Nitartha Digital Library
Tibetan
 
previousའབའ་རོམ་པའི་བླ་མ་བརྒྱུད་པའི་མཆོད་འབུལ་བྱིན་རླབས་སྤྲིན་ཆེན་བདུད་རྩིའི་ཆར་ཆེན། no next

འབའ་རོམ་པའི་བླ་མ་བརྒྱུད་པའི་མཆོད་འབུལ་བྱིན་རླབས་སྤྲིན་ཆེན་བདུད་རྩིའི་ཆར་ཆེན།

འབའ་རོམ་པའི་བླ་མ་བརྒྱུད་པའི་མཆོད་འབུལ་བྱིན་རླབས་སྤྲིན་ཆེན་བདུད་རྩིའི་ཆར་ཆེན་ཞེས་བྱ་བ་བཞུགས་སོ། །

བླ་མ་ཧེ་རུ་ཀ་ལ་གུས་ཕྱག་འཚལ། འདིར་འབའ་རོམ་པའི་བླ་མ་བརྒྱུད་པ་དང་ཡི་དམ་ཆོས་སྐྱོང་སོགས་ལ་ཚོགས་མཆོད་འབུལ་བར་འདོད་ན། གཞི་གྲུ་བཞིའི་སྟེང་དུ། མཉྫིའི་ཁར་མཎྜལ། གཏོར་མ་དྲིལ་གཟུགས་ལ་ལྷ་ཡི་བཤོས་བུ་བཞི་དང་དམར་གཏོར་བཞི་ཡིས་བསྐོར་ནས། སྨན་རཀ་མཆོད་པ་སྣ་བདུན་དང༌། རྡོ་དྲིལ་ཚོགས་རྫས་རྣམས་འདུ་བར་བྱས་པའི་ངང་ནས། ཤྲཱི་ཧེ་རུ་ཀོ྅ཧཾ། སོགས་བརྗོད། ་་་་མཆན ཨོཾ་ཁཎྜ་རོ་ཧེས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་རང་གི་ཐུགས་ཀ་ནས། རྃ་ཡྃ་ཁྃ་སྤྲོས་རླུང་མེ་ཐོད་སྒྱེད་སྟེང༌། །ཨ་ལས་བྱུང་བའི་བྷནྡྷ་ཆེའི་ནང༌། །ཤ་ལྔ་བདུད་རྩི་ལྔ་དང་ཡི་གེས་མཚན། །རླུང་གཡོས་མེས་བསྐོལ་ཟག་མེད་བདུད་རྩིར་གྱུར། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ ལན་གསུམ་གྱིས་ནང་མཆོད་རྫས་རྣམས་བྱིན་གྱིས་བརླབས། ལྕོག་ལྡོག་དང་ཐེབ་ཀྱུ་ཆང་བུ་བྲན་ཏེ་བགེགས་ལ་སྦྱིན་ནས་བསྐྲད། ཡིད་མཐུན་སྣོད་དུ་འབྲུ་གསུམ་ཞུ་བ་ལས། །རང་རང་ཡིད་མཁར་གང་བབ་བདུད་རྩིར་གྱུར། ཨོཾ་སརྦ་བིགྷྣན་ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་སོགས་ལན་གསུམ་བརྗོད། ཧཱུྃ། བདག་ཉིད་དཔལ་ཆེན་བགེགས་དང་ལོག་འདྲེན་གཤེད། །སྐུར་གསལ་ཐུགས་འོད་འཕྲོས་པས་འབྱུང་པོའི་ཚོགས། །དབང་དུ་འདུས་ཤིག་འདོད་ཡོན་མཆོད་སྦྱིན་ལོངས། །བདག་གིས་བླ་མེད་བྱང་ཆུབ་བསྒྲུབ་པ་ལ། །ཕན་པའི་སྡོང་གྲོགས་གནོད་པའི་སེམས་སྤོངས་ལ། །ཀུན་ལ་ཕན་བདེའི་རང་རང་གནས་སུ་དེངས། །གལ་ཏེ་མི་འགྲོ་ལོག་འདྲེན་བགེགས་ཚོགས་རྣམས། །ཆོས་དབྱིངས་ཞི་ལས་ཁྲོ་བོའི་སྐུར་བཞེངས་ནས། །ལུས་ངག་ཡིད་གསུམ་བརླག་པར་གདོན་མི་ཟ། །དེ་བས་གནས་འདིར་མི་འོས་ཕྱིར་དེངས་ཤིག །ཨོཾ་སུམྦྷ་ནི་སོགས་བརྗོད་ནས་གཏོར་མ་ཕྱིར་ཕུལ། བདག་གི་ཐུགས་ལས་འཕྲོས་པའི་ཧཱུྃ་བཞིའི་སྔགས། །འོད་དང་འོད་ཟེར་བྱུང་བའི་འཁོར་ལོ་དང༌། །རྡོ་རྗེ་རིན་ཆེན་པདྨ་རྒྱ་གྲམ་མེ། །སྲུང་བའི་གུར་ཁང་མི་འཇིགས་བཙན་རྫོང་གྱུར། བཛྲ་རཀྵ་རཀྵ། མཆོད་རྫས་རྣམས། ཁཎྜ་རོ་ཧེས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ཨ་ལས་ཀ་པཱ་ལ། །ཡངས་པའི་ནང་དུ་ཧཱུྃ་ཡིག་ལས་བྱུང་བའི། །མཆོད་ཡོན་ཞབས་བསིལ་མེ་ཏོག་བདུག་སྤོས་དང༌། །སྣང་གསལ་དྲི་ཆབ་ཞལ་ཟས་རོལ་མོའི་ཚོགས། །ཀུན་བཟང་སྨོན་ལམ་ལྟ་བུར་ཡོངས་ཁྱབ་གྱུར། ཨོཾ་བཛྲ་ཨརྒྷཾ་ནས། ཤབྡ་ཨཱཿཧཱུྃ། ཞེས་བྱིན་བརླབས། འགྲོ་ཀུན་དུ་ཁཿལས་སྒྲོལ་བའི་སྐྱབས་སེམས་ནི། ཕྱོགས་བཅུའི་སངས་རྒྱས་བྱང་ཆུབ་སེམས་དཔའ་བླ་མ་ཡི་དམ་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་རྣམས་སྤྱན་དྲངས་སྐྱབས་ཡུལ་དུ་གསལ་བར་གྱུར། ན་མོ་ཕྱོགས་བཅུ་དུས་གསུམ་བདེ་གཤེགས་རྩ་བ་གསུམ། །བདག་དང་འགྲོ་ཀུན་སྐྱབས་ཀྱིས་རྗེས་བཟུང་ནས། །ཐེག་ཆེན་བླ་ན་མེད་པའི་ས་ལ་ཁྲིད། །ཀུན་བཟང་བྱང་ཆུབ་བསྒྲུབ་པའི་མཐུ་བསྐྲུན་འདིས། །འགྲོ་རྣམས་སྡུག་བྲལ་བདེ་ལྡན་བྱང་ཆུབ་བར། །མྱུར་དུ་ཞུགས་ནས་སངས་རྒྱས་སར་འགོད་ཤོག །ལན་གསུམ་མམ་གཅིག་གང་འོས་བྱ། སྐྱབས་ཡུལ་རྣམས་རང་ལ་ཐིམ། བདག་མདུན་རྟེན་བསྐྱེད་པ་ནི། ཨོཾ་སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་སྣང་སྲིད་མཚན་འཛིན་བྲལ། །འབྱུང་བཞི་རི་རབ་མཐའ་དབུས་མེད་པའི་སྟེང༌། བྷྲཱུྃ་ལས་དཀྱིལ་འཁོར་གྲུ་བཞི་མཚན་ཉིད་བཀྲ། །པདྨ་ཉི་ཟླ་འཇིགས་དུས་འགོད་པའི་སྟེང༌། །བདག་ཉིད་ཧེ་རུ་ཀ་དཔལ་བཻཌཱུའི་མདོག །ཞལ་གཅིག་སྤྱན་གསུམ་ཐོད་སྐམ་ནོར་བུའི་ཏོག །ཟླ་བ་རྡོ་རྗེ་ཕྱེད་པ་ཚངས་སྐུད་མཛེས། །ཕྱག་གཉིས་རྡོར་དྲིལ་བསྣོལ་འཛིན་ཤེས་རབ་འཁྱུད། །གཡས་བརྐྱང་གཡོན་བསྐུམ་ཐོད་ཕྲེང་ཞིང་ཀོ་སྟག །ཕྱག་གདུབ་ཞབས་གདུབ་ཀོ་ཏྲ་དར་དཔྱངས་བརྒྱན། །བདེ་སྟོང་དབྱེར་མེད་རྡོ་རྗེ་ཕག་མོ་དམར། །གྲི་གུག་ཐོད་ཁྲག་ཐོད་སྐམ་མེ་ཏོག་ཕྲེང༌། མི་རྟག་བརྡ་ཆོས་སྟོན་པའི་ཆས་རྫོགས་ནས། །ཟུང་འཇུག་བདེ་ཆེན་ཡབ་ལ་དབུ་མ་སྦྱོར། །ཆོས་དབྱིངས་ཡེ་ཤེས་སྐུ་ནི་ལྷམ་མེར་གསལ། །རང་མདུན་སེང་གེའི་ཁྲི་ལ་དར་ཟབ་བཀབ། །པདྨ་ཉི་ཟླ་དཔག་བསམ་ལྗོན་ཤིང་ཚལ། །ལྷུན་གྲུབ་ཞིང་ཁམས་ལྔ་ལྡན་པད་ཉིའི་དབུས། །བདག་གི་ཐུགས་སྲོག་ཧཱུྃ་མཐིང་འཁོད་པ་ལས། །འོད་འཕྲོས་འགྲོ་བའི་སྒྲིབ་སྦྱངས་སངས་རྒྱས་མཆོད། །ཚུར་འདུས་ཡོངས་གྱུར་བཅོམ་ལྡན་བདེ་བ་མཆོག །འཁོར་ལོ་གསུམ་གྱི་ངོ་བོར་ལྷུན་གྱིས་གྲུབ། །ཡེ་ནས་དག་པ་ཆོས་དབྱིངས་ནམ་མཁའི་མདོག །ཞི་ཆགས་འཛུམ་བག་ཞལ་གཅིག་སྤྱན་གསུམ་མངའ། །ཐོར་ཚུགས་དར་བཅིངས་ནོར་བུའི་གཙུག་རྒྱན་མངོན། །བསིལ་ཟེར་རྡོར་ཕྱེད་རྒྱ་གྲམ་དབུ་ལ་བཀྲ། །རིགས་ལྔའི་དབང་རྟག་ཐོད་སྐམ་དྲྭ་བས་བརྒྱན། །སྙན་ལུང་ཕྱག་ཞབས་གདུབ་བུ་ལོངས་སྤྱོད་རྫོགས། །ཐབས་ཤེས་རྡོར་དྲིལ་བདེ་སྟོང་ཟུང་འཇུག་བསྣོལ། །འདུ་བྱེད་དག་པ་ཐོད་སྐམ་ཞིང་ཀོ་སྟག །དུག་གསུམ་རྣམ་པར་དག་པའི་རྒྱན་གྱིས་བཀླུབས། །དར་དཔྱངས་པཉྩ་ལི་ཀའི་རྒྱན་མཛེས་པ། །ཤེས་རབ་ཕག་མོ་བིལ་བའི་མདོག་ལྡན་ཞིང༌། །གྲི་ཐོད་འཛིན་ཅིང་རུས་པའི་འཁོར་ལོ་ཡིས། །རབ་གཟེར་ཐོད་སྐམ་ནོར་བུའི་དབུ་རྒྱན་བཅིང༌། །དབུ་སྐྲ་བཅིངས་ལྷག་སྐུ་རྒྱབ་ཐུར་དུ་གྲོལ། །ཐོད་རློན་མེ་ཏོག་ཕྲེང་བ་གདུ་བུ་བཀྲ། །བདེ་བ་རྒྱས་ཤིང་བཅུ་དྲུག་ན་ཚོད་ཚུལ། །དཀར་འཛིན་རབ་རྒྱས་ཡབ་ལ་དགྱེས་པར་འཁྲིལ། །ཡབ་ཡུམ་གཉིས་མེད་འཇིགས་དུས་སྟེང་དུ་འགྱིང༌། །ཡེ་ཤེས་ལྔ་ཡི་མེ་ཆེན་རབ་ཏུ་འབར། །རྣལ་འབྱོར་མ་བཞི་ཤར་དུ་མཁའ་འགྲོ་སྔོ། །གྲི་ཐོད་འཛིན་པ་གཡས་བསྐུམ་གཡོན་བརྐྱང་མ། །གཅེར་བུ་རུས་རྒྱན་དར་དཔྱངས་རྒྱན་རྣམས་རྫོགས། །ཐབས་ཀྱི་ངོ་བོ་ཁཊྭཱྃ་གྲུར་བཅུག་ནས། །པད་ཉི་བམ་རོ་མེ་དཔུང་དབུས་སུ་གསལ། །ལྷོ་རུ་གཟུགས་ཅན་ལྷ་མོ་སྐུ་མདོག་སེར། །གྲི་ཐོད་འཛིན་པ་གཡས་བསྐུམ་གཡོན་བརྐྱང་མ། །གཅེར་བུ་རུས་རྒྱན་དར་དཔྱངས་རྒྱན་རྣམས་རྫོགས། །ཐབས་ཀྱི་ངོ་བོ་ཁཊྭཱྃ་གྲུར་བཅུག་ནས། །པད་ཉི་བམ་རོ་མེ་དཔུང་དབུས་སུ་གསལ། ནུབ་ཏུ་དུམ་སྐྱེས་དམར་མོ་སྐུ་མདོག་དམར། །གྲི་ཐོད་འཛིན་པ་གཡས་བསྐུམ་གཡོན་བརྐྱང་མ། །གཅེར་བུ་རུས་རྒྱན་དར་དཔྱངས་རྒྱན་རྣམས་རྫོགས། །ཐབས་ཀྱི་ངོ་བོ་ཁཊྭཱྃ་གྲུར་བཅུག་ནས། །པད་ཉི་བམ་རོ་མེ་དཔུང་དབུས་སུ་གསལ། བྱང་དུ་ལཱ་མ་མཁའ་འགྲོ་སྐུ་མདོག་ལྗང༌། །གྲི་ཐོད་འཛིན་པ་གཡས་བསྐུམ་གཡོན་བརྐྱང་མ། །གཅེར་བུ་རུས་རྒྱན་དར་དཔྱངས་རྒྱན་རྣམས་རྫོགས། །ཐབས་ཀྱི་ངོ་བོ་ཁཊྭཱྃ་གྲུར་བཅུག་ནས། །པད་ཉི་བམ་རོ་མེ་དཔུང་དབུས་སུ་གསལ། མཚམས་བཞིར་བདུད་རྩིས་གང་བའི་ཐོད་བུམ་བཞི། །རྒྱུད་སྡེ་བཞི་ཡི་ལྷ་ཚོགས་ཀྱིས་བསྐོར་གསལ། །ཧེ་རུ་ཀ་ཡི་སྟེང་ཕྱོགས་མདུན་གྱི་ཆར། །འཁོར་འདས་སྤྱི་དཔལ་རྡོ་རྗེ་འཆང་ཆེན་ནི། །སྐུ་མདོག་སྔོ་སངས་ལོངས་སྤྱོད་རྫོགས་སྐུའི་ཆས། །རྡོར་དྲིལ་བསྣོལ་འཛིན་འོད་ཀློང་སྐྱིལ་ཀྲུང་བཞུགས། །སྤྱན་གསུམ་འགྲོ་ཀུན་བདག་ལ་རྗེས་བརྩེས་གཟིགས། །ས་བཅུ་ལམ་ལྔ་སྐུ་གསུམ་མངོན་གྱུར་པའི། །ཏཻ་ལོ་ནཱ་རོ་མར་པ་མི་ལ་རྗེ། །གྲུབ་ཐོབ་རྣལ་འབྱོར་སྤྱོད་པའི་ཆ་ལུགས་ཅན། །ཤིན་ཏུ་ངོ་མཚར་བརྟུལ་ཞུགས་སྐུ་རྣམས་གསལ། །བསྟན་པའི་གཞི་མ་མཉམ་མེད་དྭགས་པོ་ནི། །དགེ་སློང་ཆ་ལུགས་ཆོས་གོས་གསུམ་གྱིས་བཀླུབས། །དབུ་ལ་དྭགས་ཞུ་ཕྱག་གཉིས་ཆོས་འཁོར་སྟབས། སྐྱིལ་ཀྲུང་སྟབས་ཀྱིས་ཆོས་ཀྱི་དབྱིངས་སུ་གཟིགས། །འཛམ་གླིང་རྒྱན་གཅིག་དར་མ་དབང་ཕྱུག་ནི། །སྐུ་མདོག་དཀར་ལ་དམར་བ་རབ་བྱུང་ཆས། །བེར་ཟླུམ་ཞྭ་ཁྲ་གསོལ་ཅིང་ཐུགས་ཀར་ནི། །ཆོས་འཁོར་ཕྱག་རྒྱ་ཞབས་གཉིས་སྐྱིལ་ཀྲུང་བཞུགས། །ཏི་ཤྲཱི་རས་པ་དཀར་གསལ་རབ་བྱུང་ཆས། །པཎ་ཞུ་ཆོས་འཁོར་ཕྱག་རྒྱ་ཕྱེད་སྐྱིལ་བཞུགས། །རས་དཀར་རབ་བྱུང་ཆས་རྫོགས་པཎ་ཞུ་ལེབ། །ཕྱག་གཉིས་མཉམ་བཞག་སྐྱིལ་ཀྲུང་སྟབས་ཀྱིས་བཞུགས། །ལུས་མེད་རྡོ་རྗེ་དཀར་གསལ་རབ་བྱུང་ཆས། །ཞྭ་ཁྲ་གླེགས་བམ་འགྱེད་ཚུལ་སྐྱིལ་ཀྲུང་བཞུགས། །བྱང་ཆུབ་གཞོན་ནུ་སྔོ་སངས་རབ་བྱུང་ཆས། །སྐྱབས་སྦྱིན་ཐུགས་ཀར་ཞྭ་ཁྲ་སྐྱིལ་མོ་ཀྲུང༌། །བློ་གྲོས་རྡོ་རྗེ་དམར་གསལ་རབ་བྱུང་ཆས། །ས་གནོན་ཞྭ་ཁྲ་སྐྱིལ་ཀྲུང་སྟབས་ཀྱིས་བཞུགས། །བརྩོན་འགྲུས་དཔལ་བ་རབ་བྱུང་ཆས་རྣམས་རྫོགས། །ས་གནོན་པཎ་ཞུ་སྐྱིལ་མོ་ཀྲུང་གིས་བཞུགས། །གྲགས་པ་རྒྱལ་མཚན་དཀར་ལ་ཆོས་གོས་གསུམ། །སྐྱབས་སྦྱིན་མཆོད་ཚུལ་ཞྭ་ཁྲ་སྐྱིལ་ཀྲུང་བཞུགས། །ས་ར་ཧ་སྤྲུལ་ཆོས་རྗེ་སྐུ་མདོག་སྨུག །རབ་བྱུང་ཆས་རྫོགས་མཉམ་བཞག་ཚེ་བུམ་འཛིན། །ཞྭ་ཁྲ་གསོལ་ཅིང་སྐྱིལ་མོ་ཀྲུང་གིས་བཞུགས། །རིན་ཆེན་བཟང་པོ་དཀར་གསལ་རབ་བྱུང་ཆས། །མཉམ་བཞག་ཞྭ་ཁྲ་སྐྱིལ་མོ་ཀྲུང་གིས་བཞུགས། །བསོད་ནམས་དབང་ཕྱུག་དམར་སྨུག་རབ་བྱུང་ཆས། །ཞྭ་ཁྲ་ཆོས་འཁོར་ཕྱག་རྒྱ་སྐྱིལ་མོ་ཀྲུང༌། །མངྒ་ཤྭ་ར་དཀར་ལ་རབ་བྱུང་ཆས། །ས་གནོན་མཉམ་བཞག་པོ་ཏི་ཞྭ་ཁྲ་སྐྱིལ། །དྷརྨ་རསྨི་རབ་བྱུང་སྐྱབས་སྦྱིན་དཀར། །གཡོན་པས་མཉམ་བཞག་ཞྭ་ཁྲ་སྐྱིལ་ཀྲུང་བཞུགས། །ཀུན་དགའ་སྙིང་པོ་དཀར་ལ་ཆོས་འཁོར་ཕྱག །རབ་བྱུང་བཞིན་རས་ཞྭ་ཁྲ་སྐྱིལ་མོ་ཀྲུང༌། །ཀུན་དགའ་རྒྱ་མཚོ་དཀར་འཛུམ་སྐྱབས་སྦྱིན་མཆོད། །ཆོས་གོས་གསུམ་དང་ཞྭ་ཁྲ་རྡོ་སྐྱིལ་བཞུགས། །ཤཱ་ས་བྷ་དྲ་དཀར་སེར་མཆོད་ཚུལ་མཉམ། །ཞྭ་ཁྲ་ཆོས་གོས་རྣམ་གསུམ་སྐྱིལ་མོ་ཀྲུང༌། །ཀརྨ་ཛྙཱ་ན་དམར་སྨུག་ཆོས་གོས་བེར། །ཞྭ་ཁྲ་རོལ་སྟབས་ཟིལ་གནོན་རྡོ་རྗེ་ཕུར། །དོན་དམ་སྙིང་པོ་མཉམ་བཞག་རབ་བྱུང་ཆས། །དབུ་ལ་ཞྭ་ཁྲ་སྐྱིལ་མོ་ཀྲུང་གི་བཞུགས། །རས་པ་ཆེན་པོ་དམར་ལ་བཞིན་རས་སྨུག །མཉམ་བཞག་རབ་བྱུང་སྐྱིལ་མོ་ཀྲུང་གིས་བཞུགས། །དགེ་བའི་བཤེས་གཉེན་རབ་བྱུང་ཆོས་འཁོར་ཕྱག །དཀར་གསལ་ཞྭ་ཁྲ་སྐྱིལ་ཀྲུང་ཕྱེད་པའི་སྟབས། །ཤཱ་ས་གདུང་འཛིན་ཧྱི་སྤྲུལ་པ་དང༌། །ནམ་མཁའི་སྙིང་སྤྲུལ་གོས་སྔོན་བརྒྱུད་པར་བཅས། །རབ་བྱུང་ཆས་དང་ཞྭ་ཁྲ་སྐྱིལ་མོ་ཀྲུང༌། །ཡེ་ཤེས་མཁའ་འགྲོ་ནམ་མཁའི་རྣལ་འབྱོར་མ། །དཀར་མོ་རྡོ་རྗེ་བདུད་རྩིའི་ཐོད་བུམ་བསྣམས། །བྱ་རྒོད་ཐུལ་པ་དར་གྱི་ལྡེང་བེར་མནབ། །བཅུ་དྲུག་ཉམས་ལྡན་ཉི་ཟླའི་སྟེང་དུ་གསལ། །དོན་བརྒྱུད་བཀའ་བབས་གདམས་པའི་མཛོད་འཆང་བ། །འཇིགས་མེད་ཆོས་ཀྱི་སེངྒེ་སྐུ་མདོག་དཀར། །སྐུ་ལ་ཟ་བེར་རས་དཀར་ཤམ་ཐབས་དང༌། །ཆོས་གོས་གསོལ་ཞིང་ཕྱག་གཡས་རྡོ་རྗེ་ཕུར། །འཁོར་ལོས་མཚན་པ་བསྡིགས་པའི་སྟབས་ཀྱིས་འཛིན། །ཕྱག་གཡོན་ཆོས་འཆད་ཕྱག་རྒྱའི་པད་སྡོང་རྩེར། །ཟབ་གསང་ཤེས་རབ་རལ་གྲི་པོ་ཏིས་མཚན། །ཞབས་ཟུང་རོལ་སྟབས་གཟི་བྱིན་འབར་བར་བཞུགས། །གསང་བདག་རས་ཆུང་དངོས་སྣང་མངྒ་ལ། །སྒོམ་ཐག་ཨང་རག་རས་དཀར་བླ་གོས་འཁྱུད། །རྡོར་སྐྱིལ་མཉམ་བཞག་རས་ཞྭ་རྭ་གཟུགས་གསོལ། །སྦས་པའི་རྣལ་འབྱོར་དབང་པོའི་མཚན་ཅན་ནི། །བགྲེས་ཉམས་གོས་དཀར་ཟླུམ་གསོལ་ལྕང་ལོ་གྲོལ། །རོལ་སྟབས་སེམས་ཉིད་ངལ་གསོའི་བཞུགས་སྟང་མཛད། །འོད་དང་འོད་ཟེར་ཚུལ་ཁྲིམས་དྲི་ཡིས་ཁྱབ། །བརྒྱུད་པ་སུམ་ལྡན་རྩ་བརྒྱུད་བླ་མ་ཡིས། །ཐམས་ཅད་སྤྲིན་འཁྲིགས་ལྟ་བུར་བསྐོར་ཞིང་བཞུགས། །མདུན་དུ་ཧཱུྃ་ལས་དཔལ་མགོན་ཕྱག་བཞི་མཐིང༌། །སྤྱན་བགྲད་ཞལ་གདངས་རལ་གྲི་གྲི་ཐོད་རྩེ། །དབུ་སྐྲ་གྱེན་འབར་རུས་ཕྲེང་སྦྲུལ་གྱིས་བརྒྱན། །ཡེ་ཤེས་གྷ་རུ་ཊ་ཡི་རྒྱན་དུ་མཛེས། །ཞིང་ཀོ་སྟག་ཤམ་ཐོད་སྐམ་སྙན་ལུང་བརྒྱན། །མགོ་ཕྲེང་དར་དཔྱངས་པད་ཉི་རོ་ཕྱེད་སྐྱིལ། །ཡེ་ཤེས་མེ་འབར་འཁོར་དང་བཅས་པ་གསལ། ཧཱུྃ་བྷྱོ་ཏྲི་ལས་ཞིང་སྐྱོང་སྡེ་འཁོར་བཅས། །མ་ཧཱ་ཀཱ་ལ་གུར་གྱི་མགོན་པོ་དང༌། །དུད་སོལ་ལྷ་མོ་མ་མོའི་ཚོགས་བཅས་གསལ། །གནོད་སྦྱིན་རྣམ་སྲས་རྟ་ལྷ་སྐྱ་བརྒྱད་དང༌། །གཟའ་བརྒྱད་དམ་ཅན་བཙན་རྒོད་དགེ་བསྙེན་ཚོགས། །ཐང་ལྷ་བརྒྱ་བྱིན་དམག་རྒྱལ་ཚེ་རིང་མཆེད། །ངས་ནུས་ལྷ་མོ་ཆོས་སྲུང་རྒྱ་མཚོའི་ཚོགས། །ཀུན་ཀྱང་རང་རང་སྡེ་འཁོར་མ་ལུས་པ། །དགྱེས་པའི་འཛུམ་དང་རྔམ་པའི་གཟི་བརྗིད་ལྡན། །ཡེ་ཤེས་མེ་དཔུང་དབུས་སུ་ཁྲ་ལྟེམ་གསལ། །དེ་དག་རྣམས་ཀྱི་གནས་གསུམ་འབྲུ་གསུམ་དང༌། །བདག་གི་ཐུགས་འོད་ཀྱིས་བསྐུལ་རང་བཞིན་གནས། །ཐམས་ཅད་སྤྲིན་འཁྲིགས་ལྟ་བུར་གནས་འདིར་བྱོན། ན་མོ་གུ་རུ་ཤྲཱི་ཙཀྲ་སམྦ་ར་མ་ཧཱ་ཀཱ་ལ་སརྦ་ཨ་བེ་ཤ་ཡ་ཧཱུྃ། ཞེས་སྤོས་དུད་དང་ཐོད་རྔ་རོལ་ཆས་ལྡིར། ན་མོ་གུ་རུ། རྗེ་ཐམས་ཅད་ཀུན་གཟིགས་དྲིན་ཆེན་རྡོ་རྗེ་འཆང༌། །བཀའ་དྲིན་འཁོར་མེད་རྩ་བའི་བླ་མའི་ཚོགས། །བདག་སོགས་འགྲོ་ཀུན་རྣམས་གྱི་དོན་སླད་དུ། །རང་བཞིན་ཆོས་ཀྱི་དབྱིངས་ནས་སྐུར་བཞེངས་ཤིག །དབུ་སྐྲ་རལ་པའི་ཐོར་ཚུགས་ལྡེམས་སེ་ལྡེམ། །རུས་རྒྱན་གཡེར་ཁའི་དྲིལ་བུ་སི་ལི་ལི། །འགག་མེད་ཚངས་པའི་གསུང་སྒྲ་ཁྲོ་ལོ་ལོ། །དར་གྱི་རྒྱན་ཆ་སྣ་ཚོགས་ཤིགས་སེ་ཤིག །གནས་འདིར་བྱོན་ལ་བྱིན་གྱིས་བརླབ་ཏུ་གསོལ། །གྲུབ་ཐོབ་རྣལ་འབྱོར་ཏཻ་ལོ་ནཱ་རོ་དང༌། །མར་པ་མི་ལ་དྭགས་པོ་ལྷ་རྗེ་སོགས། །བཀའ་བརྒྱུད་རིག་འཛིན་བླ་མ་ཐམས་ཅད་རྣམས། །བྱིན་རླབས་ཐུགས་རྗེའི་སྤྲིན་ཆེན་ཐིབས་སེ་ཐིབ། །ཆོས་ཀྱི་དབྱིངས་ནས་འགྲོ་དོན་སྐུ་བསྐྱོད་ཅིག །དབུ་སྐྲ་རལ་པའི་ཐོར་ཚུགས་ལྡེམས་སེ་ལྡེམ། །རུས་རྒྱན་གཡེར་ཁའི་དྲིལ་བུ་སི་ལི་ལི། །འགག་མེད་ཚངས་པའི་གསུང་སྒྲ་ཁྲོ་ལོ་ལོ། །དར་གྱི་རྒྱན་ཆ་སྣ་ཚོགས་ཤིགས་སེ་ཤིག །གནས་འདིར་བྱོན་ལ་བྱིན་གྱིས་བརླབ་ཏུ་གསོལ། །དབེན་པའི་གནས་དང་གདན་ས་སོ་སོ་ནས། །འགྲོ་མགོན་དར་མ་དབང་ཕྱུག་ནས་བཟུང་ནས། །ད་ལྟ་ཡན་གྱི་གྲུབ་བརྙེས་ཐམས་ཅད་ཀྱི། །བཀའ་བརྒྱུད་བླ་མ་གྲུབ་ཐོབ་ཐམས་ཅད་ཀྱང༌། །བྱིན་རླབས་ཐུགས་རྗེའི་ཚན་ཁ་མ་གུད་པའི། །དྲིན་ཆེན་མཆོག་རྣམས་ཐུགས་རྗེ་མ་ཆུང་ཞིག །དགྱེས་ཤིང་བརྩེ་བས་བདག་སོགས་དོན་སླད་དུ། །ཐམས་ཅད་ཀུན་གྱི་རྒྱན་ཆ་མཛེས་སེ་མཛེས། །བྱིན་རླབས་ཐུགས་རྗེའི་ཆུ་འཛིན་ཐིབས་སེ་ཐིབ། །རུས་རྒྱན་གཡེར་ཁའི་དྲིལ་བུ་སི་ལི་ལི། །འགག་མེད་ཚངས་པའི་གསུང་སྒྲ་ཁྲོ་ལོ་ལོ། །དར་གྱི་རྒྱན་ཆ་སྣ་ཚོགས་ཤིགས་སེ་ཤིག །གནས་འདིར་བྱོན་ལ་བྱིན་གྱིས་བརླབ་ཏུ་གསོལ། །མཁའ་སྤྱོད་ཆོས་དབྱིངས་དག་པའི་གཞལ་ཡས་ནས། །བཅོམ་ལྡན་རིགས་ཀུན་བདག་པོ་ཧེ་རུ་ཀ ། ལྷན་སྐྱེས་དྲྭ་བ་སྡོམ་པ་བདེ་བའི་མཆོག །ས་འོག་ས་སྟེང་མཁའ་སྤྱོད་འཁོར་ལོ་གསུམ། །ཡུལ་ཆེན་ཉེར་བཞིའྀ་དཔའ་བོ་མཁའ་འགྲོ་རྣམས། །དབུ་སྐྲ་རལ་པའི་ཐོར་ཚུགས་ལྡེམས་སེ་ལྡེམ། །རུས་རྒྱན་གཡེར་ཁའི་དྲིལ་བུ་སི་ལི་ལི། །འགག་མེད་ཚངས་པའི་གསུང་སྒྲ་ཁྲོ་ལོ་ལོ། །དར་གྱི་རྒྱན་ཆ་སྣ་ཚོགས་ཤིགས་སེ་ཤིག །གནས་འདིར་བྱོན་ལ་བྱིན་གྱིས་བརླབ་ཏུ་གསོལ། །དུར་ཁྲོད་བརྒྱད་དང་མེ་རི་འབར་བ་ནས། །དཔལ་ལྡན་ཕྱག་བཞི་ལྕམ་དྲལ་འཁོར་དང་བཅས། །ཕོ་རྒྱུད་མོ་རྒྱུད་ཆོས་སྲུང་དམ་ཅན་སྡེ། །ཡེ་ཤེས་ལས་དང་འཇིག་རྟེན་མགྲོན་རྣམས་ཀུན། །དབུ་སྐྲ་རལ་པའི་ཐོར་ཚུགས་ལྡེམས་སེ་ལྡེམ། །རུས་རྒྱན་གཡེར་ཁའི་དྲིལ་བུ་སི་ལི་ལི། །འགག་མེད་ཚངས་པའི་གསུང་སྒྲ་ཁྲོ་ལོ་ལོ། །དར་གྱི་རྒྱན་ཆ་སྣ་ཚོགས་ཤིགས་སེ་ཤིག །གནས་འདིར་བྱོན་ལ་བྱིན་གྱིས་བརླབ་ཏུ་གསོལ། །ཉམས་རྟོགས་ཡེ་ཤེས་མ་ནོར་ལྷུན་གྲུབ་གཤིས། །ཚེ་གཅིག་མྱུར་དུ་འགྲུབ་པར་བྱིན་གྱིས་རློབས། །འཇའ་ལུས་འོད་སྐུར་འབར་བར་བྱིན་གྱིས་རློབས། །ཆོས་སྐུ་མངོན་འགྱུར་ལྷ་མཆོག་ཁྱེད་རྣམས་དང༌། །བྱིན་རླབས་ནུས་མཐུ་མཉམ་པར་བྱིན་གྱིས་རློབས། །རྐྱེན་ངན་བར་ཆད་ཞི་བར་བྱིན་གྱིས་རློབས། །འགྲོ་དྲུག་ལམ་སྣ་ཟིན་པར་བྱིན་གྱིས་རློབས། །འདིར་བཤམས་ཡིད་སྤྲུལ་རབ་འབྱམས་པད་ཟླའི་གདན། །བཞུགས་ཞིང་བདག་སོགས་འགྲོ་བའི་དོན་དུ་ནི། །མྱ་ངན་མི་འདའ་ཆོས་འཁོར་རབ་འབྱེད་ནས། །ཇི་སྲིད་སངས་རྒྱས་ས་ལ་མ་འགོད་པར། །ཁྱེད་ཀྱི་ཐུགས་རྗེས་མ་བཏང་འཛིན་དུ་གསོལ། །བསྐལ་བརྒྱར་རྡོ་རྗེའི་ཁྲི་ལ་བཞུགས་སུ་གསོལ། །བདག་གིས་སྒོ་གསུམ་གུས་པས་ཕྱག་འཚལ་ལོ། །འགྲོ་ཀུན་བདག་གིས་མི་ཤེས་བག་མེད་ཀྱིས། །ལུས་ངག་ཡིད་གསུམ་ཐ་མལ་ཤོར་བ་དང༌། །སྡིག་པའི་ལས་སྒྲུབ་དགེ་བཅུ་ངང་དུ་ཤོར། །ལེ་ལོ་བག་མེད་འཁྲུལ་པའི་ཉེས་ཚོགས་རྣམས། །རབ་ཏུ་འགྱོད་ཅིང་སྤྱན་སྔར་བཤགས་པར་བགྱི། །འདི་དང་ཕྱི་མར་མ་སྒྲིབ་རབ་དག་ནས། །འབྲས་བུ་སངས་རྒྱས་ཐོབ་པར་མཛད་དུ་གསོལ། པདྨ་ཀ་མ་ལཱ་ཡ་སྟྭྃ། གདན་འབུལ་ཕྱག་འཚལ་བཤགས་པ་བྱས་མཐར་མཎྜལ་གང་རིགས་གཅིག་བྱ། ཨོཾ་བཛྲ་ཨརྒྷཾ་པཱདྱཾ་སོགས་ནས། ཤབྡ་པྲ་ཏཱིཙྪ་ཨཱཿཧཱུྃ། ཛཿཧཱུྃ་བྃ་ཧོཿ དམ་ཚིག་པ་དང་ཡེ་ཤེས་གཉིས་སུ་མེད་པར་གྱུར། །སླར་ཡང་ཐུགས་ཀའི་འོད་ཟེར་གྱིས་བསྐུལ་ཞིང༌། །དབང་ལྷ་རིགས་ལྔ་སྤྱན་དྲངས་དབང་བསྐུར་ནས། །སྐུ་གང་སྒྲིབ་དག་ཡར་ལུད་མི་བསྐྱོད་བརྒྱན། །རྡོ་རྗེ་ལྷ་མོས་གླུ་དང་མེ་ཏོག་འཐོར། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། མཎྜལ་ནི། རྡོ་རྗེའི་རི་རབ་གླིང་བཞིའི་ས་གཞི་ལ། །རྡོ་རྗེའི་མཎྜལ་ལྷ་མིའི་བཀོད་པས་བརྒྱན། །རྡོ་རྗེ་རྩ་བ་གསུམ་གྱི་ལྷ་ཚོགས་ལ། །རྡོ་རྗེ་མི་ཕྱེད་དད་པས་བདག་འབུལ་ལོ། །གུ་རུ་རཏྣ་མཎྜལ་ཀཾ་ནི་ཏ་ཡཱ་མི། ཞེས་འབུལ། མཆོད་པ་འབུལ་བ་ནི། ཨོཾ་འབྲུ་བཅུད་དྭངས་མ་མཆོད་ཡོན་རྒྱ་མཚོ་འཁྱིལ། །ཞབས་བསིལ་གངྒཱའི་ལྷ་མོའི་ཁྲུས་ཆབ་དང༌། །མཛེས་པའི་སྙིང་པོ་བསྡུས་པའི་པད་ཚལ་རྒྱས། །དྲི་ཞིམ་མ་ལ་ཡ་ཡི་རླུང་རྒྱུན་དང༌། །ཚ་ཟེར་སྙིང་པོ་བསྡུས་པའི་ཞུན་མར་མེ། །དྲི་བཟང་སྦྱར་བའི་དྲི་ཆབ་དམ་པ་དང༌། །རོ་བརྒྱ་ལྡན་པའི་ལྷ་ཡི་ཟས་མཆོག་བཤོས། །སྙན་པའི་རོལ་མོ་དཔག་མེད་དང་ལྡན་འདི། །ཁྱབ་བདག་རྡོ་རྗེ་འཆང་ཆེན་བརྒྱུད་པར་བཅས། །བཀའ་བརྒྱུད་གྲུབ་ཐོབ་རིག་འཛིན་བླ་མ་དང༌། །དཔལ་ཆེན་འཁོར་ལོ་སྡོམ་པའི་ལྷ་ཚོགས་རྣམས། །ཆོས་སྐྱོང་མ་མགོན་ལྕམ་དྲལ་ལྷ་ཚོགས་ལ། །ཀུན་བཟང་མཆོད་སྤྲིན་དཔག་ཡས་རྣམས་པ་འདི། །རབ་འབྱམས་ཞིང་ཀུན་རབ་འགེངས་འབུལ་ལགས་ན། །དགྱེས་བཞེས་མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། ཨོཾ་བཛྲ་ཨརྒྷཾ་ཨཱཿཧཱུྃ། དེ་བཞིན་དུ་ ཤབྡའི་བར་དུ་བརྗོད། རོལ་མོ་དཀྲོལ། ཧཱུྃ་ཧྲཱིཿ རབ་ཏུ་མཛེས་པའི་མཆོད་པའི་ལྷ་མོའི་ཚོགས། །དཀར་སྔོ་དམར་སེར་ལྗང་གུའི་ཚོགས་རྣམས་ཀྱིས། །སྣང་བ་སྣ་ཚོགས་རབ་ཏུ་གང་གྱུར་ནས། །གཟུགས་སྒྲ་དྲི་རོ་རེག་བྱ་སྣ་ཚོགས་དང༌། རིགས་ལྔས་བྱིན་རླབས་ཤ་ལྔ་བདུད་རྩི་ལྔ། །དུག་ལྔ་རང་གྲོལ་མཁའ་གསང་རཀྟ་དང༌། །མཆོད་རྫས་སྣ་ཚོགས་ཐོགས་ནས་མཆོད་པར་བགྱི། ཨོཾ་བཛྲ་རཱུ་པ་ཤབྡ་གནྡྷེ་ར་ས་སྤརེ་པཉྩ་ཨ་མྲྀ་ཏ་རཀྟ་པཱུ་ཛི་ཏེ་ཨཱཿཧཱུྃ། ཞེས་བདུད་རྩི་སྨན་མཆོད་འབུལ་ལ། ཨོཾ་ཨཱཿཧཱུྃ། ཡང་དག་རྡོར་འཆང་ཏཻ་ལོ་ནཱ་རོ་དང༌། །མར་པ་མི་ལ་དྭགས་པོ་དར་མ་དབང༌། །ཏི་ཤྲཱི་རས་པ་པྲཛྙཱ་བོ་དྷི་དང༌། །བོ་དྷི་ཤྲཱི་བོ་དྷི་ཀུ་མཱ་ར། །མ་ཏི་བཛྲ་བི་ཤྲཱི་དང༌། །ཀེ་རུ་གྷིརྟི་པུཎྱེ་རཏྣ་བཟང༌། །པུཎྱེ་ཤྭ་ར་དྷརྨ་རསྨི་དང༌། །ཨ་ནན་གྷརྦྷ་ཨ་ནན་ས་མུ་དྲ། །ཤཱ་ས་བྷ་དྲ་ཛྙཱ་ན་གུ་རུའི་ཚོགས། །ཤྲཱི་ཧེ་རུ་བཛྲ་བཱཻ་རོ་ཙ། །ཌཱ་ཀི་ལཱ་མ་ཁཎྜ་རཱུ་པི་ནཱི། །ཙཀྲ་གསུམ་གྱི་དཔའ་བོ་དཔའ་མོ་དང༌། །མ་ཧཱ་ཀཱ་ལ་ཤྲཱི་དྷེ་ཝཱ་ལི། །ཧཱུྃ་བྷྱོ་ཏྲི་ཧཱུྃ་བཻ་རོ་ཏྲི་ཧྲཱིཿཕུཿ ། ཧཱུྃ་མ་ཨོཾ་ཧ་རི་ནི་ས་བྷྱོ་ཨཱཿ ལྷ་ཚོགས་རྣམས་ལ་སྨན་མཆོད་ཨ་མྲྀ་ཏ། །འབུལ་ལོ་བཞེས་ཤིག་མཆོག་གི་དངོས་གྲུབ་རྣམས། །ཚེ་གཅིག་ལུས་འདིར་སྨིན་པར་མཛད་དུ་གསོལ། ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་ཨོཾ་ཨཱཿཧཱུྃ། རིག་མ་དང་གསང་མཆོད་འབུལ་ལ། ཧཱུྃ། ཆོས་དབྱིངས་ལྷ་མོ་དཀར་མོ་ཡིད་འོང་མ། །དམར་མོ་དབྱིབས་ལེགས་སེར་མོ་འཛུམ་བག་ཅན། །ལྗང་མོ་གཉེན་ལྕུག་བདེ་བའི་རོལ་གར་རྩེ། །ཟུང་འཇུག་བདེ་སྟོང་ཤེས་རབ་གསང་མཆོད་འབུལ། །ཨེ་ཝཾ་དབྱེར་མེད་དགའ་བཞིའི་ཡེ་ཤེས་མྱོང༌། །ཆོས་ཉིད་རྣམ་དག་ཀློང་དུ་ཨེ་མ་ཧོ། ཞེས་མཆོད། ཧྲཱིཿ བྱིན་རླབས་དངོས་གྲུབ་འབྱུང་བའི་ཆོས་དབྱིངས་ན། །བཞུགས་མཛད་དྲིན་ཆེན་རྡོ་རྗེ་འཆང་ཆེན་ལ། །བཀའ་བརྒྱུད་རིག་འཛིན་གྲུབ་ཐོབ་སྤྲིན་ལྟར་གཏིབས། །བརྒྱུད་པ་བྱིན་རླབས་མཛད་པ་ཁྱེད་རྣམས་བསྟོད། །མཁའ་སྤྱོད་གསང་བ་གསུམ་གྱི་དཀྱིལ་འཁོར་ན། །འཁོར་ལོ་བདེ་མཆོག་ཡེ་ཤེས་ལྷ་ཡི་ལྷ། །ཉི་ཤུ་རྩ་བཞི་དུར་ཁྲོད་བརྒྱད་དུ་གནས། །དཔའ་བོ་དཔའ་མོ་མཁའ་འགྲོ་གིང་ལ་བསྟོད། །རང་བཞིན་རྣམ་དག་ཁྲག་མཚོ་འབར་བ་ལ། །གནས་མཛད་མ་ཧཱ་ཀཱ་ལ་ལྕམ་དྲལ་ཏེ། །བསྟན་སྲུང་ཆོས་སྐྱོང་རྣམས་ལ་གུས་པས་བསྟོད། །སངས་རྒྱས་བཀའ་ཡི་སྲུང་མ་མངོན་ཤེས་ལྡན། །བསྟན་འཛིན་བུ་བཞིན་སྐྱོང་བའི་དྲག་རྩལ་ཅན། །ཞིང་སྐྱོང་གནོད་སྦྱིན་གཟའ་ཐེལ་བཙན་ཀླུ་ལྷ། །མ་མོ་སྨན་མོ་དཀོར་སྲུང་རྒྱ་མཚོར་བསྟོད། །ཁྱེད་རྣམས་རབ་བསྟོད་ལས་བཞིའི་ཕྲིན་ལས་མཛོད། ཅེས་བསྟོད། །བསྙེན་དམིགས་ནི། རང་གི་ཐུགས་ཀ་ནས་འོད་འཕྲོས་རིག་འཛིན་གྲུབ་ཐོབ་རྒྱ་མཚོའི་ཐུགས་ཀར་ཕོག་ཐུགས་འོད་བསྐུལ་ནས་འགྲོ་བའི་སྡིག་སྒྲིབ་སྦྱངས། ཡེ་ཤེས་ལྷ་ཡི་སྐུར་གྱུར། འོད་ཟེར་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་དུ་འཕྲོས། །མཆོད་སྤྲིན་རྒྱ་མཚོས་མཆོད། །སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་བྱིན་རླབས་ཐམས་ཅད་འོད་ལྔའི་རྣམ་པར་བྱོན། །རིག་འཛིན་གྲུབ་ཐོབ་རྒྱ་མཚོའི་སྐུ་ལ་ཐིམ་པས། །གཟི་བརྗིད་རབ་ཏུ་འབར་ནས་བདག་གི་འོད་ཟེར་གྱིས་བསྐུལ་མ་ཐག་ཏུ་ཐུགས་བརྩེ་བ་ཆེན་པོས་སྐུ་གསུང་ཐུགས་རྣམས་ལས་འོད་ཟེར་འཕྲོས་པས་བདག་གི་གནས་གསུམ་དུ་ཐིམ་པར་གྱུར་པར་དམིགས་ལ་འབྲུ་གསུམ་བཟླ། ཨོཾ་ཨཱཿཧཱུྃ། སྤྱི་དྲིལ་ཀྱི་སྔགས་ཅི་འགྲུབ་བཟླ། གཙོ་འཁོར་ཐམས་ཅད་ཀྱི་ཐུགས་ཀར་པད་ཟླའི་དབུས་སུ་ཧཱུྃ་མཐིང་ནག བདེ་མཆོག་གི་ཐུགས་སྲོག་ཧཱུྃ་ཡིག་ལ་འབྲུ་བདུན་གྱིས་བསྐོར་བར་དམིགས་ལ། ཨོཾ་ཧྲཱིཿཧ་ཧ་ཧུྃ་ཧཱུྃ་ཕཊ྄། སྔགས་དེ་བཟླས་པས་མདུན་བསྐྱེད་ཀྱི་ཐུགས་སྲོག་ཡིག་བདུན་ལས་འོད་ཟེར་གཡོན་དུ་འཁོར་བའི་ཡི་གེ་སྦྲུལ་ལངས་པ་ལྟ་བུ་ཡབ་ཞལ་ནས་ཡུམ་ཞལ་བརྒྱུད་ཐུགས་ཀར་ཐིམ། ཡང་ཡབ་ཀྱི་གསང་གནས་ནས་སོང་ཡུམ་གྱི་པདྨོར་བརྒྱུད་ཞལ་ནས་ཐོན་ཐུགས་ཀར་ཐིམ། ཡང་ཡབ་ཀྱི་སྤྱི་བོར་ཨོཾ་ལས་འོད་ཟེར་འཕྲོས། ས་འོག་གི་འགྲོ་བའི་སྡིག་སྒྲིབ་སྦྱངས། སྐུ་ཡི་འཁོར་ལོའི་ལྷ་ཚོགས་སུ་གྱུར། དགྱེས་པ་བསྐྱེད། ཚུར་འདུས་ཨོཾ་ལ་ཐིམ། སྐུ་ཡི་འཁོར་ལོ་གྲུབ། གསུང་ཨཱཿས་སྤྱོད་གསུངས། ཐུགས་ཧཱུྃ་མཁའ་སྤྱོད་ཐུགས་སོགས་རིགས་འདྲེས། མཐར་བདག་གི་འོད་ཀྱིས་མདུན་བསྐྱེད་བསྐུལ། སྐུ་གསུང་ཐུགས་ལས་འོད་ཟེར་བྱུང་བ་བདག་གི་གནས་གསུམ་དུ་ཐིམ་པས་སྒྲིབ་པ་དག །ཕྱག་རྒྱ་ཆེན་པོའི་ངང་ལ་མཉམ་པར་བཞག དེ་ནས་མགོན་པོ་དང་ལྷ་མོའི་ཐུགས་སྲོག་ཧཱུྃ་བྷྱོ་ལ་སྔགས་ཕྲེང་གཡས་གཡོན་དུ་འཁོར་གཉིས་ཀའི་ཐུགས་འོད་འཇིག་རྟེན་ཁམས་གང༌། བསྟན་དགྲ་བསྒྲལ། སངས་རྒྱས་མཆོད་ལས་བཞིའི་ཕྲིན་ལས་སྒྲུབས། སྟོང་གསུམ་གྱི་ལྷ་ཀླུ་མི་དང་མི་མ་ཡིན་སྡེ་བརྒྱད་ཀྱི་དཔལ་བཀྲག་གཟི་བརྗིད་ཐམས་ཅད་འདུས་ནས་བདག་མདུན་ལ་ཐིམ་པར་དམིགས་ལ། ཨོཾ་བཛྲ་ཀ་ཝུ་ཝ་མ་ཧཱ་ཀཱ་ལ་ཡ་ཧུྃ་ཧཱུྃ་ཕཊ྄། དང༌། ཨོཾ་ཧཱུྃ་ཤྲཱི་ཡ་དེ་ཝཱི་ཀཱ་ལི་ཀཱ་ལི་མ་ཧཱ་ཀཱ་ལི་ཧཱུྃ་བྷྱོ། ཅི་ནུས་བཟླ། ཐུན་མཐར་གདུང་ཤུགས་ཀྱི་གསོལ་འདེབས་ནི། ན་མོ་བཛྲ་གུ་རུ་ཡེ། རྗེ་སུམ་ལྡན་གྱི་བླ་མ་རིན་པོ་ཆེ། །ཁྱེད་ཡེ་ཤེས་སྤྱན་གྱིས་ཁྱབ་གཟིགས་པ། །རྗེས་འཇུག་བུ་སློབ་སྐལ་ལྡན་གྱིས། །གསོལ་བ་སྙིང་གི་དཀྱིལ་ནས་འདེབས། །མོས་པའི་བུ་ལ་བྱིན་གྱིས་རློབས། །བྱིན་རླབས་ཀྱི་སྦྲང་ཆར་སི་ལི་ལི། །དངོས་གྲུབ་ཀྱི་ན་བུན་ཐིབས་སེ་ཐིབ། །སེམས་ཉིད་ཀྱི་སྤྲོས་བྲལ་ཕྱ་ལ་ལ། །སྒོམ་མེད་ཀྱི་དངོས་པོ་སིབས་སེ་སིབ། །མོས་གུས་ཀྱི་རྒྱ་མཚོ་ཀྱི་ལི་ལི། །འོད་གསལ་གྱི་འཁོར་ཡུག་ཏ་ལ་ལ། །ཚེ་དཔལ་གྱི་ནད་མེད་ཡ་ལ་ལ། །རང་བཞིན་གྱི་སྡིག་སྒྲིབ་སྦྱངས་སེ་སྦྱང༌། །ཐེག་ཆེན་གྱི་ཆོས་སྒྲ་ཁྲ་ལ་ལ། །ཞལ་མཇལ་གྱི་ཉི་འོད་འཚེར་རེ་རེ། །ཚངས་དབྱངས་ཀྱི་འབྲུག་སྒྲ་ལྡིར་རི་རི། །ཚུལ་ཁྲིམས་གྱི་དྲི་ངད་ཆི་ལི་ལི། །སུམ་ལྡན་གྱི་ཡོན་ཏན་ཅི་མཆིས་ཀུན། །བདག་གཞན་གྱི་འགྲོ་དྲུག་སེམས་ཅན་ལ། །སྩོལ་བར་མཛད་ལ་གསོལ་བ་འདེབས། སྙིང་རྗེ་ཡིས་འགྲོ་བ་ཀུན་ལ་གཟིགས། །ཐུགས་རྗེ་ཡིས་བདག་གཞན་འགྲོ་རྣམས་དྲོངས། །དབང་མེད་ཀྱིས་ཕ་རོལ་འགྲོ་བའི་དུས། །སྐྱབས་མེད་ཀྱི་གཅིག་པུར་འཁྱམས་པའི་དུས། །གོས་མེད་ཀྱི་གཅེར་བུར་བུད་པའི་ཚེ། །ཟས་མེད་ཀྱི་དྲི་གསུར་ཉུག་པའི་ཚེ། །གར་འགྲོ་བར་མི་ཤེས་བར་དོར་འཁྱམས། །དུས་ད་ལྟ་སྨོན་ལམ་བཏབ་པ་འདི། །རྗེ་རྩ་བ་གསུམ་དང་དཀོན་མཆོག་གསུམ། །ཆོས་ངེས་པའི་ཚིག་དང་བདེན་པའི་མཐུས། །དུས་དེ་དུས་བསླུ་མེད་རྩ་བརྒྱུད་ཀྱི། །ཞིང་དག་པའི་བཀོད་པ་བསམ་མི་ལོངས། །སེམས་གར་འགྲོ་ཆེ་བར་ལམ་སྣ་དྲོངས། །བདག་གཞན་རྣམས་ཚོམ་བུ་གཅིག་འགྲོགས་ནས། །ཞིང་བདེ་ཆེན་པདྨོ་བཀོད་པ་རུ། །བྱ་རྒོད་པོས་ནམ་འཕང་ཆོད་པ་ལྟར། །སེམས་འཁྲི་བ་ཆོད་ནས་སངས་རྒྱས་ཐོབ། །ཞིང་མེ་ཏོག་པདྨ་བྱེ་ནས་ཀྱང༌། །བདག་སངས་རྒྱས་ཐོབ་ནས་སེམས་ཅན་འདྲེན། །ཚིག་འདི་ཉིད་བདེན་པས་འགྲུབ་གྱུར་ཅིག །མཐར་དབྱངས་གསལ་ཡིག་བརྒྱ་བརྗོད། ཐུན་མཚམས་སུ་མཆོད་པའི་རྫས་ཚོགས་ཚད་བསགས་ལ། ཚོགས་ཆང་གིས་བྲན་ལ་བྱིན་གྱིས་བརླབས། ཨོཾ། ཀེཾ་སུམ་ཐོད་སྒྱེད་སྟེང་དུ་ཡི་གེ་ཨ། །བྱུང་བའི་བྷནྡྷ་སྟོང་གསུམ་རྒྱ་ཆེའི་ནང༌། །ཚོགས་རྫས་རྣམ་ཀུན་ཨོཾ་ཨཱཿཧཱུྃ་གིས་མཚན། །ཐུགས་འོད་ཀྱིས་བསྐུལ་རླུང་གཡོས་མེ་སྦར་ནས། །འབྲུ་གསུམ་འོད་ཞུ་ཤ་ལྔ་བདུད་རྩི་ལྔ། །ཁོལ་ཞིང་འདོད་ཡོན་བདུད་རྩིའི་རང་བཞིན་གྱུར། ཨོཾ་ཨཱཿཧཱུྃ། ལན་གསུམ། ཧྲཱིཿ སྟེང་ཕྱོགས་དག་པ་སྟུག་པོ་བཀོད་ཞིང་ནས། །རྣམ་དག་རྫོགས་པའི་སངས་རྒྱས་རྡོ་རྗེ་འཆང༌། །བཀའ་བརྒྱུད་གྲུབ་ཐོབ་རིག་འཛིན་རྒྱ་མཚོའི་ཚོགས། །འདིར་གཤེགས་ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ། །ལྷོ་ནུབ་པདྨ་བཀོད་པའི་ཞིང་ཁམས་ནས། །གུ་རུ་ཨོ་རྒྱན་ཡིད་བཞིན་པད་འབྱུང་ལ། །རྒྱལ་བ་རབ་འབྱམས་རྣམས་ཀྱི་འཁོར་གྱིས་བསྐོར། །འདིར་གཤེགས་ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ། །ཆོས་དབྱིངས་མཁའ་སྤྱོད་དག་པའི་ཞིང་ཁམས་ནས། །བཅོམ་ལྡན་དཔལ་ཆེན་འཁོར་ལོ་བདེ་མཆོག་ལ། །ཉེར་བཞི་སོ་གཉིས་དཔའ་བོ་དཔའ་མོས་བསྐོར། །འདིར་གཤེགས་ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ། །དུར་ཁྲོད་བརྒྱད་དང་བསིལ་བའི་ཚལ་བཞུགས་པའི། །དཔལ་ལྡན་མགོན་པོ་ནག་པོ་ཕྱག་བཞི་པ། །མགོན་ཚོགས་ཆོས་སྐྱོང་ཕོ་རྒྱུད་ཚོགས་ཀྱིས་བསྐོར། །འདིར་གཤེགས་ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ། །ཡོངས་འདུས་མུ་ལེ་ཤིང་ལ་གནས་བཅས་པའི། །སྲུང་མ་དཔལ་ལྡན་ལྷ་མོ་དུད་སོལ་མ། །ལྷ་མོའི་རིགས་གྱུར་མ་རྒྱུད་སྲུང་མས་བསྐོར། །འདིར་གཤེགས་ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ། །མཁའ་སྤྱོད་ཙཱ་རི་ཏྲ་ཡི་སྲུང་མ་ཆེ། །ཞིང་སྐྱོང་ཆེན་པོ་གྷ་ཡ་དྷ་ར་ལ། །ཆོས་སྲུང་དམ་ཅན་གཏེར་སྲུང་རྒྱ་མཚོས་བསྐོར། །འདིར་གཤེགས་ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ། །ཡིད་འོང་ཚོགས་ཁང་འབར་བའི་གནས་མཆོག་འདིར། །ཉམས་རེ་དགའ་ཞིང་བག་རེ་དྲོ་བ་དང༌། །འདིར་ཚོགས་ཕོ་མོ་དཔའ་བོ་དཔའ་མོ་རུ། །བྱིན་གྱིས་རློབས་ཤིག་མཆོག་ཐུན་དངོས་གྲུབ་སྩོལ། །གྲུབ་ཐོབ་ལྷ་ཚོགས་སྤྲིན་ལྟར་ཐིབས་སེ་ཐིབ། །རྒྱུད་སྡེའི་ལྷ་ཚོགས་ཆར་ལྟར་ཉི་ལི་ལི། །ཆོས་སྐྱོང་ལྷ་ཚོགས་གློག་ལྟར་ཤ་ར་ར། །གསུང་གི་སྔགས་སྒྲ་འབྲུག་སྟོང་འུ་རུ་རུ། །འཇིག་རྟེན་འདས་དང་མ་འདས་སྲུང་མའི་ཚོགས། །འདིར་གཤེགས་ཚོགས་ལ་གཤེགས་ཤིང་མཆོག་ཐུན་སྩོལ། ཅེས་ཚོགས་ཕུད་རིམ་གསུམ་གྱིས་ཕུལ་ཞིང༌། བདུད་རྩིས་བྲན་ལ། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ ཕྱོགས་བཅུ་རབ་འབྱམས་བཞུགས་པའི་སངས་རྒྱས་དང༌། །བླ་མ་ཡི་དམ་དཔའ་བོ་མཁའ་འགྲོ་རྣམས། །ཆོས་སྐྱོང་དམ་ཅན་རྒྱ་མཚོ་མ་ལུས་ཀུན། །མདུན་གྱི་མཁའ་ཡངས་སྤྲིན་བཞིན་བཞུགས་པར་གྱུར། ན་མོ་རཏྣ་གུ་རུ་ཨི་དཾ་བ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་གསུམ། ཨོཾ་ཨཱཿཧཱུྃ། རྡོ་རྗེ་འཆང་ཆེན་པོ། ཏཻ་ལོ་ཤེས་རབ་བཟང་པོ། ནཱ་རོ་ཛྙཱ་ན་སིདྡྷི། མར་པ་ཆོས་ཀྱི་བློ་གྲོས། མི་ལ་བཞད་པ་རྡོ་རྗེ། དྭགས་པོ་ཟླ་འོད་གཞོན་ནུ། དཔལ་ལྡན་འབའ་རོམ་པ་ཆེན་པོ། འགྲོ་བའི་མགོན་པོ་ཏི་ཤྲཱི་རས་པ། གསང་བ་རས་པ་དཀར་པོ། གསང་བ་ལུས་མེད་རྡོ་རྗེ། བླ་མ་བྱང་ཆུབ་གཞོན་ནུ། རས་པ་བློ་གྲོས་རྡོ་རྗེ༌། ལྷ་རས་པ་བརྩོན་གྲུས་དཔལ་བ། འཇམ་དབྱངས་ཀེ་རུ་གིརྟི། མཚན་ལྡན་པུཎྱེ་བྷ་དྲ། རཏྣ་བྷ་དྲ། པུཎྱེ་ཤྭ་ར། དྷརྨ་རསྨི། ཨ་ནན་གྷརྦྷ། ཨ་ནན་ས་མུ་དྲ། ཤཱ་ས་དྷ་ར་བྷ་དྲ། ཀརྨ་ཛྙཱ་ན། དོན་དམ་སྙིང་པོ། ཨཱ་ཡུ་ཏིཥྛ། ཤངྑ་རས་པ། རཏྣ་ལཀྵི། དྷརྨ་དྷ་ར། ཨཱ་ཡུ་མཱ་ར་དཱ་མ། ག་ཎ་རསྨི། ཤྲཱི་བྷ་དྲ། དྷརྨེ་སེངྷ། ཀརྨ་མངྒ་ལ། ཀརྨ་མ་ཏི། མ་ཏི་རཏྣ། དྲིན་ཆེན་རྩ་བ་དང་བརྒྱུད་པར་བཅས་པའི་བཀའ་བརྒྱུད་བླ་མ་རིག་འཛིན་གྲུབ་ཐོབ་རྒྱ་མཚོའི་ཞལ་དུ་སརྦ་པཉྩ་ཨི་དཾ་བ་ལིངྟ་ཁཱ་རཾ་ཁཱ་ཧི། ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཚེ་གཅིག་ལ་རྫོགས་པར་མཛད་དུ་གསོལ། ཨོཾ་ཧྲཱིཿཧ་ཧ་ཧུྃ་ཧཱུྃ་ཕཊ྄། སརྦ་པཉྩ་ཨི་དཾ་བ་ལིངྟ་ཁཱ་རཾ་ཁཱ་ཧི། ཨོཾ་བཛྲ་བཱཻ་རོ་ཙ་ནཱི་ཡེ་ཧུྃ་ཧཱུྃ་ཕཊ྄། སརྦ་པཉྩ་ཨི་དཾ་བ་ལིངྟ་ཁཱ་རྃ་ཁཱ་ཧི། ཨོཾ་ཌཱ་ཀི་ནཱི་ཡེ་ཧུྃ་ཧཱུྃ་ཕཊ྄། ཨོཾ་ལཱ་མེ་ཡེ་ཧུྃ་ཧཱུྃ་ཕཊ྄། ཨོཾ་ཁཎྜ་རོ་ཧེ་ཧུྃ་ཧཱུྃ་ཕཊ྄། ཨོཾ་རཱུ་པི་ནཱི་ཡེ་ཧུྃ་ཧཱུྃ་ཕཊ྄། སརྦ་པཉྩ་ཨི་དཾ་བ་ལིངྟ་ཁཱ་རཾ་ཁཱ་ཧི། ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཚེ་གཅིག་ལུས་གཅིག་ལ་རྫོགས་ནས་འཇའ་ལུས་མཁའ་སྤྱོད་དུ་བགྲོད་ནུས་པར་མཛད་དུ་གསོལ། ཨོཾ་མ་ཧཱ་ཀཱ་ལ་ཛྙཱ་ན་ནཱ་ཐ་དེ་ཝི་ཀཱ་ལི་སརྦ་པཉྩ་ཨི་དཾ་བ་ལིངྟ་ཁཱ་རཾ་ཁཱ་ཧི། དཔལ་ཡེ་ཤེས་གྱི་མགོན་པོ་དུད་སོལ་ལྷ་མོ་ཆོས་སྐྱོང་དམ་ཅན་རྒྱ་མཚོ་རྣམས་ཀྱི་ཞལ་དུ་འབུལ་ལོ། ལས་བཞིའི་ཕྲིན་ལས་མངོན་དུ་རྫོགས་ནས་ཆོས་བསྒྲུབ་པའི་འགལ་རྐྱེན་བར་ཆད་ཐམས་ཅད་ཞི་བར་མཛད་དུ་གསོལ། དུར་ཁྲོད་ཕྱོགས་སྐྱོང་སོགས་ལ་བསྔོ་བ་ནི། ཨོཾ་ཁ་ཁ་ཁཱ་ཧི་ཁཱ་ཧི་སརྦ་ཡཀྵ་སོགས་བརྗོད། ཕཊ྄་ཕཊ྄་སྭཱ་ཧཱ། ལན་གསུམ་གྱིས་ཕུལ། དུར་ཁྲོད་ཕྱོགས་སྐྱོང་ཞིང་སྐྱོང་ལ། །མཆོད་གཏོར་བདུད་རྩི་འདི་ཕུལ་བས། །རྣལ་འབྱོར་འཁོར་བཅས་བསམ་དོན་སྒྲུབས། །ལས་རྣམས་ཐོགས་མེད་མྱུར་སྒྲུབས་ཤིག གཏོར་བསྔོས་གསོལ་ཁ་སྤྲོ་ན། བསྐང་བ་ནི། ཧཱུྃ། སྣང་བ་ཆོས་སྐུའི་གཞལ་ཡས་ནས། །རྩ་བའི་བླ་མ་གཤེགས་སུ་གསོལ། །སྐུ་དང་ཡེ་ཤེས་གཞལ་ཡས་ནས། །ཡི་དམ་ལྷ་ཚོགས་གཤེགས་སུ་གསོལ། །དག་པ་འཕྲུལ་གྱི་གཞལ་ཡས་ནས། །མ་དང་མཁའ་འགྲོ་གཤེགས་སུ་གསོལ། །བླ་མ་ཡི་དམ་མཁའ་འགྲོའི་ཚོགས། །མ་ལུས་འཁོར་བཅས་གཤེགས་སུ་གསོལ། །བླ་མ་ཡི་དམ་མཁའ་འགྲོ་ཡིས། །བདག་ལ་བྱིན་གྱིས་བརླབ་ཏུ་གསོལ། ཧཱུྃ། བསྐང་ངོ་བསྐལ་པས་ཐུགས་དམ་བསྐང༌། །ཐུགས་དམ་བསྐང་བའི་དམ་རྫས་ནི། །ཕྱི་ཡི་མཆོད་པ་སྣ་ཚོགས་དང༌། །ནང་གི་མཆོད་པ་རྒྱ་ཆེན་དང༌། །གསང་བའི་མཆོད་པ་དམ་པ་དང༌། །ཡང་དག་དོན་གྱི་མཆོད་པ་ཡིས། །བླ་མ་ཡི་དམ་མཁའ་འགྲོའི་ཚོགས། །མ་ལུས་འཁོར་བཅས་ཐུགས་དམ་བསྐང༌། །དངོས་པོ་ཆོས་ཉིད་ཀློང་དུ་བསྐང༌། །སྣང་བ་ཡེ་ཤེས་ཀློང་དུ་བསྐང༌། །གསལ་བ་ཤེས་རབ་ཀློང་དུ་བསྐང༌། །སྡུག་བསྔལ་ཆོས་ཉིད་ཀློང་དུ་བསྐང༌། །སྐྱེ་བ་མེད་པའི་མཁའ་རུ་བསྐང༌། །འགག་པ་མེད་པའི་དབྱིངས་སུ་བསྐང༌། སྐྱེ་འགག་གཉིས་མེད་ཀློང་དུ་བསྐང༌། །ཉམས་ཆགས་ཐམས་ཅད་བསྐང་གྱུར་ཅིག །བསྐང་གྱུར་དབང་དང་དངོས་གྲུབ་སྩོལ། ཨོཾ་ཨཱཿཧཱུྃ། བཀའ་བརྒྱུད་བླ་མ་རྣམས་ཀྱི་ཐུགས་དམ་བསྐང༌། །ཡི་དམ་ལྷ་ཚོགས་རྣམས་ཀྱི་ཐུགས་དམ་བསྐང༌། །དཔའ་བོ་མཁའ་འགྲོ་རྣམས་ཀྱི་ཐུགས་དམ་བསྐང༌། །ཆོས་སྐྱོང་སྲུང་མ་རྣམས་ཀྱི་ཐུགས་དམ་བསྐང༌། །ནོར་ལྷ་གཏེར་བདག་རྣམས་ཀྱི་ཐུགས་དམ་བསྐང༌། །ཕྱོགས་སྐྱོང་སྡེ་བརྒྱད་རྣམས་ཀྱི་ཐུགས་དམ་བསྐང༌། །ཡུལ་ལྷ་གཞི་བདག་རྣམས་ཀྱི་ཐུགས་དམ་བསྐང༌། །ཐུགས་དམ་བསྐང་ལ་ཚང་པའི་དངོས་གྲུབ་སྩོལ། ཧཱུྃ། ཕྱག་རྒྱ་ཆེན་པོའི་གཞལ་ཡས་ནས། །བཀའ་བརྒྱུད་བླ་མ་འཁོར་བཅས་རྣམས། །ཚོགས་དང་གཏོར་མས་ཐུགས་དམ་བསྐང༌། །ཐུགས་དམ་བསྐང་ལ་ཚང་པའི་དངོས་གྲུབ་སྩོལ། ཧཱུྃ། གསང་བའི་དུར་ཁྲོད་གནས་བརྒྱད་ནས། །གྲུབ་ཐོབ་ཕོ་མོ་འཁོར་བཅས་རྣམས། །ཚོགས་དང་གཏོར་མས་ཐུགས་དམ་བསྐང༌། །ཐུགས་དམ་བསྐང་ལ་ཚང་པའི་དངོས་གྲུབ་སྩོལ། ཧཱུྃ། ཆོས་དབྱིངས་བདེ་བ་ཆེན་པོ་ནས། འཁོར་ལོ་བདེ་མཆོག་འཁོར་བཅས་རྣམས། །ཚོགས་དང་གཏོར་མས་ཐུགས་དམ་བསྐང༌། །ཐུགས་དམ་བསྐང་ལ་ཚང་པའི་དངོས་གྲུབ་སྩོལ། ཧཱུྃ། ཨོ་རྒྱན་རང་བྱུང་དུར་ཁྲོད་ནས། །གསང་བ་ཡེ་ཤེས་འཁོར་བཅས་རྣམས། །ཚོགས་དང་གཏོར་མས་ཐུགས་དམ་བསྐང༌། །ཐུགས་དམ་བསྐང་ལ་ཚང་པའི་དངོས་གྲུབ་སྩོལ། ཧཱུྃ། ཤར་ཕྱོགས་གསང་བའི་དུར་ཁྲོད་ནས། །མཁའ་འགྲོ་ཆེན་མོ་འཁོར་བཅས་རྣམས། །ཚོགས་དང་གཏོར་མས་ཐུགས་དམ་བསྐང༌། །ཐུགས་དམ་བསྐང་ལ་ཚང་པའི་དངོས་གྲུབ་སྩོལ། ཧཱུྃ། བྱང་ཕྱོགས་གསང་བའི་དུར་ཁྲོད་ནས། །ལཱ་མ་མཁའ་འགྲོ་འཁོར་བཅས་རྣམས། །ཚོགས་དང་གཏོར་མས་ཐུགས་དམ་བསྐང༌། །ཐུགས་དམ་བསྐང་ལ་ཚང་པའི་དངོས་གྲུབ་སྩོལ། ཧཱུྃ། ནུབ་ཕྱོགས་གསང་བའི་དུར་ཁྲོད་ནས། །ཁཎྜ་རོ་ཧེ་འཁོར་བཅས་རྣམས། །ཚོགས་དང་གཏོར་མས་ཐུགས་དམ་བསྐང༌། །ཐུགས་དམ་བསྐང་ལ་ཚང་པའི་དངོས་གྲུབ་སྩོལ། ཧཱུྃ། ལྷོ་ཕྱོགས་གསང་བའི་དུར་ཁྲོད་ནས། །གཟུགས་ཅན་མཁའ་འགྲོ་འཁོར་བཅས་རྣམས། །ཚོགས་དང་གཏོར་མས་ཐུགས་དམ་བསྐང༌། །ཐུགས་དམ་བསྐང་ལ་ཚང་པའི་དངོས་གྲུབ་སྩོལ། ཧཱུྃ། གནས་མཆོག་ཉི་ཤུ་རྩ་བཞི་ནས། །དཔའ་བོ་མཁའ་འགྲོ་འཁོར་བཅས་རྣམས། །ཚོགས་དང་གཏོར་མས་ཐུགས་དམ་བསྐང༌། །ཐུགས་དམ་བསྐང་ལ་ཚང་པའི་དངོས་གྲུབ་སྩོལ། ཧཱུྃ། འཇིག་རྟེན་སྣ་ཚོགས་དུར་ཁྲོད་ནས། །སྣ་ཚོགས་མཁའ་འགྲོ་འཁོར་བཅས་རྣམས། །ཚོགས་དང་གཏོར་མས་ཐུགས་དམ་བསྐང༌། །ཐུགས་དམ་བསྐང་ལ་ཚང་པའི་དངོས་གྲུབ་སྩོལ། ཧཱུྃ། བདུད་འདུལ་ཆེན་པོའི་ཕོ་བྲང་ནས། །ཡེ་ཤེས་ཆོས་སྐྱོང་འཁོར་བཅས་རྣམས། །ཚོགས་དང་གཏོར་མས་ཐུགས་དམ་བསྐང༌། །ཐུགས་དམ་བསྐང་ལ་ཚང་པའི་དངོས་གྲུབ་སྩོལ། ཧཱུྃ། དཔལ་ཆེན་འཁོར་བཅས་སྤྱན་སྔ་རུ། །ནོངས་པ་མཆིས་ཚད་བཤགས་པར་བགྱི། །འདི་ནི་བདག་ཅག་འཁོར་བཅས་ཀྱི། །ལས་ཉོན་དབང་གྱུར་མི་ཤེས་དང༌། །མ་གུས་པ་དང་བག་མེད་པས། །ཁ་ན་མ་ཐོ་བགྱིས་པ་དང༌། །དམ་ཚིག་མི་ལྡན་མ་དག་དང༌། །ཚོགས་འདྲེས་སྤྱོད་ཡུལ་གཅིག་ཏུ་གྱུར། །བསྙེན་པ་བསྒྲུབ་ལ་མ་བརྩོན་དང༌། །སྲུང་མ་ཁྱད་པར་ཅན་རྣམས་ལ། །དུས་སུ་མ་མཆོད་མ་གསོལ་ཞིང༌། །ལོ་དམ་ལོ་ལས་འདས་པ་དང༌། །ཟླ་དམ་ལས་འདས་ཞག་དང་ཆགས། །བསྒྲུབ་པའི་གཞུང་ཉམས་བཟླས་བརྗོད་ཉུང༌། །མི་དགེ་བཅུ་ཡི་དབང་གིས་ནི། །ངན་སོང་སྐྱེ་བའི་ལས་བསགས་པ། །ལྷ་མ་གསལ་ཞིང་སྔགས་མ་དག །བསྐྱེད་རིམ་འཕྲོ་འདུ་མ་གསལ་ཞིང༌། །ཁས་བླངས་ཐོག་ཏུ་མ་ཁེལ་བ། །ཐུགས་དང་འགལ་བ་ཐམས་ཅད་ནི། །སྤྲོས་མེད་རྣམ་པར་མི་རྟོགས་པའི། །ངང་ལ་ཐུགས་རྗེའི་མཐུ་སྟོབས་ཅན། །དབང་ཕྱུག་ཁྱེད་རྣམས་སྤྱན་སྔ་རུ། །མཐོལ་ལོ་བཤགས་སོ་བཟོད་པར་གསོལ། ཨོཾ་བཛྲ་སཏྭ་ས་མ་ཡ་སོགས་ཡིག་བརྒྱ་བརྗོད། ལས་རྡོར་གྱིས་ཚོགས་རྫས་འགྱེད། ཧོ་རང་ལུས་ལྷ་སྐུ་འཁོར་ལོ་རྩ་ཀུན་རྣམས། །དཔའ་བོ་དཔའ་མོ་ཡབ་ཡུམ་གཉིས་མེད་གསལ། །ཚོགས་མཆོད་བདུད་རྩི་ཐབས་ཤེས་ལག་པས་མཆོད། །དཀྱིལ་འཁོར་ལྷ་ཚོགས་རབ་ཏུ་མཉེས་གྱུར་ཅིག །ཨ་ལ་ལ་ཧོཿ བདེ་བར་གཤེགས་པ་ཆོས་ཀྱི་སྐུ། །འདོད་ཆགས་དྲི་མ་དང་བྲལ་བ། །གཟུང་དང་འཛིན་པ་རྣམ་པར་སྤངས། །དེ་བཞིན་ཉིད་ལ་བདག་ཕྱག་འཚལ། །ཨ་ལ་ལ་ཧོཿ ཨོཾ་ཨ་གྲ་པནྡྲ་ཨཀྴེ་བྷྱཿསྭཱ་ཧཱ། ཚོགས་ལ་རོལ། ལྷག་མ་བཤམས། ཨ་ཀཱ་རོ་སོགས་བརྗོད། ཕུད་དང་ལྷག་མའི་གཏོར་མ་རྒྱ་ཆེ་ལ་ཟད་མི་ཤེས་པར་གྱུར། བྷྱོ། དུར་ཁྲོད་བརྒྱད་དང་ཉེར་བཞིའི་གནས། །རྒྱུག་མཛད་མཁའ་འགྲོ་རིགས་བཞི་གིང༌། །མཁའ་འགྲོ་ཤུགས་འགྲོ་མ་སྲིང་ཚོགས། །ལྷག་མའི་གཏོར་མ་འདི་བཞེས་ལ། །སྒྲུབ་པའི་སྡོང་གྲོགས་སྡང་དགྲ་སྒྲོལ། །ཉམས་རྟོགས་སྤེལ་ལ་དངོས་གྲུབ་སྩོལ། །ལས་བཞིའི་ཕྲིན་ལས་མྱུར་དུ་སྒྲུབས། ཨུཥཙི་ཊ་བ་ལིངྟ་ཁཱ་ཧི། ལྷག་མ་ཕྱིར་འབུལ། མཆོད་བསྟོད། ཨོཾ་གུ་རུ་སརྦ་ཏ་ཐཱ་ག་ཏ་ཤྲཱི་ཙཀྲ་སམྦྷ་ར་སརྦ་བཱི་ར་ཡོ་གི་ནཱི་བཛྲ་ཨརྒྷཾ་སོགས་ཤབྡའི་བར་བརྗོད། གང་གི་དྲིན་གྱིས་བདེ་ཆེན་ཉིད། སོགས། འཇིགས་མཛད་དཔའ་བོ་བསྐལ་པའི་མེ་ལྟར་འབར། །སྐུ་མདོག་སྔོན་པོ་ནམ་མཁའ་དྭངས་བའི་མདོག །ལྷན་སྐྱེས་དགའ་བའི་རང་བཞིན་བཅོམ་ལྡན་འདས། །བདེ་མཆོག་འཁོར་ལོ་སྡོམ་ལ་ཕྱག་འཚལ་བསྟོད། །སྲིན་པོའི་གཟུགས་ཀྱིས་གདུག་པ་ཅན། །ཚར་གཅོད་བྱང་ཆུབ་སེམས་དཔའ་སྟེ། །གྲོང་ཁྱེར་སུམ་བརྩེགས་འཇིགས་བྱེད་པ། །གཏུམ་པོ་ཁྱོད་ལ་བདག་བསྟོད་དོ། །སྔོན་ཚེ་དཔག་བསམ་བྱང་ཆུབ་ཤིང་གི་དྲུང༌། །རྒྱལ་བ་ཐུབ་པ་ཆེན་པོའི་སྤྱན་སྔ་རུ། །སངས་རྒྱས་བསྟན་པ་སྲུང་བར་ཞལ་བཞེས་པའི། །ཁྲག་འཐུང་དུད་སོལ་སྐུ་ལ་ཕྱག་འཚལ་བསྟོད། །བསྟོད་པར་འོས་པ་སོགས། མ་འབྱོར་པ་སོགས། དེ་ཀུན་མགོན་པོའི་བཟོད་པར་གསོལ། །ཨོཾ་བཛྲ་སཏྭ་ས་མ་ཡ་སོགས་བརྗོད། །བསྡུ་རིམ་ནི། ཐུགས་ཀའི་ཧཱུྃ་ལས་འོད་འཕྲོས་སྣོད་བཅུད་ཞུ། །ཡུམ་ཡང་ཡབ་ལ་ཐིམ་ནས་ཧཱུྃ་ལ་བསྡུ། །དམིགས་མེད་ཀུན་བཟང་ཀློང་དུ་མཉམ་པར་བཞག །སླར་ཡང་ཟུང་འཇུག་སྐུ་རུ་ཀྲོང་གིས་བཞེངས། ཟུང་འཇུག་སླར་ལྡང༌། བསྔོ་བ་ནི། དགེ་བ་འདི་ཡིས་མྱུར་དུ་བདག །འཁོར་ལོ་བདེ་མཆོག་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འགོད་པར་ཤོག །བཀྲ་ཤིས་ནི། ལྷ་མོ་ཚད་མ་དམ་ཚིག་ཚད་མ་དང༌། །དེས་གསུང་ཚིག་ཀྱང་ཚད་མའི་མཆོག་ཡིན་པས། །བདེན་པ་དེས་ནི་ལྷ་མོ་དེ་དག་རྣམས། །བདག་ལ་རྗེས་སུ་འཛིན་པའི་རྒྱུར་གྱུར་ཅིག །སྲིད་གསུམ་འབར་བའི་སྐུ་ནི་རྗེས་ཆགས་དུལ་བར་ལྡན། །འོད་ཟེར་སྔོན་པོ་སྟོང་ལྡན་ཉི་མ་བརྒྱ་སྟོང་ལྡན། །རྣམ་མང་སྐུ་དང་ཆ་ལུགས་རྗེས་ཆགས་དུལ་བར་ལྡན། །ཧེ་རུ་ཀ་དཔལ་དེ་དང་ལྷན་ཅིག་གར་བྱེད་ཤོག །བཀྲ་ཤིས་གང་ཞིག་ཆོས་ཀྱི་དབྱིངས་ལས་ལེགས་འབྱུང་བ། །ཧེ་རུ་ཀ་དཔལ་འཇིགས་བྱེད་རྒྱལ་པོ་འབར་བའི་སྐུ། །ཤེས་རབ་ཕག་མོའི་པདྨོར་རྡོ་རྗེ་རོལ་མཛད་པ། །བདེན་པ་དེས་ཀྱང་བདེ་ཆེན་ལ་གནས་བཀྲ་ཤིས་ཤོག །དཀྱིལ་འཁོར་གཞལ་ཡས་འདིར་ཡང་བཀྲ་ཤིས་ཤིང༌། །ཉིན་ཡང་བཀྲ་ཤིས་དཔལ་འབར་ཏ་ལ་ལ། །མཚན་ཡང་བཀྲ་ཤིས་དཔལ་འབར་ཀྱི་ལི་ལི༌། །ཉིན་མཚན་རྟག་ཏུ་བཀྲ་ཤིས་བདེ་ལེགས་ཤོག །རོལ་མོ་བྱ། མཆོད་ཡུལ་དུ་སྤྱན་དྲངས་པའི་བླ་མ་ཡི་དམ་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས་དང་བཅས་པ་ཐམས་ཅད་མཆོད་པའི་གནས་ཁང་འདི་ཉིད་ལ་བརྟན་པར་བཞུགས་སུ་གསོལ། །བདག་དང་འགྲོ་ལ་ཐུགས་བརྩེའི་ཕྱིར། །ཉིད་ཀྱི་རྫུ་འཕྲུལ་མཐུ་ཡིས་ནི། །ཇི་སྲིད་མཆོད་པ་བདག་བགྱིད་པ། །དེ་སྲིད་བཅོམ་ལྡན་བཞུགས་སུ་གསོལ། ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ། གཤེགས་གསོལ་རྟེན་བཞུགས་གང་དགོས་བྱ། མཆོད་སྦྱིན་གནས་འདིར་གང་ལྷགས་པ། །འབྱུང་པོ་ས་འོག་རྒྱུ་བ་དང༌། །གང་ཡང་ས་སྟེང་འགོད་པ་རྣམས། །ས་བླར་རྒྱུ་བ་གང་ཡིན་པ། །མགུ་བར་གྱིས་ལ་རང་གནས་སུ། །ཐམས་ཅད་ཐ་དད་འགྲོ་བར་གྱིས། སརྦ་བྷུ་ཏ་གཙྪ། །དཀོན་མཆོག་རིན་ཆེན་གསུམ་ལ་ཕྱག་འཚལ་ལོ། །དགེ་བ་འདི་ཡི་སོགས་བསྔོ་སྨོན་རྒྱས་པར་བྱའོ། །ཞེས་པའི་འབའ་རོམ་བླ་མ་ཡི་དམ་ཆོས་སྐྱོང་རྣམས་ལ་ཚོགས་མཆོད་འབུལ་བ་འདིའང༌། བྱང་འདྲེན་ཤྲཱི་ནན་ཏས་ལྷ་རྫས་བརྒྱུད་ནས་ཡང་ཡང་བསྐུལ་བ་ལ་བརྟེན་ནས། བདག་གི་བློ་སེམས་ལ་ལྷུག་པར་ཅི་ཤར་ངང་ནས་རང་ལོ་ཉེར་བརྒྱད་སྐབས་ཆུ་གླང་ལོ་ཧོར་ཟླ་གསུམ་པ་ནག་ཟླ་ལུག་གི་ཁྱིམ་དམར་ཕྱོགས་བདེ་མཆོག་ཉ་ལ་སྐྱོ་བྲག་དུང་སྤྲུལ་ཤྲཱི་བྷ་དྲས་ལྷ་གནས་སྤྱི་འབྱམས་དར་རྒྱས་གླིང་གི་དབེན་ཁང་ནས་བྲིས་པ་ལ་ནོངས་པ་མཆིས་གྱུར་བླ་མ་ཡི་དམ་མཁའ་འགྲོའི་ཚོགས་ལ་བཤགས་ཤིང་དགེ་བས་བདག་སོགས་འགྲོ་ཀུན་ཟུང་འཇུག་རྡོ་རྗེ་འཆང་གི་གོ་འཕང་ཐོབ་པའི་རྒྱུར་གྱུར་ཅིག །སརྦ་མངྒ་ལཾ། དགེའོ། ཐེང་དྲུག་ཞུས་སོ། །ཚེ་དོར་ཞུས། ཟི་ལིང་ནས།


previousའབའ་རོམ་པའི་བླ་མ་བརྒྱུད་པའི་མཆོད་འབུལ་བྱིན་རླབས་སྤྲིན་ཆེན་བདུད་རྩིའི་ཆར་ཆེན། no next