Nitartha Digital Library
Tibetan
 
no previousསྔ་འགྱུར་གསང་ཆེན་ཆོས་འཁོར་གླིང་གི་མཚམས་སྦྱོར་མདོར་བསྡུས།next

སྔ་འགྱུར་གསང་ཆེན་ཆོས་འཁོར་གླིང་གི་མཚམས་སྦྱོར་མདོར་བསྡུས།


ARJ001_Page_0001
[མ་དཔེ་གཟིགས་ན་འདིར་གནོན།]

སྔ་འགྱུར་གསང་ཆེན་ཆོས་འཁོར་གླིང་གི་མཚམས་སྦྱོར་མདོར་བསྡུས་བཞུགས་སོ། །


ARJ001_Page_0002
[མ་དཔེ་གཟིགས་ན་འདིར་གནོན།]

དགོན་འདི་ཉིད་ཀྱི་བརྒྱུད་པའི་ཆུ་མགོ་དེ་དག་ལུང་ལས་ཇི་ལྟར་བསྟན་ཚུལ་དང་། དེ་དག་གི་མཛད་རྗེས་གྱི་རིམ་པ་གང་དག་ཡོད་ཚུལ་སོགས་ལས་བརྩམས་ཏེ་ཅུང་ཟད་གླེང་བར་བྱ་བ་སྟེ་གཉིས། ༈ དང་པོ་ལའང་བཞི་སྟེ། དང་པོ། ཀུན་མཁྱེན་ཀློང་ཆེན་རབ་འབྱམས་སམ་ཀུན་མཁྱེན་དྲི་མེད་འོད་ཟེར་ནི། དགོངས་འདུས་ལུང་བསྟན་བཀའ་རྒྱ་མ་ལས། རྫོགས་ཆེན་དོན་སྟོན་དྲི་མེད་འོད་ཟེར་མཚན༔ སྔོན་འབྱུང་རྗེས་གསོ་ཞྭ་ཡི་ལྷ་ཁང་གསོ༔ ཞེས་དང་། ༈ གཉིས་པ་རིག་འཛིན་འཇིགས་མེད་གླིང་པ་འམ། པདྨ་དབང་ཆེན་མཁྱེན་བརྩེའི་འོད་ཟེར་ནི། ལྷོ་ཕྱོགས་འོད་ཟེར་མིང་ཅན་སྤྲུལ་པའི་སྐུ༔ ཟབ་དོན་སྙིང་ཐིག་ཆོས་ཀྱིས་འགྲོ་བ་འདྲེན༔ འབྲེལ་ཚད་རིག་འཛིན་ཞིང་དུ་འཕེན་པ་འབྱུང་༔ ཞེས་དང་། ༈ གསུམ་པ་རྡོ་གྲུབ་དབང་བྱང་ཆུབ་རྡོ་རྗེའམ་འཇིགས་མེད་ཕྲིན་ལས་འོད་ཟེར་ནི། ཤར་ཕྱོགས་འོད་ཟེར་མིང་ཅན་གདུང་ཤུགས་ཅན༔ ཕྲིན་ལས་རྨད་བྱུང་བློ་སྟོབས་ཤེས་རབ་ཅན༔ ཐུགས་ཀྱི་གསང་མཛོད་རྡོལ་བའི་གདམས་པ་འཛིན༔ བསྟན་པ་སྤེལ་གྲོགས་བྱེད་པའི་སྐལ་ལྡན་འབྱུང་༔ ཞེས་དང་། ཤར་ཕྱོགས་འོད་ཟེར་མིང་ཅན་སྤྲུལ་པའི་སྐུ༔ མཐོང་ཐོས་དྲན་རེག་རྫས་ཀྱིས་འགྲོ་བ་འདྲེན༔ ཐུགས་རྗེ་ཆེན་པོའ་ིབསྟན་པ་སྤེལ་བྱེད་འབྱུང་༔ ཞེས་སོགས་རྒྱ་ཆེར་གསུངས་པ་ལྟར། དེ་གསུམ་ནི་གསང་བ་སྙིང་ཐིག་གི་རྩ་བའི་སྲོག་ཤིང་དུ་གྱུར་ཅིང་། གཞན་དྲང་མི་འཇོག་པའི་རྣམ་དཔྱོད་ཆེན་པོ་དང་ལྡན་པའི་རྒྱུ་མཚན་གྱིས་དེ་དག་ལ་ཀུན་མཁྱེན་ཡབ་སྲས་གསུམ་དང་འོད་ཟེར་གསུམ་དུ་གྲགས། དེ་ཡང་ཀྲོ་ལོད་དངོས་བྱོན་ཁྲག་འཐུང་བདུད་འཇོམས་རྡོ་རྗེའི་གསང་བའི་རྣམ་ཐར་ཅུང་ཟད་བཤད་པ་ཌཱཀྐིའི་ཞུས་ལན་ལས། རང་སྣང་པདྨ་འོད་ཀྱི་གླིང་༔ དྲི་མེད་འོད་ཟེར་འཇིགས་མེད་གླིང་༔ གྲུབ་དབང་ཀུན་བཟང་གཞན་ཕན་པ༔ ཡེ་ཤེས་སྒྱུ་མའི་སྐུ་དང་མཇལ༔ སྙིང་ཐིག་ཟབ་མོའ་ིགཏད་རྒྱ་ཐོབ༔ ཅེས་དང་། ཀུན་མཁྱེན་རང་བྱུང་རྡོ་རྗེས་ཀྱང་། འོད་ཟེར་གསུམ་གྱི་བསྟན་པ་སྲིད་མཐའི་བར། །དུས་གསུམ་ཀུན་ཏུ་གཡེལ་མེད་ཁྱོད་ཀྱིས་སྲུངས། །ཞེས་བཀྲ་ཤིས་ཚེ་རིང་མར་གཉེར་གཏད་མཛད་པ་ལྟར་རོ། །བཞི་པ་དེ་ཡི་བྱེ་བྲག་ཕྱི་མ་རྡོ་བ་གྲུབ་ཆེན་གྱི་སློབ་མ་རྣམས་ལུང་བསྟན་པ་ལས། ཤར་ནས་དུང་དཀར་གཡས་སུ་འཁྱིལ་འདྲ་འབྱུང་༔ སྙན་གྲགས་སྒྲོགས་དང་བསྟན་པ་འཕེལ་བར་བྱེད༔ ལྷོ་ཡི་ཕྱོགས་ནས་སློབ་མ་འབྱུང་འགྱུར་ཏེ༔ འབྲས་ཀྱི་ཕུང་པོ་སྤུངས་པ་ལྟ་བུ་ཡི༔ འདོད་ཡོན་ཟས་ནོར་ལོངས་སྤྱོད་འཕེལ་བར་བྱེད༔ ནུབ་ནས་པདྨ་དམར་པོ་འཁྲིགས་འདྲ་བའི༔ སྒྲིབ་མེད་སྒྲུབ་ཚུགས་འཛིན་པའི་སློབ་མ་འབྱུང་༔ བྱང་གི་ཕྱོགས་ནས་ལྕགས་ཕུར་ལྟ་བུ་ཡི༔ མཐུ་རྩལ་ལྡན་པའི་སློབ་མ་འགའ་ཞིག་ནི༔ བསྟན་པ་འཕེལ་བསྐྱེད་ཕྲིན་ལས་སྒྲུབ་པ་འབྱུང་༔ ཞེས་བྱུང་བ་ལྟར། ཤར་དུ་འབྲས་ཁལ་ཁལ་དུ་སྤུངས་འདྲའི་སློབ་མ་རྩ་རླུང་གཏུམ་མོའ་ིབཀའ་བབ་ཁྱུང་ལུང་རས་པ་དམ་ཚིག་རྡོ་རྗེ། ལྷོ་དམར་སེར་པདྨ་རྒྱས་འདྲའི་སློབ་མ་རྒྱལ་སྲས་གཞན་ཕན་མཐའ་ཡས་སམ་རྒྱལ་སྲས་རིག་པའི་རྡོ་རྗེ། ནུབ་སེང་ཆེན་གངས་ལ་འགྱིངས་འདྲའི་སློབ་མ་འཇིགས་མེད་བསྐལ་བ་བཟང་བོའམ་སྐྱེས་བུ་ཡེ་ཤེས་རྡོ་རྗེ། བྱང་སྔགས་ནག་གི་ཕུར་བ་ས་ལ་བཏབ་འདྲའི་སློབ་མ་དྲག་སྔགས་རྒྱ་མཚོའི་བཀའ་བབས་ཆོས་དབྱིངས་སྟོབས་ལྡན་རྡོ་རྗེ་སྟེ་རྡོ་རྗེའི་གདུང་ཆེན་བཞིར་གྲགས་པ་ལས། འཇིགས་མེད་བསྐལ་བ་བཟང་བོའམ། ཨརྱ་དྷེ་ཝ། སྐྱེ་མེད་རྡོ་རྗེ། འཇིགས་མེད་ཡེ་ཤེས་རོལ་པའི་རྡོ་རྗེ། གཅོད་སྨྱོན་ཡེ་ཤེས་རྡོ་རྗེ་དབང་ཆེན་བཞད་པ་རྩལ། འཇིགས་མེད་ཆོས་ཀྱི་བློ་གྲོས། འཕགས་པ་ལྷ་སོགས་མཚན་གྱི་རྣམ་གྲངས་དུ་མ་དང་ལྡན་པ་དེ་ཉིད་ཀྱི་ཞལ་ནས། ཚེ་གཅིག་གིས་ས་ལམ་མཐར་ཕྱིན་པའི། །གཞུང་འཆད་ནུས་མདོ་ཁམས་ཡུལ་གྲུ་ན། །མགོན་གྲུབ་ཆེན་ཆོས་ཀྱི་རྒྱལ་པོ་ཙམ། །ཞེས་རྡོ་གྲུབ་ཉིད་ལ་ཆེད་དུ་བརྗོད་ཅིང་བླ་མར་བཀུར། ༈ གཉིས་པ་དེ་དག་གི་མཛད་པ་ནི། ༈ དང་པོ་ཀུན་མཁྱེན་ཀློང་ཆེན་པས། ཐོས་བསམ་རྒྱ་ཆེར་མཛད་ཅིང་མཁྱེན་རབ་ཀྱི་རྩལ་རྫོགས་པས་གཞུང་ལུགས་ཐམས་ཅད་ཐུགས་ལ་མངའ་བའི་རྒྱུ་མཚན་གྱིས་བསམ་ཡས་ལུང་མང་བ་དང་། དཀའ་སྤྱད་ཆེར་བཞེས་ཀྱི་གོས་གདན་གཉིས་ཀྱི་གོ་སྒྱེ་མོ་ཞིག་གིས་བཅད་ནས་ཐོས་དོན་ཉམས་བཞེས་མཛད་པ་ལ་བསྟེན་ནས་བསམ་ཡས་སྒྱེ་ཉལ་བ་ཞེས་སུ་གྲགས། པདྨའི་སྙིང་ཐིག་གི་གཏད་རྒྱ་མཛད་ཡུལ་ལྷ་ལྕམ་པདྨ་གསལ་གྱི་ཡང་སྲིད་དང་། ཇི་སྐད་དུ། པཎ་ཆེན་བི་མའི་དངོས་སྤྲུལ་བསམ་ཡས་པ། །ཞེས་གསུངས་པ་བཞིན་རྒྱ་ནག་རི་བོ་རྩེ་ལྔ་ནས་སྙིང་ཐིག་གི་བསྟན་པ་དག་གཙང་དང་དར་སྤེལ་ཀྱི་ཕྱིར་པཎ་ཆེན་བི་མའི་སྤྲུལ་པ་རེ་ལོ་བརྒྱ་རེས་མཚམས་སུ་ལན་རེ་འབྱོན་པ་ཡིན་པས་དེ་ཡི་ནང་ཚན་གྱི་གཅིག་ཡིན་པའི་རྒྱུ་མཚན་གྱིས། རྫོགས་པ་ཆེན་པོ་རྒྱ་ཆེ་བ་པཎ་ཊི་དའི་སྐོར་བི་མའི་གསང་བ་སྙིང་ཐིག་དང་། ཟབ་པ་ཀུ་སཱ་ལའི་སྐོར་པདྨའི་མཁའ་འགྲོ་སྙིང་ཐིག་སྟེ་དེ་ལ་སྙིང་ཐིག་མ་གཉིས་དང་། སྔ་མའི་ཡང་ཐིག་བླ་མ་ཡང་ཐིག ཕྱི་མའི་ཡང་ཐིག་མཁའ་འགྲོ་སྙིང་ཐིག དེ་གཉིས་ཀྱི་དགོངས་གནད་གཅིག་ཏུ་བསྡུས་པ་ཟབ་མོ་ཡང་ཐིག་སྟེ། དེ་ལྟར་སྙིང་ཐིག་མ་བུ་རྣམས་གཏེར་དཔེ་དང་དགོངས་པའི་ཀློང་ནས་རྗེན་པར་བཀྲལ་ཏེ་གཏན་ལ་ཕབ། རྒྱུད་བཅུ་བདུན་གྱི་དོན་གྱི་འགྲེལ་བ་མཛོད་ཆེན་བདུན། ངལ་གསོ་སྐོར་གསུམ། རང་གྲོལ་སྐོར་གསུམ། རྒྱུད་འགྲེལ་མུན་སེལ་སྐོར་གསུམ་སོགས་ཡིག་འཇོག་མང་དུ་མཛད། མདོ་སྔགས་ཀྱི་བསྟན་པ་སྤྱི་དང་ཁྱད་པར་རྫོགས་པ་ཆེན་པོའི་བསྟན་པ་རིན་པོ་ཆེ་གཞིར་བཞེངས་སུ་བསླངས། ༈གཉིས་པ་རིག་འཛིན་འཇིགས་མེད་གླིང་པས་བསམ་ཡས་མཆིམས་ཕུར་ལོ་གསུམ་སྙིང་པོའ་ིསྒྲུབ་པ་ལ་གཞོལ་བའི་ཚེ་ཀུན་མཁྱེན་ཆེན་པོའ་ིཞལ་ལན་གསུམ་གཟིགས་ཏེ་སྐུ་གསུངས་ཐུགས་ཀྱི་བྱིན་གྱིས་བརླབས་ཚུལ་སོགས། ཇི་སྐད་དུ། ཉིད་ཀྱི་ཞལ་གསུངས་རྣམ་ཐར་གསོལ་འདེབས་ལས། དཔལ་གྱི་བསམ་ཡས་མཆིམས་ཕུའི་དགེ་འུ་རུ། །ཀུན་མཁྱེན་ཞལ་གཟིགས་ལུང་བསྟན་ཐོབ་པའི་མོད། །ཇི་ལྟ་ཇི་སྙེད་སྤོབས་པའི་གཏེར་གྲོལ་ཏེ། མངོན་པའི་ང་རྒྱལ་ཟད་ལ་གསོལ་བ་འདེབས། །རྙིང་བསྟན་རི་མོའ་ིམར་མེ་ལྟར་གྱུར་ཚེ། །རྒྱུད་འབུམ་གླེགས་བམ་རྫོགས་དང་ཆོས་འབྱུང་བསྐྲུན། །མདོ་རྒྱུད་སེམས་གསུམ་སྙིང་ཐིག་བཀའ་གཏེར་གྱི། །བསྟན་པ་མ་ནོར་འཛིན་ལ་གསོལ་བ་འདེབས། །སྔ་འགྱུར་གྲུབ་མཐའ་ཆོས་ལུགས་སྣ་ཚོགས་ཀྱི། །རྙོག་མར་གྱུར་ལ་གཞན་སྡེས་གཤོང་བའི་ཚེ། །ཡོན་ཏན་རིན་ཆེན་མཛོད་ཀྱི་ཤིང་རྟ་ཆེས། །རང་སྡེའི་གྲུབ་མཐའ་སློང་ལ་གསོལ་བ་འདེབས། །ཞེས་པའི་དོན་གྱིས་ཕྱོགས་ཙམ་མཚོན་ཏེ་ཤེས་པར་བྱའོ། ༈ །གསུམ་པ་རྡོ་གྲུབ་པས། རྫོགས་ཆེན་གངས་ཁྲོད་གོང་མ་བདེ་བ་ཆེན་པོའ་ིཕོ་བྲང་དུ་ལོ་བདུན་སྙིང་པོའ་ིསྒྲུབ་པ་ལ་གཞོལ་བས་གྲུབ་པའི་ས་མཐོར་གཤེགས། དབུས་བཞུད་ཐེངས་བཞིར་མཛད་ཅིང་མཆོད་མཇལ་གནས་བསྐོར་དང་གདམས་ངག་མང་དུ་གསན། བལ་དམག་གིས་ཆོས་འཁོར་གསུམ་སོགས་འཇིག་ལ་ཉེ་བར་ཐུག་པས་ཇི་བྱ་གཏོལ་མེད་དུ་གྱུར་ཏེ་འཇིགས་སྐྲག་ཆུ་ཁོལ་བ་ལྟ་བུའི་ངང་དབུས་གཙང་གྱི་མི་ཐམས་ཅད་ཕྱོགས་དང་ཕྱོགས་སུ་བྲོས་བྱོལ་བྱེད་པའི་སྐབས་དེར། ཁོང་གི་ཐུགས་ལ་མཁན་སློབ་ཆོས་གསུམ་དང་ལོ་པན་ཆེན་པོ་རྣམས་ཀྱིས་མཛད་རྗེས་རླབས་པོ་ཆེ་འདི་དག་རང་གར་བསུབ་ཏུ་འཇོག་ག་ལ་རུང་དགོངས་ཏེ། དཀོར་སྲུང་བེ་ཧར་རྒྱལ་པོར་དམ་ཚིག་བསྒྲགས་ཤིང་བཀའ་བསྒོ་མཛད་པས་སྐུ་གསོབ་ཀྱིས་དབུ་བརྒུར། སྐུ་ལས་རྔུལ་རླངས་མཆེད་པ་བྱ་ཁྱུང་གི་གཟུགས་སུ་གྱུར་ཏེ་གནོད་བྱེད་ཕྱོགས་སུ་སོང་བའི་ཆོ་འཕྲུལ་སྣ་ཚོགས་ཀྱིས་དམག་དཔུང་ཕྱིར་བཟློག འཇིགས་པ་མེད་པའི་བཀའ་ལུང་གི་འབྱམས་ཡིག་བཀྲམ། དབུས་གཙང་དུ་ཐན་པས་ཉེན་པ་ལ་སྦྱིན་བསྲེག་གི་ཐལ་བ་ཆུར་དོར་བ་ཙམ་ནས་འབྲུག་སྒྲ་ལྡིར་ཞིང་ཆར་གྱི་རྒྱུན་བཟང་རྡོལ་བ་སོགས་གྲུབ་པའི་རྟགས་མཚན་དུ་མ་ལ་བརྟེན་ནས། ཇི་སྐད་དུ། སྤྱིར་གྲུབ་པ་ཐོབ་པ་མང་ལགས་ཀྱང་། །གྲུབ་ཐོབ་ཆེན་པོ་གཞན་མ་མཐོང་། །ཞེས་གྲགས་ཤིང་། དགའ་ལྡན་ཕོ་བྲང་གིས་རྡོ་བ་གྲུབ་ཆེན་ཞེས་པའི་མཚན་གྱི་ཅོད་པན་གནང་ཞིང་མཐོང་བཀུར་རྒྱ་ཆེར་མཛད། ཁྱད་པར་དུ་ཚེ་རབས་ལས་ཀྱི་བླ་མ་རིག་འཛིན་ཆེན་པོ་འཇིགས་མེད་གླིང་པའི་ཞབས་སྤྱི་བོར་བླངས་ཤིང་དབང་ཁྲིད་མན་ངག་གི་གདམས་པ་མ་ལུས་པ་བུམ་པ་བྱོས་གྱི་ཚུལ་དུ་ནོད་ཅིང་ཉིད་ཀྱི་རྒྱལ་ཚབ་ཏུ་མངའ་གསོལ་མཛད། རྡོ་རྗེའི་གདུང་མཆོག་གཉིས་དང་། རྡོ་རྗེའི་གདུང་ཆེན་བཞི། རྡོ་རྗེའི་མཚན་ཅན་བཅུ་གསུམ། ནམ་མཁའི་མཚན་ཅན་བཅུ་གསུམ། རྒྱལ་མཚན་ཐོགས་པ་བཅུ་གསུམ། སངས་རྒྱས་ཀྱི་མཚན་ཅན་དྲུག་སོགས་སློབ་ཆེན་གངས་ཀྱི་སེངྒེ་ལྟ་བུ་གྲངས་མེད་པ་བསྐྲུན་ཞིང་སྟོད་རྒྱ་བལ་ནས་སྨད་རྒྱ་སོག་གི་བར་དུ་ཀློང་ཆེན་སྙིང་ཐིག་གི་བསྟན་པ་ཉི་འོད་ཀྱི་ས་གཞི་ལྟར་ཡོངས་ཁྱབ་ཏུ་སྤེལ། ༈ བཞི་པ་རྡོ་བླ་འཇིགས་མེད་བསྐལ་བ་བཟང་པོ་མཆོག་གི་མཛད་པ་ནི། ཡབ་རྗེ་རྡོ་གྲུབ་པའི་བཀའ་བཞིན་སྡེ་བཞི་དགེ་བཅུའི་དཔལ་གྱི་མངོན་པར་མཐོ་བ་ཁམས་སྡེ་དགེ་རྒྱལ་པོའ་ིདབུ་བླ་མཛད། དཔལ་དགེ་བསོད་ནམས་ཕུན་ཚོགས་ཀྱི་ཡང་སྲིད་ཨོ་རྒྱན་འཇིགས་མེད་ཆོས་ཀྱི་དབང་པོ་ངོས་འཛིན་མཛད་ཅིང་སྨིན་གྲོལ་གྱི་རྒྱུན་བསྩལ། སླར་གྲུབ་རྗེ་མཆོག་གིས། ཁྱོད་གསོན་དང་གཞོན་ནུ་བསྐལ་བ་ཅན༔ གནས་སྐབས་སུ་བདེ་སྡུག་སྣ་ཚོགས་པ༔ མྱང་པ་ལ་རེ་དོགས་མ་མཛད་དང་༔ སྐབས་ཤིག་ནས་དོན་གཉིས་ལྷུན་འགྲུབ་འབྱུང་༔ ཞེས་གསུངས་ནས་མདོ་སྨད་གསེར་མོ་ལྗོངས་སུ་འགྲོ་དོན་ལ་བཏང་། ཕྱོགས་དེར་གྲུབ་མཐའི་དབང་གིས་ཉེན་ཁ་མཁྱེན་ཡང་། བྱང་ཆུབ་སེམས་དཔའ་མེ་ཏོག་ཟླ་མཛེས་ཀྱི་རྣམ་ཐར་བདག་གིར་མཛད་དེ་དེར་བྱོན་ནས། ཕ་མཆོག་དྲིན་ཅན་བླ་མ་དེ། །རིག་འཛིན་བྱང་ཆུབ་རྡོ་རྗེ་ཡིན། །གཞལ་དུ་མེད་པའི་ཐུགས་རྗེ་ཅན། །ཐམས་ཅད་མཁྱེན་དེས་རྟག་ཏུ་སྐྱོངས། །གང་དེའི་བྱིན་རླབས་འོད་སྟོང་གཟིས། །བདག་བློས་པད་ཚལ་རབ་བཞད་མཐུས། །སྐལ་བཟང་རྐང་དྲུག་དགའ་སྐྱེད་པའི། །ལེགས་བཤད་དྲི་བསུང་ཅིར་ཡང་སྤྲོ། །ཞེས་གསུངས་ཤིང་། ཁྲི་ཀརོང་བོའ་ིསྔགས་མང་། བ་ཡན། ཨ་མགྲོན་སོགས་དེ་ཕྱོགས་ཀྱི་བན་སྔགས་གྲངས་མེད་པ་སྨིན་ཞིང་གྲོལ་བར་མཛད། ཀ་ཞར་སང་གི་ཁྲི་རབས་དང་མཁན་རབས་དང་པོའང་འདི་ཉིད་ཡིན། དེར་མཁྱེན་རབ་ཀྱི་རྩལ་དང་གྲུབ་པའི་རྟགས་གང་གིས་ཀྱང་གཞན་དང་བསྐྲུན་དུ་མེད་པའི་ཡོན་ཏན་གྱིས་ཡིད་ཕྲོག་ཏེ་འཁོར་གྱི་འདུ་འགོད་རྒྱ་ཆེན་པོར་གྱུར་པ་མཐོང་བས། གྲུབ་མཐའི་ཆགས་སྡང་གི་དུག་ཆུ་ལྷོག་ལྷོག་ཏུ་ཁོལ་ཞིང་ཕྲག་དོག་གི་མེ་ལྕེ་རབ་ཏུ་མཆེད་པའི་བསྟན་བཤིག་འགའི་ངན་འབྲེལ་བྱས་ཏེ་ནག་མེད་ཉེས་འགེལ་གྱི་དབྱེན་སྦྱོར་སྣ་ཚོགས་ལ་བརྟེན་ནས་གོང་མའི་ཁྲི་མུན་དུ་བཙུད་ནས་དེར་སྐུ་གྲོང་། ༈ ཕྱིས་སུ་དེ་ཡི་རྗེས་སྐྱེས་སྒོ་མེ་སྤྱི་ཁྱབ་སྟོང་དཔོན་ཆེན་མོ་འཇིགས་མེད་རྡོ་རྗེ་དང་། ཨ་ནེ་ལྷ་མོ་གཉིས་ཀྱི་སྲས་མི་འགྱུར་རྡོ་རྗེ་ཞེས་པ་ཡིན་ལ། དེ་ནི་ཁྲག་འཐུངས་བདུད་འཇོམས་རྡོ་རྗེའི་སྲས་མི་ཕམ་རྡོ་རྗེའི་སྤྲུལ་སྐུ་ཡིན་པར་སྐུ་ཕྱོགས་དགུ་རོང་འཇིགས་བྲལ་ཆོས་དབྱིངས་རྡོ་རྗེས་ངོས་འཛིན་མཛད། མི་ཕམ་རྡོ་རྗེ་དེ་ཉིད་ནི་ཆེ་ཡོས་རིག་འཛིན་ཆེན་པོའི་སྤྲུལ་བའི་ཟློས་གར་དུ་གྲགས། ཕྱིས་སུ་བསྟན་པ་ཡང་དར་སྐབས་ཡར་ལུང་བསྟན་པའི་ཉི་མས་ཐུབ་བསྟན་ལུང་རྟོགས་རྒྱ་མཚོ་འདི་ཉིད་མི་འགྱུར་རྡོ་རྗེའི་ཡང་སྤྲུལ་དུ་ཐུགས་ཐག་བཅད། དགུ་རོང་རྒྱལ་སྲས། ཨ་ལགས་རྟ་མགྲིན། ཀ་ཞར་དཔོན་ཚང་སོགས་ཆེ་གྲས་རྣམས་འདོད་བློ་གཅིག་མཐུན་གྱིས་དེ་ཉིད་དང་དུ་བླངས་ཏེ་ཁྲི་འདོན་མཛད་ཅིང་། ཀ་ཞར་སྔགས་ཁང་རྣམ་གྲོལ་པདྨ་གླིང་གི་བསྟན་བདག་ཏུ་མངའ་གསོལ་མཛད། དེ་བཞིན་རྒྱལ་ཁབ་ཀྱིས་ཀྱང་དགོན་པ་དོ་དམ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་དུ་བཞག དེར་རྟེན་བཞེངས་དང་དུས་མཆོད་ཀྱང་མང་དུ་བཙུགས། མགོན་པོའ་ིགདུང་སྣ་ཞེས་ས་དཔྱད་ལེགས་ཤིང་གཏེར་ཆེན་མངྒའི་མཚན་ཅན་སོགས་ཚད་ལྡན་གྱི་སྐྱེས་ཆེན་འགའི་གནས་མཆོག་ཁྱད་པར་ཅན་དུ་ལུང་གིས་བསྔགས་པ་དེར་སྔོན་མཁས་གྲུབ་ཀརྨ་ཆགས་མེད་ཀྱི་སྐུ་གདུང་མཆོད་རྟེན་ཡོད་པ་སྐབས་དེར་ཞིག་རལ་དུ་གྱུར་བ་བསྐྱར་བཞེངས་ལེགས་པར་མཛད། ཤིང་ཁྲིའི་མཁན་ཆེན་དཀོན་མཆོག་རིན་ཆེན་གྱི་མདུན་ནས་དཔེ་ཁྲིད་ཞུས་ཏེ་མཁན་ཐོབ་བླངས། རྒྱ་དཀར་ནག་བལ་བོད་སོགས་གང་དུའང་མཐོང་དཀོན་པའི་ཞིང་མཆོག་པདྨ་འོད་ཀྱི་ཕོ་བྲང་རྟེན་དང་བརྟེན་པ་གསར་བཞེངས་དང་མི་རིགས་གཉིས་འཛོམས་ཀྱི་དགེ་འདུན་པའི་སྡེ་བཙུགས་པ་སོགས་བསོད་ནམས་དམ་པའི་ཞིང་ས་ཁྱད་པར་ཅན་དེ་འདྲ་སྔར་མེད་གསར་དུ་བསྐྲུན་པ་དེར་གཟུར་གནས་རྣམས་ཀྱིས་སྙིང་ནས་རྗེས་སུ་ཡི་རངས་བྱེད་འོས་པ་ཞིག་གོ། །སྨྲས་པ། སྤྲོས་བཤད་ཡལ་གའི་འདབ་མ་གྲངས་མང་ཡང་། །བསྡུས་བཤད་གནད་ཀྱི་གཞུང་ཤིང་གཅིག་ཏུ་དྲིལ། །དོན་གྱི་བསྟན་བྱ་སྒྲོ་བཞིའི་རྒྱན་བཟང་ཅན། །འཁྱོག་བཤད་གནམ་རུའི་རྒྱུད་དང་མ་འབྲེལ་བར། །རང་བཞིན་དྲང་པོར་བརྗོད་པའི་ཉག་ཕྲན་འདི། །ཨོ་རྒྱན་ཕྲིན་ལས་མགྲིན་པའི་རྒྱུད་ནས་སྤྲིངས། །ཞེས་བོད་རབ་བྱུང་བཅུ་བདུན་པའི་ས་མོ་ཕག་སྟེ་ཕྱི་ལོ ༢༠༡༩ ལོའ་ིཟླ་ཚེས་དགེ་བར་བྲིས་པ་མངྒ་ལམ།། །།


no previousསྔ་འགྱུར་གསང་ཆེན་ཆོས་འཁོར་གླིང་གི་མཚམས་སྦྱོར་མདོར་བསྡུས།next