Nitartha Digital Library
Tibetan
བར་དོ་ཐོས་གྲོལ་ཆེན་མོའི་ཆོས་སྐོར་ཕྱོགས་བསྒྲིགས།

0 occurrences of ཆོས་རྒྱལ་ཕུག་
[Clear Hits]


  
 collapse section
བར་དོ་ཐོས་གྲོལ་ཆེན་མོའི་རྩ་གཞུང་གི་བྱུང་ཁུངས་དང་ལོ་རྒྱུས་ཀྱི་སྐོར།
  
  
  
  
  
  
  
 expand section
 expand section


0 occurrences of ཆོས་རྒྱལ་ཕུག་
[Clear Hits]

 
previousབར་དོ་ཐོས་གྲོལ་ཆེན་མོའི་རྩ་གཞུང་གི་བྱུང་ཁུངས་དང་ལོ་རྒྱུས་ཀྱི་སྐོར།next

བར་དོ་ཐོས་གྲོལ་ཆེན་མོའི་རྩ་གཞུང་གི་བྱུང་ཁུངས་དང་ལོ་རྒྱུས་ཀྱི་སྐོར།

བརྒྱུད་པའི་ལོ་རྒྱུས་མདོར་བསྡུས་ནོར་བུའི་ཕྲེང་བ། རྒྱ་བཙུན་ནམ་མཁའ་ཆོས་ཀྱི་རྒྱ་མཚོ།

ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་གྱི་བརྒྱུད་པའི་ལོ་རྒྱུས་མདོར་བསྡུས་པ་ནོར་བུའི་ཕྲེང་བ་ཞེས་བྱ་བ་བཞུགས་སོ། །

ཞི་ཁྲོ་སྐུ་གསུམ་ལྷ་ལ་ཕྱག་འཚལ་ལོ། །ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་ལས། བར་དོ་ཐོས་གྲོལ་གྱི་ཆོས་སྐོར་འདི་ལ་བརྒྱུད་པ་ནི། དད་ལྡན་སྐྱེས་བུ་རྣམས་ཡིད་ཆེས་པར་བྱ་བའི་ཕྱིར། ཆུ་མགོ་གངས་ལ་ཐུག་པ་ལྟར། །ཀུན་བཟང་ང་ཡི་བར་དུ་བཤད། །ཅེས་གསུངས་པས། རྒྱལ་བ་དགོངས་པའི་བརྒྱུད་པ་དང་། རིག་འཛིན་བརྡ་ཡི་བརྒྱུད་པ་དང་། གང་ཟག་སྙན་ཁུང་གི་བརྒྱུད་པ་དང་གསུམ་མོ། བརྒྱུད་པའི་དགོས་པ་ནི། ཡིད་ཆེས་ཤིང་ཁུངས་བཙུན་པར་བྱེད་པ་ཡིན་ཏེ། ཉི་ཟླ་ཁ་སྦྱོར་ལས། ཐོག་མར་ལོ་རྒྱུས་དོན་གྱིས་བཤད། །ལོ་རྒྱུས་དོན་གྱིས་མ་བཤད་ན། །གསང་ཆེན་ངེས་པའི་བཀའ་འདི་ལ། །ཡིད་མི་ཆེས་པའི་སྐྱོན་དུ་འགྱུར། ཞེས་གསུངས་པས། དང་པོ་རྒྱལ་བ་དགོངས་པའི་བརྒྱུད་པ་ལ་གསུམ་སྟེ། ཆོས་སྐུ་ཀུན་བཟང་ཡབ་ཡུམ། དྲུག་པ་རྡོ་རྗེ་འཆང་ཆེན། སྟོན་པ་རྡོ་རྗེ་སེམས་དཔའ་དང་གསུམ་ཡིན་ཏེ། ཆོས་སྐུ་ཀུན་བཟང་ཡབ་ཡུམ་ནི། དབྱིངས་རང་བཞིན་རྣམ་པར་དག་པ། འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་དུ། འདུས་མ་བྱས་པ་ཡེ་ནས་ལྷུན་གྲུབ། སྣང་སྟོང་ཐབས་དང་ཤེས་རབ་མཉམ་པར་བཞུགས་པའི། བཅོམ་ལྡན་འདས་དཔལ་ཀུན་བཟང་ཡབ་ཡུམ་ཡིན་ཏེ། དེའང་ཆོས་སྐུ་དྲི་བྲལ་ཅིའི་ངོ་བོར་ཡང་མ་གྲུབ་པ་ལ། གདུལ་བྱའི་སྣང་ངོར་ཐུགས་རྗེ་ཞལ་ཕྱག་གི་རྣམ་པར། སྐུ་མཚན་དང་དཔེ་བྱད་དུ་འབར་བར་བཞེངས་ཏེ། སྤྲོས་པའི་མཚན་མ་ཐམས་ཅད་དང་བྲལ་བའི་ངང་ལས། །གནས་འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས། འོད་ལྔ་འཁྲུགས་པའི་ཕོ་བྲང་དུ་བཞུགས་སོ། །བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོས་དགོངས་པ་ཡོངས་སུ་རྫོགས་པ་དྲུག་པ་རྡོ་རྗེ་འཆང་ཆེན་པོ་ལ་གཏད་ནས། སྤྱི་བླུགས་ཆེན་པོར་བྱིན་གྱིས་བརླབས། དེ་ལྟར་བྱིན་གྱིས་བརླབས་ནས། གདུལ་བྱ་རྣམས་ལ་ཐུགས་རྗེ་རང་བབས་སུ་བྱོན་ཞིང་། གདུལ་བྱའི་སྣང་ཡུལ་དུ་སྐུ་མཚན་དང་དཔེ་བྱད་དཔག་ཏུ་མེད་པར་བསྟན་ཏེ། མཛད་པའི་རྣམ་པར་སྤྲུལ་པ་མང་པོ་ལས་བསྡུས་ཏེ་སྨོས་པ་ནི། ཐུགས་རྗེ་ཆེ་ལ་ཐབས་མཁས་ཀྱི་མངའ་བདག་བཅོམ་ལྡན་འདས་དྲུག་པ་རྡོ་རྗེ་འཆང་ཆེན་པོ་ཉིད་དོ། །བཅོམ་ལྡན་འདས་དྲུག་པ་རྡོ་རྗེ་འཆང་ཆེན་པོ་ཉིད་ཀྱི་དགོངས་པ་སྟོན་པ་རྡོ་རྗེ་སེམས་དཔའ་ཉིད་ལ་གཏད་ཅིང་བྱིན་གྱིས་བརླབས་སོ། །སྟོན་པ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་དེ་ཉིད་སྤྲོས་བྲལ་ཆེན་པོའི་ཀློང་ལས། ཐུགས་རང་བྱུང་གི་ཡེ་ཤེས་རྣམ་པར་གཡོས་པས་ལོངས་སྤྱོད་རྫོགས་པའི་སྐུ་རང་བྱུང་དུ་བྱོན་ཞིང་། ཡེ་ཤེས་ཆེན་པོའི་འོད་ཟེར་གྱི་འཕྲོ་འདུས་མཛད་པ་སུམ་ཅུ་སོ་དྲུག་གི་སྐུ་རང་བྱུང་དུ་གནས་འོད་ཀྱི་ཐིག་ལེ་ལས། གནས་ཕུན་སུམ་ཚོགས་པ་དྲུག་ཅུ་ཐམ་པར་གནས་པར་༼སྣང་བར་༽བྱས། སངས་རྒྱས་ཀྱི་སྐུ་དཔག་ཏུ་མེད་པ། སྤྱན་གྱི་དཀྱིལ་འཁོར་ལ་མངོན་པར་སྣང་ནས། དེ་དག་ཀྱང་ཉིད་ཀྱི་འོད་ཟེར་རིགས་ལྔའི་སངས་རྒྱས་སུ་འདུས་ཤིང་རིགས་ལས་མངོན་དུ་ཕྱུང་ངོ་། །དེའི་ཚེ་ཉིད་ཀྱི་ལྗགས་འོད་ཀྱི་སྣང་བ་ལས། རང་བྱུང་གི་ཡི་གེའི་སྒྲ་རང་བྱུང་དུ་བབ་སྟེ། སེམས་ཅན་ཐམས་ཅད་བླ་ན་མེད་པའི་བྱང་ཆུབ་ལ་འགོད་དོ། །ཞེས་ལན་གསུམ་དུ་བྱུང་བས་ཉིད་ཀྱི་ཐུགས་རང་བྱུང་གི་ཡེ་ཤེས་ལས། ཆོས་ཉིད་ཀུན་ཏུ་བཟང་མོ་རང་བྱུང་ནས། རང་བྱུང་འཛད་མེད་ཀྱི་ཐུགས་རྗེ་ཕྱོགས་བཅུར་འཕྲོས་སོ། །དེའི་ངང་ལས་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའི་སྐུ། འཁོར་གྲངས་མེད་པ་ཉིད་ཀྱི་ལོངས་སྤྱོད་དུ་འདུས་པ་དང་། རྫོགས་པ་ཆེན་པོའི་སྐུ་འོད་དུ་འབར་བ་དེ་བཞིན་དུ། རིགས་ལྔའི་སངས་རྒྱས་ལ་སོགས་གྲངས་མེད་པ་སོ་སོའི་དཀྱིལ་འཁོར་དང་བཅས་པ། ཉིད་ཀྱི་ལོངས་སྤྱོད་དུ་འདུས་པ་དང་། རྫོགས་པ་ཆེན་པོའི་སྐུ་འོད་དུ་འབར་བ་ལན་བཅུ་གཉིས་སུ་བྱུང་བས། ཆོས་ཐམས་ཅད་ལ་ལོངས་སྤྱོད་ཅིང་རྫོགས་པས་འདི་ཉིད་ཀྱི་ཚེ་ཆོས་ཐམས་ཅད་ཀྱི་རང་བཞིན་དམིགས་བསྡུས་དང་བྲལ་བ་ཉིད་དོ། །དེ་ནས་ཐུགས་རྗེའི་ཡུལ་དུ་མ་ལ་དགོངས་པ་རང་ཤར་དུ་བྱུང་ངོ་། །དེ་ཚེ་འོད་ཀྱི་བཀོད་པ་ལེགས་པའི་གནས་ཁང་བུ་བརྩེགས་པ་ན། སྟོན་པ་ཤེས་རིག་གི་རྒྱལ་པོ་རྡོ་རྗེ་སེམས་དཔའ་ཞེས་བྱ་བ། དཀྱིལ་འཁོར་གྱི་མངའ་བདག་ཏུ་བྱུང་སྟེ། སྐུ་གསུང་ཐུགས་རང་བྱུང་གི་སྟོན་པའི་ངང་ནས། མི་གཡོ་ཆེན་པོ་ཉིད་དུ་བྱུང་ངོ་། །དེ་ཡང་འཕོ་འགྱུར་མ་ཡིན་ཞིང་། བདེ་བའི་ཞིང་ཁམས་ཐམས་ཅད་ཀྱང་མངོན་པར་དགའ་བ་ནས། སངས་རྒྱས་བརྗོད་ཀྱིས་མི་ལངས་པ་དག་ཏུ་རང་བྱུང་ཡེ་ཤེས་རང་གསལ་གྱི་ངང་ལ་རང་བཞུགས་སོ། །བཅོམ་ལྡན་འདས་སྟོན་པ་རྡོ་རྗེ་སེམས་དཔའ་ཉིད་ཀྱི་དགོངས་པས། རིག་འཛིན་ཆེན་པོ་དགའ་རབ་རྡོ་རྗེ་ལ་བྱིན་གྱིས་བརླབས་སོ། །དེ་ཡན་ཆད་རྒྱལ་བ་དགོངས་པའི་བརྒྱུད་པ་ཞེས་བྱའོ། །དེ་ནས་རིག་འཛིན་རིག་པའི་བརྒྱུད་པ་གཏན་ལ་དབབ་པར་བྱ་སྟེ། སྟོན་པ་རྡོ་རྗེ་སེམས་དཔའི་བྱིན་རླབས་ལས། སངས་རྒྱས་མྱ་ངན་ལས་འདས་ནས་ལོ་སུམ་བརྒྱ་དང་དྲུག་ཅུ་ཐམ་པ་ན། རྡོ་རྗེ་གདན་གྱི་ནུབ་ཕྱོགས་དྷ་ན་ཀོ་ཥའི་གླིང་། དཔལ་བདེ་བྱེད་བརྩེགས་པའི་གཙུག་ལག་ཁང་བཀོད་པ་ཕུན་སུམ་ཚོགས་པ་དང་ལྡན་པར་ཡབ་རྒྱལ་པོ་ཨུ་པ་ར་ཛ་དང་། ཡུམ་བཙུན་མོ་སྣང་བ་གསལ་བའི་འོད་ཅེས་བྱ་བ་གཉིས་ལ། སྲས་མོ་སུ་ུདྷརྨ་ཞེས་བྱ་བ་ཡོད་པ་རབ་ཏུ་བྱུང་ནས། དགེ་སློང་མ་མཛད་པ་ཞིག་ནུབ་ཕྱོགས་རྒྱ་མཚོའི་གླིང་བར་ཞིག་ཏུ། འཇག་སྐྱིལ་༼སྤྱིལ་༽ཕུབ་ནས་གཡོག་མོ་དྷཱཀྐི་བདེ་མའི་སྙིང་ལྡན་མ་བྱ་བ་ཞིག་དང་ལྷན་ཅིག་ཏུ་ཆོས་ལ་གནས་པའི་ཚེ། ནུབ་གཅིག་གི་རྨི་ལམ་ལ། མི་དཀར་པོས་ཤེལ་གྱི་བུམ་པ་ལ་རིགས་ལྔའི་ས་བོན་གྱིས་སྤྲས་པ་ཞིག་སྤྱི་བོར་བཞག་པ་རྨིས། དེ་ལ་བརྟེན་ནས་ལྷ་ལྕམ་ལུས་མ་བདེ། དུས་ལ་བབས་ནས་ཕ་མེད་པའི་བུ་ཞིག་རྩིབས་ལོགས་གཡས་པའི་གོ་བར་ནས་འཁྲུངས་པ་དང་། དགེ་སློང་མས་ཕ་མེད་པའི་བུ་འདི་འདྲ་བ་ཞིག་སྐྱེས་ཞེས་སྨྲེེ་སྔགས་ཀྱི་ཚིག་མང་པོ་བརྗོད་པས། གཡོག་མོས། ཀྱེ་འདི་ནི་སངས་རྒྱས་ཀྱི་སྲས་དམ་པ་ཞིག་ཡིན་ནོ་བྱས་ཀྱང་མ་ཉན་ནས་ཐལ་དོང་དུ་འདོར་དུ་བཅུག །འོད་དང་སྒྲ་དང་འཇའ་ལ་སོགས་པ་སངས་རྒྱས་འཇིག་རྟེན་དུ་བྱོན་པའི་ལྟས་མང་པོ་བྱུང་བས། དེ་ནས་དགེ་སློང་མའི་ཞལ་ནས། ངའི་བུ་དེ་སངས་རྒྱས་ཀྱི་རྣམ་འཕྲུལ་ཞིག་ཡིན་ན་ད་དུང་མ་གྲོངས་བར་ཡོད་དམ། ལྟོས་དང་གསུངས་པས། ཞག་གསུམ་ལོན་པའི་ནང་བར་བལྟས་པས། སྐུ་སྟོད་ཐལ་བའི་གསེབ་ནས་དྲང་སང་ངེ་ཞལ་འཛུམ་མུལ་ལེ་བཞུགས་པས། དར་དཀར་གྱིས་ལྕིབས་ནས་བླངས་ཏེ། སྤོས་ཆུས་ཁྲུས་བྱས་པ་དང་། བར་སྣང་ནས་ལྷ་རྣམས་ཀྱིས་ཁྲུས་གསོལ་བ་དང་། ཤིས་པ་བརྗོད་པ་ལ་སོགས་པ་ངོ་མཚར་བའི་ལྟས་མང་པོ་བྱུང་། དེ་ནས་གཅེས་སྤྲས་ཀྱིས་བསྐྱངས་པས། ཡུལ་མི་རྣམས་ཀྱིས་ཐལ་བའི་དཀྱིལ་དུ་སྦས་ཀྱང་བུ་ཆུང་འདི་མ་ཤི་བས། མཚན་ཡང་རོ་ལངས་ཐལ་མདོག་ཏུ་བཏགས། དེ་ནས་ལོ་བདུན་ལོན་ནས་བུ་ཆུང་གིས་ང་རྒྱ་གར་གྱི་པཎྜི་ཏ་རྣམས་ཀྱི་རྩར་སྐྱོལ་དང་། ཚིག་མི་བདེ་བའི་དྲི་བ་བྱེད་རྒྱུ་ཡོད་གསུངས།

མི་རྣམས་ཀྱིས་ཁྱོད་ལོ་བདུན་ལས་མ་ལོན་སོ་གཅིག་ཀྱང་མ་བརྗེས་བྱས་པས། ང་ལ་ཆོས་གཏམ་བྱེད་རྒྱུ་ཡོད་གསུངས། དེ་ནས་མྱེས་པོ་ཨུ་པ་རཱ་ཛ་དང་། པཎྜི་ཏ་ལྔ་བརྒྱ་དང་མཇལ། རོ་ལངས་ཐལ་མདོག་གིས་ཕར་དྲིས་པས། པཎྜི་ཏ་ཐམས་ཅད་ཀྱིས་ལན་མ་ཐེབས། ཚུར་དྲིས་པ་ཐམས་ཅད་ལ་ལན་ཐོགས་པ་མེད་པ་བྱུང་། དེ་ནས་པཎྜི་ཏ་ཐམས་ཅད་ཀྱིས་དད་པ་བྱས། ཞབས་སྤྱི་བོར་བླངས། རྒྱལ་པོས་བུ་ཚ་དགའ་རབ་ཅིག་ཏུ་འདུག་གསུངས་པས་དགའ་རབ་རྡོ་རྗེ་བཏགས། པཎྜི་ཏ་ཐམས་ཅད་ཀྱིས་པྲ་ཛྙཱ་བྷ་ཝ་ཞེས་བྱ་བ་བཏགས། དེ་ནས་བྱང་ཕྱོགས་རི་བོ་ཉི་མ་རབ་ཏུ་སྣང་བྱེད་ཅེས་བྱ་བ། མི་མ་ཡིན་མང་དུ་ཚོགས་པའི་གནས་སུ་ལོ་སུམ་ཅུ་སོ་གཉིས་ལ་ཏིང་ངེ་འཛིན་ལ་བཞུགས་པས། ས་གཡོ་བ་དང་། སྒྲ་དང་། འོད་དང་མེ་ཏོག་གི་ཆར་ཕབ་ཅིང་། ཁྱད་པར་དུ་མུ་སྟེགས་ཀྱི་བསྟན་པ་རྣམས་ཉམས་པར་བྱས་སོ། །མུ་སྟེགས་ཀྱི་རྒྱལ་པོ་ཞིག་གིས་ན་རེ། འདི་ནི་ནང་པ་སངས་རྒྱས་ཀྱི་བསྟན་པ་འཕེལ་ཞིང་རྒྱས་པ། ཕྱི་པ་མུ་སྟེགས་པའི་བསྟན་པ་ཉམས་པར་བྱེད་པ་ཡིན་པས་འདི་སོད་ཅིག་ཅེས་བསྒོས་ཏེ། གསོད་པའི་ཐབས་ཅི་བྱས་ཀྱང་ཐབས་མ་རྙེད། སློབ་དཔོན་དགའ་རབ་རྡོ་རྗེ་ནམ་མཁའི་དབྱིངས་སུ་གཤེགས་པས། མུ་སྟེགས་ཀྱི་རྒྱལ་པོ་འཁོར་དང་བཅས་པ་ངོ་མཚར་སྐྱེས་ཤིང་ཕྱག་བྱས་ནས་ནང་པའི་བསྟན་པ་ལ་ཞུགས་སོ། །

དེ་ནས་དགའ་རབ་རྡོ་རྗེས་སྔར་སངས་རྒྱས་ཀྱིས་གསུངས་པའི་ཆོས་སྡེ་སྣོད་མ་ལུས་པ་དང་། ཁྱད་པར་དུ་རང་བྱུང་རྫོགས་པ་ཆེན་པོ་ཤོ་ལོ་ཀ་འབུམ་ཕྲག་དྲུག་ཅུ་རྩ་བཞི་ཐུགས་ལ་མངའ་བ་རྣམས། རི་མ་ལ་ཡ་རིན་པོ་ཆེ་སྤུངས་པ་བསྟན་པ་རྒྱས་བྱེད་ཀྱི་རྩེ་མོར་མཁའ་འགྲོ་བདེ་བའི་རོ་ལྡན་མ་དང་། བདེ་བྱེད་ཡོན་ཏན་མཐའ་ཡས་མ་དང་། སློབ་དཔོན་དགའ་རབ་རྡོ་རྗེ་དང་གསུམ་གྱིས། ལོ་གསུམ་བར་དུ་ཡི་གེ་དཀར་ཆག་ལ་བཏབ་ནས། དྷཱཀྐི་མངོན་བྱུང་གི་ཕུག་པར་རྒྱས་བཏབ་ཅིང་མཁའ་འགྲོ་མ་ལ་གཉེར་དུ་གཏད་དེ་བཞུགས་སུ་བཅོལ། སློབ་དཔོན་ཆེན་པོ་རྡོ་རྗེ་གདན་གྱི་བྱང་ཤར་མཚམས། དཔག་ཚད་ལྔ་འདས་པ་ན། དུར་ཁྲོད་ཆེན་པོ་བསིལ་བའི་ཚལ་ཞེས་བྱ་བར་དགོངས་པ་ལ་བཞུགས་ནས། མཁའ་འགྲོ་མ་རྣམས་ལ་ཆོས་བསྟན་ཏོ། །དེའི་ཚེ་དེའི་དུས་ན་རྒྱ་ནག་ཤིང་རྩའི་གླིང་ན། ཁྱིམ་བདག་དགེ་བའི་བློ་ཅན་ཞེས་བྱ་བ་དང་། ཡུམ་སྣང་གསལ་མ་ཞེས་བྱ་བའི་བུ། ཤྲཱྀ་སིང་ཧ་ཞེས་བྱ་བ་སྦྱངས་པའི་ཡོན་ཏན་དང་ལྡན་པ་ཞིག་ཡོད་པ་དེ། དུས་རེ་ཞིག་གྲོང་ཁྱེར་གསེར་གླིང་ཞེས་བྱ་བར་འགྲོ་སྙམ་ནས། ཁ་ནུབ་ལ་གཏད་དེ། རྔ་མོང་ནག་པོ་སྟོབས་ལྡན་ལ་ཞོན་ནས། མཐའ་ཁོབ་ཀྱི་དཀྱིལ་དུ་སླེབས་པའི་ཚེ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་སྟེང་གི་ནམ་མཁའ་ལ་དངོས་སུ་བྱོན་ནས། ཀྱེ་སྐལ་ལྡན་རིགས་ཀྱི་བུ། འབྲས་བུ་ངེས་པའི་སྙིང་པོ་འདོད་ན། དུར་ཁྲོད་ཆེན་པོ་བསིལ་བའི་ཚལ་དུ་སོང་ཞིག་ཅེས་ལུང་བསྟན་པས་བསླབ་སྦྱང་དང་། རྐང་མགྱོགས་དང་རྫུའཕྲུལ་གྱི་ཤུགས་ཀྱིས་དུར་ཁྲོད་ཆེན་པོ་བསིལ་བའི་ཚལ་དུ་སློབ་དཔོན་ཆེན་པོ་དགའ་རབ་རྡོ་རྗེ་དང་མཇལ། ཡང་དག་པའི་གདམས་པ་ཞིག་བསྟན་དུ་གསོལ། ཞེས་ཞུས་པས། ལས་དང་སྐལ་བར་ལྡན་པར་གཟིགས་ནས། མན་ངག་རིན་པོ་ཆེ་སྙིང་པོའི་གདམས་པ་ཐམས་ཅད་གནང་ཞིང་། ཁྱད་པར་དུ་རྫོགས་པ་ཆེན་པོའི་རྒྱུད་སྡེ་འབུམ་ཕྲག་དྲུག་ཅུ་རྩ་བཞིའི་དོན་མ་ལུས་པ་ལོ་ཉེར་ལྔའི་བར་དུ་ཞུན་འཐར་བཅད་ནས། ཉམས་སུ་བླངས་པས་རྟོགས་པའི་གདེངས་དང་ལྡན་པར་གྱུར་ཏེ། སློབ་དཔོན་ཆེན་པོ་ཤྲཱྀ་སིང་ཧ་ཉིད། དུར་ཁྲོད་སོ་སའི་གླིང་ལ་དགོངས་པ་ལ་བཞུགས་སོ། །དེའི་དུས་ན་ཨོ་རྒྱན་གྱི་མཁན་པོ་པདྨ་འབྱུང་གནས་ལ། གསང་སྔགས་བསྒྲུབ་སྡེ་མཐའ་དག་གི་སྨིན་གྲོལ་དང་བཅས་པ། ཁྱད་པར་དུ་རང་བཞིན་རྫོགས་པ་ཆེན་པོའི་ཆོས་སྡེ་མཐའ་དག་གི་སྙིང་པོ་ཡང་ཞུན་བཅུད་དུ་དྲིལ་བའི་ཨ་ཏི་བླ་མེད། ཡང་དག་གསེར་མཛོད། སྙིང་ཐིག་གསལ་བ། ཉམས་ལེན་གྱི་སྐོར་རྣམས། བུམ་པ་མཚན་ལྡན་དུ་བྱོས་ཏེ། གང་ཞིང་མ་ཟག་པའི་ཚུལ་དུ་གནས་དུར་ཁྲོད་ཆེན་པོ་སོ་ས་གླིང་གི་དབུས་ན། རང་བྱུང་གི་མཆོད་རྟེན་རྒྱ་ཆེ་བ། སྲིད་དུ་རིང་བ། འཁོར་ལོ་གདུགས་དང་བཅས་པ་རྒྱུ་རིན་པོ་ཆེ་གསེར་དངུལ་ལ་བྱས་པ། འོད་ཟེར་དཔག་ཏུ་མེད་པ་འཕྲོ་བའི་དྲུང་དུ། སློབ་དཔོན་ཆེན་པོ་ཤྲཱྀ་སིང་ཧ་ཞེས་བྱ་བ་ཐབས་མཁས་ཐུགས་རྗེ་དང་ལྡན་པའི་མདུན་དུ་གྲོགས་ཀྱི་དམ་པ་པཎྜི་ཏ་དྲི་མེད་བཤེས་གཉེན་བྱ་བ་དང་རྒྱལ་བ་ཡེ་ཤེས་མདོ་ཞེས་བྱ་བ་སྦྱངས་པའི་ཡོན་ཏན་དང་ལྡན་པ་དང་། ཨོ་རྒྱན་གྱི་སློབ་དཔོན་པདྨ་སྟེ་མཆེད་གྲོགས་གསུམ་ལ་གནད་ཐོག་ཏུ་གནད་དབབ་ནས་བྱིན་གྱིས་བརླབས་པའོ། །

དེ་ལྟར་རིག་འཛིན་བརྡ་བརྒྱུད་ཀྱི་ལོ་རྒྱུས་གཏན་ལ་ཕབ་ནས། གང་ཟག་སྙན་བརྒྱུད་ཀྱི་ལོ་རྒྱུས་ཀྱང་། བདག་ཉིད་ཆེན་པོ་ཨོ་རྒྱན་པདྨ་ནས་བརྒྱུད་པ་རྣམས་ཀྱི་མཚན་དོན་ནི་ཤུགས་ཀྱིས་ཤེས་པར་བྱ་ཞིང་། སྙིགས་མའི་དུས་སུ་དྭགས་ཀོང་དང་། བྱང་ཕྱོགས་ཀྱི་སེམས་ཅན་རྣམས་ལ་ཕན་བདེ་སྟེར་བའི་སླད་དུ་ལས་ཀྱི་དཔའ་བོ་ཀརྨའི་མིང་ཅན་ཅིག་གིས་འགྲོ་དོན་རླབས་ཆེན་སྤྱོད་པར་གྱུར་ཅིག །ཅེས་སྨོན་ལམ་བཏབ་ནས་བྱིན་གྱིས་བརླབས་སོ། །གང་ཟག་སྙན་ཁུང་གི་བརྒྱུད་པ་ལ། གཏེར་སྟོན་ཀརྨ་གླིང་པའི་སྐུ་འཁྲུངས་ཡུལ་ནི། དྭགས་པོའི་སྟོད་ཁྱེར་གྲུབ་ཆེན་ཉི་ཟླ་སངས་རྒྱས་ཀྱི་སྲས་པོ་ཀུན་གྱི་ཆེ་ཤོས། ལུང་བསྟན་དང་རྟེན་འབྲེལ་འཛོམས་ནས། དྭགས་ལ་སྒམ་པོ་གདར་གྱི་རི་ལྷ་བྲན་གར་བྱེད་པ་འདྲ་བ་ནས། ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་གྱི་སྐོར་རྣམས། གཏེར་ནས་གསང་སྟེ་གདན་དྲངས། གཞན་ཡང་པདྨ་ཞི་ཁྲོ་ལ་སོགས་ཀྱང་གཏེར་ནས་བཏོན། གཏེར་ལུང་གི་ཇོ་མོའི་ལུང་བསྟན་རྟེན་འབྲེལ་འཆུག་པས་ཁ་སྨྲས་ཀྱང་བྱུང་། འོན་ཀྱང་སྲས་གཅིག་ནི་ཡོད། དགོངས་པ་རང་གྲོལ་སྤེལ་བའི་དུས་ལ་མ་སླེབས་པ་ལ་ཤོག་སེར་གཅིག་གཞན་ལ་བསྟན་པས། སྐུ་ཚེ་ལ་བར་ཆད་བྱུང་ཞེས་པ་ཡང་གྲགས། ཡོན་ཏན་དཔག་ཏུ་མེད་པ་ཐུགས་ལ་མངའ་ཞིང་། འཕྲིན་ལས་གང་ལའང་ཐོགས་པ་མེད་པའི་མངའ་བདག་ཆེན་པོ་དེ་ཉིད་སྐུ་གཤེགས་པར་རིག་ནས། སང་གནང་ད་ཙམ་ལ་ངའི་ལུས་ལ་མེ་ཏོག་པདྨའི་རི་མོ་མང་པོ་དོད་ནས་ཡོད་གསུངས་པ་དང་། མངོན་ཤེས་ཀྱང་མང་དུ་གསུངས། དེ་ནས་ཕྱིས་ལོ་སྐུ་གཤེགས་ཁར་སྲས་ལ་དགོངས་པ་རང་གྲོལ་གྱི་དབང་དང་བཀའ་ལུང་གནང་ནས་གཞན་སུ་ལའང་མ་བསྟན། ཉི་ཟླའི་མིང་ཅན་སྐྱེས་བུ་དམ་པ་ཞིག་ལ་ཆོས་འདི་གཏོད། དེས་འགྲོ་དོན་རྒྱ་ཆེར་སྤྱོད་པ་འབྱུང་གསུངས་པ་སོགས་ལུང་བསྟན་མང་དུ་མཛད་ནས་གཤེགས་སོ། །

ཀརྨ་གླིང་པ་ཉིད་ཀྱི་ཡབ་གྲུབ་ཆེན་ཉི་ཟླ་སངས་རྒྱས་ཡིན་ཏེ་དགུང་ལོ་བརྒྱ་དང་ཉི་ཤུར་བཞུགས་པ་ཡིན་ནོ། །ཀརྨ་གླིང་པ་དེའི་སྲས་ཉི་ཟླ་ཆོས་རྗེ་ཡིན་ཏེ། ཆུང་ངུ་ནས་ཆོས་ལ་དད་ཅིང་ཐུགས་རབ་ཆེ་བ། ཀུན་གྱི་ཡིད་དུ་འོང་བ། བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་དང་ལྡན་པ། ཡོན་ཏན་མཐའ་དག་ལ་ཐུགས་སྦྱངས་པ། ཁྱད་པར་དུ་རང་བཞིན་རྫོགས་པ་ཆེན་པོའི་ཆོས་དོན་ལ་མཁས་པ། དགུང་ལོ་བཅུ་བདུན་ནས་ཆོས་གསུང་པ་དང་། དབང་བསྐུར་ལ་མཁས་པ། གདུལ་བྱ་དང་བ་འདྲེན་ཅིང་། འགྲོ་བའི་དོན་རྒྱ་ཆེར་མཛད་པ་ཅིག་བྱུང་། དྭགས་པོ་ནས་ལུང་པོ་ཕྱོགས་སུ་ཕྱག་ཕེབས། བླ་མ་རིན་པོ་ཆེ་སུཪྻ་ཙནྡྲ་རསྨི་དང་མཇལ། རྨི་ལམ་དང་རྟེན་འབྲེལ་འགྲིགས་པས། ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་གྱི་སྐོར་བླ་མ་ཉི་ཟླ་འོད་ཟེར་ལ་ཕུལ། ཁྱེད་ལུང་བསྟན་ནས་ཟིན། བརྒྱུད་པ་གསུམ་པ་ཡིན། ངས་ཆོས་འདི་རླུང་གི་ཕྱོགས་ཙམ་ཡང་སུ་ལ་བསྟན་པ་མེད། བརྒྱུད་པ་གསུམ་གྱི་བར་དུ་གཅིག་བརྒྱུད་གྱིས། བརྒྱུད་པ་གསུམ་ནས་འགྲོ་དོན་རྒྱ་ཆེན་འབྱུང་གསུངས་པ་ཡོད། ཁྱེད་ཀྱིས་ཀྱང་ལོ་དྲུག་གི་བར་དུ་སུ་ལའང་མ་སྟོན་ཁྱེད་རང་ཉམས་སུ་ལོངས། ལོ་དྲུག་སོང་ནས་གཞན་ལ་སྟོན་དང་འགྲོ་དོན་རྒྱ་ཆེར་འོང་། ཀརྨ་གླིང་པའི་ཕྲིན་ལས་བྱང་ཕྱོགས་རྒྱས། །ཞེས་གསུངས་པས། བྱང་ཕྱོགས་སུ་བསྟན་པ་དར་རྒྱས་སུ་འོང་བའི་ལུང་བསྟན་ཡོད། ཟབ་ཆོས་འདིའི་འོག་སྒོ་བདེ་ཆེན་གྱི་སྐོར་ནི། ལོ་བཅུའི་བར་དུ་སུ་ལ་མ་སྟོན། དེ་ནས་སྟོན་དང་བར་ཆད་ལས་གྲོལ་བ་ཡིན་གསུངས་སོ། །དེའི་སློབ་མ་ནི་བླ་མ་རིན་པོ་ཆེ་སུཪྻ་ཙནྡྲ་རསྨི་ཡིན་ཏེ། སྐུ་འཁྲུངས་ཡུལ་ནི་ལུང་པོ་རྩི་དཀར་བྱ་བ་ཡིན། བརྒྱུད་པ་ནི་གླང་ཆེན་དཔལ་གྱི་སེངྒེའི་བརྒྱུད་པ། ཕ་སྨན་པ་གཡང་རྒྱལ་གྱི་བུ་ལ་{སྔ་མ་}ཆུང་ངུ་ནས་ཆོས་ལ་མོས་ཤིང་། གཅིག་པུར་འགོལ་བའི་སར་བྱོན་ནས། ཐུགས་དམ་ལ་བཞུགས་པས་ཆུང་ཆུང་དུས་ནས། མི་ཀུན་གྱིས་སྒོམ་ཆེན་སྒོམ་ཆེན་ཞེས་ཟེར། རྗེ་བཙུན་གྲགས་པ་རིན་པོ་ཆེ་ལ་སོགས་པའི་བླ་མ་མང་པོའི་ཞབས་ལ་གཏུགས་ནས་ཕྱི་ནང་གསང་གསུམ་གྱི་ཆོས་ལ་མཁས་པ། བསྒྲུབ་པ་ལ་བརྩོན་པ། འཆད་པ་དང་། རྩོམ་པ་ལ་མངའ་བརྙེས་ཤིང་། རྟོགས་པ་མཆོག་ཏུ་གྱུར་པ། སྙིགས་དུས་ཀྱི་སེམས་ཅན་ཐམས་ཅད་ཀྱི་འདྲེན་པ་དམ་པ་དེ་ཉིད། ཀོང་སྨད་རྒྱ་འཛིན་ཕུའི་ཕྱོགས་སུ། ཡོངས་ཀྱི་བླ་མ་དགེ་བའི་བཤེས་གཉེན་མང་པོ་དང་། ཡོན་བདག་རྣམས་ཀྱིས་གདན་དྲངས་པ་ན། བདག་དང་མཇལ་བས་ཐུགས་རྗེས་འཛིན་སོ་མཛད། ཆོས་གང་ལ་གང་དགོས་གནང་། རྗེ་བཙུན་ཆེན་པོ་དེའི་རྣམ་ཐར་པུསྟི་ཆེན་པོ་གཅིག་ཡོད། མཛད་ཆོས་ལའང་རབ་དབྱེ་རྒྱ་མཚོ་ལ་སོགས་པའི་བསྟན་བཅོས་བསམ་གྱིས་མི་ཁྱབ་པ་མང་པོ་ཡོད། འདི་ཉིད་ནི་རྒྱ་གར་གྱི་གཏེར་སྟོན་བཛྲ་མ་ཏི། དགོངས་འདུས་ལ་སོགས་ལུང་བསྟན་མང་པོ་ནས་ཟིན་པ་ཡིན། ཨོ་རྒྱན་རིན་པོ་ཆེ་པདྨས་བྱིན་གྱིས་བརླབས་པའི་སྐྱེས་བུ་དམ་པ་ཆེན་པོ་ཡིན་ཅིང་། གང་ཟག་སྤྱི་བཙན་པ་ནི་མ་ཡིན་ནོ། །དེའི་སློབ་མ་ནི། བདག་རྒྱ་བཙུན་པ་ནམ་མཁའ་ཆོས་ཀྱི་རྒྱ་མཚོ་ཡིན་པས། རུས་ནི་རྒྱ་ར། ཕ་ནི་ཆེམ་ཡུལ་ཆེས་གྲོང་ཞེས་པ་ན་ནམ་མཁའ་ཞེས་བྱ་བ་ཞིག་ཡིན། བདག་གི་ཕ་དེས་དང་པོ་ཁྱིམ་བཟུང་བྱས་པས། བུ་དང་བུ་མོ་གང་ཡང་མེད་དེ། ཁོས་ཆོ་ལོ་འགྱེད་པས་ཁྱིམ་ཤོར། དེ་ནས་ཀོང་སྨད་ལྟ་བ་ཕུག་གསེབ་ཡུལ་སྟེང་དགོན་ན། ཁོ་རང་གི་ནུ་བོ་བླ་མ་ཆོས་འགྲུབ་ཅེས་པ་ཞིག་བཞུགས་པའི་རྩ་ན་ཁོ་ཡིས་ཆོས་འདོན་བྱས། དེ་ནས་བཙུན་མ་བདེ་བ་པདྨ་ཞེས་བྱ་བ་ཞིག་དང་མཐུན་ནས་ལྕགས་པོ་ཁྱིའི་ལོ་ལ་བདག་ནི་ཁོའི་སྲས་སུ་སྐྱེས། ཡང་སྲིང་མོ་ཞིག་སྐྱེས། བདག་ལོ་ལྔ་ལོན་ཙ་ཡང་ནུ་བོ་གཅིག་སྐྱེས། དེ་ནས་ལོ་མ་འཁོར་བ་ལ་ཕ་མ་དང་སྲིང་མོ་གསུམ་ཀ་ཤི་ནས། དེ་ནས་བུ་ཆུང་དེ་ཁྱིམ་བདག་པོ་དགེ་བསྙེན་མ་ཞེས་བྱ་བ་དང་སེམས་ཅན་ཞིག་གིས་གསོས་པས་ལོ་བཅུ་གཉིས་ལ་རབ་ཏུ་བྱུང་བས། ཡོན་ཏན་དང་ཆོས་མཐའ་དག་ལ་ཐུགས་སྦྱངས་བྱས་པས་ཡོན་ཏན་ཕུན་སུམ་ཚོགས་པ་མངའ་ཞིང་། ཡར་ཆོས་རྗེ་རྣམ་པའི་ཞབས་ཏོག་ལ་བརྩོན་པ། མར་སེམས་ཅན་ཐམས་ཅད་ཀྱི་ནད་གདོན་ཐམས་ཅད་ལ་རྐྱེན་སེལ་ཕན་པ་རྒྱ་ཆེན་བསམ་གྱིས་མི་ཁྱབ་པ་མཛད་ཅིང་ཆོས་དང་འཇིག་རྟེན་བྱ་བ་གང་ཡང་ཕུན་སུམ་ཚོགས་པ་ཡོངས་ཀྱི་དཔལ་མགོན་དུ་གྱུར་པ་ཞིག །ད་ལྟ་ཐང་འབྲོག་དགོན་པའི་བླ་མ་ལ་བཞུགས་ནས་ཡོད་དོ། །བདག་ཀྱང་ལོ་ལྔ་ནས་ཨ་ཁུ་བླ་མ་ཆོས་འགྲུབ་པས་བསྐྱངས་ནས་ལོ་དྲུག་ནས་ཡི་གེ་བསླབས། ལོ་དགུ་ལ་ཀློག་བཟང་པོ་ཤེས། དེ་ནས་ལོ་བཅུ་གཅིག་ནས་དྲུང་ཆོས་རྡོར་རྟོགས་ལྡན་པའི་དྲུང་དུ་དགེ་བསྙེན་བྱས། མིང་ནམ་མཁའ་རྒྱ་མཚོ་བཏགས། སྤྱན་རས་གཟིགས་ཀྱི་ཆོས་སྐོར། འཇམ་པའི་དབྱངས་ཀྱི་རྗེས་གནང་ལ་སོགས་པའི་ཆོས་ལུང་མང་དུ་ཐོབ། ཨ་ཁུ་བླ་མའི་དྲུང་དུ་མུན་སེལ་སྒྲོན་མའི་ཁྲིད། རྫོགས་ཆེན་གསང་སྐོར་ལ་སོགས་པའི་ཆོས་མང་དུ་ཐོབ། ལོ་བཅུ་གསུམ་ནས་བླ་མ་དམ་པ་མངའ་རི་བའི་དྲུང་དུ་དགེ་ཚུལ་བྱས། ལོ་བཅུ་དྲུག་ལོན་དུས་ཨ་ཁུ་བླ་མ་འདས། དེ་ནས་བླ་མ་རྣམ་རྒྱལ་བཟང་པོའི་དྲུང་དུ་ཆོས་ཁྲིད་རྫོགས་ཆེན་ཞུས། ལོ་བཅོ་བརྒྱད་ལོན་དུས་བླ་མ་ནམ་མཁའ་བཤེས་གཉེན་པ་ལ་དུས་འཁོར་དགོངས་འདུས་ཀུན་རིགས་ལ་སོགས་ཡོན་ཏན་མཐའ་དག་ལ་སྦྱང་ལོ་བྱས། ལོ་ཉེར་གཅིག་རེད་དུས་སུ་ཨ་ཁུ་བླ་མའི་དགོན་པ་སྨན་མོའི་གདན་ས་བཟུང་། དེ་དུས་འོར་ཤོད་ཆེམ་ཡུལ་གད་པ་སྐྱ་བོར་གཏེར་སྟོན་སངས་རྒྱས་གླིང་པའི་སྲས་པོ་བླ་མ་ཡེ་ཤེས་རྡོ་རྗེའི་དྲུང་དུ་དགོངས་འདུས་ཞུས། དེ་དུས་ཚེ་རབས་ཀྱི་བླ་མ་བསོད་ནམས་རྒྱལ་མཚན་དང་མཇལ་ནས། ཙཱ་རི་བསྐོར་བ་དང་ཆོས་ཞུ་བ་ལ་འོང་ཆད་བྱས་པས་ཕྱིས་དེ་ལོ་ཙཱ་རི་བསྐོར་ནས། བླ་མ་བསོད་ནམས་པ་ལ་ཆོས་ཞུས། ལོ་ཉེར་བཞིའི་དུས་ལ། ཆོས་རྗེ་གཙང་ཆེན་པའི་དྲུང་དུ་བེ་ཐོག་དགོན་དུ་བསྙེན་རྫོགས་བྱས། །མིང་ནམ་མཁའ་ཆོས་ཀྱི་རྒྱ་མཚོ་བཏགས། དེ་ནས་བླ་མ་རིན་པོ་ཆེ་བསོད་ནམས་རྒྱལ་མཚན་སྨན་མོ་དགོན་དུ་གདན་དྲངས་ནས། ཟབ་ཆོས་ཀྱི་འཁོར་ལོ་བསྐོར། བླ་མ་དམ་པའི་ཐུགས་རྗེས་འཛིན་སོ་མཛད་ནས་ཐབས་ལམ་གྲོལ་ལམ་དབང་ལ་སོགས་པ་གང་ལ་གང་དགོས་ཐམས་ཅད་བུམ་པ་གང་བྱོའི་ཚུལ་དུ་གནང་། བཀའ་དྲིན་ལ་འཁོར་ཐབས་མེད་དོ། །བླ་མ་རིན་པོ་ཆེ་སཱུཪྻ་ཙནྡྲའི་དྲུང་དུ་གསང་སྔགས་རྒྱུད་འབུམ། བཀའ་གསར་རྙིང་གི་ཆོས་དང་དབང་ལ་སོགས་པ་མང་དུ་ཐོབ་ཅིང་། ཁྱད་པར་དུའང་ཐུགས་རྗེ་ཁྲོས་མ་ནག་མོའི་སྐོར། ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་གྱི་ཆོས་སྐོར་རྣམས་ལ་ནན་ཆགས་བྱས། །ངོ་སྤྲོད་ལག་ལེན་རྣམས་ལ་འདྲིས་པར་བྱས་ཤིང་བཀའ་དྲིན་ལ་འཁོར་ཐབས་མེད་དོ། །བླ་མ་རྗེ་རྣལ་འབྱོར་གྱི་དབང་ཕྱུག་བླ་མ་རྫ་སྒོམ་པའི་དྲུང་དུ་བཀའ་རྒྱུད་རིན་པོ་ཆེའི་ཆོས་སྐོར་ཟབ་ལ་རྒྱ་ཆེ་བ་བསམ་གྱིས་མི་ཁྱབ་པ་མང་དུ་ཐོབ། དྲུང་པ་སངས་རྒྱས་དཔལ་བའི་དྲུང་དུ་གསང་སྔགས་གསར་རྙིང་ཕྱག་གཅོད་ལ་སོགས་པ་བཀའ་ལུང་བསམ་གྱིས་མི་ཁྱབ་པ་མང་དུ་ཐོབ། གཞན་ཡང་གསང་སྔགས་གསར་རྙིང་གི་དབང་བཀའ་ལ་སོགས་པའི་བཀའ་ལུང་བསམ་གྱིས་མི་ཁྱབ་པ་ཐོབ་པ་ལ། ཆོས་ཀྱི་རྗེ་མཐོང་བ་དོན་ལྡན། ཀརྨ་པ་ཆོས་གྲགས་རྒྱ་མཚོ། ཞྭ་དམར་བ་ཆོས་དཔལ་ཡེ་ཤེས། སྤྲུལ་སྐུ་ཆོས་ཀྱི་གྲགས་པ། ཆོས་རྗེ་ཡིད་བཟང་རྩེ་པ། རྗེ་སྤྱན་སྔ་རིན་པོ་ཆེ། རྗེ་འབྲི་གུང་པ་སྐུ་མཆེད། རྗེ་སྒམ་པོ་བ་སྐུ་མཆེད། འབྲུག་པ་རྒྱལ་དབང་ཆོས་རྗེ། རྗེ་ཆོས་ཀྱི་དབང་ཕྱུག །ཆོས་རྗེ་ནམ་བློ་བ། རྗེ་ཁྲོ་ཕུ་ལོ་ཙཱ་བ། གཏེར་སྟོན་རཏྣ་གླིང་པ། དྲུང་བསོད་ནམས་འབུམ་པ། ས་སྐྱ་བ་དཔལ་ལྡན་བཟང་པོ། །མཁས་པ་བསོད་ནམས་རྒྱ་མཚོ། མཚུར་ཕུ་རིན་པོ་ཆེ། རྗེ་ཤང་ལམ་ལ། སློབ་དཔོན་བླ་མ་རྒྱལ་མཚན། རྗེ་དྷརྨཱ་སྭ་མི། དྲུང་པ་བསོད་ནམས་རྒྱལ་མཚན་པ་ཡབ་སྲས། བླ་མ་འཇམ་དབྱངས་གཞོན་ནུ། དྲུང་པུཎྱཻ་རཱ་ཛ། དབོན་པོ་སྨོན་ལམ་གྲགས་པ། ཀརྨ་སྤྲུལ་སྐུ། དྲུང་ཛྙཱ་ན་སཱ་ག་ར། མཚན་ལྡན་དངོས་གྲུབ་དཔལ་མོ་ལ་སོགས་པའི་བླ་མ་བཞི་བཅུ་ཞེ་གཉིས་བསྟེན། བཀའ་ལུང་བསམ་གྱིས་མི་ཁྱབ་པ་ཐོབ། ལོ་འགའ་ཡང་མཚམས་ལ་བསྡད་ལོ་བྱས། ལོ་ཞེ་གཅིག་ལ་གཏམ་མྱོག་རྒྱ་གྲོང་གི་གཡོན་ཟུར་དུ་ཆོས་འཁོར་རྩེ་བཏབ། ལོ་ཞེ་དྲུག་ལ་དབུས་ཕྱོགས་སུ་ཆོས་རྗེ་ཞྭ་དམར་བའི་ཕྱག་ཕྱི་ལ་ཇོ་མཇལ་ཡང་དག་པ་བྱས། རང་ལ་མཁོས་ཀ་མེད་ཀྱང་། དགོན་པ་ལྔ་དྲུག་ཙམ་བཟུང་ལོ་བྱས། ལོ་དྲུག་ཅུ་རེ་དྲུག་ལ་གཏམ་མྱོག་རྒྱ་གྲོང་གི་གཡས་ཟུར་གངས་ཕུའི་འདབས། དཔལ་རིན་ཆེན་གླིང་ཞེས་བྱ་བའི་རི་ཁྲོད་ཅིག་བཏབ། བླ་མ་དམ་པ་རྣམས་ཀྱི་ཐུགས་རྗེས་འཛིན་སོ་མཛད་ནས། ཆོས་དང་བཀའ་ལུང་ལའང་སྦ་འཕྲི་མེད་པ་ཡང་དག་པར་གནང། དམ་བཅའ་འགའ་རེ་དང་སྒྲུབ་པ་ལ་འབུངས་ལོ་བྱས་ཀྱང་། ཕལ་ཆེར་སྙོམ་ལས་ལ་ལུས། སྙིང་རུས་དང་བརྩོན་འགྲུས་ཆུང་བས་ཉམས་རྟོགས་བཟང་པོ་རྒྱུད་ལ་སྐྱེ་བ་ནི་དཀའ་བར་འདུག །སྔོན་བསགས་ཀྱི་ལས་འཕྲོ་ལ་བརྟེན་ནས། བླ་མ་དམ་པ་རྣམས་ཀྱི་ཐུགས་རྗེ་ཚད་བཟུང་མ་མཆིས་པས་ཚེ་འདིར་ཅི་བསམ་འགྲུབ་པ་དང་བདེ་སྐྱིད་ཕུན་སུམ་ཚོགས་པ་བྱུང་།

རྒས་པོ་འཆི་ཁ་མ་བདག་ལ་སྨོན་ཞིང་དད་འདུན་བྱེད་པ་རྣམས་ཀྱི་ཐུགས་ལ་འདི་ལྟར་ཞོག །མི་ཆོས་ཀྱི་རྩ་བ་ཡིན་པས་ཀུན་དང་མཐུན་པར་གྱིས། ལྷ་ཆོས་ཀྱི་རྩ་བ་ཡིན་པས་གཞན་ཕན་གང་ཆེ་གྱིས། མི་རྟག་པའི་རྩ་བ་ཡིན་པས་ནམ་འཆི་ངེས་མེད་སོམས། རྒྱུ་འབྲས་ཀྱི་རྩ་བ་ཡིན་པས་འཁོར་བའི་སྡུག་བསྔལ་སོམས། འདུན་མའི་རྩ་བ་ཡིན་པས་བློ་ཕུག་ཆོས་ལ་གཏོད། ཆོས་ཀྱི་རྩ་བ་ཡིན་པས་སེམས་ཀྱིས་སེམས་ལ་ལྟོས། ཉམ་ལེན་གྱི་རྩ་བ་ཡིན་པས་དྲན་པ་ཡེངས་མེད་བརྟེན། གདམས་ངག་གི་རྩ་བ་ཡིན་པས་ཡེངས་མེད་ངང་ལ་ཞོག །སྤྱོད་པའི་རྩ་བ་ཡིན་པས་སྤངས་བླངས་མེད་པར་གྱིས། འབྲས་བུའི་རྩ་བ་ཡིན་པས་རེ་དོགས་མེད་པར་གྱིས། གྲོགས་ཀྱི་རྩ་བ་ཡིན་པས་དག་སྣང་ཀུན་ལ་གྱིས། བསྲུང་སྡོམ་གྱི་རྩ་བ་ཡིན་པས་རང་སེམས་དཔང་དུ་ཚུགས། སྐྱབས་འགྲོའི་རྩ་བ་ཡིན་པས་དད་པ་བརྟན་པོ་གྱིས། སེམས་བསྐྱེད་ཀྱི་རྩ་བ་ཡིན་པས་རང་ལས་གཞན་གཅེས་གྱིས། དམ་ཚིག་གི་རྩ་བ་ཡིན་པས་ངོས་ལྐོག་མེད་པར་གྱིས། འགྲོ་ཀུན་ཕ་མ་ཡིན་ནོ་དྲིན་ལན་ཀུན་ལ་འཇོལ། དུས་ངན་གྱིས་སྙིགས་མར་འདུག་གོ་བརྩོན་འགྲུས་ཆོས་ལ་གྱིས། དེ་ལྟར་མདོ་དོན་ཆོས་ལ་དྲིལ་ལ་རི་ཁྲོད་དབེན་གནས་བརྟེན་ཞིང་བླ་མའི་གདམས་ངག་སེམས་ལ་བཞག་ཅིང་ཉམས་སུ་ལེན་པ་ལ་བརྩོན་པར་མཛད་ནས་འཆི་ཁར་མི་འཚེར་བ་ཙམ་རེ་མཛོད་ཅིག །ཕྱི་རབས་སེང་ཕྲུག་ཀུན་གྱི་ཐུགས་ལ་ཞོག་དང་སྙིང་གཏམ་ཡིན། ང་རྒས་པོས་ཁ་ཆེམས་བཞག་ཀྱང་དེ་ལས་འཇོག་རྒྱུ་མེད། ཐུགས་ལ་ཟུངས་ཤིག །ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་བར་དོ་ཐོས་གྲོལ་གྱི་ཆོས་འདི་ནི་བླ་མ་དམ་པས་བདག་ལ་འདི་སྐད་གསུངས། འདི་ལན་མང་དུ་ཐོས་པའི་སེམས་ཅན་ཐམས་ཅད་ངན་སོང་དུ་འགྲོ་མི་སྲིད་གསུངས། ཤིན་ཏུ་ཡང་ཟབ་པར་འདོད་པས་རྩིས་ཆེ་བར་མཛོད་ཅིག །ས་མ་ཡ། དེ་ལྟར་བརྒྱུད་པའི་རིམ་པ་ཟུར་ཙམ་འདི། མདོ་ཁམས་ཀྱི་བཤེས་གཉེན་དམ་པ་བླ་མ་ཆོས་རྒྱལ་གྱིས་ཡང་ནས་ཡང་དུ་བསྐུལ་བ་ལ་བརྟེན་ནས་རང་འདྲ་བློ་དམན་རྣམས་ལ་ཡིད་ཆེས་པའི་ཕྱིར། ས་ཕོ་ལུག་གི་ལོ་ཟླ་བདུན་པའི་ཡར་ཚེས་བཅུ་ལ། གཏམ་མྱོག་རྒྱ་གྲོང་གི་གཡས་ཟུར། གངས་ཕུའི་འདབས་ཆུ་བོ་གསེར་ལྡན་ཧི་ཏིའི་གཡས་ཕྱོགས་དཔལ་རིན་ཆེན་གླིང་དུ་རྒྱ་བཙུན་ནམ་མཁའ་ཆོས་ཀྱི་རྒྱ་མཚོས་བཀོད་པ། ཡི་གེ་པ་ནི་ལྷོ་རྒྱུད་ཀྱི་བན་ཆུང་བསོད་ནམས་རྒྱ་མཚོས་བྲིས་པའོ། །དགེ་བ་དེས་མཚོན་སེམས་ཅན་ཐམས་ཅད་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོ་ལས་གྲོལ་ནས་ཐར་བར་གྱུར་ཅིག །མངྒ་ལཾ། །ཤུ་ུབྷཾ། །

ཐེམ་བྱང་ཟིན་བྲིས།

ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་གྱི་ཐེམ་བྱང་ཟིན་བྲིས་བཞུགས་སོ༔

ཞི་ཁྲོ་སྐུ་གསུམ་ལྷ་ལ་ཕྱག་འཚལ་ལོ༔ ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་གྱི༔ ཐེམ་བྱང་ཟིན་བྲིས་ཡི་གེར་བཀོད་པ་ནི༔ སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཐབས་མཁས་ལ་ཐུགས་རྗེ་ཚད་བཟུང་མེད་པ་དེ་ཉིད་ཀྱིས༔ ཆོས་ཀྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་གསུངས་པ་ཡང་༔ རང་རང་རྣམས་ལ་ཉོན་མོངས་པ་བརྒྱད་ཁྲི་བཞི་སྟོང་ཡོད་པས་ན༔ དེ་འདུལ་བའི་གཉེན་པོར་གསུངས་པ་ཡིན་ཏེ༔ དེ་ཡང་འདོད་ཆགས་ལས་གྱུར་པའི་ཉོན་མོངས་པ་ཉི་ཁྲི་ཆིག་སྟོང་༔ ཞེ་སྡང་ལས་གྱུར་པའི་ཉོན་མོངས་པ་ཉི་ཁྲི་ཆིག་སྟོང་༔ གཏི་མུག་ལས་གྱུར་པའི་ཉོན་མོངས་པ་ཉི་ཁྲི་ཆིག་སྟོང་༔ དུག་གསུམ་ཆ་མཉམ་ལས་གྱུར་པའི་ཉོན་མོངས་པ་ཉི་ཁྲི་ཆིག་སྟོང་དེ་རྣམས་ལ་བརྒྱད་ཁྲི་བཞི་སྟོང་ཡོད་པས་ན༔ དེ་རྣམས་འདུལ་བའི་གཉེན་པོར་གསུངས་པ་ཡིན་ཏེ༔ ལང་ཀར་གཤེགས་པ་ལས༔ ཅི་སྲིད་འདུ་ཤེས་ཡོད་ཀྱི་བར༔ ཐེག་པའི་མཐའ་ལ་ཐུག་པ་མེད༔ ཅེས་པས་ཆོས་ཀྱི་སྒོ་མོ་མཐའ་ཡས་པར་གསུངས༔ ཆོས་ཀྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་ཡོད༔ འོལ་སྤྱི་ཙམ་པའི་སྐད་དུ་གསུང་སྟེ༔ ཆོས་ཀྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་ཡང་གང་ལ་འདུས་ན༔ གསུང་རབ་ཡན་ལག་བཅུ་གཉིས་ལ་འདུས་པར་གསུངས༔ གསུང་རབ་ཡན་ལག་བཅུ་གཉིས་ཀྱང་༔ ཐེག་པ་རིམ་པ་དགུར་འདུས་པར་གསུངས་ཏེ༔ ཀྲི་ཡ་དཔུང་བཟང་གི་རྒྱུད་ལས༔ རྒྱུ་དང་འབྲས་བུ་ཐེག་པ་སོགས༔ ཐེག་པ་རྣམས་ཀྱང་གཉིས་ཡིན་ཏེ༔ ཕ་རོལ་ཕྱིན་པའི་ཐེག་པ་དང་༔ རྡོ་རྗེ་ཐེག་པ་བླ་ན་མེད༔ ཅེས་གསུངས་པས༔ ཕྱིའི་ཐེག་པ་ཕ་རོལ་ཏུ་ཕྱིན་པ་དང་༔ ནང་འབྲས་བུའི་ཐེག་པ་གསང་སྔགས་བླ་ན་མེད་པའོ༔ དེ་ཡང་ཕྱི་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ལ་རྣམ་པ་གཉིས༔ ཐེག་པ་ཆུང་ངུ་དང་ཆེན་པོ་གཉིས་སོ༔ ཆུང་ངུ་ལ་ཉན་ཐོས་ཀྱི་ཐེག་པ་དང་༔ རང་སངས་རྒྱས་ཀྱི་ཐེག་པ་གཉིས༔ ཆེན་པོ་ལ་བྱང་སེམས་ཀྱི་ཐེག་པའོ༔ དེ་དག་ནི་རྒྱུ་ལམ་དུ་བྱེད་ཅིང་འབྲས་བུ་རྗེས་དཔག་ཀྱི་ཐོབ་པར་འདོད་པས་ན༔ རྒྱུའི་ཐེག་པ་ཞེས་བྱ་སྟེ༔ སངས་རྒྱས་ཐོབ་པ་ལ་ལམ་ཐག་ཤིན་ཏུ་རིང་བར་གསུངས༔ ནང་འབྲས་བུ་གསང་སྔགས་ཀྱི་ཐེག་པ་ནི༔ ཤིན་ཏུ་ཡང་ཁྱད་པར་འཕགས་པ་གསུངས་ཏེ༔ རྡོ་རྗེ་ཐེག་པ་ལ་ཡང་༔ ཕྱི་འགྱུར་བ་སྔགས་གསར་མར་གྱུར་པ་དང་༔ སྔ་འགྱུར་བ་སྔགས་རྙིང་མར་གྲགས་པ་གཉིས་སོ༔ སྔགས་གསར་མར་གྲགས་པ་ལ་རྒྱུད་སྡེ་ཆེན་པོ་བཞི་གསུངས༔ སྔགས་རྙིང་མར་གྲགས་པ་ལ་རྒྱུད་སྡེ་ཆེན་པོ་རྣམ་པ་དྲུག་ཏུ་གསུང་སྟེ༔ དེ་ཡང་གསང་སྔགས་ཕྱི་པའི་རྒྱུད་དང་༔ གཉིས་ཀའི་རྒྱུད་དང་༔ ནང་པ་བླ་མེད་ཀྱི་རྒྱུད་དོ༔ གསང་སྔགས་ཕྱི་པའི་རྒྱུད་ལ་ཀྲི་ཡ་དང་ཨུ་པ་གཉིས་སོ༔ གཉིས་ཀའི་རྒྱུད་ནི༔ རྣལ་འབྱོར་ཀྱི་རྒྱུད་སྡེ་རྣམས་སྟེ༔ ལྟ་བ་བླ་མེད་དང་མཐུན༔ སྤྱོད་པ་ཀྲི་ཡ་དང་མཐུན་པས་ན༔ གཉིས་ཀའི་རྒྱུད་ཅེས་བྱའོ༔ ནང་བླ་མེད་ཀྱི་རྒྱུད་ལ་གསུམ་སྟེ༔ བསྐྱེད་པ་མ་ཧཱ་ཡོ་ག་དང་༔ ལུང་ཨ་ནུ་ཡོ་ག་དང་༔ རྫོགས་པ་ཆེན་པོ་ཨ་ཏི་ཡོ་གའོ༔ དེ་དག་ལ་ཡོ་ག་སྐོར་གསུམ་ཞེས་བྱ་སྟེ༔ བསྐྱེད་རིམ་གཙོ་བོར་སྟོན་པ་ཐམས་ཅད་མ་ཧཱ་ཡོ་གའི་སྐོར༔ ལུང་ངམ་སྦྱོར་སྒྲོལ་གཙོ་བོར་སྟོན་པ་ཐམས་ཅད་ཨ་ནུ་ཡོ་གའི་སྐོར༔ ལྟ་བ་གཙོ་བོར་སྟོན་པ་ཐམས་ཅད་ཨ་ཏི་ཡོ་གའི་སྐོར༔ ད་རེས་ཨ་ཏི་ཡོ་གའི་ཆོས་སྐོར་སྟོན་པའི་སྐབས་ཡིན་ཏེ༔ ཨ་ཏི་ཡོ་ག་ལ་རྒྱུད་སྡེ་འབུམ་ཕྲག་དྲུག་བཅུ་རྩ་བཞི་ཡོད་པར་གསུངས༔ དོན་གང་ལ་འདུས་ན༔ སྡེ་གསུམ་ལ་འདུས༔ སེམས་སྡེ་ཀློང་སྡེ་མན་ངག་གི་སྡེའོ༔ དེ་ཡང་ལྟ་བ་གཙོ་བོར་སྟོན་པ་ཐམས་ཅད་སེམས་སྡེའི་སྐོར༔ སྒོམ་པ་གཙོ་བོར་སྟོན་པ་ཐམས་ཅད་ཀློང་སྡེའི་སྐོར༔ གནད་གཙོ་བོར་སྟོན་པ་ཐམས་ཅད་མན་ངག་གི་སྐོར་རོ༔ དེ་ལ་ཕྱི་སེམས་སྡེ༔ ནང་ཀློང་སྡེ༔ གསང་བ་མན་ངག་གི་སྡེ་ཅེས་ཀྱང་བྱའོ༔ སེམས་སྡེ་ལ་བཅོ་བརྒྱད༔ ཀློང་སྡེ་ལ་དགུ༔ མན་ངག་གི་སྡེ་ལ་རྫོགས་པ་ཆེན་པོ་རྒྱུད་བཅུ་བདུན་ནོ༔ དེ་ཡང་རྫོགས་པ་ཆེན་པོ་རྒྱུད་བཅུ་བདུན་དང་འཁོར་འདས་རང་གྲོལ༔ མན་ངག་གི་སྙིང་རྫོགས་ལ་སོགས་པ་རྣམས་ནས༔ ཨོ་རྒྱན་རིན་པོ་ཆེ་པདྨ་འབྱུང་གནས་དེ་ཉིད་ཀྱིས༔ ཆོས་ཐམས་ཅད་བར་དོ་རྣམ་པ་དྲུག་ཏུ་གཏན་ལ་ཕབ་པའི་ཟབ་ཆོས་ཐམས་ཅད་ཀྱི་སྙིང་པོའི་ཡང་ཞུན་དུ་བཀོད་ནས༔ ཞི་ཁྲོ་དགོངས་པ་རང་གྲོལ་མཚན་གསོལ་ནས༔ དྭགས་ལྷ་སྒམ་པོའི་རྒྱབ༔ རི་བོ་རི་བྲན་གར་བྱེད་པ་འདྲ་བ་ལ་གཏེར་དུ་སྦས༔ མ་འོངས་པའི་དུས་སུ༔ ལས་ཀྱི་དཔའ་བོ་ཀརྨའི་མིང་ཅན་གཅིག་དང་འཕྲད་པར་ཤོག༔ ཅེས་སྨོན་ལམ་གྱི་རྒྱ་རིམ་པ་གསུམ་དུ་བཏབ་བོ༔ དེ་ནས་ཀརྨ་གླིང་པ་དེ་ཉིད་ཀྱིས་གཏེར་ནས་གདན་དྲངས་ནས་བརྒྱུད་འཛིན་གྱི་ཉི་ཟླ་ཆོས་རྗེ་ལ་གཅིག་བརྒྱུད་དུ་གནང་༔ དེས་ཀྱང་གཞན་སུ་ལ་ཡང་མ་བསྟན་པར་གཅིག་བརྒྱུད་དུ་ལུང་གཞན་གྱི་སྐྱེས་བུ་བརྒྱུད་པ་གསུམ་པ་གུ་རུ་སུཪྱ་ཙཎྜ་རསྨའི་མཚན་ཅན་ལ་གནང་སྟེ༔ ལོ་དྲུག་གི་བར་དུ་གཞན་སུ་ལ་ཡང་མ་བསྟན༔ རང་ཉིད་ཉམས་སུ་ལོངས་ཤིག་གསུངས༔ ལོ་དྲུག་སོང་ནས་གཞན་ལ་བསྟན་པའི་ལུང་གནང་༔ དེ་ནས་བཀའ་རྒྱ་བཀྲོལ་བ་ལགས་སོ༔

༄༅༔ ད་ནི་ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་ལས༔ དང་པོ་བསྐྱེད་རིམ་གྱི་སྐོར་ལ༔ ཀ༽ཆོས་སྤྱོད་བག་ཆགས་རང་གྲོལ༔ ཀགོང་མ་ཐེམ་བྱང་ཟིན་རིས༔ ཀབར་མ་ཆོས་སྤྱོད༔ ཀའོག་མ་འགྱོད་ཚངས་རྒྱལ་པོའི་རྒྱུད་ཁུངས༔ ཁ༽ལས་བྱང་ཆེན་མོ་ཚོར་བ་རང་གྲོལ༔ ག༽ ལས་བྱང་ཆུང་བ་ཚོར་བ་རང་གྲོལ་སྙིང་པོ༔ ང༽ཀློང་བཤགས་བརྗོད་པ་རང་གྲོལ༔ ཅ༽བརྒྱ་ཕྱག་སྡིག་སྒྲིབ་རང་གྲོལ༔ ཆ༽སྦྱིན་བསྲེག་སྔོན་འགྲོ་སྟ་གོན༔ ཇ༽དངོས་གཞི་སྦྱིན་བསྲེག་ཕྲིན་ལས་རང་གྲོལ༔ ཉ༽ཞི་བའི་སྦྱིན་བསྲེག་གུད་དུ་བཏོན་པ༔ ཏ༽རྒྱས་པའི་སྦྱིན་བསྲེག་གུད་དུ་བཏོན་པ༔ ཐ༽དབང་གིས་སྦྱིན་བསྲེག་གུད་དུ་བཏོན་པ༔ ད༽དྲག་པོའི་སྦྱིན་བསྲེག་གུད་དུ་བཏོན་པ༔ ན༽བསྐང་བའི་ཆོ་ག་ཐུགས་དམ་བསྐང་བའི་རིམ་པ༔ ནའོག་མ་ཡི་གེ་འབྲུ་དྲུག་གི་ཕན་ཡོན༔ ནའོག་མ་མཆོད་པའི་ལྷ་མོ་རྣམས་ལྔའི་བསྐང་བ་སྨན་རག་གཏོར་མ་མར་མེ་མདངས་བསྐང་༔ པ༽དབང་བསྐུར་གནས་སྤར་འགྲོ་དྲུག་རང་གྲོལ༔ ཕ༽ཚེ་འདས་གནས་འདྲེན་རིགས་དྲུག་རང་གྲོལ༔ དེ་ལྟ་དབང་གི་སྐབས་སུ་བུམ་དབང་ཆེན་མོ་ལྷ་དབང་རྫོགས་པར་བསྐུར་བ་ནི་རང་གཞུང་དུ་གསལ་ལ༔ དབང་གསུམ་པ་དཔལ་རྡོ་རྗེ་སེམས་དཔའི་དབང་ཆོག་རྒྱལ་པོའི་རྒྱུད་ལས་གསུང་པ་ལྟར་ངོ་སྤྲད་པ་ཡང་༔ ཡང་གང་ཟག་ཆགས་ལམ་ཅན་གྱི་དོན་དུ༔ དབང་གོང་མ་གསུམ་པོ་བསྐུར་བར་འདོད་ན། ཞི་ཁྲོ་གཞུང་གཞན་ལས་འབྱུང་བ་ལྟར་རམ༔ མཁའ་འགྲོ་སྙིང་ཐིག་གི་དབང་གོང་མ་གསུམ་གྱིས་བསྐུར་བར་བྱའོ༔ བསྒྲུབ་ཐབས་རྣམས་དང་༔ ལས་མཐའ་ལ་སོགས་པ་རྣམས་ནི༔ ཞི་ཁྲོ་གཞན་དང་འདྲ་བར་དེས་ཤེས་པར་བྱའོ༔

རྫོགས་རིམ་གྱི་སྐོར་ལ༔ བ༽ས་བཅད་ལྡེའུ་མིག་རང་གྲོལ༔ མ༽རང་རྒྱུད་སྦྱོང་བྱེད་ཐུན་བཞིའི་རྣལ་འབྱོར༔ ཙ༽གསོལ་འདེབས་སྐུ་གསུམ་ཀློང་ཡངས༔ ཚ༽གསོལ་འདེབས་དུག་གསུམ་མ་སྤངས་རང་གྲོལ༔ ཛ༽སྔོན་འགྲོ་རང་རྒྱུད་འདུལ་བྱེད༔ ཝ༽སྐྱེ་གནས་བར་དོའི་ཁྲིད་ཡིག་ཀུན་གཞི་རང་གྲོལ༔ ཞ༽རྨི་ལམ་བར་དོའི་ཁྲིད་ཡིག་འཁྲུལ་པ་རང་གྲོལ༔ ཟ༽བསམ་གཏན་བར་དོའི་ཁྲིད་ཡིག་རིག་པ་རང་གྲོལ༔ འ༽ འཆི་ཁ་བར་དོའི་ཁྲིད་ཡིག་དྲན་པ་རང་གྲོལ༔ ཡ༽ཆོས་ཉིད་བར་དོའི་ཁྲིད་ཡིག་མཐོང་བ་རང་གྲོལ༔ ར༽སྲིད་པ་བར་དོའི་ཁྲིད་ཡིག་སྲིད་པ་རང་གྲོལ༔ ལ༽རྒྱབ་ཆོས་འཁྲུལ་པ་རང་གྲོལ༔ ཤ༽རིག་པ་ངོ་སྤྲོད་ཅེར་མཐོང་རང་གྲོལ༔ ས༽སྒྲོན་མེ་དྲུག་གི་ངོ་སྤྲོད་ཤེས་རིག་རང་གྲོལ༔ ཧ༽རྫོགས་པ་ཆེན་པོ་སྐུ་གསུམ་ངོ་སྤྲོད༔ ཨ༽ཆོས་ཉིད་བར་དོའི་གསལ་འདེབས་ཐོས་གྲོལ་ཆེན་མོ༔ ཀི༽སྲིད་པ་བར་དོའི་གསལ་འདེབས་ཐོས་གྲོལ༔ ཁི༽བཏགས་གྲོལ་ཆེན་མོ་ཕུང་པོ་རང་གྲོལ༔ གི༽བཏགས་གྲོལ་ཆུང་བ་དོན་བསྡུས་རང་གྲོལ༔ ངི༽བཏགས་གྲོལ་གྱི་བཅང་ཐབས༔ ངིབར་བ་བཏགས་གྲོལ་འཁོར་ལོ༔ ངིའོག་མ་བཏགས་གྲོལ་འཁོར་ལོ་ཆུང་ངུ་༔ ངིགོང་མ་བཏགས་གྲོལ་འཁོར་ལོ་ཆེན་མོའི་ལག་ལེན༔ ཅི༽འཆི་ལྟས་མཚན་མ་རང་གྲོལ༔ ཆི༽འཆི་བསླུའི་གདམས་པའོ༔ ད་ནི་ངོ་སྤྲོད་གྱི་སྐོར་ལ༔ ཇི༽ལས་དང་པོ་པ་ལ་དུར་ཁྲོད་དུ་བམ་རོ་བསྐྱལ་བ་ལ་བརྟེན་ནས་མི་རྟག་པའི་བསྐུལ་མར་ངོ་སྤྲད་པ༔ ཉི༽འཇིམ་པའི་མི་མོ་ལ་བརྟེན་ནས་རྣམ་ཤེས་འབྱུང་འཇུག་གནས་གསུམ་ངོ་སྤྲད་པ༔ ཏི༽གཞིའི་འོད་གསལ་ངོ་སྤྲོད་ཀྱི་ལྷན་ཐབས༔ ཐི༽ཐོད་རྒལ་ངོ་སྤྲོད་མཐོང་བ་རང་གྲོལ༔ དི༽མར་མེ་ངོ་སྤྲོད་ལྷན་ཐབས༔ ནི༽ཤེལ་རྡོ་ངོ་སྤྲོད་མཐོང་བ་རང་གྲོལ༔ པི༽སྲིད་པ་བར་དོའི་ངོ་སྤྲོད་དགེ་སྡིག་རང་གཟུགས་བསྟན་པ༔ ཕི༽ར་མདའ་སྦྲན་པ་ལ་སོགས་སྨོན་ལམ་གྱི་སྐོར༔ བི༽སྲིད་པ་བར་དོའི་ངོ་སྤྲོད་ལྷན་ཐབས་དབྱངས་སྙན་ལྷའི་གྷནྡྷེ༔ དེ་དག་ནི་ངོ་སྤྲོད་ཀྱི་རིམ་པ་ཡིན་པས༔ ངོ་སྤྲོད་ལ་མེད་ཐབས་མེད་པའི་རྫས་༔ རྡོ་རྗེ་སེམས་དཔའ་གསལ་བྱེད་ཐུགས་ཀྱི་མེ་ལོང་ཞེས་བྱ་བ༔ མེ་ཤེལ་ཟུར་མང་ལ་སྐྱོན་མེད་པ༔ སྒོ་མ་འགག་པར་གསལ་བ༔ རབ་ཁྲུ་གང་པ༔ འབྲིང་མཐོ་གང་བ༔ ཐ་མ་ཚོན་གང་བ་ཡན་ཆད་བཅང་བར་བྱའོ༔ གཞན་ཡང་ངོ་སྤྲོད་ལ་དགོས་པའི་རྫས་དང་༔ ཡོ་བྱད་ཆེ་འབྲིང་ཆུང་སོགས་ཐམས་ཅད་ཚང་བར་བསགས་ཅིང་༔ བླ་མ་ཡིི་དམ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་ཡུལ་ལྷ་གཞི་བདག་དང་བཅས་པ་ལ༔ ཚོགས་དང་གཏོར་མས་དགྱེས་པ་བསྐང་ཞིང་༔ སློབ་མ་ཡང་ཆོས་ཁྲིད་མ་ཐོབ་པ་རྣམས་ལ་བསྟན་པར་མི་བྱ་ཞིང་༔ དེ་ཡང་ལེ་ལོ་དང་བྲེལ་གཏམ་རྩེད་འཇོ༔ བསླུ་ཆོས༔ ཚོད་ཡོད་ཀྱིས་དབང་དུ་མ་སོང་བར༔ དཔོན་སློབ་ཐམས་ཅད་ལུས་ངག་ཡིད་གསུམ་དལ་བའི་ངང་ནས༔ བསླབ་བྱ་དང་ལྡན་པར་བྱ་ཞིང་༔ སློབ་མ་རྣམས་ཀྱིས་ཀྱང་༔ བླ་མ་ལ་མཎྜལ་འབུལ་ཞིང་༔ དགྱེས་པ་བསྒྲུབ༔ བླ་མས་ཀྱང་དད་ཅན་དྭངས་བ་འདྲེན་པའི་སྤྱོད་ལམ་དང་ལྡན་པས༔ སློབ་མ་རྣམས་ཀྱིས་ཤེས་རྒྱུད་འབོལ་ཆིལ་གྱིས་མ་སོང་གི་བར་དུ་ཐབས་ཀྱིས་ངོ་སྤྲད་ཅིང་སྲང་ལ་འཇུག་པར་བྱའོ༔

མི༽ལུང་བསྟན་བཀའ་རྒྱ་མ༔ ཙི༽བཤགས་པ་ཐམས་ཅད་ཀྱི་རྒྱུད་དྲི་མ་མེད་པའི་རྒྱལ་པོ༔ ཚི༽བཀའ་སྲུང་དམ་ཅན་སྡེ་བདུན་གྱི་ལས་བྱང་༔ ཛི༽འཆི་ཁ་བར་དོའི་ངོ་སྤྲོད་སྣང་མཆེད་ཐོབ་གསུམ་བཞུགས༔ ཝི༽འཕོ་བ་མ་བསྒོམ་སངས་རྒྱས༔

དཔེའུ་རིས་ཀྱི་སྐོར་ལ༔ དཀྱིལ་འཁོར་གྱི་དཔེའུ་རིས༔ སྦྱིན་སྲེག་གི་དཔེའུ་རིས༔ འཆི་ལྟས་ཀྱི་དཔེའུ་རིས༔ བཏགས་གྲོལ་གྱི་དཔེའུ་རིས་རབ་འབྲིང་ཐ་མ་གསུམ་མོ༔ གཞིའི་འོད་གསལ་གྱི་དཔེའུ་རིས༔ ཆོས་ཉིད་བར་དོའི་ངོ་སྤྲོད་ཀྱི་དཔེའུ་རིས་རྣམས་སོ༔ ངོ་སྤྲོད་སྐོར་ལ་ལྷན་ཐབས་བྲིས་པ་རྣམས་ནི༔ རང་འདོད་བཅོས་བསླད་མ་དམིགས་ཤིང་༔ གོང་འོག་ཡོད་པ་རྣམས་ཕྱོགས་གཅིག་ཏུ་བསྒྲིགས་པའོ༔ ཤིན་ཏུ་གསང་བའི་གདམས་པ་ཐབས་ཁྲིད་ལ༔ འདོད་ཆགས་རང་གྲོལ་གྱི་ཁྲིད་གཞུང་ཆེན་མོའོ༔ དེའི་ས་བཅད་དང་༔ ཉམས་ཁྲིད་བདེ་བ་རང་གྲོལ་གཉིས་ནི༔ བླ་མ་དམ་པས་བློ་དམན་རྣམས་ཀྱིས་དོན་དུ་མཛད་པས༔ ཤིན་ཏུ་གདམས་པའི་ཟབ་ཁྱད་ཨེ་མ་ཧོ༔ ཞི་ཁྲོ་དགོངས་པ་རང་གྲོལ་བར་དོ་ཐོས་གྲོལ་གྱི་གདམས་པ་འདི་ནི༔ བར་དོའི་ཆོས་སྐོར་ཐམས་ཅད་ཀྱི་ཡང་སྙིང་དུ་གྱུར་ཅིང་༔ འདི་དང་བཱི་མ་ལའི་གསེར་ཆོས་བར་དོ་གསང་སྐོར་གཉིས་སྦྲགས་ན༔ བར་དོའི་གདམས་པ་ཐམས་ཅད་ཀྱི་སྙིང་པོའི་སྙིང་པོར་གྱུར་པས་ཉམས་སུ་ལོངས་ཤིག༔ སྐད་ཅིག་ཉིད་ལ་བླ་ན་མེད་པའི་བྱང་ཆུབ་མངོན་དུ་བྱེད་དོ༔ འདི་ཉིད་ལ་མ་དད་པ་དང་༔ ལོག་པར་སྨྲ་བ་དང་༔ མུ་ཅོར་སྨྲ་བ་རྣམས་ནི༔ རྒྱུད་བཅུ་བདུན་དང་༔ བར་དོ་གསང་སྐོར་གྱི་རྒྱུད་སྡེ་མ་མཐོང་བར་ཟད་དོ༔ ཟབ་ཆོས་འདི་ཡི་བཀའ་ནི༔ བླ་མ་རིན་པོ་ཆེ་ཉི་ཟླ་འོད་ཟེར་ལ་བབས་ཏེ༔ ལུང་བསྟན་ལས༔ བརྒྱུད་པ་གསུམ་གྱི་བར་དུ་གཅིག་བརྒྱུད་གྱིས༔ བརྒྱུད་པ་གསུམ་ནས་འགྲོ་དོན་མང་དུ་འབྱུང་༔ ཀརྨཱ་གླིང་པའི་ཕྲིན་ལས་བྱང་ཕྱོགས་རྒྱས༔ ཅེས་པས༔ བྱང་ཕྱོགས་རྒྱལ་ཁམས་སུ་ཕྲིན་ལས་རྒྱ་ཆེར་ཡོང་བའི་ལུང་བསྟན་ཡོད་དོ༔ བདག་གིས་ཀྱང་འདི་ལ་ནན་དུ་ཞུས་ནས༔ རྐོང་པོ་སྟོད་སྨད་གང་དུ་ཡང་མང་དུ་སྤེལ་ནས་ཡོད་པས༔ ཉམས་སུ་ལོངས་ཤིག༔ ཕྱི་རབ་སྐྱེས་བུ་ཀུན་སཱ་མཱ་ཡཱ༔ ཐེམ་བྱང་ཟིན་རིས་ཡིག་ཆུང་འདི་ཉིད༔ གདུང་རྒྱུད་པ་ཆེན་པོ་བླ་མ་ཟླ་བ་ཆོས་ཀྱི་གྲགས་པས་བསྐུལ་བའི་ངོར༔ རང་འདྲ་བློ་དམན་རྣམས་ཀྱི་དོན་དུ༔ མེ་མོ་ལུགས་ཀྱི་ལོ་ཟླ་བ་དྲུག་པའི་ཚེས་ཉེར་གསུམ་ལ༔ སྨེ་མོ་དགོན་པའི་ཡང་དབེན་ནས༔ རྒྱ་བཙུན་ནམ་མཁའ་ཆོས་ཀྱི་རྒྱ་མཚོའི་བྲིས་པ་སེམས་ཅན་ཐམས་ཅད་ཀུན་བཟང་བླ་མེད་སངས་རྒྱས་ཀྱི་ས་ལ་འགོད་པར་གྱུར་ཅིག༔ མངྒ་ལཾ༔

ཞི་ཁྲོ་དམ་པ་རིགས་བརྒྱའི་དཀྱིལ་འཁོར་གྱི་ལོ་རྒྱུས་ཕན་ཡོན་དང་བཅས་པ།

ཞི་ཁྲོ་དམ་པ་རིགས་བརྒྱའི་དཀྱིལ་འཁོར་གྱི་ལོ་རྒྱུས་ཕན་ཡོན་དང་བཅས་པ་ཡོད།

འོ་ན། ད་ལམ་དཀྱིལ་འཁོར་འདིའི་ལོ་རྒྱུས་ཟུར་ཙམ་ཞུ་ན། ཡེ་ཐོག་དང་པོ་སངས་རྒྱས་དང་སེམས་ཅན་ཞེས་རིས་སུ་མ་ཕྱེ་བའི་དུས་ན། སེམས་ཅན་ཐམས་ཅད་ང་མེད་པ་ལ་ང་དང་བདག་མེད་པ་ལ་བདག་ཏུ་བཟུང་། རང་ངོ་རང་གིས་མ་ཤེས་ཏེ་འཁོར་བར་འཁྱམ་མོ། །དཔལ་ཀུན་ཏུ་བཟང་པོ་ནི་འཁྲུལ་མ་མྱོང་བར་གཞི་གདོད་མའི་གནས་སུ་མངོན་པར་བྱང་ཆུབ་སྟེ་སངས་རྒྱས་ཐམས་ཅད་ཀྱི་སྤྱི་མྱེས། དང་པོའི་སངས་རྒྱས་ཞེས་བྱའོ། །དེ་ཉིད་གནས་ཕུན་སུམ་ཚོགས་པ་ཆོས་སྐུའི་ཞིང་ན། སྟོན་པ་ཕུན་སུམ་ཚོགས་པ་ཀུན་ཏུ་བཟང་པོ། འཁོར་ཕུན་སུམ་ཚོགས་པ་ཡེ་ཤེས་རྒྱ་མཚོའི་ཚོགས་ལ། དུས་ཕུན་སུམ་ཚོགས་པ་ཆོས་ཉིད་འཕོ་འགྱུར་མེད་པའི་ཚེཐེམ་བྱང་ཟིན་བྲིས། ཆོས་ཕུན་སུམ་ཚོགས་པ་རང་བཞིན་རྫོགས་པ་ཆེན་པོ་རང་ཆས་ལྷུན་གྲུབ་ཀྱི་ངང་དུ་འོད་གསལ་ལོ། །

དེ་ཉིད་ལས་མ་གཡོས་བཞིན་དུ། རྣམ་དག་འཐུག་པོ་བཀོད་པའི་ཞིང་ཡེ་ཤེས་ཀྱི་རང་མདངས་ལས་གྲུབ་པའི་འོད་ཁྱིམ། རིན་པོ་ཆེའི་གཞལ་ཡས་ཁང་ན་དཔལ་ཀུན་ཏུ་བཟང་པོས་ཡེ་ཤེས་ལྔའི་རང་མདངས་ལས་རིགས་ལྔ་དང་། ཁམས་ལྔ་རྣམ་པར་དག་པའི་རང་མདངས་ཡུམ་ལྔ་དང་། ཚོགས་བརྒྱད་རྣམ་པར་དག་པའི་རང་མདངས་སེམས་དཔའ་བརྒྱད་དང་། ཡུལ་བརྒྱད་རྣམ་པར་དག་པའི་རང་མདངས་སེམས་མ་བརྒྱད་དང་། མཐའ་བཞི་དང་སྐྱེ་གནས་བཞི་རྣམ་པར་དག་པའི་རང་མདངས་ལ་སྒོ་བ་ཡབ་ཡུམ་བརྒྱད་དུ་སྣང་སྟེ། དེ་དག་གི་སྐུ་ལ་ཡང་རིགས་ལྔའི་སྐུ་བསམ་གྱིས་མི་ཁྱབ་པར་འཕྲོ་ཞིང་མངོན་པར་དགའ་བ་དང་དཔལ་ལྡན་དང་བདེ་བ་ཅན་དང་། ལས་རབ་རྫོགས་པ་ལ་སོགས་ལོངས་སྐུ་དག་པའི་ཞིང་དཔག་ཏུ་མེད་པར་ཞི་བའི་ལྷ་ཚོགས་དེ་རྣམས་ཆ་ཚང་བ་གཙོ་བོ་འཕོ་བའི་རིགས་པས་ཉི་མ་དང་འོད་ཟེར་ལྟར་འདུ་འབྲལ་མེད་པར་སྣང་ཞིང་། ཟ་འོག་གི་བེར་ཁྱིམ་བཀྲམ་པ་ལྟར་བཀོད་ལེགས་ཤིང་ཁ་དོག་ལྔར་འབར། ལྗགས་ཀྱི་འོད་ཟེར་ལས་འ་ཨ་ཤ་ས་མ་ཧ། ཞེས་འབྲུ་དྲུག་གི་འོད་ཟེར་དཔག་ཏུ་མེད་པ་འཕྲོ་བར་གྱུར་ཏོ། །དེའི་ཚེ་གནས་ཕུན་སུམ་ཚོགས་པ་འཐུག་པོ་བཀོད་པའི་ཞིང་ཁམས་སུ། སྟོན་པ་ཕུན་སུམ་ཚོགས་པ་རིགས་ལྔའི་སངས་རྒྱས་ལ། འཁོར་ཕུན་སུམ་ཚོགས་པ་སངས་རྒྱས་དཔག་ཏུ་མེད་པས་བསྐོར་བ་ལ། དུས་ཕུན་སུམ་ཚོགས་པ་ཆོས་ཉིད་བསམ་གྱིས་མི་ཁྱབ་པའི་ཚེ། ཆོས་ཕུན་སུམ་ཚོགས་པ་ཡེ་ཤེས་འོད་གསལ་བའི་དགོངས་པ་བརྗོད་དུ་མེད་པར་སྟོན་ཏོ། །

དེའི་ཐུགས་རྗེ་མ་འགགས་པའི་རང་རྩལ་ལ་འགྲོ་བ་རིགས་དྲུག་གི་གནས་སུ་ཐུབ་དྲུག་ཏུ་ཤར་ནས་སོ་སོའི་སྐད་དུ་ཆོས་སྟོན་ཏོ། །དེ་ལྟར་ཆོས་སྐུ་ཀུན་ཏུ་བཟང་པོ་ནི་འཁོར་འདས་ཐམས་ཅད་ལ་ཁྱབ་པར་རང་བཞིན་ལྷུན་གྲུབ་ཏུ་བཞུགས་སོ། །རིགས་ལྔ་སོགས་ཞི་བའི་ལྷ་རྣམས་ནི། ཕྱི་ལྟར་ན་དག་པའི་ཞིང་ཁམས་ལྔར་འཁོར་ཚོམ་བུ་དང་བཅས་ཏེ་བཞུགས་སོ། །ནང་ལྟར་ན་ཙིཏྟ་རིན་ཆེན་སྙིང་གི་གནས་དང་སྣ་ལྔའི་ཐིག་ལེ་ཐིག་ཕྲན་གྱི་རྣམ་པར་བཞུགས་སོ། །གཞན་ཡང་ཞི་ཁྲོའི་དཀྱིལ་འཁོར་བཞེངས་ཤིང་བཤམས་པ་ན། མེ་ལོང་ལ་གཟུགས་བརྙན་དང་ཆུ་ཟླ་ལྟར་སྣང་བར་མཛད་དེ། གང་ཞིག་སངས་རྒྱས་ཡིད་བྱེད་པ། །དེ་ཡི་མདུན་ན་ཐུབ་པ་བཞུགས། །ཞེས་གསུངས་སོ། །འོ་ན་ཞི་བའི་ལྷ་ཚོགས་དེ་ལྟར་ན། ཁྲོ་བོའི་དཀྱིལ་འཁོར་ཇི་ལྟར་བྱུང་ཞེ་ན། སྔོན་གྱི་དུས་ནས་རྨོངས་པ་དག་གིས། གསང་སྔགས་ཡང་དག་པའི་དོན་ནི་མ་རྟོགས། ལས་རྒྱུ་འབྲས་འཆོལ་བར་སྤྱད་པས། དམྱལ་ཁམས་བརྒྱད་དང་བཅུ་དྲུག་དང་། ངན་འགྲོའི་སྐྱེ་གནས་གྲངས་མེད་པར་འཁྱམས་ཏེ། ལས་སྒྲིབ་ཅུང་ཟད་སྲབ་པ་དང་། ཡི་དྭགས་ཀྱི་སྲིན་པོ་ཆེན་པོ་གདུག་ཅིང་གཏུམ་པ། ལུས་གཅིག་ལ་མགོ་བརྒྱ་དང་མགོ་སྣ་ཚོགས་དང་། ལུས་བརྒྱ་ལ་མགོ་གཅིག་དང་ལུས་སྣ་ཚོགས་དང་ཡན་ལག་མང་པོ་སྣ་ཚོགས་ཅན་གདུག་པའི་ལག་ཆ་སྣ་ཚོགས་ཐོགས་པ། འཁོར་རབ་ཏུ་མང་པོ་འཇིགས་པའི་གཟུགས་སྣ་ཚོགས་དང་། ང་རོ་འཇིགས་པ་དང་རླུང་ནག་དང་། ཚ་བ་དང་གྲང་བའི་དབུགས་ཀྱི་ཕྱོགས་འཁྲུགས་ཤིང་། ནད་བཞི་བརྒྱ་རྩ་བཞི་འདེབས་པར་བྱེད་པས། མྱོས་ཤིང་ཉམས་པར་བྱེད་པའི་མཐུས། ལྷ་དང་ཀླུ་དང་ལྷ་མ་ཡིན་དང་། ལྷ་གནས་འབྲས་བུ་ཆེ་བ་མན་ཆད་དབང་དུ་བསྡུས་སོ། །དེ་འདུལ་བའི་ཕྱིར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་རྡོ་རྗེའི་བདག་པོས་ཁྲོ་བོའི་དཀྱིལ་འཁོར་སྤྲུལ་ཏེ། དེ་བཞིན་ཉིད་ཀྱི་དབྱིངས་ལས་ཁྲོ་མོ་དབྱིངས་ཕྱུག་མ་བྱུང་སྟེ། འཁྲིལ་བས་མཁའ་གསང་ནས་ཁྲོ་བོའི་དཀྱིལ་འཁོར་སྟོང་གསུམ་གང་བར་ཐོན་ཏེ། འཇིག་རྟེན་ཐམས་ཅད་གཡོས་ཤིང་ལྟས་ཆེན་པོ་བཅོ་བརྒྱད་བྱུང་ངོ་། །འཇིག་རྟེན་ན་དབང་དང་མཐུ་ཆེ་བའི་དབང་ཕྱུག་ཆེན་པོ་ལ་སོགས་པ་ཡང་བརྒྱལ་ལོ། །དེ་ནས་བཅོམ་ལྡན་འདས་ཉིད་འབར་བའི་ཁྲག་འཐུང་སྐུ་སྨུག་ནག་ཅིར་ཡང་འགྱུར་བ། དབུ་དང་ཕྱག་དང་ཞབས་སྟོང་ཁམས་ཞིང་གི་རྡུལ་སྙེད་འཛིན་པ་གཅིག་ཏུ་སྤྲུལ་ཏེ། སླར་ཡང་དབུ་གསུམ་ཕྱག་དྲུག་ཞབས་བཞི་པར་གྱུར་ཏེ། །དབང་ཕྱུག་ཆེན་པོ་དང་དྲག་པོ་ཁྱོ་ཤུག་གི་གདན་ལ་བརྐྱང་བསྐུམ་དུ་བཞུགས་ནས། ཕྱོགས་བཞིར་ཡང་ཁྲག་འཐུང་རིགས་བཞི་སྤྲུལ་ལོ། །བཙུན་མོ་ཁྲག་འཐུང་ཆེན་མོ་རྣམས་སྐུ་ལ་འཁྲིལ་ལོ། །དེར་དྲག་པོ་ཁྱོ་ཤུག་ལ་སོགས་པ་གདུག་པ་ཅན་རྣམས་ཀྱིས། ཐོངས་ཐོངས་སྙིང་རྗེའི་བདག་པོས་འདི་ལྟར་བྱེད་དམ་ཟེར་ནས། གདུག་རྩུབ་སྣ་ཚོགས་བསྟན་ཏོ། །དེ་ནས་བཅོམ་ལྡན་འདས་དབུ་དགུ་ཕྱག་བཅོ་བརྒྱད་ཞབས་བརྒྱད་དུ་བསྟན་ནས། ཧཱུྃ་ཧཱུྃ་ཞེས་དབང་ཕྱུག་ཆེན་པོ་ལ་སོགས་གདུག་པ་ཅན་ཐམས་ཅད་ཀྱི་སྙིང་དང་། དབང་པོ་ནང་ཁྲོལ་དྲངས་ཏེ། ཡན་ལག་གཏུབ་ནས་ཁྲག་འཐུང་རུས་པ་འཆོས་སོ། །འཇིག་རྟེན་གྱི་ཁམས་ནམ་མཁའ་དང་མཉམ་པ་ཐམས་ཅད་ཡུངས་འབྲུ་གཅིག་གི་ནང་དུ་བསྡུས་སོ། །འབྱུང་པོ་མ་ལུས་པའི་རྒྱལ་པོ། དྲག་པོ་ཆེན་པོ་ལ་སོགས་པའི་ཆུང་མ་འབྱུང་མོ་ཐམས་ཅད་ཀྱི་ཡང་རྗེ་མོ། དབང་ཕྱུག་ཉི་ཤུ་རྩ་བརྒྱད་འཁོར་ཞིང་གི་རྡུལ་སྙེད་དང་བཅས་པ་དབང་དུ་བསྡུས་སོ། །དགྱེས་པར་རོལ་ལོ། །སྦྱོར་མཚམས་ནས་ཀཽ་སེང་སྒོ་མའི་ཚོགས་སྤྲུལ་ལོ། །དེ་ནས་བདུད་རྩི་འཁྱིལ་པའི་སྔགས་གསུངས་པས་ཞལ་དུ་གསོལ་བའི་དབང་ཕྱུག་ཆེན་པོ་སོགས་གདུག་པ་ཅན་སྣམ་ནས་ཕྱིར་ཐོན་ཏེ། མི་གཙང་བའི་རྒྱ་མཚོར་ཚུད་དོ། །སྣམ་ཕྲག་ནས་ཁྲོ་བོ་སྨེ་བརྩེགས་ཐོན་ནས་མི་གཙང་བ་དེ་ཐམས་ཅད་འཐུང་ནས། དབང་ཕྱུག་ལ་སོགས་གདུག་པ་ཅན་རྣམས་དྲན་པ་རྙེད་དེེ། ཁྲོ་བོ་ཆེན་པོའི་ཞལ་མཐོང་སྟེ། དེའ ི་ཚེ་ཕྱོགས་བཅུའི་དྲེགས་པ་དབང་ཕྱུག་ཐམས་ཅད་ཐབས་སྣ་ཚོགས་ཀྱིས་དུས་གཅིག་ལ་བཏུལ་ལོ། །དེར་ཁོང་རྣམས་འདར་ཞིང་འབངས་སུ་མཆིའོ། །འབངས་སུ་ནན་ཏན་མ་བགྱིས་ན་ལུས་དུམ་བུ་བརྒྱར་འགས་ཤིང་། སྙིང་གཏུབས་ཏེ་དམྱལ་བར་ལྟུང་བར་གྱུར་ཅིག །ཅེས་དམོད་བོར་རོ། །དཀྱིལ་འཁོར་གྱི་གདན་དུ་བཞེངས་ནས། འཁོར་གཡོག་དང་བཅས་པ་ཕུལ་ལོ། །བདག་ཅག་སོ་སོའི་འཁོར་བཅས་ཀྱི། །ཚོགས་ཀྱི་དཀྱིལ་འཁོར་ཆེན་པོ་འདིར། །མིང་ཙམ་འཛིན་པར་བྱེད་པ་ཡང་། །གཙུག་གི་ནོར་བུ་འབར་བ་ལྟར། །གཡོ་སྒྱུ་མེད་ཅིང་གུས་ལྡན་པས། །སེམས་ཀྱི་བླངས་ཏེ་སྤྱི་བོ་ཡི། །གཙུག་ཏུ་བཞག་སྟེ་བཀུར་བར་བགྱི། །དེ་ཡི་དགོངས་པ་ཅི་ཡང་རུང་། །མ་ལུས་རྫོགས་པར་བྱང་ཆུབ་བསྒྲུབ། །གལ་ཏེ་དཔའ་བོའི་སྤྱན་སྔ་འདིར། །སྨྲས་པ་བཞིན་དུ་མ་བསྒྲུབ་ན། །བདག་ཅག་རྣམས་ཀྱི་མགོ་ལུས་སྙིང་། །བཀས་གཏུབས་དུམ་བུར་རལ་བར་བགྱི། །ཞེས་དམ་བཅས་སོ། །དེ་དག་གི་ཆུང་མ་དང་སྲིང་མོ་དང་བུ་མོའི་ཚོགས་དབང་ཕྱུག་ཉེར་བརྒྱད་ཐམས་ཅད་མགྲིན་གཅིག་ཏུ། བདག་ཅག་འཁོར་བཅས་ཐམས་ཅད་ཀུན། །དཔའ་བོའི་ཆེན་པོའི་འབངས་སུ་མཆི། །དཔའ་བོ་ཆེན་པོས་བདག་ཅག་རྣམས། །ལས་ཀྱི་དངོས་གྲུབ་སྩལ་ཏུ་གསོལ། །ཞེས་ཞུས་པས། ལག་ཏུ་རྡོ་རྗེ་བྱིན། ལྕེ་ལ་བདུད་རྩི་བཞག །དབང་བསྐུར་ཏེ་དཀྱིལ་འཁོར་གྱི་ཕྱི་རིམ་དུ་བཀོད་ནས་བཀའི་སྲུང་མར་བཞག་གོ། དེ་ལྟར་ཁྲག་འཐུང་ཁྲོ་བོའི་ལྷ་ཚོགས་དེ་རྣམས་ཕྱི་ལྟར་ན་ཞི་བ་གནས་འགྱུར་ཏེ། འོག་མིན་གསང་ཆེན་རོལ་པའི་གནས་ན་བཞུགས་ཤིང་། ནང་ལྟར་ན་ཀླད་པ་དུང་ཁང་གི་ནང་ན་ལུས་ལྷའི་ཚུལ་དུ་བཞུགས་སོ། །

གཞན་དུ་ཞི་ཁྲོའི་དཀྱིལ་འཁོར་བཤམས་པའི་ཚེ། ཆུ་ཟླ་བཞིན་ཏུ་དེར་སྣང་བར་མཛད་དེ། ཆུ་ཟླ་བཞིན་ཏུ་གར་དམིགས་དེར་སྣང་བ། །ཞེས་གསུངས་སོ། །འོ་ན་དམ་པ་རིགས་བརྒྱའི་དཀྱིལ་འཁོར་བྱུང་ཚུལ་དེ་ལྟར་ན། འདི་དག་གི་རྒྱུད་ཇི་ལྟར་གསུངས་ཤེ་ན། དེ་ལྟར་ཀུན་ཏུ་བཟང་པོ་ཆོས་སྐུ་སྟོང་པ་ཉིད་ཀྱི་ངང་ལས་དུས་གསུམ་དུས་མེད་དུ་བཞུགས་པས་སྨྲ་བརྗོད་དང་བྲལ། ལོངས་སྐུ་རིགས་ལྔ་ཐམས་ཅད་རང་སྣང་དག་པའི་ཞིང་དུ་བརྡ་ཡི་སྒོ་ནས་འཁོར་རྣམས་ཀྱི་ཆོས་ཀྱི་དོན་གོ་བར་མཛད་པ་ལས། དེའི་ངང་ལས་སྤྲུལ་པ་ཆུ་ཟླ་ལྟ་བུས་གང་ལ་གང་འདུལ་ཤར་ནས་འགྲོ་དོན་མཛད་དེ། ས་བཅུ་པོ་ལ་གནས་པའི་སེམས་དཔའ་རྣམས་ལ་རིགས་ལྔ་སོ་སོར་སྣང་ང ོ་། །ཕྱོགས་བཅུའི་འཇིག་རྟེན་མཐའ་ཡས་མུ་མེད་པ་ན། འགྲོ་བ་རིགས་དྲུག་སོ་སོའི་ཐུབ་པར་སྣང་ནས་ཆོས་ཀྱི་འཁོར་ལོ་བསྐོར་རོ། །དེ་ལ་འཇིག་རྟེན་ཁམས་འདི་ན་སྤྲུལ་པས་འགྲོ་དོན་མཛད་ཚུལ་ནི། བྱིན་བརླབས་མཆོག་གི་སྤྲུལ་པ་གསུམ་སྟེ། རིན་པོ་ཆེ་བརྒྱ་རྩ་གཅིག་ལས་འབྱུང་བའི་སྐུ་དང་རང་བྱུང་བསྟན་པ་བུ་གཅིག་གི་རྒྱུད་ཀྱི་གླེག་བམ་དང་། ཆོས་ཉིད་ཀྱི་རྡོ་རྗེ་རྩེ་ལྔ་པ་སོགས་རང་བྱུང་དུ་སྤྲུལ་ནས། རྡོ་རྗེ་གདན་གྱི་ནམ་མཁའ་ལ་སོགས་སུ་བཞུགས་ཏེ་བསྟན་པའི་བཙས་གཏེར་ཞེས་བྱའོ། །དེ་ཡང་ཞིང་འདིའི་བསྐལ་པ་དང་པོ་ལ། སྤྲུལ་པའི་སྐུ་རྡོ་རྗེ་འཆང་ཆེན་པོ་དགའ་ལྡན་བརྩེགས་པ་པདྨའི་སྟེང་དུ་བྱོན་ནས། རྡོ་རྗེ་སེམས་དཔའ་དང་ཕྱག་ན་རྡོ་རྗེ་ལ་རང་བཞིན་རྫོགས་པ་ཆེན་པོའི་ཆོས་ཚིག་ཡི་གེ་ལས་འདས་པ་དགོངས་པས་གོ་བར་མཛད་དོ། །དེའི་ཚེ་རྡོ་རྗེ་འཆང་ཆེན་ཉིད་ཁྱེའུ་སྣང་བ་དམ་པ་བསམ་གྱིས་མི་ཁྱབ་པ་ཞེས་བྱ་བར་སྟོན་པ་ཕུན་སུམ་ཚོགས་པར་རང་བྱོན་ནས། འཁོར་བསྐལ་པ་བཟང་པོའི་སངས་རྒྱས་སྟོང་ལ། སྒྲ་ཐལ་འགྱུར་རྩ་བའི་རྒྱུད་ལ་སོགས་པ་རྒྱུད་བཅུ་བདུན་གསུངས་སོ། །དེ་ནས་གནས་མི་མཇེད་དུ་སྟོན་པ་ཁྱེའུ་འོད་མི་འཁྲུགས་པ་དང་། གནས་འོད་ཀྱི་ཕུང་པོར་སྟོན་པ་འཇིགས་སྐྱོབ་དང་། གནས་ཆགས་འབྱུང་མངལ་དུ་སྣང་བར་སྟོན་པ་གཞོན་ནུ་རོལ་པས་རྣམ་པར་བརྩེ་བ་དང་། གནས་འཚོ་བྱེད་གཞོན་ནུའི་ལྡུམ་རར་སྟོན་པ་རྡོ་རྗེ་འཆང་ཆེན་དང་། གསང་ཆེན་རོལ་པའི་དུར་ཁྲོད་དུ་སྟོན་པ་གཞོན་ནུ་དཔའ་བོ་སྟོབས་ལྡན་དང་། གནས་སྲིན་པོ་རུ་ལུའི་སྒྲ་ལྡན་ན་སྟོན་པ་དྲང་སྲོང་ཁྲོས་པའི་རྒྱལ་པོ་དང་། བྱ་རྒོད་ཕུང་པོ་ལ་སྟོན་པ་གསེར་འོད་དམ་པ་དང་། སོག་པོ་གཡུའི་སྨིན་མ་ཅན་གྱི་གནས་སུ་སྟོན་པ་བརྩེ་བར་རོལ་པའི་བློ་གྲོས་དང་། བྱ་རྒོད་ཕུང་པོར་སྟོན་པ་འོད་སྲུང་བགྲེས་པོ་དང་། རྡོ་རྗེ་གདན་དུ་སྟོན་པ་མངོན་རྫོགས་རྒྱལ་པོ་དང་། སེར་སྐྱའི་གནས་སུ་སྟོན་པ་ཤཱཀྱ་ཐུབ་པའི་བར་དུ་རིམ་པར་བྱོན་ཏེ། བཀའ་རྫོགས་པ་ཆེན་པོ་ཞི་ཁྲོ་རབ་འབྱམས་འདིའི་རྒྱུད་སྡེ་འབུམ་ཕྲག་དྲུག་ཅུ་རྩ་བཞི་ལ་སོགས་པ་གསུངས་ཏེ། ཚེ་ལོ་དཔག་ཏུ་མེད་པ་ནས་བརྒྱ་པའི་བར་དུ་འགྲོ་བའི་དོན་མཛད་དོ། །དེ་ཡང་རྡོ་རྗེ་འཆང་ཆེན་པོ་དང་། ཁྱེའུ་སྣང་བ་དམ་པ་དང་། འོད་མི་འཁྲུགས་པ་དང་། གཞོན་ནུ་རོལ་པ་དང་། རྡོ་རྗེ་འཆང་དང་། དཔའ་བོ་སྟོབས་ལྡན་དང་། དྲང་སྲོང་ཁྲོས་པའི་རྒྱལ་པོ་དང་། བརྩེ་བའི་རོལ་པའི་བློ་གྲོས་དང་། མངོན་རྫོགས་རྒྱལ་པོ་དང་། བཅུ་གསུམ་པོ་ནི་ལོངས་སྤྱོད་རྫོགས་པའི་སྐུ་ཆུང་ངུ་དང་། ཧེ་རུ་ཀའི་སྐུར་བསྟན་ནས་འཁོར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔའ་བོ་རིག་འཛིན་ཌཱ་ཀི་རྣམས་ལ་ཆོས་གསང་སྔགས་བླ་ན་མེད་པ་རྫོགས་པ་ཆེན་པོ་ཞི་ཁྲོ་རབ་འབྱམས་ཀྱི་ཆོས་ཀྱི་འཁོར་ལོ་བསྐོར་བ་སྟེ། འདུལ་བ་ལ་སོགས་ཐེག་པ་ཐུན་མོང་བ་ནི་མ་གསུངས་པས། འཁོར་ཉན་ཐོས་ཀྱང་མེད་པའི་ཕྱིར། སངས་རྒྱས་དེ་རྣམས་བསྐལ་པ་འདི་ལ་བྱོན་ཀྱང་། བསྐལ་བཟང་སངས་རྒྱས་སྟོང་གི་གྲལ་མ་བརྩིས་པའོ། །སྟོན་པ་འཇིགས་སྐྱོབས་ནི་འཁོར་བ་འཇིགས་། གསེར་འོད་དམ་པ་ནི་གསེར་ཐུབ། འོད་སྲུངས་བགྲེས་པོ་ནི་འོད་སྲུང་། ཤཱཀྱ་ཐུབ་པ་དང་བཞི་པོས་ནི་སྡེ་སྣོད་གསུམ་གདུལ་བྱ་ཐུན་མོང་བ་ལ་གསུངས་པས་འཁོར་ཉན་ཐོས་དགྲ་བཅོམ་པ་ཡང་ཡོད་ལ། མི་མངོན་སྦས་ཚུལ་དུ་འཁོར་བྱང་ཆུབ་སེམས་དཔའ་དང་ཌཱ་ཀི་རྣམས་ལ་གསང་སྔགས་བླ་མེད་རྫོགས་པ་ཆེན་པོ་ཞི་ཁྲོ་རབ་འབྱམས་ཀྱི་རྒྱུད་སྡེ་ཡང་གསུངས་སོ། །མ་འོངས་པ་ན་བྱམས་པ་ནས་ཐ་མ་མོས་པའི་བར་གྱི་བསྐལ་བཟང་གི་སངས་རྒྱས་སྟོང་གིས་ནི། ཐུན་མོང་དུ་སྡེ་སྣོད་གསུམ་གསུངས་ཤིང་། གསང་སྔགས་བླ་མེད་རྫོགས་པ་ཆེན་པོ་ནི་ཤིན་ཏུ་ལྐོག་ཏུ་རིགས་འཛིན་ཌཱ་ཀི་རྣམས་ལ་སྦས་ཐབས་སུ་གསུངས་པས། གསང་སྔགས་འདི་ཡོད་ཀྱང་ཀུན་གྱིས་ཐོབ་པར་མི་འགྱུར་བར་བཤད་དོ། །དེ་བཞིན་དུ་མདོ་སྡེ་ལ་ལ་ནས་བསྐལ་བཟང་འདི་ལ་སངས་རྒྱས་སྟོང་བས་ཀྱང་ཆེས་མང་འབྱོན་པར་གསུངས་པ་ཡང་། དེ་བཞིན་དུ་སྡེ་སྣོད་གསུམ་སོགས་བསྟན་པ་ཡོངས་རྫོགས་གསུང་པ་ནི་སྟོང་རྩ་གཉིས་སོགས་སུ་ངེས་ལ། གཞན་བླ་མེད་གསང་སྔགས་རྫོགས་པ་ཆེན་པོ་ཁོ་ན་སྟོན་པའི་སངས་རྒྱས་ནི་མང་དུ་འབྱོན་པ་ལ་དགོངས་པའོ། །དེ་ལྟར་བྱམས་པ་ནས་བཟུང་སྟེ་མོས་པའི་བར་གྱི་སྟོན་པ་ཐམས་ཅད། དཔལ་ཀུན་ཏུ་བཟང་པོ་གཅིག་པོ་ཁོ་ནའི་རྣམ་པར་འཕྲུལ་པ་ཡིན་པས་རྒྱལ་བ་དགོངས་པའི་བརྒྱུད་པ་ཞེས་བྱའོ། །དེ་ལྟར་སྔོན་བྱོན་སྟོན་པ་བཅུ་གཉིས་ཀྱིས་གསུངས་པའི་བཀའ་རྫོགས་པ་ཆེན་པོ་ཞི་ཁྲོ་རབ་འབྱམས་ཀྱི་རྒྱུད་འདི་རྣམས་བྱང་ཆུབ་སེམས་དཔའ་དང་དཔའ་བོ་ཌཱ་ཀིའི་ཐུགས་ལ་བཞུགས་ཀྱི། མི་ཡུལ་འདི་ན་ཡི་གེ་བྲིས་པ་མེད་པ་ལས། སྟོན་པ་མྱ་ངན་ལས་འདས་རྗེས་ནུབ་ཕྱོགས་ཨོ་རྒྱན་གྱི་ཡུལ་ན་ལྷའི་བུ་ཀུན་དགའ་སྙིང་པོའི་སྐྱེ་བ་སློབ་དཔོན་དགའ་རབ་རྡོ་རྗེ་ཞེས་བྱ་བ་འཁྲུངས་པ། དགུང་ལོ་གཅིག་ནས་སངས་རྒྱས་ཀྱི་ཆོས་མང་པོ་རང་བྱུང་དགོངས་གཏེར་ལ་བཏོན། དགུང་ལོ་བདུན་པ་ལ་རྡོ་རྗེ་སེམས་དཔས་ཞལ་གཟིགས་ནས་བཀའ་རྫོགས་པ་ཆེན་པོ་ཞི་ཁྲོ་རབ་འབྱམས་ཀྱི་རྒྱུད་སྡེ་འབུམ་ཕྲག་དྲུག་ཅུ་རྩ་བཞི་གནང་བ་ཐུགས་ལ་ཆུད། དགུང་ལོ་བདུན་པ་དེ་པཎྜི་ཏ་ལྔ་བརྒྱ་དང་བརྩད་པས་མ་ཐུབ་ནས། སངས་རྒྱས་ཀྱི་སྤྲུལ་པར་ཐག་བཅད་དེ་པཎྜི་ཏ་རྣམས་ཀྱིས་ཞབས་སྤྱི་བོར་བླངས་ཏེ་ཆོས་ཞུས། ལོ་སུམ་ཅུ་རྩ་གཉིས་ལ་རྫོགས་པ་ཆེན་པོ་བསྒོམས། རྒྱུད་རྣམས་ཡི་གེར་བཀོད་ནས་མཁའ་འགྲོ་རྣམས་ལ་གཏད། ནམ་མཁར་འཕུར་བ་ལ་སོགས་རྫུ་འཕྲུལ་གྱིས་མུ་སྟེགས་ཀྱི་རྒྱལ་པོ་བཏུལ་ལོ། །རྒྱལ་པོ་དང་བློན་པོ་དང་བྲམ་ཟེ་སོགས་མང་པོ་རྫོགས་པ་ཆེན་པོ་ཞི་ཁྲོ་རབ་འབྱམས་ཀྱི་ཆོས་ཀྱིས་གྲོལ་བར་མཛད། ཁྱད་པར་རྒྱ་གར་ནུབ་ཕྱོགས་ནས་པཎྜི་ཏ་འཇམ་དཔལ་བཤེས་གཉེན་ལ་འཇམ་དཔལ་གྱིས་ལུང་བསྟན་པ་དང་། རྒྱ་ནག་གི་པཎྜི་ཏ་ཤྲཱི་སེང་ཧ་ལ་སྤྱན་རས་གཟིགས་ཀྱིས་ལུང་བསྟན་པ་དང་། དགའ་རབ་རྡོ་རྗེ་མཇལ་ནས་རྫོགས་པ་ཆེན་པོ་ཞི་ཁྲོ་རབ་འབྱམས་ཀྱི་ཆོས་ཐམས་ཅད་གསན། དེ་ནས་དགའ་རབ་རྡོ་རྗེ་འཇའ་ལུས་འོད་ཕུང་དུ་གཤེགས་པ་ན། འཁོར་རྣམས་སྨྲེ་སྔགས་བཏོན་པས་རིན་པོ་ཆེའི་གའུ་སེན་གང་བའི་ནང་ནས་རྫོགས་པ་ཆེན་པོའི་ཞལ་གདམས་ཚིག་གསུམ་གནད་དུ་བསྡེབས་པའི་ཞལ་ཆེམས། ནམ་མཁའ་ནས་བབས། དེ་ནས་འཇམ་དཔལ་བཤེས་གཉེན་དང་ཤྲཱི་སེང་ཧ་གཉིས་ཀྱིས་རྫོགས་ཆེན་ཞི་ཁྲོ་རབ་འབྱམས་ཀྱི་ཆོས་རྣམས། ལ་ལ་གཏེར་དུ་སྦས། ལ་ལ་སྙན་རྒྱུད་དུ་སྤེལ། ཁོང་གཉིས་ཀྱང་མཆོག་གི་དངོས་གྲུབ་ཐོབ་ནས་རྫུ་འཕྲུལ་དང་མངོན་ཤེས་ཐོགས་པ་མེད་པར་གྱུར་ཏོ། །དེ་ནས་སྐྱེ་བ་ལྔ་བརྒྱར་པཎྜི་ཏའི་སྐྱེ་བ་རྒྱུན་མ་ཆད་པར་པཎྜི་ཏ་བི་མ་ལ་མི་ཏྲ་དང་། ཨོ་རྒྱན་རིན་པོ་ཆེ་དང་། པཎྜི་ཏ་ཛྙ་ན་སུ་ཏྲ་དང་གསུམ་གྱིས། ཤྲི་སེང་ཧ་ལ་བཀའ་རྫོགས་པ་ཆེན་པོ་ཞི་ཁྲོ་རབ་འབྱམས་ཀྱི་ཆོས་ཐམས་ཅད་ཞུས། དེ་ནས་ཤྲི་སེང་ཧ་འཇའ་ལུས་འོད་ཕུང་དུ་གཤེགས་ནས་འཁོར་རྣམས་སྨྲེ་སྔགས་བཏོན་པས་རིན་པོ་ཆེའི་གའུའི་ནང་ནས་གཟེར་བུ་བདུན་པ་ཞེས་བྱ་བ་རྫོགས་ཆེན་གྱི་ཞལ་གདམས་ཀྱིི་ཡི་གེ་ནམ་མཁའ་ནས་བབས་སོ། །

དེ་ཡན་ཆད་རིག་འཛིན་བརྡའི་བརྒྱུད་པ་ཞེས་བྱའོ། །དེ་ནས་ཨོ་རྒྱན་དང་བི་མ་ལ་གཉིས་བོད་དུ་ཕེབས་ནས་རྗེ་འབངས་ཉི་ཤུ་རྩ་ལྔ་ཉང་ཏིང་འཛིན་བཟང་པོ་སོགས་ལ་བཀའ་རྫོགས་པ་ཆེན་པོ་ཞི་ཁྲོ་རབ་འབྱམས་ཀྱི་ཆོས་རྣམས་གསུངས་པས། འཇའ་ལུས་མཁའ་སྤྱོད་ཐོབ་པ་ཁྲི་ཕྲག་བསྐྱེད་རྫོགས་ཟུང་དུ་འཇུག་པ་འབུམ་ཕྲག་གཅིག །གྲུབ་རྟགས་དངོས་སུ་བསྟན་པ་ཉི་ཤུ་རྩ་ལྔ། ས་བརྒྱད་ནོན་པའི་རིག་འཛིན་བརྒྱད་ལ་སོགས་པ་བྱུང་སྟེ། ཏིང་འཛིན་བཟང་པོ་དང་བཻ་རོ་ཙ་ན་སངས་རྒྱས་ཡེ་ཤེས་ལ་སོགས་ལས་བརྒྱུད་པའི་བཀའ་མ་དང་། ཀརྨ་གླིང་པ་དང་། སངས་རྒྱས་གླིང་པ་དང་། རྒོད་ཀྱི་ལྡེམ་འཕྲུ་ཅན་ལ་སོགས་པས་གཏེར་ནས་བཏོན་པའི་ཞི་ཁྲོ་གཏེར་མ་སོགས་མང་དུ་དར་རོ། །དེ་རྣམས་ནི་གང་ཟག་སྙན་ཁུང་བརྒྱུད་པ་ཞེས་བྱའོ། །

དེ་ལ་ད་རེས་ཀྱི་དཀྱིལ་འཁོར་འདི་ནི། ལོ་ཙཱ་བ་ཀླུའི་རྒྱལ་མཚན་གྱི་སྐྱེ་བ། གྲུབ་ཆེན་ཉི་ཟླ་སངས་རྒྱས་ཀྱི་སྲས་པོ། གྲུབ་ཐོབ་ཀརྨ་གླིང་པས་ཤར་དྭགས་ལ་སྒམ་པོའི་རྒྱབ་རི་ནས་བཏོན་པའི་ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་ཞེས་བྱ་བ་དེ་ཡིན་ལ། ཨོ་རྒྱན་ཆེན་པོའི་ལུང་བསྟན་ལས། མི་རབས་གསུམ་དུ་གཅིག་རྒྱུད་ཀྱིིས། །དེ་ནས་འགྲོ་དོན་དཔག་མེད་འབྱུང་། །ཞེས་གསུངས་པ་ལྟར་གཏེར་སྟོན་ཀརྨ་གླིང་པ། དེའི་སྲས་པོ་ཉི་ཟླ་ཆོས་རྗེ། འགྲོ་མགོན་སུཪྱ་ཙཎྜ་གསུམ་གྱི་རིང་ལ་གཅིག་རྒྱུད་མཛད། དེ་ནས་དར་དྲག་ནས་ཕྱག་ལེན་རྒྱས་བསྡུས་དང་། འདོན་ལུགས་མི་གཅིག་པ་མང་དུ་བྱུང་ནའང་། འདི་ནི་ལྷ་ལྕམ་གང་འབུམ་གྱི་སྐྱེ་བ། བཀའ་བབ་ཆོས་ཀྱི་རྒྱལ་མཚན་ཞེས་བྱ་བ་ཞི་ཁྲོ་འདིའི་བཀའ་བབ་ཆོས་ཀྱི་བདག་པོ་སོགས་ཨོ་རྒྱན་ཆེན་པོས་གཞུང་ནས་ལུང་བསྟན་པ། དེའི་ཕྱག་ལེན་མ་འཆུག་པ་དེ་ཡིན་ནོ། །འགྲོ་མགོན་སུཪྱ་ཙཎྜ། བཀའ་བབ་ཆོས་ཀྱི་རྒྱལ་མཚན། སྤྲུལ་སྐུ་ཐུགས་རྗེ་འོད་ཟེར། འཁྲུལ་ཞིག་བུདྡྷ་མངྒ། རིག་འཛིན་ཀུན་དགའ་གྲགས་པ། གར་དབང་ཀུན་དགའ་བསྟན་འཛིན། རིག་འཛིན་ཀརྨ་དོན་ཡོད། དེས་བདག་ར་ག་ཨ་སྱ་བར་དུ་བཀའ་རྫོགས་ལུང་རྫོགས་ཕྱག་ལེན་དང་བཅས་པ་རྒྱུན་མ་ཆད་དེ། བརྒྱུད་པ་དེ་དག་ཀྱང་ལུང་བསྟན་ཆེན་པོ་བཀའ་རྒྱ་མ་ལས། དེ་ནས་བརྒྱུད་མར་རིམ་བཞིན་དུས་མཐའི་བར། ལས་ཅན་སྐྱེས་མཆོག་བརྒྱ་རྩ་ལ་སོགས་ཀུན། །རྣམ་གྲོལ་རིམ་བཞིན་བསྟན་པ་འཛིན་བྱེད་ཅིང་། །འགྲོ་རྣམས་སྐྱོང་ཞིང་འབྲེལ་བ་དོན་དང་ལྡན། །ཐོག་མཐའ་བར་གསུམ་གང་དང་གང་ཚེ་ཡང་། །རྒྱལ་བའི་བསྟན་པ་འཛིན་པའི་བཤེས་གཉེན་འབྱུང་། །གང་ཡང་མི་འགྱུར་བརྡ་རྟགས་གསུམ་དང་ལྡན། །ལུས་ལ་ལྟེ་སྨེ་སྙིང་གར་ཤ་མཚན་ནི། །སྨེ་བ་དཀར་དམར་ཐིག་ལེས་སྤྲས་པ་གཅིག །ངག་ནི་སྙན་འགྱུར་སྔགས་ཚིག་རྩོལ་བ་ཅན། །ཡང་ན་མགྲིན་པར་ཤ་མཚན་ཐིག་ལེའམ། །པད་མ་ལས་བྱུང་པད་མའི་མིང་ལྡན་གཉིས། །ཡིད་ནི་རྩེ་གཅིག་གདུང་ཤུགས་ང་ཉིད་དྲན། །ཕུར་ཚུགས་འདི་མིན་ཡིད་ལ་མི་བྱེད་གསུམ། །དེ་གསུམ་གསུམ་འཛོམས་རབ་ཡིན་གཉིས་འཛོམས་འབྲིང་། །གཅིག་འཛོམས་ཐ་མ་གང་ཡང་ལས་ཅན་ཏེ། །ལ་ལ་རང་ཉིད་རྩེ་གཅིག་ཉམས་ལེན་བརྩོན། །དོན་འབྲས་འགྲུབ་ནས་གཞན་དོན་རླབས་ཆེན་སྐྱོང་། །ལ་ལས་འཕྲད་གྲོལ་གཞན་ཕན་བརྩོན་པར་འགྱུར། །ལ་ལ་རང་གཞན་གཉིས་དོན་ལྷན་ཅིག་སྐྱོང་། །དེ་རྣམས་ངེས་མེད་གང་ཡང་སྤྲུལ་པའི་སྐུ། །རྒྱལ་བའི་དགོངས་པས་ཡང་ཟིན་ཨེ་མ་ཧོ། །ཞེས་དང་། མ་གཅིག་ཡེ་ཤེས་མཚོ་རྒྱལ་གྱི་ཞལ་ནས། མ་འོངས་གཏེར་ལ་མོས་པའི་གང་ཟག་རྣམས། །དེང་སང་གུ་རུའི་ཞལ་མཐོང་འབྲེལ་པ་ཐོབ། །ཐམས་ཅད་ལས་ཅན་ཡིན་པས་དགའ་བ་བསྒོམ། །ཁོ་མོའི་ཚིག་འདི་རིན་ཆེན་གསེར་བས་དཀོན། །ཞེས་གསུངས་པ་དང་མཚུངས་སོ། །བརྒྱུད་པ་དེ་དག་གིས་འགྲོ་དོན་ཅི་ལྟར་འབྱུང་ཞེ་ན། ལུང་བསྟན་ཆེན་པོ་བཀའ་རྒྱ་མ་ལས། བླ་མེད་ཐེག་ཆེན་སྙིང་པོའི་དོན་རྣམས་དང་། །གང་འབྲེལ་ཐམས་ཅད་སངས་རྒྱས་འགྲུབ་པའི་ཕྱིར། །འདི་གྲོལ་འདི་མ་གྲོལ་ཞེས་རྣམ་དབྱེ་བྲལ། །འབྲེལ་ཚད་དོན་དང་ལྡན་ཞེས་དེ་ལ་བརྗོད། །ཞེས་དང་། དེང་སང་སྐྱེ་འགྲོ་འབུམ་ཕྲག་དོན་བྱེད་པས། །སྙིགས་དུས་སེམས་ཅན་རེ་རེའི་དོན་བྱེད་དཀའ། །སྙིགས་དུས་ལས་ངན་གདིང་ཚན་ཆེ་བའི་ཕྱིར། །བཅུ་དྲུག་རེ་རེའི་ཁ་ལོ་བསྒྱུར་ནུས་པའི། །སྐྱེས་མཆོག་དེ་དག་འཕགས་པའི་སྤྲུལ་པར་ངེས། །བརྒྱ་ཕྲག་ཡན་ཆད་ཁ་ལོ་སྒྱུར་མཛད་ན། །དེ་དག་རྒྱལ་བའི་སྤྲུལ་པར་གདོན་མི་ཟ། །ཞེས་དང་། མདོར་ན་ཨོ་རྒྱན་ངས་བསྟན་ཆོས་རྣམས་ལ། །གཞུང་བཞིན་སུ་དང་སུ་ཡིས་སྤྱོད་པ་ཀུན། །ཐམས་ཅད་ང་ཡི་སྤྲུལ་པ་ཡིན་པར་ངེས། །ཕྱི་རབས་ཀུན་གྱི་ཐེ་ཚོམ་ཡིད་གཉིས་སྤོང་། །གུས་པས་བཀུར་སྟི་ཕུ་དུད་འབྲེལ་པ་ཐོགས། །ཞེས་གསུངས་པ་ལྟར་བདག་གི་སློབ་དཔོན་ཡན་ཆད་ཐམས་ཅད་ལ། ཀུན་དགའ་གྲགས་པ་ལ་སོགས་ལ་ལ་རྩེ་གཅིག་ཏུ་བསྒྲུབ་པ་མཛད་པ་དང་། ཀུན་དགའ་བསྟན་འཛིན་སོགས་འགྲོ་དོན་རླབས་ཆེན་དང་བསྒྲུབ་པ་གཉིས་ཀ་མཛད་པ་དང་། ལ་ལས་འགྲོ་དོན་མི་མཛད་སྦས་ཚུལ་དུ་བཞུགས་པ་མང་དུ་བྱོན་པ་ཡང་། ཐམས་ཅད་ཨོ་རྒྱན་གྱི་གསུང་བཞིན་བསྒྲུབ་མཁན་རྒྱུན་མ་ཆད་པ་དང་། བླ་མ་དེ་རྣམས་སོ་སོར་རྗེ་འབངས་རྣམས་ཀྱིས་སྤྲུལ་པ་དང་ཡང་སྤྲུལ་ཤ་སྟག་ཡིན་ཚུལ་ཡང་དགོངས་གཏེར་སོགས་ནས་གསལ་ལོ། །དེ་ལྟར་རྒྱལ་བ་དགོངས་བརྒྱུད། རིགས་འཛིན་བརྡ་བརྒྱུད། གང་ཟག་སྙན་བརྒྱུད། མཁའ་འགྲོ་གཏད་རྒྱའི་རྒྱུད་པ། གཏེར་ཆོས་སྨོན་ལམ་གྱི་རྒྱུད་པ། བཀའ་བབ་དོན་གྱི་བརྒྱུད་པ་དྲུག་ལས་བརྒྱུད་པའི་ཆོས། ཞི་ཁྲོ་དམ་པ་རིགས་བརྒྱའི་དཀྱིལ་འཁོར་གྱི་ཆོ་ག་འདི་ནི། རྒྱུད་གང་ལས་བཤད་ཅེ་ན། རྫོགས་པ་ཆེན་པོའི་རྒྱུད་བཅུ་བདུན། རྒྱུད་བུ་ཆུང་བཅུ་བདུན། སྒྱུ་འཕྲུལ་སྡེ་བརྒྱད། མདོ་དགོངས་འདུས། ཡེ་ཤེས་རྔམ་གློག །མན་ངག་སྙིང་དགོངས། ན་རག་དོང་སྤྲུགས། དྲི་མེད་བཤགས་རྒྱུད་རྣམས་དང་། མདོར་ན་རྫོགས་པ་ཆེན་པོའི་རྒྱུད་འབུམ་ཕྲག་དྲུག་ཅུ་རྩ་བཞི་ལས། ཆོས་རྫོགས་པ་ཆེན་པོ་དང་། ལྷ་དམ་པ་རིགས་བརྒྱའི་དཀྱིལ་འཁོར་འདི་ཁོ་ན་བརྗོད་བྱའི་གཙོ་བོར་གསུངས་པ་ཡིན་ནོ། །སློབ་དཔོན་ཆེན་པོ་དགའ་རབ་རྡོ་རྗེ། ཤྲཱི་སེང་ཧ། རྒྱ་གར་གྱི་རིག་འཛིན་ཆེན་པོ་བརྒྱད། བོད་ཀྱི་རྗེ་འབངས་ཉི་ཤུ་རྩ་ལྔ། སྔོན་བྱོན་གྱི་གཏེར་སྟོན་བརྒྱ་རྩ་བརྒྱད་རྣམས་ཀྱི་ཐུགས་དམ་ཡང་འདི་ཡིན་ནོ། །སྔོན་གསང་སྔགས་རྙིང་མའི་གྲུབ་ཆེན་ཉང་ཏིང་འཛིན་བཟང་པོ། གྲུབ་ཐོབ་གཙང་པ་མི་བདུན། ལྕོག་རོ་བསྒོམས་ཆེན་ཆེ་ཆུང་ལ་སོགས་འཇའ་ལུས་མཁའ་སྤྱོད་གཤེགས་པ་དཔག་ཏུ་མེད་པ་བྱུང་བ་ཐམས་ཅད་ཆོས་འདི་ལ་བརྟེན་ནས་གྲུབ་པ་ཐོབ་པ་ཤ་སྟག་ཡིན་ནོ། །དང་པོ་དེ་ལྟར་བྱུང་ཡང་བར་སྐབས་སུ་རྟོག་གེ་ཐ་སྙད་མཁན་རྣམས་ཀྱིས་འཐས་བརྒྱབ་པས་མི་རྣམས་ཐེ་ཚོམ་སྐྱེས་ཏེ་རྫོགས་ཆེན་ཅུང་ཞིག་ནུབ་པར་ཤྲཱི་སེང་ཧས་ལུང་བསྟན་པ་ལྟར་བྱུང་ནའང་ཚེ་ལོ་བཞི་བཅུ་ཁ་རལ་ནས་ཚེ་ལོ་བཅུ་པའི་བར་འདིར་ཀུན་ཏུ་བཟང་པོ་ཐུགས་ཀྱི་བསྟན་པ་དར་བའི་དུས་ཡིན་པས། ཆོས་རྫོགས་པ་ཆེན་པོ་རྟོགས་པ་སྐྱེ་སླ་བ་དང་ཨོ་རྒྱན་གྱི་ཆོས་དར་ནས་གྲུབ་ཐོབ་གནམ་གྱི་སྐར་མ་ཙམ་འབྱུང་བར་ཨོ་རྒྱན་ཆེན་པོས་ལུང་བསྟན་མང་པོ་ཡོད་པ་ནས་བཀའ་སྩལ་ཏོ། །དེ་ཡང་ཐེག་པ་བླ་ན་མེད་པ་བཀའ་རྫོགས་པ་ཆེན་པོ་ཞི་ཁྲོ་རབ་འབྱམས་ཀྱི་དཀྱིལ་འཁོར་འདིའི་ཕན་ཡོན་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་དད་པ་ཅན་གྱི་སྐྱེ་བོ་བླ་མ་འཁོར་དང་བཅས་པ་དང་གསང་བའི་ཐེག་པ་འདི་ལ་མོས་ཤིང་དད་པ་དང་། རྣ་བའི་དབང་པོས་ཉན་ཅིང་། གཡོ་སྒྱུ་དང་བསོག་འཇོག་སྤངས་པ་དེའི་ཕན་ཡོན་ཡང་དག་པར་བརྗོད་ཅིང་ཚད་བཟུང་བར་དཀའོ། །ལ་ལ་སྐྱེ་བོ་དག་སངས་རྒྱས་ཀྱི་ཞིང་ཡོངས་སུ་གང་བ་ལ་སྦྱིན་པ་བྱིན་པའམ། སྲོག་གཏོང་པའམ། དགེ་བ་བཅུ་དང་ཚད་མེད་པ་བཞི་དང་། བསྡུ་བའི་དངོས་པོ་བཞི་དང་། རྒྱུའི་ཐེག་པའི་སྒོ་ནས་འགྲོ་བའི་དོན་བྱས་པ་བས་ནི། བླ་མ་འཁོར་དང་བཅས་པ་དང་། གསང་བའི་ཐེག་པའི་སྒོ་ནས་སྐད་ཅིག་ཙམ་འགྲོ་བ་གཅིག་གི་དོན་བྱས་པའི་བསོད་ནམས་དགེ་བའི་རྩ་བ་འབུམ་གྱི་ཆར་ཡང་མི་ཕོད་དོ། །རིགས་ཀྱི་བུ་ལ་ལ་ཞིག་གིས་སངས་རྒྱས་ཀྱི་ཞིང་ཡོངས་སུ་གང་བའི་ཉན་ཐོས་སམ། རང་སངས་རྒྱས་སམ། བྱང་ཆུབ་སེམས་དཔའི་ཐེག་པ་དེ་ཉིད་ལས། རིམ་གྲོ་དང་བཀུར་སྟི་ཚུལ་བཞིན་དུ་བསྐལ་པ་གྲངས་མེད་པའི་ཡུན་དུ་བྱས་པའི་བསོད་ནམས་ཀྱིས་ནི། གསང་བའི་ཐེག་པ་འདི་ལ་གནས་པའི་གང་ཟག་རྣལ་འབྱོར་པ་གཅིག་ལ། ཐ་ན་གྲོ་གཅིག་གམ་སྐད་ཅིག་ཙམ་དུ་བཀུར་སྟི་ཚུལ་བཞིན་དུ་བྱས་པའི་བསོད་ནམས་འབུམ་གྱི་ཆར་ཡང་མི་ཕོད་དོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་གསང་བའི་ཐེག་པ་འདི་ཉིད་ལས། ཉན་ཐོས་དང་རང་རྒྱལ་བ་དང་བྱང་ཆུབ་སེམས་དཔའི་ཐེག་པ་རྣམས་འབྱུང་ཞིང་། གསང་བའི་ཐེག་པ་ཉིད་ལ་འགྲོ་བ་བཙུད་པའི་བསྟི་གནས་སུ་གསུངས་པ་ཡིན་གྱིས། རྟེན་དུ་བཞག་པ་ནི་མ་ཡིན་ནོ། །དེ་བས་ན་ང་ཉིད་ཀྱི་སྤྲུལ་པས་ཀྱང་། ཆོས་རྣམ་པ་སྣ་ཚོགས་ཇི་ལྟར་འདུལ་བར་སྟོན་པ་ཡིན། དེ་བས་ན་གསང་སྔགས་ཀྱི་ཡོན་ཏན་ནི་བསམ་གྱིས་མི་ཁྱབ་པའོ། །རིགས་ཀྱི་བུ་གང་ཟག་ལ་ལ་ཞིག་གིས། བསྐལ་པ་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པར། རྒྱུའི་ཐེག་པའི་སྒོ་ནས། དགེ་བའི་རྩ་བ་རྒྱས་པར་སྤྱད་པ་བས་ནི། གསང་བའི་ཐེག་པ་འདིའི་དོན་སྐད་ཅིག་ཙམ་ཡིད་ལ་བྱས་པའི་བསོད་ནམས་འཕགས་ཏེ། འབུམ་གྱི་ཆར་ཡང་མི་ཕོད་དོ། །རིགས་ཀྱི་བུ་གང་ལ་ལ་ཞིག་གིས་བསྐལ་པ་གང་གའི་ཀླུང་གི་བྱེ་མ་སྙེད་དུ་སོ་སོའི་སྐྱེ་བོའམ་ཉན་ཐོས་སམ་རང་རྒྱལ་བའམ། བྱང་ཆུབ་སེམས་དཔའ་སངས་རྒྱས་ཀྱི་ཞིང་ཡོངས་སུ་གང་བ་སྙེད་ལ། མེ་ཏོག་དང་ཕྲེང་བ་དང་བདུག་སྤོས་དང་བླ་བྲེ་དང་རྒྱལ་མཚན་དང་བ་དན་དང་ལྷབ་ལྷུབ་དང་རོལ་མོའི་ཆ་བྱད་ལ་སོགས་པས། སངས་རྒྱས་ཀྱི་ཞིང་ཡོངས་སུ་གང་བར་བྱས་ཏེ་ཕུལ་བ་བས། ཐ་ན་གསང་བའི་ཐེག་པ་ལ་གནས་པའི་རྣལ་འབྱོར་པ་གཅིག་ཙམ་ལ་ཡང་། གཡོ་སྒྱུ་དང་བསོགས་འཇོག་སྤང་བའི་སྒོ་ནས། འདོད་པའི་ཡོན་ཏན་གྱི་ཚོགས་སྐད་ཅིག་ཙམ་བཏེགས་ཤིང་། ལོངས་སྤྱོད་པའི་བསོད་ནམས་ཁྱད་པར་འཕགས་ཏེ། འབུམ་གྱི་ཆར་ཡང་མི་ཕོད་དོ། །དེ་ཅིའི་ཕྱིར་ཞེ་ན། སོ་སོའི་སྐྱེ་བོའམ་ཉན་ཐོས་སམ་རང་རྒྱལ་བའམ་བྱང་ཆུབ་སེམས་དཔའི་བསོད་ནམས་སམ་ཡེ་ཤེས་ཀྱི་ཕུང་པོ་དེ་དག་པས། གསང་བའི་ཐེག་པ་ལ་གནས་པའི་རྣལ་འབྱོར་པ་གཅིག་གི་བ་སྤུའི་ཆ་ཙམ་བསོད་ནམས་དང་ཡེ་ཤེས་ཀྱི་ཕུང་པོ་ཁྱད་པར་དུ་འཕགས་ཏེ་འབུམ་གྱི་ཆར་ཡང་མི་ཕོད་དོ། །དེ་བཞིན་དུ་གང་ཟག་ལ་ལ་ཞིག་གི་མེ་ཏོག་ལ་སོགས་པ་སངས་རྒྱས་ཀྱི་ཞིང་ཡོངས་སུ་གང་བའི་བསོད་ནམས་དང་། ཡེ་ཤེས་གྱི་ཕུང་པོ་གང་ཡིན་པ་དེ་བས་འདོད་པའི་ཡོན་ཏན་གྱི་ཚོགས་ཆེན་གཅིག་གིས་རྡུལ་ཕྲ་རབ་ཀྱི་ཆ་གཅིག་ཙམ་གྱིས་བསོད་ནམས་དང་། ཡེ་ཤེས་ཀྱི་ཕུང་པོ་ཁྱད་པར་དུ་འཕགས་ཏེ། འབུམ་གྱི་ཆར་ཡང་མི་ཕོད་དོ། །རིགས་ཀྱི་བུ་དེ་བས་ན་གསང་བའི་ཐེག་པ་འདི་ཉིད་ལ། དད་པ་ཅན་གྱི་སྐྱེ་བོས་གསང་བའི་ཐེག་པ་ལ་གནས་པའི་བླ་མ་འཁོར་དང་བཅས་པ་ལ་དད་པའི་སེམས་ཀྱིས། གཡོ་སྒྱུ་དང་བསོགས་འཇོག་སྤང་བ་དེའི་བསོད་ནམས་ཀྱི་ཕུང་པོ་ནི་ཚད་མེད་དོ། །དེའི་བསོད་ནམས་དང་ཡེ་ཤེས་ཀྱི་ཕུང་པོ་ནི། ཐམས་ཅད་མཁྱེན་པའི་སངས་རྒྱས་རྣམས་ཀྱིས་ཀྱང་བགྲང་བར་མི་ནུས་སོ། །ཞེས་བཀའ་བསྩལ་པ་དང་། རྒྱུད་ཀྱི་རྒྱལ་པོ་ཡེ་ཤེས་རྔམས་གློག་ལས། འདི་ལ་དགའ་ཞིང་མོས་པ་དང་འདུན་པ་བྱེད་པའི་གང་ཟག་དམ་པ་དེ་ནི། རིག་འཛིན་རྒྱལ་བའི་སྲས་དམ་པར་འགྱུར་བར་གདོན་མི་ཟའོ། །ཞེས་དང་། སོ་སོའི་སྐྱེ་བོའམ་ཉན་ཐོས་སམ་རང་རྒྱལ་ལམ་ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་སངས་རྒྱས་ཀྱི་ཞིང་ཡོངས་སུ་གང་བ་སྙེད་ལ། སྦྱིན་མཆོད་སངས་རྒྱས་ཀྱི་ཞིང་ཡོངས་སུ་བལྟམས་པའི་བསྐལ་པའམ་བསྐལ་པར་བགྲང་བར་བྱིན་པའི་བྱིན་རླབས་ཀྱིས་ནི་རྣལ་འབྱོར་པ་གཅིག་ལ་ཚོགས་གཅིག་སྐད་ཅིག་ཏུ་མཆོད་པ་རྒྱས་པར་རྒྱ་ཆེར་བྱས་པའི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་འབུམ་གྱི་ཆར་ཡང་མི་ཕོད་དོ། །ཞེས་དང་།

རྣལ་འབྱོར་ནང་པའི་ཚོགས་རྒྱུད་ཆེན་པོ་ལས། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་བཀའ་སྩལ་པ། དེ་ལ་ཚོགས་མཆོད་པའི་འབྲས་བུ་ནི། རྒྱུ་མཚན་ཉིད་ཀྱི་ཐེག་པ་ལྟར་དཀའ་བ་སྤྱད་ནས་འབྲས་བུ་ཕྱིས་འོང་དུ་རེ་བ་མ་ཡིན་ཏེ། ཚོགས་ཀྱི་འབྲས་བུ་ནི་ཡི་གེ་འཁོར་ལོ་ཚོགས་ཆེན་གྱི་ས་ལ་ས་བཅུ་རིམ་གྱིས་བགྲོད་མི་དགོས་ཏེ། ད་ལྟ་ཉིད་ནས་རིགས་ལྔའི་སངས་རྒྱས་དང་མཉམ་པར་འཚང་རྒྱ་བར་འགྱུར་རོ། །ཚོགས་ཀྱི་མཆོད་པའི་འབྲས་བུ་ནི། །ཕུང་པོ་མི་གནས་མྱ་ངན་འདས། །རིག་འཛིན་ས་ལ་བདེ་བར་གནས། །ཕྱོག་བཅུའི་སངས་རྒྱས་ཀུན་གནས་ཏེ། །བྱིན་གྱིས་བརླབས་ནས་དབང་བསྐུར་ཏེ། །དངོས་གྲུབ་དམ་པ་གསོལ་བར་མཛད། །ཆོས་ཀྱི་སྐུ་དང་གཉིས་སུ་མེད། །ཅེས་པ་དང་། ཚོགས་ཀྱི་མཆོད་པ་ཕུལ་བྱས་ནས། །རྡོ་རྗེ་སེམས་དཔའ་ཉིད་དུ་འགྱུར། །སངས་རྒྱས་བྱང་ཆུབ་ཐག་མི་རིང་། །དེ་ལ་ཚོགས་ཕུལ་བའི་བསོད་ནམས་ནི། འཇིག་རྟེན་གྱི་ཁམས་འདིར་ཡང་རྒྱལ་བ་སྲས་དང་བཅས་པའི་ཞལ་མཐོང་བར་འགྱུར་བ་དང་། མ་མོ་མཁའ་འགྲོ་ཐམས་ཅད་སྤྲིན་ཕུང་བཞིན་དུ་གཏིབས་ཏེ། ཅི་བསྒོ་བའི་བཀའ་ཉན་ཅིང་། དངོས་གྲུབ་ཀྱི་སྡོང་གྲོགས་བྱེད་ཅིང་། མཐུ་དང་དབང་དང་དངོས་གྲུབ་ཕུན་སུམ་ཚོགས་པ་བྱིན་ཏེ། ཐམས་ཅད་དུ་བདེ་སྐྱིད་ཕུན་སུམ་ཚོགས་པ་དང་ལྡན། ལོངས་སྤྱོད་ཐམས་ཅད་འཕེལ་བ་དང་འཁོར་ཐམས་ཅད་འདུ་ཞིང་ནད་ཐམས་ཅད་མི་འབྱུང་བ་དང་། འཇིག་རྟེན་གྱི་ལྷ་སྲིན་ཐམས་ཅད་ཀྱིས་ཀྱང་ཉན་ཞིང་བྱིན་ཆེ་བར་མཐོང་བ་དང་། དེ་ལ་གང་གི་སྤྱི་གཙུག་ལྟར་ལེན་པ་དང་། སེམས་ཅན་ཐམས་ཅད་ཀྱིས་ཀྱང་མིག་གི་འབྲས་བུ་ལྟར་མཐོང་བ་དང་། ཡིད་དུ་འོང་ཞིང་དགའ་བར་འགྱུར་བ་དང་། འཇིག་རྟེན་ཕྱི་མར་རིག་འཛིན་ཐམས་ཅད་ཀྱིས་མདུན་བསུ་སྟེ། ལྕང་ལོ་ཅན་གྱི་གནས་སུ་ཕྱིན་པར་སྐྱེ་བར་འགྱུར་རོ། །ཞེས་དང་ཚོགས་ཕུལ་བའི་ཡོན་ཏན་ནི། རྒྱུ་དེ་ལ་བརྟེན་ནས་དམྱལ་བ་དང་། བྱོལ་སོང་དང་ཡི་དྭགས་དང་གཤིན་རྗེའི་འཇིག་རྟེན་ལ་སོགས་པའི་སྒོ་བཀག་སྟེ། རིམ་གྱིས་བླ་ན་མེད་པའི་ལམ་ལ་འགོད་པར་བྱེད་དོ། །གང་གིས་མཚམས་མེད་པ་ལྔའི་ལས་བྱས་ཏེ་དམྱལ་བར་འགྲོ་ངེས་པ་ཡང་། རྣལ་འབྱོར་ཚོགས་ཀྱི་མཆོད་པ་གཞུང་བཞིན་དུ་ཕུལ་ན། མནར་མེད་པའི་དམྱལ་བའི་གནས་སུ་མི་ལྟུང་སྟེ། བདེ་འགྲོའི་གནས་སུ་སྐྱེ་བར་འགྱུར་རོ། །གང་གི་རྩ་བ་དང་ཡན་ལག་གི་དམ་ཚིག་ཉམས་པ་ཡང་། གཞན་གྱིས་མི་བསྐང་སྟེ། རྣལ་འབྱོར་ཚོགས་ཀྱི་མཆོད་པ་ཆེན་པོ་འདིས་བསྐང་བར་འགྱུར་རོ། །གཞན་ལ་ཕན་གདོགས་པར་འདོད་ན་ཡང་ལས་གཞན་གྱིས་མི་འགྲུབ་སྟེ། རྣལ་འབྱོར་ཚོགས་ཀྱི་མཆོད་པ་ཆེན་པོ་འདི་ཕུལ་ན། གང་ཕན་གདོགས་པ་འདིས་འགྲུབ་པར་འགྱུར་རོ། །གང་ཞིག་བར་དུ་གཅོད་པ་བསྒྲལ་བར་འདོད་ནའང། རྣལ་འབྱོར་ཚོགས་ཀྱི་མཆོད་པ་ཆེན་པོ་འདི་ཕུལ་ན། ཡིད་ལ་བསམ་བཞིན་སྒྲོལ་བར་འགྱུར་རོ། །གང་གིས་འཇིག་རྟེན་འདིའི་བདེ་བ་དང་མཐུ་དབང་ཕུན་སུམ་ཚོགས་པར་འདོད་ནའང་། རྣལ་འབྱོར་གྱི་ཚོགས་མཆོད་འདི་གཞུང་བཞིན་དུ་ཕུལ་ན་གང་འདོད་པ་དེ་ཐོབ་པར་འགྱུར་རོ། །ཞེས་གསུངས་སོ། །རྣལ་འབྱོར་ནང་པའི་ཚོགས་རྒྱུད་ཆེན་པོ་ལས། ཚོགས་ཀྱི་དཀྱིལ་འཁོར་ཆེན་པོ་གསུངས་པ་ཡང་། ཞི་ཁྲོའི་དཀྱིལ་འཁོར་འདི་ཉིད་ཡིན་ནོ། །དེ་ཡང་ཡེ་ཤེས་རྔམ་གློག་འཁོར་ལོའི་མདོ་དང་། ཡོ་ག་རྩ་རྒྱུད་མ་ཧཱ་ཏནྟྲ་ཞེས་པའི་རྒྱུད་ཆེན་པོ་ལས་དཀྱིལ་འཁོར་ཆེན་པོ་འདིའི་ཕན་ཡོན་གྱི་ལོ་རྒྱུས་མང་པོ་རྒྱ་ཆེར་གསུངས་པའི་ཚིག་བསྡུས་དོན་གོ་བདེ་བར་བཤད་ན། དེ་ཡང་དང་པོ་འོག་མིན་གྱི་གནས་སུ་དཔལ་ཀུན་ཏུ་བཟང་པོ་ལ། འཁོར་དཔག་ཏུ་མེད་པས་ཏིང་འཛིན་གྱི་ཚོགས་མཆོད་ཕུལ་བས་ཐམས་ཅད་ཆོས་སྐུར་སངས་རྒྱས་ཏེ། རྡོ་རྗེ་སེམས་དཔའ་ང་ཡང་རྣལ་འབྱོར་གྱི་མཆོད་པ་ཕུལ་བས། སངས་རྒྱས་པ་འདི་དག་ཐམས་ཅད་ཚོགས་ཀྱི་མཆོད་པ་ལས་བྱུང་བའོ། །ཞེས་གསུངས་ཤིང་། དེ་འདོད་ཁམས་ལྷའི་གནས་སུ་ལྷའི་ལོངས་སྤྱོད་སྣ་ཚོགས་ཀྱིས་རྒྱལ་བ་ཞི་ཁྲོ་རབ་འབྱམས་ཀྱི་དཀྱིལ་འཁོར་ལ་ཚོགས་མཆོད་རྒྱ་ཆེན་པོ་ཕུལ་བས། ལྷ་འབུམ་ཕྲག་བསམ་གྱིས་མི་ཁྱབ་པ་མངོན་པར་རྫོགས་པར་སངས་རྒྱས་སོ། །དེ་ནས་དྲང་སྲོང་རྣམས་ཀྱི་འབྱོར་པའི་ལོངས་སྤྱོད་སྣ་ཚོགས་པས་རྒྱལ་བ་ཞི་ཁྲོའི་དཀྱིལ་འཁོར་ལ་ཚོགས་དང་མཆོད་པ་ཕུལ་བས་དྲང་སྲོང་རྣམས་རིམ་གྱིས་མངོན་པར་རྫོགས་པར་སངས་རྒྱས་སོ། །དེ་ནས་ཀླུའི་རྒྱལ་པོ་འཇོག་པོའི་གནས་སུ་ཀླུ་རྒྱལ་འཇོག་པོ་དང་རྒྱ་མཚོ་བུ་མོ་ལ་སོགས་པས། ཀླུའི་ལོངས་སྤྱོད་སྣ་ཚོགས་ཀྱིས་རྒྱལ་བ་ཞི་ཁྲོའི་དཀྱིལ་འཁོར་ལ་ཚོགས་མཆོད་རྒྱ་ཆེན་པོ་ཕུལ་བས། ཀླུ་རིགས་འབུམ་ཕྲག་བསམ་གྱིས་མི་ཁྱབ་པ་ལུས་མ་བོར་བར་སངས་རྒྱས་སོ། །དེ་ནས་ལས་འཕྲོ་དང་སྨོན་ལམ་དང་ལྡན་པའི་མིའི་རྒྱལ་པོ་དང་བྲམ་ཟེ་དང་ཁྱིམ་བདག་རྣམས་ཀྱིས་གསང་བ་ཞི་ཁྲོའི་དཀྱིལ་འཁོར་བཞེངས་ཏེ། མིའི་ལོངས་སྤྱོད་སྣ་ཚོགས་ཀྱི་རྣལ་འབྱོར་ཚོགས་ཀྱིས་མཆོད་པ་ཆེན་པོ་ཕུལ་བས། འཕགས་པའི་ཞལ་མངོན་སུམ་དུ་མཐོང་སྟེ་ཚོམ་བུའི་གྲངས་བརྒྱ་སྟོང་ལ་སོགས་པ། ཕོ་མོ་བསམ་གྱིས་མི་ཁྱབ་པ་ལུས་མ་བོར་བར་མངོན་པར་རྫོགས་པར་སངས་རྒྱས་སོ། །བྲམ་ཟེའི་བུ་གསལ་ལྡན་དང་། བྲམ་ཟེའི་བུ་དགེ་དང་ལྡན་པ་གཉིས་ཁ་ཆད་སྤར་ཏེ་གསལ་ལྡན་གསང་སྔགས་ལ་དད་པས་ཚོགས་ཀྱི་མཆོད་པ་རྒྱ་ཆེར་བྱས་པས་ཚེ་དེ་ཉིད་ལ་མངོན་པར་རྫོགས་པར་སངས་རྒྱས་སོ། །བྲམ་ཟེའི་བུ་གཅིག་ཤོས་དེ་རྒྱུའི་ཐེག་པ་ལ་དད་ནས་མཆོད་པ་དང་སྦྱིན་པ་རྒྱ་ཆེན་པོ་བྱས་པས་བསྐལ་པ་གྲངས་མེད་པ་གསུམ་དུ་དཀའ་བ་དུ་མ་སྤྱད་ནས་མཐར་འབྲས་བུ་ཐོབ་བོ། །ཡང་རྟོགས་པ་མཐོན་པོ་མེད་ན་ཡང་དབང་ལུང་ཐོབ། ཕྱག་ལེན་ཤེས་ནས་དཀྱིལ་འཁོར་འདི་བཤམས་ཤིང་མཆོད་ན། ཚེ་འདི་ཉིད་དུ་སངས་རྒྱས་མི་ཐོབ་ན་ཡང་། བསོད་ནམས་དཔག་ཏུ་མེད་ཅིང་ཚེ་རབས་ཐམས་ཅད་དུ་ལོང་སྤྱོད་རྒྱ་ཆེན་པོ་ཐོབ་ཏེ། རྡོ་རྗེ་སེམས་དཔས་བཀའ་སྩལ་པ། ཕལ་ཆེར་ལྟ་བ་དང་མི་ལྡན་པར། འབྱོར་པ་སྣ་ཚོགས་ཀྱིས་མཆོད་ཅིང་འབུལ་བར་བྱེད་ན་ཡང་། དོན་མེད་པ་ནི་མ་ཡིན་ན་འབྱོར་པའི་ཚོགས་རྒྱས་པར་འགྱུར་བ་དང་། བསོད་ནམས་ཀྱི་ཚོགས་བསྐྱེད་པ་ཙམ་ལ། འདི་ཉིད་དུ་སངས་རྒྱ་བ་ཡང་འབྱུང་། ཞེས་བཀའ་སྩལ་ཏོ། །དབང་ལུང་མ་ཐོབ་པ་དང་དམ་ཚིག་ཉམས་པ་རྣམས་ཀྱིས་འདི་ལྟ་བུའི་དཀྱིལ་འཁོར་བཤམས་ཤིང་ཚོགས་མཆོད་བྱས་ཀྱང་ཕན་ཡོན་མེད་དེ། ཚོགས་རྒྱུད་ཆེན་པོ་ལས་རྡོ་རྗེ་སེམས་དཔས་བཀའ་སྩལ་པ། དམ་ཚིག་འདི་དག་ཉམས་པར་གྱུར་ན་ཚོགས་ཀྱི་མཆོད་པ་དང་ལོངས་སྤྱོད་རྫས་སུ་ཕུལ་ཀྱང་བཞེས་སུ་མི་གནང་ཞིང་མཉེས་པར་མི་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། དེ་ལ་བསོད་ནམས་མེད་ཅིང་འབྲས་བུ་མི་ཐོབ་པའི་ཕྱིར་རོ། །ཞེས་གསུངས་སོ། །གལ་ཏེ་དཀྱིལ་འཁོར་འདི་ལ་མཆོད་པ་ཆེན་པོ་མ་འབྱོར་ན་ཡང་། ཅི་འབྱོར་ཙམ་དང་ཁ་འདེབས་ཙམ་ཞིག་བྱས་ཀྱང་། བསམ་པའི་ཁྱད་པར་གྱིས་ཕན་ཡོན་སྟོབས་ཆེ་སྟེ། རྡོ་རྗེ་སེམས་དཔས་བཀའ་སྩལ་པ། ཕལ་ཆེར་ཉུང་ཙམ་དང་འབྱོར་པ་མ་ཚོགས་པ་འབུལ་བ་དག་ཀྱང་། ཡོད་ན་དམིགས་པའི་སྟོབས་ཙམ་དུ་འགྱུར་བ་མང་ཡོད་དོ། །ཞེས་གསུངས་སོ། །རྣལ་འབྱོར་པ་དམ་ཚིག་ལྟ་བསྒོམ་དང་ལྡན་པས་ཞི་ཁྲོ་ཚོགས་ཀྱི་དཀྱིལ་འཁོར་ཞལ་ཕྱེས་པ་ལ་འབྱོར་ཚོགས་རྒྱས་པར་ཕུལ་བ་ལྟ་ཅི་སྨོས་འབྲེལ་པ་ཅུང་ཟད་ཙམ་བྱས་ན་ཡང་གཞན་དུ་མཆོད་པ་རྒྱ་ཆེན་པོ་ཕུལ་བ་དང་མཉམ་པར་གསུངས་ཏེ། རྡོ་རྗེ་སེམས་དཔས་བཀའ་སྩལ་པ། གང་ཟག་གི་དགོངས་པ་ལྷུན་གྱིས་གྲུབ་ཅིང་། ལྟ་བ་དང་མན་ངག་དུ་མ་ལྡན་པ་ལ། རྣམ་འབྱོར་ཚོགས་ཀྱི་མཆོད་པ་ཕུལ་བ་ལྟ་ཅི་སྨོས་ཀྱིས། སློབ་དཔོན་དེ་ཉིད་ལ་གོ་མ་ཏྲ་ཌ་ཡ་དྲང་པ་ཡང་། རྣལ་འབྱོར་ཚོགས་ཀྱི་མཆོད་པ་ཆེན་པོ་ཕུལ་བ་དང་འདྲ་བར་སྐལ་བ་དང་མཉམ་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན་དེ་སངས་རྒྱས་ཀྱི་རང་བཞིན་ནོ། །ཞེས་གསུངས་སོ། །དེ་ལྟར་དཀྱིལ་འཁོར་འདི་ལ་ཚོགས་དང་མཆོད་པ་ཕུལ་བས་ཕན་ཡོན་ཆེ་བའི་དོན་ཅི་ལྟར་ཡིན་ཞེ་ན། སྟོན་པ་རྡོ་རྗེ་སེམས་དཔས་བཀའ་སྩལ་པ། སངས་རྒྱས་རྣམས་ལ་བསིལ་བ་དང་སྒྲིབ་པ་དང་སྐྱེམས་པ་དང་བསྙུང་བ་དང་ཆགས་པ་མི་མངའ་ལགས་ན། དཔེར་ན་རྒྱལ་པོ་ཆེན་པོ་ལ་དཀོར་དང་ལོངས་སྤྱོད་ཀྱི་མི་བྲེལ་ཅིང་མི་ཕོངས་ནའང་། འབངས་ལ་སོགས་པས་དཀོར་དང་ལོངས་སྤྱོད་ཕུལ་ན་འཕྲལ་ཀྱི་ཕན་པ་དང་ཡུན་གྱི་བདེ་བ་དང་བདག་ལ་ཡིད་དད་པ་ལ་སོགས་པ་དང་འདྲ་བར། སངས་རྒྱས་རྣམས་ལ་བཞེས་པ་མི་མངའ་ཡང་། ཕྱི་རབས་ཀྱི་རྣལ་འབྱོར་པས་ཚོགས་ཀྱི་མཆོད་པ་ཆེན་པོ་འབྱོར་པ་ཙམ། དཀོན་པ་བཙལ་མོས་པ་དང་དད་པས་ཕུལ་ན། འདི་དང་ཕ་རོལ་གཉིས་ཀ་བདེ་བ་ལ་སོགས་པ་མཛད་ཅིང་། ཆོས་ཉིད་ཀྱི་ལོངས་སྤྱོད་དགའ་བ་བདེ་བ་ཆེན་པོ་ད་ལྟ་ཉིད་དུ་འགྲུབ་པར་རྩོལ་བར་མཛད་པས། དེ་ཕྱིར་འདོད་པའི་ཡོན་ཏན་ལྔ་པོ་གཞུང་བཞིན་བཤམས་པར་བྱ་སྟེ། ཞེས་གསུངས་སོ། །

ཡང་འདི་ལྟ་བུའི་དཀྱིལ་འཁོར་ཆོ་ག་ཅི་ལྟ་བ་བཞིན་མི་ཤེས་པས་ཤེས་ལོའི་མགོ་བསྐོར་ན་རང་ཉིད་ངན་སོང་དུ་ལྟུང་སྟེ། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་བཀའ་སྩལ་པ། འདི་ལ་ཡིད་ཆེས་མེད་པར་གཡོ་སྒྱུའི་ཚུལ་འཆོས་ན་ངན་འགྲོར་ལྟུང་སྟེ། སྔོན་རྣལ་འབྱོར་དུ་ཁས་འཆས་བ་གཅིག་གིས་མི་ཤེས་བཞིན་དུ་ཚུལ་འཆོས་སུ་བཤད་པས། འཁོར་ལྔ་བརྒྱ་དོན་ལ་གོལ་ཞིང་ངན་འགྲོར་སོང་ངོ། །འདིའི་དོན་རང་གི་མི་ཤེས་པས་གཞན་ཤེས་པ་ལ་སྨོད་ན་མནར་མེད་དུ་ལྟུང་སྟེ། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་བཀའ་སྩལ་པ། རང་དོན་དང་མི་ལྡན་པར་གཞན་དོན་ལྡན་ལ་སྨོད་ན་མནར་མེད་དུ་ལྟུང་སྟེ། སྔོན་དཔལ་སྦྱིན་བྱ་བས་རང་གིས་དོན་མ་རྟོགས་པ་ནས། ངེས་པའི་རྣལ་འབྱོར་པ་ལ་སྨོད་ཅིང་རང་བསྟོད་པས་མནར་མེད་དུ་བསྐལ་པ་བཅུ་གཉིས་འཁྱམས་སོ། །འདིའི་དབང་ལུང་མ་ཐོབ་པ་དང་། བསྐྱེད་རྫོགས་ཀྱི་མན་ངག་ལྟ་སྒོམ་ལྟ་ཅི་སྨོས། ཆོ་ག་ཕྱག་ལེན་ཙམ་ཡང་ངེས་ཤེས་མེད་པར། ཟང་ཟིང་འཚོལ་ཕྱིར་བྱེད་པ་ནི་སྔགས་ལོག་རུ་ཏྲར་སྐྱེ་སྟེ། དཔལ་རྡོ་རྗེ་སེམས་དཔས་བཀའ་སྩལ་པ། སྔོན་དགེ་སློང་དྲི་མེད་སྤྱོད་ཀྱི་མི་ཤེས་བཞིན་དུ་ཚུལ་འཆོས་ཀྱི་བླ་མའི་ས་བཟུང་ནས། འཁོར་དགེ་སློང་འབུམ་དང་བཅས་པ་དྲེགས་པ་ཆེན་པོ་རུ་ཏྲར་བསྐལ་པ་གྲངས་མེད་པར་སྐྱེས་སོ། །ཡང་ཕྱོགས་རིས་ཀྱི་དབང་གིས་ཆགས་སྡང་བྱས་ཏེ་འདི་བཀག་ན་འབྱུང་པོ་ཤོ་གམ་ཅན་གྱི་རིགས་སུ་སྐྱེ་སྟེ། རྡོ་རྗེ་སེམས་དཔས་བཀའ་སྩལ་པ། སྔོན་དགེ་སློང་ཞི་གནས་བྱ་བ་འཁོར་ལྔ་བརྒྱ་དང་བཅས་པ་དོན་མི་ཤེས་པར་ཀུན་གྱིས་བསྙེན་བཀུར་བ་ལ། དགེ་སློང་གྲོལ་བའི་བློ་གྲོས་ཞེས་བྱ་བ་དོན་དང་ལྡན་པ་ཞིག་བྱོན་ནས། ཡང་དག་པའི་དོན་སྟོན་པར་བཞེད་པ་ལ། དགེ་སློང་ཞི་གནས་ཕྱོགས་རིས་བྱས་ཏེ་བཤད་མ་བཅུག་པས། འཁོར་ལྔ་བརྒྱ་དང་བཅས་པ་ལྟུང་སྟེ་ཤོ་གམ་ཅན་གྱི་རིགས་སུ་གྱུར་ཏོ། །འདི་ལྟ་བུའི་དཀྱིལ་འཁོར་དང་མཆོད་པ་ལ་ཕྲག་དོག་གིས་འབར་ཤ་བྱས་ན་གནོད་སྦྱིན་ཁ་ལ་མེ་འབར་དུ་སྐྱེ་སྟེ། རྡོ་རྗེ་སེམས་དཔས་བཀའ་སྩལ་པ། སྔོན་དགེ་སློང་ལྷས་སྦྱིན་བྱ་བས། རྣམ་འབྱོར་པ་མང་པོ་འཚོགས་ནས་དོན་དམ་གླེང་བ་ལ་མ་དགའ་ནས་ངན་སེམས་ཕྲག་དོག་སྐྱེས་ནས་བྱོལ་ཏེ། མི་སྙན་པ་བརྗོད་པས་གནོད་སྦྱིན་ཁ་ལ་མེ་འབར་གྱི་གནས་སུ་སྐྱེས་སོ། །རང་ཉིད་ལ་ཉམས་ལེན་བསྐྱེད་རྫོགས་བཟང་པོ་ཡོད་ཀྱང་། འདི་ལ་ཆགས་སྡང་བྱས་ན་སྲིན་པོར་སྐྱེ་སྟེ། རྡོ་རྗེ་སེམས་དཔས་བཀའ་སྩལ་པ། སྔོན་དགེ་སློང་དེ་བྱིན་ཞེས་བྱ་བས་སྔགས་སྤྱོད་ཅིང་ཆགས་སྡང་བྱས་པས། འཁོར་སྟོང་དང་བཅས་སྲིན་པོར་སྐྱེས་སོ། ཡང་རང་གི་འདི་མི་ཤེས་པའི་གནད་ཀྱིས་འདི་ཤེས་པ་ལ་སྐུར་པ་བཏབ་ན་མནར་མེད་དུ་སྐྱེ་སྟེ། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་བཀའ་སྩལ་པ། སྔོན་རྣལ་འབྱོར་པ་དོན་དང་ལྡན་པ། རྣམ་པར་དག་པའི་བློ་གྲོས་འཁོར་མང་པོ་སྐྱོང་བ། དོན་དང་མི་ལྡན་པ་མི་འཇིགས་བློ་གྲོས་བྱ་བ་འོང་སྟེ། ངན་སེམས་ཀྱི་སྒྲོ་སྐུར་བཏབ་པས་མནར་མེད་དུ་ལྟུང་ནས། ལྕེ་ལ་ཐོང་གཤོལ་ལྔ་བརྒྱས་རྨོ་བར་གྱུར་ཏོ། །

ཡང་འདི་མི་ཤེས་པར་ཤེས་བརྫུན་བྱས་ན་ཉེས་དམིགས་ཆེ་སྟེ། རྡོ་རྗེ་སེམས་དཔས་བཀའ་སྩལ་པ། སྔོན་གསལ་འཛིན་མཚན་མའི་རྣལ་འབྱོར་ཅན་དོན་དམ་མ་རྟོགས་པར་རྣལ་འབྱོར་གྱི་ཚུལ་བཟུང་བས་ལོག་པའི་ལམ་དུ་ལྟུང་བར་འགྱུར་རོ། །ཞེས་གསུངས་སོ། །དེ་བཞིན་དུ་བཀའ་རྐུ་བ་ཞེས་བླ་མ་མི་བསྟེན་དབང་ལུང་མ་ཐོབ་པར་ཕྱག་ལེན་རྐུ་ཐབས་སུ་བྱས་ནས། རིགས་རུས་སོགས་ཀྱི་ང་རྒྱལ་གྱིས་འདི་བྱེད་པ་ནི་མུ་སྟེགས་དང་དུད་འགྲོར་སྐྱེ་སྟེ་རྡོ་རྗེ་སེམས་དཔས་བཀའ་སྩལ་པ་། སྔོན་དགེ་སློང་པྲ་མ་ཏེ་བྱ་བ་ལྟ་སྤྱོད་ལོག་པས་འཚོགས་པ་སྐྱོང་དཀའ་ཞིང་བཀའ་རྐུ་ཞིང་ཁྲོ་གཏུམ་སྡིག་པ་སྤྱོད་པས་མུ་སྟེགས་སྤྱོད་པའི་ཁམས་སུ་ལྟུང་ངོ། སྔོན་དྲང་སྲོང་པྲ་སེ་ན་ཡ་བྱ་བ་དམ་ཚིག་ཉམས་དོན་ལ་རྨོངས་ཀྱང་ང་རྒྱལ་གྱིས། སྔགས་སྤྱོད་པས་འཁོར་བརྒྱ་དང་བཅས་པ་ཕག་ཏུ་སྐྱེས་སོ། །ཞེས་གསུངས་སོ། །ཡོན་བདག་གི་དཀྱིལ་འཁོར་འདིའི་ཡོན་བདག་བྱས་པ་ལ། ཉེ་དུ་དང་ཕྱག་ཚང་བ་རྣམས་ཀྱིས་སེར་སྣ་དང་འཕྲི་བ་བྱས་ན་ཡི་དྭགས་བྲེལ་ཕོངས་ཅན་དུ་སྐྱེ་སྟེ། རྡོ་རྗེ་སེམས་དཔས་བཀའ་སྩལ་པ། སྔོན་རྣལ་འབྱོར་བདེ་ལྡན་འཁོར་འབུམ་དང་བཅས་པས་གསང་སྔགས་སྤྱོད་པར། བུད་མེད་བཟང་ལྡན་མ་བྱ་བའི་རྣལ་འབྱོར་མ་ཞིག་གིས་ཚོགས་སྦྱོར་བའི་གན་དུ་བསྐོས་པས་ཡོ་བྱད་ལ་སེར་སྣ་བསོགས་འཇོག་བྱས་པས། ཡི་དྭགས་ཁྱི་མགོ་ཅན་དུ་སྐྱེས་ནས་བྲེལ་ཕོངས་ཅན་དུ་གྱུར་ཏོ། །ཞེས་གསུངས་སོ། །དཀྱིལ་འཁོར་འདིའི་ལོ་རྒྱུས་ཕན་ཡོན་ཉེས་དམིགས་འདི་རྣམས་གཞན་ལ་བཤད་ན་ཡང་ཕན་ཡོན་ཆེ་སྟེ། སྟོན་པ་རྡོ་རྗེ་སེམས་དཔས་བཀའ་སྩལ་པ། འདིའི་དོན་རྟོགས་ནས་གཞན་སྣོད་ལྡན་ལ་བསྟན་ནམ། བཤད་དམ་བརྗོད་པས་ཆོས་ཀྱི་རྒྱལ་པོ་འགྱུར་ཏེ། ང་ཉིད་དང་འདྲ་བར་འགྱུར་རོ། སྔོན་དྲང་སྲོང་རྣལ་འབྱོར་པ་ཀ་ལ་ཡ་ནས། དྲང་སྲོང་མང་པོ་ལ་འདིའི་དོན་བཤད་ཅིང་བཀྲོལ་བས་དྲང་སྲོང་མང་པོ་རིག་འཛིན་ཐོབ། སྟོན་པའི་དྲང་སྲོང་དེ་གསང་བ་མཆོག་གི་བདག་པོར་གྱུར་ཏོ། །ཞེས་གསུངས་སོ། །

གསང་སྔགས་ཀྱི་ཆོས་གཞན་ནི་ཁྲོམ་ཆོས་སུ་མི་རུང་སྟེ། འདི་ནི་ཐམས་ཅད་ལ་བསྟན་རུང་བ་སྟེ། དཔལ་ཀུན་ཏུ་བཟང་པོའི་བཀའ། གང་གི་རྒྱུ་འཕྲུལ་ཞི་ཁྲོ་ཡི། །དཀྱིལ་འཁོར་ལྷ་ལ་ཕྱག་འཚལ་ན། །ཉམས་ཆགས་ཀུན་ཀྱང་བྱང་བར་འགྱུར། །མཚམས་མེད་ལྔ་ཡི་སྡིག་ཀྱང་དག །ན་རག་གནས་ཀྱང་དོང་སྤྲུག་ནས། །རིག་འཛིན་རྒྱལ་བའི་ཞིང་དུ་དྲངས། །ཞེས་དང་། དཀྱིལ་འཁོར་གྱི་ལྷ་འདི་རྣམས་ཀྱི་མཚན་ལན་གཅིག་རྣ་བར་ཐོས་ན། ན་རཀ་ཆེན་པོར་མི་ལྟུང་ང་ོ། ཞེས་དང་། ཨོ་རྒྱན་རིན་པོ་ཆེའི་ཞལ་ནས། འདི་ཐོས་གྲོལ་ཆེན་མོ་ཡིན་པས། མཚམས་མེད་ལྔ་བྱས་པའི་རྣ་ལམ་ན་ཐོས་ཀྱང་ངེས་པར་གྲོལ་བར་འགྱུར་རོ། །དེའི་ཕྱིར་ཁྲོམ་ཆེན་པོའི་ནང་དུ་བཀླག་པར་བྱའོ། །རྒྱ་ཆེར་སྤེལ་བར་བྱའོ། །ནད་པ་ཐམས་ཅད་ཀྱི་སྔས་སུ་བཀླག་པར་བྱའོ། །ཤི་བའི་རོ་ཐམས་ཅད་ཀྱི་སྔས་སུ་བཀླག་པར་བྱའོ། །རྒྱ་ཆེར་སྤེལ་བར་བྱའོ། །འདི་དང་འཕྲད་པ་ནི་སྐལ་བ་ཤིན་ཏུ་བཟང་བ་ཡིན་ནོ། །ཚོགས་བསགས་ཤིང་སྒྲིབ་པ་སྦྱོང་བ་རྣམས་མ་གཏོགས་པར་འདི་དང་འཕྲད་པར་དཀའོ། །འདི་དང་འཕྲད་ནས་ལོག་ལྟ་མ་སྐྱེས་པར་ཁོ་ནས་གྲོལ་བར་འགྱུར་རོ། །དེའི་ཕྱིར་ན་འདི་ལ་ཤིན་ཏུ་གཅེས་སྤྲས་བྱའོ། །འདི་ནི་ཆོས་ཐམས་ཅད་ཀྱི་བཅུད་ཡིན་ནོ། །ཞེས་དང་། སྒོམ་སྒྲུབ་བྱ་མི་དགོས་པའི་ཆོས། བལྟས་པས་གྲོལ་བ། ཐོས་པས་གྲོལ་བ། བཀླག་པས་གྲོལ་བའི་གདམས་ངག་ཟབ་མོ། སྡིག་པོ་ཆེ་གསེབ་ལམ་ལ་ཁྲིད་པའི་གདམས་པ་ཟབ་མོ་འདི། ཁྱི་བདུན་གྱིས་བདས་ཀྱང་ཚིག་དང་ཐ་སྙད་མ་རྗེད་པར་བྱས་པས། འཆི་ཁར་སངས་རྒྱས་པའི་གདམས་ངག་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱིས་བཙལ་ཡང་འདི་ལས་ཟབ་པའི་ཆོས་རྙེད་མི་སྲིད་དོ། །ཞེས་གསུངས་པ་ལྟར་ཡིན་པས། དད་གུས་ཀྱི་འབྲེལ་བས་གང་ཐོག་དང་དབང་ཞུ་བ་སོགས་མཛོད་ཅིག །།

ཅེས་པ་འདི་བདག་ར་ག་ཨ་སྱ་རྙིང་མའི་རྒྱུད་གཞུང་ཚད་ལྡན་རྣམས་ནས་བསྡུས་ཏེ་སྦྱར་བ་ཡིན་པས་ཕྱི་རབས་ཀུན་ཡིད་ཆེས་པར་མཛོད་ཅིག། །།མངྒ་ལཾ། བྷ་ཝནྟུ།། །།

ཞི་ཁྲོ་བརྒྱ་མཆོད་ན་རཀ་དོང་སྤྲུག་གི་བསྐང་ཆོག་ཉམས་ཆགས་རང་གྲོལ་གྱི་ལོ་རྒྱུས་མདོར་བསྡུས།

ཞི་ཁྲོ་བརྒྱ་མཆོད་ན་རཀ་དོང་སྤྲུག་གི་བསྐང་ཆོག་ཉམས་ཆགས་རང་གྲོལ་གྱི་ལོ་རྒྱུས་མདོར་བསྡུས་པ་ཐོས་པས་ཡིད་འཕྲོག་རྔ་ཆེན་ཞེས་བྱ་བ་བཞུགས་སོ། །

འོ་ན་ཁྱེད་འདིར་འདུས་ཤིང་འཚོགས་པ་རྣམས་ཐུགས་གཞན་དུ་མ་ཡེངས་པར་གསན་པར་འཚལ། ཞི་ཁྲོ་ན་རཀ་དོང་སྤྲུག་གི་བསྐང་བཤགས་ཉམས་ཆགས་རང་གྲོལ་འདི་ཡི་སྐབས་སུ་བྲམ་ཟེ་དུང་ཕྲེང་ཅན་གྱི་ལོ་རྒྱུས་དང་། ན་རཀ་དོང་སྤྲུག་གི་ལོ་རྒྱུས་མ་བཤད་ན་ཆོ་ག་ཡན་ལག་ཉམས་ཤིང་ཕྱག་ལེན་འཆུག་པའི་སྐྱོན་དུ་འགྱུར་བས། ལོ་རྒྱུས་ཅུང་ཟད་ཅིག་ཞུ་ན། གནས་འོག་མིན་ཆོས་དབྱིངས་ཀྱི་ཕོ་བྲང་ན་བཅོམ་ལྡན་འདས་ཆོས་སྐུ་ཀུན་ཏུ་བཟང་པོ་ཉིད་གཞི་གདོད་མའི་གནས་སུ་མངོན་པར་རྫོགས་པར་སངས་རྒྱས་སོ། །དེའི་སྣང་ཆ་ལས་འོག་མིན་འཐུག་པོ་བཀོད་པའི་ཞིང་ཁམས་སུ་ལོངས་སྐུ་རྣམ་སྣང་གངས་ཆེན་མཚོ་རིགས་ལྔའི་སངས་རྒྱས་སུ་མངོན་པར་སྣང་ངོ་། །དེའི་སྤྲུལ་པ་ནི་རིམ་པ་བཞིན་དུ་རྡོ་རྗེ་ལོངས་སྤྱོད་རྫོགས་སྐུ་དང་། སྟོན་པ་ཁྱེའུ་སྣང་བ་དམ་པ་དང་། སྟོན་པ་ཁྱེའུ་འོད་མི་འཁྲུགས་པ་དང་། སྟོན་པ་འཇིགས་པ་སྐྱོབ་དང་། སྟོན་པ་གཞོན་ནུ་རོལ་པ་དང་། སྟོན་པ་རྡོ་རྗེ་འཆང་དང་། སྟོན་པ་གཞོན་ནུ་དཔའ་བོ་སྟོབས་ལྡན་དང་། སྟོན་པ་དྲང་སྲོང་ཁྲོས་པའི་རྒྱལ་པོ་དང་། སྟོན་པ་གསེར་འོད་དམ་པ་དང་། སྟོན་པ་བརྩེ་བའི་རོལ་བའི་བློན་པོ་དང་། སྟོན་པ་འོད་སྲུང་བསྒྲེས་པོ་དང་། སྟོན་པ་མངོན་རྫོགས་རྒྱལ་པོ་དང་། སྟོན་པ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་རྣམས་སུ་སྤྲུལ་ནས་ཆོས་སྒོ་དཔག་ཏུ་མེད་པ་དང་ཁྱད་པར་དུ་རྫོགས་པ་ཆེན་པོའི་རྒྱུད་སྡེ་འབུམ་ཕྲག་དྲུག་ཅུ་རྩ་བཞི་གསུངས་པ་ཐམས་ཅད་ཀྱི་བཅུད་བསྡུས་པ་ནི། ཞི་ཁྲོ་དགོངས་པ་རང་གྲོལ་འདི་ཉིད་ཡིན་ལ། མ་འོངས་པ་ན་ཡང་སྟོན་པ་བྱམས་པ་མགོན་པོ་ནས་བཟུང་སྟེ་སངས་རྒྱས་མོས་པའི་བར་གྱི་བསྐལ་བཟང་གི་སངས་རྒྱས་དེ་དག་ཐམས་ཅད་ཀྱང་སྟོན་པ་ཀུན་ཏུ་བཟང་པོ་ཉིད་ཀྱི་སྤྲུལ་པ་ཡིན་ནོ། །

ཁྱད་པར་ན་རཀ་དོང་སྤྲུག་གི་ལོ་རྒྱུས་ནི། སྔོན་མི་མཇེད་འཇིག་རྟེན་གྱི་ཁམས་འདི་ན་བྲམ་ཟེ་དུང་གི་འཕྲེང་བ་ཅན་ཞེས་བྱ་བ་རིག་པའི་གནས་ལྔ་ལ་མཁས་པ། སྔོན་གྱི་རྒྱལ་བ་ལ་བསྙེན་བཀུར་བྱས་པ་བྱང་ཆུབ་སེམས་དཔའི་རིགས་ཅན་གཅིག་དུར་ཁྲོད་ན་བསྒྲུབ་པ་མཛད་ཅིང་བཞུགས་པ་ལ། ཡུལ་ཁམས་དེའི་རྒྱལ་པོའི་བུ་གཅིག་སློབ་མར་བྱས་ཏེ། སྒྲ་དང་ཚད་མ་དང་། བཟོ་རིགས་དང་། གསོ་དཔྱད་དང་། ནང་རིག་པ་སོགས་རིག་པའི་གནས་ལྔ་དང་། སྙན་དངགས་དང་། སྡེབ་སྦྱོར་དང་ཚིག་རྒྱན་ལ་སོགས་པ་རིག་པའི་གནས་བཅོ་བརྒྱད་ལ་མཁས་པར་གྱུར་ཏོ། །དེར་རྒྱལ་པོའི་བུ་དེ་ཡིས་བསམ་པ་ལ། སློབ་དཔོན་འདི་མེད་ན་རང་བས་མཁས་པ་འཛམ་བུ་གླིང་ན་མེད་པ་གཅིག་འོང་སྙམ་ནས། སློབ་དཔོན་ལ་འབྲས་ཆང་གིས་མྱོས་སུ་བཅུག་ནས་ལུས་ལ་རུས་སྦལ་གྱི་ཁྲག་བྱུག་ཏེ་ཆུ་བུར་དང་རྨ་མཛེ་འོང་བར་བྱས། བུད་མེད་མང་པོས་བརྫི་བསྣག་བྱེད་དུ་བཅུག །མིག་ཁབ་ཀྱིས་བཙག །ལྕེ་ལྕགས་ཀྱུས་དྲངས། སྒྱིད་པ་ཡང་བཅད་དེ་བཞག་གོ། དེར་བྲམ་ཟེ་འབྲས་ཆང་གིས་མྱོས་པ་སོང་ནས་སློབ་མའི་ཕྲག་དོག་བྱས་པར་ཤེས་ནས། སློབ་མ་ལ་ཡིད་ཀྱིས་དམོད་པ་བོར་ནས་ཚེའི་དུས་བྱས་སོ། །དེ་ནས་རྒྱལ་པོའི་བུ་ལ་སྲས་གཅིག་ཡོད་པ་ཡི་མགོ་ལ་ལྕགས་ཀྱི་འཛེར་པ་གཅིག་སྐྱེས་ཏེ་ཐབས་གང་གིས་ཀྱང་མ་ཕན་ཏེ། རྒྱལ་པོའི་བུ་རིག་གནས་མཁན་ཉིད་ཀྱིས་ལྕེས་ལྡག་པར་ཕན་པར་སྣང་ནས། འཛེར་པ་ལྡག་པས་འཛེར་པ་དང་མཉམ་དུ་ལྕེ་ཆད་ནས་ཤི་སྟེ། སེམས་ཅན་ལུས་སྲུལ་པོ་གཅེར་བུ་ཅན་ཞེས་བྱ་བ་ནད་སྣ་ཚོགས་དང་ལུས་ལ་ཤ་ཟ་བ་སྟོང་གིས་ཚང་བཅའ་བ་འགྲོ་བ་རིགས་དྲུག་གི་སྡུག་བསྔལ་དུས་གཅིག་ལ་མྱོང་བ་གཅིག་ཏུ་སྐྱེས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེ་དང་རྡོ་རྗེ་སེམས་དཔའ་གཉིས་ཀྱིས་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ལ་སེམས་ཅན་ལུས་སྲུལ་པོ་དེ་ངན་སོང་ལས་ཐར་ཐབས་གསུང་དུ་གསོལ་ཞུས་པས། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱི་ཞལ་ནས། སྡིག་སྒྲིབ་ཐམས་ཅད་སློབ་དཔོན་གྱི་གདམས་ངག་ལ་བསྟེན་ནས་སྦྱངས་དགོས་པ་ལ། སློབ་མས་སློབ་དཔོན་བསད་པའི་སྡིག་སྒྲིབ་དག་པའི་ཐབས་མེད་གསུངས། དེར་བྱང་ཆུབ་སེམས་དཔའ་གཉིས་སྙིང་རྗེའི་དབང་གིས་རེ་ཞིག་བརྒྱལ་ལོ། བརྒྱལ་སངས་ནས། སངས་རྒྱས་ཐམས་ཅད་ཀྱི་སྤྱི་མྱེས་དཔལ་ཀུན་ཏུ་བཟང་པོ་ལ་ཞུས་པས། ཀུན་ཏུ་བཟང་པོས་བཀའ་སྩལ་པ། ཞི་ཁྲོའི་དཀྱིལ་འཁོར་ལྷ་ཚོགས་ཀྱི་མཚན་ནས་བརྗོད་ལ་ཕྱག་འཚོལ་ཅིག །ཞེས་པ་ལ་སོགས་པ་ན་རཀ་དོང་སྤྲུག་གི་རྒྱུད་ཆེན་པོ་དགོངས་པའི་རྗེས་སུ་གནང་ངོ་། །དེ་ནས་བྱང་ཆུབ་སེམས་དཔའ་གཉིས་ལུས་སྲུལ་པོའི་དྲུང་དུ་བྱོན་ནས་ཞི་ཁྲོའི་དཀྱིལ་འཁོར་དུ་བཅུག་ཅིང་། རང་སྣང་ཞི་ཁྲོའི་ལྷ་ཚོགས་ཀྱི་མཚན་རྣ་བར་བསྒྲག་ཅིང་ཕྱག་འཚལ་དུ་བཅུག་ནས་ངན་སོང་ལས་ཐར་ནས། དག་པ་མཁའ་སྤྱོད་གནས་སུ་ཕྱག་རྒྱ་ཆེན་པོ་ལ་སོགས་པ་རིག་འཛིན་ལྔ་ཡི་གོ་འཕང་ཐོབ། གཞན་ཡང་དམྱལ་བ་དང་ཡི་དྭགས་དང་དུད་འགྲོ་དང་ལྷ་མ་ཡིན་རྣམས་ཀྱི་སྡུག་བསྔལ་ཐམས་ཅད་དོང་ནས་སྤྲུག་ཏེ་སྟོང་བར་གྱུར་ཏོ། །ལྷ་དང་མི་ཡི་འཇིག་རྟེན་དོང་ནས་སྤྲུག་ཏེ་སྐྱེ་བ་གཅིག་གི་ཐོགས་པའི་བྱང་ཆུབ་སེམས་དཔའ་འདྲ་བར་གྱུར་ཏོ། །དེ་ནས་ཡང་སྟོན་པ་ཀུན་ཏུ་བཟང་པོ་ལ་འཁོར་རིགས་ལྔའི་སངས་རྒྱས་དང་རྣལ་འབྱོར་ཕ ོ་མོ་དཔག་ཏུ་མེད་པས་དམ་ཚིག་ཆགས་ཉམས་སྦྱངས་བའི་ཐབས་གསུང་པར་ཞུས་པས། ཞི་ཁྲོ་གསང་བའི་དཔང་ཀོང་ཕྱག་རྒྱ་པ་ཞེས་བྱ་བ་གསུངས་སོ། །དེ་ནས་ཡང་རི་བོ་མ་ལ་ཡ་གནམ་ལྕགས་འབར་བའི་རྩེ་མོ་ན། དཔལ་ཕྱག་ན་རྡོ་རྗེ་ལ་འཁོར་དཔག་ཏུ་མེད་པ་དང་བཅས་ཏེ་བཞུགས་པའི་ཚེ་རིག་འཛིན་གྱི་རྒྱལ་པོ་ཀུ་ཛཱ་རས། དམ་ཚིག་ཉམས་ཆགས་བཤགས་པའི་ཐབས་ཞུས་པས། ལྟ་བའི་ཀློང་བཤགས་རུ་ཏྲའི་སྨྲེེ་བཤགས་ལ་སོགས་པའི་དྲི་མེད་རྒྱལ་པོའི་བཤགས་པའི་རྒྱུད་གསུངས་སོ། །དེ་ལ་སོགས་པའི་རྒྱུད་མན་ངག་གོང་མས་བརྒྱུད་པའི་རིམ་པ་ནི། ཀུན་ཏུ་བཟང་པོས་རྡོ་རྗེ་འཆང་ལ། རྡོ་རྗེ་འཆང་གིས་རྡོ་རྗེ་སེམས་དཔའ་ལ་དགོངས་པས་བྱིན་གྱིས་བརླབས་པའི་རྒྱལ་བ་དགོངས་པའི་བརྒྱུད་པ་ཞེས་བྱའོ། །དེ་ནས་རྒྱ་གར་ནུབ་ཕྱོགས་རྒྱལ་པོ་ཨུ་པ་ར་ཙའི་སྲས་རོ་ལོང་བདེ་བ་ཞེས་བྱ་བ་གཅིག་འཁྲུངས་ཏེ་དགོངས་ལོ་གཅིག་ནས་སངས་རྒྱས་ཀྱི་ཆོས་མང་པོ་ཐུགས་ལ་འཁྲུངས། དགོང་ལོ་བདུན་ནས་པཎྜི་ཏ་ལྔ་བརྒྱ་དང་ཆོས་ཀྱིས་རྩོད་པ་བྱས་པས་ཁོང་རྒྱལ་ནས། པཎྜི་ཏ་ཐམས་ཅད་ཀྱིས་དད་ནས་ཞབས་སྤྱི་བོར་བླངས། ཡབ་རྒྱལ་པོ་དགའ་བས་དགའ་རབ་རྡོ་རྗེ་བཏགས། རི་བོ་ཉི་མ་སྣང་མཛད་དུ་ལོ་སུམ་ཅུ་སོ་གཅིག་ལ་ཏིང་ངེ་འཛིན་ལ་མཉམ་པར་བཞག་པས། རྡོ་རྗེ་སེམས་དཔའ་ནམ་མཁར་བྱོན་ནས་རྫོོགས་པ་ཆེན་པོའི་རྒྱུད་མན་ངག་ཐམས་ཅད་གནང་སྟེེ་མཁས་པར་གྱུར་ནས། ནམ་མཁའ་ལ་གཤེགས་པ་སོགས་རྫུ་འཕྲུལ་མང་པོས་མུ་སྟེགས་ཀྱི་རྒྱལ་པོ་བཏུལ་བ་སོགས་སངས་རྒྱས་གཉིས་པ་ལྟ་བུར་གྱུར་ཏོ། །དེ་ནས་རྒྱ་ནག་གི་ཡུལ་དུ་མཁས་པ་ཤྲཱི་སིང་ཧ་ཞེས་བྱ་བ་ལ་སྤྱན་རས་གཟིགས་ཀྱིས་ལུང་བསྟན་པ་ལྟར་རྫུ་འཕྲུལ་གྱིས་རྒྱ་གར་དུ་བྱོན་ནས། དགའ་རབ་རྡོ་རྗེ་དང་མཇལ་ནས་རྒྱུད་དང་མན་ངག་ཐམས་ཅད་གནང་ངོ་། །དེ་ནས་ཤྲཱི་སིང་ཧ་དུར་ཁྲོད་སོ་ས་གླིང་དུ་བཞུགས་པའི་དྲུང་དུ་སློབ་དཔོན་པད་མ་འབྱུང་གནས་དང་། པཎ་ཆེན་བི་མ་མི་ཏྲ་དང་། པཎྜི་ཏ་རྒྱལ་བ་ཡེ་ཤེས་མདོ་ཞེས་བྱ་བ་དང་གསུམ་ལ་གནང་སྟེ། དེ་དག་ནི་རིག་འཛིན་བརྡ་ཡི་བརྒྱུད་པའོ། །དེ་ནས་ཨོ་རྒྱན་ཆེན་པོ་བོད་དུ་བྱོན་ནས་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་དང་ལོ་ཙཱ་བ་ཀླུའི་རྒྱལ་མཚན་སོགས་ལ་འདིའི་དབང་ལུང་གདམས་ངག་དང་བཅས་པ་གནང་ངོ་། །ཡེ་ཤེས་མཚོ་རྒྱལ་ལ་ཧེ་རུ་ཀས་ལུང་བསྟན་པ་ལྟར། སྡིག་བློན་ཤ་སྟ་འདྲེན་པའི་ཕྱིར་དམྱལ་བའི་ཡུལ་དུ་བྱོན་པས་ས་གཞི་མེ་འབར་བའི་ལྕགས་སྲེག་གི་ཁང་པ་སྒོ་མེད་གཅིག་འདུག་པའི་ནང་ན་སྡིག་བློན་ཤ་སྟ་ཡོད་ཟེར་བས། གཤིན་རྗེ་ཆོས་ཀྱི་རྒྱལ་པོ་ལ་ཞུས་པ། སྡིག་བློན་ཤ་སྟའི་མལ་དུ་ང་ཞོག །ཤ་སྟ་གཏང་བར་ཞུ་ཞུས་པས། སེམས་ཅན་རང་གིས་བྱས་པའི་ལས་རང་ལ་མ་གཏོགས་གང་ལ་ཡང་མི་སྨིན། ཁྱོད་ཁོའ ི་མལ་དུ་བསྡད་ཀྱང་སྡུག་བསྔལ་མི་ཡོང་། སླར་ཁོ་རང་སྡུག་བསྔལ་ཆེར་འགྲོ་གསུངས། འོ་ན་གང་གིས་ཕན་ལགས་ཞུས་པས། ཞི་ཁྲོ་སྤྲུལ་པའི་ཆོ་ག་ཤེས་ན་ཁོ་རང་ལ་ཕན་སྟོབས་ཆེ་གསུངས། དེ་ནས་ལྷ་ལྕམ་ཡེ་ཤེས་མཚོ་རྒྱལ་མས་ལྕགས་སྲེག་ཁང་པའི་སྒོ་དྲུང་དུ་ཞི་ཁྲོའི་སྤྲུལ་པའི་དཀྱིལ་འཁོར་ཞལ་ཕྱེས་པས། ཚ་ངར་དང་ལྡན་པའི་མེའི་ས་གཞི་དང་མཚོན་ཆ་རྣམས་དངོས་མེད་དུ་བརླགས་ནས། བསིལ་དྲོད་ཁོད་སྙོམ་ཞིང་ལུས་ངག་ཡིད་གསུམ་བདེ་བ་དང་ལྡན་པར་གྱུར་ཏོ། །ལྕགས་སྲེག་གི་ཁང་པ་དེ་ཡང་ཞིག་ནས་གཤིན་རྗེ་རྣམས་ཞི་བའི་འཛུམ་བསྟན་ཏེ། བཅོམ་ལྡན་འདས་ཞི་ཁྲོ་རབ་འབྱམས་དང་ལྷ་ལྕམ་ལ་ཕྱག་འཚལ་ལོ། །སྡིག་བློན་ཤ་སྟ་ལ་སོགས་པ་འབུམ་ཚོ་བཅུ་གཅིག་(དམྱལ་བའི་གནས་ནས་)དྲངས་སོ། །ན་རཀ་གནས་དེ་དོང་ནས་སྤྲུག་གོ །དེ་ནས་ཨོ་རྒྱན་རིན་པོ་ཆེ་དང་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱིས་དྲི་མེད་བཤགས་རྒྱུད་དང་ན་རཀ་དོང་སྤྲུག་གི་རྒྱུད་དང་ལྟ་བ་ཀློང་ཡང་གི་རྒྱུད་དང་། མན་ངག་སྙིང་དགོང་གི་རྒྱུད་དང་། སྒྱུ་འཕྲུལ་གསང་བའི་སྙིང་པོ་ལ་སོགས་པ་རྫོོགས་པ་ཆེན་པོའི་རྒྱུད་སྡེ་འབུམ་ཕྲག་དྲུག་ཅུ་རྩ་བཞི་ཐམས་ཅད་ཀྱིས་བཅུད་ཕྱུངས་ཏེ། ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་འདི་ཉིད་ལེགས་པར་བསྡེབ་ནས་ལས་ཀྱི་དཔའ་བོ་ཀརྨའི་མིང་ཅན་གཅིག །འགྲོ་དོན་རླབས་ཆེན་བསྐྱོད(སྤྱོད་)གྱུར་ཅིག །ཅེས་སྨོན་ལམ་བཏབ་ནས་གཏེར་དུ་སྦས་སོ། །དེ་ཡང་ཕྱི་དོན་ཡོན་ཏན་གསལ་བ་ལས། །ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་འདི། །སྤེལ་བར་ཕོངས་ནས་རིན་ཆེན་གཏེར་དུ་སྦས། །ཨེ་མ། འདི་ཉིད་འདོན་པའི་སྐལ་ལྡན་རིགས་ཀྱི་བུ། །མདོག་དཀར་གཟིགས་རིང་སྨྲ་མེད་ཁྲོ་བོའི་དབྱིབས། །རེས་འགའ་ངམ་ནག་ངག་གླེན་ལྟ་བུ་ལ། །རེས་འགའ་གཏད་མེད་བྱིས་པའི་རྣམ་པ་ཅན། །མ་དང་མཁའ་འགྲོ་འདུ་བའི་རིགས་ཀྱིས་བུ། །དད་པའི་སྟོབས་ཆེ་ཤེས་རབ་རིག་པ་རྣོ། །མི་སེམས་མི་འཛིན་དཔའ་བོའི་ཚུལ་འཛིན་པ། །འབྲུག་གམ་སྦྲུལ་གྱིས་ལོ་པ་ལས་ཀྱི་མིང་ཅན་འབྱུང་། །འདི་ཉིད་ལོ་ཙཱ་ཀླུ་ཡི་རྒྱལ་མཚན་ཞེས། །འདི་དང་འཕྲད་ཀྱིས་ཆོས་ལ་ཟོང་མ་བྱེད། །མཐོང་ཐོས་འབྲེལ་བས་སྐྱེ་བ་མཐའ་ཅན་ཡིན། །དེ་ལ་འདུན་བྱེད་སློབ་བུ་བཅུ་ུགཅིག་ཡིན། །ཞེས་གསུངས་པ་ལྟར། གྲུབ་ཆེན་ཉི་ཟླ་སངས་རྒྱས་ཀྱི་སྲས་པོ་ལོ་ཙཱ་བ་ཀླུའི་རྒྱལ་མཚན་གྱི་སྐྱེ་བ་གཏེར་སྟོན་ཀརྨ་གླིང་པས་དྭགས་ལྷ་སྒམ་པོའི་རྒྱབ་རི་རི་ལྷ་བྲན་གར་བྱས་པ་(ལས་)གཏེར་ནས་བཏོན་པའོ། །དེ་ཉིད་ཀྱིས་ཐུགས་སྲས་ཉི་ཟླ་ཆོས་རྗེ་ལ་གནང་། དེས་འགྲོ་མགོན་སུཪྱ་རསྨི་ལ།

དེ་ཡན་ཆད་དབང་བཞི་གཅིག་བརྒྱུད་མཛད་དོ། །དེ་ནས་ཞི་ཁྲོ་འདི་ལ་བཀའ་བབ་ཆོས་ཀྱི་རྒྱལ་མཚན་ལ་གནང་ཞིང་། དེ་ཉིད་ཀྱིས་རྒྱ་ཆེར་སྤེལ་ནས་དར་བར་མཛད་དེ། བརྒྱུད་པ་གསུམ་གྱི་བར་དུ་ཆིག་བརྒྱུད་ཀྱིས། །བརྒྱུད་པ་གསུམ་ནས་འགྲོ་དོན་རྒྱ་ཆེན་པོར་འབྱུང་། ཞེས་ལུང་བསྟན་ཡོད་པ་དང་མཐུན་ཞིང་། འདི་ཡན་ཆད་ཨོ་རྒྱན་རིན་པོ་ཆེའི་ལུང་བསྟན་པའི་སྐྱེེས་བུ་ཤ་སྟག་ཡིན་ནོ། །

དེ་ནས་སྤྲུལ་སྐུ་ཐུགས་རྗེ་འོད་ཟེར། འཁྲུལ་ཞིག་བུདྡྷ་མངྒ། རིག་འཛིན་ཀུན་དགའ་གྲགས་པ། གར་དབང་ཀུན་དགའ་བསྟན་འཛིན། སྦས་པའི་རྣལ་འབྱོར་ཨ་མོ་གྷའི་མཚན་ཅན་གྱི་བར་དུ་བརྒྱུད། བརྒྱུད་པའི་བླ་མ་དེ་རྣམས་ཀྱང་དངོས་སུ་ལུང་འདིའི་མ་ཟིན་ན་ཡང་། ཤུགས་ཀྱིས་ལུང་གིས་ཟིན་པའི་ལས་ལྡན་ཁོ་ན་ཡིན་ཏེ་། མ་ཅིག་ཡེ་ཤེས་མཚོ་རྒྱལ་གྱིས་གསུང་ལས། སྙིགས་དུས་གཏེར་ལ་མོས་པའི་སྐལ་ལྡན་རྣམས། །དེང་སང་གུ་རུའི་ཞལ་མཐོང་སྨོན་ལམ་བཏབ། །ཐམས་ཅད་ལས་ཅན་ཡིན་པས་དགའ་བ་སྒོམས། །ཁོ་མོའི་ཚིག་འདི་རིན་ཆེན་གསེར་བས་དཀོན། །སྤྱིར་ཞི་ཁྲོ་ན་རཀ་དོང་སྤྲུག་གི་ཆོ་ག་འདི་ལ་ཕྱག་ལེན་མི་འདྲ་བ་མང་དུ་བྱུང་བའི་ནང་ནས། ཀཿཐོག་ལུགས་དང་བཀའ་བབ་ལུགས་དང་ཟུར་མང་ལུགས། བཀའ་བབ་ལུགས་གསུམ་དུ་གྲགས་ཆེ་བ་ལས། འདི་ནི་བཀའ་བབ་ཆོས་ཀྱི་རྒྱལ་མཚན་པའི་ཕྱག་བཞེས་མ་འཆུགས་པ་ཡིན་པ་ལས། བཀའ་བབ་ཆོས་ཀྱི་རྒྱལ་མཚན་ནི་ལྷ་ལྕམ་གང་འབུམ་གྱི་སྐྱེ་བ་ཡིན་ཞིང་འདིས་ཞི་ཁྲོའི་ཆོས་སྐོར་ཐམས་ཅད་ཀྱི་གབ་འཁྲུགས་བསལ་ཏེ་ཕྱག་ལེན་གཏན་ལ་ཕབ་ནས། འགྲོ་དོན་དང་བསྟན་པ་མཐའ་རྒྱས་སུ་གྱུར་པའི་ལུང་བསྟན་ཡོད་པ་ཡིན་ནོ། །འོ་ན་ཞི་ཁྲོ་ན་རཀ་དོང་སྤྲུག་གི་ཆོ་ག་འདི་ལ་ཕན་ཡོན་དང་དགོས་ཆེད་ཅི་ལྟ་བུ་ཡོད་ཅེ་ན། ན་རཀ་དོང་སྤྲུག་གི་རྒྱུད་ལས། ཞི་བའི་ལྷ་ཚོགས་བུདྡྷ་བཞི་བཅུ་ཞེ་གཉིས་ཀྱི་མཚན་ནས་བརྗོད་པས་མཚམས་མེད་པ་ལྔ་དང་སྡིག་སྒྲིབ་ཐམས་ཅད་བྱང་བར་འགྱུར་རོ། །ཁྲག་འཐུང་གི་ལྷ་ཚོགས་སུམ་ཅུའི་མཚན་བརྗོད་ཅིང་། ཕྱག་འཚལ་བས་མཚམས་མེད་པ་ལྔ་དང་སྡིག་པ་ལྕི་བ་རྣམས་བྱང་བར་འགྱུར་རོ། །ཞེས་རྡོ་རྗེ་སེམས་དཔས་ཞལ་ནས་གསུངས་སོ། །དཔལ་སྒྱུ་འཕྲུལ་གསང་བ་འདུས་པ་རྒྱུད་ཀྱི་ན་རཀ་དོང་སྤྲུག་གི་ལེའུ་ཉེར་གསུམ་པ་ལས། གང་གིས་རྒྱལ་བ་ཞི་ཁྲོ་ཡི། །དཀྱིལ་འཁོར་མཚན་ཐོས་ཕྱག་འཚལ་ན། །ཉམས་ཆགས་མ་ལུས་ཀུན་བྱང་ནས། །མཚམས་མེད་ལྔ་ལ་སྨོས་ཅི་དགོས། །ན་རཀ་གནས་ཀྱང་དོང་སྤྲུག་སྟེ། །རིག་འཛིན་རྒྱལ་བའི་ཞིང་དུ་དྲངས། །ཞེས་གསུངས་སོ། །སྒྱུ་འཕྲུལ་ཞི་ཁྲོའི་ལྷ་ཚོགས་འདི་རྣམས་ཀྱི་མཚན་རྣ་བར་ལན་གཅིག་ཐོས་པས་ཀྱང་ངན་སོང་གི་སྐྱེ་སྒོ་ཆོད་པར་བཤད། དཔལ་ཀུན་ཏུ་བཟང་པོའི་གསུང་ཞི་ཁྲོ་གསང་བའི་དཔང་བསྐང་ལས། གལ་ཏེ་རྣལ་འབྱོར་པ་གང་ཞིག་གིས། དཀྱིལ་འཁོར་གྱི་ལྷ་དེ་རྣམས་ཀྱིས་མཚན་རྣ་བར་ལན་གཅིག་ཐོས་པ་ཙམ་གྱིས་ཀྱང་ན་རཀ་ཆེན་པོར་མི་ལྟུང་ངོ་། །ཞེས་གསུངས་སོ། །

ལྷ་འདི་རྣམས་ལ་ཕྱག་འཚལ་ན་སོ་སོར་ཐར་པའི་སྡོམ་པ་འདུལ་ཁྲིམས་ཉམས་པ་དང་། བྱང་ཆུབ་སེམས་དཔའི་སྡོམ་པ་སེམས་བསྐྱེད་ཉམས་པ་དང་། གསང་སྔགས་ཀྱི་སྡོམ་པ་དམ་ཚིག་ཉམས་པ་དང་། ཉམས་པར་ཐམས་ཅད་བྱང་ཞིང་དག་ནས་སོར་ཆུད་པར་བཤད། བཅོམ་ལྡན་འདས་ཀུན་ཏུ་བཟང་པོའི་བཀའ་ཕྱག་རྒྱ་པ་ལས། རང་བཞིན་སྒྱུ་འཕྲུལ་ལྷ་རྣམས་ལ། །གང་ཞིག་གུས་པས་ཕྱག་འཚལ་ན། །ཉམས་ཆགས་ཀུན་ཀྱང་བྱང་བར་འགྱུར། །དམ་ཚིག་བསྐང་ནས་དངོས་གྲུབ་ཐོབ། །ཅེས་གསུངས་སོ། །གཞན་ཡང་འཇིག་རྟེན་མིའི་ཁྲིམས་དང་འགལ་བའི་ལས་མནའ་ཟོས་པའི་སྡིག་པ་ཡང་དཀྱིལ་འཁོར་འདིའི་མདུན་དུ་བཤགས་ན་དག་སྟེ། རྒྱུད་ལས། ཁྲིམས་དང་མནའ་ལ་སོགས་པ་དང་འགལ་བའི་ལས་བགྱིས་པ་ཐམས་ཅད་མཐོལ་ཞིང་བཤགས་སོ། །ཅེས་གསུངས་སོ། །གཞན་ཡང་ཞི་ཁྲོའི་དཀྱིལ་འཁོར་གྱི་ལྷ་རྣམས་ལ་ཕྱག་འཚལ་ན། ཕ་བསད་པ་དང་། མ་བསད་པ་དང་། རྡོ་རྗེ་སློབ་དཔོན་བསད་པ་དང་། དགྲ་བཅོམ་པ་བསད་པ་དང་། རྒྱལ་བའི་སྐུ་ལ་ངན་སེམས་ཀྱིས་ཁྲག་ཕྱུང་བ་དང་ལྔ་སྟེ། ཤི་མ་ཐག་ཏུ་སྐྱེ་བ་གཞན་གྱིས་མཚམས་མི་ཆོད། བར་དོ་ཡང་བགྲོད་ལུང་མེད་པར་དམྱལ་བ་མནར་མེད་པར་འགྲོ་ངེས་པའི་སྡིག་པ་དེ་ལྔ་ཡང་དག་ནས། རིག་འཛིན་རྒྱལ་བའི་ཞིང་ཁམས་སུ་སྐྱེས་ན་སྡིག་པ་གཞན་དག་པར་སྨོས་ཅི་དགོས་ཏེ། ཚེ་འདས་ཀྱི་དོན་དུ་ཡིན་ནའང་ན་རཀ་རིགས་དྲུག་གི་གནས་དོང་ནས་སྤྲུག་སྟེ། རིག་འཛིན་རྒྱལ་བའི་ཞིང་ཁམས་སུ་སྐྱེ་བར་ཐེ་ཚོམ་མེད་དེ། སྟོན་པ་ཀུན་ཏུ་བཟང་པོས་བཀའ་སྩལ་པ། གང་གིས་སྒྱུ་འཕྲུལ་ཞི་ཁྲོ་ཡི། །དཀྱིལ་འཁོར་ལྷ་ལ་ཕྱག་འཚལ་ན། །ཉམས་ཆགས་ཀུན་ཀྱང་བྱང་གྱུར་ཏེ། །མཚམས་མེད་ལྔ་ཡི་སྡིག་ཀྱང་བྱང་། །ན་རཀ་གནས་ཀྱང་དོང་སྤྲུག་སྟེ། །རིག་འཛིན་རྒྱལ་བའི་ཞིང་དུ་གྲགས། །ཞེས་ཞི་ཁྲོ་དཔང་བསྐང་ལས་བྱུང་ངོ་། །དེར་མ་ཟད་ཞི་ཁྲོའི་དཀྱིལ་འཁོར་གྱི་ལྷ་འདི་རྣམས་ཀྱི་མཚན་ཐོས་པ་ཙམ་གྱིས། རྩ་བའི་ལྟུང་བ་བཅུ་གཅིག །སྦོམ་པོ་བརྒྱད། ཡན་ལག་ཉི་ཤུ་རྩ་ལྔ། རྒྱས་པར་ལན་གཅིག་ཕོ་མོ་རྣམས་ཀྱིས་ཐོས་པ་ཙམ་གྱིས་རྩ་བ་དང་ཡན་ལག་གི་དམ་ཚིག་ཆགས་ཉམས་བསྐང་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་དང་ཡོན་ཏན་དང་ཕྲིན་ལས་བསམ་གྱིས་མི་ཁྱབ་པ་དང་ལྡན་པར་གྱུར་ཏེ། ཡི་གེ་འཁོར་ལོ་ཚོགས་ཆེན་གྱི་ས་ལ་ལྷུན་གྱིས་གྲུབ་པར་འགྱུར་རོ། །ཞེས་ཕྱག་ན་རྡོ་རྗེའི་ཞལ་ནས་གསུངས་སོ། །ཨོ་རྒྱན་རིན་པོ་ཆེ་པདྨ་འབྱུང་གནས་ཀྱི་ཞལ་ནས། འདི་ནི་ཐོས་གྲོལ་ཆེན་མོ་ཞེས་བྱ་བ་ཡིན་པས། མཚམས་མེད་པ་ལྔ་བསགས་པའི་རྣ་ལམ་དུ་ཐོས་ན་ངེས་པར་གྲོལ་བར་འགྱུར་རོ། །དེའི་ཕྱིར་ཁྲོམ་ཆེན་པོའི་ནང་དུ་ཡང་ཀློག་པར་བྱའོ། །སྤེལ་བར་བྱའོ། །ད་ལྟ་ལན་གཅིག་ཚོར་བས་དོན་མ་རྟོགས་ཀྱང་། བར་དོར་རིག་པ་དགུ་འགྱུར་གྱི་གསལ་དུ་འགྲོ་བས། དེའི་དུས་སུ་ཚིག་གཅིག་ཀྱང་མ་བརྗེད་པར་དྲན་པར་འགྱུར་རོ། །དེའི་ཕྱིར་ན་གསོན་པོའི་དུས་སུ་ཀུན་གྱིས་རྣ་བར་བསྒྲགས་པར་བྱའོ། ནད་པ་ཐམས་ཅད་ཀྱིས་སྔས་སུ་ཀློག་པར་བྱའོ། །ཤི་བ་རོ་ཐམས་ཅད་ཀྱི་སྔས་སུ་ཀློག་པར་བྱའོ། །ཤི་བའི་རོ་ཐམས་ཅད་ཀྱི་རྩར་ཀློག་པར་བྱའོ། །རྒྱ་ཆེར་སྤེལ་བར་བྱའོ། །འདི་དང་འཕྲད་པ་ནི་སྐལ་བ་ཤིན་ཏུ་བཟང་བ་ཡིན་ནོ། །ཚོགས་བསགས་ཤིང་སྒྲིབ་པ་བྱང་བ་རྣམས་མ་གཏོགས་པ་འདི་དང་འཕྲད་པ་དཀའ་འོ། །གལ་ཏེ་འཕྲད་ཀྱང་བློར་ཤོང་བར་དཀའ་འོ། །འདི་ཐོས་ནས་ལོག་ལྟ་མ་སྐྱེས་པ་ཁོ་ནས་ཀྱང་གྲོལ་བར་ནུས་སོ། །དེའི་ཕྱིར་འདི་ལ་ཤིན་ཏུ་གཅེས་སྤྲས་སུ་བྱའོ། །འདི་ནི་ཆོས་ཐམས་ཅད་ཀྱི་བཅུད་ཡིན་ནོ། །ཞེས་གསུངས་སོ། །ཡང་ཞི་ཁྲོའི་ལྷ་ཚོགས་འདི་རྣམས་ཀྱི་སྐུ་གཟུགས་འདི་རྣམས་མཇལ་བ་དང་། མཆོད་པ་དང་མར་མེ་སོགས་ལ་འབྲེལ་པ་བཞག་ན། བར་དོར་ངོ་འཕྲོད་ནས་གྲོལ་བར་གསུངས་ཏེ། ཆོས་ཉིད་བར་དོའི་གསལ་འདེབས་ཐོས་གྲོལ་ཆེན་མོ་ལས། དེ་ཡང་མི་ཡུལ་དུ་ཁྲག་འཐུང་གིས་སྐུ་འདི་རྣམས་མངོན་རྟོགས་བསྒོམ་པ་དང་། མཆོད་བསྟོད་བྱས་པ་དང་། ཐ་ན་སྐུ་གཟུགས་རིས་སུ་བྲིས་པ་དང་། འབུར་དུ་བཏོད་པ་སོགས་མཐོང་བ་ཁོ་ནས་ཀྱང་འདིར་སྐུ་གཟུགས་ཤར་བ་དང་ངོ་ཤེས་ནས་གྲོལ་བ་ཐོབ་པའི་གནད་ཀྱང་དེ་ལྟར་ཡིན་ནོ། །ཞེས་གསུངས་སོ། །ཡང་ཨོ་རྒྱན་རིན་པོ་ཆེ་ཡི་ཞལ་ནས། འདི་ནི་བསྒོམ་བསྒྲུབ་བྱ་མི་དགོས་པའི་ཆོས། བལྟས་པས་གྲོལ་བ། ཐོས་པས་གྲོལ་བ། ཀློག་པས་གྲོལ་བའི་གདམས་ངག་ཟབ་མོའོ། །སྡིག་པོ་ཆེ་གསེབ་ལམ་ལ་ཁྲིད་པའི་གདམས་པ་ཟབ་མོ། དུས་གསུམ་སངས་རྒྱས་ཀྱིས་བཙལ་ཀྱང་འདི་ལས་ལྷག་པའི་ཆོས་རྙེད་མི་སྲིད་དོ། །ཅེས་གསུངས་སོ། །གསང་སྔགས་ཀྱི་ཆོས་གཞན་རྣམས་ཁྲོམ་ཆོས་མི་རུང་ཀྱང་། ཞི་ཁྲོ་འདི་ནི་ཐོས་གྲོལ་དང་མཐོང་གྲོལ་ཡིན་པས། ཁྲོམ་ཆེན་པོའི་དཀྱིལ་དུ་ཀློག་པར་བྱའོ། །ཞེས་གསུངས་པ་ཡིན་ནོ། །འདི་ནི་ཞི་ཁྲོའི་བརྒྱ་མཆོད་ཅེས་བྱ་སྟེ་ཕྱི་ཡི་མཆོད་པ་ལྔ་དང་ནང་གི་མཆོད་པ་གསུམ་ལ་བརྒྱ་རྩ་བརྒྱད་ཚར་མང་པོ་ཡོད་དེ། དང་པོ་ནང་འདི་ན་བདུད་རྩི་སྨན་མཆོད་དངོས་དང་གཟུགས་བརྙན་བརྒྱ་རྩ་བརྒྱད་ཡོད་པའི་དོན་དང་ཕན་ཡོན་ནི། བདེར་གཤེགས་དྲེགས་པ་ཀུན་སྒྲོལ་གྱི་རྒྱུད་ལས། རྒྱལ་བ་རྒྱ་མཚོ་མཉེས་བྱེད་པའི། །བདུད་རྩི་སྨན་གྱིས་མཆོད་པ་བྱ། །ལྷ་རྣམས་མཉེས་པར་བྱེད་པ་ཡིས། །བར་ཆད་བགེགས་ཚོགས་ཞི་བ་དང་། །ཐུགས་དམ་གཉེན་པོ་བསྐང་བ་དང་། །འདོད་པའི་དོན་ཀུན་བསྒྲུབ་པའི་ཕྱིར། །བདུད་རྩི་སྨན་གྱིས་མཆོད་པ་བྱ། །ཞེས་གསུངས་པའི་དོན་ཡིན། དེའི་ཕྱི་ལ་དྲག་པོའི་གཏོར་མ་བརྒྱ་རྩ་ཡོད་པ་དང་། ནང་གི་ཟུར་བཞིར་དྲག་པོའི་གཏོར་ཆེན་བཞི་ཡོད་པ་ནི། ཁྲག་འཐུང་ཁྲོ་བོའི་ལྷ་ཚོགས་ལ་ཕུལ་བས་ཡོན་མཆོད་རྣམས་ཀྱིས་བར་ཆད་སེལ་བ་ཡིན་ཏེ། ཨོ་རྒྱན་རིན་པོ་ཆེས། རྣལ་འབྱོར་གཏོར་མར་བརྩོན་པ་ན། །དེ་ལ་བར་ཆད་སུ་ཡིས་ནུས། །རྣལ་འབྱོར་གཏོར་མར་མི་བརྩོན་ན། །དེའི་བར་ཆད་སུ་ཡིས་སེལ། །ཞེས་གསུངས་སོ། །དེའི་ཕྱི་ལ་རཀྟའི་མཆོད་པའི་གཟུགས་བརྒྱ་རྩ་བརྒྱད་དང་། ནང་དུ་དངོས་སུ་བཤམས་པ་ནི། རྒྱུད་དེ་ཉིད་ལས། དུས་གསུམ་བདེ་བར་གཤེགས་པ་ཐམས་ཅད་ཀྱིས། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་བསྒྲུབ་པ་དང་། །ཁམས་གསུམ་མ་ལུས་དབང་དུ་བསྡུད་པ་དང་། །སྲིད་གསུམ་མ་ལུས་ཟིལ་གྱིས་མནན་པའི་ཕྱིར། །ཁམས་གསུམ་རཀྟའི་གཏོར་མ་འབུལ་བ་ནི། །ཞེས་པདྨ་ཧེ་རུ་ཀས་གསུངས་པའི་དོན་ནོ། །དེའི་ཕྱིར་ལྷ་བཤོས་བརྒྱ་དང་རྩ་བརྒྱད་དང་ནང་དུ་ཕྲིན་ལས་བཞིའི་གཏོར་ཆེན་དང་མཆོད་པའི་ལྷ་མོ་བཅུ་དྲུག་གི་ངོ་བོ་ལྷ་བཤོས་བཅུ་དྲུག་བཤམས་པ་ནི་བར་ཆད་སེལ་ཞིང་ཚོགས་རྫོགས་པའི་དོན་དུ་ཡིན་ཏེ། ལག་ལེན་གསལ་བའི་སྒྲོན་མེ་ལས། གཏོར་མ་བཏང་བའི་དགོས་པ་ནི་བགེགས་སེལ་བའོ། །དོན་གྱི་བགེགས་ཆོས་སྐུ་མི་རྟོགས་པ་དང་། རྟགས་ཀྱི་བགེགས་རྒྱུ་བསོད་ནམས་ལ་བར་དུ་གཅོད་པ་དང་། མཚོན་པའི་བགེགས་འཇིག་རྟེན་གྱི་བསོད་ནམས་ལ་བར་དུ་གཅོད་པ་དང་གསུམ་པ་དེ་དོན་རྟགས་མཚོན་པའི་གཏོར་མ་བཏང་བས་ལེ་ལོ་(སེལ་ལོ་)ཞེས་དང་། གཏོར་མའི་འབྲས་བུ་ནི་དོན་རྟོགས་མཚོན་མའི་གཏོར་མ་གསུམ་བཏང་བས། ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་གསུམ་ཐོབ། ཞེས་ཨོ་རྒྱན་རིན་པོ་ཆེའི་གསུངས། དེའི་རྒྱབ་ཏུ་མེ་ཏོག་གི་གཟུགས་བརྒྱ་རྩ་བརྒྱད་བཤམས་པའི་ཕན་ཡོན་ནི། སྙིང་རྗེ་པདྨ་དཀར་པོའི་མདོ་ལས། ཀུན་དགའ་བོ་གལ་ཏེ་སེམས་ཅན་མྱ་ངན་ལས་འདའ་བའི་སྐལ་བ་མེད་པ་ཞིག་གིས་སངས་རྒྱས་ལ་དམིགས་ནས་ཐ་ན་མེ་ཏོག་གཅིག་ནམ་མཁའ་ལ་འཐོར་ན་ཡང་། ཀུན་དགའ་བོ་དགེ་བའི་རྩ་བ་དེ་ཡང་མྱ་ངན་ལས་འདས་པའི་འབྲས་བུ་ཡིན་ཏེ། མྱ་ངན་ལས་འདས་པའི་ཀླས་ས་དང་། མྱ་ངན་ལས་འདས་པའི་མཐས་གཏུག་པར་ང་སྨྲའོ། །ཞེས་གསུངས་སོ། །ཡང་མེ་ཏོག་བརྒྱ་རྩ་བསྒྲིག་པ་མེ་ཏོག་གི་ཕྲེང་བ་ཡིན་ཏེ། སྤྱན་རས་གཟིགས་ཀྱི་མདོ་ལས། མཆོད་རྟེན་འཕྲེང་བ་ཕུལ་བྱེད་པ། །དེ་ཡིས་འཁོར་ལོས་བསྒྱུར་རྒྱལ་འགྱུར། །བརྒྱ་བྱིན་ལས་ཀྱི་དབང་ཕྱུག་འགྱུར། །ཞེས་གསུངས་སོ། །དེའི་ཕྱི་རིམ་དུ་བདུག་སྤོས་བརྒྱ་རྩ་བརྒྱད་ཀྱི་གཟུགས་{དང་}དངོས་སུ་འབུལ་ཏེ། དེ་ཡི་ཕན་ཡོན་ནི། འཕགས་པ་སྤྱན་རས་གཟིགས་ཀྱི་མདོ་ལས། རྒྱལ་བའི་མཆོད་རྟེན་སྤོས་བྱུག་བྱུག་བྱས་ན། །དྲི་མི་ཞིམ་དང་མི་གཙང་སྨད་པ་རྣམས། །རྟག་ཏུ་སྤངས་ཤིང་ཚུལ་ཁྲིམས་ཕུང་པོར་གནས། །དེའི་རྟག་ཏུ་ཚངས་སྤྱོད་མཆོག་འདི་སྤྱོད། །ཅེས་དང་། རྒྱལ་བའི་མཆོད་རྟེན་སྤོས་བྱུག་ཕུལ་བྱས་ན། །དེ་ཡི་ངན་སོང་གནས་རྣམས་མ་ལུས་སྤངས། །དེ་བཞིན་གཤེགས་དང་ཉེ་བར་འཐོབ་པར་འགྱུར། །ཅེས་གསུངས་སོ། །དེའི་རྒྱབ་ཏུ་དྲི་ཆབ་ཀྱིས་གཟུགས་བརྒྱ་རྩ་བརྒྱད་དང་དངོས་སུ་ཡང་བཤམས་པའི་ཕན་ཡོན་ནི། མདོ་སྡེ་ལས། གང་གི་སྤོས་ཆུ་ཡུངས་འབྲུ་ཙམ་བླང་སྟེ། །བཅོམ་ལྡན་མཆོད་རྟེན་དག་ལ་བདུག་བྱེད་པ། །དེ་ཡི་ཕན་ཡོན་བརྗོད་ཀྱིས་སེམས་དྭངས་ཤིང་། །རྡུལ་དང་དྲི་མ་སྤངས་ལ་མཉན་པར་གྱིས། །དེ་ཡི་བསོད་ནམས་ལྡན་ཞིང་ཕྱོགས་ཀུན་རྒྱུ། །ནད་མེད་འགྱུར་ཞིང་བློ་ལྡན་བག་ཡོད་ལྡན། །སྤྱོད་པ་རྣམ་པར་སྤྱོད་ཅིང་མྱ་ངན་དུལ། །སྐྱེ་བོ་མང་པོ་དགའ་ཞིང་ཡིད་དུ་འོང་། །རྒྱལ་སྲིད་ཐོབ་ནས་རྒྱལ་བ་ཀུན་མཆོག་འགྱུར། །མཐུ་ཆེན་རབ་མཁས་འཁོར་ལོས་བསྒྱུར་རྒྱལ་འགྱུར། །གསེར་གྱི་མདོག་ལྡན་མཚན་གྱི་གོ་ཆ་ཅན། །འཇིག་རྟེན་ཀུན་ན་ཡིད་འོང་དྲི་ལྡན་འཐོབ། །ཅེས་གསུངས་སོ། །

དེའི་རྒྱབ་ཏུ་ཚོགས་ཆུང་བརྒྱ་རྩ་བརྒྱད་བཤམས་པས་ཚོགས་བརྒྱ་ཞོར་ལ་འགྲུབ་ཅིང་། མདུན་དུ་ཚོགས་ཆེན་བཤམས་པས་ཚོགས་ཆེན་ཞོར་ལ་འགྲུབ་སྟེ། དེ་ཡི་ཕན་ཡོན་ནི། འཁོར་ལོ་བསྡོམ་པའི་རྒྱུད་ལས། ཨེ་མ་ཧོ་ཡེ་ཤེས་ཆེན་པོ་ཉིད། །ཚོགས་ཆེན་འབར་བས་ཉོན་མོངས་བསྲེག །ཅེས་དང་། གཤིན་རྗེ་དགྲ་ནག་གི་རྒྱུད་ལས། བསོད་ནམས་མཐར་ཐུག་ཚོགས་ཀྱི་འཁོར། །མ་བྱུང་འབྱུང་བར་མི་འགྱུར་རོ། །ཞེས་གསུངས་པས་རྒྱུ་བསོད་ནམས་ཀྱི་ཚོགས་རྫོགས་པར་བྱེད་པའི་ཐབས་ཀྱི་མཐར་ཐུག་པ། ཚོགས་ཀྱི་འཁོར་ལོ་འདི་ལྟ་བུ་ནི་འདས་པའི་སངས་རྒྱས་འཁོར་བ་འཇིགས་གསེར་ཐུབ་འོད་སྲུང་རྣམས་ཀྱི་བསྟན་པ་ལ་ཡང་མ་བྱུང་། མ་འོངས་པའི་སངས་རྒྱས་བྱམས་པ་ནས་སྣང་མཛད་ཀྱི་བར་དུ་ཡང་མི་འབྱུང་། ད་ལྟར་ཤཱཀྱའི་བསྟན་པ་ལ་ངེད་རང་རྣམས་ཀྱིས་ཚོགས་ཀྱི་འཁོར་ལོ་ལ་མངོན་སྤྱོད་ཆགས་པ་འདི་རང་རེ་ཚེ་བསོད་ནམས་བསགས་པ་ཡིན་ཏེ། ཌོམ་བི་ཧེ་རུ་ཀའི་ཞལ་ནས། ཨེ་མ་ཧོ་རྣལ་འབྱོར་པ་རྣམས། རྩོད་པའི་དུས་སུ་བྱུང་བར་གྱུར་ཀྱང་། ཚེ་གཅིག་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ་པར་བྱེད་པ་ཐམས་ཅད་ཀྱི་མཆོག་ཏུ་གྱུར་པ་ཚོགས་ཀྱི་འཁོར་ལོ་དམ་པ་འདི་དག་ལོངས་སྤྱོད་དུ་ཡོད་པ་དག་ནི། ཐུན་མོང་མ་ཡིན་པའི་བསོད་ནམས་ཀྱི་མཐུ་ལས་གྲུབ་པ་སྟེ། རྡོ་རྗེ་འཛིན་པའི་རྣམ་དག་ཏུ་གྱིས་ཤིག །ཅེས་གསུངས་སོ། །

རྗེ་མར་པ་ལོ་ཙཱའི་ཞལ་ནས་ཀྱང་། སྤྱིར་ཚོགས་ཀྱི་འཁོར་ལོ་བསྐོར་བ་དེ། །སྨིན་ལམ་དབང་བཞི་བསྐུར་ཙམ་ན། །ཚོགས་ཀྱི་འཁོར་ལོ་དགོས་པ་ཡིན། །མཁའ་འགྲོའི་བྱིན་རླབས་ཞུ་ཙམ་ན། །ཚོགས་ཀྱི་འཁོར་ལོ་དགོས་པ་ཡིན། །རྒྱུད་སྡེས་ཉན་བཤད་བྱེད་ཙ་ན། །ཚོགས་ཀྱི་འཁོར་ལོ་དགོས་པ་ཡིན། །ཉམས་དང་རྟོག་པ་སྤེལ་འདོད་ན། །ཚོགས་ཀྱི་འཁོར་ལོ་དགོས་པ་ཡིན། །ཕྱི་ནང་གི་བར་ཆད་སེལ་ཙ་ན། །ཚོགས་ཀྱི་འཁོར་ལོ་དགོས་པ་ཡིན། །ཕྲིན་ལས་རྣམ་བཞི་བསྒྲུབ་ཙ་ན། །ཚོགས་ཀྱི་འཁོར་ལོ་དགོས་པ་ཡིན། །ཞེས་གསུངས་པ་ལྟ་བུ་ཡིན་ཏེ། བསོད་ནམས་ཀྱི་ཚོགས་རྫོགས་པས་ཚོགས། སྡིག་པ་དང་སྒྲིབ་པ་ཐམས་ཅད་གཅོད་པས་འཁོར་ལོ་ཞེས་བྱ་བ་ཡིན་ནོ། །གཞན་ཡང་དམ་ཚིག་ཆགས་ཉམས་བསྐང་བ་ལ་ཡང་ཚོགས་ཀྱི་འཁོར་ལོ་འདི་ཟབ་སྟེ། བསྐང་རྒྱུད་ལས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །ཉམས་པ་རྣམས་ནི་ཚོགས་ཀྱིས་བསྐང་། །ཞེས་གསུངས་སོ། །དེ་ཡི་རྒྱབ་ཏུ་ཐབས་ཤེས་མཚོན་པའི་ཤ་ཟན་བརྒྱ་རྩ་བརྒྱད་ནི་གསང་བའི་མཆོད་པ་ཡིན་ཅིང་། ནང་དུ་འབྲས་བུ་ཡི་ཕུང་པོ་བཀོད་པ་ཡང་མེ་ཏོག་བཀྲམ་པའི་མཚོན་བྱེད་མཆོད་པའི་ཡ་གྱལ་ཡིན་ཏེ། དེའི་ཕན་ཡོན་ནི། སྤྱིར་མཆོད་པའི་ཕན་ཡོན་ཏེ། སྤྱན་རས་གཟིགས་ཀྱི་མདོ་ལས། སངས་རྒྱས་དམ་པ་སྦྱིན་གནས་མཚུངས་མེད་གྱུར་པ་ལ། །སྤྱོད་པ་དམ་པ་བསྐྱེད་ནས་ཁྱད་པར་བརྙེས་གྱུར་པ། །མི་ཡི་ཁྱུ་མཆོག་དེ་ལ་འདིར་ནི་མཆོད་བྱས་ན། །རྣམ་པར་སྨིན་པར་དམ་པ་མཚུངས་མེད་རང་བཞིན་འགྱུར། །མི་ཡི་ནང་ནས་ཤི་འཕོས་ནས། །སུམ་ཅུ་གསུམ་དུ་འགྲོ་བར་འགྱུར། །དེར་ནི་རིན་ཆེན་སྣ་ཚོགས་ཀྱི། །གཞལ་མེད་ཁང་པ་འཐོབ་པར་འགྱུར། །ཞེས་གསུངས་སོ། །དེ་ཡང་ཆོ་ག་འདི་ཡི་དོན་དུ་མར་མེ་བླུག་ཟེར་བའི་དོན། མར་མེ་མཚན་ཐུབ་གཅིག་ཟུར་བཞི་མར་མེ་ཆེ་བ་བཞི། ཕྱི་རིམ་དུ་མར་མེ་བརྒྱ་དང་བརྒྱད། ཀུན་འདུས་མར་མེ་བརྒྱ་རྩ་བརྒྱད་ཡོད་པས། མར་མེའི་ཕན་ཡོན། སངས་རྒྱས་ཀྱི་ཞིང་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཡུངས་དཀར་གྱི་འབྲས་བུ་དག་གིས་བྱུར་བུར་གང་བ་ནི་བགྲང་བར་ནུས་ཀྱི། དཀྱིལ་འཁོར་ལྷ་ལ་མར་མེ་གཅིག་ཕུལ་བའི་བསོད་ནམས་ནི་བགྲང་བར་མི་ནུས། གཞན་ཡང་མར་མེ་གཅིག་ཕུལ་བའི་བསོད་ནམས་ནི་ལུས་མདོག་ངན་པར་མི་སྐྱེ། ཤ་རྒྱས་ཤིང་སྟོབས་དང་ལྡན་པ་ལུས་ལ་འོད་ཡོད་ཅིང་། འཇིག་རྟེན་གྱི་ཁམས་འདོད་པར་རྫུ་འཕྲུལ་གྱིས་བགྲོད་ནུས་པར་འགྱུར་བ་སྟེ། དེ་ཡི་བསོད་ནམས་ཀྱི་དཔེ་ནི་ཅི་འདྲ་ན། མི་མཇེད་འཇིག་རྟེན་གྱི་ཞིང་འདི་སྲིད་པའི་རྩེ་མོའི་བར་དུ་འཛམ་བུ་ཆུ་བོ་གསེར་གྱིས་བྱུར་བུར་བཀང་པ་དང་འདྲ་བར་བསོད་ནམས་དེ་ཟད་མི་ནུས་པར་གསུངས་ཏེ། འཕགས་པ་སྤྱན་རས་གཟིགས་ཀྱི་མདོ་ལས། སངས་རྒྱས་མཚན་ལ་མར་མེ་གཅིག་ཕུལ་ན། །འདི་ནས་བཟུང་སྟེ་སྲིད་པའི་རྩེ་མོའི་བར། །སངས་རྒྱས་ཞིང་ནི་འཛམ་གླིང་གསེར་གྱི་གང། །དེ་འདྲའི་དཔལ་དེ་ཟད་པར་བྱ་མི་ནུས། །བཅོམ་ལྡན་མཆོད་རྟེན་མར་མེ་ཕུལ་བྱས་ན། །དེའི་ལུས་ནི་མདོག་ངན་ཡོང་མི་འགྱུར། །གཟུགས་མཆོག་སྲ་ཞིང་ལག་པ་གཟུགས་པ་འདྲ། །སྣང་བ་ཐོབ་ནས་འཇིག་རྟེན་ཀུན་ཏུ་རྒྱུ། །གལ་ཏེ་ཁྲག་ཁྲིག་བརྒྱ་སྟོང་སངས་རྒྱས་ཞིང་། །ཡུངས་འབྲུ་དག་གིས་བྱུར་བུར་གང་གྱུར་པ། །བགྲང་བར་དང་ནི་གཞལ་ཞིང་བརྗོད་པར་ནུས། །བདེ་གཤེགས་མར་མེ་གཅིག་ཕུལ་དེ་ལྟར་མིན། །ཞེས་གསུངས་སོ། །རྔ་དང་ཌཱ་དྲིལ་གླིང་བུ་སོགས། རོལ་མོའི་མཆོད་པ་བྱེད་པའི་ཕན་ཡོན་ནི། མདོ་སྡེ་ཉིད་ལས། རོལ་མོ་སྒྲ་ཡིས་མི་མཆོག་མཆོད་བྱས་ན། །མྱ་ངན་མེད་ཅིང་དབང་ལྡན་རྒྱལ་པོར་འོང་། །མི་ཡི་འཇིག་རྟེན་ཡིད་འོང་སྒྲ་ལྡན་འགྱུར། །དེ་སྒྲ་ཡན་ལག་ཚང་ཞིང་དག་པར་འོང་། །བཅོམ་ལྡན་མཆོད་རྟེན་རོལ་མོའི་སྒྲ་བྱས་ན། །ཤེས་བཞིན་ལྡན་ཞིང་མིག་ནི་རྣམ་དག་འགྱུར། །རྣ་བ་རྣམ་པར་དག་ཅིང་སེམས་ཀྱང་རྣམ་པར་དག །སྣ་ཡི་དབང་པོ་མཆོག་དང་ལྡན་པར་འགྱུར། །དེ་ཡི་ལྕེ་ནི་རབ་མཛེས་ལྟ་ན་སྡུག །ཐོག་མར་རབ་མཉེན་མཛེས་ཤིང་སྒྲ་ཡིད་འོང་། །དཔེར་ན་ལྷ་ཡི་རིན་ཆེན་བྱུར་བུར་འདྲ། །སྒྲ་སྐད་ཡག་པ་བྱེ་བ་དཔག་མེད་འབྱིན། །བཅོམ་ལྡན་མཆོད་རྟེན་རོལ་མོའི་སྒྲ་བྱས་ན། །ནམ་ཡང་སྦྲུལ་དུ་མི་འགྱུར་ལྕེ་མེད་མིན། །ཞར་བ་རྒུར་བོ་ཡ་ཡོ་ཅན་མི་འགྱུར། །ལུས་ནི་ཁྱད་པར་འཕགས་ཤིང་ཤིན་ཏུ་མཛེས། །བཅོམ་ལྡན་མཆོད་རྟེན་རོལ་མོའི་སྒྲ་བྱས་ན། །ལྷ་འམ་ཀླུ་འམ་མི་འམ་ལྟོ་ཕྱེ་ཆེ། །སུ་ཡང་དེ་ལ་མ་དད་སྐྱེ་མི་འགྱུར། །དབུགས་འབྱིན་ཐོབ་ནས་འཇིག་རྟེན་ཀུན་ཏུ་རྒྱུ། །ཞེས་གསུངས་སོ། །བདུད་བཞིའི་གཡུལ་ལས་རྒྱལ་བའི་རྟེན་འབྲེལ་དུ་ཟུར་བཞིར་རྒྱལ་མཚན་བཞི་བཙུག་པའི་ཕན་ཡོན་ནི། མདོ་སྡེ་ཉིད་ལས། རྡུལ་བྲལ་ཉོན་བསལ་སེམས་ཅན་མཆོག་ལ་རྒྱལ་མཚན་ཕུལ། །རིང་པོར་མི་ཐོག་ནོར་མང་རྙེད་པར་འགྱུར། །ཤེས་རབ་མཐའ་ཡས་མཛོད་ནི་མང་ལྡན་འོང་། །སེམས་ཆུང་མི་འགྱུར་དམན་པའི་སེམས་མི་འགྱུར། །དེ་ནི་གཞན་ལ་གནོད་པའི་སེམས་མི་སྐྱེ། །སེམས་ནི་རབ་དང་རྟག་དུ་བག་ཡོད་ལྡན། །དེ་ལ་མེ་དང་དུག་དང་མཚོན་མི་ཚུག །སྐྱེ་བོའི་ཚོགས་ཆེན་རྣམས་ཀྱིས་བལྟ་བར་འགྱུར། །ཞེས་གསུངས་སོ། །ཕོ་བྲང་འདི་ཡི་གོང་ཤམ་དར་དང་གོས་ཆེན་གྱི་བྱས་པའང་མཛེས་ཆོས་ཙམ་མ་ཡིན་ཏེ། དེའི་དགོས་པ་ཡང་། མདོ་སྡེ་ཆེན་པོ་དེ་ཉིད་ལས། འཇིག་རྟེན་མགོན་པོ་སྐྱོབ་པ་ལ། །དར་གྱི་དབུལ་བ་ཕུལ་བྱས་ནས། །ལྷ་ཡི་དག་དང་མི་རྣམས་ཀྱིས། །དོན་རྣམས་ཐམས་ཅད་འགྲུབ་པར་འགྱུར། །ཞེས་དང་། གང་ཞིག་གོས་ཀྱིས་བཅོམ་ལྡན་མཆོད་རྟེན་དང་། །འདྲེན་པ་མཚུངས་མེད་རྣམས་ལ་མཆོད་བྱེད་པ། །དེང་འདིར་མཚུངས་པ་མེད་པའི་ལུས་ཐོབ་སྟེ། །སུམ་ཅུ་རྩ་གཉིས་མཆོད་རྟེན་མེ་ཏོག་རྒྱས། །ཞེས་གསུངས་སོ། །ཚོན་སྐུད་དྲ་བ་འདི་ཡང་རྙིང་མའི་དཀྱིལ་འཁོར་ཆེན་པོ་ཐམས་ཅད་ཀྱི་ཕྱག་ལེན་ལ་ཡོད་ཅིང་། བར་དོར་འོད་ལྔའི་དྲ་བ་དང་གུར་ཁྱིམ་གྱི་ནང་ནས་ཞི་ཁྲོའི་ལྷ་ཚོགས་འཆར་བ་ངོ་འཕྲོད་པའི་ཚད་ཡིན་ནོ། །གོང་དུ་རྩ་བ་གསུམ་གྱི་གཏོར་མ་ལྷ་གྲངས་བཤམས་པ། ཨོ་རྒྱན་རིན་པོ་ཆེ་ཡི་ཞལ་ནས། རྒྱལ་བ་གཅིག་གི་དཀྱིལ་འཁོར་དུ། །རྒྱལ་བ་ཀུན་གྱིས་ཕྲིན་ལས་བྱ། །རྒྱལ་བ་གཅིག་སྒྲུབ་ཀུན་གྱིས་ངང་། །འགྲོ་འདུལ་སྤྲོས་པ་ལ་དགའ་ན། །རྒྱལ་བ་ཀུན་གྱི་ལས་གཞུང་བསྲང་། །ཞེས་གསུངས་པའི་དོན་ཡིན། །ངེད་རྣམས་ཀྱི་དབུ་རྒྱན་དང་མ་རལ་དང་པད་ཞྭ་སོགས་རྒྱན་ཆས་སྤྲས་པ་འདི་ཡང་སྣང་ཤེས་དང་མཛེས་མཛེས་ཙམ་མ་ཡིན་ཏེ། བཅོམ་ལྡན་འདས་འབར་བའི་རྒྱལ་པོ་གཞན་གྱིས་མི་ཐུབ་པ་དཔལ་ཧེ་རུ་ཀའི་གོ་འཕང་འགྲུབ་པའི་དགོས་པ་ཡོད་དེ། སྒྱུ་འཕྲུལ་དྲྭ་བ་རྩ་བའི་རྒྱུད་གསང་བ་སྙིང་པོ་ལས། རྒྱན་དང་བགོ་བའི་ཕྱག་རྒྱ་ཡིས། །འབར་བའི་རྒྱལ་པོ་ཐུབ་མེད་འགྲུབ། །ཅེས་གསུངས་སོ། །

ཕྱི་མཆོད་རྣམས་དང་སྨན་རཀ་གཏོར་གསུམ་མར་མེའི་མདངས་བསྐང་གྱེར་ཞིང་བསྐོར་བ་བྱེད་པའི་ཕན་ཡོན་ནི། འཕགས་པ་སྤྱན་རས་གཟིགས་ཀྱི་མདོ་ལས། འཇིག་རྟེན་མགོན་གྱི་མཆོད་རྟེན་ལ། །མི་གང་བསྐོར་བ་བྱེད་པ་ཡི། །བསྔགས་པ་བསྐལ་པ་བྱེ་བར་ཡང་། །བརྗོད་པས་ཟད་པར་བྱ་མི་ནུས། །ཅེས་དང་། མཆོད་རྟེན་བསྐོར་བ་བྱས་ན་ནི། །བརྩོན་འགྲུས་བརྟན་ཞིང་མཐུ་ལྡན་ལ། །བརྟན་ཞིང་རྣམ་པར་གནོན་ལྡན་དང་། །དེ་ནས་མྱུར་དུ་མཁས་པར་འགྱུར། །ཞེས་གསུངས་སོ། །འོ་ན་དཀྱིལ་འཁོར་འདི་བདེ་གཤེགས་མཆོད་རྟེན་མིན་ནོ་སྙམ་ན་ཤིན་ཏུ་ཡིན་ཏེ། བདེ་བར་གཤེགས་པ་བཅོམ་ལྡན་འདས་བུདྡྷ་བཞི་བཅུ་ཞེ་གཉིས་དང་བཅོམ་ལྡན་འདས་དཔལ་ཧེ་རུ་ཀ་དྲག་པོའི་ལྷ་ཚོགས་ལྔ་བཅུ་རྩ་བརྒྱད་ཀྱི་དཀྱིལ་འཁོར་རྟེན་བརྟེན་པ་དང་བཅས་པ། རྒྱལ་བ་དགོངས་བརྒྱུད་རིག་འཛིན་བརྡ་བརྒྱུད་གང་ཟག་སྙན་བརྒྱུད་བླ་མ་དང་མཁའ་སྤྱོད་དག་པ་རིག་འཛིན་དཔའ་བོ་མཁའ་འགྲོ་ཐམས་ཅད་ཀྱི་གཟུགས་དངོས་སུ་བཤམས། ཡིད་ཀྱིས་དམིགས་པས་དད་པས་སྤྱན་དྲངས་པའི་དཀྱིལ་འཁོར་ཆེན་པོ་འདི་ནི། མཆོད་པའི་རྟེན་མཆོག་ཏུ་གྱུར་པ་ཡིད་ཀྱིས་ཤེས་པར་བྱའོ། །གཞན་ཡང་དཀོན་མཆོག་གསུམ་པོ་དངོས་སུ་བཞུགས་པ་དང་དངོས་སུ་མི་བཞུགས་པ་ལ་ཡིད་ཀྱིས་དམིགས་ནས་མཆོད་པ་ཡང་བསོད་ནམས་མཉམ་པར་གསུངས་ཏེ། མདོ་སྡེ་རྒྱན་ལས། སངས་རྒྱས་རྣམས་ལ་གོས་ལ་སོགས། །མངོན་སུམ་མངོན་སུམ་ཡིན་པར་མཆོད། །ཅེས་གསུངས་སོ། །སྨན་རཀ་གཏོར་གསུམ་༼མངོན་༽མདངས་བསྐང་དང་བཅས་པའི་ཚིག་མཚམས་སུ་ༀ་ཨཱཿཧཱུྃ་སྦྱར་བ་ཡང་ཚིག་སླད་མ་ཡིན་ཏེ། སྐུ་གསུང་ཐུགས་ཀྱི་ཉམས་ཆགས་བསྐང་བ་དང་། བླ་མ་ཡི་དམ་སྤྲིན་ལྟར་འདུ་བ་སོགས་དགོས་ཆེད་དུ་མ་ཡོད་པ་ཡིན་ཏེ། སྤྲུལ་སྐུ་དགའ་རབ་རྡོ་རྗེའི་ཞལ་ནས། ཡི་གེ་འབྲུ་གསུམ་པོ་འདི་སྔགས་སུ་བཟླས་ན་གསང་སྔགས་ཕྱི་ནང་གི་དཀྱིལ་འཁོར་ཐམས་ཅད་འགྲུབ་པར་འགྱུར་རོ། །འདི་དབྱངས་སུ་བཟླས་ན་བླ་མ་ཡི་དམ་སྤྲིན་ལྟར་འདུ། མཁའ་འགྲོ་ཆོས་སྐྱོང་དངོས་སུ་འདུ་ཞིང་འཕྲིན་ལས་ཐམས་ཅད་ཐོག་པ་མེད་པར་འགྱུར་རོ། །ཞེས་གསུངས་སོ། །སློབ་དཔོན་པདྨའི་ཞལ་ནས། ཨེ་མ་ཧོ། སྐུ་གསུང་ཐུགས་དང་ཡོན་ཏན་འཕྲིན་ལས་ཀྱི་ཞི་ཁྲོའི་ལྷ་ཐམས་ཅད་ཀྱི་ངོ་བོ་རྡོ་རྗེ་སློབ་དཔོན་ལ་རྫོགས་པས། དེ་ཡིག་འབྲུ་གསུམ་གྱིས་འགྲུབ་པ་འདི་ཁོ་ནའོ། །ཞེས་གསུངས་སོ། །

སྔགས་གླུ་ཡི་དབྱངས་སུ་གྱེར་ཞིང་གཡས་བསྐོར་གཡོན་བསྐོར་ལྡོག་སྟབས་བྲོ་ཡི་རྣམ་པ་བྱེད་པ་འདི་ཡང་། ཕལ་བའི་གླུ་དང་། བྲོ་དང་། རྩེད་མོའི་ཕྱིར་མ་ཡིན་ཏེ། གསང་སྔགས་བརྟུལ་ཞུགས་སྤྱོད་པའི་གླུ་དང་བྲོ་གར་བྱས་པས། རི་བྲག་ལ་ཐོག་པ་མེད་པ་དང་། ནམ་མཁར་འཕུར་བ་དང་ཆོས་ཀྱི་དངོས་གྲུབ་ཐོབ་པའི་ཕན་ཡོན་བཤད་དེ། རྒྱུད་གསང་བ་སྙིང་པོ་ལས། བྲོ་གར་ཕྱི་ཡི་འདུ་འཕྲོའོ། །ཆུར་འཛུལ་ནམ་མཁར་འགྲོ་བར་འགྱུར། །གླུ་ཚིག་སྒྲ་ཡི་ཕྱག་རྒྱ་ཡིས། །ཆོས་ཀྱི་དངོས་གྲུབ་ཐོབ་པར་འགྱུར། །ཞེས་གསུངས་པ་དང་། དེར་མ་ཟད་གསང་སྔགས་བརྟུལ་ཞུགས་སྤྱོད་པའི་བྲོ་བརྡུང་པས་{གཉེན་པོ་ཡིན་ཡང་}ས་འདྲེ་ས་སྲིན་ཐམས་ཅད་འདུལ་བ་དང་། བགེགས་དང་འབྱུང་པོ་ཞུགས་པ་ཐམས་ཅད་ཕྱིར་འབྲོས་སོ། །ལྷ་འདྲེ་འཁྲུགས་པ་ཐམས་ཅད་ཞི། འཕྲིན་ལས་རྣམ་བཞི་འགྲུབ་པའི་དགོས་ཆེད་ཡོད་དེ། བདེ་གཤེགས་འདུས་པ་དྲེགས་པ་ཀུན་སྒྲོལ་གྱི་རྒྱུད་ལས། གསང་བའི་བདག་པོོས་འདི་སྐད་གསོལ་ཏོ། །ཀྱེ་མ་བཅོམ་ལྡན་ཐུགས་རྗེ་ཅན། །རྣལ་འབྱོར་ལྟ་སྤྱོད་གདེངས་ལྡན་ཏེ། །བརྟུལ་ཞུགས་སྤྱོད་པ་བྲོ་དང་གླུ། །གསང་མཛད་ཆེན་པོ་བསྟན་དུ་གསོལ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །མ་རུང་འབྱུང་པོ་འདུལ་བ་དང་། །དགེ་འདུན་སྡེ་འཇིག་སྔགས་པ་དགྲས་འཇིག་ཅིང་། །གཙུག་ལག་ཁང་ལ་བགེགས་ཆེན་ཞུགས་པ་དང་། །འཇིག་རྟེན་ལྷ་འདྲེ་འཁྲུགས་ནས་མ་རུང་དང་། །གདུག་པའི་དགྲ་བགེགས་མ་ལུས་བསྒྲལ་བའི་ཕྱིར། །བརྟུལ་ཞུགས་སྤྱོད་པ་འདི་ལྟར་བགྱི། །ཞེས་པ་ནས། དགྲ་བགེགས་ཐལ་བར་བརླག་པའི་བྲོ། །བདུད་དཔུང་ཕྱེ་མར་བཏང་བའི་བྲོ། །རྒྱུ་དྲུག་གནས་སུ་གཅོད་པའི་བྲོ། །ཁམས་གསུམ་དབང་དུ་སྡུད་པའི་བྲོ། །སྟོང་གསུམ་ཟིལ་གྱིས་གནོན་པའི་བྲོ། །གདུག་པ་གཏན་ནས་བརླག་པའི་བྲོ། །ཅེས་པའི་བར་རྒྱས་པར་གསུངས་པས་ཐ་མལ་པའི་གླུ་དང་བྲོ་དང་འདྲ་བ་མ་ཡིན་ཏེ། དོན་ཆེན་པོ་དང་ལྡན་པ་ཡིན་ནོ། །སྐབས་སྐབས་སུ་འབག་འཆམས་བྱེད་པ་འདི་ཡང་མཚར་འདོད་དང་བྱིས་པ་བསྡིག་པའི་རྩེད་མོ་མ་ཡིན་ཏེ། ད་ལྟ་ཁྲག་འཐུང་ཁྲོ་བོའི་འབག་མཐོང་བས། བར་དོར་ཞི་ཁྲོའི་ལྷ་ངོ་འཕྲོད་པའི་ཕན་ཡོད་དེ། ཆོས་ཉིད་བར་དོའི་ངོ་སྤྲོད་མཐོང་བ་རང་གྲོལ་ལས། བཅོ་བརྒྱད་ཁྲོ་འབག་ཆེན་པོའི་ངོ་སྤྲོད་ཀྱིས། །ཁྲག་འཐུང་ཁྲོ་བོའི་ལྷ་ཚོགས་ངོ་སྤྲོད་བྱ། །ཞེས་གསུངས་སོ། །ཁྲོམ་བསྡུས་ནས་ཡིག་དྲུག་འདོན་པ་འདི་ཡང་རང་གར་ཇོ་རྒྱུན་བྱེད་པ་དང་མི་འདྲ་སྟེ། ཞི་ཁྲོ་ལ་ཡིག་དྲུག་བརྒྱུན་པའི་དོན་ནི་གུ་རུ་ཆོས་ཀྱི་དབང་ཕྱུག་དེ་ཉིད་རྨི་ལམ་དག་པའི་སྣང་བ་ལ། ཟངས་མདོག་དཔལ་རིར་བྱོན་དུས། ཨོ་རྒྱན་རིན་པོ་ཆེས་ཞི་ཁྲོ་གསང་བ་ཡོངས་རྫོགས་ཀྱི་བསྒྲུབ་ཆེན་མཛད་ཅིང་འདུག་པ་ལ། ཡང་ཐུགས་རྗེ་ཆེན་པོའི་དཀྱིལ་འཁོར་གཅིག་ཀྱང་བཞེངས་ནས། སློབ་དཔོན་དཔལ་དབྱངས་ཀྱིས། ཐུགས་རྗེ་ཆེན་ཆེན་པོ་ཁོ་ནའི་ལས་བྱང་སྐྱོང་ཀྱིན་འདུག །དེ་ཅི་ལགས་ཞུས་པས་གུ་རུའི་ཞལ་ནས་སྲིན་པོ་སྡིག་ཤས་ཆེ་བས་སྒྲིབ་སྦྱང་ཐུགས་རྗེ་ཆེན་པོ་དང་སྤེལ་མ་ཡིན། ཁྱེད་བོད་ལ་སྒྲིབ་པ་ཆུང་རྒྱུ་མེད་པས་འདི་ལྟར་མཛོད་གསུངས་པ་དང་། རཏྣ་གླིང་པ་ཟང་མདོག་དཔལ་རིར་དག་པའི་སྣང་བ་ལ་བྱོན་དུས། ཨོ་རྒྱན་རིན་པོ་ཆེའི་སྒྲུབ་ཆེན་གྱི་དཀྱིལ་འཁོར་སོགས་དཀྱིལ་འཁོར་མང་པོ་ཞལ་ཕྱེས་ནས་སྣང་བ་ལ། ཇོ་མོ་རྣམས་ནི་གཙོ་བོ་མ་ཎི་རང་ལ་འཁྲབས་ཤིང་འདུག །ཅེས་གསུངས་པས། འདིར་ཡང་གཙོ་བོ་སྒྲིབ་སྦྱང་ཡིན་པས་ཞི་ཁྲོ་དང་ཐུགས་རྗེ་ཆེན་པོ་སྦྲེལ་བ་ཡིན་ཞིང་ཞི་ཁྲོའི་ཆོས་སྐོར་པོད་གཞུང་ཕལ་ཆེར་ཡང་ཞི་ཁྲོ་དགོངས་པ་རང་གྲོལ་དང་། ཐུགས་རྗེ་ཆེན་པོ་པདྨ་ཞི་ཁྲོ་གཉིས་ཀའི་ཆོས་ཐུན་མོང་བ་ཡིན་པ་དང་། དཀྱིལ་འཁོར་འདི་ཡི་ནང་ན་ཡང་ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས་ཀྱི་ལྷ་ཚོགས་རྣམས་བཞུགས་པས་འབྲེལ་ཆེ་བ་ཡིན་ནོ། །ཡིག་དྲུག་འདོན་པའི་ཕན་ཡོན་ཡང་ཟ་མ་ཏོག་བཀོད་པའི་མདོ་ལས། རིགས་ཀྱི་བུ་འདི་ལྟ་སྟེ། དཔེར་ན་ངས་རྡུལ་ཕྲ་རབ་ཀྱི་ཚད་ནི་བགྲང་བར་ནུས་ཀྱི། རིགས་ཀྱི་བུ་ཡི་གེ་དྲུག་པའི་རིག་སྔགས་ཆེན་མོ་ལན་གཅིག་བཟླས་པའི་བསོད་ནམས་ཀྱི་ཕུང་པོ་བགྲང་བར་མི་ནུས་སོ། །ཞེས་གསུངས་པ་དང་། རིགས་ཀྱི་བུ། འདི་ལྟ་སྟེ་དཔེར་ན། གླིང་ཆེན་པོ་བཞི་ན་གནས་པའི་སྐྱེས་པ་དང་། བུད་མེད། ཁྱེའུ་དང་། བུ་མོ་དེ་དག་ཐམས་ཅད་བྱང་ཆུབ་སེམས་དཔའ་ས་བདུན་པ་ལ་གནས་པར་འགྱུར་རོ། །བྱང་ཆུབ་སེམས་དཔའི་བསོད་ནམས་དེ་བས་ཡི་གེ་དྲུག་པའི་རིག་སྔགས་ཆེན་མོ་ལན་གཅིག་བཟླས་པའི་བསོད་ནམས་ཀྱི་ཕུང་པོ་ནི་ཤིན་ཏུ་ཆེའོ། །ཞེས་གསུངས་པ་དང་། ཐུགས་རྗེ་ཆེན་པོ་པདྨ་རྒྱལ་པོའི་རྒྱུད་ལས། ༀ་མ་ཎི་པདྨེ་ཧཱུྃ། ཐེབ་ཅིག་མོས་པས་བརྗོད་པ་ནི། སེམས་ཅན་དམྱལ་བའི་ནད་ལས་ཐར། །ཐེབ་གཉིས་བརྗོད་པས་ཡི་དྭགས་ཀྱི། །འགྲོ་བའི་སྒོ་ཡང་འགགས་པར་འགྱུར། །གསུམ་བརྗོད་དུད་འགྲོའི་སྡུག་བསྔལ་འགག །ཅེས་གསུངས་པ་དང་། བཀའ་ཐང་ཚིགས་ལྷུག་མ་ལས། ༀ་མ་ཎི་པདྨེ་ཧཱུྃ། ཞེས་ཡི་གེ་དྲུག་པ་འདི་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་སྙིང་པོ་ཡིན་པས། ཞག་རེར་བརྒྱ་རེ་བཟླས་ན་ངན་སོང་དུ་མི་སྐྱེ་བར་ཕྱི་མ་མི་ལུས་ཐོབ་ནས་འཕགས་པ་སྤྱན་རས་གཟིགས་ཀྱི་ཞལ་མཇལ་བར་འགྱུར་རོ། །ལན་ཉི་ཤུ་རྩ་གཅིག་རེ་རྟག་ཏུ་བཟླས་བརྗོད་བྱས་ན་ཡིད་གཞུངས་པར་འགྱུར་རོ། །དབྱངས་སྙན་པར་འགྱུར་རོ། །ཆོས་ཐམས་ཅད་ཀྱི་དོན་ལ་མཁས་པར་འགྱུར་རོ། །ཞག་རེ་ལ་ལན་བདུན་བདུན་བཟླས་བརྗོད་བྱས་ན་སྡིག་པ་ཐམས་ཅད་ཟད་པར་འགྱུར་རོ། །སྒྲིབ་པ་ཐམས་ཅད་དག་པར་འགྱུར་རོ། །ཚེ་རབས་གང་དང་གང་དུ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དང་མི་འབྲལ་བར་འགྱུར་རོ། །རྟག་ཏུ་བཟླས་བརྗོད་བྱས་ན་སྐྱེ་བ་འདི་ཉིད་དུ་སངས་རྒྱས་པར་འགྱུར་རོ། །ཞེས་གསུངས་སོ། །ཨོ་རྒྱན་པདྨ་འབྱུང་གནས་ལྷོ་ནུབ་སྲིན་པོའི་ཁ་གནོན་ལ་བྱོན་ཁ། བོད་ལ་ཞལ་ཆེམས་བཞག་པ་ལས་ཀྱང་། ཕྱི་རབས་ཀྱི་རྗེ་འབངས་ཐམས་ཅད་ཐུགས་རྗེ་ཆེན་པོ་ཟུངས་ཤིག་ཡི་གེ་དྲུག་པ་ཟློས་ཤིག །ངན་སོང་དུ་མི་འགྲོ་བའི་དགོས་པ་ཡོད་དེ། བོད་ཁ་བ་ཅན་གྱི་ལྷ་སྐལ་ཡིན་པས་དད་གུས་མོས་པས་གསོལ་བ་ཐོབ་ཅིག །བྱིན་རླབས་དངོས་སུ་འབྱུང་ངོ་། །ཡིད་གཉིས་ཐེ་ཚོམ་མ་བྱེད་ཅིག །ཆོས་འདི་ལས་ཟབ་པ་ནི་དུས་གསུམ་སངས་རྒྱས་རྣམས་ཀྱིས་ཀྱང་མ་གསུངས་ཏེ། སློབ་དཔོན་པདྨ་འབྱུང་གནས་བདག་གིས་ཀྱང་མི་གསུང་མི་ཤེས་པའོ། །ད་ལྟ་བཞུགས་དང་སླད་ནས་འབྱོན་པ་རྣམས། །བོད་ཀྱི་རྗེ་འབངས་ཐུགས་ལ་དེ་ལྟར་ཞོག །ཅེས་གསུངས་སོ། །ཁྱད་པར་དུ་ཐམས་ཅད་འཚོགས་ནས་ཡི་གེ་དྲུག་པ་འདོན་པ་འདི་རིམ་གྲོ་རྣམས་ཀྱི་མཆོག་ཀྱང་ཡིན་ཏེ། ཨོ་རྒྱན་རིན་པོ་ཆེ་ཡི་ཞལ་ནས། ཁྱད་པར་ནད་ཡམ་མུ་གེ་འཁྲུགས་རྩོད་དང་། །ཆག་ཆེན་ཉམ་ང་རྨི་ལྟས་མཚན་མ་ངན། །ལོ་ཀག་ཟླ་ཀག་མོ་རྩིས་མཚན་མ་ངན། །ཡིག་དྲུག་འཛབ་གྱིས་ལུང་པ་ཆོས་སྒྲས་ཁོངས། །གཞན་ལ་མ་རེ་བློ་རྩེ་གཅིག་ཏུ་དྲིལ། དེ་ཚེ་བར་ཆད་ཞི་ནས་ལྟས་བཟང་འགྱུར། །མཆོག་དང་ཐུན་མོང་དངོས་གྲུབ་གང་བཏབ་འགྲུབ། །ཅེས་གསུངས་སོ། །འོ་ན་ཐུགས་རྗེ་ཆེན་པོ་དང་ཞི་ཁྲོ་སྦྲེལ་བའི་ཚུལ་གྱིས་ཡིག་དྲུག་བརྒྱུན་པ་ནི། ཞི་ཁྲོའི་དཀྱིལ་འཁོར་འཛབ་བསྙེན་ཡིན་པས་ཡིག་དྲུག་བསྐུལ་འདོན་མི་རུང་ངམ་སྙམ་ན་རུང་སྟེ། དུས་རེ་ཤིག་གི་ཚེ་ནི་གྲུབ་ཆེན་ཀརྨ་པཀྵིའི་མདུན་དུ། གསང་བ་ཡེ་ཤེས་ཀྱི་མཁའ་འགྲོ་འཁོར་མཁའ་འགྲོ་རྒྱ་མཚོ་དང་བཅས་པས་གར་མཛད་ཅིང་བྱོན་ནས། ཁྱོད་ཀྱིས་མ་ཎི་པདྨེ་བགྲང་མི་ཤེས་གསུངས། འོ་ན་ཅི་ལྟར་བཟླ་ཞུས་པས། མཁའ་འགྲོ་མ་བཞིའི་མགྲིན་གཅིག་ཏུ་བསྡེབས་ནས་དབྱངས་སུ་གྱེར་ཞིང་འདུག །ད་ཕྱིན་ཆད་འདི་ལྟར་དབྱངས་སུ་བླངས་ན་གང་ཐོས་བྱིན་གྱིས་བརླབས་ཤིང་འགྲོ་དོན་ཤིན་ཏུ་ཆེ་བ་ཡིན་གསུངས། དེ་ཕྱིན་ཆད་ཡིག་དྲུག་བསྐུལ་འདོན་དར་བ་ཡིན་ཏེ། འདི་མཁའ་འགྲོ་ཡི་ལུང་བསྟན་ཡིན་པས་བྱིན་རླབས་ཆེ་བ་ཡིན་ནོ། །ཁྲོམ་ལ་ཆང་དང་ཐུག་པ་སོགས་སྦྱིན་པ་འདི་ཡང་། རང་དགར་ཆང་ཧུབ་དང་ཆང་ཚུལ་བྱེད་པ་བས་ཞི་ཁྲོའི་དཀྱིལ་འཁོར་གྱིས་དྲུང་དུ་བྱེད་པ་འགྱུར་ཤིན་ཏུ་ཆེ་སྟེ། ཡིད་བཞིན་ནོར་བུ་རིན་ཆེན་འབྱུང་ལྡན་དང་། དཔལ་ཆེན་བདུད་རྩི་འཁྱིལ་པའི་གོ་འཕང་ཐོབ་པའི་ཕན་ཡོན་ཡོད་དོ། །སྒྱུ་འཕྲུལ་ཞི་ཁྲོའི་རྒྱུད་གསང་བ་སྙིང་པོ་ལས། བཟའ་དང་བཏུང་བའི་ཕྱག་རྒྱ་ཡི། །ཡིད་བཞིན་སྐུ་དང་བདུད་རྩི་འགྲུབ། །ཅེས་གསུངས་སོ། །གཞན་ཡང་སྦྱིན་པའི་ཕན་ཡོན་ནི། ཐར་རྒྱན་ལས། སྦྱིན་པའི་འབྲས་བུས་མཐར་ཐུག་དང་། གནས་སྐབས་གཉིས་སུ་ཤེས་པར་བྱའོ། །དེ་ལ་མཐར་ཐུག་ནི་བླ་ན་མེད་པའི་བྱང་ཆུབ་ཐོབ་སྟེ། ཞེས་པ་དང་། གནས་སྐབས་སུ་ཟང་ཟིང་གི་སྦྱིན་པ་བཏང་བས་མི་འདོད་ཀྱང་རང་ལ་ལོངས་སྤྱོད་ཕུན་སུམ་ཚོགས་པར་འགྱུར་རོ། །ཞེས་གསུངས། གཞན་ཡང་ཟས་ཀྱི་སྦྱིན་པས་ཡི་དྭགས་ཀྱི་སྐྱེ་སྒོ་ཆོད་པ་དང་། དབུལ་པོར་མི་སྐྱེ་ཞིང་སྟོབས་ཆེན་རྣམས་སུ་སྐྱེས་ཏེ། བྱང་ཆུབ་སེམས་དཔའི་ས་ལས། ཟས་སྦྱིན་པ་ནི་སྟོབས་ཆེན་འགྱུར། །ཞེས་གསུངས་པ་དང་། འཕགས་པ་སྡུད་པ་ལས། བྱང་ཆུབ་སེམས་དཔའི་སྦྱིན་པས་ཡི་དྭགས་འགྲོ་བ་གཅོད། །དབུལ་བ་དང་ནི་དེ་བཞིན་ཉོན་མོངས་ཐམས་ཅད་གཅོད། །སྤྱོད་ཚེ་ལོངས་སྤྱོད་མཐའ་ཡས་རྒྱས་པ་ཐོབ་པར་འགྱུར། །སྦྱིན་ལས་སྡུག་བསྔལ་གྱུར་པའི་སེམས་ཅན་ཡོངས་སྨིན་བྱེད། །ཅེས་གསུངས་སོ། །

བླ་མེད་ཐེག་ཆེན་སྙིང་པོ་བཅོམ་ལྡན་ཞི་ཁྲོ་རབ་འབྱམས་ཀྱི་དཀྱིལ་འཁོར་འདི་ལ་འབྲེལ་པ། ཁ་འདོན། ཕྱག །བསྐོར་བ། དད་པ་དག་སྣང་བྱེད་པ་ཐམས་ཅད་ཀྱང་ཕན་ཡོན་དཔག་ཏུ་མེད་དེ། ཨོ་རྒྱན་རིན་པོ་ཆེའི་ཞལ་ནས། བླ་མེད་ཐེག་ཆེན་སྙིང་པོའི་དོན་རྣམས་དང་། །གང་འབྲེལ་ཐམས་ཅད་སངས་རྒྱས་འགྲུབ་པའི་ཕྱིར། །འདི་གྲོལ་འདི་མ་གྲོལ་གྱི་རྣམ་དབྱེ་བྲལ། །འབྲེལ་ཚད་དོན་དང་ལྡན་ཞེས་དེ་ལ་བརྗོད། །ཅེས་གསུངས་སོ། །དེ་ལྟར་ཞི་ཁྲོའི་བསྐང་བཤགས་འདི་ནི་ཕན་ཡོན་གང་ཆེ་ཆེའི་ཆོས་ཐམས་ཅད་གཅིག་ཏུ་བསྡུས་པ་ལྟ་བུ། ཆོས་སྐུ་ཀུན་ཏུ་བཟང་པོའི་དགོངས་པ། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་བཀའ། དཔལ་ཕྱག་ན་རྡོ་རྗེའི་གསུང་། རིག་འཛིན་དགའ་རབ་རྡོ་རྗེའི་མན་ངག །ཨོ་རྒྱན་པདྨ་འབྱུང་གནས་ཀྱི་ཕྱག་བཞེས། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱི་ཐུགས་དམ་མ་འཆུག་པ་ཡིན་པས། དཀྱིལ་འཁོར་འདི་ལྟ་བུའི་དྲུང་དུ་ཁྱེད་རྣམས་ཀྱིས་དགེ་བ་ཁས་ལེན་རེ་མཛད་པར་ཞུ། ཞེས་བྱ་བ་འདི་ནི་དོན་གཉེར་བ་འགའ་ཞིག་གིས་བསྐུལ་བ་ལ་བརྟེན་ནས་བཀའ་རྫོགས་པ་ཆེན་པོའི་རྒྱུད་གཞུང་རྣམས་ལ་མོས་པ་ལམ་དུ་བྱེད་པའི་རྣལ་འབྱོར་པ། ཀརྨ་ཨ་རཱ་གས་སྦྱར་བའོ། །

འདི་བྲིས་ཉེས་པ་གང་མཆིས་མཐོལ་བཤགས་ཤིང་། །

དགེ་བས་ལོ་རྒྱུས་འདི་ཉིད་སུས་ཐོབ་༼ཐོས་༽པ། །

ཚེ་འདིར་དགེ་བའི་ཕྱོགས་ལ་བློ་འགྱུར་ཞིང་། །

འདི་ནས་ཚེ་འཕོས་ནུབ་ཕྱོགས་བདེ་ཆེན་དུ། །

པདྨ་མཆོག་ལ་བརྫུས་ཏེ་སྐྱེ་བར་ཤོག །

མངྒ་ལཾ། བཀྲ་ཤིས། བྷ་ཝནྟུ།

ཨོ་རྒྱན་རིན་པོ་ཆེའི་གཏེར་སྟོན་ལུང་བསྟན་དང་བླ་མ་བརྒྱུད་པའི་རིམ་པ།

ཨོ་རྒྱན་རིན་པོ་ཆེའི་གཏེར་སྟོན་ལུང་བསྟན་དང་ཁུང་བཙུན་པ་བླ་མ་བརྒྱུད་པའི་རིམ་པ་རྣམས་བཞུགས་སོ༔

གུ་རུ་ལ་ན་མོ༔ ཆོས་སྐུའི་གདངས་ལ་མ་འགགས་ལོངས་སྤྱོད་རྫོགས༔ སྣ་ཚོགས་སྤྲུལ་སྐུས་འགྲོ་ཀུན་སྨིན་མཛད་པ༔ སྐུ་གསུམ་དབྱེར་མེད་ངོ་བོ་ཉིད་ཀྱི་སྐུ༔ དཔལ་ལྡན་བླ་མའི་སྐུ་གསུང་ཐུགས་ལ་བསྟོད༔ དམ་པའི་རྣམ་ཐར་བརྗོད་ཀྱི་མི་ལོང་ཀྱང་༔ བརྒྱུད་འཛིན་རྣམས་ཀྱིས་ཡིད་ཆེས་བསྐྱེད་ཕྱིར་དུ༔ རྒྱ་མཚོའི་ཆུ་ཐིག་ཙམ་གཅིག་བྲི་བ་ལ༔ མཁའ་འགྲོ་ཆོས་སྐྱོང་དགྱེས་བཞིན་གནང་བ་ཞུ༔ གྲུབ་ཐོབ་ཉི་ཟླ་སངས་རྒྱས་ཞེས་བྱ་བ་དགུང་ལོ་བརྒྱ་དང་ཉི་ཤུ་རྩ་ལྔ་སྐུ་ཚེ་བརྟན་པ་དེའི་སྲས་ལ༔ གཏེར་སྟོན་ཀརྨ་གླིང་པ་ཞེས་བྱ་བ་འཁྲུངས༔ དེས་གཏེར་ཆོས་ཐམས་ཅད་སྲས་ཉི་ཟླ་ཆོས་རྗེ་ལ་གནང་༔ དེས་གུ་རུ་ཉི་ཟླ་འོད་ཟེར་ལ་གནང་༔ དེས་རྒྱ་ར་བ་ནམ་མཁའ་ཆོས་ཀྱི་རྒྱ་མཚོ་ལ་གནང་༔ དེས་སཾ་གྷ་ཀེ་རུ་ལ་གནང་བའོ༔ ཨོ་རྒྱན་གྱིས་ལུང་བསྟན་ལས༔ མ་འོངས་སྙིགས་མ་དུས་ཀྱི་ཐ་མ་ལ༔ དགེ་སློང་ཕག་ཏུ་བུད་མེད་རིམ་པའི་དུས༔ དགེ་མས་ཁོང་སྐྱེས་ལྐོག་གསོད་བྱེད་པའི་དུས༔ ཇོ་བཟང་དགེ་སློང་བག་མ་ལེན་པའི་དུས༔ ལྔ་བཅུ་ཁ་རལ་དམག་འཁྲུགས་དར་བའི་དུས༔ དེ་དུས་འདི་འདྲའི་གདམས་པ་མེད་པ་ཀུན༔ ངན་སོང་གནས་སུ་འགྲོ་བར་ཐེ་ཚོམ་མེད༔ དེ་ཕྱིར་སྙིགས་མའི་སེམས་ཅན་ལ་ཕན་ཕྱིར༔ ཡི་གེར་བཏབ་ནས་སྒམ་པོའི་རི་ལ་སྦས༔ དེ་དུས་སྙིང་གི་བུ་མཆོག་སྐལ་ལྡན་གཅིག༔ ཕ་མ་གྲུབ་ཐོབ་ཉི་ཟླའི་མིང་ཅན་འབྱུང་༔ ཀརྨ་གླིང་པ་ཞེས་བྱའི་སྙིང་སྟོབས་ཅན༔ བླ་གཡས་རྨེ་བ་ཡེ་ཤེས་སྤྱན་འདྲས་མཚན༔ འབྲུག་སྦྲུལ་ལོ་པ་ལས་ཀྱི་དཔའ་བོ་རིགས༔ སྐལ་ལྡན་སྐྱེས་བུ་དེ་དང་འདི་འཕྲད་ཤོག༔ དེས་ཀྱང་བརྒྱུད་པ་གསུམ་གྱི་བར་དག་ཏུ༔ ཞི་ཁྲོ་དགོངས་པ་རང་གྲོལ་ཆོས་སྐོར་རྣམས༔ རླུང་ཕྱོགས་ཙམ་ཡང་སུ་ལ་བསྒྲགས་མི་རུང་༔ གལ་ཏེ་བསྒྲགས་ན་བར་ཆོད་འབྱུང་ཏ་རེ༔ ཐུགས་རྗེ་ཆེན་པོ་པདྨ་ཞི་ཁྲོའི་སྐོར༔ སྐལ་ལྡན་སློབ་མ་ཡོངས་ལ་དེ་ཉིད་སྤེལ༔ བརྒྱུད་པ་གསུམ་ལས་བརྒྱུད་པའི་གདམས་ངག་དེ༔ ལོ་བདུན་བར་དུ་གསང་ན་བར་ཆད་མེད༔ ལོ་བདུན་ལོན་ནས་བར་དོ་ཐོས་གྲོལ་སྐོར༔ དབང་དང་ལག་ལེན་གཞན་ལ་སྤེལ་དུ་རུང་༔ ལོ་དགུ་ལོན་ནས་དགོངས་པ་རང་གྲོལ་སྐོར༔ དུས་གཅིག་མ་ཡིན་རིམ་གྱིས་སྤེལ་བར་བྱ༔ གཏེར་འདི་ལྷོ་ཀོང་དྭགས་པོའི་ཡུལ་དུ་ཐོན༔ འགྲོ་དོན་བྱང་ཀོང་བྲག་ལོང་ཡུལ་དུ་འགྲིམ༔ ཀརྨ་གླིང་པའི་འགྲོ་དོན་བྱང་ཕྱོགས་འབྱུང་༔ སྙིགས་མའི་སེམས་ཅན་བསགས་པ་ཆུང་བའི་ཕྱིར༔ ཟབ་ཆོས་སྙིང་པོ་འདི་ལ་ཡིད་མི་ཆེས༔ ལས་ཅན་སྐྱེས་བུ་འགའ་ཙམ་མ་གཏོགས་པ༔ ཟབ་ཆོས་འདི་ལ་འགྲོ་དོན་ཆེར་མི་འབྱུང་༔ ང་ཡི་ཆོས་ལ་སྙིང་ནས་སྨད་པ་ཡིས༔ མི་མིན་སྙིང་ལ་ཞུགས་པའི་རྟོགས་གེ་པས༔ བཅོས་མའི་གྲུབ་མཐའ་འཕོ་འགྱུར་དར་བ་འབྱུང་༔ ཟབ་ཆོས་ཐམས་ཅད་དེ་ཡིས་བསྒྲུབ་༼བསྒྲིབ་༽པར་བྱེད༔ དེ་ཉིད་འདུལ་བའི་གཉེན་པོ་འགའ་འབྱུང་ཡང་༔ སེམས་ཅན་བསོད་ནམས་དམན་པས་ཐུལ་བར་དཀའ༔ སྦས་པའི་རྣལ་འབྱོར་འགའ་ཙམ་འདི་ཡིས་གྲོལ༔ འདི་ཉིད་ཉམས་སུ་ལེན་པའི་སྐྱེས་བུ་ལ༔ བར་གཅོད་བདུད་ཀྱིས་བསྐུར་བ་འདེབས་པར་འོང་༔ དེ་ཕྱིར་གསང་ནས་ཉམས་སུ་ལེན་པ་གཅེས༔ གཏེར་འདི་ཀུན་དང་ཐུན་མོངས་མ་ཡིན་པས༔ དྭགས་ལྷ་སྒམ་པོས་བཀའི་བྱ་ར་གྱིས༔ སྐྱེས་བུ་སྐལ་ལྡན་ལས་ཅན་དེ་ལ་གཏོད༔ དེས་ཀྱང་གཅིག་བརྒྱུད་རིམ་གྱིས་བྱང་ཕྱོགས་སྤེལ༔ སྐལ་ལྡན་སྐྱེས་བུ་རྣམས་དང་འདི་འཕྲད་ཤོག༔ ཌཱཀྐི་སྡེ་ལྔའི་བཀའ་ཡི་སྲུང་མ་གྱིས༔ འདི་ཉིད་ཉམས་ལེན་སྐྱེས་བུའི་བར་ཆད་སོལ༔ ས་མ་ཡ༔ ཅེས་སོགས་ལུང་བསྟན་པའོ༔ གཏེར་སྟོན་ཀརྨ་གླིང་པས་སྲས་ཉི་ཟླ་ཆོས་རྗེ་ལ་བཀའ་ལུང་ཡོངས་སུ་རྫོགས་པར་གནང་ནས༔ ཤོག་སེར་བུ་དང་བཅས་པ་སློབ་མ་དམ་ཚིག་ཅན་གཅིག་ལ་བཅོལ་བ་དང་༔ ཁྱོད་ཀྱི་ངའི་བུ་ཆུང་བསམ་པ་མ་ཚར་གྱིས་བར་དུ་ཉར་ར་ལེགས་པོར་གྱིས༔ དུས་ཕྱིས་ཁོ་རང་ལ་གཏོད་དང་ཁོ་ལ་སློབ་མ་བརྒྱུད་པ་གསུམ་པ་ཉི་ཟླའི་མིང་ཅན་འོང་བ་ལ་གཏད་དགོས་པ་ཡིན་གསུངས༔ ཨོ་རྒྱན་གྱིས་ལུང་བསྟན་པའི་བརྒྱུད་པ་གསུམ་པ་ཉི་ཟླའི་མིང་ཅན༔ སུཪྱཙཎྜ་རསྨི་བྱ་བ་འདི༔ རུས་ཆེན་སྡོང་༔ ནང་ཚན་གློད༔ འཁྲུངས་ཡུལ་ལོང་པོ་རྩི་དཀར༔ ཡབ་ལྷ་རྗེ་ཕྱག་རྡོར༔ ཡུམ་གཡང་དྲུང་རྒྱན༔ སྐུ་མཆེད་བཞིའི་ཆེ་འགོ་དགུང་སྙིང་ས་མོ་གླང་༔ ལོ་བཞི་པ་ནས་ཡི་གེ་བརྡ་བསྟན་ཙམ་གྱིས་མཁྱེན༔ དྲུག་པའི་དུས་སུ་རི་མོ་འདེར་སོ་ཀུན་ལ་མཁས་པ་བྱུང་༔ བརྒྱད་པ་ལ་བསྟན་ཆོས་བརྩམས་པ་སོགས་གང་ལ་ཡང་མ་རྨོངས་པར་བསམ་གྱིས་མི་ཁྱབ་པ་མཁྱེན་པས་ཡབ་ཡུམ་གཉིས་པོ་ཡང་༔ ཤིན་ཏུ་དད་ཅིང་གུས་པ་དང་བཅས་བསྟོད་པའོ༔ དེའི་སློབ་མ་ནམ་མཁའ་ཆོས་ཀྱི་རྒྱ་མཚོ་བའི༔ རུས་ཆེན་འབྲུ༔ ནང་ཚན་རྒྱ་ར་བ༔ ཡབ་ནམ་མཁའ༔ ཡུམ་བདེ་བ་པདྨ༔ འཁྲུངས་ཡུལ་ཀོང་སྨད༔ དགུང་སྙིང་ལྕགས་ཕོ་ཁྱིའི་ལོ་པའོ༔ དེའི་སློབ་མ་སཾ་གྷ་ཀེ་ཏུ་ནི༔ རུས་ཆེན་སྣ༔ ནང་ཚན་སྦས༔ ཡབ་སྔོ་འདོས༔ ཡུམ་ཡེ་ཤེས་སྒྲོན་མ༔ འཁྲུངས་ཡུལ་སོ་རྒྱལ་གྱི་ཡུལ༔ དགུང་སྙིང་མེ་ཕོ་སྟག་གི་ལོ་པའོ༔ དེས་སཾ་ག་རཏྣ་ལ༔ དེས་རཏྣ་བྷ་ཏྲ་ལ་བརྒྱུད་དོ༔ བར་དོ་ཐོས་གྲོལ་ཆོས་ཀྱི་ཆ་རྐྱེན་དུ༔ བཀའ་བརྒྱུད་བླ་མའི་རྣམ་ཐར་མདོར་བསྡུས་འདི༔ དྲིན་ཆེན་སཾ་གའི་མཚན་ཅན་གྱིས༔ ཐུགས་དགོངས་རྫོགས་ཕྱིར་དགེ་འདུན་རྒྱལ་མཚན་གྱིས༔ ཕག་ལོ་སྟོན་ཟླ་ཐ་ཆུང་ཡར་ངོ་ལ༔ ཙནྡ་ནགས་ཀྱི་ཁྲོད་དུ་བྲིས་པའོ༔ ཉེས་པ་ཅི་མཆིས་གོང་མ་རྗེ་ལ་བཤགས༔ དགེ་བའི་རྩ་བ་སེམས་ཅན་དོན་ཕྱིར་བསྔོ༔ མངྒ་ལཾ༔

འགྱོད་ཚངས་རྒྱླ་པོའི་བྱུང་ཁུངས་དང་ལོ་རྒྱུས།

ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་ལས༔ འགྱོད་ཚངས་རྒྱལ་པོའི་འབྱུང་ཁུངས་ལོ་རྒྱུས་དང་བཅས་བཞུགས་སོ༔

རྒྱ་གར་སྐད་དུ༔ ན་ར་ཀ་པྲེ་ཏ་ཀ་ཏིར་ཡ་ཀ་ནི་དྷ་བ་པ་ཡ་ནི་བུད་དག་ཤ་ཀ་ན་མོ༔ བོད་སྐད་དུ༔ འགྲོ་བ་རིགས་དྲུག་དོང་སྤྲུགས་ཞེས་བྱ་བ༔ བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ༔ འགྱོད་ཚངས་ཀྱི་རྒྱལ་པོ་འདི་ཡི་འབྱུང་ཁུངས་ནི༔ འདོད་པའི་ཁམས་ཀྱི་གནས་འདི་ན༔ བྲམ་ཟེ་དུང་གི་ཕྲེང་བ་ཅན་ཞེས་བྱ་བ༔ གོས་སུ་དུང་གི་ཕྲེང་བ་གྱོན་པ༔ རྫུ་འཕྲུལ་དང་ལྡན་པ་ཞིག་ལ༔ སློབ་མ་རྒྱལ་བུ་ཞིག་ཡོད་པ་ལ༔ བྲམ་ཟེས་སློབ་སྦྱོངས་རྫོགས་པར་བསླབས་སྟེ་རིག་པའི་གནས་ལྔ་ལ་མཁས་པར་གྱུར་པ་དང་༔ རྒྱལ་པོའི་ཕྲུ་གུའི་བསམ་པ༔ ང་ཡི་གོང་ན་བྲམ་ཟེ་འདི་{ལས་}མ་གཏོགས་གཞན་གང་ཡང་མེད་ན་འདི་གོང་དུ་མི་གཏོང་བསམ་ནས༔ བྲམ་ཟེ་ལ་རྒུན་ཆང་བླུད་ནས་བརྒྱལ་བ་དང་༔ མིག་ཁབ་ཀྱིས་གཙག༔ ལྕེ་ལྕགས་ཀྱུས་དྲངས་ཏེ་བཅད༔ ལུས་རུ་སྦལ་གྱི་ཁྲག་གིས་བསྐུས༔ བུད་མེད་མང་པོས་ལུས་ལ་བརྫིས༔ སྒྱིད་པ་བཅད་བཞག་པས༔ ནངས་པར་བྲམ་ཟེ་གཉིད་སད་དེ་མིག་ཕྱེ་ཀྱང་༔ ལོང་ནས་མེད༔ དྲུང་ན་སུ་འདུག་བོས་ཀྱང་ཅི་མེད༔ ལངས་འགྲོ་བར་བྱས་ཀྱང་སྒྱིད་པ་དང་བུད་མེད་མང་པོས་བརྫིས་པས་འགུལ་མ་ནུས༔ ལུས་ལ་རུས་སྦལ་གྱི་ཁྲག་བྱུག་པས་ཆུ་བུར་རྐང་པོ་དང་ནད་མང་དུ་བྱུང་སྟེ་ལུས་ཀྱང་འཁུམ༔ དྲན་པ་ཡང་ཉམས་བྱེད་དོ༔ དེ་ནས་བྲམ་ཟེས་བསམ་པ་འདི་ལྟར་ཉོན་མོངས་པར་གྱུར་པ་ཚེ་རབས་སྔོན་གྱི་ལས་འཕྲོའམ༔ རྣམ་སྨིན་གཅིག་ཡིན་ནམ༔ འོན་ཏེ་ཕྲག་དོག་དབང་གིས་གོང་དུ་ཤོར་དགོས་པ་གཅིག་བྱས་བསམ་པ་དང་༔ སློབ་མ་རྒྱལ་པོའི་ཕྲུག་གུས་བྱས་པར་རིག་ནས༔ བྲམ་ཟེས་དམོད་བོར་བ༔ རྒྱལ་པོའི་ཕྲུག་གུ་ཁྱེད་དང་པོ་དེ་ཙམ་བློ་སྦྱང་བྱས་པའི་ལན་དུ་ང་ལ་འདི་ལྟ་བུའི་ལས་བྱེད་པ༔ ཁྱོད་ཀྱང་སྐྱེ་བ་གཅིག་གི་ཚེ་ཐུང་སྟེ༔ སེམས་ཅན་ལུས་སྲུལ་པོའི་ལུས་གཅིག་ཏུ་སྐྱེས་ལ༔ དེ་ཡང་མིག་མེད་པ་དང་༔ ལྐུག་པ་དང་༔ མཛེ་ཅན་དང་༔ དིག་པ་དང་༔ ཤ་བཀྲ་དང་༔ བས་བལྡགས་དང་༔ ཆུ་བུར་དང་༔ ཤ་ཟ་མོ་སྟོང་གིས་ཚང་བཅའ་བ་དང་༔ རྐང་པ་ཆད་པ་དང་༔ ཚེ་འཕོས་ནས་ཀྱང་དམྱལ་ཁམས་བཅུ་དྲུག་གི་ཁ་འཁོར་ཏེ༔ ཐར་པའི་དུས་མེད་དེ་ཚེ་རབས་ཐམས་ཅད་དུ་འཕགས་པའི་ཞལ་ཉི་ཟེར་ཙམ་ཡང་མི་མཐོང་ཞིང་༔ བྱང་ཆུབ་ཀྱི་མྱུ་གུ་སྐམ་པར་གྱུར་ཅིག༔ ཅེས་དམོད་པ་བོར་བས༔ དེའི་མོད་ལ་རྒྱལ་པོའི་ཕྲུ་གུ་དེ་ཡང་ཤི་བར་གྱུར་ཏེ༔ རང་གིས་ཉེས་པ་བྱས་པའི་རྣམ་སྨིན་དང་༔ བྲམ་ཟེས་དམོད་པས་སེམས་ཅན་གྱི་ནང་ནས་ལུས་སྲུལ་པོ་གཅེར་བུ་ཅན་དུ་སྐྱེས་ཏེ༔ ལུས་ལ་ནད་སྣ་ཚོགས་དང་༔ ཤ་ཟ་མོ་སྟོང་གིས་ཚང་བཅས་ཏེ་བྱང་ཆུབ་ཀྱི་མྱུ་གུ་ནི་སྐམ་པར་གྱུར་ཏེ༔ སྡུག་བསྔལ་བ་ལས༔ གཅིག་ལ༔ རིགས་དྲུག་གི་སྡུག་བསྔལ་དུས་གཅིག་ལ་མྱོང་སྟེ༔ དེ་ཡང་དམྱལ་བའི་གནས་སུ་མནར་མེད་པའི་སྡུག་བསྔལ་མྱོང་༔ ཡི་དྭགས་ཀྱི་གནས་སུ་ཕྱི་ནང་གཉིས་ཀའི་སྒྲིབ་པ་ཅན་གྱི་སྡུག་བསྔལ་མྱོང་༔ བྱོལ་སོང་གི་གནས་སུ་གོར་མོའི་རྡོའི་བར་དུ་སྐྱེས་པའི་སྡུག་བསྔལ་མྱོང་༔ ལྷ་མ་ཡིན་གྱི་གནས་སུ་ལྷ་མིན་སྒྲ་གཅན་འཛིན་ཅེས་བྱ་བ་ལུས་ཆེ་བ་ལ་ལྟོག་པའི་སྡུག་བསྔལ་མྱོང་༔ ལྷའི་གནས་སུ་སུམ་ཅུ་རྩ་གསུམ་དགེ་བའི་ཚུལ་ཅན་ཞེས་བྱ་བ༔ ལྷ་མོས་ཡོངས་སུ་བསྐོར་བ་ལ༔ ལྟུང་བའི་སྡུག་བསྔལ་མྱོང་ནས་སྡུག་བསྔལ་བར་གྱུར་པ་ལ༔ ཕྱོགས་བཅུའི་བདེ་བར་གཤེགས་པ་རྣམས་ཀྱིས་ཐུགས་རྗེའི་བྱམས་པ་ཆེན་པོས་བཀའ་ནོད་པར་མཛད་པས༔ བདེ་བར་གཤེགས་པ་རྣམས་ཀྱི་ཐུགས་ཡེ་ཤེས་ལས༔ བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་དང་༔ ཀུན་རིགས་རྣམ་པར་སྣང་མཛད་གཉིས་སྤྲུལ་ཏེ༔ ཀུན་ཏུ་བཟང་པོས་བྱིན་རླབས་ལས༔ རྡོ་རྗེ་སེམས་དཔའ་སྤྲུལ༔ རྣམ་པར་སྣང་མཛད་ཀྱིས་བྱིན་རླབས་ལས༔ ཕྱག་ན་རྡོ་རྗེར་སྤྲུལ་ཏེ༔ ཀུན་ཏུ་བཟང་པོ་དང་རྣམ་པར་སྣང་མཛད་གཉིས་ཀྱིས༔ བཛྲ་སཱ་ཏྭ་བཛྲ་པཱ་ཎི་གཉིས་ལ་བཀའ་སྩལ་པ༔ འདོད་པའི་ཁམས་མ་ཀི་ན༔ སློབ་མས་རྒྱུ་ལ་ཉེས་པ་བྱས་པའི་རྣམ་པར་སྨིན་པས༔ སེམས་ཅན་ལུས་སྲུལ་པོ་གཅེར་བུ་བྱ་བ་གཅིག༔ དུཿཁ་སྣ་ཚོགས་ཀྱིས་གདུང་བ༔ བྱང་ཆུབ་ཀྱི་མྱུ་གུ་སྐམ་ཏེ་ཚེ་འདས་ནས་ཀྱང་དམྱལ་བའི་ཁམས་གཅིག་པ་ལས་མི་ཐར་བས༔ དེ་ལས་བཟློག་ན་ལས་ཀྱི་རྣམ་སྨིན་གཞན་གྱིས་ངན་སོང་དུ་སོང་བ་ནི་ཐར་བར་སྲིད་ཀྱི༔ རྒྱུ་ལ་བརྙས་པ་བྱས་པའི་རྣམ་སྨིན་ནི་ཐར་བའི་དུས་མེད་དོ༔ ཅེས་བཀའ་སྩལ་པ་ལ༔ རྡོ་རྗེ་སེམས་དཔའ་དང་ཕྱག་ན་རྡོ་རྗེས་བདག་ཅག་གཉིས་ཀྱིས་འདུལ་བའི་དུས་ལ་བབས་ན༔ བདག་ཅག་གིས་དེ་ལ་གང་གིས་བཟློག་པའི་ཐབས་བསྟན་ཏུ་གསོལ༔ ཀུན་ཏུ་བཟང་པོས་རྡོ་རྗེ་སེམས་དཔའ་ལ་བཀའ་སྩལ་པ༔ རིགས་ཀྱི་བུ་རྣལ་འབྱོར་གྱི་སྤྱི་ཁྲུས་ན་རཀ་དོང་སྤྲུགས་འགྱོད་ཚངས་ཀྱི་རྒྱལ་པོ་འདི་སེམས་ཅན་དེའི་རྣ་བར་སྒྲོགས་ལ། ལུས་ངག་ཡིད་གསུམ་གྱི་འགྱོད་ཚངས་བྱེད་དུ་ཆུག་ལ་བཟློག་ཅིག༔ ཀུན་རིགས་རྣམ་སྣང་གིས་ཕྱག་ན་རྡོ་རྗེ་ལ་བཀའ་སྩལ་པ༔ རིགས་ཀྱི་བུ་ཕྱི་ནང་གསང་བ་གསུམ་གྱི་དབང་རིམ་བཞིན་རྫོགས་པར་བསྐུར་ལ་བཟློག་ཅིག༔ དེ་ནས་རྡོ་རྗེ་སེམས་དཔའ་དང་༔ ཕྱག་ན་རྡོ་རྗེ་གཉིས་ཀྱིས་སེམས་ཅན་ལུས་སྲུལ་པོ་དེའི་དྲུང་དུ་བྱོན་ཏེ༔ ཕྱི་ནང་གསང་གསུམ་གྱི་དབང་བསྐུར་བས༔ སྔོན་གྱི་ལས་ཀྱི་རྣམ་པར་སྨིན་པ་དྲན་ཏེ་འགྱོད་པ་སྐྱེས་སོ༔ སྒྲིབ་པ་བྱང་སྟེ་དཀྱིལ་འཁོར་གྱི་ལྷ་རྗེས་སུ་དྲན་ནོ༔ སྤྲུལ་པ་གཉིས་ལ་ངོ་གནོང་སྟེ༔ ཀྱཻ་མ་ཀྱི་ཧུད་ཀྱི་ཧུད་གནོང་༔ སངས་རྒྱས་སྤྲུལ་པས་བདག་ལ་སྐྱོབས༔ བདག་འདྲ་སྲུལ་པོ་ལུས་ངན་སྡུག་བསྔལ་ན༔ འདི་ལས་ཐར་ཐབས་བདག་ལ་སྩོལ༔ ཞེས་ཞུས་སོ༔ དེ་ནས་རྡོ་རྗེ་སེམས་དཔས་ལུས་སྲུལ་པོ་དེ་ལ་བཀའ་སྩལ་པ༔ ཉོན་ཅིག་ལས་ངན་སེམས་ཅན་གཅེར་བུ་ཁྱོད༔ ལུས་ཀྱིས་སྒོ་ནས་ཕྱག་འཚལ་ལོ༔ ངག་གིས་སྒོ་ནས་ཀྱང་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་མཚན་ནས་ཐོན་ཅིག༔ ཡིད་ཀྱིས་སྒོ་ནས་འགྱོད་པ་དྲག་པོ་བསྐྱེད་ལ༔ འགྱོད་བཤགས་དྲག་པོ་གྱིས་ཤིག༔ ཅེས་གསུངས་ནས༔ རྡོ་རྗེ་སེམས་དཔས་འགྱོད་ཚངས་ཀྱི་བཤགས་པ་རྣ་བར་བསྒྲགས་ཏེ་རྐྱང་ཕྱག་འཚལ་དུ་བཅུག་སྟེ་བཤགས་པ་བྱས་སོ༔ ཕྱག་ན་རྡོ་རྗེས་དབང་རིམ་པ་བཞིན་དུ་བསྐུར་བས་དེའི་མྱུ་གུ་སྔོན་པོ་སྐམ་པ་སླར་གསོས་ཏེ་ཀུན་གཞི་བྱང་ཆུབ་ཀྱི་སེམས་དང་འཕྲད་པར་བྱས་ཏེ༔ ༼བསྒོམ་པས་༽འཇུག་རིམ་རྣམ་པ་ལྔར་རིམ་གྱིས་བགྲོད་པར་གྱུར་ཏོ༔ དགེ་བ་གང་མཆིས་སེམས་ཅན་དོན་དུ་བསྔོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཤུ་བྷཾ༔

བྲམ་ཟེ་དུང་ཕྲེང་ཅན་གྱི་ལོ་རྒྱུས།

ཞི་ཁྲོ་ན་རཀ་བསྐང་བཤགས་ལས་བྲམ་ཟེ་དུང་ཕྲེང་ཅན་གྱི་ལོ་རྒྱུས་ཟུར་ཙམ་བཞུགས་སོ༔

རྒྱ་གར་སྐད་དུ༔ ན་ར་ཀ༔ པྲེ་ཏ་ཀ༔ ཏིར་ཡ་ཀ༔ ནི་བྷན་ཤན་དྷེ་ཝ༔ ཨ་ལི་བྷི་ཤུད་དྷེ༔ དག་ཤ་ཀ་ཤུད་དྷེ་ན་མ༔ བོད་སྐད་དུ༔ དམྱལ་བ༔ ཡི་དྭགས༔ བྱོལ་སོང་༔ ལྷ་དང་༔ མི་དང་༔ ལྷ་མ་ཡིན༔ འགྲོ་དྲུག་དོང་སྤྲུགས་པ་ཞེས་བྱ་བ༔ བཅོམ་ལྡན་འདས་ཆོས་སྐུ་རྡོ་རྗེ་འཆང་ཆེན་དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ༔ འདི་སྐད་བདག་གི་ཐོས་པ་དུས་གཅིག་ན༔ འཇིག་རྟེན་གྱི་ཁམས་མི་མཇེད་འདི་ན༔ བྲམ་ཟེ་དུང་གི་ཕྲེང་བ་ཅན་ཞེས་བྱ་བ༔ རྒྱལ་བ་རྣམས་ལ་བསྙེན་བཀུར་བྱེད་ཅིང་རིགས་པའི་གནས་ལྔ་ལ་མཁས་པ༔ བྱང་ཆུབ་སེམས་དཔའི་རིགས་ཅན་གཅིག་བས་མཐའི་དུར་ཁྲོད་གཅིག་ཏུ་སྒྲུབ་པ་བྱེད་པ་ལ༔ ཡུལ་ཁམས་སྐྱོང་བའི་རྒྱལ་པོའི་བུ་གཅིག་སློབ་བུ་བྱས་ནས་རིགས་པའི་གནས་ལྔ་ལ་མཁས་པར་གྱུར་ཏོ༔ རྒྱལ་བུས་བྲམ་ཟེ་སློབ་དཔོན་དེ་ཁོ་རང་གི་གོང་ན་གནས་པ་དེ་ལ་ཕྲག་དོག་བྱས་ཏེ་ངན་སེམས་བསྐྱེད་ནས༔ སློབ་དཔོན་ལ་ཚུལ་མ་ཡིན་པའི་གསོད་ལུགས་སྣ་ཚོགས་བྱས་ཏེ་སློབ་དཔོན་བཀྲོངས་སོ༔ དེ་ནས་རྒྱལ་བུ་ཚེ་འཕོས་སེམས་ཅན་ལུས་སྲུལ་པོ་གཅེར་བུ་ཅན་ཞེས་བྱ་བ༔ ལུས་གཅིག་ལ་དམྱལ་བ་ཡི་དྭགས་བྱོལ་སོང་ལྷ་དང་མི་དང་ལྷ་མ་ཡིན་དང་༔ འགྲོ་དྲུག་གི་སྡུག་བསྔལ་མྱོང་བ་ཞིག་ཏུ་སྐྱེས་སོ༔ དམྱལ་བའི་གནས་སུ་མནར་མེད་པའི་རྡོ་རྗེ་དམྱལ་བ་ཞེས་བྱ་བའི་སྡུག་བསྔལ་མྱོང་༔ ཡི་དྭགས་ཀྱི་གནས་སུ་ཕྱི་ནང་གཉིས་ཀའི་སྒྲིབ་པ་ཅན་གྱི་སྡུག་བསྔལ་མྱོང་ངོ་༔ ལྷའི་གནས་སུ་སུམ་ཅུ་རྩ་གསུམ་དགེ་བའི་ཚུལ་ཞེས་བྱ་བ༔ ལྷ་མོས་ཡོངས་སུ་བསྐོར་བ་ལ་ལྟུང་བའི་སྡུག་བསྔལ་མྱོང་ངོ་༔ མིའི་གནས་སུ་སེམས་ཅན་ལུས་སྲུལ་པོ་གཅེར་བུ་ཅན་ཞེས་བྱ་བ༔ ལུས་ལ་ནད་སྣ་ཚོགས་པ་དང་༔ ཤ་ཟ་མོ་སྟོང་གིས་ཚང་བཅས་པ་གཅིག་ཏུ་སྐྱེས་སོ༔ འགྲོ་བ་རིགས་དྲུག་གི་སྡུག་བསྔལ་ཐམས་ཅད་དུས་གཅིག་ལ་མྱོང་བ་ལ༔ ཕྱོགས་བཅུ་དུས་གསུམ་གྱི་བདེ་བར་གཤེགས་པའི་ཡེ་ཤེས་ཀྱི་བདག་ཉིད༔ བཅོམ་ལྡན་འདས་ཆོས་སྐུ་རྡོ་རྗེ་འཆང་ཆེན་པོ་དཔལ་ཀུན་ཏུ་བཟང་པོ་དང་༔ དུས་གསུམ་གྱི་བདེ་བར་གཤེགས་པ་ཐམས་ཅད་ཀྱི་གཙོ་བོ་བཅོམ་ལྡན་འདས་ལོངས་སྐུ་ཀུན་རིགས་རྣམ་པར་སྣང་མཛད་ཀྱིས༔ ཕྱོགས་བཅུའི་བདེ་བར་གཤེགས་པ་ཐམས་ཅད་བསྐུལ་མ་མཛད་དོ༔ ཐུགས་རྗེས་ལུས་སྲུལ་པོ་དེ་ལ་གཟིགས་ནས༔ ཀུན་ཏུ་བཟང་པོས་ཐུགས་ཀ་ནས་རྡོ་རྗེ་སེམས་དཔའ་སྤྲུལ་ཏེ༔ ཀུན་ཏུ་བཟང་པོས་རྡོ་རྗེ་སེམས་དཔའ་བསྐུལ༔ རྣམ་པར་སྣང་མཛད་ཀྱིས་ཕྱག་ན་རྡོ་རྗེ་སྤྲུལ་ཏེ༔ ཀྱཻ་སྤྲུལ་པ་རྣམས་གཉིས་འདོད་ཁམས་ཀྱི་གནས་མ་ཀི་ན༔ སེམས་ཅན་ལུས་སྲུལ་པོ་གཅེར་བུ་ཅན་ཞེས་བྱ་བ༔ ལུས་གཅིག་ལ་འགྲོ་བ་རིགས་དྲུག་དུས་གཅིག་བླངས་ནས༔ འགྲོ་བ་རིགས་དྲུག་གི་སྡུག་བསྔལ་དུས་གཅིག་ལ་མྱོང་བ་ཅན་ཞེས་ཤིན་ཏུ་སྡུག་བསྔལ་བ་དེ་ཁྱོད་གཉིས་བཟློག་ཅིག༔ འདི་ཁྱེད་གཉིས་ཀྱིས་མ་བཟློག་ན༔ ལས་ཀྱི་རྣམ་པར་སྨིན་པ་གཞན་མི་མཛད་༼འཛད་༽ཅིང་༔ ཐར་པའི་དུས་མི་འོང་གི༔ སློབ་དཔོན་ལ་སློབ་མས་དམ་ཚིག་ཉམས་པ་ནི༔ བྱང་ཆུབ་ཀྱི་མྱུ་གུ་སྔོན་མོ་སྐམ་སྟེ་ཐར་བའི་དུས་མེད་དོ༔ ཅེས་བཀའ་སྩལ་པ་དང་༔ སྤྲུལ་པ་གཉིས་ཀྱིས་ཞུས་པ༔ ཆོས་སྐུ་རྡོ་རྗེ་འཆང་དཔལ་ཀུན་ཏུ་བཟང་པོ༔ སེམས་ཅན་ལུས་སྲུལ་པོ་འདི༔ བདག་ཉིད་ཀྱིས་འདུལ་བའི་དུས་ལ་བབས་ན༔ འགྲོ་དྲུག་གི་སྡུག་བསྔལ་ལས་འདྲེན་པའི་ཐབས་བསྟན་ཏུ་གསོལ༔ ཞེས་ཞུས་པས༔ ཆོས་སྐུ་རྡོ་རྗེ་འཆང་དཔལ་ཀུན་ཏུ་བཟང་པོས༔ རྡོ་རྗེ་སེམས་དཔའ་ལ་བཀའ་སྩལ་པ༔ སྤྲུལ་སྐུ་རྡོ་རྗེ་སེམས་དཔའ་ཁྱེད་ཀྱིས་ཞི་ཁྲོའི་དཀྱིལ་འཁོར་གྱིས་ཟློག་ཅིག༔ ལྷ་རྣམས་ཀྱི་མཚན་བརྗོད་ཅིང་ཕྱག་འཚལ་བ་དང་༔ རིགས་ལྔའི་ཡི་གེ་བརྒྱ་པའི་གསང་མཚན༔ སེམས་ཅན་ལུས་སྲུལ་པོའི་རྣ་བར་སྒྲོགས་ལ་ཐོན་ཅིག༔ ཅེས་བཀའ་སྩལ་ཏོ༔ ལོངས་སྐུ་ཀུན་རིགས་རྣམ་པར་སྣང་མཛད་ཀྱིས༔ སྤྲུལ་སྐུ་ཕྱག་ན་རྡོ་རྗེ་ལ་བཀའ་སྩལ་པ༔ སྤྲུལ་སྐུ་ཕྱག་ན་རྡོ་རྗེ་ཁྱོད་ཀྱིས་སེམས་ཅན་ལུས་སྲུལ་པོ་དེ་ལ་ཕྱི་ནང་གསང་གསུམ་གྱི་དབང་བསྐུར་ལ་ཐོན་ཅིག༔ ཅེས་བཀའ་སྩལ་ནས༔ དེ་ནས་སྤྲུལ་སྐུ་གཉིས་སེམས་ཅན་ལུས་སྲུལ་པོ་དེའི་གནས་སུ་བྱོན་ཏེ༔ ལག་ན་རྡོ་རྗེས་ཕྱི་ནང་གསང་གསུམ་གྱི་དབང་བསྐུར་བས༔ སྔོན་གྱི་རྣམ་པར་སྨིན་པ་དྲན་ཏེ༔ འགྱོད་པ་སྐྱེས༔ སྒྲིབ་པ་བྱང་ཏེ༔ དཀྱིལ་འཁོར་གྱི་ལྷ་རྣམས་རྗེས་སུ་དྲན་ནོ༔ རྡོ་རྗེ་སེམས་དཔའ་དང་ལག་ན་རྡོ་རྗེ་གཉིས་ལ་ངོ་གནོང་ཏེ༔ ཀྱེ་མ་ཀྱི་ཧུད་ཀྱི་ཧུད་གནོང་༔ སངས་རྒྱས་སྤྲུལ་པས་བདག་ལ་སྐྱོབས༔ བདག་འདྲ་སྲུལ་པོ་ལུས་ངན་ནས༔ འདི་ལས་ཐར་ཐབས་བདག་ལ་གནང་དུ་གསོལ༔ ཞེས་ཞུས་པ་དང་༔ རྡོ་རྗེ་སེམས་དཔས་ལུས་སྲུལ་པོ་དེ་ལ་བཀའ་སྩལ་པ༔ ཉོན་ཅིག་ལས་ངན་གཅེར་བུ་ཁྱོད༔ ལུས་ཀྱི་སྒོ་ནས་ཕྱག་འཚལ་ལོ༔ ངག་གི་སྒོ་ནས་དཀྱིལ་འཁོར་གྱི་ལྷ་རྣམས་ཀྱི་མཚན་ཐོན་ཅིག༔ ཡིད་ཀྱི་སྒོ་ནས་འགྱོད་པ་དྲག་པོས་བཤགས་ཚངས་གྱིས་ཤིག༔ ཅེས་གསུངས་སོ༔ ན་རཀ་དོང་སྤྲུགས་གླེང་གཞིའི་ལེའུ་སྟེ་དང་པོའོ༔

དེ་ནས་རྡོ་རྗེ་སེམས་དཔས་བཀའ་སྩལ་པ༔ ཨ་ལ་ལ་ཧོ༔ སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་ཀྱི་ཁམས་ན༔ རང་བཞིན་རྣམ་པར་དག་པ་ན་བཞུགས་པའི་བདེ་བར་གཤེགས་པ་རྡོ་རྗེའི་རིགས་དང་༔ དེ་བཞིན་གཤེགས་པའི་རིགས་དང་༔ རིན་པོ་ཆེའི་རིགས་དང་༔ པདྨའི་རིགས་དང་༔ ལས་ཀྱི་རིགས་ལ་སོགས་པ་འཁོར་རྒྱལ་བ་རྒྱ་མཚོའི་ཚོགས་དང་བཅས་པ་ལ་ཕྱག་འཚལ་ལོ༔ ཡིད་བྱེད་པ་པོ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ༔ ཆོས་བྱ་བ་མོ་ཀུན་ཏུ་བཟང་མོ་ལ་ཕྱག་འཚལ་ལོ༔ བཅོམ་ལྡན་འདས་དཔལ་རྣམ་པར་སྣང་མཛད་ལ་ཕྱག་འཚལ་ལོ༔ བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ༔ བཅོམ་ལྡན་འདས་རིན་ཆེན་འབྱུང་ལྡན་ལ་ཕྱག་འཚལ་ལོ༔ སོགས་བརྗོད༔ ཞེས་ཞི་ཁྲོའི་རིགས་བརྒྱའི་ལྷ་སོ་སོའི་གསང་མཚན་བརྗོད་པ་སོགས་མང་དུ་འདུག་ཀྱང༔ ཡི་གེ་མང་གི་འཇིགས་ནས་མ་བྲིས་སོ༔ ཉེས་འགལ་ཅི་མཆིས་ལྷ་དང་བསྲུང་མ་རྣམས་ལ་བཤགས༔ ༀ་བཛྲ་ས་ཏྭ་ཧཱུྃ༔


previousབར་དོ་ཐོས་གྲོལ་ཆེན་མོའི་རྩ་གཞུང་གི་བྱུང་ཁུངས་དང་ལོ་རྒྱུས་ཀྱི་སྐོར།next