Nitartha Digital Library
Tibetan
ཏི་ཤྲི་རས་པའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
དགེ་སློང་ལྷ་རྗེ་ལ་གདམས་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousདགེ་སློང་ལྷ་རྗེ་ལ་གདམས་པ། next

དགེ་སློང་ལྷ་རྗེ་ལ་གདམས་པ།

བཀའ་བརྒྱུད་བླ་མ་རིན་ཆེན་ལ། །བདག་གིས་གུས་པས་ཕྱག་འཚལ་བསྟོད། །དོན་གསུམ་སྟོན་པའི་གདམས་ངག་ནི། །འགྲོ་ལ་ཕན་ཕྱིར་བྲི་བར་བྱ། །བདེ་གཤེགས་བཀའ་དང་བླ་མའི་གསུང༌། །ཆོས་ཟབ་མོ་གཅིག་ལ་ཉམས་རྟོགས་སྐྱེས། །དེ་རྣམས་འགྲོ་བའི་བསམ་པ་ཡི། །རྟེན་འབྲེལ་ཟབ་མོ་གནད་དུ་བསྣུན། །བཀའ་དང་བསྟན་བཅོས་མན་ངག་ནི། །ཆོས་སྤྱི་དང་རང་གི་མཚན་ཉིད་ལ། །དགག་དང་སྒྲུབ་པའི་ཆོས་རྣམས་ཀྱི། །ཚིག་དོན་ཞལ་ནས་སྙན་དུ་བརྒྱུད། །སྟོང་ཉིད་རྒྱུ་འབྲས་ལྷན་ཅིག་སྐྱེས། །དགག་སྒྲུབ་མེད་པ་གཉུག་མའི་ལམ། །རེ་དོགས་མེད་པ་འབྲས་བུ་ཡིན། །དོན་དེ་ཐུགས་ནས་ཐུགས་སུ་བརྒྱུད། །དྭགས་པོ་རིན་ཆེན་གསུང་སྒྲོས་ཏེ། །བླ་མ་རིན་ཆེན་འབའ་རོམ་པས། །ཚིག་དང་དོན་དུ་མ་ནོར་བར། །སྤོང་སྒྱུར་ཤེས་པ་གསུམ་དུ་གསུངས། །དེ་ལ་གཞི་སྤོང་ལམ་པ་ཡིས། །འཁོར་བའི་སྡུག་བསྔལ་མྱོང་བ་དེས། །ཉོན་མོངས་དུག་ལྔ་དུག་གསུམ་གྱི། །མི་དགེ་སྤྱད་པ་ཁོ་ནའི་འབྲས། །དེ་ལ་གཉེན་པོ་བསྟན་པ་ནི། །ཞེ་སྡང་གཉེན་པོ་བྱམས་པ་བསྒོམ། །གཏི་མུག་གཉེན་པོ་རྟེན་འབྲེལ་བསྒོམ། །འདོད་ཆགས་གཉེན་པོ་མི་སྡུག་བསྒོམ། །འདོད་ཡོན་ཆགས་པ་སྡུག་བསྔལ་རྒྱུ། །ཕྱེ་ལེབ་ཁྲི་སྙན་བུང་བ་དང༌། །ཉ་དང་གླང་ཆེན་ཇི་བཞིན་དུ། །འདོད་པ་རྣམས་ནི་ཕུང་ཁྲོལ་སྐྱེ། །སྤྱིར་ནི་ལོངས་སྤྱོད་མི་རྟག་ཅིང༌། །ནང་གཟུགས་དབྱེས་པས་མི་སྡུག་འགྱུར། །སྐྲ་དཀར་གཉེར་མ་མི་གཙང་རྫས། །རྣམ་པར་བམ་སོགས་ཀེང་རུས་བསྒོམ། །དེ་ཡི་ཉམས་སུ་བླང་བྱ་ནི། །སོ་སོར་ཐར་པ་གཞི་བྱས་ནས། །ཆོས་སྤྱོད་དགེ་བཅུ་ཉམས་སུ་ལེན། །དངོས་པོ་རྟག་པ་གང་ཟག་བདག །བདག་མེད་རྟོགས་ན་ལམ་གྱི་མཆོག །འབྲས་བུ་དགྲ་བཅོམ་ལ་སོགས་ཡིན། །ཉན་ཐོས་འགོག་པར་མ་གྱུར་ཅིང༌། །ཐབས་ཤེས་གཉིས་ཀྱིས་ཟིན་གྱུར་ཅིང༌། །ལམ་དེ་བསྒོམས་པར་བྱས་པ་ལས། །འབྲས་བུ་སངས་རྒྱས་སྐུ་གཉིས་ཡིན། །གཞི་ཡོངས་སུ་གྱུར་པའི་ལམ་གྱིས་ནི། །ཉོན་མོངས་དུག་ལྔ་དུག་གསུམ་སྟེ། ཡེ་ཤེས་ལྔ་དང་སྐུ་གསུང་ཐུགས། །གཞི་དེ་ཡོངས་སུ་བསྒྱུར་བར་འདོད། །ཕ་རོལ་ཕྱིན་པའི་ཐེག་པ་ནི། །སྤོང་བའི་ལམ་དུ་བཞེད་ན་ཡང༌། །དག་པའི་ས་ལ་རྣམ་ཤེས་བརྒྱད། །གནས་འགྱུར་ཡེ་ཤེས་ལྔ་རུ་འདོད། །དེ་ཕྱིར་མཚན་ཉིད་ཐེག་པ་ནི། །གནས་འགྱུར་ལམ་དུ་བཞེད་པ་ཡིན། །དེ་ཡང་གནས་ལུགས་བསྟན་པ་དང༌། །ལམ་དེ་ཉམས་སུ་བླང་བའོ། །སེམས་ཅན་འཁོར་བར་འཁྱམས་པ་དེ། །མ་རིག་ཉོན་མོངས་སྤྱོད་པ་ཡི། །ལས་ཀྱི་རྣམ་སྨིན་བསགས་པའི་ཕྱིར། །འཁོར་བའི་སྡུག་བསྔལ་མྱོང་བ་ཡིན། །དེ་ལས་ཐར་བར་འདོད་པ་ཡི། །རྟེན་གྱི་གང་ཟག་གང་ཡིན་པས། །དེ་ཡི་གཞི་དེ་བསྒྱུར་བ་ཡི། །ལམ་དེ་ཉམས་སུ་བླང་བར་བྱས། །དེ་ཡིས་བྱང་ཆུབ་མཆོག་སེམས་བསྐྱེད། །ཀུན་རྫོབ་དོན་དམ་གཞིར་བཞག་ནས། །ཚུལ་ཁྲིམས་རྣམ་གསུམ་ཉམས་བླངས་ཤིང༌། །བྱང་ཆུབ་སེམས་ཀྱི་གསེར་འགྱུར་རྩི། །ཉོན་མོངས་ཡེ་ཤེས་ལྔ་རུ་བསྒྱུར། །རྩ་བ་མ་རིག་དག་པ་ཡི། །ཀུན་གཞི་གནས་གྱུར་རྣམ་དག་སྐུ། །རྣམ་རྟོག་གནས་གྱུར་སྐུ་བཞི་ཡིན། །ད་ནི་གསུམ་པ་གཞི་ཤེས་ལམ། །ཉན་ཐོས་གཞི་ཤེས་མ་ཡིན་ཏེ། །ལུས་ངག་ཡིད་གསུམ་ཉོན་མོངས་ལྔ། །གཞི་དེ་ཤེས་པར་བྱ་བ་ནི། །ལྷ་དང་སྔགས་དང་ཆོས་ཀྱི་སྐུ། །ཡེ་ཤེས་ལྔ་རུ་གཞི་ལ་དྲུག །དེ་བས་ལྷ་རུ་གནས་པ་ནི། །བར་དོ་སྒྱུ་ལུས་རྣམ་ཤེས་བརྒྱད། །མ་ཡི་མངལ་དུ་འཇུག་དུས་སུ། །ཕ་མ་སྙོམ་འཇུག་སྦྱོར་བ་ལས། །གནས་སྐབས་ལྔ་རུ་གསུངས་པ་ལས། །འབྱུང་བ་ལྔ་དང་ཕུང་པོ་ལྔ། །དེ་དག་ལྷ་རུ་གྲུབ་ཚུལ་ནི། །ཕ་མ་མཁའ་གསང་མཉམ་སྦྱོར་ཚེ། །རྣམ་ཤེས་བར་དུ་འཇུག་པ་ཡིན། །བྱང་སེམས་དཀར་དམར་རླུང་གིས་གཡོ། །དེ་ནི་གཡོ་བ་རླུང་གི་ཁམས། །དམ་ཚིག་སྒྲོལ་མ་དོན་ཡོད་གྲུབ། །དེ་ཡང་བསྲུབ་པའི་སྦྱོར་བ་ཡིས། །ཐིག་ལེ་གཤེར་བ་ཆུ་ཡི་ཁམས། །མཱ་མ་ཀི་དང་མི་བསྐྱོད་པ། །དེ་ཡང་བསྲུབ་པའི་སྦྱོར་བ་ཡིས། །ཐིག་ལེ་སྲ་བ་ས་ཡི་ཁམས། །སངས་རྒྱས་སྤྱན་དང་རིན་ཆེན་འབྱུང༌། །དེ་ཡང་བསྲུབ་པའི་སྦྱོར་བ་ཡིས། །ཐིག་ལེ་སྟོང་པ་ནམ་མཁའི་ཁམས། །ནམ་མཁའི་དབྱིངས་དང་རྣམ་སྣང་མཛད། །དེ་དག་གནས་སྐབས་རྣམ་ལྔ་ལ། །མེར་མེར་པོ་ལ་སོགས་པ་ལྔ། །ཕུང་པོ་ལྔ་ནི་ལྷ་རུ་བཞེད། །རྣམ་ཤེས་ཕུང་པོ་མི་བསྐྱོད་པ། །ཚོར་བའི་ཕུང་པོ་རིན་ཆེན་འབྱུང༌། །འདུ་ཤེས་ཕུང་པོ་འོད་དཔག་མེད། །འདུ་བྱེད་ཕུང་པོ་དོན་ཡོད་གྲུབ། །གཟུགས་ཀྱི་ཕུང་པོ་རྣམ་སྣང་མཛད། །དེ་ལྔ་བྱང་ཆུབ་རྣམ་ལྔ་སྟེ། །དེ་ཡང་རྣམ་ཤེས་མི་བསྐྱོད་པ། །ཆོས་ཉིད་སྟོང་པའི་བྱང་ཆུབ་ཡིན། །ཚོར་བ་མ་ནི་རིན་ཆེན་འབྱུང༌། །གདན་ནི་ཉི་ཟླ་བྱང་ཆུབ་ཡིན། །འདུ་ཤེས་སྣང་བ་མཐའ་ཡས་ཏེ། །གསུང་ནི་ཡིག་འབྲུའི་བྱང་ཆུབ་ཡིན། །འདུ་བྱེད་དོན་ཡོད་གྲུབ་པ་སྟེ། །ཐུགས་ནི་ཕྱག་མཚན་བྱང་ཆུབ་ཡིན། །གཟུགས་ནི་རྣམ་པར་སྣང་མཛད་དེ། །སྐུ་ཡོངས་སུ་རྫོགས་པའི་བྱང་ཆུབ་ཡིན། །གཞི་ལ་རིགས་ལྔ་གནས་པ་སྟེ། །ལམ་དུ་རིག་པའི་དབང་ལྔ་ཡིས། །ཕུང་པོ་ལྔ་རུ་ངོ་སྤྲོད་ནས། །ལམ་དུ་ཡི་དམ་ལྷ་རུ་བསྒོམས། །དེའི་འབྲས་བུ་གཟུགས་སྐུ་སྟེ། །འགྲོ་བའི་དོན་དུ་འཆར་བ་ཡིན། །རྡོ་རྗེ་སློབ་དཔོན་དབང་བསྐུར་ནས། །ཕྲིན་ལས་ཐམས་ཅད་འགྲུབ་པ་དང༌། །རིགས་ལྔ་རོ་གཅིག་གྱུར་པ་སྟེ། །དེ་ནི་དྲུག་པ་རྡོ་རྗེ་འཆང༌། །ངག་སྔགས་གཞི་ལ་གནས་པ་ནི། །དང་པོ་ལུས་ནི་ལེན་དུས་སུ། །ཕ་མ་མཁའ་གསང་མཉམ་སྦྱོར་བས། །ཨེ་ཝྃ་མ་ཡ་གྲུབ་པ་ཡི། །ཕུན་སུམ་ཚོགས་པ་ལྔ་ཡིན་པས། །ཆོས་ཀྱི་སྒྲ་རྣམས་དེ་ལས་འབྱུང༌། །གསུང་ནི་ཡིག་འབྲུ་བྱང་ཆུབ་ཡིན། །ཐབས་ཤེས་ཡི་གེ་ཨེ་ཝྃ་གྲུབ། །ཨཱ་ལི་ཀཱ་ལིའི་སྡེ་ཚན་ལས། །གྲགས་པ་ཐམས་ཅད་སྔགས་སུ་འབྱུང༌། །སོ་སོ་ཡང་དག་རིག་ལ་སོགས། །ངག་གི་དབང་ཕྱུག་གྲུབ་པ་ཡིན། །རིགས་དྲུག་སོ་སོའི་སྐད་དུ་ནི། །གསུང་དབྱངས་དྲུག་ཅུ་འབྱུང་བ་ཡིན། །སེམས་ཉིད་གཞི་ཤེས་ཆོས་སྐུ་ནི། །རང་གི་སེམས་ལས་ལོགས་ན་མེད། །སེམས་མ་བཅོས་པ་ནི་ཆོས་ཀྱི་སྐུ། །བླ་མ་དམ་པའི་བཀའ་དྲིན་གྱིས། །རང་སེམས་རང་གིས་རྟོགས་པར་བྱ། །དེ་ལྟར་གསང་སྔགས་ཐེག་ཆེན་ལས། །སྐྱེ་འདིར་སངས་རྒྱས་མཆོག་ཉིད་དུ། །སེམས་བསྒོམས་པས་ན་སངས་རྒྱས་ཏེ། །རིན་ཆེན་སེམས་ལས་ཕྱིར་གྱུར་པའི། །སངས་རྒྱས་མེད་ཅིང་སེམས་ཅན་མེད། །ཅེས་གསུངས། རྗེ་བཙུན་ཏཻ་ལོ་པས། ཀྱཻ་ཧོ། འདི་ནི་རང་རིག་སྟེ། ངག་གི་སྤྱོད་ཡུལ་ལམ་ལས་འདས། །ཏཻ་ལོ་ང་ཡིས་ཅི་ཡང་བསྟན་པ་མེད། །རང་གིས་རང་ཉིད་མཚོན་ཏེ་ཤེས་པར་བྱོས། །གསུངས་པས་རང་རིག་ཉིད་ལ་དྲིས། །དེ་ཕྱིར་རང་གི་སེམས་ཉིད་འདི། །སངས་རྒྱས་ཐུགས་དང་ཁྱད་མེད་པས། །རང་གིས་རྟོགས་ཤིང་ཉམས་སུ་བླངས། །དེ་ཡི་ཉམས་སུ་བླངས་ལུགས་ནི། །ལྟ་སྒོམ་སྤྱོད་པ་འབྲས་བུ་སྟེ། །འདི་ཉིད་ཉམས་སུ་བླང་བར་བྱ། །སྐྱེ་བ་མེད་པའི་རིག་པ་འདི། །འགགས་པ་མེད་པ་ལམ་གྱི་མཆོག །གནས་པ་མེད་པ་ཤེས་རབ་སྟེ། །དགོས་པ་མེད་པའི་འབྲས་བུའོ། །དེ་བཞིན་ལྟ་སྒོམ་སྤྱོད་འབྲས་ཡིན། །ཚུལ་བཞིན་ཉམས་སུ་བླངས་གྱུར་ནས། །འབྲས་བུ་མངོན་དུ་གྱུར་ནས་མཆིའོ། །བླ་མའི་ཞལ་གདམས་ཟབ་མོ་རྣམས། །ཡི་གེར་བྲིས་པར་གྱུར་པ་ལས། །བླ་མ་ཡི་དམ་མཁའ་འགྲོའི་ཚོགས། །མི་མཉེས་གྱུར་པ་བཟོད་པར་གསོལ། །བསྟན་པའི་སྲོག་ཤིང་རྒྱལ་བའི་བཀའ། །གསང་སྔགས་ཟབ་མོ་མཁའ་འགྲོའི་གནད། །བླ་མ་རིན་ཆེན་ཐུགས་ཀྱི་བཅུད། །གཞི་སྤོང་སྒྱུར་དང་ཤེས་པ་ཡི། །ཆོས་འདི་ཡི་གེར་བཀོད་པ་ཡིས། །སངས་རྒྱས་བསྟན་པ་དར་བ་དང༌། །བླ་མའི་ཐུགས་དགོངས་སྐོང་གྱུར་ཏེ། །སེམས་ཅན་རྣམས་ལ་ཕན་པར་ཤོག །སྤྱིར་ཡུལ་ལ་མཚན་དུ་གསོལ་བ་ནི། །རྩིའི་ཀླུ་མཁར་ཀོ་མཛོ་དགོན། །བླ་མ་རིན་ཆེན་བཞུགས་པའི་གནས། །ཐེག་པ་གསུམ་གྱི་སྙིང་པོའི་དོན། །དགེ་སློང་ལྷ་རྗེས་ཞུས་པ་སྟེ། །ཏི་ཤྲི་རས་པས་ཡི་གེར་བཀོད་པ་རྫོགས་སོ།། །།


previousདགེ་སློང་ལྷ་རྗེ་ལ་གདམས་པ། next