Nitartha Digital Library
Tibetan
ཏི་ཤྲི་རས་པའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  expand section
   
   
   
   
   
   
   
   
   
   
   
   
   
   
   
   
   
བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཆེན་མོ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousབྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཆེན་མོ། next

བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཆེན་མོ།

རྟོག་མེད་ཕྱོགས་བྲལ་ཆོས་དབྱིངས་ཆོས་ཀྱི་ཕོ་བྲང་ན། །འདས་དང་མ་བྱོན་ད་ལྟའི་རྒྱལ་བ་སྲས་དང་བཅས། །ངོ་བོ་གཅིག་གྱུར་དངོས་དང་བརྒྱུད་པའི་བླ་མ་ལ། །གུས་པས་བསྟོད་ཅིང་དང་བའི་ཡིད་ཀྱིས་སྐྱབས་སུ་མཆི། །ཐུབ་པའི་ཡོན་ཏན་མ་ལུས་རྫོགས་བྱེད་ཅིང༌། །ཉོན་མོངས་པ་དང་འཁོར་བའི་སྡུག་བསྔལ་ཞི་མཛད་པའི། །ཟག་མེད་བདུད་རྩི་བྱང་ཆུབ་སེམས་མཆོག་རིན་པོ་ཆེ། །འགྲོ་བའི་དོན་དུ་སེམས་བསྐྱེད་ཆོ་ག་གསལ་བར་འབྲི། །དགེ་བའི་བཤེས་གཉེན་སེམས་བསྐྱེད་པའི་མཚན་ཉིད་དང་ལྡན་པའི་དྲུང་དུ། སེམས་བསྐྱེད་པར་འདོད་པའི་རྟེན་གྱི་གང་ཟག་གིས། གནས་ཁང་བདེ་བར་ཕྱག་བདར་བྱ་ཞིང༌། དྲི་བཟང་གིས་ཆག་ཆག་གདབ། གདུགས་དང་གནམ་ཡོལ་དང་རྒྱབ་ཡོལ་བྲི། མཆོད་རྟེན་བྱང་ཆུབ་ཆེན་པོ་ལ་སོགས་པའི་རྟེན་བཀྲམ། བླ་མའི་གདན་མཐོན་པོ་བཤམས། རྫས་རིམ་པར་བཤམས་པའི་མཆོད་པ་བཟང་ལ་མང་བར་བཤམས། གཏོར་མ་བཟང་བ་གསུམ་བཤམས་ལ། ཡར་བླ་མ་དཀོན་མཆོག་དང་ཡི་དམ་གྱི་ལྷ་ལ་འབུལ། བར་མ་དེ་ཆོས་སྐྱོང་ལ་བསྔོས་ལ་ཕྲིན་ལས་བཅོལ། འོག་མ་གཞི་བདག་དང༌། གནོད་སྐྱེལ་དང༌། རིགས་དྲུག་སྤྱི་ལ་བསྔོས་ལ། ངེད་སེམས་བསྐྱེད་བྱེད་པ་ལ་ཡ་མ་ང་ཕྲག་མ་དོག བདག་ལ་གནོད་སྐྱེལ་བ་ཁྱེད་ཀྱི་དོན་དུ་སེམས་བསྐྱེད་པ་ཡིན་བྱས་ལ་བཀའ་བསྒོ་བྱའོ། །དེ་ནས་སྲུང་བའི་འཁོར་ལོ་བསྒོམ་པར་ཡང་བྱའོ། །སྲུང་བའི་འཁོར་ལོ་ཐམས་ཅད་ཀྱི་ནང་ནས་མཆོག་ཏུ་གྱུར་པ་བྱང་ཆུབ་སེམས་བསྐྱེད་འདི་ཡིན། ཐེག་པ་དམན་པ་ལས་ཀྱང་འདིས་སྐྱོབ། མི་དང་མི་དང་མི་མ་ཡིན་པའི་གནོད་པ་ཡང་འདིས་སྐྱོབ། ལར་དགེ་བ་ཅི་བྱེད་ལ་བྱང་ཆུབ་ཀྱི་སེམས་ཀྱིས་ཟིན་པར་བྱ་སྟེ། སེམས་ཅན་ཐམས་ཅད་དྲིན་ཅན་མ་ཡིན། དགེ་བའི་དོན་དུ་སེམས་བསྐྱེད་སྙམ་དུ་སེམས་ལ་ཡིད་བཞིན་དུ་སྒོམས་མཛོད། བདག་ཅག་ལ་སྡང་བར་བྱེད་པའི་དགྲ། གནོད་པར་བྱེད་པའི་བགེགས། ཐར་པ་དང་ཐམས་ཅད་མཁྱེན་པ་ལ་བར་དུ་གཅོད་པར་བྱེད་ཅིང་མི་མཐུན་པའི་ཕྱོགས་སྒྲུབ་པར་བྱེད་པ་རྣམས་ཀྱིས་གཙོར་བྱས་པའི་མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བདེ་བ་དང་ལྡན། སྡུག་བསྔལ་དང་བྲལ་ནས་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་རིན་པོ་ཆེ་འཐོབ་པར་བྱ། དེའི་ཕྱིར་དུས་ད་ནས་བཟུང་སྟེ་སངས་མ་རྒྱས་ཀྱི་བར་དུ་ལུས་ངག་ཡིད་གསུམ་དགེ་བ་ལ་བཀོལ། ནམ་མ་ཤིའི་བར་དུ་ལུས་ངག་ཡིད་གསུམ་དགེ་བ་ལ་བཀོལ། དུས་དེ་རིང་ནས་སང་ཉི་མ་ད་ཙམ་ཚུན་ཆད་དུ་ལུས་ངག་ཡིད་གསུམ་དགེ་བ་ལ་བཀོལ་སྙམ་དུ་སྒོམས་མཛོད། ཡང་རྒྱལ་ཁམས་ཡུལ་རིས་ཐམས་ཅད་བཅོམ་ལྡན་འདས་རྣམ་པར་སྣང་མཛད་གངས་ཅན་མཚོ་སྐུ་ལ་ཞིང་ཁམས་དང་སྐུས་གང་བ་གཅིག་བསྒོམ། དེའི་ཐུགས་ཀར་རྗེ་བཙུན་སྤྱན་རས་གཟིགས་དབང་ཕྱུག་བསྒོམ། དེའི་ཐུགས་ཀར་རྗེ་བཙུན་ཁྲོ་བོའི་རྒྱལ་པོ་བསྒོམ། དེའི་ཐུགས་ཀར་རང་ཉིད་ཡི་དམ་གྱི་ལྷར་བསྒོམ། དེ་ནི་སེམས་དཔའ་སུམ་རྩེག་ཚུལ་ལམ། ཡུལ་རེས་སམ། གནས་ཁང་བྱིན་གྱིས་རློབས་པའམ་སྲུང་བ་ཡང་ཡིན། ལགས་འོ་ན་འོ་སྐོལ་སངས་རྒྱས་ཀྱི་བསྟན་པ་དར་བའི་དུས་སུ་མི་ལུས་ཐོབ་པ་དེ་བསོད་ནམས་བསགས་པ་ཡིན། འཁོར་བ་སྡུག་བསྔལ་གྱི་ཕུང་པོ་ཡིན། དེ་ལས་ཐར་བར་བྱེད་པ་ལ་ཆོས་བྱེད་དགོས་པ་ཡིན། ཆོས་ཀྱང་ཐེག་པ་གསུམ་དུ་གསུངས་པ། ལམ་རིམ་པ་བཞིན་དུ་ཞུགས་པར་གསུངས་ཀྱང༌། ཕ་རོལ་ཏུ་ཕྱིན་པ་དང༌། རྡོ་རྗེ་ཐེག་པས་སེམས་བསྐྱེད་པར་གསུངས། དེ་ནས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་འདི་གལ་ཆེ། གལ་ཇི་ལྟར་ཆེ་ན། རང་གཞན་གཉིས་ཀྱི་བདེ་སྐྱིད་གནས་སྐབས་དང་མཐར་ཐུག་གི་ཕན་ཡོན་དང་བྱང་ཆུབ་དང་བྱང་ཆུབ་ཆེན་པོ་གཉིས་ཐོབ་པ་ཡང་སེམས་བསྐྱེད་པ་ལ་རག་ལས་པས། དེས་ན་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དགོས་པས། དེ་ཡང་དང་པོ་བླ་མ་ལ་མཎྜལ་ཕུལ་ལ་མེ་ཏོག་གཅིག་ཕྱག་ཏུ་བཟུང་སྟེ། སེམས་བསྐྱེད་པའི་བླ་མ་གསོལ་བ་གདབ་པ་ནི། སློབ་དཔོན་བདག་ལ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ་དུས་འདི་ནས་བཟུང་སྟེ་སློབ་དཔོན་ཁྱོད་ལ་བདག་གིས་སེམས་བསྐྱེད་པའི་བླ་མར་གསོལ་བ་འདེབས་ཀྱི། སློབ་དཔོན་ཁྱེད་ཀྱིས་བདག་གི་སེམས་བསྐྱེད་པའི་བླ་མ་མཛད་དུ་གསོལ། ཞེས་ལན་གསུམ་བརྗོད་ལ། བླ་མ་ལ་མེ་ཏོག་གཏོར་བར་བྱའོ། །དེ་ནས་བླ་མས་སློབ་མ་ལ་སྤྲོ་བ་དྲི་བ་ནི། ཁྱོད་ཀྱིས་སེམས་ཅན་མ་བསྒྲལ་བ་རྣམས་བསྒྲལ་བར་བྱ་བའི་ཕྱིར་དང༌། མ་གྲོལ་བ་རྣམས་གྲོལ་བར་བྱ་བའི་ཕྱིར་དང༌། དབུགས་མ་དབྱུངས་བ་རྣམས་དབུགས་དབྱུང་བར་བྱ་བའི་ཕྱིར་དང༌། མྱ་ངན་ལས་མ་འདས་པ་རྣམས་མྱ་ངན་ལས་འདའ་བར་བྱ་བའི་ཕྱིར་ན། ལྷག་པའི་བསམ་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པར་འདོད་ཅིང༌། ང་ལ་བླ་མ་ཞུ་བར་སྤྲོའམ། ཞེས་དྲིས་པ་དང༌། དེས་ཀྱང་སྤྲོ་ཞེས་ལན་གདབ། སློབ་དཔོན་གྱིས་ཐབས་ཡིན་ནོ། སློབ་མས་ལེགས་སོ། །ཞེས་བརྗོད་པར་བྱའོ། འོ་ན་བྱང་ཆུབ་ཀྱི་སེམས་དེ་ཡང་རྒྱུ་དང་རྐྱེན་མ་ཚང་བ་ལ་ནི་མི་སྐྱེ། རྒྱུ་རྐྱེན་ཚང་བ་ཞིག་དགོས་པ་ནི། རྒྱུ་ལ་གཉིས། དངོས་ཀྱི་རྒྱུ་དང༌། བརྒྱུད་པའི་རྒྱུ། དངོས་ཀྱི་རྒྱུ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པར་འདོད་པའི་རྟེན་གྱི་གང་ཟག་གི་ལུས་ངག་ཡིད་གསུམ་གྱིས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཐོབ་པར་འདོད་པའོ། །བརྒྱུད་པའི་རྒྱུ་བཞི་ཚང་དགོས་ཏེ། བསོད་ནམས་ཀྱི་ཚོགས་བསགས་པ། ཚད་མེད་པ་བཞི་ལ་བློ་སྦྱང་བ། སྐྱབས་སུ་འགྲོ་བ་ཁྱད་པར་ཅན་སྔོན་དུ་སོང་བ། བླ་མར་སངས་རྒྱས་ཀྱི་འདུ་ཤེས་བསྐྱེད་པ། དེ་བཞི་ལ་སེམས་བསྐྱེད་སྐྱེ། རྐྱེན་ཡང་དག་པའི་བླ་མས་བྱེད། རྒྱུ་རྐྱེན་གཉིས་པོ་དེ་ཚོགས་པ་ལས། ཁྱོད་ཀྱི་རྒྱུད་ལ་བྱང་ཆུབ་ཀྱི་སེམས་སྐྱེ་བ་ལགས་པས། དེ་ལ་དང་པོ་བསོད་ནམས་ཀྱི་ཚོགས་བསགས་པ་ནི་རྒྱ་གར་ཀུན་ན། བདོག་པ་ཡོད་ཚད་ཀྱི་སུམ་ཆ་གཅིག་མཆོད་པར་བཤམས། སུམ་ཆ་གཅིག་བླ་མ་ལ་འབུལ་བ་ཡིན་པར་གདའ། འོ་སྐོལ་ཡང་འདིར་མཆོད་པ་དང༌། བླ་མ་ལ་འབུལ་བ་དང༌། མེ་ཏོག་ཚགས་བྱ་དགོས་པ་ལགས། དེ་ལ་ཚོགས་བསོག་པ་ལ་ཡང༌། དང་པོར་རྟེན་སྤྲུལ་པ་ནི། རང་གི་མདུན་དུ་མཚོ་སྔོ་ལྟེམ་མེར་བ་ཡིད་དུ་འོང་བ་གཅིག་བསམ། དེའི་དབུས་སུ་པདྨའི་སྡོང་པོ་ཤིན་ཏུ་ཆེ་བ་ཡལ་འདབ་དཔག་ཏུ་མེད་པ་གཅིག་བསམ། དེའི་དབུས་སུ་པདྨ་ལ་སེམས་བསྐྱེད་པའི་བླ་མ་བཞུགས་པར་བསམ། ཐད་ཀ་ན་ཡར་ལ་བཀའ་བརྒྱུད་ཀྱི་བླ་མ་རིན་པོ་ཆེ་རྣམས་བཞུགས་པར་བསམ། མདུན་ན་ཡི་དམ་གྱི་ལྷ་བསམ། གཡས་སུ་སངས་རྒྱས། རྒྱབ་ཏུ་ཆོས། གཡོན་ན་དགེ་འདུན། དེའི་ཕྱི་རོལ་ཀྱི་འདབ་མ་ལ་ཕྱོགས་བཅུ་དུས་གསུམ་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་མ་ལུས་ཤིང་ལུས་པ་མེད་པ་ཐམས་ཅད་བཞུགས་པར་བསམ། ཉན་ཐོས་དང་རང་སངས་རྒྱས། རང་གི་བླ་མ་དང༌། མཁན་པོ་དང༌། སློབ་དཔོན་དང༌། ཆོས་ཀྱི་འབྲེལ་བ་ཡོད་ཚད་བཞུགས་པར་བསམ། འོག་གི་པདྨ་ལ་དཔལ་མགོན་པོ་དང༌། དཔལ་ལྷ་མོ་དང༌། ཆོས་སྐྱོང་བའི་སྲུང་མ་ཆེན་པོ་རྣམས་ཐམས་ཅད་བཞུགས་པར་བསམ། གཞན་ཡང་དཔལ་མགོན་བདུན་ཅུ་རྩ་གཉིས། ཕྱོགས་སྐྱོང་བ་བཅུ། ཞིང་སྐྱོང་བརྒྱད། འཁོར་མ་མོ་སུམ་ཅུ་རྩ་གཉིས། ལྷ་ཆེན་པོ། ཀླུ་ཆེན་པོ། གནོད་སྦྱིན་ཆེན་པོ། གཟའ་ཆེན་པོ། རྒྱུ་སྐར་ཆེན་པོ། འཕྲོག་མ་མ་བུ། དགེ་བསྙེན་ཆེན་པོ་ཕོ་མོ། སངས་རྒྱས་ཀྱི་བསྟན་པ་སྲུང་བར་ཞལ་གྱིས་བཞེས་པ་ཐམས་ཅད་བཞུགས་པར་བསམ། དེ་ནས་སེམས་བསྐྱེད་པའི་བླ་མ་བཞུགས་པ་གཙོར་མཛད་པས་མཚོན་པར་བྱས་ནས། གོང་དུ་རྟེན་ཡིད་ཀྱིས་སྤྲུལ་པའི་ལྷ་ཚོགས་དེ་དག་གདན་དྲངས་པ་ནི། དུས་གསུམ་ཕྱོགས་བཅུར་བཞུགས་པའི་བླ་མ་དང༌། སངས་རྒྱས་དང༌། བྱང་ཆུབ་སེམས་དཔའ་རྣམས་ཚིག་འདིས་གདན་དྲངས་པར་བྱའོ། །ན་མོ་གུ་རུ། རྟོག་མེད་ཕྱོགས་བྲལ་ཆོས་དབྱིངས་ཆོས་ཀྱི་གནས་མཆོག་ནས། །འདས་དང་མ་བྱོན་ད་ལྟ་དུས་གསུམ་གྱི། །དངོས་དང་བརྒྱུད་པའི་རྗེ་བཙུན་འཁོར་དང་བཅས། །ཐུགས་རྗེ་སྨོན་ལམ་དབང་གིས་གནས་འདིར་གཤེགས། ན་མོ་གུ་རུ་བཛྲ་སརྦ་ས་མུན་ཛ་ཛ་ཧཱུྃ། ཞེས་པས་བླ་མ་གདན་དྲངས། མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང༌། །བདུད་སྡེ་དཔུང་བཅས་མི་བཟད་འཇོམས་མཛད་ལྷ། །དངོས་རྣམས་མ་ལུས་ཇི་བཞིན་མཁྱེན་གྱུར་པའི། །བཅོམ་ལྡན་འཁོར་བཅས་གནས་འདིར་གཤེགས་སུ་གསོལ། །ཞེས་པས་གདན་དྲངས། དེ་ནས་སྐུ་ལ་བལྟ་བའི་མཆོད་པ་ནི། སེམས་བསྐྱེད་པའི་བླ་མ་ཡང་དག་པར་རྫོགས་པའི་སངས་རྒྱས་འདི་དང༌། ཡི་དམ་གྱི་ལྷ་ཚོགས་དང༌། ཕྱོགས་བཅུ་དུས་གསུམ་གྱི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་དང་མཇལ་བ་འདི་ཨ་རེ་དགའ་སྙམ་དུ་དགའ་བ་ཆེན་པོ་མཛད། དེ་ནས་ཕྱག་འཚལ་བའི་མཆོད་པ་ནི། རང་གི་ལུས་ཞིང་གི་རྡུལ་སྙེད་ཙམ་དུ་སྤྲུལ་ལ། དེ་དག་གི་ཞབས་ལ་ཏུག་ཏུག་གཏུགས་ལ་ཕྱག་འཚལ་བར་བསམ་ལ། ཕྱོགས་བཅུ་དུས་གསུམ་འཇིག་རྟེན་ན། །རྒྱལ་བ་སྲས་བཅས་ཐམས་ཅད་དང༌། །བླ་མ་ཡི་དམ་ལྷ་ཚོགས་ལ། །བདག་གིས་གུས་པར་ཕྱག་འཚལ་ལོ། །དེ་ནས་བསྟོད་པའི་མཆོད་པ་ནི། །བླ་མ་ཡི་དམ་ལྷ་ཚོགས་དང༌། །རྒྱལ་བ་སྲས་བཅས་ཐམས་ཅད་ཀྱི། །ཡོན་ཏན་རྒྱ་མཚོ་རིན་ཆེན་རྣམས། །བདག་གིས་ཚངས་པའི་དབྱངས་ཀྱིས་བསྟོད། །དེ་ནས་མཆོད་པ་བྱ་བའི་རིམ་པ་ནི། མཎྜལ་ཚོམ་བུ་ཉི་ཤུ་རྩ་གཅིག་པ་བཀོད། སངས་རྒྱས་ཀྱི་ཞིང་ཁམས་རྣམ་པར་དག་པ་འཐོབ་པར་བྱ་བའི་ཕྱིར། སངས་རྒྱས་ཀྱི་ཞིང་ཁམས་རྣམ་པར་དག་པ་ཉེས་པའི་སྐྱོན་དང་བྲལ་བ། ལེགས་པའི་ཡོན་ཏན་ཐམས་ཅད་དང་ལྡན་པ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་གང་བ། ལྷ་དང་མིའི་མཆོད་པ་དང༌། ལོངས་སྤྱོད་ཕུན་སུམ་ཚོགས་པ་དང་ལྡན་པ། སེམས་ཅན་ཐམས་ཅད་ལ་བདེ་བ་དང་ལེགས་པ་དཔལ་ཕུན་སུམ་ཚོགས་པ་འབྱུང་བ་རིན་པོ་ཆེ་སྣ་ཚོགས་པས་གང་བའི་ཞིང་ཁམས་ཐམས་ཅད་མཎྜལ་འདིས་མཚོན་པ་མཛོད་ལ་ཕུལ་ཅིག དེ་ཡང་ཚིག་འདིའི་རྗེས་ཟློས་མཛོད་ཅིག་བྱས་ལ། དབུས་ཀྱི་རི་རྒྱལ་ལྷུན་པོ་ལ། །གླིང་བཞི་གླིང་ཕྲན་བརྒྱད་ཀྱིས་བསྐོར། །ཉི་ཟླ་ཟུང་གཅིག་བསྐོར་བ་བྱེད། །གསེར་དང་དངུལ་དང་ཤེལ་དག་དང༌། །མུ་ས་གར་བྷ་བཻཌཱུརྻ། །མུ་ཏིག་དམར་དང་རྡོ་སྙིང་སྟེ། །ཀུན་གཙོ་རིན་ཆེན་སྣ་བདུན་དང༌། །བུམ་པ་བཟང་པོ་གཏེར་གྱིས་བརྒྱན། །རྗེ་བཙུན་བཀའ་དྲིན་ཅན་རྣམས་ལ། །བདག་ཅག་དད་པས་འབུལ་ལགས་ན། །ཐུགས་རྗེའི་དབང་གིས་བཞེས་མཛོད་ལ། །ལས་དང་སྡིག་སྒྲིབ་སྦྱང་དུ་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་གུ་རུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་མཎྜལ་རཏྣ་པུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། །ཞེས་པས་འབུལ་ལོ། །ད་ནི་མཆོད་པའི་བྱེ་བྲག་འབུལ་བ་ནི། ཀུན་ཏུ་བཟང་པོའི་སྤྲིན་ཕུང་ངམ་རྣལ་འཕྲུལ་གྱི་མཆོད་པ་དང༌། ཡིད་ལས་བྱུང་བ་དང༌། བདག་པོས་ཡོངས་སུ་བཟུང་བ་དང༌། ཡོངས་སུ་མ་བཟུང་བ་མེད་པའི་མཆོད་པ་དང༌། གསང་སྔགས་ཕྱི་ནང་གསང་གསུམ་སྤྱི་དང༌། དེ་ཁོ་ན་ཉིད་ཀྱི་མཆོད་པ་དང༌། རྫས་རིམ་པར་བཤམས་པའི་མཆོད་པ་དང༌། ལུས་འབུལ་བའི་མཆོད་པའོ། །དེ་ལ་མཆོད་པ་དེ་དག་ཐམས་ཅད་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་རྣམ་པ་གཉིས་དབྱེར་མེད་པ་ལས་བྱུང་བ། རྒྱ་ནམ་མཁའ་དང་ཆོས་ཀྱི་དབྱིངས་དང་མཉམ་པ། ཡུན་འཁོར་བ་མ་སྟོང་གི་བར་དུ་མཆོད་པ་འདི་དག་འབྱུང་བ། བྱེད་པའི་ལས་དུས་གསུམ་དུ་འཕགས་པ་ཐམས་ཅད་མཆོད་ཅིང༌། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བདེ་བ་ཕུན་སུམ་ཚོགས་པ་དང་ལྡན། སྡུག་བསྔལ་ཐམས་ཅད་དང་བྲལ་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཐོབ་པའི་རྒྱུར་མཆོད་པ་འདི་དག་ཐམས་ཅད་སངས་རྒྱས་དང་བྱུང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བྱིན་གྱིས་རློབ་པར་མོས་ལ། དེ་ཡང་ཀུན་ཏུ་བཟང་པོའི་སྤྲིན་ཕུང་གི་མཆོད་པ་ནི། ཡོན་ཆབ་ལྟ་བུ་གཅིག་ལ་ཡང་སྤྲིན་གྱི་ཕུང་པོ་ཙམ་དུ་གྱུར་པར་སོམས། རྣམ་འཕྲུལ་ནི་མར་མེ་ལྟ་བུ་གཅིག་ལ་ཡང་མཆོད་པ་ཐམས་ཅད་འབྱུང་བར་སོམས་ལ། ཉོན་མོངས་པ་ཐམས་ཅད་དག་ཅིང་ཆོས་སྐུ་ཐོབ་པའི་ཡོན་ཆབ་ཕུལ་མཛོད། ཁ་དོག་ངན་པ་སྤོངས་ཞིང་མཚན་དཔེ་ཐོབ་པའི་མེ་ཏོག་ཐམས་ཅད་དང༌། ཚུལ་ཁྲིམས་འཆར་བ་སྤོང་ཞིང་ཟག་མེད་ཚུལ་ཁྲིམས་ཐོབ་པའི་བདུག་སྤོས་ཐམས་ཅད་དང༌། མ་རིག་མུན་པ་ཐམས་ཅད་དག་ཅིང་ཟག་མེད་ཤེས་རབ་སྣང་བ་ཐོབ་པའི་སྣང་གསལ་དང༌། གཟུང་འཛིན་རྟོག་པ་ཐམས་ཅད་དག་ཅིང་ཟག་མེད་ཏིང་འཛིན་ཐོབ་པའི་དྲི་མཆོག་དང༌། ལོག་འཚོ་སྤོང་ཞིང་ཆོས་ཀྱིས་མངར་བའི་ཟས་མཆོག་ཐོབ་པའི་ཞལ་ཟས་དང༌། ངན་འགྲོ་ལོག་པའི་དགྲ་རྣམས་སྤོང་ཞིང་གསུང་དབྱངས་དྲུག་ཅུ་ཐོབ་པའི་སིལ་སྙན་དང༌། རང་གཞན་ཐམས་ཅད་ཀྱི་དབུལ་བ་སེལ་བའི་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་དབང་གི་རྒྱལ་པོ་རིན་པོ་ཆེའི་ཆར་དབབ་པ་ཡང་ཕུལ་མཛོད། དེའི་དུས་སུ་རིན་པོ་ཆེ་གསེར་མཆོད་ཀྱང་བདར་བར་བྱའོ། །གཞན་ཡང་གདུགས་དང་རྒྱལ་མཚན་དང༌། པན་དང༌། བླ་བྲེ་དང༌། ཕྱེ་མའི་ཕུར་མ་ཡང་ཕུལ་མཛོད། བདག་གཞན་ཐམས་ཅད་ཚེ་རིང་བར་བྱ་བའི་ཕྱིར་འཆི་བ་མེད་པའི་བདུད་རྩི་ཡང་ཕུལ་བར་སོམས། བདག་གཞན་རྣམས་ནད་ཐམས་ཅད་ལས་ཕན་པར་བྱ་བའི་ཕྱིར་བི་ཤ་ཙི་བསམ་གྱིས་མི་ཁྱབ་པ་ཡང་ཕུལ་བར་སོམས། འོ་སྐོལ་རང་ཐམས་ཅད་ཁས་ཞན་པ་ལས་ཐར་ཅིང་ཕས་ཀྱི་རྒོལ་བ་ཐམས་ཅད་བཟློག་པའི་ཕྱིར། རྗེ་བཙུན་གསང་བའི་བདག་པོ་སྐུ་མདོག་གཟི་བརྗིད་ཅན་མང་པོ་ཡང་ཕུལ་བར་སོམས། ད་ནི་ཡིད་ལས་བྱུང་བའི་མཆོད་པ་ནི། ཀུན་ཏུ་བཟང་པོ་དང་ཡིད་ལས་བྱུང་བ་གཉིས་སེམས་ཀྱི་བྱེད་པ་གཅིག་སྟེ། འོ་ན་ཡང་ཡིད་ཀྱི་མཆོད་པ་སངས་རྒྱས་ཀྱི་ཞིང་ཁམས་དང༌། མཆོད་པའི་བཀོད་པ་བསམ་གྱིས་མི་ཁྱབ་པ་དང་དགོས་འདོད་ཐམས་ཅད་ཡིད་དུ་འོང་བའི་མཆོད་པ་ཐམས་ཅད་བློས་སྤྲུལ་ཞིང་ཕུལ་མཛོད། ད་ནི་ཡོངས་སུ་བཟུང་བ་མེད་པའི་མཆོད་པ་བྱ་བ་ནི་འཇིག་རྟེན་གྱི་ཕྱོགས་བཅུ་དུས་གསུམ་ནམ་མཁའ་དང་མཉམ་པ་ཐམས་ཅད་དང་བདག་པོའི་ཡོངས་སུ་བཟུང་བ་མེད་པ་ཆུ་གཙང་མེ་ཏོག་ལ་སོགས་རིན་པོ་ཆེའི་རི་བོ་ལ་སོགས་པ་བསམ་གྱིས་མི་ཁྱབ་པ་རྣམས་ཕུལ་མཛོད། ད་ནི་ཡོངས་སུ་བཟུང་བའི་མཆོད་པ་བྱ་བ་ནི། འཇིག་རྟེན་གྱི་ཁམས་སངས་རྒྱས་ཀྱི་ཞིང་ཁམས་མཆོད་པའི་ཁྱད་པར་ཐམས་ཅད་དང༌། ཡང་རིན་པོ་ཆེའི་རི་བོ། མ་རྨོས་པ་ཡི་ལོ་ཏོག འབྲས་ས་ལུའི་ལྗང་པ། ཨར་མོ་ལི་ཀའི་རྡོ་ལེབ། དཔག་བསམ་གྱི་ཤིང༌། འདོད་འཇོའི་བ། ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་དབང་གི་རྒྱལ་པོ་ཐམས་ཅད་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བདག་ཏུ་བཟུང་བ་མེད་པས་འོ་སྐོལ་རང་གིས་བཟུང་ལ་ཕུལ་མཛོད། ད་ནི་གསང་སྔགས་ཀྱི་མཆོད་པ་བྱ་བ་ནི། ཕྱི་ཡི་མཆོད་པ་གཟུགས་སྡུག་པ། སྒྲ་སྙན་པ། དྲི་ཞིམ་པ། རོ་མངར་བ། རེག་བྱ་འཇམ་པ་དབང་པོ་ལྔ་ཡི་མཆོད་པ་ཕུལ་མཛོད། ཡོན་ཆབ་ལ་སོགས་པ་ཕྱི་ཡི་མཆོད་པ་ཡང་ཕུལ་མཛོད། གཟུགས་ཀྱི་ལྷ་མོ་ལ་སོགས་པ་ནང་གི་མཆོད་པ་ཡང་ཕུལ་མཛོད། དེ་བཞིན་གཤེགས་པའི་བདུད་རྩི་གསང་བའི་མཆོད་པ་ཡང་ཕུལ་མཛོད། གཟུགས་རྡོ་རྗེ་མ་ལ་སོགས་པ་འདོད་ཡོན་ལྔ་ཡི་མཆོད་པ་ཡང་ཕུལ་མཛོད། དེ་ཁོ་ན་བདེ་སྟོང་ལྷན་ཅིག་སྐྱེས་པའི་མཆོད་པ་ཡང་ཕུལ་མཛོད། ད་ནི་འདིར་བཤམས་པའི་མཆོད་པ་འདི་དག་རྫས་རིམ་པར་བཤམས་པའི་མཆོད་པ་ལགས་པས་ཨརྒྷཾ་པུ་ཛ་མེ་གྷ་པདྨ་ཀ་མ་ལ་པྲ་བ་སད་ཀ་ར་པུཥྤེ་དྷཱུ་པེ་ཙུར་ན་ཨཱ་ལོ་ཀེ་གྷནྡྷེ་ནེ་ཝི་དྱ་ཤབྡ་རཏྣ་བྷི་པ་ར་ཞེས་པའི་མཆོད་པ་འབུལ། ད་ལུས་འབུལ་བའི་མཆོད་པ་ནི། བདག་གི་ལུས་ལོངས་སྤྱོད་དང་ཇི་སྲིད་ཡོད་པར་གྱུར་པའི་ལོངས་སྤྱོད་ཐམས་ཅད་དང༌། སེམས་བསྐྱེད་པའི་བླ་མ་རིན་པོ་ཆེ་དང༌། ཕྱོགས་བཅུའི་སངས་རྒྱས་དང༌། བྱང་ཆུབ་སེམས་དཔའ་ཐམས་ཅད་དང༌། གསང་སྔགས་ཀྱི་ལྷ་ཚོགས་ཐམས་ཅད་ལ། སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ཏེ་འབུལ་བར་བགྱིའོ། །ད་ནི་སྡིག་པ་བཤགས་པར་བགྱི་བ་ནི། སྟོབས་བཞིའི་སྒོ་ནས་བཤགས་པར་བྱ་སྟེ། གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས། རྣམ་པར་སུན་འབྱིན་པའི་སྟོབས། རྟེན་གྱི་སྟོབས། སོར་ཆུད་པའི་སྟོབས་སོ། །དེ་ལ་སྡིག་པ་མི་དགེ་བྱེད་པ་ནི། ཉོན་མོངས་པ་དུག་ལྔ་དུག་གསུམ་གྱིས་ཀུན་ནས་བསླངས་ནས་ལུས་ངག་ཡིད་གསུམ་གྱིས་སྡིག་པ་མི་དགེ་བའི་ལས་བྱེད་དེ། སྡིག་པ་མི་བྱེད་པ་ལ་གཉེན་པོ་བསྟེན་དགོས་པ་ལགས་པས། ཞེ་སྡང་གི་གཉེན་པོ་བྱམས་པ། འདོད་ཆགས་ཀྱི་གཉེན་པོ་མི་སྡུག་པ། གཏི་མུག་གི་གཉེན་པོར་ཆོས་ཐམས་ཅད་རྟེན་ཅིང་འབྲེལ་བར་འབྱུང་བ་སྒོམས་མཛོད། རྣམ་པར་སུན་འབྱིན་ནི། ཐོག་མེད་ནས་སྡིག་པ་བྱས་པའི་དབང་གིས། ད་ལན་སྡིག་པ་བྱས་པ་དྲན་པར་བྱས་ལ། འདི་འདྲ་བ་བྱེད་པ་ལ་ཁྱོད་འདྲ་བ་གཅིག་འོང་བ་ལ་ཨང་སྙམ་དུ་བསམ། སྡིག་པ་མི་དགེ་བ་མི་བྱེད་པའི་རྟེན་སེམས་བསྐྱེད་པའི་རྟེན་བླ་མ། ཡི་དམ་གྱི་ལྷ་དང་ཇོ་བོ་དཀོན་མཆོག་གསུམ་གྱི་སྤྱན་སྔར་སྡིག་པ་མི་དགེ་བའི་ལས་བཤགས་སོ་སྙམ་དུ་བསམ། སྡིག་པ་མི་དགེ་བ་མི་བྱེད་པའི་རྟེན་ལ་བཤགས་སོ་སྙམ་དུ་བསམ། དུས་དང་རྣམ་པ་ཐམས་ཅད་དུ་བླ་མ་དང་ཡི་དམ་གྱི་ལྷ་དང་ཇོ་བོ་དཀོན་མཆོག་གསུམ་དང་མ་བྲལ་བར་བསྟེན་པས། སྡིག་པ་མི་དགེ་བའི་ལས་ཀྱིས་མི་གོས་པ་ལགས་སོ། །སོར་ཆུད་པའི་སྟོབས་སྔར་བྱས་པའི་སྡིག་པ་བཤགས་ལ་ཕྱིས་སྡིག་པ་མི་ཆོད་སྙམ་དུ་བསམ་ན་མི་འདག་པས། སྔར་སྡིག་པ་བྱས་པ་མ་ལེགས། ད་ཕྱིན་ཆད་སྲོག་ལ་བབས་ཀྱང་སྡིག་པ་མི་དགེ་བ་མི་བྱ་སྙམ་དུ་དམ་ཆོས། ཡོན་ཏན་ཐམས་ཅད་སྡིག་པ་དག་པ་ལས་བྱུང་བ་ལགས་པས་སྡིག་པ་ཐམས་ཅད་བཤགས་སོ་སྙམ་དུ་བསམ་ལ་ལད་མོ་མཛོད། ཧོ་རྡོ་རྗེ་བླ་མ་དང༌། ཕྱོགས་བཅུའི་སངས་རྒྱས་དང༌། བྱང་ཆུབ་སེམས་དཔའ་དང༌། གསང་སྔགས་ཀྱི་ལྷ་ཚོགས་ཐམས་ཅད་དང༌། དེ་དག་ཐམས་ཅད་ཀྱང་ཡེ་ཤེས་ཀྱི་སྤྱན་མངའ་བ། རྫུ་འཕྲུལ་གྱི་སྤྱན་མངའ་བ། རྣམ་པ་ཐམས་ཅད་ཀྱི་ཡེ་ཤེས་མངའ་བ། ཁྱེད་ཀྱི་སྤྱན་སྔར་བདག་མིང་འདི་ཞེས་བགྱི་བས། སྔོན་ཐོག་མ་མེད་པ་ནས་ཐ་མ་དེང་སང་གི་བར་དུ་མཚམས་མེད་པ་ལྔ་དང༌། དེ་དང་ཉེ་བ་ལྔ་དང༌། མི་དགེ་བ་བཅུ་དང༌། ལྕི་བ་བརྒྱད་དང༌། ལོག་པ་བཞི་དང༌། ཁ་ན་མ་ཐོ་བ་གཉིས་དང༌། འཕགས་པ་དང༌། དམ་པའི་ཆོས་ལ་སྐུར་པ་བཏབ་པ་དང༌། དམ་པའི་ཆོས་སྤངས་པ་དང༌། འདོད་པ་ལ་སོགས་པའི་དབང་གིས། ཐེག་པ་ཆེ་ཆུང་གི་བསླབ་པ་བླངས་ནས། ཐེག་པ་ཆེ་ཆུང་གི་བསླབ་པ་དང་འགལ་བ་དང༌། ཉེས་པའི་ཚོགས་ཐམས་ཅད་བླ་ན་མེད་པ་སོ་སོར་བཤགས་པར་བགྱིའོ། །ཉེས་པ་ལ་ཉེས་པར་མཐོང་ངམ། སླན་ཆད་སྡོམ་མམ། སྡོམ་ལགས། ཐབས་ཡིན་ནོ། །ལེགས་སོ་བྱ། ད་ནི་རྗེས་སུ་ཡི་རང་བར་བྱ་བ་ནི། བདག་དང་སེམས་ཅན་ཐམས་ཅད་དང༌། འཕགས་པའི་ཚོགས་ཐམས་ཅད་ཀྱི། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དགེ་བའི་རྩ་བ་དང༌། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྒྱུ་ལ་གནས་པ། ལམ་ལ་ཞུགས་པ། འབྲས་བུ་མངོན་དུ་གྱུར་པ་ཐམས་ཅད་ཀྱི་དགེ་བའི་རྩ་བ་ཐམས་ཅད་ལ་བདག་རྗེས་སུ་ཡི་རང་བར་བགྱིའོ་སྙམ་དུ་སེམས་ལ་ལད་མོ་མཛོད། བྱང་ཆུབ་སེམས་དཔའ་ཐུགས་དང་པོར་བསྐྱེད་པ་ནས། མཐར་མངོན་པར་རྫོགས་པར་སངས་རྒྱས་པའི་བར་གྱི་དགེ་བའི་རྩ་བ་གང་ལགས་པ་དང༌། ཉན་ཐོས་དང་རང་སངས་རྒྱས་ཀྱི་དགེ་བའི་རྩ་བ་གང་ལགས་པ་དང༌། འགྲོ་བ་སེམས་ཅན་ཐམས་ཅད་ཀྱི་དགེ་བའི་རྩ་བ་ལ་བདག་རྗེས་སུ་ཡི་རང་བར་བགྱིའོ། །ད་ནི་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བ་ནི། ཕྱོགས་བཅུ་དུས་གསུམ་ན་བཞུགས་པའི་སངས་རྒྱས་ཐམས་ཅད། ཁྱད་པར་དུ་སངས་རྒྱས་མངོན་པར་རྫོགས་པར་སངས་རྒྱས་ནས་ཡུན་རིང་པོ་མ་ལོན་པ་དེ་དག་ལ་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བ་བྱ་སྟེ། དེ་ཡང་སྔོན་གྱི་དུས་སུ་ཚངས་པའི་རྒྱལ་པོས། ཚངས་པ་འབུམ་ཕྲག་ལ་སོགས་ཁྲིད་ནས། སངས་རྒྱས་བཅོམ་ལྡན་འདས་ལ་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བ་ལྟར། རང་ཉིད་ཚངས་པའི་རྒྱལ་པོ་གསེར་གྱི་འཁོར་ལོ་རྩིབས་སྟོང་དང་ལྡན་པ་ཐོགས་ཏེ། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཁྲིད་ནས། མཆོད་པའི་ཚོགས་བསམ་གྱིས་མི་ཁྱབ་པས་མཆོད་ནས། སངས་རྒྱས་ཐམས་ཅད་ལ་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་སྙམ་དུ་མོས་ལ་ལད་མོ་མཛོད། ཕྱོགས་བཅུའི་སངས་རྒྱས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པར་ཡང་དག་པ་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བ། ཁ་ལོ་སྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། མངོན་པར་རྫོགས་པར་སངས་རྒྱས་ནས་ཡུན་རིང་པོར་མ་ལོན་པ་དེ་དག་ཐམས་ཅད་ལ་དམ་པའི་ཆོས་ཀྱི་འཁོར་ལོ་བླ་ན་མེད་པ་བསྐོར་བར་བསྐུལ་ལོ། །ད་ནི་མྱ་ངན་ལས་མི་འདའ་བར་བཞུགས་སུ་གསོལ་བ་ནི། སེམས་ཅན་རྨུ་རྒོད་ཀྱིས་ཐུགས་སུན་དབྱུངས་ནས་མྱ་ངན་ལས་འདའ་བར་བཞེད་པ་ཡོད་དེ། དེ་ལྟ་བུ་ལ་མྱ་ངན་ལས་མི་འདའ་བ་དང༌། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་འཁོར་བ་མ་སྟོངས་ཀྱི་བར་དུ། འགྲོ་བ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་མྱ་ངན་ལས་མི་འདའ་བར་བཞུགས་སུ་གསོལ་སྙམ་དུ་སོམས་ལ། མཆོད་པ་དཔག་ཏུ་མེད་པ་ཡང་ཕུལ་བར་སོམས་ལ་ལད་མོ་མཛོད་ཅིག ཕྱོགས་བཅུའི་སངས་རྒྱས་བཅོམ་ལྡན་འདས་དེ་དག་ཇི་སྲིད་འཁོར་བ་མ་སྟོངས་ཀྱི་བར་དུ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་མྱ་ངན་ལས་མི་འདའ་བར་བཞུགས་སུ་གསོལ། ད་ནི་སྐྱབས་སུ་འགྲོ་བ་ཁྱད་པར་ཅན་བྱ་བ་ནི། དོན་གསུམ་དུ་ཤེས་པར་བྱ་བ་ལ། སྐྱབས་སུ་འགྲོ་བ་གཉིས་ཀྱི་ཁྱད་པར་དང་ཕན་ཡོན། དངོས་གཞི་དང་བསླབ་བྱ། ཁྱད་པར་ལ་བཞི། སྐྱབས་གནས་དང༌། དུས་དང༌། བསམ་པ་དང༌། རྟེན་གྱི་ཁྱད་པར། སྐྱབས་གནས་ཐུན་མོང་བ་དཀོན་མཆོག་གསུམ་ལ་ཐུན་མོང་སྐྱབས་སུ་འགྲོ་ལ། ཁྱད་པར་ཅན་སངས་རྒྱས་ཆོས་ཀྱི་སྐུ་དང༌། ཆོས་ཞི་བ་དོན་དམ་པ་སྟེ་མྱ་ངན་ལས་འདས་པའི་ཆོས། དགེ་འདུན་དམ་པའི་ས་གསུམ་ལ་གནས་པའོ། །ཐུན་མོང་བ་དུས་ཇི་སྲིད་འཚོ་ཡི་བར་དུའོ། །ཁྱད་པར་ཅན་སྙིང་པོ་བྱང་ཆུབ་ལ་མཆིས་ཀྱི་བར་དུའོ། །བསམ་པ་ཐུན་མོང་བ་རང་ཉིད་ཞི་བདེའི་དོན་དུའོ། །ཁྱད་པར་ཅན་སེམས་ཅན་ཐམས་ཅད་ཀྱི་དོན་དུའོ། །ཐུན་མོང་བས་སོ་སོར་ཐར་པ་སྡོམ་པའི་རྟེན་བྱེད། སྐྱབས་འགྲོ་ཁྱད་པར་ཅན་གྱིས་སེམས་བསྐྱེད་ཀྱི་རྟེན་བྱེད། གཉིས་པ་ཕན་ཡོན་ནི། ཇོ་བོ་ཐུགས་རྗེ་ཆེན་པོས་བརྒྱད་དུ་གསུངས་པ་ནི། ནང་པ་སངས་རྒྱས་པར་ཚུད་པའི་ཕན་ཡོན། སྡོམ་པ་ཐམས་ཅད་བླང་བའི་རྟེན་དུ་རུང་བའི་ཕན་ཡོན། མི་དང་མི་མ་ཡིན་པའི་གནོད་པས་མི་ཚུགས་པའི་ཕན་ཡོན། བསམ་པ་ཐམས་ཅད་འགྲུབ་པའི་ཕན་ཡོན། སྡིག་པ་དང་སྒྲིབ་པ་ཐམས་ཅད་ཟད་ཅིང་སྲབ་པར་འགྱུར་བའི་ཕན་ཡོན་ཡོད། རྒྱུད་ལ་བསོད་ནམས་ཀྱི་ཚོགས་ཚད་མེད་པ་བསོག་པར་འགྱུར་པའི་ཕན་ཡོན་ཡོད། ཤི་ན་ངན་སོང་ངན་འགྲོ་ལོག་པར་མི་ལྟུང་བའི་ཕན་ཡོན་ཡོད། མཐར་བླ་ན་མེད་པའི་བྱང་ཆུབ་ཐོབ་པའི་ཕན་ཡོན་ནོ། །སྐྱབས་འགྲོ་ཁྱད་པར་བ་ཐོབ་པའི་རྟེན་གྱི་གང་ཟག་དེ་རང་ཉིད་ནང་པ་སངས་རྒྱས་པར་ཚུད་པས་མི་ཚད་དེ། སྐྱབས་འགྲོ་ཁྱད་པར་ཅན་ཐོབ་པའི་རྟེན་གྱི་གང་ཟག་དེ་ལ་བརྟེན་ནས་སེམས་ཅན་ཡང་ནང་པ་སངས་རྒྱས་པར་ཚུད་པའོ། །བར་མ་རྣམས་ཀྱང་དེ་བཞིན་ཤེས་པར་བྱའོ། །སྐྱབས་འགྲོ་ཁྱད་པར་ཅན་ཐོབ་པའི་རྟེན་གྱི་གང་ཟག་དེ་རང་ཉིད་བླ་ན་མེད་པའི་བྱང་ཆུབ་ཐོབ་པས་མི་ཚད་དེ་སྐྱབས་འགྲོ་ཁྱད་པར་ཅན་ཐོབ་པ་དེ་ལ་བརྟེན་ནས་སེམས་ཅན་གཞན་ལ་ཡང་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་བྱ་བའི་ཕན་ཡོན་ནོ། །གཉིས་པ་དངོས་གཞིའི་སྐྱབས་འགྲོ་བླང་བ་ནི། སྐབས་འདིར་མཆོད་པའི་ཚོགས་དཔག་ཏུ་མེད་པས་མཆོད་དེ། ལུས་ལོངས་སྤྱོད་ཐམས་ཅད་ཕུལ། མེ་ཏོག་རེ་ཕྱག་ཏུ་ཟུངས་ལ་བདག་སེམས་ཅན་ཐམས་ཅད་ཀྱི་དོན་དུ་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འཐོབ་པར་བྱ། བདག་ཇོ་བོ་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་སྙམ་དུ་སེམས་ལ། བླ་མ་ལ་སངས་རྒྱས་ཀྱི་འདུ་ཤེས་རུང་བ་གཅིག་བསྐྱེད་ལ་རྗེས་ཟློས་མཛོད། ཧོ། རྡོ་རྗེ་བླ་མ་དང༌། ཕྱོགས་བཅུའི་སངས་རྒྱས་དང༌། བྱང་ཆུབ་སེམས་དཔའ་དང༌། དཀྱིལ་འཁོར་གྱི་ལྷ་ཡི་ཁྱད་པར་དང༌། གསང་སྔགས་ཀྱི་ལྷ་ཚོགས་ཐམས་ཅད་བདག་ལ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ། དུས་འདི་ནས་བཟུང་ནས། སྙིང་པོ་བྱང་ཆུབ་ལ་མཆིས་ཀྱི་བར་དུ། རྐང་གཉིས་རྣམས་ཀྱི་མཆོག་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་སྐྱབས་སུ་མཆིའོ། །འདོད་ཆགས་དང་བྲལ་བ་རྣམས་ཀྱི་མཆོག་ཞི་བ་ཐེག་པ་ཆེན་པོ་དོན་དམ་པའི་ཆོས་ལ་སྐྱབས་སུ་མཆིའོ། །ཚོགས་རྣམས་ཀྱི་མཆོག་བྱང་ཆུབ་སེམས་དཔའི་དགེ་འདུན་ས་ཆེན་པོ་ལ་རབ་ཏུ་བཞུགས་པའི་ཕྱིར་མི་ལྡོག་པའི་བརྟུལ་ཞུགས་ཆེན་པོའི་ཚོགས་ལ་སྐྱབས་སུ་མཆིའོ། །སློབ་དཔོན་གྱིས་ཐབས་ཡིན་ནོ། །ཞེས་བརྗོད། སློབ་མས། ལེགས་སོ། །ཞེས་བརྗོད་ལ་མེ་ཏོག་དོར། དེས་ནི་སྐྱབས་འགྲོ་དངོས་ཐོབ་པ་ཡིན། ད་ནི་གོང་དུ་བསྟན་པའི་ཕན་ཡོན་དེ་ཚོ་འབྱུང་བ་གང་ལ་རག་ལས་ན། བསླབ་བྱ་ལ་རག་ལས་པ་ཡིན་པས། བསླབ་བྱ་ལ་ཡང་གསུམ། ཐུན་མོང་དང༌། ཁྱད་པར་དང༌། རྗེས་སུ་མཐུན་པའོ། །ཐུན་མོང་ལ་ལྔ། སྐྱབས་འགྲོ་སེམས་བསྐྱེད་སྤེལ་ཞིང་སྦྱང་བ་དང༌། དཀོན་མཆོག་གསུམ་གྱི་མཆོད་པ་ལ་བརྩོན་པར་བྱ་བ་དང༌། དགོས་པ་གལ་པོ་ཆེའམ་སྡུག་བསྔལ་ཅི་བྱུང་ཡང་ཐབས་གཞན་ནས་མི་བཙལ་བ་དང༌། རྒྱལ་སྲིད་དང་སྲོག་དང་བྱ་དགའི་ཕྱིར་ཡང་དཀོན་མཆོག་གསུམ་མི་སྤང་བ་དང༌། ཕྱོགས་གང་དང་གང་དུ་འགྲོ་བའི་ལྷ་ལ་ཕྱག་དང་མཆོད་པ་བྱ་ཞིང་སྐྱབས་སུ་འགྲོ་བ་བྱའོ། །ཁྱད་པར་ལ་གསུམ། སངས་རྒྱས་དཀོན་མཆོག་ལ་སྐྱབས་སུ་སོང་ན། ལྷ་གཞན་དག་ལ་ཕྱག་མི་འཚལ་བ་དང༌། ཆོས་ལ་སྐྱབས་སུ་སོང་ན། སེམས་ཅན་གྱི་སྲོག་དང་ལོངས་སྤྱོད་ལ་གནོད་པ་མི་བྱ་བ་དང༌། དགེ་འདུན་ལ་སྐྱབས་སུ་སོང་ན་མི་མུ་སྟེགས་ཅན་མི་བསྟེན་པ་ལ་བསླབ་པའོ། །རྗེས་སུ་མཐུན་པའི་གསུམ་ནི། གུས་པས་སྒྲུབ་ཅིང་མ་གུས་པ་སྤོང་བ་ཡིན། བསླབ་པ་བཅུ་གཅིག་པོ་འདི་ལ་ཐུན་མོང་དང་ཁྱད་པར་གཉིས་ཀ་སློབ་པར་མཐུན་གསུངས། འདི་ཡི་འབྲུ་བཤད་ཞིབ་ཏུ་བླ་མའི་ཞལ་ལས་ཤེས། དེ་ཡན་ཆད་དུ་བྱས་པ་དེ་དག་ཐམས་ཅད་དགེ་བའི་རྩ་བ་ཡིན་པས། བླ་ན་མེད་པའི་བྱང་ཆུབ་ཏུ་བསྔོས་ན་མི་ཟད་པའི་གཏེར་དུ་སྦས་པས། བསོད་ནམས་ཀྱི་ཚོགས་ཚད་མེད་པ་བསོགས་པར་འགྱུར་བས། སེམས་ཅན་གྱི་དོན་དུ་རྫོགས་པའི་སངས་རྒྱས་འཐོབ་པར་བྱ། དེའི་ཁྱད་དུ་དགེ་བའི་རྩ་བ་བསྔོ་སྙམ་དུ་སོམས་ལ་རྗེས་ཟློས་མཛོད། ཧོ། རྡོ་རྗེ་བླ་མ་དང་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང༌། གསང་སྔགས་ཀྱི་ལྷ་ཚོགས་ཐམས་ཅད་ཀྱང་བདག་ལ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བས། འཁོར་བ་ཐོག་མ་མེད་པ་ནས། ད་ལྟའི་དུས་འདི་ཡན་ཆད་དུ། ཕ་རོལ་ཕྱིན་པ་བཅུ་དང༌། བསྡུ་བའི་དངོས་པོ་བཞི་དང༌། དགེ་བ་བཅུ་དང༌། དཀོན་མཆོག་གསུམ་ལ་སྐྱབས་སུ་གསོལ་བ་དང༌། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་དང༌། ཐ་ན་དུད་འགྲོའི་སྐྱེ་གནས་སུ་སྐྱེས་པ་ལ་ཟས་ཁམ་གཅིག་ཙམ་སྩལ་བ་དང༌། གཞན་ཡང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་དེ་ལྟར་མཛད་པའི་དགེ་བའི་རྩ་བ་གཅིག་ཏུ་བསྡུས་ཤིང་བསྡོམ་ནས་བཟླུམ་སྟེ་བླ་ན་མེད་པའི་བྱང་ཆུབ་ཆེན་པོར་བསྔོའོ། །ད་ནི་གསུམ་པ་ཚད་མེད་པ་བཞི་ནི། བྱམས་པ་དང་སྙིང་རྗེ་དགའ་བ་བཏང་སྙོམས་ཏེ། དེ་ཡང་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་མ་ཡིན། དེ་ཡང་ལུང་ལས། མ་ཡི་ཐོག་མཐའ་རྒྱ་ཤུག་ཚིག་གུ་ཙམ། །རིལ་བུར་བགྲངས་ཀྱང་ས་ཡིས་ལང་མི་འགྱུར། །ཞེས་གསུངས་སོ། །རིགས་པས་དཔྱད་ཀྱང༌། འཁོར་བ་ལ་ཐོག་མ་ཡོད་མ་མྱོང་བས། སེམས་ཅན་གཅིག་གིས་མ་བྱས་པའི་གྲངས་ཀྱང་བགྲང་གིས་མི་ལངས། མ་འདི་དག་ཐམས་ཅད་བདེ་བ་དང་ལྡན་ན་སྙམ་པ་བྱམས་པ། སྡུག་བསྔལ་མཐའ་དག་བྲལ་ན་སྙམ་པ་སྙིང་རྗེ། བདེ་བའི་རྒྱུད་མ་ཆད་པར་བརྟན་ན་སྙམ་པ་དགའ་བ། སེམས་ཅན་ཐམས་ཅད་དགྲའམ་གཉེན་ཐ་མལ་པ་གསུམ་དུ་མི་འཛིན་པར་རྫོགས་པའི་སངས་རྒྱས་ཐོབ་པར་འདོད་པ་བཏང་སྙོམ་མོ། །ད་ནི་བཞི་པ་བླ་མ་ལ་སངས་རྒྱས་ཀྱི་འདུ་ཤེས་སྐྱེས་ན་སེམས་བསྐྱེད་སྐྱེ་བར་གསུངས་པས། བདག་གི་བླ་མ་འདི་ཡང་དག་པར་རྫོགས་པའི་སངས་རྒྱས་ཡིན་ངེས་སྙམ་དུ་བསྒོམ། བླ་མ་ལ་ཐེ་ཚོམ་བྱ་ཞིང་སངས་རྒྱས་ཀྱི་འདུ་ཤེས་མ་སྐྱེས་ན། སེམས་བསྐྱེད་མི་སྐྱེ་ལ། བླ་མ་ལ་སངས་རྒྱས་ཀྱི་འདུ་ཤེས་སྐྱེས་ན་བླ་མ་རང་གི་སེམས་ཡིན། སེམས་སངས་རྒྱས་སུ་རྟོགས་པས་སེམས་བསྐྱེད་པ་རང་ཡིན། བླ་མས་སངས་རྒྱས་ཀྱི་འདུ་ཤེས་སྐྱེ་བ་གལ་ཆེ། དེ་མན་ཆད་ཀྱིས་སྨོན་པ་སེམས་བསྐྱེད་སྐྱེ་བའི་བརྒྱུད་པའི་རྒྱུ་བཞི་གསུངས་པ་ལགས། ད་ནི་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པར་བྱ་བ་ནི། དོན་གསུམ་གྱིས་ཤེས་པར་བྱ་སྟེ། སྟ་གོན་དུ་གནས་པ་དང༌། དངོས་གཞི་སེམས་བསྐྱེད་པ་དང༌། རྗེས་ཕྲིན་ལས་བཅོལ་བའོ། །དེ་ལ་སེམས་བསྐྱེད་སྐྱེ་བའི་གོ་བ་ནི་རྒྱུ་རྐྱེན་ཚོགས་པ་ལ་སྐྱེ་སྟེ། བརྒྱུད་པའི་རྒྱུ་སྔོན་དུ་སོང་བ་རྣམས་ཡིན་ལ། དངོས་ཀྱི་རྒྱུ་རང་གི་སེམས་རིག་པ་དྭངས་ལ་མ་འགགས་པ་འཆར་བྱེད་ཀྱི་ནུས་པ་ཐོགས་པ་མེད་པ་འདི། སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཐོབ་པར་འདོད་པའི་བསམ་པ་ཉེ་བར་ལེན་པའི་རྒྱུ་ཡིན་ལ། ལྷན་ཅིག་བྱེད་པའི་རྐྱེན་ཡང་དག་པའི་བླ་མས་བྱས་ནས། རྒྱུ་རྐྱེན་གཉིས་ཚོགས་པ་ལས་བྱང་ཆུབ་ཀྱི་སེམས་སྐྱེ་བས། དེ་ཡང་སེམས་ཅན་ཐམས་ཅད་བདེ་བ་དང་ལྡན། སྡུག་བསྔལ་དང་བྲལ། མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འཐོབ་པར་བྱ་སྙམ་པའི་བསམ་པ་དེ། སེམས་བསྐྱེད་པའི་བླ་མ་དེས་ཆོ་ག་བརྗོད་པའི་རྗེས་ལ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་འཐོབ་པར་བྱ་སྙམ་པའི་བསམ་པ་བརྟན་པོ་བསྐྱེད་པ་དེ་ལགས་པས། དང་པོ་སྟ་གོན་གྱི་ཆོ་ག་བརྟེན་པ་ནི། ཡང་སྔར་བཞིན་མཆོད་པའི་ཚོགས་དེ་དག་ཐམས་ཅད་དབུལ། བླ་མ་ལ་སངས་རྒྱས་ཀྱི་འདུ་ཤེས་བསྐྱེད་ལ། ལུས་ལོངས་སྤྱོད་ཐམས་ཅད་དབུལ་ཏེ། བདག་ལུས་འབྱུང་བ་འདུས་པ་འདི། །བླ་མ་བདེ་བར་གཤེགས་པ་རྣམས་ལ་མཆོད་པར་འབུལ། །ཐུགས་རྗེའི་དབང་གིས་བཞེས་མཛོད་ལ། །རྡོ་རྗེའི་སྐུ་རུ་བྱིན་གྱིས་རློབས། །བདག་ངག་བྲག་ཆ་ལྟ་བུ་འདི། །བླ་མ་བདེ་བར་གཤེགས་པ་རྣམས་ལ་མཆོད་པར་འབུལ། །ཐུགས་རྗེའི་དབང་གིས་བཞེས་མཛོད་ལ། །དྲི་མེད་གསུང་དུ་བྱིན་གྱིས་རློབས། །བདག་ཡིད་རྣམ་རྟོག་ཕུང་པོ་རྣམས། །བླ་མ་བདེ་བར་གཤེགས་པ་རྣམས་ལ་མཆོད་པ་འབུལ། །ཐུགས་རྗེའི་དབང་གིས་བཞེས་མཛོད་ལ། །རྣམ་རྟོག་ཆོས་སྐུར་བྱིན་གྱིས་རློབས། །བདག་རྒྱུད་ཟག་བཅས་བདེ་བ་འདི། །བླ་མ་བདེ་བར་གཤེགས་པ་རྣམས་ལ་མཆོད་པར་འབུལ། །ཐུགས་རྗེའི་དབང་གིས་བཞེས་མཛོད་ལ། །ཟག་མེད་བདེ་བར་བྱིན་གྱིས་རློབས། །བདག་གིས་དུས་གསུམ་བསགས་པའི་དགེ་བ་རྣམས། །བླ་མ་རྒྱལ་བ་རྣམས་ལ་མཆོད་པར་འབུལ། །ཐུགས་རྗེའི་དབང་གིས་བཞེས་མཛོད་ལ། །ཚོགས་གཉིས་རྫོགས་པར་བྱིན་གྱིས་རློབས། །ད་ནི་སྟ་གོན་ལ་གནས་པའི་ཆོ་ག་བགྱི་བས། །མེ་ཏོག་རེ་ཕྱག་ཏུ་བསྣམས་ལ་རྗེས་ཟློས་མཛོད། །བདག་གིས་དེ་རིང་སྐྱེ་བོ་ཐམས་ཅད་ཀྱི་དོན་དུ། །བླ་མ་དང་དཀྱིལ་འཁོར་ལ་སོགས་ཐམས་ཅད་ཀྱི་སྤྱན་སྔར། །འགྲོ་བའི་མགོན་པོ་སངས་རྒྱས་ཉིད་དང་ནི། །བར་དུ་བདེ་བར་མགྲོན་དུ་བོས་ཟིན་གྱིས། ལྷ་དང་ལྷ་མིན་ལ་སོགས་དགའ་བར་གྱིས། །ཞེས་ལན་གསུམ་བརྗོད་ལ་མེ་ཏོག་དོར། དེའི་དོན་གང་ལགས་ན། བདག་གིས་དེ་རིང་ཞེས་པ། དེ་རིང་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའི་དུས་ནས་བཟུང་སྟེ་དོན་ཅི་བྱེད་ན། སེམས་ཅན་གྱི་དོན་དུ་བླ་མ་དང་དཀྱིལ་འཁོར་ལྷ་ཚོགས་དཔང་པོར་བཞག་པའི་སྤྱར་སྔར། འགྲོ་བའི་མགོན་པོ་སངས་རྒྱས་ཉིད་དང་ནི། །ཞེས་པ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཐོབ་པར་སེམས་བསྐྱེད་པ་ཡིན་ལ། བར་དུ་ཞེས་པ་སེམས་བསྐྱེད་པ་ནས་སངས་རྒྱས་ཀྱི་བར་དུ་ཡང་སེམས་ཅན་ཐམས་ཅད་བདེ་བར་བྱེད་པའི་བསམ་པ་དང་མི་འབྲལ་བའི་དམ་བཅའ་བའི་དཔང་པོར་བོས་པ་ཡིན་གྱི། ལྷ་དང་ལྷ་མ་ཡིན་གྱིས་ཉེ་བར་མཚོན་པ་ཡིན་ལ། དཔང་པོ་དང་མྱ་ངན་ལས་འདས་རྣམས་དགྱེས་པའི་རང་བཞིན་ལ་སེམས་ཅན་ཐམས་ཅད་བདེ་བ་ལ་འཁོད་པར་འདོད་པའི་ཆེད་དུ། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པས་དགའ་བར་གྱིས་ཞེས་སོ། །ད་ནི་གཉིས་པ་དངོས་གཞི་སེམས་བསྐྱེད་པ་ལ། སྨོན་དང་འཇུག་པ་གཉིས། དེ་ནས་སྨོན་པ་སེམས་བསྐྱེད་པའི་ཆོ་ག་བགྱི་བས། མཆོད་པའི་ཚོགས་དཔག་ཏུ་མེད་པ་དང༌། ལུས་ལོངས་སྤྱོད་ཀྱང་ཕུལ། མེ་ཏོག་རེ་ཕྱག་ཏུ་ཟུངས་ལ། བླ་མར་སངས་རྒྱས་ཀྱི་འདུ་ཤེས་བསྐྱེད་ལ་བདག་ལ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པར་འདུག་གམ་སྙམ་དུ་སེམས་ལ་རྗེས་ཟློས་མཛོད། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། སློབ་དཔོན་བདག་ལ་དགོངས་སུ་གསོལ། ཧོ་དངོས་པོ་ཐམས་ཅད་དང་བྲལ་བས། །ཕུང་པོ་ཁམས་དང་སྐྱེ་མཆེད་རྣམས། །གཟུང་དང་འཛིན་པ་རྣམ་པར་སྤངས། །ཆོས་ལ་བདག་མེད་མཉམ་ཉིད་པས། །རང་སེམས་གདོད་ནས་མ་སྐྱེས་པ། །སྟོང་པ་ཉིད་ཀྱི་རང་བཞིན་ནོ། །དེ་ལྟར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཐུགས་བསྐྱེད་པ་དེ་བཞིན་དུ། བདག་མིང་འདི་ཞེས་བགྱི་བ་དུས་འདི་ནས་བྱང་ཆུབ་ཀྱི་སྙིང་པོ་ལ་མཆིས་ཀྱི་བར་དུ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཆེན་པོར་སེམས་བསྐྱེད་པར་བགྱིའོ། །སེམས་ཅན་མ་གྲོལ་བ་རྣམས་དགྲོལ་བར་བགྱིའོ། །མ་བསྒྲལ་བ་རྣམས་བསྒྲལ་བར་བགྱིའོ། །དབུགས་མ་སོང་བ་རྣམས་དབུགས་དབྱུང་བར་བགྱིའོ། །ཡོངས་སུ་མྱ་ངན་ལས་མ་འདས་པ་རྣམས་ཡོངས་སུ་མྱ་ངན་ལས་འདའ་བར་བགྱིའོ། །བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་པར་བགྱི། །སེམས་ཅན་ཐམས་ཅད་བདག་གིས་མགྲོན་དུ་གཉེར། །བྱང་ཆུབ་མཆོག་སྤྱོད་ཡིད་འོང་སྤྱད་ནས་ཀྱང༌། །འགྲོ་ལ་ཕན་ཕྱིར་སངས་རྒྱས་བསྒྲུབ་པར་བགྱིའོ། །ལན་གསུམ་བརྗོད་ལ། ཕྱི་མ་ལ་ཐབས་ཡིན་ནོ་ལེགས་སོ་བརྗོད། ཆོ་ག་འདི་ཆོས་རྗེ་ཕག་མོ་གྲུ་པས་དོན་དམ་པ་སེམས་བསྐྱེད་དུ་མཛད། བླ་མ་སངས་རྒྱས་སྒོམ་པས་སྨོན་པ་སེམས་བསྐྱེད་དུ་མཛད། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས། བསླབ་བྱ་ལ་སློབ་དགོས་པ། བསླབ་བྱ་ལྔ་ལ་སློབ་པ་ལགས་ཏེ་བསོད་ནམས་ཀྱི་ཚོགས་རྒྱ་ཆེན་པོ་གསོག་པ་ལ་བསླབ། བྱང་ཆུབ་སེམས་ཀྱི་ཕན་ཡོན་རྗེས་སུ་དྲན་པ་ལ་བསླབ། བྱང་ཆུབ་ཀྱི་སེམས་སྤེལ་ཞིང་སྦྱང་བ་ལ་བསླབ། སེམས་ཅན་བློས་མི་སྤང་བ་ལ་བསླབ། ནག་པོའི་ཆོས་བཞི་སྤངས་ནས་དཀར་པོའི་ཆོས་བཞི་ལ་སློབ་བོ། །དེ་ཡང་ཚོགས་གསོག་པ་ལ་སློབ་པ་ནི། འབྲས་བུ་ཁྱད་པར་ཅན་གང་ལས་འབྱུང་བའི་ཚོགས་བསགས། ཕ་རོལ་ཏུ་ཕྱིན་པ་དྲུག་གི་མི་མཐུན་པའི་ཕྱོགས་སྤངས་ལ། ཕ་རོལ་ཏུ་ཕྱིན་པ་དྲུག་ཚོགས་གཉིས་སུ་བསྡུས་ཏེ་བསླབ། གཞན་ཡང་དུས་དང་རྣམ་པ་ཐམས་ཅད་དུ་ཚོགས་བསགས། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་བྱ་བ་དེ། སེམས་བསྐྱེད་པའམ། རྒྱ་ཆེ་བའམ། དུས་དང་བསམ་པ་རྒྱ་ཆེ་བ་ཡིན་པས། དུད་འགྲོ་ལ་ཟས་ཁམ་གཅིག་ཙམ་སྩལ་བའི་དགེ་བ་ཡིན་ཡང་བྱང་ཆུབ་ཀྱི་སེམས་ཀྱིས་ཟིན་ན་དེ་དང་མཉམ་པས་རྒྱ་ཆེ་བ་ཡིན། དཔེར་ན། སེང་གེའི་ཕྲུག་གུ་འབྲང་མ་ཁད་དང་འདྲ་བ་ཡིན། ད་གཉིས་པ་བྱང་ཆུབ་སེམས་ཀྱི་ཕན་ཡོན་མདོ་རྒྱུད་ནས་དཔག་ཏུ་མེད་པ་ཞིག་གསུངས་ཀྱང༌། རྟེན་སོ་སོའི་སྐྱེ་བོ་གཅིག་གིས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས། ལས་དང་བྱ་བ་ཅི་བྱེད་ན་ཡང་བྱང་ཆུབ་ཀྱི་སེམས་ཀྱིས་ཟིན་ན་ཐམས་ཅད་བྱང་ཆུབ་སེམས་སུ་འོང་བ་ཡིན། དཔེར་ན་གསེར་འགྱུར་གྱི་རྩི་ལྟ་བུའོ། །ལམ་ཉམས་སུ་ལེན་པའི་དུས་ན་ཡང་རང་ཉིད་ས་དང་ལམ་ཀྱི་ཡོན་ཏན་རིན་པོ་ཆེ་མངོན་དུ་བྱས་ནས། གཞན་དོན་དུ་སེམས་ཅན་གྱི་དོན་གྲུབ་པ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེའམ། དཔག་བསམ་གྱི་ཤིང་ལྟ་བུའོ། །མཐར་མངོན་པར་རྫོགས་པར་སངས་རྒྱས་ནས་སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོས་སེམས་ཅན་གྱི་དོན་རྒྱུན་འཆད་མེད་པར་འབྱུང་བ་ཡང་བྱང་ཆུབ་ཀྱི་སེམས་ལས་བྱུང་བ་ཡིན། ཕྱོགས་བཅུ་དུས་གསུམ་ན་བཞུགས་པའི་སངས་རྒྱས་ཐམས་ཅད་སེམས་ཅན་གྱི་དོན་བྱེད་པ་ཡང་བྱང་ཆུབ་སེམས་ལས་འབྱུང་བ་ཡིན། མདོར་ན་བྱང་ཆུབ་ཀྱི་སེམས་ཡོད་ན་བདག་གཞན་ཐམས་ཅད་ཀྱི་གནས་སྐབས་དང་མཐར་ཐུག་གི་བདེ་བ་ཡང་བྱང་ཆུབ་ཀྱི་སེམས་ལས་བྱུང་བ་ཡིན། ད་ནི་བྱང་ཆུབ་ཀྱི་སེམས་སྤེལ་ཞིང་སྦྱང་བ་ནི། དུས་ཐམས་ཅད་དུ་བདག་གི་ལུས་ངག་ཡིད་གསུམ་གྱིས་སེམས་ཅན་ལ་ཕན་གདག་པར་བྱ་སྙམ་པའི་བསམ་པས་ཟིན་པར་བྱས་ནས། བདག་གིས་མཐོང་བ་ཐོས་པ་དྲན་པ་རེག་པའི་སེམས་ཅན་ཐམས་ཅད་དང་བདག་ལ་ཕོག་པའི་ས་དང་ཆུ་དང་རླུང་གིས་གང་ལ་ཕོག་པའི་སེམས་ཅན་ཐམས་ཅད་དང༌། བདག་གི་ལུས་ངག་ཡིད་གསུམ་གྱི་བྱ་བ་བྱེད་པ་ཐམས་ཅད། སེམས་ཅན་ཐམས་ཅད་ལ་མི་གནོད་ཅིང༌། བདག་ལ་བརྟེན་ཏེ་བདེ་བ་དང་ལྡན། སྡུག་བསྔལ་དང་བྲལ། མྱུར་དུ་རྫོགས་པའི་སངས་རྒྱས་འཐོབ་པར་བྱ་སྙམ་དུ་བསམ། རང་ཉིད་བྱང་ཆུབ་ཀྱི་སེམས་བསྒོམས་པས། བྱང་ཆུབ་ཀྱི་སེམས་ཀྱི་རང་གཟུགས་སུ་སོང་བ་གཅིག་དགོས་པ་ཡིན། དེས་སེམས་ཅན་ལ་ཕན་པའང་འབྱུང་བ་ལགས། ད་ནི་སེམས་ཅན་བློས་མི་སྤང་བ་ལ་བསླབ་པ་ནི། བྱང་ཆུབ་སེམས་དཔའ་ལ་སེམས་ཅན་རྨུ་རྒོད་ཀྱིས་གནོད་པ་བྱེད་པ་བྱུང་ན། དེ་ལ་ངན་ལན་མི་བྱ་བར་བྱང་ཆུབ་ཀྱི་སེམས་བསྒོམ། དྲོད་ཀྱི་ནུས་པ་ཐོབ་པ་ཡིན་ན་ཚར་བཅད་དང་རྗེས་བཟུང་བྱ། མ་བྱས་ན་སངས་རྒྱས་ཀྱི་བསྟན་པ་ལ་སེམས་ཅན་ཡལ་བར་དོར་བའི་ཉེས་པ་ཡང་འབྱུང་ལ། ཁོ་ལ་ཤ་ཚ་བཏང་བས་བྱང་ཆུབ་ཀྱི་སེམས་ཀྱང་ཉམས་ནས་འགྲོ་བ་ཡིན། བྱང་ཆུབ་ཀྱི་སེམས་ཀྱིས་བཟུང་ན་ཁོ་ལ་ཚིག་ངན་པ་དྲག་པོ་བརྗོད་པས་འཕྲལ་དུ་གནོད་པ་ལྟར་འདུག་ཀྱང་ཕུགས་སུ་ཕན་འདོགས་ཡེ་མི་ཉན་ན་ཁོ་གཙོར་བྱས་པའི་སེམས་ཅན་ཐམས་ཅད་བདེ་བ་དང་ལྡན། སྡུག་བསྔལ་དང་བྲལ་མྱུར་དུ་བླ་ན་མེད་པར་ཡང་དག་པར་རྫོགས་པའི་སངས་རྒྱས་འཐོབ་པར་བྱ་སྙམ་དུ་བྱང་ཆུབ་ཀྱི་སེམས་བསྒོམ། མི་འགའ་ཞིག་ན་རེ་ཚར་བཅད་མི་བྱེད་ཟེར་ཏེ་སེམས་ཅན་ཤ་ཚ་སྤོང་བའི་གཏམ་ཡིན། གཞན་གྱིས་མི་འཚམས་པ་བྱས་ན། ངན་པ་ཁྱོད་དང་ཚེ་རབས་སུ་མི་འཕྲད་པར་བྱའོ་སྙམ་པ་སྐྱེས་ན་སེམས་ཅན་བློས་སྤོང་འབྱུང་བ་ཡིན་ནོ། །ཇོ་བོ་རྗེའི་ཞལ་ནས་ཀྱང༌། དེ་ཙམ་ཞིག་ལས་བྱུང་བ་ཡིན་སྐད། ད་ནི་ནག་པོའི་ཆོས་བཞི་སྤང་ཞིང་དཀར་པོའི་ཆོས་བཞི་ལ་སློབ་པ་ནི། བླ་མ་དང་མཆོད་པར་འོས་པ་བསླུ་བ། གཞན་འགྱོད་པའི་གནས་མ་ཡིན་པ་ལ་འགྱོད་པ་བསྐྱེད་པ། བྱང་ཆུབ་སེམས་དཔའ་ལ་ཞེ་སྡང་གི་ཚིགས་སུ་བཅད་པ་མ་ཡིན་པ་བརྗོད་པ། སེམས་ཅན་ལ་གཡོ་རྒྱུས་སྤྱོད་པ་ནག་པོའི་ཆོས་ཡིན། དཀར་པོའི་ཆོས་བཞི་ནི་བླ་མ་དང་མཆོད་པར་འོས་པ་མགོ་བསྐོར་བ་དང༌། མི་བསླུ་བའི་སྟེང་དུ་ཞབས་ཏོག་དང་བསྙེན་བཀུར་བྱེད་ཅིང༌། སེམས་ཅན་ཐ་མལ་པ་ཡང་ཤེས་བཞིན་དུ་ཙམ་དུ་རྫུན་མི་སྨྲ་བ་དཀར་པོའི་ཆོས་ཡིན། གཞན་དགེ་བ་བྱེད་པ་ལ་ཤ་ཚ་ཚ་སྐད་ཟེར་ནས། ན་ན་ན་བརྒྱག ཤི་ན་ཤི་བརྒྱག་དགོས་ཟེར་ནས། དགེ་བ་ལ་ཕྱི་བཤོལ་འདེབས་པ་ནག་པོའི་ཆོས་ཡིན། གཞན་དགེ་བ་བྱེད་པ་ལ། ཁྱོད་ནི་བདོག་པ་དོན་དང་ལྡན་པར་བྱས་ཤིང་སྤྲོ་བ་བསྐྱེད་ཅིང་རྗེས་སུ་ཡི་རང་བ་བསྒོམ། བླ་ན་མེད་པའི་བྱང་ཆུབ་ཏུ་བསྔོ་བར་གཞུགས་པ་དཀར་པོའི་ཆོས་ལ་བསླབ། བྱང་ཆུབ་སེམས་དཔའ་གང་ན་བཞུགས་པ་མི་ཤེས་པས། དམན་པའི་ཆས་སུ་ཡོད་པ་ཡང་སྲིད་པས། གཞན་ལ་ཚིག་བརླང་པོ་ཆེ་བརྗོད་པ་ནག་པོའི་ཆོས་ཡིན། གཞན་ལ་ཚིག་ངན་པ་མི་བརྗོད་ཀྱི་སྟེང་དུ། གཞན་ལ་ཡོན་ཏན་ཅི་ཙམ་ཡོད་པའི་བསྟོད་པ་བརྗོད་པ་དཀར་པོའི་ཆོས་ལ་བསླབ། སེམས་ཅན་ལ་གཡོ་རྒྱུ་མི་བྱེད་ཀྱི་སྟེང་དུ་དྲང་པོའི་སེམས་ཆོས་ཀྱི་སྤྱོད་པ་དཀར་པོའི་ཆོས་ལ་བསླབ། དེ་ཡན་ཆད་སྨོན་པ་བྱང་ཆུབ་ཏུ་སེམས་བསྐྱེད་པའི་ཆོ་ག་ཚང་བར་བགྱིད་པ་ལགས་སོ། །ད་ནི་གཉིས་པ་འཇུག་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པར་བྱ་བ་ནི། འཇུག་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པར་བྱ་བ་ལ། རྒྱུ་སྨོན་པ་བརྟན་པ་དང༌། བླ་མ་སངས་རྒྱས་ཀྱི་འདུ་ཤེས་བསྐྱེད་པ་ལ་འཇུག་པ་སེམས་བསྐྱེད་སྐྱེ་བ་ལགས་པས། སྐབས་འདིར་མཆོད་པའི་ཚོགས་དཔག་ཏུ་མེད་པ་དང༌། ལུས་དང་ལོངས་སྤྱོད་ལྟོས་པ་མེད་པར་ཕུལ། དེ་ལ་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་སྡོམ་པ་འདི། སྨོན་པ་བྱང་ཆུབ་ཏུ་སེམས་བསྐྱེད་པ་འབྲས་བུ་ལ་དམ་བཅའ་བ་སོང་ནས། འཇུག་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་རྒྱུ་ལ་དམ་བཅའ་བ་ནི། འབྲས་བུ་སངས་རྒྱས་ཐོབ་པར་འདོད་པ་དེ། རྒྱུ་སྡོམ་པ་རིན་པོ་ཆེ་གསུམ་ལགས་པས་ཇི་ལྟ་བ་བཞིན་དུ་བསླབ་པ་འདི་ཁས་བླང་ཞིང་སྡོམ་པ་བཟུང་བ་ནི། སངས་རྒྱས་ཐོབ་པའི་རྒྱུ་ཡིན་པས། སྐབས་འདིར་འབུལ་བ་རེ་ཡང་ཕུལ་མཛོད། འདིར་མཆོད་པ་དང་འབུལ་བ་བྱས་པ་དེ་བྱང་ཆུབ་ཀྱི་སེམས་དང་མཚུངས་ལྡན་དུ་ཚེ་རབས་དང་ཚེ་རབས་སུ་འགྱུར་དང་བཅས་པ་འགྱུར་བ་ཡིན། བླ་མ་དང་སངས་རྒྱས་ཀྱི་འདུ་ཤེས་བསྐྱེད་ལ་ཐུགས་མ་ཡེངས་པར་རྗེས་ཟློས་མཛོད། བྱང་ཆུབ་ཆེན་པོར་སེམས་བསྐྱེད་ནས། བསྲུངས་དབང་ཆེན་པོ་ལ་གནས་པར་བགྱི་སྟེ། ཇི་ལྟར་འདས་པ་དང་མ་བྱོན་པ་དང༌། ད་ལྟར་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སྡོམ་པའི་ཚུལ་ཁྲིམས་དང༌། དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས་དང༌། སེམས་ཅན་དོན་བྱེད་ཚུལ་ཁྲིམས་རྣམས་ཡང་དག་བླངས་ནས་གནས་པ་བཞིན་དུ་བདག་གིས་ཀྱང་གནས་པར་བྱའོ། །ཐབས་ཡིན་ནོ། །ལེགས་སོ། །ཞེས་བརྗོད་ལ་མེ་ཏོག་དོར། སྡོམ་པ་ཐོབ་པ་ལགས་པས་ཐོབ་པ་ལ་ཐོབ་པར་ཤེས་པར་མཛོད། སེམས་བསྐྱེད་རྒྱས་པ་ལ་རྗེས་ཟློས་མི་དགོས། ཆོ་ག་འདིའི་ལུགས་ཀྱིས་རྗེས་ཟློས་བྱེད་པ་ཡིན། འཇུག་པ་བྱང་ཆུབ་ཏུ་སེམས་བསྐྱེད་པའི་ཉམས་སུ་བླང་རྒྱུ་ཚུལ་ཁྲིམས་གསུམ་པོ་ལ་སོགས་པ་ལགས་པས། དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས་སྤྱིར་དཀར་པོ་དགེ་བའི་ཆོས་ཐམས་ཅད། ལྷག་པ་ཤེས་རབ། ལྷག་པ་ཏིང་འཛིན། ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པའམ། དགེ་བ་བཅུ་ཕ་རོལ་ཏུ་ཕྱིན་པ་བཅུའམ། དྲུག་གིས་བསྡུས་པའི་དགེ་བའི་ཕྱོགས་ཐམས་ཅད་ཉམས་སུ་བླང༌། སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས། སྦྱིན་པ། སྙན་པར་སྨྲ་བ། དོན་མཐུན་པ། དོན་སྤྱོད་པ་བཞི་ལ་སོགས་པས་སེམས་ཅན་གྱི་དོན་བྱ། སྡོམ་པའི་ཚུལ་ཁྲིམས་སོ་སོར་ཐར་པའི་རིགས་བདུན། བྱང་ཆུབ་སེམས་དཔའི་བསླབ་པ། རིག་པ་འཛིན་པའི་དམ་ཚིག་གསུམ་གྱིས་མི་མཐུན་པའི་ཕྱོགས་སྡོམ་པས་ནི་སྡོམ་པ། མཐུན་ཕྱོགས་ཉམས་སུ་ལེན་པས་ན་ཚུལ་ཁྲིམས། དེ་ལ་བསྡོམ་རྒྱུའི་དངོས་པོ་ཕམ་ལྟུང་ཕམ་པ་བཞིའམ་ལྕི་བ་བརྒྱད། ལོག་པ་བཞི་ཁ་ན་མ་ཐོ་བ་གཉིས། ཉེས་བྱས་བཞི་བཅུ་རྩ་དྲུག་ལ་སོགས་པའི་ཉེས་པས་མ་གོས་པར་བྱ་ཞིང་མཐུན་ཕྱོགས་ཉམས་སུ་བླང་བའོ། །དེ་དག་ཀྱང་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་དང༌། སྡོམ་པ་ཉི་ཤུ་པ་ནས་གསུངས་པ་ལྟར་ཤེས་པར་བྱའོ། །དེ་ཡན་ཆད་ཀྱིས་འཇུག་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་ཐོབ་པ་ཡིན། ད་ནི་གསུམ་པ་ཕྲིན་ལས་བཅོལ་བ་ནི། དེ་ལྟར་ཁྱེད་ཀྱིས་སྡོམ་པ་ཐོབ་པའི་དུས་དེར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་མཁྱེན་ཅིང་ཐུགས་རྗེའི་སྟོབས་ཀྱིས་བྱོན་པ་ལགས་པས། དེ་དག་ལ་ལུས་ལོངས་སྤྱོད་མཆོད་པའི་ཚོགས་དཔག་ཏུ་མེད་པ་ཕུལ་བར་སོམས་ལ། བླ་མ་དང་ཡི་དམ་གྱི་ལྷ་དང་བྱང་ཆུབ་སེམས་དཔའ་མདུན་གྱི་ནམ་མཁའ་ལ་བྱོན་པ་རྣམས་དང༌། རང་གི་བླ་མ་ལ་ཕྱག་སྤེལ་ནས་སྨོན་ལམ་འདེབས་པ་འདི་སེམས་བསྐྱེད་རྒྱས་པ་དང་མཐུན་པ་ལགས་པས། སྤྲོས་པ་ལ་དགའ་ན་མཛད་པས་ཆོག དེ་ཡང་དེ་ལྟར་མཛད་ནས་ཕྱག་སྦྲེལ་ནས་འཁོར་བའི་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོ་ལས་བསླངས་ནས། མྱ་ངན་ལས་འདས་པའི་དབྱིངས་སུ་འདྲེན་པར་སོམས་ལ་རྗེས་ཟློས་མཛོད་ཅིག ཇི་སྲིད་འཁོར་བའི་རྒྱ་མཚོ་ཆེན་པོ་མ་སྟོང་པར་མ་གྱུར་གྱི་བར་དུ། ནམ་ཡང་མི་འབྲལ་བར་གྱུར་ཅིག ཁམས་གསུམ་འཁོར་བའི་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོ་ལས་དབུགས་ཕྱིན་པར་གྱུར་ཅིག ཞེས་བརྗོད་ཅིང་ཡར་ལངས་ལ། སྙིམ་པ་ནས་ཀྱིས་བཀང་ལ་ཐལ་མོ་སྦྱར་ཏེ། འདི་ལྟར་བྱང་ཆུབ་ཏུ་སེམས་བསྐྱེད་པའི་ཚུལ་འདི་རྣམས་ཀྱིས། བདག་བྱང་ཆུབ་སེམས་དཔའ་མིང་འདི་ཞེས་བྱ་བས་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་སྡོམ་པ་བླངས་ལ། ཡང་དག་པར་བླངས་པས། ལན་གསུམ་གྱི་བར་དུ་བླངས་པ་ལས། འཕགས་པའི་ཆོས་ལྐོག་ཏུ་གྱུར་ཀྱང༌། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་རབ་འབྱམས་ཆོས་ཀྱི་དབྱིངས་ཀྱིས་ཀླས་པ། ནམ་མཁའི་མཐས་གཏུགས་པ་ཐམས་ཅད་ན། ཆོས་ལྐོག་ཏུ་མ་གྱུར་པའི་ཐུགས་མངའ་བ་ཐམས་ཅད་ལ་མཁྱེན་པར་གསོལ་ལོ། །ལན་གསུམ་བརྗོད་ཅིང༌། ཕྱོགས་བཅུར་མེ་ཏོག་གཏོར་ཞིང་ཕྱག་འཚལ། བྱང་ཆུབ་སེམས་དཔའི་སྡོམ་པ་ཐོབ་པའི་དུས་འདིར། འཇིག་རྟེན་གྱི་ཁམས། སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་ས་གཡོ་བ་དང༌། འཇའ་དང་འོད་འབྱུང་བ་དང༌། སྤོས་ཀྱི་ངད་ལྡང་བ་དང༌། མེ་ཏོག་གི་ཆར་དབབ་པ་ལ་སོགས་པ་ཡུམ་གྱི་གླེང་གཞི་ལས་ཤེས་པར་བྱའོ། །ད་ནི་སྡོམ་པ་མི་ཉམས་པའི་ཕྲིན་ལས་བཅོལ་བ་ནི། ཧོ། རྡོ་རྗེ་བླ་མ་དང༌། ཕྱོགས་བཅུའི་སངས་རྒྱས་དང༌། བྱང་ཆུབ་སེམས་དཔའ་དང༌། དཀྱིལ་འཁོར་ལྷའི་ཁྱད་པར་དང་གསང་སྔགས་ཀྱི་ལྷ་ཚོགས་ཐམས་ཅད་ཀྱང༌། བདག་གིས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་དང༌། སྡོམ་པ་བཟུང་བ་བརྟན་པར་བྱིན་གྱིས་བརླབ་ཏུ་གསོལ། དམ་པའི་ཆོས་ཀྱི་མཛོད་ཆེན་པོ་གནང་བར་མཛད་དུ་གསོལ། ཅེས་ལན་གསུམ་བརྗོད། དེའི་འཇུག་པ་བྱང་ཆུབ་ཏུ་སེམས་བསྐྱེད་པའོ། །ད་ནི་དོན་དམ་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་ནི་དངོས་གཞིའི་ཆོ་གས་ཤེས་པར་བྱ་སྟེ། སྐྱབས་འགྲོ་བྱ་བ་དང༌། སེམས་བསྐྱེད་པ་དང༌། སེམས་ངོ་སྤྲད་པ་དང༌། སྨོན་ལམ་གདབ་པའོ། །དང་པོ་བླ་མ་ལ། ཡང་དག་པར་རྫོགས་པའི་སངས་རྒྱས་ཆོས་ཀྱི་སྐུའི་འདུ་ཤེས་བསྐྱེད་ལ་མར་མེ་མཛད་ཀྱི་ཕྱག་ཀྱང་འཚལ། མཆོད་པའི་ཚོགས་དཔག་ཏུ་མེད་པས་མཆོད། ལུས་ལོངས་སྤྱོད་ཐམས་ཅད་འབུལ། གསེར་གྱི་མེ་ཏོག་ཀྱང་ཕྱག་ཏུ་བསྣམས་ལ་རྗེས་ཟློས་མཛོད། སློབ་དཔོན་བདག་ལ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ་དུས་འདི་ནས་བཟུང་སྟེ། ཇི་སྲིད་འཁོར་བ་མ་སྟོང་གི་བར་དུ། སངས་རྒྱས་ཀུན་གྱི་རང་བཞིན་སྐུ། །སྐུ་བཻ་རོ་ཙ་ནའི་ངོ་བོ་ཉིད། །འཇའ་ཚོན་ལྟ་བུས་འགྲོ་དོན་མཛད། །བླ་མའི་སྐུ་ལ་སྐྱབས་སུ་མཆི། །སངས་རྒྱས་ཀུན་གྱི་རང་བཞིན་གསུང༌། །གསུང་འོད་དཔག་མེད་པའི་ངོ་བོ་ཉིད། །གསུང་དབྱངས་དྲུག་ཅུས་འགྲོ་དོན་མཛད། །བླ་མའི་གསུང་ལ་སྐྱབས་སུ་མཆི། །སངས་རྒྱས་ཀུན་གྱི་རང་བཞིན་ཐུགས། །ཐུགས་མི་བསྐྱོད་པ་ཡི་ངོ་བོ་ཉིད། །བསམ་འཕེལ་ལྟ་བུས་འགྲོ་དོན་མཛད། །བླ་མའི་ཐུགས་ལ་སྐྱབས་སུ་མཆིའོ། །ཞེས་ལན་གསུམ་བརྗོད་ལ། ཐབས་ཡིན་ནོ། །ལེགས་སོ། །ཞེས་བརྗོད་ལ་མེ་ཏོག་འབུལ། གཉིས་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་ནི། མཆོད་པ་རྒྱ་ཆེན་པོ་དབུལ། མར་མེ་མཛད་ཀྱི་ཕྱག་ཀྱང་འཚལ། མེ་ཏོག་ཕྱག་ཏུ་བསྣམས་ལ་རྗེས་ཟློས་མཛོད་བྱས་ལ། སློབ་དཔོན་བདག་ལ་དགོངས་སུ་གསོལ། །ཇི་ལྟར་དུས་གསུམ་མགོན་པོ་རྣམས། །ཕྱག་རྒྱ་ཆེན་པོར་ངེས་མཛད་པ། །བྱང་ཆུབ་སེམས་ནི་བླ་མེད་པ། །བསྐྱེད་པར་མཛད་པ་དེ་བཞིན་དུ། །བྱང་ཆུབ་སེམས་མཆོག་རིན་པོ་ཆེ། །དམ་པ་བདག་གིས་བསྐྱེད་པར་བགྱི། །ཞེས་ལན་གསུམ་བརྗོད་ལ། ཐབས་ཡིན་ནོ། །ལེགས་སོ། །ཞེས་བརྗོད་ལ་མེ་ཏོག་དབུལ་ལོ། །གསུམ་པ་སེམས་ངོ་སྤྲད་པ་ནི། བླ་མ་ལ་སངས་རྒྱས་སྐུ་ཡི་འདུ་ཤེས་བསྐྱེད། མར་མེ་མཛད་ཀྱི་ཕྱག་ཀྱང་འཚལ། མཆོད་པ་དཔག་ཏུ་མེད་པ་དབུལ་ལོ། །ལུས་ལོངས་སྤྱོད་དབུལ། དེ་ནས་ལུས་གནད་བཅོས་ནས་འདུག་ཏུ་བཅུག་ལ། སེམས་གདོད་ནས་སྐྱེ་བ་མེད་པ་རྣམ་པར་དག་པ་མ་སྐྱེས་པར་བཞག དེ་སྐྱེ་བ་མེད་པར་ངོ་སྤྲད་པ་ཡིན། ལྕང་ལོ་ཅན་གྱི་གནས་མཆོག་དམ་པ་ན། །བཅོམ་ལྡན་ཕྱག་ན་རྡོ་རྗེ་བཞུགས། །ངས་བཅོམ་ལྡན་ཕྱག་ན་རྡོ་རྗེ་བྱས་པས། །ཁྱེད་ལ་བཅོམ་ལྡན་ཕྱག་ན་རྡོ་རྗེ་སྙམ་པ་སྐྱེས་པ་དེ་མ་སྐྱེས་པ་ལ་སྐྱེ་བ་ངོ་བོ་བསྟན་པ་ཡིན། སྐྱེས་པ་དེ་སེམས་ཡིན། དེ་རང་སྐྱེ་བ་མེད་པ་ཡིན། ཡང་རི་བོ་ཆེན་པོ་པོ་ཏ་ལར། བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་བཞུགས། དེ་སྐད་བརྗོད་པས་ཁྱེད་ཀྱི་རྒྱུད་ལ་སྤྱན་རས་གཟིགས་སྙམ་པ་སྐྱེས་པ་དེ་སེམས་ཡིན། དེ་རང་སྐྱེ་བ་མེད་པ་ཡིན། བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་སྙམ་པ་དེ་འདས་པའི་སེམས་དེ་གང་དུ་ཡང་སོང་བ་མེད་པ། དེ་ལྟར་སྤྱན་རས་གཟིགས་སྙམ་པ་དེ་རང་སྐྱེ་བ་མེད་པ་ཡིན། ཡང་རི་བོ་ཆེན་པོ་འོ་དེ་ཤན་ལ་འཕགས་པ་འཇམ་དཔལ་བཞུགས་ཞེས་བརྗོད་པས། འཕགས་པ་འཇམ་དཔལ་སྙམ་པ་དེ་ག་ནས་ཀྱང་འོང་བ་མེད། དེ་རང་སེམས་སྐྱེ་བ་མེད་པ་ཡིན། དེ་ལྟར་འདས་མ་འོངས་ད་ལྟ་དུས་གསུམ་ཀ་རང་སེམས་སྐྱེ་བ་མེད་པ་འདི་ཡིན། སངས་རྒྱས་ཀྱི་ཐུགས་དང་ཁྱད་པར་མེད། དེ་ལྟར་ཡིན་པར་ཡང༌། རྗེ་སྒམ་པོ་པའི་ཞལ་ནས་ཀྱང༌། སེམས་ཉིད་ལྷན་ཅིག་སྐྱེས་པ་ཆོས་ཀྱི་སྐུ། །སྣང་བ་ལྷན་ཅིག་སྐྱེས་པ་ཆོས་སྐུའི་འོད། །ཉི་མ་དང་ནི་འོད་ཟེར་བཞིན་གསུངས། །

༈ ད་ནི་བཞི་པ་སྨོན་ལམ་གདབ་པ་ནི། དེ་ནས་མཆོད་པ་དབུལ། ཕྱག་ཏུ་མེ་ཏོག་བསྣམས་ནས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་དང༌། སེམས་བསྐྱེད་པའི་དགེ་བའི་བཤེས་གཉེན་དང་མི་འབྲལ་བའི་སྨོན་ལམ་གདབ་པ་འདིའི་རྗེས་ཟློས་མཛོད། སློབ་དཔོན་བདག་ལ་དགོངས་སུ་གསོལ། དུས་ད་ནི་བཟུང་ནས་ཚེ་རབས་ཐམས་ཅད་དུ། བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་དང༌། སེམས་བསྐྱེད་པའི་བཤེས་གཉེན་བླ་མ་རིན་པོ་ཆེ་དང་མི་འབྲལ་བར་གྱུར་ཅིག བདག་གིས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའི་ཆོ་ག་འདིས། ཇི་སྲིད་འཁོར་བ་མ་སྟོང་གི་བར་དུ། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའི་ཆོས་འདི་རྒྱུན་མ་ཆད་པས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང་རྫོགས་པའི་སངས་རྒྱས་ཐོབ་པར་གྱུར་ཅིག །དེ་ནས་ཆོས་སྐྱོང་ལ་གཏོར་མ་འབུལ། བྱང་ཆུབ་ཀྱི་སེམས་སྦྱོང་བ་ལ་བར་ཆད་མི་འབྱུང་བའི་གསོལ་བ་གདབ། ཡི་གེ་བརྒྱ་པ་ཚར་ཉི་ཤུ་རྩ་གཅིག་བརྗོད་པས་ཉམས་ཆག་བསྐང༌། དེ་ནས་གཏང་རག་གི་མཆོད་པ་རྒྱ་ཆེན་པོ་ཕུལ་ལ་བསྔོ་བ་བྱ་བ་ནི། བྱང་ཆུབ་སེམས་མཆོག་བསྐྱེད་པར་བྱེད་པའི་རིམ་པ་འདིས། བླ་མ་རིན་པོ་ཆེའི་ཐུགས་དགོངས་ཡོངས་སུ་རྫོགས་པ་དང༌། སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་པ་དང༌། དཀོན་མཆོག་དབུ་འཕང་མཐོ་ཞིང༌། ཆོས་བྱེད་བསམ་པ་འགྲུབ་པ་དང༌། ཞུ་བ་པོ་དང་སེམས་ཅན་རྣམས། །མ་ལུས་སངས་རྒྱས་ཐོབ་པར་ཤོག །བྱང་ཆུབ་སེམས་མཆོག་ཟག་མེད་བདུད་རྩི་འདི། །སེམས་ཅན་རྣམས་ལ་ཕན་གདགས་ཕྱིར། །ཀླན་ལྦུ་ཞི་དང་རིན་ཆེན་ཚེས་ཀྱིས་ཞུས་པ། །ཏི་ཤྲི་རས་པས་བཀོད་པ་རྫོགས་སོ། །དགེའོ། །


previousབྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཆེན་མོ། next