Nitartha Digital Library
Tibetan
ཏི་ཤྲི་རས་པའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  expand section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཚོམས་བཅུ་དྲུག་ལུས་ཀྱི་གནད་བསྟན་པ།
   
   
   
   


 
previousཚོམས་བཅུ་དྲུག་ལུས་ཀྱི་གནད་བསྟན་པ། next

ཚོམས་བཅུ་དྲུག་ལུས་ཀྱི་གནད་བསྟན་པ།

༈ དེ་ཡི་ཚིག་དོན་གསལ་པོར་བྲི། བཀའ་ཆེན་བཅུ་དྲུག་ལུས་ཀྱི་གནད། །ཅེས་པ་ནི། ལུས་ཀྱི་གནད་ལ་སྤྱི་དོན་བཞི། རྐང་གྲངས་བཅུ་དྲུག རྩ་དང་ཡི་གེ་རླུང་དང་ཐིག་ལེ་བཞི། རྐང་གྲངས་རྩ་ལ་བཞི་ཡི་གེ་ལ་བཞི། རླུང་ལ་བཞི། ཐིག་ལེ་ལ་བཞི་སྟེ་བཅུ་དྲུག རྩ་ཡི་བཞི་ནི། རྩ་ཡི་ངོ་བོ་ངོས་བཟུང་བ་དང༌། རྩ་ཡི་དབྱེ་བསྡུ་དང༌། རྩ་ཡི་ལམ་དང༌། འབྲས་བུའོ། །རྩ་ཡི་ངོ་བོ་ལ་གསུམ། ཕོ་རྩ། མོ་རྩ། མ་ནིང་གི་རྩའོ། །ཕོ་རྩ་ནི་མི་གཞོན་པའོ། །མོ་རྩ་ནི་གཞོན་པའོ། །མ་ནིང་གི་རྩ་ནི་དེ་གཉིས་ཀྱི་བར་མའོ། །ཡང་ན་རྩ་ནི་མི་འདུག་པའི་ཁང་པ་དང་འདྲ་སྟེ། ཡི་གེ་དང་རླུང་དང་ཐིག་ལེ་བཞིའི་གནས་པ་ཡིན་པའི་ཕྱིར་རོ། །རྩ་ནི་ལུས་ཀྱི་གནས་ལུགས་སོ། །ཞེས་པས། དང་པོ་ལྟེ་བའི་རྩ་མདུད་ཆགས་པས་ལུས་རིལ་པོ་རྩ་ལས་གྲུབ་པའོ། །རྩ་ཡི་དབྱེ་བསྡུ་ལ་གཉིས། ཕྱེ་ན་སྟོང་ཕྲག་བདུན་ཅུ་རྩ་གཉིས། བསྡུ་ན་དགུ། རྩ་གཉིས་བཞིའམ་དྲུག རོ་མ་རྐྱང་མ་ཨ་བ་དྷུ་ཏིའོ། །རྩ་གཉིས་གསང་གནས་བདེ་སྐྱོང་གི་རྩ་གཉིས་པའོ། །འདབ་མ་སུམ་ཅུ་རྩ་གཉིས། ལྟེ་བ་སྤྲུལ་པའི་རྩ་གསུམ། འདབ་མ་དྲུག་ཅུ་རྩ་བཞི། སྙིང་ག་ཆོས་ཀྱི་རྩ་གཉིས་ན་འདབ་མ་བརྒྱད། མགྲིན་པ་ལོངས་སྤྱོད་ཀྱི་རྩ་གསུམ་འདབ་མ་བཅུ་དྲུག སྨིན་མཚམས་མཛོད་སྤུའི་རྩ་གསུམ་སུམ་ཅུ་རྩ་གཉིས་སྤྱི་བོ་བདེ་ཆེན་རྩ་གསུམ་འདབ་མ་སུམ་ཅུ་རྩ་གཉིས། གཡས་རོ་མ་གཡོན་རྐྱང་མ། དབུས་ཀུནྡར་མ་ནི་ཡར་སྣ་ཚངས་པའི་བུག་གར་ཧཾ་ལ་ཐུག མར་སྣ་གསང་བའི་རྡོ་རྗེར་ཐུག གཡས་གཡོན་གཉིས་པོ་ཀླད་པའི་སྟེང་ནས་སྣ་བུག་གཉིས་ལ་ཐུག མར་སྣ་ཨ་བ་དྷཱུ་ཏིར་ཉ་མ་ཁ་ལྟར་ཚུད་སྦོམ་ཕྲ་མདའ་སྨྱུག་ཙམ་མམ། གྲོ་སོག་ཙམ་མམ། བཤད་ཚོད་དྷཱུ་ཏི་དང་རང་བཞིན་གཉུག་མ་གཉིས་སུ་འདུས། རྩ་ཡི་ལམ་ལ་བཞི། ལམ་དང་གེགས་དང༌། གེགས་སེལ་དང༌། ལམ་གྱི་ཡོན་ཏན་རྫོགས་པའོ། །ལམ་ནི་ལུས་ལྷའི་དལ་ལ་བསྒོམས་ནས། དུས་ཀྱི་གནད། ལུས་ཀྱི་གནད། ཡུལ་གྱི་གནད། ཤེས་པའི་གནད་བཞི་རྟེན་འབྲེལ་བསྒྲིགས་ནས། སྦྱོར་བ་བཞི་ལྡན་ཞི་དྲག་གཉིས་ཀྱི་རླུང་བཟུང་ནས། གསང་གནས་ཨ་ཐུང་གཏུམ་མོའི་མེ་སྦར་ནས་རྩ་ཁ་བྱེ་བས་རྩ་མདུད་གྲོལ། རྩ་མཁའ་འགྲོ་མའི་གནས་སུ་རླུང་དཔའ་བོ་ཡབ་ཡུམ་འདུས། རྩ་མདུད་ཡི་གེ་འབུར་དུ་དོད། ཁམས་དྭངས་མ་བྱང་སེམས་ཀྱི་ཐིག་ལེ་རྒྱས། དེས་རྩ་ལམ་དུ་སློང་བའོ། །གལ་ཏེ་གེགས་བྱུང་ན། ཕྱི་ཡི་གེགས་མི་དང་མི་མ་ཡིན་གྱི་གེགས། ནང་འབྱུང་བ་བཞི་དང་ཉོན་མོངས་པ་རྒྱས་པའི་གེགས། རྩ་ཟུག་ལྷག་པར་ན་ཞིང་ཟུག་གཟེར་ཤིན་ཏུ་ཆེ་བ་རྩ་ཡི་གེགས། གསུམ་པ་གེགས་སེལ་བ་ནི། བདུད་དང་མི་མ་ཡིན་གྱི་གེགས་ནི། སེམས་ཅན་ཐམས་ཅད་ཕ་དང་མར་ཤེས་ནས། བྱམས་པ་སྙིང་རྗེ་བྱང་ཆུབ་ཀྱི་སེམས་བསྒོམས་པས་སེལ། གཞན་ཡང་དེ་དང་དེའི་གནས་ཀྱི་ཡི་གེར་རླུང་སེམས་འདུས་པའི་གེགས་དེ་དང་དེའི་གནད་ཤེས་པས་སེལ། འབྱུང་བཞི་འཁྲུགས་ན་བདུད་རྩི་ཡི་རོ་སྙོམས་བྱས་པས་འཆོས། ཡང་ན་གཉེན་པོ་བསྟེན་པ་ནི། མེའི་གཉེན་པོར་ཆུ། ཆུའི་གཉེན་པོར་མེ། དེ་དང་དེའི་གཉེན་པོ་བསྟེན་པས་འཆོས། ཡང་ན་གོ་ལྡོག་སྦྱོར་བ་ནི། མེ་ལ་མེ། ས་ལ་ས། ཆུ་ལ་ཆུ། རླུང་ལ་རླུང༌། ནམ་མཁའ་ལ་ནམ་མཁའ། ཉོན་མོངས་པའི་གེགས་ལ། ཞེ་སྡང་གི་གཉེན་པོར་བྱམས་པ་སྒོམ་པ་ལ་སོགས་པའམ། ཡང་ན་ཞེ་སྡང་གིས་ཞེ་སྡང་སྟོང༌། ང་རྒྱལ་གྱིས་ང་རྒྱལ་སྟོང༌། ཕྲག་དོག་གིས་ཕྲག་དོག་སྟོང༌། གཏི་མུག་གིས་གཏི་མུག་སྟོང་པ་ལ་སོགས་པས་འཆོས། གཞན་ཡང་རྩ་གནས་ལྔར་རླུང་འདུས་ཙ་ན། ཉོན་མོངས་པ་ལྔ། གེགས་ལྔ། འབྱུང་བ་ལྔ། རླུང་ལྔའི་དྲི་མ་ཤེས་པས་འཆོས། རྩ་ལམ་དུ་སློང་ན་ལམ་གྱི་ཡོན་ཏན་རྩ་བྲན་གྲོལ་ནས་ལོ་ཀའི་ལམ་གྱི་ཡོན་ཏན་དྲོད་སྐྱེ། རྩ་མདུད་གྲོལ་ནས་ལོ་ཀ་ལས་འདས་པའི་ལམ་གྱི་ས་ནོན་ནས་དེའི་རྟགས་ཀྱི་ཡོན་ཏན་བརྒྱ་ཕྲག་ལ་སོགས་པ་འབྱུང་བའོ། །རྩ་ཡི་འབྲས་བུ་ནི། འཛམ་བུའི་གླིང་བྱེ་བ་ཕྲག་བརྒྱར་སྤྲུལ་པའི་སྐུ་བྱེ་བ་ཕྲག་བརྒྱ་ལ་སོགས་པ་མཚན་དང་དཔེ་བྱད་ཀྱི་སྤྲས་པས་སེམས་ཅན་གྱི་དོན་མངོན་དུ་བྱེད་པའོ། །གཞན་ཡང་རིགས་དྲུག་སོ་སོའི་སྣང་བ་དང་མཐུན་པར་སྤྲུལ་པའི་སྐུ་མངོན་དུ་བྱེད་པའོ། །གཞན་ཡང་ཞིང་དང་ཞིང་ཁམས་སྐུ་ཡང་དེ་དང་མཚུངས་པ་གཅིག་འབྱུང་བའོ། །ཙཀྲ་དྲུག་ནི་རིགས་ལྔ་དང་དྲུག་པ་རྡོ་རྗེ་འཆང༌། ཕ་རོལ་ཏུ་ཕྱིན་པ་དྲུག་གི་སྐུ་དྲུག་ཏུ་སྣང་བ་དཀྱིལ་འཁོར་གྱི་གཙོ་བོ་མཚོན་པའོ། །འཁོར་ལོ་བཞི་ནི་སྡེ་པ་བཞི་དང༌། རྒྱུད་སྡེ་བཞི་པ་ཡི་ལྷར་སྣང་བའོ། །ལྟེ་བ་སྤྲུལ་པའི་འཁོར་ལོ་ལ་སྤྲུལ་པའི་སྐུ། མགྲིན་པ་ལོངས་སྤྱོད་ཀྱི་ཙཀྲ་ལོངས་སྤྱོད་རྫོགས་པའི་སྐུ། སྙིང་ཁ་ཆོས་ཀྱི་འཁོར་ལོ་ལ་ཆོས་ཀྱི་སྐུའོ། །སྤྱི་བོ་བདེ་ཆེན་གྱི་འཁོར་ལོ་ལ་བདེ་ཆེན་ཆོས་ཀྱི་སྐུའོ། །ད་ནི་ཡི་གེ་བཞི་ནི། ཡི་གེའི་ངོ་བོ་ངོས་བཟུང་བ་དང༌། ཡི་གེའི་དབྱེ་བསྡུ་དང༌། ཡི་གེའི་ལམ་དང༌། ཡི་གེའི་འབྲས་བུའོ། །ཡི་གེའི་ངོ་བོ་ལ་གསུམ། ཐབས་ཀྱི་ཡི་གེ་ཤེས་རབ་ཀྱི་ཡི་གེ །ཐབས་ཤེས་རབ་གཉིས་སུ་མེད་པའོ། །སྤྱི་བོའི་ཧཾ་ཐབས། ལྟེ་བའི་ཨ་ཤེས་རབ། དེ་གཉིས་སྦྱར་བ་གཅིག་ཏུ་འབོད་པ་ཨ་ཧཾ། ཞེས་པ་ནི་ཐབས་ཤེས་རབ་གཉིས་སུ་མེད་པའོ། །ཡི་གེའི་དབྱེ་བསྡུ་ལ་གཉིས། ཕྱེ་ན་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་ན། དྭངས་མའི་རླུང་གི་ཡི་གེ་བདུན་ཅུ་རྩ་གཉིས། བསྡུ་ན་འཁོར་ལོའི་དབུས་ཀྱི་ཡི་གེ་དང༌། ཨ་ལི་ཀ་ལི་དང༌། འཁོར་འདས་གཉིས་མེད་ཀྱི་ཡི་གེར་འདུས། ཙཀྲ་ནི་རྩ། ཨ་བ་དྷཱུ་ཏིའི་མར་སྣར་ཨ་ཐུང་དང༌། ལྟེ་བར་ཨ། སྙིང་གར་ཧཱུྃ། མགྲིན་པར་ཨོཾ། སྤྱི་བོར་ཧཾ། ཨ་ལི་ཀ་ལི་ནི། ཨ་ལི་ལ་གཅིག ཀ་ལི་བདུན་ཏེ། སྡེ་ཚན་བརྒྱད། ལྟེ་བར་ཀ་ལི་གཉིས་འགྱུར་དང༌། མ་ནིང་གི་ཡི་གེའམ། ཨ་ཀ་ཏ་པ་མ་ལ་སོགས་པ་གནས། སྙིང་ཁར་ཡང་ནི་སྔ་མ་བརྒྱད། མགྲིན་པར་ཨ་ལི་བཅུ་དྲུག་དང༌། སྤྱི་བོར་ཨ་ལི་གཉིས་འགྱུར་གནས། ལྟེ་བའི་འཁོར་ལོའི་ནང་བསྐོར་དུ་རིགས་དྲུག་འཁོར་བའི་ཡི་གེ་གནས། དེའི་སྟེང་དུ་མྱང་འདས་རིགས་ལྔའི་ཡི་གེ་གནས། དེ་གཉིས་སུ་མེད་པ་འཁོར་འདས་གཉིས་མེད་ཡིན། སྣང་སྲིད་འཁོར་འདས་གཉིས་ཆོས་རྣམས། ཡི་གེ་མེད་པ་གཅིག་ཀྱང་མེད། ཕྱེ་ན་ཡི་གེའི་གྲངས་ལས་འདས། བསྡུ་ན་ཡི་གེ་ཨ་རུ་འདུས། ཨ་ནི་དོན་དམ་སྐྱེ་མེད་ཡིན། ཡི་གེའི་ལམ་ལ་བཞི། ལམ་དང༌། གེགས་དང༌། གེགས་སེལ་དང༌། ལམ་གྱི་ཡོན་ཏན་རྫོགས་པའོ། །ལམ་ནི་སེམས་བསྐྱེད་དང༌། བླ་མའི་མོས་གུས་དང༌། ལུས་དཀྱིལ་འཁོར་བསྒོམས་ནས། དུས་གནད། ལུས་གནད། ཡུལ་གནད། ཤེས་པའི་གནད་དང་བཞི། རྟེན་འབྲེལ་སྦྱོར་བ་བཞི་ལྡན་ཞི་དྲག་གཉིས་ཀྱི་རླུང་བཟུང་བས། གསང་གནས་ཨ་ཐུང་གཏུམ་མོའི་མེ་སྦར་བས་ཡི་གེའི་གནས་སུ་རླུང་སེམས་འདུས། ཡི་གེའི་རྩ་མདུད་འགགས་པ་གྲོལ། དྭངས་མའི་རླུང་གི་ཡི་གེ་འབུར་དུ་དོད་པའོ། །བྱང་ཆུབ་སེམས་ཀྱི་ཐིག་ལེས་གང༌། དེ་ཡིས་ཡི་གེ་ལམ་དུ་སློང༌། གལ་ཏེ་གེགས་བྱུང་ན། ཕྱི་ནང་གེགས་རྣམས་སྔར་དང་འདྲ། རྩ་ཡི་ཡི་གེ་ཆད་པ་དང༌། རྩ་མདུད་གྲོལ་བ་དང༌། ཡི་གེ་བསུབ་ན་ལྐུག་པ་དང་དིག་པ་དང་ཡི་གེའི་ཚོགས་ལ་རྒྱུག་པའི་གེགས་དེ་དག་འཆོས་པ། གསུམ་པ་གེགས་སེལ་བ་ནི། ཕྱི་ནང་གེགས་རྣམས་སྔར་བཞིན་བཅོས་ནས། ཐབས་དང་ཤེས་རབ་ཀྱི་ཡི་གེ་དང༌། ཙཀྲ་དབུས་ཀྱི་ཡི་གེ་དང༌། ཨ་ལི་ཀ་ལི་ཡི་གེ་སོགས། རྩ་མདུད་མ་གྲོལ་གདམས་པས་དྭངས་མའི་རླུང་གིས་ཡི་གེ་འཆར་དུ་མི་སྟེར་བས། དེ་གི་བཅོས་ཐབས་ནི་བུམ་པ་ཅན་གྱི་རླུང་བཟུང་བས། དེའི་གེགས་དེ་སེལ་བར་བྱེད། འཁོར་བའི་ཡི་གེ་རླུང་སེམས་འདུས་ན་རིགས་དྲུག་སོ་སོའི་སྣང་བ་འབྱུང་བའི་གེགས་བྱེད། མྱ་ངན་ལས་འདས་པའི་ཡི་གེར་སྒོམ་ཞིང་རླུང་བཟུང་བས་རིགས་དྲུག་གི་གནས་སྦྱོང་དག་པས། རྩ་ཕྲན་བ་སྤུའི་བུ་ག་ཐམས་ཅད་དུ་ཤུ་བ་གཡན་པ་བས་ལྡགས་ལ་སོགས་ཀྱི་གེགས། རླུང་བཟུང་གཏུམ་མོའི་མེ་སྦར། ཐིག་ལེ་གང་བས་འཆོས། ཡི་གེ་ལམ་དུ་སློང་ན་ལོ་ཀ་དང་ལོ་ཀ་ལས་འདས་པའི་ལམ་ཐད་སོའི་ཡོན་ཏན། ཨ་ལི་ཀ་ལི་ལ་མངའ་བརྙེས་པ་འབྱུང་ངོ༌། །ཡི་གེའི་འབྲས་བུ་ནི། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་བྱེ་བ་ཕྲག་རེ་ལ་འོག་མིན་གྱི་གནས་རེ་རེ་ཡོད་པ་ན་ལོངས་སྤྱོད་རྫོགས་པའི་སྐུ་མཚན་དཔེ་བྱད་ཀྱིས་སྤྲས་པ་རེ་རེ་བཞུགས་པའོ། །གནས་སྟོན་པ་དང༌། འཁོར་དང༌། ངེས་པ་ཅན་ཡིན་ནོ། །དེའི་རྒྱུ་ངེས་པ་ཅན་ནི། མགྲིན་པ་ལོངས་སྤྱོད་ཀྱི་ཙཀྲ་ན་ཡི་གེ་ཨོཾ་སྐུ་རྣམ་པར་སྣང་མཛད། འབྱུང་བ་བཞི་ཡི་ཡི་གེ་ཨ་ནུ་ཏ་ར་བཞི་གནས། ལམ་ཉམས་སུ་བླངས་པས་ལོངས་སྤྱོད་རྫོགས་པའི་སྐུ་འབྱུང་བ་ཡིན་ནོ། །ཐིག་ལེའི་གཞི་ནི། ངོ་བོ་ངོས་བཟུང་བ་དང༌། ཐིག་ལེའི་དབྱེ་བསྡུ་དང༌། ལམ་དང་འབྲས་བུའོ། །ངོ་བོ་ལ་གསུམ་སྟེ། ཕོ་བདེ། མོ་བདེ། མ་ནིང་གི་བདེ་བའོ། །ཕོ་བདེ་ནི། མི་རྟོག་པ་ཤས་ཆུང་ལ་བདེ་བ་ཤས་ཆེ་བའོ། །མོ་བདེ་ནི། བདེ་བ་ཤས་ཆུང་ལ་མི་རྟོག་པ་ཤས་ཆེ་བའོ། །མ་ནིང་གི་བདེ་བ་ནི། བདེ་བ་དང་མི་རྟོག་པ་སྙོམ་པར་སྐྱེ་བའོ། །ཐིག་ལེའི་དབྱེ་བསྡུ་ལ་གཉིས། དྭངས་སྙིགས་གཉིས། དྭངས་མ་ནི་མི་ཤིགས་པའི་ཐིག་ལེ་དང༌། ཀུན་དྷའི་དྭངས་མའི་དྭངས་མའོ། །སྙིགས་མ་ནི་ཀུནྡྷ་དང་བུ་ག་དགུ་ནས་འབབས་པའི་སྙིགས་མ་རྣམས་སོ། །ཀུནྡྷ་ལ་བྱང་སེམས་དཀར་དམར་གཉིས། མི་བསྐྱོད་པ་དང་གསུམ། དམར་པོ་གཡས་རོ་མ་ལ་གནས། བུད་མེད་ལ་རྩ་མདུད་མེད། སྐྱེས་པ་ལ་རྩ་མདུད་ཀྱིས་བཀབ་ནས་ཡོད། དཀར་པོ་དབུ་མ་ན་གནས། བུད་མེད་རྩ་མདུད་ཀྱིས་བཅད། སྐྱེས་པ་ལ་རྩ་མདུད་མེད། མི་བསྐྱོད་པ་ནི་རྐྱང་མར་གནས་པས་གང་ལ་ཡང་རྩ་མདུད་མེད་པའོ། །ཐིག་ལེའི་ལམ་ལ་བཞི། ལམ་དང་གེགས་དང༌། ཐིག་ལེའི་ལམ་ལ་བཞི། ལམ་དང་གེགས་དང༌། གེགས་སེལ་དང༌། ལམ་གྱི་ཡོན་ཏན་རྫོགས་པའོ། །ལམ་ནི་སེམས་བསྐྱེད་དང༌། ཡི་དམ་གྱི་ལྷ་དང༌། བླ་མའི་མོས་གུས་སྔོན་དུ་སོང་བས་བསྒོམས་ན། གནད་བཞིའི་རྟེན་འབྲེལ་བསྒྲིགས་ནས། སྦྱོར་བ་བཞི་ལྡན་ཞི་དྲག་གཉིས་ཀྱི་རླུང་བཟུང་བས་གསང་གནས་ཨ་ཐུང་གཏུམ་མོའི་མེ་སྦར་བས་ལུས་ཀྱི་ཁམས་ཞི་བྱང་ཆུབ་ཀྱི་སེམས་རྒྱས། སེམས་ལ་མི་རྟོག་པ་སྐྱེ། དེས་ཐིག་ལེ་ལམ་དུ་སློང་བའོ། །གེགས་བྱུང་ན། ཕྱིའི་བདུད་དང༌། ནང་གི་བདུད་དང༌། ཐིག་ལེའི་གཟུགས་འབྱུང་བའོ། །གསུམ་པ་གེགས་སེལ་བ་ནི། ཕྱིའི་བཅོས་ཐབས་ནི་སྔ་མ་བཞིན་ནོ། །ནང་འབྱུང་བ་ནི་ཐིག་ལེ་ལ་འབྱུང་བ་བཞི་ཡོད་པ་དེ་ལ་ཁས་དྲག་ཞན་གྱི་གེགས་སུ་འབྱུང་སྟེ། བདུད་རྩི་ལྔ་དང་ཁྱད་པར་དུ་ཐིག་ལེ་བསྐོར་ལྡོག་བྱས་པས་བཅོས་སོ། །ཐིག་ལེ་རྒྱས་པས་ཉོན་མོངས་པ་འདོད་ཆགས་སྐྱེས་པ་ནི་ཉོན་མོངས་ལམ་སློང་གིས་འཆོས་པའོ། །ཐིག་ལེ་བཟུང་བ་དང་ལྡོག་པ་དང༌། རྩ་མིག་ཏུ་གདབ་པ་དང༌། རླུང་དང་བསྲེ་བས་འཆོས། བསེན་མོས་ཐིག་ལེ་འཕྲོག་པ། དབང་ཕྱུག་ཆེན་པོའི་གོ་ལྡོག་དང༌། ཧ་ནུ་མན་ཏྲ་དང༌། པདྨའི་ཁ་པགས་དང༌། པདྨའི་རཀྟས་བཅོས། ཐིག་ལེ་ལམ་དུ་སློང་ན་ཐིག་ལེ་འབྱོངས་ཤིང་རྒྱས་ན་ཡོན་ཏན་ཐམས་ཅད་དེ་ལས་འབྱུང༌། ཁྱད་པར་དུ་ཡང་བྲལ་འབྲས་སུམ་ཅུ་རྩ་གཉིས་འབྱུང་བས་ཡོན་ཏན་རྫོགས་པའོ། །ཐིག་ལེའི་འབྲས་བུ་ནི། ཆོས་ཀྱི་སྐུ་མངོན་དུ་བྱེད་དོ། །ཞིང་ཁམས་ནི་ཆོས་ཀྱི་དབྱིངས་རང་བཞིན་གྱིས་རྣམ་པར་དག་པ་སྟོན་པ་ཆོས་ཀྱི་སྐུ། དེའི་མཚན་ཉིད་ནི་ཟབ་ཞི་སྤྲོས་བྲལ་འོད་གསལ་འདུས་མ་བྱས། །ཞེས་པའམ། ཡང་ན། གཟུགས་ཅན་མ་ཡིན་འགྲོ་འོང་ཆེ། །ལྷུན་གྱིས་གྲུབ་ཅིང་རྒྱུན་ཆད་མེད། །ཅེས་པའོ། །དེའི་རྒྱུ་ནི་སྙིང་ག་ཆོས་ཀྱི་འཁོར་ལོ་ན་མི་ཤིགས་པའི་ཐིག་ལེ་གསེར་ཞུན་མ་ལ་ཉི་མའི་འོད་ཀྱིས་རྒྱས་པ་ལྟ་བུ་ཁ་དོག་ཕྱོགས་གཅིག་ཏུ་གྲུབ་པ་མེད་པ་དང༌། ཀུནྡྷ་བྱང་ཆུབ་སེམས་ཀྱི་ཐིག་ལེ་དྭངས་མའི་དྭངས་མ་དང་དབྱེར་མི་ཕྱེད་པར་གནས། གནས་པ་དེ་ཉམས་སུ་བླངས་པས་འབྲས་བུ་ཆོས་ཀྱི་སྐུ་འབྱུང༌། རླུང་གི་གཞི་ནི་ངོ་བོ་ངོས་བཟུང་བ་དང༌། དབྱེ་སྡུད་དང༌། རླུང་གི་ལམ་དང༌། འབྲས་བུའོ། །རླུང་གི་ངོ་བོ་ལ་གསུམ། ཕོ་རླུང༌། མོ་རླུང༌། མ་ནིང་གི་རླུང༌། ཕོ་རླུང་ནི་རྩུབ་ཅིང་དྲག་ལ་དྲངས་མི་བདེ་བའོ། །མོ་རླུང་ནི་འཇམ་ཞིང་དལ་ལ་དྲངས་བདེ་བའོ། །མ་ནིང་གི་རླུང་ནི་སྣོད་ཀྱི་ཁ་བསྒྱུར་བའོ། །རླུང་གི་དབྱེ་བསྡུ་ནི་གཉིས། ཕྱེ་ན་འབྱུང་བ་ལྔའི་རླུང་ཉི་ཁྲི་གཅིག་སྟོང་དྲུག་བརྒྱ། ཡང་ན་རྩ་བའི་རླུང་ལྔ། ཡན་ལག་གི་རླུང་ལྔའོ། །བསྡུ་ན་གསུམ། ཟག་བཅས་ཀྱི་རླུང་དང༌། ཟག་མེད་ཀྱི་རླུང་དང༌། ཡེ་ཤེས་ཀྱི་རླུང་ངོ༌། །འབྱུང་བ་ལྔ་ཡི་རླུང་ནི། ཐོ་རངས་ཆུ་ཡི་རླུང་ཁ་དོག་དཀར་པོ་དགུ་བརྒྱ་ཕྲག་ལྔ་བརྒྱུས་ནས། སྔ་དྲོ་རླུང་གི་རླུང་ལྗང་སེར་དགུ་བརྒྱ་ཕྲག་ལྔ་བརྒྱུས་ནས། ཕྱི་དྲོ་སའི་རླུང་སེར་པོ་དགུ་བརྒྱ་ཕྲག་ལྔ་བརྒྱུས་ནས། སྲོད་ལ་མེའི་རླུང་ཁ་དོག་དམར་པོ་དགུ་བརྒྱ་ཕྲག་ལྔ་བརྒྱུས་ནས། དེ་ནས་ལྟེ་བ་འབྱུང་བ་བཞི་ཡི་དགུ་བརྒྱ་ཕྲག་བཞི་བརྒྱུས་ནས། ཉིན་ཞག་ཕྲུག་གཅིག་ལ་རླུང་བརྒྱ་ཕྲག་ཉི་ཤུ་རྩ་བཞི་རྒྱུའོ།་་་་་ཉི་ཁྲི་གཅིག་སྟོང་དྲུག་བརྒྱ། ཡང་ན་ཐོ་རངས་ཞི་བའི་དུས་ཆུ་རླུང་དཀར་པོ། སྔ་དྲོ་རྒྱས་པའི་དུས་ས་རླུང་སེར་པོ། ཕྱི་དྲོ་དབང་གི་དུས་མེ་རླུང་དམར་པོ། སྲོད་ལ་རླུང་གི་རླུང་ལྗང་གུ །འབྱུང་བ་བཞིའི་རླུང་དུས་མཉམ་དུ་བྱུང་བ་ནི། ནམ་མཁའི་རླུང་ཁ་དོག་སྔོན་པོ། ལྟེ་བར་མེའི་རླུང༌། སྙིང་གར་ཆུ་ཡི་རླུང༌། མགྲིན་པར་སའི་རླུང༌། སྤྱི་བོར་རླུང་གི་རླུང༌། ནམ་མཁའི་རླུང་ཁ་དོག་སྔོན་པོ་རྩ་དབུ་མར་གནས། རྩ་བའི་རླུང་ལྔ་ནི། ཐུར་དུ་སེལ་བ་ལིངྒའམ་བཤང་ལམ་དུ་གནས། ལས་འོག་སྒོའི་ལས་བྱེད། མེ་མཉམ་པའི་རླུང་ལྟེ་བར་གནས། ལས་ལུས་ཀྱི་དྲོད་སྐྱེད་པར་བྱེད་སྲོག་འཛིན་པར་བྱེད་པའི་རླུང་སྙིང་ཁར་གནས། ལས་རླུང་སེམས་མི་འབྲལ་བར་བྱེད། གྱེན་དུ་རྒྱུ་བའི་རླུང་མགྲིན་པར་གནས། ལས་ངག་གི་ལས་བྱེད། ཁྱབ་བྱེད་ཀྱི་རླུང་སྤྱི་བོའི་ཚིགས་དང་བ་སྤུའི་བུ་ག་ལ་གནས། ལས་ནི་ལུས་ཀྱི་རྐང་ལག་བརྐྱང་བསྐུམ་ལ་སོགས་པ་བྱེད། ཡན་ལག་གི་རླུང་ལྔ་ལས་རྒྱུ་བ་ནི་མིག་གཉིས་ལ་གནས། ལས་ནི་གཟུགས་རབ་འབྲིང་གསུམ་མཇལ་བར་བྱེད། རབ་ཏུ་རྒྱུ་བ་ནི་རྣ་བ་གཉིས་ལ་གནས། ལས་ནི་སྒྲ་རབ་འབྲིང་གསུམ་མཇལ་བར་བྱེད། མངོན་པར་རྒྱུ་བ་ནི་སྣ་གཉིས་ལ་གནས། ལས་ནི་དྲི་རབ་འབྲིང་གསུམ་མཇལ་བར་བྱེད། ཤིན་ཏུ་རྒྱུ་བ་ནི་ལྕེ་ལ་གནས། ལས་ནི་རོ་རབ་འབྲིང་གསུམ་མཇལ་བར་བྱེད། ཡང་དག་པར་རྒྱུ་བ་ནི་པགས་པ་དང༌། རྩ་དང་བ་སྤུའི་བར་ལ་གནས། ལས་ནི་ལུས་ཀྱི་རེག་བྱ་རབ་འབྲིང་ལ་སོགས་པ་གསུམ་མཇལ་བར་བྱེད། ཟག་བཅས་ཀྱི་རླུང་ནི་ལུས་ངག་ཡིད་གསུམ་དགེ་མི་དགེ་ལུང་མ་བསྟན་གསུམ་གྱི་ཟག་པ་དང་བཅས་པའི་ལས་ཀུན་བྱེད། ཟག་པ་མེད་པའི་རླུང་ནི་ཟག་བཅས་ཀྱི་རླུང་ཤ་ཤའོ་ཞི་ནས་ཟག་པ་མེད་པའི་རླུང་ཞི་བར་གནས་པས་དགེ་བའི་ལས་བྱེད། ཡེ་ཤེས་ཀྱི་རླུང་ནི་རླུང་རྒྱུ་བ་མི་འགགས་པར་ཡེ་ཤེས་ཀྱི་ལས་ཐམས་ཅད་འགྲུབ་པར་བྱེད། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱི་ནང་ན་ཡང༌། ལུས་ངག་ཡིད་གསུམ་གྱི་ལས་ཀྱི་སྔོན་དུ་ཡེ་ཤེས་འགྲོ་བའོ། །ཞེས་པས། ཡེ་ཤེས་ཀྱི་རླུང་སྔོན་དུ་འགྲོ་བ་ཡིན། རླུང་གི་ལམ་ལ་བཞི། ལམ་དང༌། གེགས་དང༌། གེགས་སེལ་དང༌། ལམ་གྱི་ཡོན་ཏན་རྫོགས་སོ། །ལམ་ནི་སེམས་བསྐྱེད་པ་དང༌། ཡི་དམ་དང༌། བླ་མའི་མོས་གུས་སྔོན་དུ་འགྲོ་བས། གནད་བཞིའི་རྟེན་འབྲེལ་བསྒྲིགས་ནས་སྦྱོར་བ་བཞི་ལྡན་ཞི་དྲག་གཉིས་ཀྱི་རླུང་བཟུང་ནས་གཏུམ་མོའི་ཨ་ཐུང་མེ་སྦར་བས་འབྱུང་བཞིའི་རླུང་མཉམ་པར་བཞག་ནས། དེས་ཐིག་ལེ་གཡོས་པས་ཐིག་ལེ་རྒྱས་པས་ཟག་པ་མེད་པའི་བདེ་བ་སྐྱེས། དེས་རླུང་ཐམས་ཅད་ལམ་དུ་བསྒོམ་སློང་བའོ། །གལ་ཏེ་གེགས་བྱུང་ན། ཕྱིའི་གེགས་དང༌། ནང་འབྱུང་བ་བཞི་ཆ་མ་སྙོམས་པས་ནང་དུ་འབྱུང་བ་དང༌། རླུང་ཟུག་སྙོམས་སེ་ན་ཞིང་རླུང་ལོག་ལ་སོགས་པ་རླུང་གི་གེགས་དུ་མ་ཞིག་འབྱུང་སྟེ། ཕྱི་ཡི་ནི་གེགས་སེལ་གྱི་སྐབས་སུ་ཤེས་པར་བྱའོ། །གསུམ་པ་གེགས་སེལ་ནི། ཕྱིའི་གེགས་སྔ་མ་བཞིན་དུ་བསྒོམས་པས་འཆོས། ནང་གི་གེགས་འབྱུང་བ་འཁྲུགས་པའི་ནད་བྱུང་ན། འབྱུང་བ་བཞི་རོ་སྙོམས་ཀྱིས་འཆོས། རླུང་ལ་སོགས་པ་དུ་མ་རྣམས་ནི་གང་བྱུང་བ་ཡང་རླུང་དང་མེ་དང་ཐིག་ལེ་གསུམ་གྱིས་འཆོས། རླུང་ལམ་དུ་སློང་ན་ལམ་གྱི་ཡོན་ཏན་ཟག་བཅས་ཀྱི་རླུང་ནོན་ན་ཉོན་མོངས་པའི་མགོ་ནོན། ཟག་མེད་ཀྱི་རླུང་ཟིན་ན་ཉོན་མོངས་པ་ཞི་བ་དང༌། ཟག་མེད་ལམ་དུ་སློང༌། ཡེ་ཤེས་ཀྱི་རླུང་ཟིན་ན་ལུས་ངག་ཡིད་གསུམ་གྱི་ལས་ཐམས་ཅད་ཡེ་ཤེས་སུ་རྫོགས་པའོ། །རླུང་གི་འབྲས་བུ་ནི་ཁམས་གསུམ་རྣམ་པར་དག་པའི་གཞལ་ཡས་ཁང་དུ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སྐུ་གསུམ་དབྱེར་མེད་ངོ་བོ་ཉིད་བདེ་བ་ཆེན་པོའི་སྐུ་མངོན་དུ་བྱེད། དེའི་ལུས་ངག་ཡིད་གསུམ་མམ། ལྟེ་བ་འདོད་ཁམས། སྙིང་ཁ་གཟུགས་ཁམས། སྤྱི་བོ་གཟུགས་མེད་ཀྱི་ཁམས། དེ་གསུམ་གྱི་ལས་རླུང་གིས་བྱེད། རླུང་ལས་སུ་རུང་བ་དང་ལམ་དུ་སློང་ན་འབྲས་བུ་ཡན་ལག་བདུན་ལྡན་གྱི་སྐུ་མངོན་དུ་བྱེད་པ་ཡིན། ལུས་ཀྱི་གནད་ཅེས་པ་ནི། ལུས་ལ་གསུམ། ལུས་དང༌། སྣང་ལ་ལེན་པ་དང༌། སྣང་ལ་མི་ལེན་པའོ། །ལུས་དངོས་ལ་བཞི། ཟག་པ་དང་བཅས་པའི་ལུས་ཤ་ཁྲག་གི་གདོས་བཅས་དང༌། ཟག་པ་དང་བཅས་པའི་ཡིད་ཀྱི་ལུས་དང༌། ཟག་པ་མེད་པའི་ལུས་དང༌། ཡེ་ཤེས་ཀྱི་ལུས་དང་བཞིའོ། །གདོས་བཅས་ཀྱི་ལུས་ནི་འབྱུང་བཞི་ཤ་ཁྲག་ལས་གྲུབ་པ་འདི་ཤི་ཙ་ན་འཇོག་པ་ཡིན། ཟག་པ་ནི་ཉོན་མོངས་པའམ་ལུས་སུ་བཟུང་བའི་ཞེན་པ་དང་བཅས་པའོ། །ཟག་པ་དང་བཅས་པའི་ཡིད་ཀྱི་ལུས་ནི། ངའི་ལུས་སྙམ་དུ་ཡིད་ཀྱིས་འཛིན་པའོ། །ཤི་ནས་བར་དོར་འཁྱམས་པའི་དུས་ན་ཡང་ངའི་ལུས་སྙམ་དུ་ཡོད་པས་བར་དོའི་ལུས་ཀྱང་ལེན་པའོ། །ཟག་པ་ནི་ང་ཡི་ལུས་སྙམ་དུ་ཞེན་ཞིང་ཆགས་པའོ། །ཟག་པ་མེད་པ་ནི་ཟག་བཅས་གཉིས་ཀྱི་གང་དུ་ཡང་མ་དམིགས་པ་ཞེན་པ་དང་འཛིན་པ་མེད་པའོ། །ཡེ་ཤེས་ཀྱི་ལུས་ལ་གཉིས། ལམ་གྱི་དུས་སུ་ཏིང་ངེ་འཛིན་དང་ལྡན་པའི་ལུས་དང༌། འབྲས་བུའི་དུས་སུ་མྱ་ངན་ལས་འདས་པའི་སྐུར་སྣང་བའོ། །ཏིང་ངེ་འཛིན་ལ་ཐེག་པ་འོག་མ་དང༌། ཕ་རོལ་ཏུ་ཕྱིན་པའི་ལུས་མི་རྟག་པ་དང་མི་གཙང་བའི་རྫས་སུ་བསྒོམ། གསང་སྔགས་ལས་ཡི་དམ་ལྷར་བསྒོམ། མྱ་ངན་ལས་འདས་པ་ནི། འབྲས་བུ་སྐུ་བཞི་མངོན་དུ་བྱེད་པའོ། །གཉིས་པ་སྣང་ལ་ལེན་པ་ནི། རང་ལ་ལུས་ཡོད་པས་བསད་བྱ་སེམས་ཅན་ཐམས་ཅད་དང༌། མི་ཚངས་པ་སྤྱད་པའི་ཡུལ་སྡུག་པ་དང༌། མ་བྱིན་པར་ལེན་པའི་ཡུལ་མི་དང་ནོར་གཞན་གྱིས་བདག་ཏུ་བཟུང་བའི་རྫས་ལ། ལུས་ཀྱི་ལས་གསུམ་བྱས་པས་ངན་སོང་གསུམ་དང་འཁོར་བའི་ལུས་ལེན། དེ་གསུམ་ཡང་དགེ་བའི་ལས་བྱས་ན་དགེ་བའི་འབྲས་བུ་ལེན་པའོ། །སྣང་ལ་མི་ལེན་པ་ནི། ཡུལ་གསུམ་ལ་ལུས་ཀྱི་ལས་མ་བྱས་པས་གནས་སྐབས་ཉོན་མོངས་པ་མི་སྐྱེ་ལ། མཐར་ཐུག་འབྲས་བུ་མི་ལེན་པའོ། །དགེ་བ་ལ་ཡང་དེ་བཞིན་དུ་བྱའོ། །གནད་ནི་བཞི་ཡིན་ཏེ། ལམ་རེ་རེའི་སྐབས་སུ་བསྟན་ཟིན་ཏོ། །དེས་ན་ཚོམས་བཅུ་དྲུག་ལུས་ཀྱི་གནད་བསྟན་པའོ།། །།


previousཚོམས་བཅུ་དྲུག་ལུས་ཀྱི་གནད་བསྟན་པ། next