Nitartha Digital Library
Tibetan
བར་དོ་དྲུག་གི་སྔོན་འགྲོ་རྒྱབ་ཆོས་དང་བཅས་པ།


   
   
   
   
   
   
   
   
   
   
   
   
ཆོས་ཉིད་བར་དོའི་ཁྲིད་ཡིག་མཐོང་བ་རང་གྲོལ།
   
   
   
   
   
   
   
   
   
   
   
   


 
previousཆོས་ཉིད་བར་དོའི་ཁྲིད་ཡིག་མཐོང་བ་རང་གྲོལ།next

ཆོས་ཉིད་བར་དོའི་ཁྲིད་ཡིག་མཐོང་བ་རང་གྲོལ།

ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་གྱི༔ རྫོགས་རིམ་བར་དོ་དྲུག་གི་ཁྲིད་ཡིག་ལས་སྤྱི་དོན་ལྔ་པ་ཆོས་ཉིད་བར་དོའི་ཁྲིད་ཡིག་མཐོང་བ་རང་གྲོལ་ཞེས་བྱ་བ་བཞུགས་སོ༔

སྤྱི་དོན་ལྔ་པ་ཆོས་ཉིད་བར་དོའི་ཁྲིད་ཡིག་ལས༔ རང་སྣང་ལ་ཡིད་ཆེས་པ་མ་པང་དུ་བུ་འཇུག་པ་ལྟ་བུའི་གདམས་ངག །མཐོང་བ་རང་གྲོལ་བསྟན་པ་ནི༔ སྐྱེ་གནས་བར་དོའི་ཁྲིད་ཡིག་ཀུན་གཞི་རང་གྲོལ་དང་༔ བསམ་གཏན་བར་དོའི་ཁྲིད་ཡིག་རིག་པ་རང་གྲོལ་ལ་སོགས་པ་རྣམས་ནི༔ སྟོང་ཉིད་ཀ་དག་གི་གནས་ལུགས་གདར་ཤ་བཅད་ནས་ཉམས་སུ་ལེན་པ་སྟེ༔ གཞི་ཁྲེགས་ཆོད་ཀྱི་སྐོར་ཞེས་བྱ་བ་ཡིན་ནོ༔ ད་ནི་ཆོས་ཉིད་མངོན་སུམ་གྱི་རིག་པ་ངོ་སྤྲོད་ནས་གོམས་པར་བྱས་པས༔ ཆོས་ཉིད་བར་དོའི་སྣང་བ་ད་ལྟར་གཏན་ལ་ཕབ་ནས་གྲོལ་བར་བྱེད་པའི༔ ལམ་ཐོད་རྒལ་གྱི་ཁྲིད་ཅེས་བྱའོ༔ འདི་ལའང་དོན་བཞི་སྟེ༔ སྔོན་དུ་ལུས་ངག་ཡིད་གསུམ་གྱི་གནད་གཟིར་བ་དང་གཅིག༔ གནད་རྣམ་པ་གསུམ་ལ་བརྟེན་ནས་མངོན་སུམ་རང་ཐོག་ཏུ་དབབ་པ་དང་གཉིས༔ ཉམས་སུ་བླངས་པས་སྣང་བ་བཞི་འཆར་ཚུལ་བསྟན་པ་དང་གསུམ༔ མཐའ་རྟེན་རྗེས་ཀྱི་མན་ངག་དང་བཞིའོ༔ དང་པོ་གནད་གཟིར་བ་ལ་གསུམ་སྟེ༔ ལུས་ཀྱི་གནད་དང་༔ ངག་གི་གནད་དང་༔ ཡིད་ཀྱི་གནད་དང་གསུམ་མོ༔ དང་པོ་ལུས་ཀྱི་གནད་གཟིར་བ་ལའང་གསུམ་སྟེ༔ སྤྲུལ་སྐུའི་བཞུགས་སྟངས་དྲང་སྲོང་ཙོག་པུ་ལྟར་བྱ་བ་དང་༔ ལོངས་སྐུའི་བཞུགས་སྟངས་གླང་པོ་ཆེ་ཉལ་བ་ལྟར་བྱ་བ་དང་༔ ཆོས་སྐུའི་བཞུགས་སྟངས་སེང་གེ་ཁྱི་ཚུགས་ལྟར་བྱ་བ་དང་གསུམ་སྟེ༔ ཐལ་འགྱུར་ལས༔ ཆོས་སྐུའི་བཞུགས་སྟངས་སེངྒེ་ཡིས༔ འཁྲུལ་བའི་འཇིགས་པ་ཀུན་བྲལ་ནས༔ རྡོ་རྗེའི་མིག་གིས་མཐོང་བར་འགྱུར༔ ལོངས་སྤྱོད་རྫོགས་སྐུའི་བཞུགས་སྟངས་ནི༔ གླང་ཆེན་ཉལ་བ་ལ་བརྟེན་ནས༔ ཆོས་ཉིད་རྣམས་ལ་ལོངས་སྤྱོད་ནས༔ པདྨའི་སྤྱན་གྱིས་མཐོང་བར་འགྱུར༔ སྤྲུལ་པ་སྐུ་ཡི་བཞུགས་སྟངས་ནི༔ དྲང་སྲོང་ཙོག་པུ་ལ་བརྟེན་ནས༔ ཆོས་ཉིད་རྣམ་པ་རང་སྤྲུལ་ནས༔ ཆོས་ཀྱི་མིག་གིས་མཐོང་བར་འགྱུར༔ ཞེས་པ་དང་༔ མུ་ཏིག་ཕྲེང་བ་ལས༔ ལུས་ཀྱི་གནད་ནི་གསུམ་ཡིན་ཏེ༔ སེངྒེའི་ཚུལ་དང་གླང་ཆེན་དང་༔ དྲང་སྲོང་ལྟ་བུར་གནས་པར་བྱ༔ ཞེས་གསུངས་པས༔ སློབ་བུ་བདུན་ལས་མི་མང་བར་བྱས་ལ༔ ནམ་མཁའ་དྭངས་ཤིང་སེར་བུ་མེད་པའི་དུས་སུ༔ སློབ་བུ་རྣམས་དབེན་པའི་གནས་སུ་ཁྲིད་དེ༔ དང་པོ་ཆོས་སྐུའི་འདུག་སྟངས་སེངྒེ་ཁྱི་ཚུགས་ལྟ་བུ་ནི༔ ལུས་ཁྱི་ཚུགས་སུ་འདུག༔ རྐང་མཐིལ་གཉིས་སར་ཕབ༔ ལག་པ་རྡོ་རྗེ་ཁུ་ཚུར་བཅངས་ཏེ༔ རྐང་པའི་མཐེའུ་ཆུང་རྩར་ས་ལ་བཙུགས༔ རོ་སྟོད་སེངྒེ་ལྟར་བརྒྱང་སྟེ་གསེང་ལ་བོར༔ རྩལ་འཇིང་པ་ལ་བསྐུར༔ དབང་པོ་ཡུལ་ལ་གཏད་པའོ༔ གཉིས་པ་ལོངས་སྐུའི་འདུག་སྟངས་གླང་ཆེན་ཉལ་བ་ལྟ་བུ་ནི༔ གླང་ཆེན་ལྟར་ལུས་ཁ་སྦུབས་སུ་ཉལ༔ པུས་མོ་དང་བྲང་སྤྲད༔ རྐང་སོར་ཕྱིར་ཕུལ༔ གྲུ་མོ་གཉིས་ས་ལ་སྦྱར༔ འཇིང་པ་ཡིད་ཙམ་གྱེན་ལ་བཏེགས་པའོ༔ གསུམ་པ་སྤྲུལ་སྐུའི་འདུག་སྟངས་དྲང་སྲོང་ཙོག་པུ་ནི༔ ལུས་ཙོག་པུར་བྱས་ལ༔ རྐང་པའི་ལོང་བུ་གཉིས་གཤིབ༔ རྐང་མཐིལ་ས་ལ་ཕབ༔ ལུས་ཆ་བསྲངས༔ པུས་མོ་གཉིས་བྲང་ལ་སྦྱར༔ ལག་པའི་མཁྲིག་མ་གཉིས་བསྣོལ་ལ་པུས་མོ་ལ་འཁྱུད༔ རྒལ་ཚིགས་དྲང་པོར་བསྲང་ངོ་༔ དེ་ལྟར་ལུས་ཀྱི་གནད་རྣམ་པ་གསུམ་གཟིར་བས༔ ལུས་ལ་རིག་པའི་ཡེ་ཤེས་ཡོད་པ་དེ༔ གནད་གཟིར་བས་མངོན་སུམ་དུ་མཐོང་སྟེ༔ དཔེར་ན་སྦྲུལ་ལ་རྐང་ལག་ཡོད་ཀྱང་༔ མ་གཅུས་ན་མི་གསལ་བ་ལྟ་བུའོ༔ གཉིས་པ་ངག་གི་གནད་ལ་གསུམ་སྟེ༔ ངག་བསླབ་པར་བྱ་བ་དང་༔ གནས་པར་བྱ་བ་དང་༔ བརྟན་པར་བྱ་བ་དང་གསུམ་མོ༔ དང་པོ་བསླབ་པ་ནི༔ ཉི་མ་གཅིག་ལ་ལན་གསུམ་མམ་བཞི་ལས་མི་སྨྲ་བར༔ ངག་ཇེ་ཉུང་ཇེ་ཉུང་དུ་བཅད་པར་བྱའོ༔ གཉིས་པ་གནས་པ་ནི༔ གཞན་དང་ཚིག་མ་འདྲེས་པར་ངག་ཁྲིག་གིས་བཅད་པར་བྱའོ༔ གསུམ་པ་བརྟན་པ་ནི༔ ཅི་ཡང་མི་བརྗོད་པར་ལྐུག་པ་ལྟར་བརྟན་པར་བྱའོ༔ གསུམ་པ་སེམས་ཀྱི་གནད་ནི༔ རིག་པ་གཞན་དུ་མ་ཡེངས་པར༔ གཏད་པའི་འབེན་དང་མ་བྲལ་བར་བྱའོ༔ གཉིས་པ་གནད་རྣམ་པ་གསུམ་ལ་བརྟེན་ནས༔ མངོན་སུམ་རང་ཐོག་ཏུ་དབབ་པ་ལ་གསུམ་སྟེ༔ སྒོའི་གནད་དང་༔ ཡུལ་གྱི་གནད་དང་༔ རླུང་གི་གནད་དང་གསུམ་མོ༔ དང་པོ་སྒོའི་གནད་ནི་མིག་ཡིན་ཏེ༔ ཐལ་འགྱུར་ལས༔ སྒོ་ནི་སྐུ་གསུམ་མིག་གིས་བལྟ༔ ཞེས་པ་དང་༔ ཡི་གེ་མེད་པ་ལས༔ མིག་ནི་ནམ་མཁའི་ཁམས་སུ་བལྟ༔ ཞེས་པ་དང་༔ མུ་ཏིག་ཕྲེང་བ་ལས༔ སྒོ་ནི་དེ་ཉིད་མ་འགུལ་དང་༔ ཞེས་པ་དང་༔ འདས་རྗེས་ལས༔ སྒོ་གནད་བཟློག་ཕབ་ཟུར་གྱིས་བལྟ༔ ཞེས་པས༔ འདི་ལ་གསུམ༔ ཆོས་སྐུའི་གཟིགས་སྟངས་གྱེན་དུ་ལོག་ནས་བལྟས་པས༔ འཁྲུལ་བའི་སྣང་བ་དུས་གཅིག་ལ་འགག་པའི་དགོས་པ་ཡོད༔ ལོངས་སྐུའི་གཟིགས་སྟངས་ཟུར་གྱིས་བལྟས་པས༔ ཡེ་ཤེས་དག་པའི་སྣང་བ་མཐོང་བའི་དགོས་པ་ཡོད༔ སྤྲུལ་སྐུའི་གཟིགས་སྟངས་ཐུར་དུ་ཕབ་པའི་ཚུལ་གྱིས་བལྟས་པས༔ རླུང་སེམས་ལ་རང་དབང་ཐོབ་པའི་དགོས་པ་ཡོད༔ དེ་ལྟར་སྒོའི་གནད་གཟིགས་སྟངས་གསུམ་དང་མ་བྲལ་བར་བྱའོ༔ གཉིས་པ་ཡུལ་གྱི་གནད་ནི་གཉིས་ཏེ༔ ཕྱིའི་དབྱིངས་དང་༔ ནང་གི་དབྱིངས་གཉིས་ཏེ༔ ཐལ་འགྱུར་ལས༔ དབྱིངས་ནི་ཕྱི་དང་ནང་དུ་སྟེ༔ ཕྱི་ནི་སྤྲིན་བྲལ་མཁའ་ལ་འཛིན༔ ནང་གི་སྒྲོན་མ་ལམ་དུའོ༔ ཞེས་པ་དང་༔ སྒྲོན་མ་འབར་མ་ལས༔ རིག་པ་ཕྱི་ཡི་དབྱིངས་བཞག་པས༔ རང་རིག་རང་སར་དག་སྟེ་སྣང་༔ ཞེས་པ་དང་༔ རིག་པ་རང་ཤར་ལས༔ དབྱིངས་ནི་རང་བཞིན་འོད་ཀྱི་ཁྱིམ༔ ཞེས་པ་དང་༔ འདས་རྗེས་ལས༔ ཡུལ་གནད་ནམ་མཁའ་རྐྱེན་བྲལ་ལས༔ ཞེས་པས་ཕྱིའི་དབྱིངས་ནམ་མཁའ་རྐྱེན་དང་བྲལ་བ་ལ༔ ནང་གི་དབྱིངས་དབྱིངས་རྣམ་པར་དག་པའི་སྒྲོན་མའོ༔ དེ་ཡང་ནམ་མཁའ་སྟོང་པ་ལས༔ རིག་པ་སྟོང་པ་འཆར་བའི་ཡུལ་ཡིན་པའི་ཕྱིར༔ ཡུལ་གྱི་གནད་དབྱིངས་ལ་གཏད་པས༔ ཡེ་ཤེས་ལྷུག་པར་འཆར་རོ༔ གསུམ་པ་རླུང་གི་གནད་ལ་གསུམ་སྟེ༔ བཟུང་བ་དང་༔ འཕང་བ་དང་༔ དལ་བ་བརྟེན་པ་དང་གསུམ་མོ༔ ཐལ་འགྱུར་ལས༔ རླུང་ནི་ཅི་ནས་དལ་བྱ་སྟེ༔ རབ་ཏུ་འཕང་བ་ལས་བྱུང་བ༔ ཞེས་པ་དང་༔ འདས་རྗེས་ལས༔ རླུང་གནད་ཤིན་ཏུ་དལ་བར་བསླབ༔ ཅེས་པས་དང་པོ་དལ་བར་བཟུང་༔ དེ་ནས་རྒྱང་རིང་པོར་མདའ་ལྟར་འཕངས་ལ༔ རྗེས་སུ་རླུང་རང་བབས་སུ་ཤིན་ཏུ་དལ་བར་བྱའོ༔ རིག་པའི་གནད་ནི༔ ལུ་གུ་རྒྱུད་བཙོན་དུ་བཟུང་བར་བྱ་སྟེ༔ ཡི་གེ་མེད་པ་ལས༔ ངོ་བོ་ལུ་གུ་རྒྱུད་ལྟར་འབྱུང་༔ འཕྲ་དང་འཁྱུག་དང་འགྱུ་བའོ༔ ཞེས་པ་དང་༔ རང་ཤར་ལས༔ ཡེ་ཤེས་ལྔ་ལྡན་འོད་ཀྱི་སྐུ༔ ལུ་གུ་རྒྱུད་དུ་རབ་ཏུ་གསལ༔ དེ་ཡང་འགྲོ་དང་འོང་བ་དང་༔ འགུལ་བ་དང་ནི་འཕྲིག་པའོ༔ ཞེས་པ་དང་༔ སེངྒེ་རྩལ་རྫོགས་ལས༔ རང་སྣང་རིག་པའི་དངོས་པོ་དེ༔ ཡེ་ཤེས་ལུ་གུ་རྒྱུད་དུ་གནས༔ ཞེས་པ་དང་༔ འདས་རྗེས་ལས༔ ལུག་རྒྱུད་རིག་པ་བཙོན་དུ་བཟུང་༔ ཞེས་པས༔ དེ་ལྟར་གནད་གསུམ་དང་མ་བྲལ་བས༔ རིག་པ་ལུ་གུ་རྒྱུད་ལ་བལྟའོ༔ དང་པོ་ཐུན་ཆུང་ལ་གྲངས་མང་དུ་བྱ༔ དེ་ནས་ཐུན་ཇེ་རིང་ཇེ་རིང་དུ་ཡུན་བསྲིང་༔ དེ་ནས་ཉིན་མཚན་ཁྱད་པར་གྱི་དུས་སུ་ཉམས་སུ་བླང་བར་བྱའོ༔ ཟླ་བ་ཕྱེད་དང་གཉིས་ཀྱི་འབྱོང་བར་འགྱུར་རོ༔ དེ་ལྟར་ཉམས་སུ་བླངས་པས༔ གསུམ་པ་སྣང་བ་བཞིའི་འཆར་ཚུལ་ལ་བཞི་སྟེ༔ ཆོས་ཉིད་མངོན་སུམ་གྱི་སྣང་བ་དང་༔ ཉམས་སྣང་གོང་འཕེལ་གྱི་སྣང་བ་དང་༔ རིག་པ་ཚད་ཕེབས་ཀྱི་སྣང་བ་དང་༔ ཆོས་ཉིད་ཟད་པའི་སྣང་བ་དང་བཞིའོ༔ དེ་ཡང་འདས་རྗེས་ལས༔ ཆོས་ཉིད་མངོན་སུམ་སྣང་བ་ཡིས༔ ཡིད་དཔྱོད་འཛིན་པའི་ལྟ་བ་བསྣུབ༔ ཉམས་སྣང་གོང་དུ་འཕེལ་བ་ཡིས༔ བར་དོའི་ཡེ་ཤེས་མངོན་དུ་བྱས༔ རིག་པ་ཚད་ཕེབས་སྣང་བ་ཡིས༔ ལོངས་སྤྱོད་རྫོགས་པའི་སྐུ་ངོས་ཟིན༔ ཆོས་ཉིད་ཟད་པའི་སྣང་བ་ཡིས༔ རྫོགས་ཆེན་བྱ་བྲལ་འབྲས་བུ་ཐོབ༔ འདི་ལྟར་གཞི་ལམ་མཐར་ཕྱིན་ནས༔ མྱང་འདས་གཞན་ནས་བཙལ་དུ་མེད༔ ཅེས་གསུངས་པས༔ དང་པོ་ཆོས་ཉིད་མངོན་སུམ་གྱི་སྣང་བ་ནི༔ བླ་མས་ལུས་གནད་འདི་ལྟར་གྱིས་ལ༔ ངག་གནད་འདི་ལྟར་བྱ་སྟེ༔ སེམས་གནད་འདི་ལ་གཏོད་ཅིག༔ ཅེས་ཚིག་གསུམ་གྱིས་བསྟན་པས༔ སློབ་མས་དེ་ལྟར་ཉམས་སུ་བླངས་བས༔ ཡིད་དཔྱོད་ཚིག་གི་སྒྲོ་འདོགས་ལ་རག་མ་ལུས་པར༔ ཡུལ་ནམ་མཁའ་སྟོང་པ་ལ༔ ཆོས་ཉིད་རིག་པའི་སྣང་བ་མངོན་སུམ་དུ་༔ རྣམ་རྟོག་གང་གིས་ཀྱང་མ་བསླད་པར་མཐོང་བས༔ ཆོས་ཉིད་མངོན་སུམ་གྱི་སྣང་བ་ཞེས་བྱའོ༔ ཐལ་འགྱུར་ལས༔ ཆོས་ཉིད་མངོན་སུམ་སྣང་བ་ནི༔ དབང་པོ་སྒོ་ལ་ངེས་ཐོན་ཏེ༔ སྤྲིན་མེད་དྭངས་པའི་མཁའ་ལ་གསལ༔ ཞེས་པས༔ དེ་ལྟར་གནད་གསུམ་བསྣུན་ཏེ་ཉམས་སུ་བླངས་པས༔ རང་གི་སྨིན་ཕྲག་ཏུ༔ དབྱིངས་རྣམ་པར་དག་པའི་སྒྲོན་མ་ཞེས་བྱ་བ༔ འཇའ་ཚོན་ལྟ་བུའམ༔ རྨ་བྱའི་མདོངས་ལྟ་བུ་འཆར་རོ༔ དེའི་ནང་དུ་ཐིག་ལེ་སྟོང་པའི་སྒྲོན་མ་ཞེས་བྱ་བ༔ ཀོ་མོག་ཏུ་རྡོ་བསྐྱུར་བའི་ཆུ་གཉེར་ལྟ་བུའམ༔ ཕུབ་ཀྱི་སྦ་སྐོར་ལྟ་བུའི་ནང་དུ༔ ཐིག་ལེ་ཉུང་འབྲུའམ་སྲན་འབྲུ་ཙམ་དུ་འཆར་རོ༔ དེའི་ནང་དུ་རིག་པ་རྡོ་རྗེ་ལུ་གུ་རྒྱུད་ཅེས་བྱ་བ༔ ཕྲ་བ་རྟ་རྔ་ལ་མདུད་པ་བྱས་པ་ལྟ་བུ་དང་༔ མུ་ཏིག་རྩར་ལ་བརྒྱུས་པ་ལྟ་བུ་དང་༔ ལྕགས་ཐག་ལྟ་བུ་དང་༔ མེ་ཏོག་གི་དྲྭ་བ་རླུང་གིས་བསྐྱོད་པ་ལྟ་བུ་ལ་སོགས་པ་སྟེ༔ དེ་ཐམས་ཅད་ཀྱང་གཉིས་སྦྲེལ་དང་༔ གསུམ་སྦྲེལ་ལ་སོགས་པ་འཆར་ཏེ༔ དེ་ནི་རང་གི་རིག་པ་ལུ་གུ་རྒྱུད་ཐིག་ལེ་ཉག་གཅིག་ཅེས་བྱ་བ་ཡིན་ནོ༔ དེ་ཡང་དབྱིངས་དང་རིག་པ་འདུ་འབྲལ་མེད་པས༔ ཉི་མ་དང་ཟེར་གྱི་ཚུལ་དུ་གནས་སོ༔ དེའང་དབྱིངས་ཀྱི་རྟགས་སུ་འོད་ཁྱིམ༔ ཡེ་ཤེས་ཀྱི་རྟགས་སུ་ཐིག་ལེ༔ རིག་པ་སྐུའི་རྟགས་སུ་ལུ་གུ་རྒྱུད༔ དེ་རྣམས་གནས་ལུགས་ཙིཏྟའི་དཀྱིལ་ན་གནས་ནས༔ ལམ་དབང་པོའི་དྭངས་མ་མིག་ལ་མངོན་སུམ་དུ་འཆར་རོ༔ ཐལ་འགྱུར་ལས༔ ཆོས་ཉིད་མངོན་སུམ་སྣང་བ་ནི༔ དབང་པོའི་སྒོ་ལ་ངེས་ཐོན་ཏེ༔ སྤྲིན་མེད་དྭངས་པའི་མཁའ་ལ་གསལ༔ ཞེས་སོ༔ དེས་ནི་ཡིད་དཔྱོད་འཛིན་པའི་ལྟ་བ༔ ཚིག་དང་བློས་བྱས་ཤེས་རབ་ལ་སོགས་རྟོག་དཔྱོད་ཀྱི་ལྟ་བ་བསྣུབ་པའོ༔ འདས་རྗེས་ལས༔ ཆོས་ཉིད་མངོན་སུམ་སྣང་བ་ཡིས༔ ཡིད་དཔྱོད་འཛིན་པའི་ལྟ་བ་བསྣུབ༔ ཅེས་སོ༔ གཉིས་པ་ཉམས་སྣང་གོང་འཕེལ་གྱི་སྣང་བ་ནི༔ སྣང་ཉམས་དང་༔ ཤེས་ཉམས་གཉིས་ལས༔ ཤེས་ཉམས་ནི༔ བདེ་ཉམས་གསལ་ཉམས་སྟོང་ཉམས་ལ་སོགས་པ་སྣ་ཚོགས་སུ་འཆར་ཞིང་༔ མི་བརྟན་ལ་འགྱུར་བ་ཡིན་པས༔ ཐེག་པ་ཐུན་མོང་པའི་ལུགས་ཡིན་པས༔ གཙོ་ཆུང་ཞིང་དེར་མ་ཟད༔ ཕྱག་རྒྱ་ཆེན་པོ་ལ་སོགས་པ་རྣམས་ཀྱང་༔ ཤེས་པའི་ཉམས་ནི་ན་བུན་དང་འདྲ་ཞེས༔ ཉམས་མཐོ་དམན་ལ་ཡིད་ཆེས་མི་བྱེད་ཅིང་༔ རྟོགས་པ་མཐོ་དམན་ལ་གཙོར་བྱེད་པའི་ཕྱིར་རོ༔ འདིར་ཡང་རྟོགས་པ་མཐོ་དམན་གྱི་ཚད་སྣང་ཉམས་ཀྱིས་བཟུང་ཞིང་༔ སྣང་བ་མི་འགྱུར་བས་སྣང་ཉམས་གཙོ་ཆེའོ༔ དེ་ལྟར་སྣང་ཉམས་ཉམས་སུ་བླངས་པ་ལས༔ དབྱིངས་རིག་རེས་གསལ༔ རེས་མི་གསལ་བ་འབྱུང་ངོ་༔ ད་རུང་ཉམས་སུ་བླངས་པས༔ དབྱིངས་རིག་སྨིན་མཚམས་ལས་འབྲལ་ཏེ༔ དབང་པོའི་དངོས་པོ་དང་བྲལ་ཏེ༔ ཐིག་ལེ་སྟོང་པའི་སྒྲོན་མ་རྩོལ་བ་མེད་པར་ཤར་ནས་འོང་ངོ་༔ ཐིག་ལེ་རྣམས་སྲན་མ་ཙམ་དུ་འགྲོ༔ རིག་པ་ནི་འདབ་ཆགས་འཕུར་སྐྱེན་ཙམ་དུ་འགྲོ༔ ད་རུང་ཉམས་སུ་བླངས་པས༔ འོད་ལྔའི་སྣང་བ་དུམ་བུར་སྣང་བ་དང་༔ གྱེན་འགྲེང་དང་རྩིབས་ཤར་དང་༔ མདུང་རྩེ་ལྟ་བུ་དང་༔ རེ་ལྡེའི་རྣམ་པ་ལྟ་བུ་དང་༔ གྲུ་ཆད་ཀྱི་རྣམ་པ་ལྟ་བུར་འགྱུར་ཞིང་༔ འོད་དེ་དག་རང་གི་མདུན་ཙམ་ཁྱབ་པར་འཆར་རོ༔ ཐིག་ལེའང་མེ་ལོང་ཙམ་དུ་འགྱུར་ཞིང་༔ རིག་པ་ནི་རི་དྭགས་རྒྱུག་པ་ཙམ་དུ་འགྱུར་རོ༔ ད་རུང་ཉམས་སུ་བླང་བས་དབྱིངས་ཀྱི་སྣང་བ་དེ་ལ༔ རིན་པོ་ཆེའི་དྲྭ་བ་ལྟ་བུ་དང་༔ འོད་ཀྱི་དྲྭ་བ་དང་དྲྭ་ཕྱེད་དང་མིག་མང་རིས་ལྟ་བུ་དང་༔ མིག་ཚག་དང་༔ མདུང་རྩེ་དང་༔ མཆོད་རྟེན་བརྩེགས་པ་ལྟ་བུ་དང་༔ པདྨ་སྟོང་ལྡན་དང་༔ གུར་ཁྱིམ་དང་༔ ཉི་ཟླ་དང་༔ མཁར་ཐབས་རིས་དང་༔ རལ་གྲི་དང་༔ རྡོ་རྗེ་དང་༔ འཁོར་ལོ་དང་༔ ཉ་མིག་གི་རྣམ་པ་ལྟ་བུར་འགྱུར་རོ༔ འོད་དེ་ཡང་རང་གནས་པའི་ལུང་པ་གང་བར་འགྱུར་རོ༔ ཐིག་ལེ་རྣམས་མཁར་ཕོར་ཙམ་དུ་འགྱུར་ཞིང་༔ རིག་པ་ནི་བུང་བ་བཅུད་ལ་ལྡིང་བ་ཙམ་དུ་འགྱུར་རོ༔ ད་རུང་ཉམས་སུ་བླངས་པས༔ འོད་ནི་ཡུལ་ཁམས་ཙམ་དུ་ཁེངས༔ ཐིག་ལེ་ནི་བསེ་ཕུབ་ཙམ་དུ་འགྱུར་རོ༔ འོད་བལྟས་ཚད་ལ་ཁྱབ༔ དབྱིངས་རིག་ཉིན་མཚན་མེད་པར་འཆར༔ ཐིག་ལེའི་ནང་དུ་ལྷ་སྐུ་རྐྱང་བ་རེ་སྣང་༔ རིག་པའི་བར་དུ་ཡང་ལྷ་སྐུ་ཕྲ་མོ་རེ་འབྱུང་ངོ་༔ རིག་པ་འགུལ་འཕྲིག་མེད་པར་སྡོད༔ དེ་ལྟར་ཤར་བའི་དུས་ན་བར་དོའི་སྣང་བ་ད་ལྟར་གཏན་ལ་ཕེབས་པས༔ ཕྱིས་བར་དོ་མེད་དོ༔ དེས་ན་ཆོས་ཉིད་བར་དོའི་ཉམས་ལེན་དངོས་གཞི་འདི་ཁོ་ནའོ༔ ཐལ་འགྱུར་ལས༔ ཉམས་ཀྱི་སྣང་བ་གོང་འཕེལ་ནི༔ ཡེ་ཤེས་ཁ་དོག་ཕྱིར་བྱུང་ནས༔ གྱེན་འགྲེང་བ་དང་རྩིབ་ཤར་དང་༔ ཐིག་ལེ་སྣ་ཚོགས་སྐུ་ཉིད་དང་༔ རག་པ་སྣང་བའི་ཡུལ་ལས་གསལ༔ ཅེས་པ་དང་༔ འདས་རྗེས་ལས༔ ཉམས་སྣང་གོང་དུ་འཕེལ་བ་ཡིས༔ བར་དོའི་ཡེ་ཤེས་མངོན་དུ་བྱས༔ ཞེས་སོ༔ གསུམ་པ་རིག་པ་ཚད་ཕེབས་ཀྱི་སྣང་བ་ནི༔ དེ་ནས་ཉམས་སུ་བླངས་པས༔ གོང་གི་ཐིག་ལེ་དེ་དག་རེ་རེའི་ནང་དུ༔ སྐུ་ཡབ་ཡུམ་ལྔ་ལྔ་འཆར༔ དེ་དག་ཀྱང་གྲངས་ལས་འདས་པ་ལས༔ འགྱུར་བ་མེད་པས་བྲེ་ཚད་སྲང་ཚད་ལ་ཕེབས་པ་ལྟར་ཚད་ལ་ཕེབས་ཏེ༔ དེ་ནས་མ་བསྒོམས་ཀྱང་ཆོག་པའོ༔ དེ་ཙམ་ནས་ལུས་འོད་གསལ་དུ་གྲོལ༔ འབྱུང་བ་རང་དག་ཏུ་སོང་བས༔ གདོས་བཅས་ཀྱི་ཕུང་པོ་རང་སར་གྲོལ་ཏེ༔ སྣང་ལ་རང་བཞིན་མ་གྲུབ་པ༔ ལོངས་སྤྱོད་རྫོགས་པའི་སྐུར་རང་གྲོལ་ཏེ༔ ལོངས་སྤྱོད་རྫོགས་སྐུ་རྗེན་པར་ངོས་ཟིན་པས༔ སྐུའི་འཛིན་པ་རང་སར་གྲོལ་བའོ༔ ཐལ་འགྱུར་ལས༔ རིག་པ་ཚད་ཕེབས་སྣང་བ་ལ༔ ལོངས་སྐུའི་མཚན་དཔེ་གསལ་བ་ནི༔ མ་ངེས་ཁ་དོག་འཇའ་ཚོན་ལས༔ རིགས་ལྔ་ཡབ་དང་ཡུམ་དུ་སྣང་༔ དེ་ནས་ལྔ་ལྔ་ཟུང་དུ་བཅས༔ རབ་ཏུ་གསལ་བའི་ཐིག་ལེས་འབྲེལ༔ ཡབ་ཡུམ་སྐུ་ཡི་སྣང་བ་ཅན༔ འཁྲུལ་སྣང་ཟད་ནས་ཞིང་ཁམས་གཡོ༔ ཞེས་པ་དང་༔ འདས་རྗེས་ལས༔ རིག་པ་ཚད་ཕེབས་སྣང་བ་ཡིས༔ ལོངས་སྤྱོད་རྫོགས་པའི་སྐུ་ངོས་ཟིན༔ ཅེས་སོ༔ བཞི་པ་ཆོས་ཉིད་ཟད་པའི་སྣང་བ་ནི༔ དེའང་གོང་གི་ཉམས་དེ་རྣམས་ཀྱི་འཕེལ་བ་ཟད་དེ༔ སྣང་བའི་ཉམས་དེ་དག་ལ༔ སྣང་དང་མི་སྣང་དུ་འཛིན་པའི་ངོ་བོ་མེད་དེ༔ དེའི་ཚེ་ཆོས་ཉིད་ཟད་པའི་སྣང་བ་ཞེས་ཐ་སྙད་དུ་བཏགས་པའོ༔ ཉམས་ཟད་གདོས་བཅས་ཀྱི་ལུས་ཟད༔ དབང་པོའི་འཛིན་པ་ཟད༔ འཁྲུལ་བའི་རྟོག་ཚོགས་ཟད༔ གྲུབ་མཐའ་དང་འཁྲུལ་སྣང་ཐམས་ཅད་དག་ནས༔ ཟག་བཅས་ཀྱི་ཕུང་པོ་མི་སྣང་བར་སངས་རྒྱས་པ་ཡིན་ཏེ༔ ཆོས་ཉིད་ཟད་པ་ཞེས༔ བྱ་ཆོས་དང་འཁྲུལ་སྣང་དང་༔ ཉམས་སྣང་གི་འཕེལ་བ་ཟད་པའི་ཕྱིར༔ ཆོས་ཉིད་ཟད་པ་ཞེས་མིང་དུ་བཏགས་པ་ལས༔ ཅི་ཡང་མེད་པར་ཟད་ནས་ཆད་ལྟ་ལྟ་བུ་མེད་པ་ནི་མ་ཡིན་ཏེ༔ མཁྱེན་པའི་ཡེ་ཤེས་དང་༔ ཡོན་ཏན་བརྗོད་ཀྱིས་མི་ལང་བ་མངོན་དུ་གྱུར་ཏེ༔ མདོར་ན་སྐུ་གསུམ་གྱི་ཡོན་ཏན་རྩལ་རྫོགས་ཟིན་པའོ༔ དེ་ལྟར་ཆོས་ཉིད་མངོན་སུམ་གྱི་སྣང་བ་མཐོང་ནས་ཉམས་གོང་འཕེལ་གྱི་ཉམས་སྣང་དབྱིངས་རིག་རྣམས་གོང་ནས་གོང་དུ་འཕེལ་བ་ལ་བརྟེན་ནས༔ རིག་པ་ཚད་ལ་ཕེབས་ཏེ༔ སྐུ་གསུམ་གྱི་ཞིང་ཁམས་ལ་ལོངས་སྤྱོད་ཅིང་༔ དེ་ཉིད་ཟླ་བ་ཉ་རྫོགས་པའམ༔ སྲུས་ནས་སུ་སྨིན་པ་ལྟར༔ ཉམས་ཀྱི་འཕེལ་ཟད༔ བློ་ཟད༔ ཆོས་ཟད༔ འཛིན་པ་ཟད་པའི་ཚེ༔ ཆོས་ཉིད་ཟད་པའི་སྣང་བ་ཞེས་མིང་དུ་བཏགས་པ་ཙམ་མོ༔ དེའང་རྫོགས་ཆེན་གྱི་ཆོས་ཉིད་ཟད་པ་དང་༔ མདོ་ལུགས་ཀྱི་ལམ་ལྔ་ལས༔ མཐར་ཕྱིན་པའི་ལམ་དང་ཡོན་ཏན་མཉམ་མོ་སྙམ་ན༔ གཏན་ནས་མི་མཉམ་སྟེ༔ མདོ་ལུགས་ཁོ་རང་གི་ས་བཅུ་ལམ་ལྔའི་ཡོན་ཏན་བརྒྱ་ཕྲག་དྲུག་ཅུའི་རྩལ་རྫོགས་ནས༔ མཐར་ཕྱིན་པ་ཡིན་ཀྱང་༔ ད་རུང་སྔགས་ཀྱི་ཡོན་ཏན་དང་རྩལ་གཏན་ནས་མ་མཐོང་ཞིང་མ་རྫོགས་པའི་ཕྱིར༔ ཆོས་ཉིད་ཟད་པ་དང་༔ མཐར་ཕྱིན་པའི་ལམ་གཉིས་ཤིན་ཏུ་ཁྱད་པར་ཆེའོ༔ ཐལ་འགྱུར་ལས༔ ཆོས་ཉིད་ཟད་པའི་སྣང་བ་ནི༔ ཉམས་ཀྱི་སྣང་བ་སྟོང་ནས་ནི༔ ལུས་ཟད་དབང་པོའི་ཡུལ་ཡང་ཟད༔ རྟོག་ཚོགས་འཁྲུལ་བ་རང་གྲོལ་ནས༔ བརྗོད་གཞིའི་ཚིག་དང་བྲལ་བའོ༔ ཞེས་པ་དང་༔ དེ་ལྟར་ལུག་རྒྱུད་རྒྱུན་ཆད་ནས༔ ཟག་བཅས་ཕུང་པོ་མི་སྣང་བར༔ འདི་ལ་མངོན་པར་སངས་རྒྱའོ༔ ཞེས་པ་དང་༔ འདས་རྗེས་ལས༔ ཆོས་ཉིད་ཟད་པའི་སྣང་བ་ཡིས༔ རྫོགས་ཆེན་བྱ་བྲལ་འབྲས་བུ་ཐོབ༔ འདི་ལྟར་གཞི་ལམ་མཐར་ཕྱིན་ནས༔ མྱང་འདས་གཞན་དུ་བཙལ་དུ་མེད༔ ཅེས་གསུངས་པས༔ རྫོགས་པ་ཆེན་པོ་མཐར་ཕྱིན་པའི་ལམ་ཡིན་ཏེ༔ དེ་ནས་མྱ་ངན་འདས་པའི་ཆོས་དང་༔ ལམ་གཞན་དུ་བཙལ་རྒྱུ་མེད་དེ༔ མཐར་ཐུག་པའོ༔ ཐེག་པ་འོག་མའི་མཐར་ཕྱིན་པའི་ལམ་ཐོབ་ཀྱང་༔ སྔགས་ཀྱི་ཡོན་ཏན་གྱི་སྒོ་མ་མཐོང་ན༔ དེ་ནས་སྔགས་ལ་འཇུག་ཅིང་༔ ཐོས་བསམ་ལ་སྦྱང་དགོས་པའི་ཕྱིར༔ མདོའི་མཐར་ཕྱིན་ཀྱང་༔ སྔགས་ཀྱི་མཐར་མ་ཕྱིན་པའོ༔ འདི་ནི་ལམ་ཐམས་ཅད་མཐར་ཕྱིན་པ་ཡིན་པས༔ དེ་ལས་ཡར་ཕུལ་ས་མེད་པས༔ ས་རྫོགས༔ ལམ་རྫོགས༔ དེ་ལས་ལམ་ཡར་ཆེ་བ་གཞན་མེད་པས༔ རྫོགས་པ་ཆེན་པོ་ཞེས་མིང་དུ་བཏགས་སོ༔ དེ་ལྟར་སྣང་བཞིའི་འཆར་ཚུལ་བསྟན་ནས༔ དེ་ནས་མཐའ་རྟེན་རྗེས་ཀྱི་མན་ངག་ནི་བཞི་སྟེ༔ མི་འགུལ་པ་གསུམ་ལ་གཞི་བཅའ༔ སྡོད་པ་གསུམ་གྱིས་ཚད་བཟུང་༔ ཐོབ་པ་གསུམ་གྱིས་གཟེར་གདབ༔ གདེང་བཞིའི་མཐར་ཕྱིན་པ་སྟེ༔ རྒྱས་པར་གཞན་ནས་འབྱུང་ངོ་༔ ཆོས་ཉིད་བར་དོའི་ཁྲིད་ཡིག༔ མཐོང་བ་རང་གྲོལ་ཞེས་བྱ་བ༔ ས་མ་ཡ༔


previousཆོས་ཉིད་བར་དོའི་ཁྲིད་ཡིག་མཐོང་བ་རང་གྲོལ།next