོ་ཀུན་བདེ་ཆེན་དྲང་བར་བྱིན་གྱིས་རློབས། །དེ་ལྟར་གསོལ་བ་བཏབ་པའི་ནུས་མཐུ་ཡིས། །སྒྲིབ་གཉིས་གློ་བུར་དྲི་མ་ཀུན་བསལ་ནས། །མཁྱེན་བརྩེའི་ཡེ་ཤེས་མཁའ་དབྱིངས་ཉ་རྒྱས་བཞིན། །འགྲོ་བ་འདྲེན་པའི་དཔལ་དུ་ཤར་བར་ཤོག དགེའོ། །དགེའོ། །སརྦ་མངྒ་ལཾ།། །།

(༤༥)ཡི་དམ་སྒྲུབ་པ་བདེ་ཅན་མྱུར་ལམ་བཞུགས་སོ། །

(༤༦)དེ་ནས་ཕྱི་ནང་གི་མཆོད་རྫས་ཡོ་བྱེད་ཅི་འབྱོར་བཤམས་ནས་ཚོགས་ཞིང་གསལ་འདེབས་པར་བྱ་བ་ནི། མདུན་གྱི་ནམ་མཁར་སངས་རྒྱས་འོད་དཔག་མེད་པ་ལ་འཁོར་རྒྱལ་བ་སྲས་དང་བཅས་པས་བསྐོར་པ་བཛྲ་ས་མ་ཡ་ཛ་ཛ། སྐྱབས་སེམས་ནི། ན་མོ །མཆོག་གསུམ་ཀུན་འདུས་འོད་དཔག་མེད་མགོན་ལ། །བདག་སོགས་བྱང་

(༤༧)ཆུབ་བར་དུ་སྐྱབས་སུ་མཆི། །འགྲོ་དྲུག་འཁོར་བར་འཁྱམས་པའི་ཕ་མ་ཀུན། །མི་གནས་མྱ་ངན་འདའ་ཕྱིར་སེམས་བསྐྱེད་དོ། །ལན་གསུམ། འདྲེན་པ་འོད་དཔག་མེད་པ་འཁོར་བཅས་ལ། །སྒོ་གསུམ་གུས་པ་ཆེན་པོས་ཕྱག་འཚལ་ལོ། །དངོས་བཤམས་ཡིད་སྤྲུལ་ཀུན་བཟང་མཆོད་པའི་སྤྲིན། །སྨོན་ལམ་སྟོབས་ཀྱིས་རྒྱལ་བ་སྲས་བཅས་འབུལ། །ཐོག་

(༤༨)མེད་དུས་ནས་བསགས་པའི་སྡིག་ལྟུང་ཀུན། །འགྱོད་པ་དྲག་པོས་སྙིང་ནས་སོ་སོར་བཤགས། །ཟག་བཅས་ཟག་མེད་དགེ་ཚོགས་ཐམས་ཅད་ལ། །དགའ་བ་ཆེན་པོས་རྗེས་སུ་ཡི་རང་ངོ། །གདུལ་བྱའི་ཁམས་དབང་མཐུན་པའི་ཟབ་རྒྱས་དོན། །ཆོས་ཀྱི་འཁོར་ལོ་བསྐོར་བར་བདག་གིས་བསྐུལ། །ཇི་སྲིད་འཁོར་བའི་སེམས་ཅན་མ་སྟོངས་པར། །དེ་སྲིད་མྱང་ངན་མི་འདའ་བཞུགས་གསོལ་འདེབས། །བདག་གི་དུས་གསུམ་བསགས་པའི་དགེ་ཚོགས་ཀུན། །ཐམས་ཅད་བྱང་ཆུབ་ཆེན་པོའི་རྒྱུ་རུ་བསྔོ། །ཨོཾ་ཨཱ༔ཧཱུྃ། །མཆོག་གསུམ་རྒྱལ་བ་སྲས་བཅས་བྱིན་རླབས་དང་། །ཚོགས་གཉིས་བདེན་སྟོབས་ཆོས་ཉིད་

(༤༩)དག་པའི་མཐུས། །སྣོད་བཅུད་རྣམ་དག་བདེ་བ་ཅན་གྱི་ཞིང་། །འདོད་དགུ་ཕུན་ཚོགས་འབྱོར་བས་ཁེངས་གྱུར་ཅིག །རིན་ཆེན་ས་གཞི་བརྒྱད་ལྡན་ཆུ་མཚོས་བརྒྱན། །དཔག་བསམ་ལྗོན་ཤིང་ལོ་མ་འབྲས་བུས་མཛེས། །སྣ་ཚོགས་པདྨའི་འདབ་མ་ཕྱོགས་རྣམས་རྒྱས། །དྲི་ཞིམ་སྤོས་ངད་རླུང་གིས་ཕྱོགས་བཅུར་ཁྱབ། །དངོས་འབྱོར་ཡིད་སྤྲུལ་ཕྱི་ནང་མཆོད་པའི་ཚོགས། །ཏིང་འཛིན་ལྷ་སྔགས་ཕྱག་རྒྱའི་བདེན་སྟོབས་ཀྱིས། །ཀུན་བཟང་མཆོད་པའི་སྤྲིན་ཕུང་སྤྲོས་པ་འདིས། །རྒྱལ་བ་སྲས་བཅས་ཚོགས་རྣམས་དགྱེས་གྱུར་ཅིག །ཨོཾ་བཛྲ་ཨརྒྷཾ༴ ཤབྟ་པྲ༴ ༈ ཨཱ སྐད་ཅིག་རིག་པ་མ་བཅོས་སྟོང་པའི་ངང་། །གསལ་སྣང་མ་འགགས་སྙིང་རྗེ་སྒྱུ་མའི་རྩལ། །སྣང་བས་གར་ཁྱབ་བདེ་བ་ཅན་གྱི་ཞིང་། །རྒྱན་བཀོད་

(༥༠)ཡོངས་རྫོགས་ངོ་མཚར་བསམ་ཡས་དབུས། །རང་སྣང་རིན་ཆེན་ལས་གྲུབ་གཞལ་ཡས་ཁང་། །མཚན་ཉིད་ཡོངས་སུ་རྫོགས་པའི་ལྟེ་བ་རུ། །སྣ་ཚོགས་སེང་ཁྲི་པད་ཉི་ཟླ་གདན་སྟེང་། །སྐྱབས་གནས་ཀུན་འདུས་རྩ་བའི་བླ་མ་དང་། །དབྱེར་མེད་བཅོམ་ལྡན་རྒྱལ་བ་འོད་དཔག་མེད། །སྐུ་མདོག་དམར་པོ་ཡེ་ཤེས་རང་འོད་འབར། །ཕྱག་གཉིས་མཉམ་བཞག་བདུད་རྩིའི་ལྷུང་གཟེད་བསྣམས། །ཞབས་གཉིས་སྐྱིལ་ཀྲུང་སྤྱན་གྱིས་འགྲོ་ལ་གཟིགས། །ཆོས་གོས་གསུམ་གསོལ་མཚན་དཔེའི་རྒྱན་གྱིས་སྤྲས། །རཱ་གའི་ལྷུན་པོར་ཉི་འོད་འཕྲོས་པ་ལྟར། །ཡེ་ཤེས་འོད་ལྔའི་འཇའ་ཟེར་འཁྲིགས་པའི་ཀློང་། །རྒྱལ་སྲས་སྤྱན་རས་གཟིགས་དང་མཐུ་ཆེན་ཐོབ། །སྲས་བཅས་འཁོར་ཚོགས་བསམ་མི་ཁྱབ་པས་བསྐོར།

(༥༡)མདུན་གྱི་མཁའ་ལ་མངོན་སུམ་གསལ་བར་གྱུར། །དེ་ལྟར་གསལ་བའི་ཐུགས་ཀར་ཟླ་གདན་སྟེང་། །ཧྲཱི༔ ལས་འོད་འཕྲོས་བདེ་གཤེགས་འཁོར་དང་བཅས། །མཆོག་གསུམ་རྒྱ་མཚོ་སྤྲིན་ཕུང་འཐིབས་པ་བཞིན། །དམ་ཚིག་པ་དང་གཉིས་སུ་མེད་པར་གྱུར། །བཛྲ་ས་མ་ཡ་སྟྭཾ། །ཧཱུྃ རྣམ་དག་བདེ་བ་ཅན་གྱི་ཞིང་ཁམས་ནས། །སངས་རྒྱས་འོད་དཔག་མེད་པ་སྲས་དང་བཅས། །བདག་སོགས་སྙིགས་མའི་འགྲོ་བ་མགོན་མེད་རྣམས། །མགོན་ཞིང་སྐྱོབ་ཕྱིར་གནས་འདིར་གཤེགས་སུ་གསོལ། །བཛྲ་ས་མ་ཡ་ཛ་ཛ། །བདེ་གཤེགས་དབྱིངས་ན་བཞུགས་པའི་ལྷ་ཚོགས་རྣམས། །གཤེགས་ཤིང་བཞུགས་པ་ཡེ་ནས་མི་མངའ་ཡང་། །རྟེན་འབྲེལ་སྣང་བ་ཆུ་ནང་ཟླ་གཟུགས་ལྟར། །གཉིས་སུ་མེད་པའི་ངང་

(༥༢)དུ་བརྟན་པར་བཞུགས། །ས་མ་ཡ་ཏིཥྛ་ལྷན། ན་མོ། རཱ་གའི་མདོག་ཅན་བདེ་གཤེགས་འོད་དཔག་མེད། །སྐུ་ཚེ་དཔག་མེད་བསྐལ་བ་གྲངས་མེད་བཞུགས། །འཁོར་ནི་དཔག་མེད་གྲངས་མེད་སེམས་དཔས་བསྐོར། །འཁོར་ཚོགས་བསམ་མི་ཁྱབ་ལ་ཕྱག་འཚལ་ལོ། །ཨོཾ་ཨཱཧཱུྃ། སྣོད་བཅུད་ཐམས་ཅད་མཆོད་པའི་ཚོགས། །མེ་ཏོག་བདུག་སྤོས་མར་མེ་དྲི། །ཞལ་ཟས་རོལ་མོ་ལ་སོགས་པ། །བདེ་གཤེགས་འཁོར་དང་བཅས་ལ་འབུལ། །ཨོཾ་བཛྲ་ཨརྒྷཾ༴ཧཱུྃ། རྨད་བྱུང་མཚན་དཔེའི་གཟི་འོད་འབར་བའི་སྐུ། །ཡན་ལག་དྲུག་ཅུ་ཚངས་པའི་དབྱངས་ཀྱི་གསུངས། །མ་ལུས་ཤེས་བྱ་ཇི་སྙེད་མཁྱེན་པའི་ཐུགས། །བདེ་གཤེགས་འོད་དཔག་མེད་ལ་ཕྱག་འཚལ་ལོ། །མཚན་ཐོས་ཙམ་གྱིས་ངན་

(༥༣)འགྲོའི་གཡང་ལས་སྒྲོལ། །དྲན་པ་ཙམ་གྱིས་མེ་ཆུའི་འཇིགས་ལས་སྐྱོབས། །ཡིད་ཀྱིས་དད་པས་བྱང་ཆུབ་ཕྱིར་མི་ལྡོག །དེའི་ཕྱིར་དད་མོས་དྲག་པོས་གསོལ་བཏབ་མཐུས། །སྐྱབས་གསུམ་ཀུན་འདུས་ངོ་བོར་བཞུགས་པར་གྱུར། ༈ །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མགོན་པོ་འོད་དཔག་ཏུ་མེད་པ་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། ལན་བརྒྱ་སྟོང་སོགས་སྐབས་དང་བསྟུན་ཏེ་བརྗོད་མཐར། །རང་སེམས་རྒྱལ་བའི་ཐུགས་དང་དབྱེར་མེད་བསྲེས། །ཐུགས་ཀར་ཟླ་སྟེང་ཧྲཱིཡིག་དམར་པོའི་མཐར། སྔགས་འཕྲེང་འོད་ཀྱིས་འགྲོ་ཀུན་སྡིག་སྒྲིབ་སྦྱང་། །འོད་དཔག་མེད་མགོན་གོ་འཕང་མྱུར་ཐོབ་ཤོག །ཨོཾ་ཨཱ་

(༥༤)མི་དྷེ་ཝ་ཧྲཱི། མཚན་བརྗོད་པ་དང་གཟུངས་བཟླས་པའི་རྐྱེན་གྱིས་བདེ་གཤེགས་འཁོར་དང་བཅས་པའི་སྐུ་ལས་འོད་ཟེར་ཁ་དོག་སྣ་ཚོགས་དཔག་ཏུ་མེད་པ་འཕྲོས་ཏེ། བདག་དང་མཐའ་ཡས་པའི་འགྲོ་དྲུག་གི་གནས་སོ་སོར་ཁྱབ་ནས། རང་རང་གི་སྡུག་བསྔལ་འཁྲུལ་སྣང་ཞི་སྟེ་ནུབ་བདེ་བ་ཅན་དུ་དྲངས་ནས་པད་མོ་ལས་བརྫུས་ཏེ་སྐྱེས་ནས་འདྲེན་པ་འོད་དཔག་མེད་པས་རྗེས་སུ་གཟུང་བར་བསམ། བུ་རམ་ཤིང་པས་འཁོར་ལ་བཀའ་བསྩལ་བཞིན། །ནུབ་ཕྱོགས་འཁོར་ཞིང་སྐྱིལ་ཀྲུང་ཐལ་མོ་སྦྱོར། །འོད་དཔག་མེད་དང་ཞིང་ཁམས་ཡིད་ལ་གསལ། །དད་པས་མཚན་བརྗོད་སྨོན་ལམ་ཅི་བཏབ་འགྲུབ། །ཞལ་བཞེས་བདེན་སྟོབས་དེང་འདིར་འགྲུབ་གྱུར་ཅིག རྒྱལ་བའི་མཚན་བརྗོད་ཕྱག་མཆོད་བྱས་པའི་མཐུས། །ཕ་མས་གཙོ་བྱས་མཁའ་ཁྱབ་སེམས་

(༥༥)ཅན་ཀུན། །ཞིང་མཆོག་བདེ་བ་ཅན་དུ་དྲངས་ནས་ཀྱང་། །འདྲེན་པ་འོད་དཔག་མེད་པས་རྗེས་བཟུང་སྟེ། །བདག་ཅག་སྐྱབས་མེད་སྐྱོབས་པའི་དཔུང་པོར་མཛོད། །ཨེ་མ་ཁྱེད་ནི་སྨོན་ལམ་མཐུ་བཙན་པས། །སློབ་པ་ལམ་ལས་དམ་བཅའ་ཇི་བཞིན་དུ། ཁྱེད་ཀྱི་མཚན་ཙམ་ཐོས་པས་འགྲོ་བ་རྣམས། །བདེ་བ་ཅན་དུ་འདྲེན་པ་མ་ཆད་དམ། །བདག་ཅག་མགོན་མེད་སྐྱབས་མེད་མཐའ་དག་གིས། །དད་མོས་དྲག་པོས་མཚན་བརྗོད་ཕྱག་མཆོད་མཐུས། །སྔོན་གྱི་དམ་བཅའ་ཆེན་པོ་མ་གཡེལ་བར། །ཞིང་མཆོག་དེ་རུ་མྱུར་དུ་དྲང་དུ་གསོལ། །བདེ་གཤེགས་རྒྱལ་བ་སྲས་བཅས་བྱིན་རླབས་དང་། །ཆོས་ཉིད་རྣམ་པར་དག་པའི་བདེན་སྟོབས་དང་། །བདག་གི་བསམ་པ་དག་པའི་

(༥༦)ནུས་མཐུ་ཡིས། །ཇི་ལྟར་སྨོན་པ་ཡིད་བཞིན་འགྲུབ་པར་ཤོག ཅེས་བསྔོ་བ་དང་སྨོན་ལམ་རྒྱས་བསྡུས་གང་རུང་གིས་རྒྱས་གདབ་པར་བྱའོ། ཞེས་རང་གཞན་ལ་དགོས་ཆེ་བར་བསམས་ནས་མ་ཏི་ས་རས་སྨྲས་པ་དགེའོ། །དགེའོ། །དགེའོ། སརྦ་མངྒ་ལཾ། ༈ རྩ་གསུམ་གང་རུང་གི་རྗེས་སུ་ཤིས་བརྗོད་ནི། །previous hit བརྒྱུདགསུམ ་བླ་མའི་དགོངས་པ་མཁའ་ལྟར་ཁྱབ། །བྱིན་རླབས་སྤྲིན་ཕུང་འཁྲིགས་པའི་བཀྲ་ཤིས་ཤོག །ཡི་དམ་ལྷ་ཡིས་འབྲལ་མེད་རྗེས་བཟུང་ནས། །དངོས་གྲུབ་སྦྲང་ཆར་འབེབས་པའི་བཀྲ་ཤིས་ཤོག །མཁའ་འགྲོ་བསྒྲུབས་པའི་ཕྲིན་ལས་གློག་ལྟར་འཁྱུག །སྙན་གྲགས་འབྲུག་སྒྲ་སྒྲོགས་པའི་བཀྲ་ཤིས་ཤོག །རྩ་གསུམ་ལྷ་ཚོགས་སྒྲུབ་པ་མཐར་ཕྱིན་ནས། །འགྲོ་ཀུན་སྐུ་གསུམ་གྲོལ་བའི་བཀྲ་ཤིས་ཤོག །དགེའོ། །དགེའོ། །དགེའོ། །སརྦ་མངྒ་ལཾ།། །།

"ཤོག་ལྷེ་༦༡)ཚོགས་བསྡུས་ནི། རཾ་ཡཾ་ཁཾ། ཨོཾ་ཨཱཧཱུཾ། །སྟོང་ཆེན་ཆོས་དབྱིངས་མི་འགྱུར་ཀ་པ་ལར། །སྣང་སྲིད་འཁོར་འདས་འདོད་ཡོན་ཚོགས་ཀྱི་རྫས། །བདུད་རྩི་ཞུ་ནས་སྟོང་གསུམ་བར་སྣང་གང་། །རྩ་གསུམ་ལྷ་ཚོགས་ཐུགས་དམ་བསྐང་གྱུར་ནས། །ཉམས་ཆགས་འགལ་འཁྲུལ་ཆོས་དབྱིངས་ཀློང་དུ་བཤགས། །གཟུང་འཛིན་དགྲ་བགེགས་དམིགས་མེད་དབྱིངས་སུ་སྒྲོལ། །ལྷག་གཏོར་བཞེས་ལ་ཕྱི་ནང་བར་ཆད་སོལ། །ལས་བཞིའི་འཕྲིན་ལས་འགྲུབ་པའི་དངོས་གྲུབ་སྩོལ། །ཨོཾ་གུ་རུ་དྷེ་བ་ཌཱཀྐི་ནི་གྷ་་ན་ཙཀྲ་པུ་ཙ་ཧོ་ཨུཥྩི་ཊ་བྷ་ལིངྟ་ཁྷི། །དགེའོ་

(༦༢)དགེའོ། །དགེའོ།། །།

(༦༣)མཁའ་འགྲོའི་བརྒྱུད་འདེབས་ཕྲིན་ལས་མྱུར་འགྲུབ་བཞུགས། །ངོ་བོ་ཀ་ནས་དག་པའི་ཕོ་བྲང་ནས། །ཆོས་སྐུ་ཀུན་ཏུ་བཟང་མོར་གསོལ་བ་འདེབས། །གདོད་མའི་གནས་ལུགས་རྟོགས་པར་བྱིན་གྱིས་རློབས། །རང་བཞིན་འོད་གསལ་ལྷུན་གྲུབ་ཕོ་བྲང་ནས། །ལོངས་སྐུ་རྣལ་འབྱོར་མ་ལ་གསོལ་བ་འདེབས། །སྣང་བཞི་མཐའ་རུ་ཕྱིན་པར་བྱིན་གྱིས་རློབས། །ཐུགས་རྗེ་འགག་པ་མེད་པའི་ཕོ་བྲང་ནས། །སྤྲུལ་སྐུ་མཚོ་རྒྱལ་ཉིད་ལ་གསོལ་བ་འདེབས། །གཞན་དོན་རླབས་ཆེན་འགྲུབ་པར་བྱིན་གྱིས་རློབས། །ཕྲིན་ལས་རྣམ་བཞི་བསྒྲུབ་པའི་ཕོ་བྲང་ནས། །འབུམ་ཕྲག་མཁའ་འགྲོས་ཚོགས་ལ་གསོལ་བ་འདེབས། །འགྲོ་

(༦༤)དོན་འབད་མེད་འགྲུབ་པར་བྱིན་གྱི་རློབས། །གསུམ་ལྡན་གསང་ཆེན་རོལ་བའི་ཕོ་བྲང་ནས། །རྩ་བའི་བླ་མ་མཆོག་ལ་གསོལ་བ་འདེབས། །གང་སྣང་བླ་མར་ཤེས་པར་བྱིན་གྱིས་རློབས། །གསང་སྔགས་བསྟན་པ་བསྲུང་བའི་ཕོ་བྲང་ནས། །སྔགས་སྲུང་ཁྲོས་མའི་ཚོགས་ལ་གསོལ་བ་འདེབས། །བསྟན་པ་མཐའ་རུ་རྒྱས་པར་བྱིན་གྱིས་རློབས། །དེ་ལྟར་གསོལ་བ་བཏབ་པའི་བྱིན་རླབས་ཀྱིས། །ཚེ་འདིར་སྒོ་གསུམ་དྲི་མ་ཀུན་དག་ནས། །ས་བཅུ་ལམ་ལྔའི་ཡོན་ཏན་མངོན་གྱུར་ཏེ། །ཡེ་ཤེས་མཁའ་འགྲོས་གོ་འཕང་མྱུར་ཐོབ་ཤོག། ཅེས་པ་འདི་མ་ཏི་ས་རས་བྲིས། །དགེའོ། །སརྦ་མངྒ་ལཾ།། །།

(༦༥)མཁའ་འགྲོའི་གསང་སྒྲུབ་བདེ་སྟོང་རོལ་མཚོ་བཞུགས་སོ། །

(༦༦)རྒྱལ་ཡུམ་རྡོ་རྗེ་ཕག་མོ་ལ་རྩ་གསུམ་རྒྱལ་བ་རབ་འབྱམས་ཀྱིས་བསྐོར་བ་མདུན་གྱི་ནམ་མཁར་བཛྲ་ས་མ་ཡ་ཛ་ཛ། སྐྱབས་སེམས་ནི། སྐྱབས་གསུམ་ཀུན་འདུས་མཁའ་འགྲོའི་སྐུ། །རང་ངོ་ཤེས་པས་སྐྱབས་སུ་མཆི། །གློ་བུར་འཁྲུལ་

(༦༧)པའི་འགྲོ་ཀུན་རྣམས། །རང་སར་གྲོལ་བར་སེམས་བསྐྱེད་དོ། །ལན་གསུམ། །སྐུ་གསུམ་དབྱིངས་ཀྱི་ཡེ་ཤེས་མཁའ་འགྲོ་མ། །རང་ཞལ་མཇལ་བའི་ངང་ནས་ཕྱག་འཚལ་ལོ། །བརྗོད་མེད་མཐའ་བཞི་བྲལ་བའི་མཆོད་པ་འབུལ། །གཟུང་འཛིན་རྟོག་ཚོགས་

(༦༨)ཆོས་དབྱིངས་ཀློང་དུ་བཤགས། །རང་བཞིན་གཉུག་མའི་ངང་དུ་ཡི་རང་ངོ། །འཛིན་བྲལ་ཁྱབ་གདལ་རོལ་པའི་ཆོས་འཁོར་བསྐོར། །འཁོར་འདས་གཉིས་མེད་བཞུགས་པར་གསོལ་བ་འདེབས། །དམིགས་མེད་ཆོས་དབྱིངས་ཀློང་དུ་བསྔོ་བར་བྱ། །ཟུང་འཇུག་མཁའ་འགྲོའི་གོ་འཕང་མྱུར་ཐོབ་ཤོག །ཚོགས་ཞིང་རྣམས་རང་ལ་ཐིམ་པར་གྱུར། །བཛྲ་སྥ་

(༦༩)རཏྣ་ཁཾ། །ཨ་ད་ལྟའི་སྣང་བ་རྨི་ལམ་སད་པ་ལྟར། །རྩལ་སྣང་མ་འགགས་དག་པ་མཁའ་སྤྱོད་ཞིང་། །ནང་བཅུད་སེམས་ཅན་དཔའ་བོ་ཌཱཀྐའི་ཚོགས། །ལྔ་ལྡན་འོད་ཀྱི་འཇའ་འོད་ཐིག་ལེའི་ཀློང་། །ཉི་མའི་གདན་ལ་རང་ཉིད་སྐད་ཅིག་གིས། །སྟོང་གསལཌཱཀྐིརྡོ་རྗེ་རྣལ་འབྱོར་མ། །རྣམ་པ་མཁའ་འགྲོའི་གཙོ་མོ་མཚོ་རྒྱལ་ཡུམ། །ཞལ་གཅིག་ཕྱག་གཉིས་གཅེར་མོ་རུས་པས་བརྒྱན། །ཕྱག་གཡས་གྲི་གུག་གཡོན་པས་ཐོད་ཁྲག་བསྣམས། །ཞལ་འཛུམ་འཇོ་སྒེག་རོལ་བའི་ཉམས་དང་ལྡན། །སྤྱན་གཉིས་དཀར་ནག་མ་འདྲེས་ཟུར་མིག་གཡོ། །དབུ་སྐྲ་ནག་ལ་ལན་ཚར་རིང་དུ་འཕྱང་། །གསེར་གཡུ་མུ་ཏིག་སྣ་ལྔའི་རྩེ་ཕྲན་བརྒྱན། །འཇམ་མཉེན་ལྡེམ་པའི་ཤ་མདོག་དམར་མདངས་ཆགས། །དགྱེས་

(༧༠)ཆགས་ཉམས་ཀྱི་མཛེས་སྡུག་ལང་ཚོས་ཁེངས། །ཞབས་གཉིས་གར་གྱིས་རོལ་བའི་འདོར་སྟབས་བཅས། །མཐོང་བ་ཙམ་གྱིས་བདེ་སྟོང་ཡིད་ལ་འདྲེན། །དྲན་པས་དགའ་བཞིའི་ཡེ་ཤེས་ཉམས་རྩལ་འབར། །སྦྱོར་བས་ལས་རླུང་དབུ་མའི་དབྱིངས་སུ་དྲངས། །བསྒོམ་པས་འོད་གསལ་མཆོག་གི་དངོས་གྲུབ་ཐོབ། །དེ་ཡི་སྤྱི་གཙུག་པདྨ་འབྱུང་། །སྐུ་མདོག་དཀར་དམར་ཞི་བའི་མདངས། །ཕྱག་གཉིས་རྡོ་རྗེ་ཚེ་བུམ་བསྣམས། །བདག་ལ་འཛུམ་པའི་ཚུལ་གྱིས་གཟིགས། །དེ་ལྟར་གསལ་བའི་གནས་གསུམ་འབྲུ་གསུམ་ལས། །འོད་འཕྲོས་མཁའ་སྤྱོད་དག་པའི་གནས་མཆོག་ནས། །ཌཱཀྐི་འབུམ་སྡེའི་གཙོ་མོ་མཁར་ཆེན་གཟའ། །ཡེ་ཤེས་མཁའ་འགྲོའི་ལྷ་ཚོགས་འཁོར་དང་བཅས། །སྤྱན་དྲངས་དམ་ཚིག་པ་དང་གཉིས་མེད་གྱུར། །བཛྲ་ས་མ་ཡ་ཛ་ཛ། །ཧཱུཾ་

(༧༡)ཨོ་རྒྱན་ཡུལ་གྱི་མཁའ་འགྲོའི་གྲོང་། །མཁའ་སྤྱོད་དག་པའི་ཞིང་ཁམས་ནས། །སྐྱེ་མེད་ཆོས་སྐུའི་ཡུམ་ཆེན་མོ། །འགག་མེད་རང་བྱུང་མཚོ་རྒྱལ་མ། །འབུམ་ཕྲག་མཁའ་འགྲོའི་འཁོར་གྱིས་བསྐོར། ཁྱེད་ཀྱི་རྗེས་སུ་བདག་སྒྲུབ་ཕྱིར། །བྱིན་གྱི་རླབས་ཕྱིར་གཤེགས་སུ་གསོལ། །གནས་མཆོག་འདི་རུ་བྱིན་ཕོབས་ལ། །སྒྲུབ་མཆོག་བདག་ལ་དབང་བཞི་སྐུར། །བགེགས་དང་ལོག་འདྲེན་བར་ཆད་སོལ། །མཆོག་དང་ཐུན་མོངས་དངོས་གྲུབ་སྩོལ། །ཨོཾ་བཛྲ་ཛྙཱ་ན་ཌཱཀྐི་ནི་སརྦ་ས་མ་ཡ་ཛ་ཛ། །ཡེ་ཤེས་དབྱིངས་ཀྱི་མཁའ་འགྲོ་མཚོ་རྒྱལ་མ། །གཤེགས་ཤིང་བཞུགས་པ་ཡེ་ནས་མི་དམིགས་ཀྱང་། །དམ་ཚིག་གསང་བའི་དཀྱིལ་འཁོར་ཆེན་པོ་འདིར། །གཉིས་མེད་དགྱེས་པས་བརྟན་པར་བཞུགས་སུ་གསོལ། །མ་སུརྻ་མནྚ་ལ། །ཡེ་ཤེས་

(༧༢)དབྱིངས་ཀྱི་ཆོས་སྐུ་མཁའ་འགྲོ་མ། །འགག་མེད་ལོངས་སྐུ་རྡོ་རྗེ་རྣལ་འབྱོར་མ། །སྣ་ཚོགས་འགྲོ་འདུལ་སྤྲུལ་སྐུ་མཚོ་རྒྱལ་མ། །སྐུ་གསུམ་དབྱེར་མེད་ཁྱེད་ལ་ཕྱག་འཚལ་བསྟོད། །ཨོཾ་ཨཱཧཱུྃ །ཕྱི་ནང་གསང་གསུམ་མཆོད་པའི་ཚོགས། །ཏིང་འཛིན་སྔགས་དང་ཕྱག་རྒྱའི་མཐུས། །ཀུན་བཟང་མཆོད་པའི་སྤྲིན་ཕུང་འདི། །ཡེ་ཤེས་མཁའ་འགྲོའི་ཚོགས་ལ་འབུལ། །ཨོཾ་བཛྲ་ཨརྒྷཾ༴ཧཱུྃ། །རྣམ་ཐར་གསུམ་ལྡན་རྡོ་རྗེ་བཙུན་མོའི་དབྱིངས། །གཞི་ལམ་འབྲས་གསུམ་རྫོགས་པ་ཆོས་ཀྱི་སྐུ། །དུས་གསུམ་རྒྱལ་བ་བསྐྱེད་པའི་ཡུམ་ཆེན་མོ། །ཡེ་ཤེས་མཁའ་འགྲོ་ཁྱེད་ལ་ཕྱག་འཚལ་བསྟོད། །ས་ལམ་ཡོངས་རྫོགས་མཁའ་འགྲོ་ཀུན་བཟང་མོ། །བཅུ་གསུམ་རྒྱན་སྤྲས་རྡོ་རྗེ་ཕག་ཞལ་མ། །ཐུགས་རྗེ་འགྲོ་འདུལ་ཡེ་ཤེས་མཚོ་རྒྱལ་ཡུམ། །ལྷན་སྐྱེས་རང་བྱུང་

(༧༣)རྒྱལ་མོ་ཁྱེད་ལ་བསྟོད། །རང་ཉིད་ཡེ་ཤེས་མཁའ་འགྲོའི་སྐུ །ཐུགས་ཀར་པདྨ་འདབ་བརྒྱད་སྟེང་། །ཉི་མའི་གདན་ལ་ཐུགས་སྲོག་ཧཱུྃ། །སྔགས་ཕྲེང་གཡས་སུ་འཁོར་བ་ལས། །འོད་འཕྲོས་ཕྱི་སྣོད་མཁའ་སྤྱོད་ཞིང་། །ནང་བཅུད་ཡེ་ཤེས་ཌཱཀྐིའི་ཚོགས། །སྒྲ་གྲགས་སྔགས་ཀྱི་རང་སྒྲ་སྒྲོག །དྲན་རྟོག་ཆོས་ཉིད་རོལ་བའི་ཀློང་། ཨོཾཔདྨོ་ཡོ་ཀི་ནི་ཛྙཱ་ན་ཝཱ་རཱ་ཧཱི་ཧཱུཾ། །ཅེས་བརྒྱ་སྟོང་ཁྲི་སོགས་སྐབས་དང་བསྟུན་ནས་བཟླས། ཨོཾ་ཨཱཧཱུཾ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛ་ཛ་སིདྡྷི་ཕ་ལ་ཧཱུྃ། ཞེས་བརྗོད་པ་ཙམ་གྱིས་གུ་རུའི་སྐུ་ལས་བདུད་རྩིའི་རྒྱུན་བབས་པས་སྤྱི་བོ་ཚང་བའི་སྒོ་ནས་ཐོན་ཏེ་རྩ་དབུ་མའི་ལམ་ནས་བབས་པར་གྱུར། །དེ་འོག་རླུང་གྱེན་དུ་ཅུང་ཟད་འཐེན་ཏེ་ལྟེ་བ་སྤྲུལ་བའི་འཁོར་ལོས་དབུས་སུ་ཨ་ཤད་དམར་པོ་མེའི་རང་བཞིན་འབར་ནས་དབུ་མའི་སྣེ་ནས་གྱེན་དུ་མེ་ལྕེ་འབར་བ་དང་མཉམ་དུ་སྟེང་རླུང་ཐུར་དུ་

(༧༤)མནན་ཏེ་ཅི་ཐུབ་འདུག་གོ མཐར་མེ་ལྕེ་གྱེན་དུ་འབར་བ་དང་སྤྱི་བོ་ནས་བདུད་རྩི་ཐུར་དུ་བབས་པ་གཉིས་དབུ་མའི་དབྱིངས་སུ་རོ་གཅིག་ཏུ་འདྲེས་ཏེ་གདོད་ནས་སྟོང་ཆེན་ཆོས་ཀྱི་དབྱིངས་དང་གཉིས་སུ་མེད་པར་གྱུར་ནས་རླུང་རིམ་བཞིན་གྱིས་ལྷོད་དེ་གནས་ལུགས་ལྟ་བའི་ངང་དུ་མཉམ་པར་བཞག་གོ སླར་དེ་ལས་ལྡང་ནས། ཁྱེད་ལ་བསྟེན་ཞིང་གསོལ་བ་བཏབ་པས་མཐུས། །སྒྲིབ་གཉིས་བག་ཆགས་མ་ལུས་ཀུན་བྱང་ནས། །ཚེ་འདི་ཉིད་ལ་མཁའ་སྤྱོད་གནས་བགྲོད་དེ། །མཁའ་འགྲོ་བསྒྲུབ་པའི་ཕྲིན་ལས་ཀུན་གྲུབ་ནས། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་བསྩལ་དུ་གསོལ། །ཀ་ཡ་ཝཀྐ་ཙིཏྟ་སརྦ་སིདྡྷི། །སྣོད་བཅུད་ཐམས་ཅད་ཡེ་ཤེས་མཁའ་འགྲོའི་སྐུ །རང་ཞལ་མཇལ་བའི་མོད་ལ་ཆབས་ཅིག་ཏུ། །རང་བྱུང་ཡེ་ཤེས་ཆེན་པོའི་དོན་རྟོགས་ནས། །འགྲོ་རྣམས་མཁའ་འགྲོས་གོ་འཕང་མྱུར་ཐོབ་ཤོག ཨ །སྣང་བ་ཐམས་ཅད་མཁའ་

(༧༥)འགྲོའི་སྐུ །གཟུང་འཛིན་བྲལ་བའི་བཀྲ་ཤིས་ཤོག །གྲག་པ་ཐམས་ཅད་ཌཀྐིའི་གསུང་། །བསམ་བརྗོད་ བྲལ་བའི་བཀྲ་ཤིས་ཤོག །དྲག་རྟོག་ཐམས་ཅད་མཁའ་འགྲོའི་ཐུགས། །ངོས་བཟུང་བྲལ་བའི་བཀྲ་ཤིས་ཤོག །ཐམས་ཅད་དཀྱིལ་འཁོར་གསུམ་གྱི་ངང་། ཁྱབ་གདལ་རོལ་བའི་བཀྲ་ཤིས་ཤོག །དགེའོ། །དགེའོ། །དགེའོ།། །།༄༅། །སྲིད་པའི་འདོད་ཡོན་གང་འཛོམ་བཤམས། ཁྱད་པར་ཤ་ཆང་མེད་མི་རུང་། །དང་པོ་བྱིན་རླབས་ནི། ཧཱུཾ སྟོང་ཆེན་ཆོས་དབྱིངས་བྷནྡྷའི་སྣོད་མཆོག་ཏུ། །སྣང་སྲིད་མཆོད་པའི་འདོད་ཡོན་ཚོགས་སུ་བཤམས་། །བཟང་ངན་མེད་པར་དམ་ཚིག་ཆེན་པོའི་རྫས། །འབྲུ་གསུམ་འོད་ཀྱིས་ཟག་མེད་བདུད་རྩིར་བསྒྱུར། །ཨོཾ་ཨཱཧཱུཾ། །ལན་གསུམ་

(༧༦)ཚོགས་ཞིང་སྤྱན་དྲངས་པ་ནི། ཧཱུཾ་ འོག་མིན་གནས་དང་བདེ་ཆེན་ཞིང་། །མཁའ་སྤྱོད་ཞིང་དང་ཨོ་རྒྱན་ཡུལ། ཁྱད་པར་མི་མཇེད་ཞིང་ཁམས་ནས། །སྐྱེ་མེད་དབྱིངས་ཀྱི་ཡུམ་ཆེན་མོ། །འགག་མེད་རང་བྱུང་རྣལ་འབྱོར་མ། །སྣ་ཚོགས་འགྲོ་འདུལ་མཚོ་རྒྱལ་ཡུམ། །ཉི་ཤུ་རྩ་བཞིའི་གནས་ཡུལ་དང་། །མཁའ་འགྲོ་འདུ་བའི་གྲོང་ཁྱེར་ནས། །འབུམ་ཕྲག་མཁའ་འགྲོའི་འཁོར་གྱིས་བསྐོར། །ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ། །མཛེས་པའི་ཐོར་ཚུགས་ལྡེམ་སེ་ལྡེམ། །རུས་པའི་རྒྱན་ཆ་ཁྲོ་ལོ་ལོ། །མཁའ་འགྲོས་གར་སྟབས་ཤིག་སེ་ཤིག །རྡོ་རྗེ་གླུ་དང་རོལ་མོའི་སྒྲ །སྙན་པའི་དབྱངས་བཅས་བཞད་པའི་སྒྲ །གནམ་ས་བར་སྣང་ཐམས་ཅད་གང་། །གནས་ཁང་འདི་ལ་བྱིན་ཆེན་ཕོབས། །ཚོགས་རྫས་འདི་ལ་

(༧༩)བཅུད་ཅིག་སྩོལ། །ལྷུན་གྲུབ་འོད་ཁྱིམ་འཇའ་ཟེར་འཁྲིགས། །ལྔ་ལྡན་ཐིག་ཕྲེང་ཐ་ར་ར། །རྣལ་འབྱོར་ཕོ་མོ་ཉམས་རེ་སྤྲོ། །རྩལ་སྣང་རིག་པ་ཅེ་རེ་རེ། །གནས་ལུགས་རྫོགས་པའི་རང་གདེང་ཐོབ། །ཕུད་བཤགས་བསྒྲལ་བསྟབ་ནི། ཧཱུཾ་ ཚོགས་མཆོད་ཡེ་ཤེས་རོལ་བ་འདི། །སྐྱེ་མེད་མཁའ་འགྲོའི་ཆོགས་ལ་འབུལ། །གཟུང་འཛིན་འཁྲུལ་རྟོག་དབྱིངས་སུ་བཤགས། །བདག་འཛིན་འདྲེ་རྒོད་དགྲ་བོ་འདི། །ཞལ་དུ་བསྟབ་བོ་ཁ་རཾ་ཁཱ་ཧི། །བསྐང་བ་ནི། ཧྲཱི རྣམ་ཀུན་མཆོག་ལྡན་ཆོས་དབྱིངས་ཕོ་བྲང་ནས། །དུས་གསུམ་རྒྱལ་བའི་ཡུམ་གྱི་ཐུགས་དམ་བསྐང་། །རང་སྣང་ལྷུན་གྲུབ་ལོངས་སྐུའི་ཕོ་བྲང་ནས། །རིགས་ལྔའི་མཁའ་འགྲོ་འཁོར་བཅས་ཐུགས་དམ་བསྐང་། །སྣ་ཚོགས་འགྲོ་འདུལ་སྤྲུལ་

(༨༠)བའི་ཕོ་བྲང་ནས། །ཡེ་ཤེས་མཚོ་རྒྱལ་འཁོར་བཅས་ཐུགས་དམ་བསྐང་། །ཐིག་ལེ་བླ་མེད་བཀའ་ཡི་བྱ་ར་བ། །སྔགས་སྲུང་ཁྲོས་མ་འཁོར་བཅས་ཐུགས་དམ་བསྐང་། །ངེས་མེད་གནས་དང་གནས་ཡུལ་ཉེར་བཞི་ནས། །འབུམ་ཕྲག་མཁའ་འགྲོ་འཁོར་བཅས་ཐུགས་དམ་བསྐང་། །སྐོང་གྱུར་དབང་དང་དངོས་གྲུབ་བསྩལ་དུ་གསོལ། །སརྦ་གྷ་ཎ་ཙ་ཀྲ་ལ་ཁཱ་ཧི། ཡིག་བརྒྱ་བཟླས་ཏེ་ཆད་ལྷག་བསྐང་ལ། སྐུ་གསུང་ཐུགས་རྡོ་རྗེའི་དངོས་གྲུབ་དམ་པ་ཨ་ལ་ལ་ཧོ། །ཞེས་གསོལ་འདེབས་དང་སྨོན་ལམ་བཏབ་ནས། ལྷག་མ་བསྔོ་བ་ནི། ཨོཾ་ཨཱཧཱུཾ། ལྷག་ལ་དབང་བ་མཁའ་འགྲོའི་ཚོགས། །ཤ་ཁྲག་བརྒྱན་པའི་ཚོགས་ལྷག་བཞེས། །སྔོན་གྱི་ཁས་བླངས་དམ་བཅས་བཞིན། །བཅོལ་བའི་འཕྲིན་ལས་འགྲུབ་པར་མཛོད། །ཨུཙྪཥྚ་

(༨༡)བ་ལིངྟ་ཁཱ་ཧི། བསྐུལ་བ་ནི། ཧཱུཾ་དབྱིངས་ནས་བཞེངས་ཤིག་མཁའ་འགྲོའི་ཚོགས། །བྱང་ཆུབ་བསྒྲུབ་པའི་བར་ཆད་སོལ། །འཇིགས་རུང་དམག་ཚོགས་མྱུར་དུ་ཟློགས། །དུས་ལ་བབ་བོ་ས་མ་ཡ། །ཆད་ཐོ་ནི། ཧོ། །སྔོན་ཚེ་བསྐལ་པ་སྙིགས་མ་རྩོད་ལྡན་དུས། །ཀུན་བཟང་སྣང་མཐའ་པད་འབྱུང་ཡབ་ཡུམ་གྱིས། །མཁའ་འགྲོའི་གསང་རྒྱུད་སྦས་དང་བཏོན་པའི་ཚེ། །སྣང་སྲིད་མཁའ་འགྲོས་དམ་བཅའ་ཇི་བཞིན་དུ། །མཆོད་གཏོར་བཞེས་ལ་ཕྲིན་ལ་བསྒྲུབ་པར་མཛོད། །བསྟན་མ་སྐྱོང་བ་ནི། ཧཱུཾ། སྔོན་ཚེ་པདྨའི་སྤྱན་སྔར་བཀའ་བསྒོས་བཞིན། །བོད་ཁམས་སྐྱོང་བའི་བསྟན་མ་བཅུ་གཉིས་རྣམས། །འདིར་བྱོན་དཀའ་ཡི་གཏོར་མའི་བཤལ་ཆུ་

(༨༢)བཞེས། །བོད་ཁམས་བདེ་ལ་འགོད་པའི་ཕྲིན་ལས་མཛོད། །རྟ་བྲོ་བྱ་བ་ནི། ཧཱུཾ། མཁའ་འགྲོ་བསྒྲུབས་པའི་དཀྱིལ་འཁོར་དུ། །གླགས་བལྟ་བར་ཆད་བྱེད་པའི་བགེགས། །སྐྱེ་མེད་མཁའ་འགྲོས་ཀློང་དུ་མནན། །སྲིད་པར་འཁྱམ་པའི་དུས་མེད་དོ། །སྟཾ་བྷ་ཡ་ནན། དངོས་སྒྲུབ་བླང་བ་ནི། ཧཱུཾ། མཁའ་འགྲོ་བསྙེན་ཞིང་གསོལ་བ་བཏབ་པའི་མཐུས། །སྒྲིབ་གཉིས་བག་ཆགས་མ་ལུས་ཀུན་བྱང་ནས། །ཚེ་འདི་ཉིད་ལ་མཁའ་སྤྱོད་གནས་བགྲོད་དེ། །མཁའ་འགྲོ་བསྒྲུབ་པའི་ཕྲིན་ལས་ཀུན་འགྲུབ་ནས། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་བསྩལ་དུ་གསོལ། །ཀ་ཡ་ཝཀྐ་ཙིཏྟ་སརྦ་སིདྡྷི་ཕ་ལ་ཧོ། བཤགས་པ་ནི། ཧོ། མཁའ་འགྲོ་བསྒྲུབས་པའི་དཀྱིལ་འཁོར་

(༨༡)དུ། །སྒོ་གསུམ་གཡེང་བའི་དབང་གྱུར་ཏེ། ཁྱེད་ཐུགས་འགལ་བ་ཅི་མཆིས་པ། །ཆོས་དབྱིངས་ཀློང་དུ་སོ་སོར་བཤགས། ཡིག་བརྒྱ་བཟླ། ལྷ་ལྡང་ནི། ཧོ། དམ་ཚིག་ལྷ་དང་གཉིས་སུ་མེད། །དབྱེར་མེད་ཆོས་ཉིད་རོལ་བའི་ངང་། །སྣང་སྟོང་སྒྱུ་མའི་ངོ་བོ་ཉིད། །འཛིན་མེད་ཆོས་དབྱིངས་ཀློང་དུ་ཨཱ། དགེ་བ་སྔོ་བ་ནི་ཨཱ། དུས་གསུམ་བསགས་པའི་དགེ་རྩ་ཀུན། །བླ་མེད་རྫོགས་པའི་རྒྱུ་རུ་བསྔོ། །རིག་པས་གར་ཁྱབ་འགྲོ་བ་རྣམས། །རིག་དྲུག་གནས་ནས་གྲོལ་ཕྱིར་བསྔོ། །སྨོན་ལམ། སྣོད་བཅུད་ཐམས་ཅད་མཁའ་འགྲོའི་སྐུ །རང་ཞལ་མཇལ་དང་ཆབས་ཅིག་ཏུ། །རང་བྱུང་ཆེན་པོའི་དོན་རྟོགས་ནས། །མཁའ་འགྲོའི་གོ་འཕང་མྱུར

(༨༢)ཐོབ་ཤོག །ཤིས་བརྗོད་ནི། ཨཱ། སྣང་བ་ཐམས་ཅད་མཁའ་འགྲོའི་སྐུ །གཟུང་འཛིན་བྲལ་བའི་བཀྲ་ཤིས་ཤོག གྲག་པ་ཐམས་ཅད་ཌཱཀྐིའི་གསུང་། །བསམ་བརྗོད་བྲལ་བའི་བཀྲ་ཤིས་ཤོག དྲན་རྟོག་ཐམས་ཅད་མཁའ་འགྲོའི་ཐུགས། །ངོས་བཟུང་བྲལ་བའི་བཀྲ་ཤིས་ཤོག །ཐམས་ཅད་དཀྱིལ་འཁོར་གསུམ་གྱི་ངང་། ཁྱབ་གདལ་རོལ་བའི་བཀྲ་ཤིས་ཤོག ཅེས་པ་འདི་བྱང་བྱེ་ཐང་གི་གནས་ནས་དཔོན་སྤྲུལ་རིན་པོ་ཆེ་སོགས་དད་ལྡན་མཆེད་གྲོགས་རྣམས་ཀྱི་བསྐུལ་ངོར་སྤྲང་མདོ་མེད་ཨ་ཁུ་སྨྱོན་པས་གང་ཤར་བྲིས་པ་དགེའོ། །སརྦ་མངྒ་ལཾ། བཀྲ་ཤིས་ཤོག། གངས་ཅན་བསྟན་པ་སྤྱིའི་སྐྱེས་བུ་དམ་པ་རྣམས་ཀྱི་སྐུ་ཚེ་བརྟན་ཞིང་བཞེད་དོན་ལྷུན་འགྲུབ་དུ་འབྱུང་བའི་དྲང་སྲོང་བདེན་པའི་སྨོན་ཚིག་བཞུགས། །

(༨༤)དུས་གསུམ་རྒྱལ་བ་སྲས་དང་སློབ་མར་བཅས། །རྩ་གསུམ་ལྷ་དང་རིག་འཛིན་སྲུང་མའི་ཚོགས། །དཀར་ཕྱོགས་སྐྱོང་བའི་མཐུ་ལྡན་དྲག་པོའི་ཚོགས། །མ་ལུས་ཐུགས་རྗེས་བདག་ལ་དགོངས་སུ་གསོལ། །གདོད་ནས་ལྷུན་གྲུབ་འོད་གསལ་རིག་པའི་གཤིས། །འགྱུར་མེད་རྒྱལ་བ་ཀུན་དང་རོ་མཉམ་པ། །མངོན་གསུམ་གཟིགས་པ་འགྲོ་མགོན་ཆོས་ཀྱི་རྗེ། །དཔལ་ལྡན་བླ་མའི་ཞབས་པད་བརྟན་གྱུར་ཅིག །གང་གི་ཐོས་བསམ་སྒོམ་པའི་ཡོན་ཏན་ལ། །བརྟེན་ནས་བསྟན་པ་གསལ་བར་བྱས་པའི་ཚེ། །ཐེག་མཆོག་རིགས་ཅན་སྐལ་ལྡན་སྐྱེ་བོའི་ཚོགས།

(༨༥)བློ་གྲོས་གསལ་བའི་སྣང་བ་འཆར་གྱུར་ཅིག །མདོ་སྔགས་དབྱར་གྱི་རྔ་གསང་ཆེས་བསྒྲག་པས། །གསང་ཆེན་བསྟན་པའི་རྒྱལ་མཚན་བསྒྲེང་བ་ན། །དཀར་ཕྱོགས་ལྷ་ཀླུ་དགའ་བའི་དགེ་མཚན་གྱིས། །མེ་ཏོག་ཆར་བས་ས་གསུམ་མཛེས་གྱུར་ཅིག །རྒྱལ་བསྟན་རིན་ཆེན་ནམ་མཁའི་ནོར་བུ་ལ། །བཤད་དང་བསྒྲུབ་པས་ཉིན་མོ་བྱེད་པའི་དུས། །ཆོས་འདོད་བློ་གསར་སྐལ་ལྡན་སྐྱེ་བོའི་ཆོགས། །པད་དཀར་གཞོན་ནུའི་དགའ་ཚལ་རྒྱས་པར་སྨོན། །ཐོས་བསམ་རྒྱ་ཆེའི་ལམ་བཟང་རབ་བརྟེན་ནས། །མན་ངག་ཟབ་མོའི་གནད་ལ་གོམས་བྱས་ཏེ། །ཐེག་མཆོག་

(༨༦)ལྟ་བའི་རྒྱལ་བོ་རྫོགས་པ་ཆེའི། །ཚེ་འདི་ཉིད་ལ་གནས་ལུགས་མངོན་འགྱུར་ཤོག །རྒྱལ་བསྟན་ཉི་མ་ཆོས་དབྱིངས་མཁའ་ལ་ཤར། །མདོ་སྔགས་ཆོས་ཀྱི་ས་གཞིའི་པད་ཚལ་རྒྱས། །རྐང་དྲུག་ཚོགས་རྣམས་འདུས་པའི་འཕུར་ལྡིང་གཡོ། །དམ་ཆོས་བདུད་རྩི་རོལ་བས་གླུ་དབྱངས་སྒྲོགས། །རྒྱལ་བསྟན་ས་སྟེང་སྤེལ་བའི་ཤིས་པ་སྩོལ། ཁྱད་པར་གངས་ཅན་བསྟན་འགྲོའི་མགོན་པོ་དང་། །བསྟན་པ་འཛིན་སྐྱོང་སྤེལ་བའི་བཤེས་གཉེན་རྣམས། །བསྟན་འཛིན་ས་སྟེང་ཁྱབ་་པ་དགེ་འདུན་ཚོགས། །གེགས་མེད་ཐུགས་དགོངས་ཡིད་བཞིན་འགྲུབ་པར་མཛོད། །བསླབ་གསུམ་བརྒྱན་པའི་དགེ་འདུན་འདུས་པའི་ཚོགས། །ཐུགས་མཐུན་ཁྲིམས་གཙང་ཚུལ་བཞིན་སྤྱོད་པ་ཡིས། །ཐོས་བསམ་སྒོམ་པའི་ལྟ་གྲུབ་མཐར་ཕྱིན་ནས། །རྒྱལ་བའི་བསྟན་ལ་བྱ་བ་བྱེད་པར་ཤོག །བསྟན་པ་དར་ཞིང་སྦྱིན་བདག་མངའ་ཐང་རྒྱས། །སེམས་ཅན་བདེ་ཞིང་ནད་མུག་འཁྲུག་རྩོད་ཞི། །ཆར་ཆུ་འབབ་ཅིང་ལོ་ཕྱུགས་ལེགས་པ་ཡིས། །རྒྱལ་ཁམས་ཡོངས་ལ་བདེ་སྐྱིད་ལྡན་པར་ཤོག །ཆོས་དབྱིངས་རྣམ་པར་དག་པའི་བདེན་པ་དང་། །ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པ་ཡི། །བདག་གིས་ལྷག་བསམ་དག་པའི་ནུས་མཐུ་ཡིས། །ཇི་ལྟར་སྨོན་པ་ཡིད་བཞིན་འགྲུབ་གྱུར་ཅིག །ཅེས་པ་འདི་བྱ་བྲལ་ཐུབ་ཚུལ་གྱི་བསྐུལ་ངོར་མ་ཏི་ས་རས་བྲིས་པ་དགེ། དགེའོ། དགེའོ། དགེའོ།


no previousno next