Nitartha Digital Library
Tibetan
བར་དོ་ཐོས་གྲོལ་ཆེན་མོའི་ཆོས་སྐོར་ཕྱོགས་བསྒྲིགས།


   
  expand section
  collapse section
བར་དོ་ཐོས་གྲོལ་ཆེན་མོའི་རྩ་གཞུང་སྨིན་བྱེད་དབང་གི་རིམ་པའི་སྐོར་ཆ་ཚང་།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  expand section


 
previousབར་དོ་ཐོས་གྲོལ་ཆེན་མོའི་རྩ་གཞུང་སྨིན་བྱེད་དབང་གི་རིམ་པའི་སྐོར་ཆ་ཚང་། next

བར་དོ་ཐོས་གྲོལ་ཆེན་མོའི་རྩ་གཞུང་སྨིན་བྱེད་དབང་གི་རིམ་པའི་སྐོར་ཆ་ཚང་།

དབང་བཞི་འཕྲད་ཚད་རང་གྲོལ་གྱི་སྔོན་འགྲོ་རིན་ཆེན་གསལ་བའི་སྒྲོན་མེ།

ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་ལས་དབང་བཞི་འཕྲད་ཚད་རང་གྲོལ་གྱི་སྔོན་འགྲོ་རིན་ཆེན་གསལ་བའི་སྒྲོན་མེ་བཞུགས་སོ༔

༁ྃ༔ རྒྱ་གར་སྐད་དུ༔ ཨ་བྷི་ཥིཉྩ་སརྦ་རཏྣ་ཧྲྀ་དཱ་ཡ་ནཱ་མ༔ བོད་སྐད་དུ༔ དབང་ཐམས་ཅད་ཀྱི་སྔོན་འགྲོ་རིན་ཆེན་གསལ་བའི་སྒྲོན་མེ་ཞེས་བྱ་བ༔ བདེ་གཤེགས་ཞི་ཁྲོའི་ལྷ་ལ་ཕྱག་འཚལ་ལོ༔ བདག་འདྲ་ཡེ་ཤེས་མཚོ་རྒྱལ་གྱིས༔ བླ་མེད་རྒྱུད་ལ་སྨིན་གྲོལ་གཉིས༔ གྲོལ་བྱེད་གདམས་པ་གཞན་དུ་ཤེས༔ སྨིན་བྱེད་དབང་གི་རིམ་པ་བསྟན༔ དབང་ཆོག་སྔོན་འགྲོ་འདི་མེད་ན༔ གསང་སྔགས་ཡིན་པར་ཁས་ལེན་པ༔ ཁྲོན་པ་རྒྱ་མཚོར་རློམ་པ་འདྲ༔ དེ་ཕྱིར་ཁྱད་འཕགས་འདི་སྤྱོད་ཅིག༔ ས་མ་ཡ༔ དེའང་རྒྱུད་ལས༔ ཚོགས་འཁོར་བསྐོར་ལ་ས་སློང་ཏེ༔ ས་སྦྱོང་ས་བཟུང་ཆག་ཆག་གདབ༔ ཅེས་པས་ཚོགས་ཀྱི་འཁོར་ལོ་རྒྱས་བསྡུས་ཅི་རིགས་བསྐོར་ལ་ས་སློང་ཏེ༔ སའི་ཕྱོགས་ཁ་དོག་ལ་བརྟག་པ༔ ས་ལ་བརྟག་པ༔ ཆུ་ལ་བརྟག་པའོ༔ སློང་བ་དངོས་ནི༔ འཇིག་རྟེན་ལས་འདས་པ་ལ་སློང་༔ མ་འདས་པ་ལ་སློང་༔ སྤྱིར་རྒྱལ་པོ་ལ་སློང་༔ སྒོས་གཞི་བདག་ལ་སློང་༔ ཡང་ན་ལ་བྱིན་པ་ལ་སློང་ངོ་༔ དེ་ནས་ཐམས་ཅད་ཀྱིས༔ རྒྱལ་ཚབ་དམ་པ་ཁྱེད་ཀྱིས་གནས་དང་ས་ཕྱོགས་འདིར༔ ཞི་ཁྲོ་རྩ་བ་གསུམ་གྱི་དཀྱིལ་འཁོར་བཞེངས་ལ༔ སེམས་ཅན་དཔག་ཏུ་མེད་པའི་དོན་གྱིས་ཤིག༔ ཅེས་གནང་བ་བྱིན་པར་བསམ༔ དེ་ནས་ས་སྦྱང་བ་ནིཿདང་པོ་རོ་ལྔ་བསལ༔ སྭ་བྷ་ཝས་སྟོང་པར་སྦྱང་༔ བུམ་པ་ཡིག་བརྒྱའི་ཆུས་བཀྲུ༔ ཡེ་ཤེས་ཀྱི་ས་གཞི་ཡི་གེ་གསུམ་ཞེས་པས་བསྒྱུར་རོ༔ དེ་ནས་ས་བཟུང་བ་ནི༔ ལག་ཏུ་ཕུར་པ་ཞིག་ཐོགས་ལ༔ ཧཱུྃ༔ ང་ནི་དཔལ་ཆེན་རྟ་མགྲིན་ཏེ༔ གནས་འདིར་དཀྱིལ་འཁོར་ཆེན་པོ་བྲི༔ འབྱུང་པོ་མི་དང་མི་མིན་རྣམས༔ འདི་རུ་མ་འདུག་གཞན་དུ་དེངས༔ གལ་ཏེ་འདི་ལ་བར་ཆོད་ན༔ བདག་ཉིད་ཐུགས་ཁྲོས་སྲེག་པར་བྱེད༔ དེ་བས་དམ་ལ་མ་འདའ་ཞིག༔ ཅེས་པས་མེ་རིའི་རང་བཞིན་དུམ་བུར་འབར་བར་བསམས་ལ༔ ས་སྤུངས་པ་དེ་ལ་གདབ་བོ༔ བུམ་ཆུས་གནས་ཁང་ཀུན་ལ་གཏོར་ཞིང་བྱི་དོར་བྱ་ཞིང་༔ མཎྜལ་གནས་ཁང་དང་བསྟུན་ལ་བྱ༔ སྟེང་དུ་དྲི་བཟང་གི་ཆུས་ཆག་ཆག་དང་ཐིག་གདབ་ཅིང་༔ ལྷ་གྲངས་དང་མཐུན་པའི་ནས་ཀྱི་ཚོམ་བུ་བཀོད༔ ཕྱི་ནང་གི་མཆོད་ཚོགས་གང་འབྱོར་བཤམ༔ སྔོན་འགྲོ་ནས་བཟུང་སྟེ་ལས་བྱང་རྒྱས་བསྡུས་གང་རུང་གི་གཞུང་བསྲང་བར་བྱའོ༔

དེ་ནས་ཡང་རྒྱུད་ལས༔ གླུད་གཏོར་བྱིན་ལ་མེ་ཆུས་བསྐྲད༔ ཅེས་པས༔ བླ་མ་ཁྲི་མཐོན་པོའི་སྟེང་དུ་རྒྱན་དང་བཅས་ནས་ཏིང་ངེ་འཛིན་ལ་བཞུགས༔ གླུད་གཏོར་སྭ་བྷཱ་ཝའི་སྔགས་ཀྱིས་འདོད་ཡོན་ལྔར་བྱིན་གྱིས་བརླབས་ལ་བསྔོ་ཞིང་༔ ལན་གསུམ་ཕྱིར་བསྐོར་བས་དབང་ལྡན་ཕྱོགས་སམ༔ གང་འཐད་དུ་དོར༔ ཕྱི་སྒོ་ཐེམ་པའི་རྩར་དྲག་པོའི་སྦྱིན་སྲེག་གིས་བསྲེག་ཅིང་མེ་ཞགས་འཕེན༔ རྒྱལ་ཐེབས་ཀྱིས་བུམ་ཆུ་དང་ཆུ་བྱུག་གིས་བརྔུང་བ་དུས་མཉམ་དུ་བྱས་ལ༔ ཧཱུྃ༔ རྒྱུ་དྲུག་ནད་གདོན་སྒྲིབ་སྦྱང་ཕྱིར༔ བུམ་ཆུ་བཀྲ་ཤིས་ཆུ་རྒྱུན་གྱིས༔ སྐལ་ལྡན་བུ་ཡི་སྒོ་གསུམ་བཀྲུ༔ མི་མཐུན་ཞི་ནས་སྣོད་རུང་ཤོག༔ ཅེས་རྩ་སྔགས་བརྗོད་དོ༔

ཡང་རྒྱུད་ལས༔ ཞུ་བ་ཞུས་ལན་ཁྲུས་ནས་དབྱུང་༔ ཞེས་པས༔ ཁྲུས་གོང་གི་གོ་སླ་ཞིང་༔ ཕྱི་པ་ཐམས་ཅད་ཀྱིས་ལག་པ་སྦྲེལ་ཞིང་འདི་སྐད་ཞུའོ༔ ཧོ༔ སྒོ་སྲུང་ཕོ་མོ་ཐམས་ཅད་གསོན༔ བདག་ཅག་འཁོར་བའི་སྡུག་བསྔལ་ལས༔ ཐར་ཕྱིར་དཀྱིལ་འཁོར་འདིར་འཇུག་པས༔ སྒོ་བས་སྒོ་ཕྱེས་ནང་བཏང་འཚལ༔ རྟག་པར་ཁྱེད་དྲིན་བདག་གིས་ཁུར༔ ཞེས་ལན་གསུམ་བརྗོད་དོ༔ དེ་ནས་གིང་ཕོ་མོ་ཁྲོ་འབག་དང་གདུག་པའི་ཆས་རོལ་མོ་དང་མཚོན་ཆ་གུ་གུལ་གྱི་དུད་པ༔ སྐམ་ཐུན་རློན་ཐུན་དང་བཅས་པས༔ ང་རོ་དྲག་པོས་འདི་སྐད་དོ༔ ཧོ༔ ཁྱོད་རྣམས་སྒོ་འདིར་འཇུག་པ་ལ༔ དགེ་བཅུ་བསྒྲུབ་ཅིང་མི་དགེ་སྤོངས༔ དཀོན་མཆོག་གསུམ་པོ་ཡིད་ལ་གྱིས༔ ཁས་ལེན་མེད་ན་ཕྱིར་དེངས་ཤིག༔ སློབ་བུས༔ བདག་ཅག་ཁྱེད་ཀྱི་བཀའ་བཞིན་བགྱི༔ དགེ་སྒྲུབ་སྡིག་སྤོངས་སྐྱབས་སུ་འགྲོ༔ ངེས་པར་ནང་དེར་བཏང་དུ་གསོལ༔ ཞེས་བརྗོད་དོ༔ ཐེག་པ་ཐུན་མོང་གི་སྐྱབས་འགྲོ་བརྗོད་ཅིང་ལས་ཀྱི་རྡོ་རྗེས་རེ་རེ་ནས་ཁྲིད་ལ་རིམ་པ་བཞིན་དུ་བཏང་ཞིང་༔ མེ་ཆུས་ཐུན་དང་མཚོན་ཆ་རོལ་མོས་བསྡིག་པར་བྱའོ༔ ཡང་རྒྱུད་ལས༔ གྲལ་འདུག་དྲང་དོན་བློ་བསྒྱུར་བཞག༔ ཅེས་པས་ཕོ་ཐམས་ཅད་གཡས་གྲལ༔ མོ་ཐམས་ཅད་གཡོན་གྲལ༔ མཆོད་གཡོག་པ་ཐམས་ཅད་མདུན་གྲལ་ལམ་གང་བདེ་བར་འདུག་ཅིང་མཎྜལ་ལན་གསུམ་འབུལ་ལོ༔ དེ་ནས་བླ་མས་དྲང་བའི་དོན་དལ་འབྱོར་རྙེད་པར་དཀའ་བ༔ འཆི་བ་མི་རྟག་པ༔ ལས་རྒྱུ་འབྲས༔ འཁོར་བའི་ཉེས་དམིགས༔ དད་པ་བཙལ་བ༔ བརྩོན་འགྲུས་བརྩམ་པ༔ དགེ་བཅུ་བསྒྲུབ་པ༔ མི་དགེ་སྤངས་བ༔ ལག་ལེན་བསགས་སྦྱང་༔ མདོར་བསྡུས་གང་འཇུག་གི་བརྒྱུད་པའི་ལོ་རྒྱུས་རྣམས་བསྟན་པར་བྱའོ༔ ས་མ་ཡ༔

དེ་ཡང་རྒྱུད་ལས༔ གསང་སྔགས་དབང་གི་ཁྱད་ཆེ་བས༔ དབེན་པར་ཡིད་འོང་གནས་མཆོག་དེར༔ དམ་ཚིག་ལྡན་པའི་སློབ་མ་དེས༔ མཚན་ལྡན་བླ་མ་དེ་ཉིད་ལ༔ གུས་པས་ཕྱག་འཚལ་མཎྜལ་འབུལ༔ ཞེས་གསུངས་པས༔ གནས་ཡིད་དུ་འོང་བ་འམ༔ རྒྱུད་ལས་གསུངས་པ་ལྟར༔ སློབ་མ་སྣོད་ལྡན་གསུམ་མམ་བདུན་ནམ་ཉི་ཤུ་རྩ་གཅིག་ལས་མི་མང་བར༔ མཚན་ཉིད་དང་ལྡན་པའི་བླ་མ་ལ༔ གསེར་གཡུའི་མཎྜལ་བདུན་ཚན་འབུལ་ལ༔ རྒྱུད་ལས༔ ལོ་གསུམ་གོང་ནས་དབང་ཞུ་ཞེས༔ ནན་བྱས་སྙན་པའི་དབྱངས་ཀྱིས་ཞུ༔ ཞེས་པས༔ ལོ་གསུམ་གྱི་གོང་ངམ་གཉིས་སམ་གཅིག་གམ༔ ཟླ་བ་གསུམ་མམ་གཉིས་སམ་གཅིག་གམ༔ ཐ་ན་ཞག་གསུམ་མམ༔ བདུན་གྱི་གོང་ནས༔ བདག་ཅག་རྣམས་ལ་དབང་བཞི་ཡོངས་སུ་རྫོགས་པར་བསྐུར་དུ་གསོལ༔ ཞེས་ཞུ་བ་ཡང་ཡང་ཕུལ་ལོ༔ འོན་ཏེ་གནས་སྐབས་དེར་ཡང་སློབ་བུ་རྣམས་ཙོག་པུར་ལག་གཡོན་མེ་ཏོག་ཐོགས་ནས་ཐལ་མོ་སྦྱར་ལ་ཞུ་བ་ཕུལ་བ་འདི་སྐད་དོ༔

འོ་ཁྱོད་ཞབས་སྐུ་དྲིན་སྤངས་ནས་ནི༔ བདག་ཉིད་སྐྱབས་གཞན་མ་མཆིས་པས༔ བླ་མ་གཙོ་མཆོག་འགྲོ་བའི་སྐྱབས༔ སློབ་མ་བདག་ཉིད་བསྐྱབ་པར་མཛོད༔ ཅེས་ལན་གསུམ་ཞུ༔ དེར་བླ་མས༔ བདག་ལ་ཡོན་ཏན་ཚོགས་མཆིས་ཀྱི༔ ཁྱོད་ཉིད་ཅི་འདོད་གང་ཡིད་འོང་༔ ཞེས་དྲི༔ དེར་སློབ་བུས༔ ཧོ༔ དུས་གསུམ་རྒྱལ་བའི་དགོངས་དྲིལ་བ༔ ཐབས་ཤེས་དབྱེར་མེད་བདག་ཉིད་ཅན༔ གསང་སྔགས་ཐབས་ཀྱི་བདག་ཉིད་མཆོག༔ དབང་བཞི་རྫོགས་པར་བདག་ལ་སྩོལ༔ ཞེས་ཞུ༔ དེར་བླ་མས༔ ཧོ༔ མཆོད་པ་ལ་སོགས་ཚོགས་མཆོད་རྣམས༔ ཁྱོད་རྣམས་ཐམས་ཅད་འབྱོར་གྱུར་རམ༔ རྣལ་འབྱོར་རིག་མ་ལ་དགའ་བས༔ གུས་པའི་ཡིད་ཀྱིས་འབུལ་ནུས་སམ༔ ཞེས་བརྗོད༔ སློབ་བུས༔ འོ༔ ནུས་པ་ཐོན་པས་བདག་མཆིས་སོ༔ དཔའ་བོས་བདག་ལ་བསྟན་དུ་གསོལ༔ ཞེས་ཞུས་ལ་ཡོན་འབུལ་ལོ༔

༼ཀ༽རྫས་བཞི་འདིར་གཏོང་བའང་ཡོད། མཆན། དེ་ཡང་རྒྱུད་ལས༔ སློབ་མ་མོས་བསྐྱེད་གནང་བ་སྦྱིན༔ སྐྱབས་འགྲོ་སེམས་བསྐྱེད་སྡོམ་པ་འབོག༔ ཅེས་གསུངས་པས༔ སློབ་དཔོན་གྱི་དྲུང་དུ་ཐལ་མོ་སྦྱར༔ སངས་རྒྱས་དངོས་ཀྱི་འདུ་ཤེས་བསྐྱེད༔ མོས་གུས་མཆི་མ་ཁྲོམ་དུ་གཞུག༔ དེར་བླ་མས༔ འོ༔ རིགས་ཀྱི་བུ་ཡོན་ཏན་ཐམས་ཅད་ཀྱི་གཞི་མ༔ དམ་པའི་ཆོས་ཐེག་པ་ཆེན་པོ་འདི་ཉིད་སྡོམ་པ་གསུམ་ལས་བྱུང་བས༔ དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་ངམ༔ སོ་སོར་ཐར་པའི་སྡོམ་པ་ལ་བརྟེན་ནམ༔ བྱང་ཆུབ་སེམས་དཔའི་བསླབ་པ་ལ་སྤྱོད་དམ༔ གསང་སྔགས་ཀྱི་དམ་ཚིག་བསྲུང་ངམ༔ ད་ཕྱིར་མི་ལྡོག་པའི་བློ་ཡོད་དམ༔ ཞེས་པ་དང་༔ བཀའ་བཞིན་དུ་བསྒྲུབ་བོ༔ གསུང་བཞིན་དུ་བྱེད་དོ༔ ངེད་ཅག་རྣམས་ལ་གནང་དུ་གསོལ༔ ཞེས་ཞུའོ༔ སྔར་ཐོབ་པ་ཡོད་ན་གསོ༔ མ་ཐོབ་པ་རྣམས་ལ་ཇི་ལྟར་འོས་པ་སྦྱིན་པའམ་བསྡུས་ཏེ་འབོག་ན༔ ཐལ་སྦྱར་གུས་པས་འདིའི་རྗེས་ཟློས་མཛོད༔ ན་མོ༔ རྣམ་མཁྱེན་གཙོ་བོ་དཀོན་མཆོག་གསུམ༔ བདག་ལ་གསན་ཅིང་དགོངས་སུ་གསོལ༔ ཐར་པའི་ལམ་བསྟན་དཀོན་མཆོག་གསུམ༔ མུན་པ་བདག་ལ་བསྐྱབ་ཏུ་གསོལ༔ འགྲོ་བ་འདྲེན་མཛད་དཀོན་མཆོག་གསུམ༔ མ་རིག་བདག་ལ་ཐུགས་རྗེས་ཟུངས༔ འགྲོ་དྲུག་སྐྱབས་གནས་དཀོན་མཆོག་གསུམ༔ འཁོར་བའི་འདམ་ནས་དྲང་དུ་གསོལ༔ བར་ཆད་རྐྱེན་སེལ་དཀོན་མཆོག་གསུམ༔ འདི་ཕྱི་གཉིས་ཀྱི་བར་ཆོད་སོལ༔ དངོས་གྲུབ་ཆར་འབེབས་དཀོན་མཆོག་གསུམ༔ མཆོག་དང་ཐུན་མོང་དངོས་གྲུབ་རྩོལ༔ རང་ངོ་ཤེས་པར་བྱིན་གྱིས་རློབས༔ རང་རྒྱུད་གྲོལ་བར་མཛད་དུ་གསོལ༔ གཞན་སྣང་འདུལ་བར་བྱིན་གྱིས་རློབས༔ བདག་གཞན་སྨིན་པར་མཛད་དུ་གསོལ༔ ཞེས་པ་དང་༔ སྐྱབས་འགྲོ་བསླབ་པའི་དངོས་གཞི་ནི༔ ཀྱེ༔ ཕྱོགས་བཅུའི་སངས་རྒྱས་བྱང་སེམས་དང་༔ བླ་མ་ཡི་དམ་མཁའ་འགྲོ་དགོངས༔ རྐང་གཉིས་གཙོ་བོ་སངས་རྒྱས་དང་༔ ཞི་བ་ཆགས་བྲལ་དམ་པའི་ཆོས༔ ཚོགས་མཆོག་ཕྱིར་མི་ལྡོག་པ་ལ༔ བདག་ནི་གུས་པས་སྐྱབས་སུ་མཆི༔ བྱིན་བརླབས་འབྱུང་བའི་བླ་མ་རྗེ༔ དངོས་གྲུབ་སྟེར་བའི་ཡི་དམ་ལྷ༔ བར་ཆད་སེལ་བའི་མཁའ་འགྲོ་མརཿབདག་སོགས་འགྲོ་དྲུག་སྐྱབས་སུ་མཆི༔ གདལ་ཁྱབ་ཆེན་པོ་ཆོས་ཀྱི་སྐུ༔ གསལ་མདངས་ཆེན་པོ་ལོངས་སྤྱོད་རྫོགས༔ སྣ་ཚོགས་འཛིན་གྲོལ་སྤྲུལ་པའི་སྐུར༔ བདག་སོགས་འགྲོ་ཀུན་སྐྱབས་སུ་མཆི༔ ཞེས་ལན་གསུམ་དང་༔ དེ་ནས་སོ་ཐར་མདོར་བསྡུས་བསླབ་པ་ནི༔ བླ་མ་མཆོག་གི་སྤྱན་སྔ་རུ༔ ལུས་ངག་ཡིད་ཀྱིས་འགྲོ་བ་ལ༔ གནོད་པ་སྤང་ཞིང་དགེ་བ་བསྒྲུབ༔ དགེ་བསྙེན་དགེ་ཚུལ་དགེ་སློང་གསུམ༔ སོ་སོར་ཐར་པའི་སྡོམ་པ་ལ༔ བདག་ནི་རྒྱུན་དུ་གནས་ཤིང་བསྲུང་༔ ཞེས་པ་དང་༔ བྱང་ཆུབ་སེམས་དཔའི་སྨོན་སེམས་བླང་བ་ནི༔ ཧོ༔ དུས་གསུམ་བླ་མ་མཆོག་དགོངས་ཤིག༔ འདི་བཟུང་བྱང་ཆུབ་མ་ཐོབ་བར༔ འགྲོ་དྲུག་སེམས་ཅན་ཐམས་ཅད་ལ༔ ཕ་མའི་འདུ་ཤེས་ཉེར་བཞག་སྟེ༔ མ་བསྒྲལ་བ་རྣམས་བསྒྲལ་བ་དང་༔ མ་གྲོལ་བ་རྣམས་དགྲོལ་བ་དང་༔ དབུགས་མ་ཕྱུང་རྣམས་དབུགས་དབྱུང་ཕྱིར༔ སྨོན་པ་བྱང་ཆུབ་སེམས་བསྐྱེད་དོ༔ ཞེས་ལན་གསུམ༔ དེ་ནས་འཇུག་སེམས་བླང་བ་ནི༔ ཧོཿསྔོན་གྱི་རྒྱལ་བ་ཐམས་ཅད་ཀྱིས༔ སྡོམ་པ་ལ་ནི་གནས་པ་ལྟར༔ འདི་བཟུང་བྱང་ཆུབ་མ་ཐོབ་བར༔ བླ་མེད་འཇུག་པའི་བྱང་ཆུབ་སེམས༔ བདག་ཅག་རྣམས་ཀྱིས་བསྐྱེད་པར་བགྱི༔ ཕར་ཕྱིན་དྲུག་བསླབ་སྡོམ་གསུམ་བཟུང་༔ བརྩོན་འགྲུས་དག་གིས་ཐམས་ཅད་བསྒྲལ༔ ཀུན་དོན་ཚུལ་ཁྲིམས་གསུམ་ཡང་བཟུང་༔ མ་གྲོལ་དགྲོལ་དང་མ་བརྒལ་བསྒྲལ༔ དབུགས་དབྱུང་མྱ་ངན་འདས་ལ་འགོད༔ ཅེས་ལན་གསུམ༔ དེ་ནས་རིག་པ་ལྔའི་སྡོམ་པ་བཟུང་བ་ནི༔ ཧོཿདཀོན་མཆོག་གསུམ་བཟུང་མི་བཏང་བསྒྲུབ༔ བླ་མ་ཡི་དམ་མི་སྤང་ངོ་༔ སངས་རྒྱས་དཀོན་མཆོག་དམ་ཚིག་ཏུ༔ ཡང་དག་སྙིང་པོའི་དོན་ལ་འཇུག༔ དམ་ཆོས་དཀོན་མཆོག་དམ་ཚིག་ཏུ༔ ཐེག་པའི་ཆོས་རྣམས་ངོ་བོར་དྲིལ༔ དགེ་འདུན་དཀོན་མཆོག་དམ་ཚིག་ཏུ༔ རིག་པ་དྲི་མེད་དོན་ལ་བལྟའོ༔ བླ་མ་ཡི་དམ་དམ་ཚིག་ཏུ༔ རང་སེམས་གཙང་མར་དཔང་དུ་བཙུགས༔ རྡོ་རྗེ་རིགས་ཀྱི་དམ་ཚིག་ཏུ༔ རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་དང་༔ བྱང་ཆུབ་སེམས་ནི་སྤང་མི་བྱ༔ རྡོ་རྗེ་རིགས་ཀྱི་དམ་ཚིག་ཡིན༔ རིན་ཆེན་རིགས་ཀྱི་དམ་ཚིག་ཏུ༔ སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན༔ རིན་ཆེན་རིགས་ཀྱི་དམ་ཚིག་ཡིན༔ པདྨ་རིགས་ཀྱི་དམ་ཚིག་ཏུ༔ ཐེག་པ་གསུམ་གྱི་ཆོས་རྣམས་བཤད༔ པདྨ་རིགས་ཀྱི་དམ་ཚིག་ཡིན༔ ལས་ཀྱི་རིགས་ཀྱི་དམ་ཚིག་ཏུ༔ འགྲོ་བའི་དོན་ལ་བརྩོན་པར་བྱ༔ ལས་ཀྱི་རིགས་ཀྱི་དམ་ཚིག་ཡིན༔ དེ་བཞིན་རིགས་ཀྱི་དམ་ཚིག་ཏུ༔ དཀྱིལ་འཁོར་གསུམ་དང་འབྲལ་མི་བྱ༔ དེ་བཞིན་རིགས་ཀྱི་དམ་ཚིག་ཡིན༔ བདག་ནི་དཔལ་ཆེན་རིགས་མཆོག་སྟེ༔ བླ་མ་ཡི་དམ་མཁའ་འགྲོ་དང་༔ སྐྱབས་ཆེན་དཀོན་མཆོག་གསུམ་རྣམས་ལ༔ མི་འདའ་རྡོ་རྗེའི་དམ་ལ་གནས༔ ཡར་མཆོད་གུས་ཤིང་མར་ལ་བརྩེ༔ རྩ་བ་ཡན་ལག་དམ་ཚིག་བསྲུང་༔ རྩ་བཞི་ལ་སོགས་དམ་ཚིག་ལ༔ ནམ་ཡང་མི་འདའ་བཟུང་བར་བྱ༔ ཞེས་བརྗོད་དོ༔ ཡང་རྒྱུད་ལས༔ རྡོ་རྗེ་མགོར་བཞག་སྐུ་དམ་འབོག༔ ཅེས་པས༔ དམ་ཚིག་རྡོ་རྗེ་མགོ་ལ་བཞག༔ ཧཱུྃ༔ འདི་ནི་དམ་ཚིག་རྡོ་རྗེ་སྟེ༔ སྐུ་ཡི་དམ་ཚིག་ལུས་ཀྱིས་སྲུངས༔ ཉམས་ན་ན་རཀ་དམྱལ་བར་ལྟུང་༔ བསྲུང་ན་སྤྲུལ་སྐུས་འགྲོ་དོན་ནུས༔ འོ༔ ཁྱོད་ཀྱི་རྡོ་རྗེ་སློབ་དཔོན་ང་ཡིན་པས༔ སྐུའི་དམ་ཚིག་ལུས་ཀྱིས་སྲུངས་ཤིག༔ རྡོ་རྗེ་སློབ་དཔོན་ལ་སྲོག་གི་དྭངས་མར་སོམས་ཤིག༔ ཡི་དམ་གྱི་ལྷ་མིག་གི་འབྲས་བུ་ལྟར་སྒོམས་ཤིག༔ གལ་ཏེ་ཉམས་ན་སེམས་ཅན་དམྱལ་བར་སྐྱེ་ཏ་རེ༔ ཞེས་བརྗོད༔ ཡང་རྒྱུད་ལས༔ བདུད་རྩི་ངག་བླུད་གསུང་དམ་འབོག༔ ཅེས་གསུངས་པས༔ དམ་ཚིག་བདུད་རྩི་དང་ཆོས་སྨན་སྦྱར་བ་ལྕེ་ལ་བཞག༔ ཧཱུྃ་དམ་ཚིག་བདུད་རྩིའི་ཆུ་འདི་ཉིད༔ ཁྱོད་ཀྱི་ངག་ཏུ་བླུད་པར་བྱ༔ གསུང་གི་དམ་ཚིག་ངག་གིས་སྲུངས༔ ཉམས་ན་བྱོལ་སོང་གནས་སུ་སྐྱེ༔ བསྲུང་ན་ཆོས་སྨྲའི་རྒྱལ་པོར་སྐྱེ༔ འོ༔ གསུང་གི་དམ་ཚིག་ངག་གིས་སྲུངས་ཤིག༔ ངག་གི་བཟླས་པ་རྒྱུན་མ་བཅད་ཅིག༔ གལ་ཏེ་དམ་ཚིག་ཉམས་ན་ནི༔ ལྐུགས་དང་དིགས་དང་བྱོལ་སོང་གནས་སུ་སྐྱེ་ཏ་རེ༔ ཞེས་བརྗོད་དོ༔ ཡང་རྒྱུད་ལས༔ ཡེ་ཤེས་སྙིང་བཙུད་ཐུགས་དམ་འབོག༔ ཅེས་གསུངས་པས༔ གཙོ་བོའི་སྐུ་མེ་ལོང་དུ་བསྟན་ལ་སྙིང་ཁར་བཞག་ལ༔ ཧཱུྃ༔ འདི་ནི་ཡེ་ཤེས་སེམས་དཔའ་སྟེ༔ ཐུགས་ཀྱི་དམ་ཚིག་སེམས་ཀྱིས་སྲུངས༔ ཉམས་ན་སྨྱོ་འབོག་ཅན་དུ་སྐྱེ༔ བསྲུང་ན་ཆོས་སྐུ་གཉིས་ལྡན་ཐོབ༔ འོ༔ ཐུགས་ཀྱི་དམ་ཚིག་སེམས་ཀྱིས་སྲུངས་ཤིག༔ རྫོགས་རིམ་གསལ་སྟོང་སྤྲོས་པ་མེད་པའི་ངང་ལ་རྒྱུན་དུ་གནས་པར་གྱིས་ཤིག༔ གལ་ཏེ་ཉམས་ན་སྨྱོ་འབོག་ཅན་དུ་སྐྱེ་ཏ་རེ༔ ཞེས་བརྗོད༔ ཡང་རྒྱུད་ལས༔ དྲི་བ་དྲིས་ལན་བཀའ་རྟགས་གདབ༔ ཅེས་པས༔ དེར་སློབ་བུའི་ལག་ཏུ་རྡོ་རྗེ་གཏད༔ ལྕེ་ལ་ཨ་མྲྀ་ཏ་བྱིན༔ སྙིང་ཁར་དྲིའི་ཐིག་ལེ་རེ་བྱས་ལ༔ ཧོ༔ བུ་ཁྱོད་དེང་ནས་འདི་ལྟར་གྱིས༔ ཡབ་ཡུམ་སྐུ་ཡི་དམ་ཚིག་ཏུ༔ བློ་ཆེ་ཁོག་ཡངས་བསྐྱེད་པ་དང་༔ གསང་བ་མི་འཆོལ་ཤེས་པ་དང་༔ མཚན་མ་མི་འགོང་རིགས་མི་སྨད༔ རྡོ་རྗེ་སློབ་དཔོན་མལ་ཆ་དང་༔ གསལ་ཆ་ཕྱག་རྒྱ་བཞོན་པ་སོགས༔ མ་གནང་བར་དུ་མི་སྤྱད་ཅིང་༔ མ་གུས་སྐུ་གསུང་ཐུགས་དམ་སྲུངས༔ སྤུན་གྲོགས་དྲིན་ལེན་འཐབ་རྩོད་སྤང་༔ ཁྱད་པར་དམན་པ་བསྐྱང་བར་བྱ༔ ཞེས་བརྗོད་དེ་སློབ་བུའི་ཁས་བླང་པ་ནི༔ ཧོ༔ དཔའ་བོས་གསུངས་བཞིན་བདག་གིས་བསྲུངས༔ སངས་རྒྱས་ཞིང་དུ་བསྒྲལ་བར་མཛོད༔ ཅེས་བརྗོད་ལ༔ བླ་མས་རྒྱུ་མཚན་ཉིད་ཀྱི་ཐེག་པ་ནི་ནོར་བུ་འཆིང་བུ་དང་འདྲ༔ འབྲས་བུ་གསང་སྔགས་ཀྱི་ཐེག་པ་ནི་ནོར་བུ་རིན་པོ་ཆེ་དང་འདྲ༔ དབང་སྒྲུབ་འདི་མ་ཐོན་གྱི་བར་དུ་ཐག་རིང་དང་ཕྱོགས་གར་ཡང་མ་འགྲོ་ཞིག༔ ནང་ནུབ་ཐམས་ཅད་དུ་བླ་མ་དང་བདེ་བར་གཤེགས་པ་ཐམས་ཅད་ལ་འབོད་ཅིང་གསོལ་བ་ཐོབ་ཅིག༔ བདག་གིས་ཀྱང་ཡེ་ཤེས་ལྷ་ལ་བསྙེན་པ་བྱས་ལ༔ དེ་ནས་ཁྱོད་ལ་དབང་རྣམས་རིམ་པར་བསྐུར་བར་བྱའོ༔ ཞེས་བརྗོད༔ ཡང་རྒྱུད་ལས༔ བླ་མས་བརྟགས་པ་རིམ་གསུམ་བྱ༔ ཞེས་པས་ཞག་གཅིག་ཡི་དམ་ལྷ་ལ་འདྲི༔ རང་གི་ཁམས་ལ་འདྲི༔ གཟའ་སྐར་དུས་ཚོད་ལ་འདྲི༔ བསྟུན་ནས་གནང་བ་སྦྱིན་པར་བྱའོ༔ དེར་འདུས་པ་རྣམས་ལ༔ དམ་ཚིག་རྣམ་དབྱེ་རྒྱས་འབྲིང་བསྡུས་གསུམ་རྒྱུད་ལས་བྱུང་བཞིན་བཤད༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔

༼ཁ༽ དེ་ནས་གཟའ་སྐར་བཟང་པོའི་སྔ་དྲོ༔ ཡང་སློབ་བུས་མཎྜལ་ཕུལ་ལ༔ ཀྱེ་ཧོ་རྡོ་རྗེ་སློབ་དཔོན་མཆོག༔ དེ་རིང་རྣལ་འབྱོར་ཕོ་མོ་ལ༔ ཡང་དག་མཆོག་གི་ལམ་བསྟན་པས༔ དཀྱིལ་འཁོར་ཆོ་ག་གནང་བར་མཛོད༔ ཅེས་པ་དང་༔ སློབ་དཔོན་གྱིས༔ འོ་དེ་རིང་ཁྱེད་སོགས་རིག་མ་ཡང་༔ བདག་གིས་མ་སྨིན་གཞན་མི་སྨིན༔ དེ་ཕྱིར་ཚུར་ཤོག་རིགས་ཀྱི་བུ༔ དཀྱིལ་འཁོར་ཆོ་ག་བདག་གིས་བརྩམ༔ ཞེས་གནང་བ་སྦྱིན་ནོ༔ ཡང་རྒྱུད་ལས༔ སོ་ཤིང་དོར་ལ་སྲུང་སྐུད་འདོགས༔ ཀུ་ཤ་བྱིན་ལ་སྦྱིན་སྲེག་བྱ༔ ཞེས་པས༔ ནས་ཀྱི་ཚོམ་བུ་ལྔ་ལ་རིགས་ལྔའི་སྐུ་བཀྲམ༔ བསྐྱེད་བསྟིམ་མཆོད་བསྟོད་བསྡུས་པ་གཅིག་འབུལ༔ ཙན་དན་ནམ་དྲི་བཟང་པོའི་ཤིང་མགོ་མཇུག་མ་ལོག་པ་སོར་བརྒྱད་པའི་རྩེ་ལ་མེ་ཏོག་ཅོད་པཎ་དང་བཅས་པ་རྡོ་རྗེ་ཐལ་མོས་བཟུང་ལ༔ དམིགས་པ་དང་བཅས་པས་འབུལ་བ་ནི༔ ཧོ༔ བླ་མ་ཡི་དམ་མཁའ་འགྲོ་དང་༔ སངས་རྒྱས་བྱང་ཆུབ་སེམས་དཔའ་དང་༔ ཞི་ཁྲོ་རིགས་ལྔ་ཐམས་ཅད་དགོངས༔ བདག་གིས་རིགས་ལྔའི་དངོས་གྲུབ་ལྔ༔ གང་ཐོབ་མི་ཐོབ་བསྟན་དུ་གསོལ༔ བཛྲ་ཧ་ས་ཧ༔ ཞེས་བརྗོད་ཚོམ་བུའི་སྟེང་དུ་དོར༔ དཀྱིལ་འཁོར་དབུས་སུ་བབས་ན་བདེ་གཤེགས་རིགས་དང་མཆོག་གི་དངོས་གྲུབ་ཐོབ༔ ཤར་དུ་རྡོ་རྗེའི་རིགས་དང་ཞི་བའི་དངོས་གྲུབ་ཐོབ༔ ལྷོར་རིན་ཆེན་རིགས་དང་རྒྱས་པའི་དངོས་གྲུབ་ཐོབ༔ ནུབ་ཏུ་པདྨའི་རིགས་དང་དབང་གི་དངོས་གྲུབ་ཐོབ༔ བྱང་དུ་ལས་ཀྱི་རིགས་དང་དྲག་པོའི་དངོས་གྲུབ་ཐོབ༔ མཚམས་བཞིར་དངོས་གྲུབ་ཕྲན་ཚེག་རེ་ཐོབ༔ རྩ་བ་ཚུར་བསྟན་འགྱེལ་ན་དངོས་གྲུབ་མེད༔ ལན་གསུམ་བསྐྱར་ཞིང་འགྱེལ་ན༔ བར་ཆད་འབྱུང་བས་བཟློག་པ་དྲག་པོ་བྱའོ༔ དེ་ནས་བར་ཆད་སྲུང་བའི་ཕྱིར༔ སྲུང་སྐུད་ལྔ་བསྒྲིལ་ལ་རྡོ་རྗེའི་མདུད་པ་བྱས་ལ༔ རྩ་སྔགས་གཤམ་དུ༔ བཛྲ་རཀྵ་རཀྵ་ཧཱུྃ༔ ཞེས་གདབ་ལ་འདོགས་པ་ནི༔ ཧཱུྃ༔ ལུས་ལ་བར་ཆད་བསྲུང་བའི་ཕྱིར༔ སྲུང་སྐུད་རྡོ་རྗེའི་མདུད་པ་ཅན༔ ཞི་ཁྲོ་རིགས་བརྒྱའི་ཕོ་བྲང་ཡིན༔ རྡོ་རྗེའི་གོ་ཆ་འདི་བགོས་པས༔ རླུང་མཁྲིས་བད་ཀན་འདུས་པ་སོགས༔ ནད་རྣམས་ཐམས་ཅད་བསྲུང་བར་བྱ༔ བརྒྱད་ཅུ་རྩ་གཅིག་ལ་སོགས་པའི༔ ལྟས་ངན་ཐམས་ཅད་བསྲུང་བར་བྱ༔ འདོད་ཆགས་ཞེ་སྡང་ལ་སོགས་པའི༔ ཉོན་མོངས་ཐམས་ཅད་བསྲུང་བར་བྱ༔ བྱད་ཕུར་རྨི་ལྟས་ངན་པ་སོགས༔ སྒྲུབ་ལ་བར་ཆད་ཐམས་ཅད་བསྲུང་༔ བསྲུང་བ་རྡོ་རྗེའི་གུར་ཆེན་འདི༔ དབང་སྣོད་བུ་མཆོག་རྡོ་རྗེའི་གུར༔ རྡོ་རྗེའི་ལྟེ་བར་ཕོ་བྲང་བཅའ༔ བླ་མ་ཡི་དམ་མཁའ་འགྲོ་ཡིས༔ དབང་བཞིའི་ཆུ་བོ་གསལ་བར་ཤོག༔ རྩ་སྔགས་བཛྲ་རཀྵ་རཀྵའི་གཤམ་དུ༔ ཕོ་གཡོན༔ མོ་གཡས་སུ་བཏགས་ཤིང་༔ རྡོ་རྗེའི་རྒྱ་གྲམ་གྱི་རྒྱས་བཏབ་བོ༔ དེ་ནས་ཀུ་ཤ་གཏད་ཅིང་ལེགས་ཉེས་རྨི་ལམ་བརྟག་པ་ནི༔ ཀུ་ཤ་སྤོས་ཆུ་བསངས་ཏེ༔ སྭ་བྷཱ་ཝཱའི་སྔགས་བརྗོད་དོ༔ ༀ་ཨཱཿཧཱུྃ་གིས་བྱིན་གྱིས་བརླབ༔ སྔགས་འདི་བརྒྱ་སྟོང་ཅི་འགྲུབ་བཟླས༔ ༀ་བཛྲ་ཎི་ཏྲི་བྷེ་ཤ་ཀེ་དུ་སྭཱ་ཧཱ༔ པྲ་ནི་སྟོན་ཅིག༔ ཅེས་གདབས༔ དེ་ནས་བསྣོལ་མར་བྱིན་ལ༔ ཧཱུྃ༔ སྔོན་ཡང་སྟོན་པ་བཅོམ་ལྡན་འདས༔ རྩྭ་མཆོག་ལ་ནི་སྟན་བྱས་ནས༔ བདུད་བཏུལ་ཆོས་ཀྱི་འཁོར་ལོ་བསྐོར༔ བྱང་ཆུབ་རྡོ་རྗེའི་སྐུ་བརྙེས་ལྟར༔ ཁྱོད་ཀྱང་རྟེན་འབྲེལ་ལ་གནས་མཛོད༔ ༀ་བཛྲ་ཏིཀྵ་ཎ་རཀྵ་བཾ༔ ཞེས་བྱིན༔ སློབ་བུས༔ ཧཱུྃ༔ བླ་མ་ཡི་དམ་མཁའ་འགྲོ་དང་༔ ཆོས་སྐྱོང་སྲུང་མ་ཐམས་ཅད་ཀྱིས༔ བདག་ལ་དགེ་དང་མི་དགེ་རྣམས༔ རྨི་ལམ་དུ་ནི་གསལ་བར་སྟོན༔ ཞེས་དམོད་པ་བོར་ཞིང་༔ བླ་མ་དང་དཀྱིལ་འཁོར་གྱི་ཕྱོགས་ལ་མགོ་གཏད་ལ༔ སེང་གེའི་ཉལ་སྟབས་ཀྱིས་རྨི་ལམ་བརྟག༔ ངན་ན་བཟློག་པ་དང་དྲག་པོའི་སྦྱིན་སྲེག་རྣམས་བྱའོ༔ ས་མ་ཡ༔ ཡང་རྒྱུད་ལས༔ ཕྱི་ནང་མཚམས་བཅད་ཉུ་ལེ་བསྐྲད༔ ཅེས་པས༔ རྒྱལ་ཆེན་རིགས་བཞི་མངའ་གསོལ་ནས་ཕྱི་མཚམས་བཅད༔ ཐེམ་པའི་རྩ་བར་དམ་སྲི་མནན༔ སྒོའི་ཡ་ཐེམ་ལ་བདུད་རྩི་འཁྱིལ་བའི་སྔགས་དང་སྐུ་ཕྱིའི་སྒོ་བསྲུང་དུ་གཞུག༔ ནང་ལོགས་སུ་རྟ་མགྲིན་བཞག་ལ༔ དངོས་གྲུབ་ཕྱིར་ཡལ་དུ་མི་གཞུག༔ ནང་ན་ཁྲོ་བོ་བཅུའི་སྐུ་ཕུར་པ་སྔགས་དང་བཅས་པས་མངའ་གསོལ༔ སྟེང་འོག་ཕྱོགས་མཚམས་རྣམས་སུ་གསང་བའི་མཚམས་བཅད༔ མ་ཏྲཾ་བསྒྲལ་ལ་ཞི་ཁྲོའི་ཕོ་བྲང་དུ་འབུལ་ལོ༔ ས་མ་ཡ༔ དེ་ནས་སྟ་གོན་གྱི་ལྷ་རྣམས་ནམ་མཁར་བཏེགས་ལ་བཞུགས༔ མཆོད་གཏོར་རྣམས་གང་འོས་སུ་བཞག་ལ༔ རིག་མ་དང་རྡོ་རྗེ་སློབ་དཔོན་ཆས་སུ་ཞུགས༔ དང་པོ་དྲི་བཟང་གི་ཆུས་ཆག་ཆག་གདབ་པ་ནི༔ ཧཱུྃ༔ ང་ནི་བདེ་གཤེགས་ཀུན་གྱི་ཡུམ༔ བདེ་ཆེན་གསང་བ་ཡངས་པ་ནས༔ བདེ་བ་ཆེན་པོའི་ཆུ་འབྲུག་པས༔ ཕོ་བྲང་དམ་པ་བཏབ་པར་བྱའོ༔ ཞེས་ཡུམ་གྱིས་ཆུ་གཏོར་རྐྱང་ནུལ་ལེགས་པར་བྱའོ༔ དེ་ནས་ཡང་རྒྱུད་ལས༔ གནམ་ཐིག་བར་ཐིག་ས་ཐིག་གདབ༔ ཚོན་རྣམས་བྱིན་བརླབ་དཀྱིལ་འཁོར་བྲི༔ ཞེས་བྱུང་བས༔ དང་པོ་གནམ་ཐིག་གདབ་པར་བྱ་བ་ནི༔ ཐིག་སྣ་ཡུམ་གྱིས་རྡོ་རྗེ་དྲིལ་བུ་དང་བཅས་པ་མཛོད་སྤུར་བཟུང་ལ༔ ཧཱུྃ༔ བྷ་ག་སྐྱེ་མེད་ཡུམ་གྱི་མཁའ་ཀློང་དུ༔ ཆོས་ཀྱི་སྐུ་ལས་ལོངས་སྤྱོད་རྫོགས་སྐུ་ཤར༔ གང་ཤར་རང་གྲོལ་སྤྲུལ་སྐུའི་མཛད་པ་ཅན༔ དག་པ་གཉིས་ལྡན་ཆོས་སྐུའི་གདུལ་མཎྜལ་་་བྱར་ཤར༔ ཨ་ཨ་ཨཿཞེས་གནམ་ཐིག་གདབ༔ དེ་ནས་བར་ཐིག་སྙིང་ཁར་བཟུང་ལ༔ ཧོཿསྣང་སྟོང་གཉིས་མེད་མཁའ་གསང་ཡངས་པ་འདིར༔ བདེ་ཆེན་འཁྲུལ་པ་མེད་པའི་ཐིག་གདབ་པས༔ ཡེ་ཤེས་ལྔ་ལྡན་ལོངས་སྐུའི་ཞིང་ཁམས་ཤར༔ ངེས་པ་ལྔ་ལྡན་སྐལ་བཟང་སྨིན་པར་བྱའོ༔ ཞེས་གདབ༔ དེ་ནས་ས་ཐིག་ཕྱོགས་མཚམས་བགོས་ལ༔ ཐིག་སྐུད་དཀར་དམར་གཉིས་སྤྲེལ་ལ༔ གསང་བའི་གནས་སུ་བཟུང་ལ༔ ཧཱུྃ༔ ཡུམ་གྱི་བྷ་གར་རཀྟ་དམར་པོའི་ནང་༔ ཡབ་ཀྱི་རྡོ་རྗེ་ཐིག་ལེ་དཀར་པོའི་ཐིག༔ དཀར་དམར་བྱང་སེམས་གཉིས་ཀྱི་ཐིག་གདབ་བས༔ སྤྲུལ་སྐུའི་དཀྱིལ་འཁོར་མ་ངེས་ལྷུན་གྱིས་གྲུབ༔ ཅེས་ཐིག་གདབ་པར་བྱས་ལ༔ ཆ་ཆེན་བཅུ་དྲུག་ཆ་ཕྲན་རྣམས་ལེགས་པར་བགོ༔ པདྨ་དུར་ཁྲོད་རྡོ་ར་མེ་རི་རྣམས་ཀུན་དང་མཐུན་ཞིང་༔ དབུས་ནི་དཔེའུ་ཆུང་ལྟར་གདབ་བོ༔ དེ་ནས་ཚོན་བྱིན་གྱིས་བརླབ་པ་ནི༔ དབུས་སུ་དཀར་པོ་ལ་ༀ་བྲི༔ ཤར་དུ་མཐིང་ཀ་ལ་ཧཱུྃ་བྲི༔ ལྷོར་སེར་པོ་ལ་སྭཱ་བྲི༔ ནུབ་དུ་དམར་པོ་ལ་ཨཱཾ་བྲི༔ བྱང་དུ་ལྗང་གུ་ལ་ཧཱ་བྲི༔ ནག་པོ་ལ་ཧཱུྃ་ཕཊཿབྲི༔ རང་ཉིད་སྐད་ཅིག་གིས་ཡི་དམ་ཡབ་ཡུམ་སྦྱོར་བ་བྱེད་པའི་བྱང་སེམས་དཀར་དམར་མཁའ་གསང་ནས་མཐེབ་སྲིན་གྱིས་བླང་ལ་རེག་པས༔ རཏྣ་ལྔར་བསམས་ལ༔ ཧཱུྃ༔ རྫས་ཀྱི་དཀྱིལ་འཁོར་ས་ཚོན་འདི༔ འབྲུ་ལྔའི་དཔའ་བོ་ཡབ་ཡུམ་སྦྱོར༔ རིགས་ལྔ་ཡབ་ཡུམ་བྱང་ཆུབ་སེམས༔ ཡེ་ཤེས་ལྔ་ལྡན་རཏྣར་གསལ༔ ཨཱེ་ཡཾ་རཾ་ཀེ་ཾརཾ་བྷྲཱུཾ༔ ཞེས་པས་འབྱུང་བ་རིམ་བརྩེགས་རི་རབ་ཁ་ལ་གཞལ་ཡས་ཁང་བྲི་བར་བསམས་ལ༔ དབུས་འགྱུར་མཐའ་མི་འགྱུར་བ་བྲིའོ༔ ཡང་རྒྱུད་ལས༔ དབང་རྫས་བསོགས་ལ་རྫས་རྣམས་བཀོད༔ ཅེས་པས༔ དང་པོ་བུམ་པ་སྟ་གོན་སྔོན་དུ་འགྲོ་དགོས་ཏེ༔ རྣམ་རྒྱལ་བུམ་པ་དང་ལས་བུམ་མོ༔ དེ་རྣམས་ཀྱང་༔ རིན་པོ་ཆེ་ཡིན་ན་རང་མདོག་མཛེས༔ རྫའམ་ཤིང་བུམ་ཡིན་ན་གཙོ་བོ་གང་ཡིན་གྱི་ཁ་དོག་བསྒྱུར༔ རིགས་ལྔའི་ཕྱག་མཚན་བྲི༔ དྲི་བཟང་པོའི་ཆུས་བཀྲུ༔ གུ་གུལ་ཀྱི་བདུག༔ བགེགས་བསྐྲད༔ མགུལ་ཆིང་ཕྱོགས་མདོག །དང་༔ གཟུངས་ཐག་རྡོ་རྗེས་མཚན་པ་བཏགས༔ སྲོག་ཆགས་མེད་པའི་ཆུ་དྲི་བསུང་དང་ལྡན་པ་བུ་མོ་གཙང་མས་བླུགས༔ རིན་པོ་ཆེའི་སྣོད་འབྲུའི་བཀང་བའི་སྟེང་དུ་བཞག༔ ཤར་དུ་དབང་ལག །སླེ་ཏྲེ་ཙན་དན་དཀར་པོ་ཀན་ད་ཀ་རི་ཆུ་དག་དཀར་པོ༔ སྨན་ལྔའི་བུམ་པ༔ ལྷོར་ཚྭ་མར་བུ་རམ་སྦྲང་རྩི་ཏིལ་དང་ལྔའོ༔ སྙིང་པོ་ལྔ་ཡི་བུམ་པ༔ ནུབ་ཏུ་འབྲས་ནས་གྲོ་སོ་བ་སྲན་མ་དང་ལྔའོ༔ འབྲུ་ལྔའི་བུམ་པ༔ བྱང་དུ་ག་བུར་གུར་གུམ་ཙན་ཏན་སྨུག་པོ་གླ་རྩི་ཛཱ་ཏིདྲི་ལྔའི་བུམ་པ༔ དབུས་སུ་གསེར་དངུལ་མུ་ཏིག་བྱེ་རུ་ུམུ་མན་དང་ཉེར་ལྔ་ཐིམ་པའོ༔ རིན་པོ་ཆེ་ལྔ་དང་ཀུན་འདུས་ཀྱི་བུམ་པ༔ དེ་རྣམས་ཀྱི་ནང་དུ་རིགས་ལྔའི་ལྷ་དང་༔ རིགས་བརྒྱའི་ལྷ་ཚོགས་བསམས་ལ༔ རྩ་སྔགས་ༀ་ཨཱ་ཧཱུྃ་བོ་དྷི་ཙིཏྷ་མ་ཧཱ༴ཞེས་ཚང་བ་བདུན་བདུན་བཟླས་པས་ཁ་རྒྱན་གཟུགས༔ དམིགས་པ་ནི་དཔག་བསམ་གྱི་ཤིང་ཁ་དོག་མ་ཡལ་བ་མེ་ཏོག་འབྲས་བུ་དང་བཅས་པ་ལྡན་པར་བསམ༔ རྩ་སྔགས་བཟླས་ཤིང་༔ གཟུང་ཐག་འདོད་ཡོན་ལྔའི་རང་བཞིན༔ ཁ་དོག་རིགས་ལྔའི་ངོ་བོར་བསམ༔ རིན་པོ་ཆེ་ལྔ་པོ་འབྱོར་པ་ཆུང་ཡང་༔ རྣམ་རྒྱལ་བུམ་པ་ངེས་པར་དགོས་སོ༔ བུམ་པ་ཚོམ་བུའི་སྟེང་དུ་ངེས་པར་དགོད་དོ༔ ལས་བུམ་བྱང་ཤར་མཚམས་སུའོ༔ བུམ་ནང་གང་ཡིན་གྱི་ལྷ་བསྐྱེད༔ སྙིང་པོ་བཟླ༔ བཞུ་བརྟུལ་དང་མཆོད་བསྟོད་བྱའོ༔ ཐུན་མོང་རིག་པའི་དབང་ལྔའི་རྫས༔ ཤར་དུ་ཆུ༔ ལྷོར་དབུ་རྒྱན༔ ནུབ་ཏུ་རྡོ་རྗེ༔ བྱང་དུ་དྲིལ་བུ༔ དབུས་སུ་རྣམ་སྣང་གི་སྐུ་རྣམས་བཀོད༔ བུམ་དབང་ལྷ་དང་འབྲེལ་བས་དམ་པ་རིགས་བརྒྱའི་སྐུ་རྒྱབ་ཡིག་ཏུ་བྱ་བ་དང་༔ མཐའ་རྟེན་རྗེས་ཀྱི་དབང་རྫས་རྒྱལ་སྲིད་སྣ་བདུན་བཀྲ་ཤིས་རྫས་བརྒྱད༔ གཏོར་དབང་རེག་པ་དོན་ལྡན་དང་བཅས་པ་བཀོད༔ གསང་དབང་དང་འབྲེལ་ན༔ ཀ་པཱ་ལ་ལྔར་བདུད་རྩི་བྱང་སེམས་དཀར་དམར་གྱི་མཚན་པ་བླུགས༔ ཞེས་དེ་ལ་ཡེ་ཤེས་པ་བསྟིམ༔ བདག་ཉིད་ཡེ་ཤེས་སྙིང་པོ་འཇུག་པར་རྒྱས་ལ་བདུད་རྩིར་གཞུག༔ དར་ཁ་དོག་ལྔའི་གཡོགས་ལ་བཞག་གོ༔ ཤེས་རབ་ཡེ་ཤེས་ཀྱི་དབང་དང་འབྲེལ་ན༔ བུ་མོ་མཚན་ལྡན་རིགས་ལྔའི་རྟགས་དང་མཐུན་པ་ལྔ་ཁྲུས་ནས་དབྱུང་༔ རིག་མ་རྒྱན་གྱིས་བརྒྱན་ལ་མཁའ་འགྲོ་མར་མངའ་གསོལ་ལ་བཞག་གོ༔ ཚིག་དབང་དང་འབྲེལ་ན་དཀྱིལ་འཁོར་གྱི་དབུས་ཀ་པཱ་ལའི་སྟེང་དུ༔ མན་ཤེལ་བཟང་པོ་འོད་ཟེར་འཕྲོ་བ་གཅིག་བཤམ༔ ཤར་གྱི་པད་འདབ་ཀྱི་སྟེང་དུ་ལུ་གུ་རྒྱུད་སྦྲེལ་མ་བྲིས་ལ་བཤམ༔ ལྷོར་རྨ་བྱའི་མདོངས༔ ནུབ་ཏུ་མེ་ལོང་༔ བྱང་དུ་ཚོགས་དྲུག་གི་ངོ་སྤྲོད་རྣམས་བཤམ་མོ༔ བུམ་དབང་རྐྱང་པ་ལ་གོང་གི་དེས་ཆོག༔ གཞན་ཡང་ཙཀ་ལི་དང་༔ རྡོར་དྲིལ་དང་༔ དབང་ཆས་དང་༔ མཆོད་ཆ་དང་༔ བསྐང་ཆ་དང་༔ ཚོགས་ཆས་དང་༔ གར་ཆས་དང་༔ གིང་ཆས་རྣམས་མ་ཚང་བ་མེད་པར་བསོགས་ལ༔ དང་པོ་བུམ་པ་དགོད་པ་ནི༔ ཧཱུྃ༔ སྐྱེ་མེད་ཆོས་དབྱིངས་བུམ་པའི་ནང་༔ སྐུ་གསུམ་དཀྱིལ་འཁོར་ཡོངས་རྫོགས་གསལ༔ ལོངས་སྤྱོད་རྫོགས་སྐུའི་ཁ་རྒྱན་ལ༔ སྤྲུལ་སྐུའི་རྟགས་འཛིན་གཟུངས་ཐག་ལྡན༔ དངོས་གྲུབ་སྩོལ་བའི་རྟེན་དུ་བཞུགས༔ ཞེས་པ་དང་རྩ་སྔགས་བརྗོད་ལ༔ མཉྫིའི་ཁར་གང་མཐོའི་སྟེང་དུ་བཞག་གོ༔ དེ་ནས་ལྷ་རྣམས་གདན་ལ་བཀོད་པ་ནི༔ ཧཱུྃ༔ ཆོས་སྐུ་ཐིག་ལེ་ཉག་གཅིག་ལ༔ ལོངས་སྤྱོད་རྫོགས་སྐུའི་ལྷ་ཚོགས་ཤར༔ སྤྲུལ་སྐུ་མ་ངེས་སྐུར་བཞེངས་ལ༔ དབང་བསྐུར་བྱིན་བརླབ་རྟེན་དུ་བཞུགས༔ རྩ་སྔགས་བརྗོད༔ དེ་ནས་དཀྱིལ་འཁོར་རྒྱན་རྣམས་བཀྲམ་ཞིང་བཀོད་པ་ནི༔ ཧཱུྃ༔ ཐེག་པའི་རྩེ་མོ་ཡས་ཕུབ་གདུགས་དང་ནི༔ ཡེ་ཤེས་ལྔ་ལྡན་ཚོན་གྱི་དྲྭ་མིག་ཅན༔ འཁོར་འདས་ཀུན་ཤོངས་བླ་བྲེེ་གུར་ཆེན་ལས༔ བསྟན་པ་འཛུགས་པའི་རྒྱལ་མཚན་བརྒྱད་དང་བཅས༔ འགྲོ་དྲུག་འདྲེན་ཕྱིར་དྲྭ་ཕྱེད་པཎ་ཕུར་དང་༔ ཤེས་རབ་གསུམ་ལྡན་དར་ཁང་གསུམ་རིམ་པ༔ དུག་གསུམ་འཇོམས་པའི་སྟག་གཟིག་རྒབ་བསྐོར་བྱས༔ མཛེས་སྡུག་བཀྲམ་པའི་མེ་ཏོག་ཕྲེང་བ་རྣམས༔ ཕོ་བྲང་བྱིན་འབེབ་རྒྱན་དུ་བརྟན་པར་བཞུགས༔ གདུགས་དྲ་མིག༔ བླ་བྲེ༔ ཡོལ་བ༔ རྒྱལ་མཚན༔ པཎ༔ འཕུར་མ༔ དར་ཁྲབ༔ དར་ཁང་༔ རྒབ་བསྐོར༔ མེ་ཏོག་ཆུན་འཕྱངས་རྣམས་བཀྲམ་མོ༔ དེ་ནས་མདའ་དང་༔ མེ་ལོང་ལས་བུམ༔ མཚམས་ཕུར་རྣམས་ཐོགས་ལ༔ ཧཱུྃ༔ སྐྱེ་ཤི་རྩད་གཅོད་དར་ཁྲབ་བཞི་དང་ནི༔ ཤེས་རབ་ཚུལ་ལྡན་རབ་ཏུ་འབིག་པའི་མདའ༔ ཚོགས་དྲུག་རང་གྲོལ་མེ་ལོང་བཞི་དང་ནི༔ རིགས་ལྔ་ཡེ་ཤེས་ལྔ་མཚོན་དར་སྣ་ལྔ༔ བག་ཆགས་ཀུན་བཀྲུས་ལས་བུམ་དམ་པ་དང་༔ བདུད་བཞི་ཚར་གཅོད་ཡེ་ཤེས་ཕུར་པ་བཞི༔ དཀྱིལ་འཁོར་བྱིན་འབེབ་རྒྱན་དུ་བརྟེན་པར་བཞུགས༔ ཞེས་བཀོད༔

དེ་ནས་སྨན་རཀ་གཏོར་གསུམ་མར་མེ་དང་བཞི༔ ཕྱི་ནང་མཆོད་པ་འབྱོར་ཚད་བཤམ༔ ཧཱུྃ༔ འཁོར་བ་ཡོངས་སྒྲོལ་དམ་རྫས་གཏོར་ཆེན་དང་༔ དུག་ལྔ་སེལ་བའི་བདུད་རྩི་ཨ་མྲྀ་ཏ༔ འགྲོ་དྲུག་དབྱིངས་སྒྲོལ་རཀྟ་དམར་གྱི་མཆོག༔ ཚོགས་དྲུག་རང་གྲོལ་ཕྱི་ནང་མཆོད་པའི་རྫས༔ མི་འགྱུར་བརྟན་པའི་རྡོ་རྗེ་ཨཱ་ཡུ་ཚེ༔ རྣམ་རྟོག་མུན་སེལ་ཡེ་ཤེས་མར་མེ་རྒྱས༔ རྟེན་འབྲེལ་ཕུན་ཚོགས་བརྒྱད་བརྒྱད་རིན་ཆེན་བརྒྱན༔ དཀྱིལ་འཁོར་བྱིན་འབེབས་མཆོད་པའི་རྫས་སུ་བཞུགས༔ དེ་ནས་རྡོར་དྲིལ༔ རྔ༔ ཌཱ་མ་རུ༔ རྐང་གླིང་༔ དུང་༔ པི་ཝང་ལ་སོགས་རོལ་མོ་རྣམས་ཐོགས་ལ༔ ཧཱུྃ༔ ཆོས་སྐུ་མི་དམིགས་རྡོ་རྗེ་སྐུ་འབར་དང་༔ ཆོས་སྒྲ་བསིལ་བའི་སིལ་སྙན་དྲིལ་བུ་དང་༔ སྟོང་གསུམ་སྒྲ་སྒྲོགས་ཆོས་སྒྲ་རྔ་མཆོག་དང་༔ མ་སྲིང་མཁའ་འགྲོ་འབོད་པའི་རྐང་གླིང་དང་༔ དམ་ཅན་མཁའ་འགྲོ་འདུ་བའི་ཌཱ་མ་རུ༔ ཚངས་པའི་གསུང་དབྱངས་ཆོས་ཀྱི་འབྲུག་སྒྲ་དུང་༔ རྩ་གསུམ་ལ་སོགས་མཆོད་པའི་རྟེན་དུ་བཞུགས༔ ཞེས་རོལ་མོ་རྣམས་བསྒྲགས་ཤིང་དཀྱིལ་འཁོར་བསྐོར༔ ས་མ་ཡ༔ དེ་ནས་ཡང་རྒྱུད་ལས༔ ཆས་ཞུགས་རྒྱན་འབུལ་རྟགས་གདབ་དང་༔ མངའ་གསོལ་གྲལ་བཤམ་བྱིན་དབབ་བོ༔ ཞེས་པས༔ རྡོ་རྗེ་སློབ་དཔོན་ཡབ་ཡུམ་གྱི་སྐུ་ལ་ཞི་ཁྲོའི་རྒྱན་སྤེལ་མར་གསོལ་ཏེ༔ རིན་པོ་ཆེའི་དབུ་རྒྱན་དང་ཐོར་ཚུག༔ ཅོད་པཎ༔ སྙན་ཆ་མགུལ་ཆུ༔ སེ་མོ་དོ༔ དཔུང་རྒྱན༔ ཕྱག་གདུབ༔ ཞབས་གདུབ་དོ་ཤལ༔ རུས་པའི་རྒྱན་དྲུག་དང་༔ དར་ཟབ་ཀྱི་སྟོད་གཡོགས་སྨད་དཀྲིས༔ དྲི་བཟང་བྱུགས་པའི་རིན་པོ་ཆེའི་ཕྲེང་བ་རྣམས་གཙོ་བོ་ནས་རིམ་གྱིས་གསོལ་ཏེ༔ ཚིག་འདིས་བསྐུལ་ལོ༔ ཧཱུྃ༔ རྣལ་འབྱོར་འབྲས་བུ་ལམ་ཞུགས་ཕྱིར༔ རྟགས་ནི་ཕྱག་རྒྱ་འདི་ལྟར་གསལ༔ དབུ་རྒྱན་ཅོད་པཎ་ཕྲེང་བ་དང་༔ དོ་ཤལ་དཔུང་རྒྱན་སེ་མོ་དོ༔ སྟོད་གཡོགས་སྨད་དཀྲིས་ཤམ་བུར་ལྡན༔ ཕྱག་གདུབ་ཞབས་གདུབ་རབ་ཏུ་སྤྲས༔ རིན་ཆེན་རུས་པའི་རྒྱན་མཆོག་རྣམས༔ འདོད་ཡོན་མ་སྤང་རྒྱན་དུ་བཞེས༔ ཞེས་གསོལ༔ གིང་ཆས་གསོལ་བ་ནི༔ སྟག་ཤམ༔ རུས་རྒྱན༔ སྙིང་ཕྲེང་༔ གྲི་རྣམས་གཏད་ལ༔ ཧཱུྃ༔ འགྲོ་དྲུག་འཁོར་བའི་སེམས་ཅན་རྣམས༔ ཡེ་ཤེས་དྲུག་ཏུ་སྦྱོར་ཞིང་སྤོར༔ སྟག་ཤམ་རུས་རྒྱན་སྙིང་ཕྲེང་གྲི༔ རྡོ་རྗེ་གིང་ཆེན་སྐུ་ལ་གསོལ༔ ཞེས་ཆས་གོས་རྣམས་རིམ་པར་གསོལ༔ དེ་ནས་རྟགས་གདབ་པ་ནི༔ གིང་གི་ཆས་གོས་གསོལ་ཀྱང་ཆོག་སྟེ༔ ནན་ཏན་ཐུགས་རྗེ་མི་འགྱུར་བརྟན་པར་བྱ་བའི་ཕྱིར༔ རྐོང་བུ་གསུམ་དུ་རྟགས་གསུམ་ཐོགས་ཤིང་གདབ་པ་ནི༔ ཧཱུྃ༔ ཧེ་རུ་ཀ་ཡི་གནས་བཅུ་དང་༔ དུར་ཁྲོད་ཆེན་པོའི་གནས་བརྒྱད་ནས༔ དབང་ཆེན་ཡབ་ཡུམ་བྱིན་བརླབ་ཕྱིར༔ དཔལ་ཆེན་མཁའ་འགྲོ་གིང་གསུམ་དང་༔ རྣམ་དག་གཅིག་ཏུ་བསྲེས་པའི་ཕྱིར༔ ཞུན་ཆེན་རཀྟ་ཐལ་བའི་མཚན༔ སྔོན་གྱི་ཐ་ཚིག་རྟགས་ཀྱི་རྒྱ༔ ༀ་སརྦ་ཨཱ་ན་ལརྒ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་པ་དང་༔ ཁྱད་པར་ལི་ཁྲིའམ༔ སིནྡྷུ་ར་ཆང་དང་སྦྱར་ལ༔ སྨིན་མཚམས་སུ་ཐིག་ལེ་བྱའོ༔ དེ་ནས་མངའ་གསོལ་ལ༔ ལས་ཀྱི་གཉེར་གཏད་པ་ནི༔ རྡོ་རྗེ་སློབ་དཔོན་ལ་ཞལ་སྐྱེམས་དྲངས་ཤིང་༔ རྒྱལ་ཐེབ་ཀྱིས་མངའ་གསོལ་བ་ནི༔ ཧཱུྃ༔ དུས་གསུམ་རྒྱལ་བའི་གདུང་འཚོབ་མཆོག༔ མཆོག་ཐུན་དངོས་གྲུབ་འབྱུང་བའི་གནས༔ ཀུན་བཟང་སྟོན་པར་མངའ་གསོལ་གྱི༔ དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ༔ ཧཱུྃ༔ རྡོ་རྗེ་ཕག་མོའི་རྣམ་འཕྲུལ་ཏེ༔ བཅུ་དྲུག་རྩ་བཟང་རིགས་དང་ལྡན༔ རྡོ་རྗེ་སློབ་དཔོན་དགྱེས་པ་སྐོང་༔ ཀུན་ཏུ་བཟང་མོར་མངའ་གསོལ་གྱི༔ དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ༔ ཧཱུྃ༔ རྡོ་རྗེ་སློབ་དཔོན་ཐུགས་ཀྱི་སྲས༔ དམ་ཆོས་བདུད་རྩིའི་ཆར་འབེབས་ཕྱིར༔ རྡོ་རྗེ་རྒྱལ་ཐེབ་མངའ་གསོལ་གྱི༔ དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ༔ ཧཱུྃ༔ ཡེ་ཤེས་སྤྱན་གྱིས་བསྒྲིབ་མེད་གཟིགས༔ དངོས་གྲུབ་བགེགས་ཀྱི་དྲོད་ཚད་འབྱེད༔ རྡོ་རྗེ་སྤྱན་མར་མངའ་གསོལ་གྱི༔ དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ༔ ཧཱུྃ༔ རྡོ་རྗེ་དུས་ཀྱི་ཚོད་འཛིན་ཅིང་༔ ཐུགས་དམ་དུས་སུ་བསྐུལ་བའི་ཕྱིར༔ དུས་ཀྱི་ཚོད་འཛིན་མངའ་གསོལ་གྱི༔ དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ༔ ཧཱུྃ༔ ཕྱི་ནང་བར་ཆོད་མཚམས་གཅོད་ཅིང་༔ དངོས་གྲུབ་བགེགས་ཞི་བར་ཆད་ཟློག༔ རྡོ་རྗེ་མཚམས་པར་མངའ་གསོལ་གྱི༔ དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ༔ ཧཱུྃ༔ འགྲོ་དྲུག་ཐུགས་རྗེས་འཛིན་ཅིང་སྒྲོལ༔ གཟུགས་ཕུང་ཡེ་ཤེས་ལྷ་ལ་སྟོབ༔ རྡོ་རྗེ་གིང་ཚོགས་མངའ་གསོལ་གྱི༔ དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ༔ ཧཱུྃ༔ ལྷ་དང་བླ་མ་མཉེས་བྱའི་ཕྱིར༔ ལུས་ངག་ཡིད་གསུམ་གུས་པར་ལྡན༔ གསང་བའི་ཕྱག་ཚང་མངའ་གསོལ་གྱི༔ དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ༔ ཧཱུྃ༔ བཟའ་བཏུང་གཡོས་མཁས་གཙང་སྦྲ་ལྡན༔ ཞལ་ཟས་རོ་མཆོག་བརྡ་སྦྱོར་ཕྱིར༔ རྡོ་རྗེ་བྱན་མོར་མངའ་གསོལ་གྱི༔ དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ༔ ཧཱུྃ༔ བླ་མ་ལྷ་ལ་རབ་གུས་ཤིང་༔ ཞལ་ཟས་ཚོགས་མཆོད་འབུལ་ལ་བརྩོན༔ རྡོ་རྗེ་ཕུད་བདག་མངའ་གསོལ་གྱི༔ དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ༔ ཧཱུྃ༔ ཕྱི་ནང་ཤན་འབྱེད་ངོ་མི་བསྲུང་༔ ཕྱོགས་མཚམས་ཐོ་བསྲུང་བརྡ་དོན་སྤྲད༔ རྡོ་རྗེ་བརྡ་སྦྱོར་མངའ་གསོལ་གྱི༔ དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ༔ ཧཱུྃ༔ བླ་མའི་བཀའ་བཞིན་བསྒྲུབ་པ་དང་༔ མཆེད་ལྕམ་ཀུན་དང་མཐུན་འཇུག་ཕྱིར༔ རྡུལ་ཕྱག་སྐྱེས་བུར་མངའ་གསོལ་གྱི༔ དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ༔ ཧཱུྃ༔ གསལ་དག་འཛབ་མཁས་བརྩོན་དང་ལྡན༔ དངོས་གྲུབ་རྣམ་གཉིས་བསྒྲུབ་བྱའི་ཕྱིར༔ རྡོ་རྗེ་མཆེད་ལྕམ་མངའ་གསོལ་གྱི༔ དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ༔ ཞེས་སྐྱེམས་དྲངས་ཤིང་༔ རང་རང་གི་མངའ་གསོལ་ལྟར་ལས་ཀྱི་གཉེར་གཏད་པར་བྱའོ༔

དེ་ནས་གྲལ་བཤམ་པ་ནི༔ རྡོ་རྗེ་སློབ་དཔོན་གོང་གྲལ༔ གཡས་སུ་རྡོ་རྗེ་རྒྱལ་ཐེབ་བཞི༔ གཡོན་དུ་ཡུམ་ཀུན་ཏུ་བཟང་མོའི་བུམ་འཛིན་བཞི་འམ་ལྔ༔ ཤར་དུ་རྡོ་རྗེ་སྤྱན་མ༔ ལྷོར་རྡོ་རྗེ་དུས་འཛིན༔ ནུབ་ཏུ་རྡོ་རྗེ་མཚམས་པ་བཞི༔ བྱང་དུ་རྡོ་རྗེ་གིང་ཆེན༔ ཤར་ལྷོར་ཕྱག་ཚངས༔ ལྷོ་ནུབ་ཏུ་བྱན་ཕོ་བྱན་མོ༔ ནུབ་བྱང་དུ་ཕུད་བདག༔ བྱང་ཤར་དུ་བརྡ་སྦྱོར་དང་༔ རྡུལ་ཕྱགས༔ དེ་དག་གི་བར་མཚམས་རྣམས་སུ་མཆེད་ལྕམ་རྣམས་འདུག་གོ༔ དེ་དག་གྲལ་ལ་བཞུགས་ཤིང་ཚིག་འདིས་བསྐུལ་ལོ༔ ཧཱུྃ༔ སྟོན་པ་རྡོ་རྗེ་རྒྱལ་པོ་དང་༔ རྡོ་རྗེ་རྒྱལ་ཐེབ་གཟུངས་མར་བཅས༔ མ་ལུས་མཆེད་དང་ལྕམ་དྲལ་རྣམས༔ རང་རང་གྲལ་དུ་བཞུགས་སུ་གསོལ༔ ཞེས་བརྗོད༔ ལྟ་སྤྱོད་དམ་ཚིག་མི་མཐུན་པ་ནི་བསྒྲུབ་པའི་བར་ཆད་འགྱུར་བས་སྤང་བར་བྱའོ༔ རྡོ་རྗེའི་གྲལ་བཀོད་ནས༔ སྟན་མི་དཀྲུགས༔ གྲལ་མི་སྤོ༔ དེ་ནས་བྱིན་འབེབས་པ་ནི༔ སྤོས་བསྲེག༔ རོལ་མོ་དཀྲོལ༔ མདའ་དར་གཡབ༔ དཀྱིལ་འཁོར་བསྐོར་ཞིང་བྱིན་འབེབས་ལོག་ནས་བྱུང་བ་ལྟར་བྱེད་དོ༔

དེ་ནས་སྟ་གོན་གྱི་དུས་སུ་ལྷ་ནམ་མཁའ་ལ་བཏེགས་པ་དེ་ཉིད༔ ཛཿཧཱུྃ་བཾ་ཧོས་ས་ལ་ཕབ་ལ༔ དཀྱིལ་འཁོར་གྱི་ལྷ་དང་གཉིས་སུ་མེད་པར་བསྲེས་ལ་ཡེ་ཤེས་ཀྱི་རང་བཞིན་དུ་བྱའོ༔ དེ་ནས་རྡོ་རྗེ་སློབ་དཔོན་གྱིས་བསྒྲུབ་མཆེད་རྣམས་ལ་བསླབ་བྱ་བསྟན་པ་ནི༔ རྒྱུད་ལས༔ ཐམས་ཅད་གྲལ་འདུག་བསླབ་བྱ་བསྟན༔ ཞེས་པས༔ འདི་ལྟར་དུ་བསྟན་པར་བྱའོ༔ འོ༔ སྐལ་བ་དང་ལྡན་པའི་རྣལ་འབྱོར་ཕོ་མོ་མཆེད་དང་ལྕམ་དྲལ་འདིར་འདུས་པ༔ དཀྱིལ་འཁོར་དང་མར་མེ་གཅིག་ལ་བལྟ་བ་ཁྱེད་རྣམས་ཉོན་ཅིག༔ གསང་སྔགས་རྡོ་རྗེ་ཐེག་པ་འདི་འབྲས་བུའི་ཆོས་ཡིན་པས་བཀའ་ལ་ཉན་ཅིང་དམ་ཚིག་དང་ལྡན་པས་བསྒྲུབ་པར་བྱའོ༔ དེ་ཡང་སྒྲུབ་པ་ཆེན་པོའི་དཀྱིལ་འཁོར་འདི་ལྟ་བུར་ཞུགས་ནས༔ རྡོ་རྗེ་སློབ་དཔོན་ནི་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ༔ དཀྱིལ་འཁོར་ཐམས་ཅད་ཀྱི་གཙོ་བོར་བཟུང་ཞིང་༔ མཆེད་དང་ལྕམ་དྲལ་རྣམས་ནི་ལྷ་དང་ལྷ་མོར་ཟུངས་ཤིག༔ འདོད་ཡོན་གྱི་ལོངས་སྤྱོད་རྣམས་ནི་ཚོགས་ཀྱི་འཁོར་ལོར་བཟུང་ཞིང་༔ གནས་མཆོག་འདི་ཡང་འོག་མིན་གྱི་གནས་སམ༔ སངས་རྒྱས་ཀྱི་ཞིང་དུ་མོས་པ་གྱིས༔ གནས་ཁང་འདིའང་རིན་པོ་ཆེའམ་ཡེ་ཤེས་ལྔའི་གཞལ་ཡས་ཁང་རྒྱ་ཁྱོན་ཕུན་སུམ་ཚོགས་པར་ཤེས་པར་གྱིས་ཤིག༔ སྤྱོད་ལམ་དང་ལུས་ངག་གི་རྣམ་འགྱུར་ཇི་ལྟར་མཐོང་ཡང་༔ འགགས་མེད་ཡེ་ཤེས་ཀྱི་རོལ་པས་ཆོས་སྐུ་སྐྱེ་མེད་ཀྱི་རང་རྩལ་དུ་ཤེས་པར་གྱིས་ཤིག༔ མདོར་ན་ཅིར་སྣང་ཐམས་ཅད་ལྷའི་དཀྱིལ་འཁོར་ལ་མ་ཡེངས་པར་ཟུངས་ཤིག༔ སྒྲ་གྲགས་ཐམས་ཅད་སྔགས་ཀྱི་རོལ་པ་ལ་མ་ཡེངས་པར་ཟུངས་ཤིག༔ གྲགས་སྟོང་ཆོས་ཉིད་ཀྱི་རོལ་པ་ལ་མ་ཡེངས་པར་ཟུངས་ཤིག༔ ཐ་མལ་གྱི་འཁྲུལ་སྣང་ལོང་གཏམ་ངན་རྟོག་གི་བསམ་པ་རང་ཁ་མ་ཐམས་ཅད་སྤོངས་ཤིག༔ བདུད་དང་བར་ཆད་ཀྱིས་གླགས་ཚོལ་བ་ནི་མང་ངོ་༔ དངོས་གྲུབ་ཐོབ་ཁར་སད་ལ་མ་སྐུར་ཅིག༔ སློབ་དཔོན་དང་རྒྱལ་ཐེབ་རྣམས་ཀྱིས་ཡབ་ལྟ་བུའི་འདུ་ཤེས་བསྐྱེད་ལ༔ བརྩེ་བའི་ཐུགས་རྗེས་མི་ཤིས་པ་རྣམས་ལ་ལེགས་པར་སློབས་ཤིག༔ མཆེད་ལྕམ་རྣམས་ཀྱིས་ཀྱང་སློབ་དཔོན་གཙུག་གི་ནོར་བུ་ལྟར་ཁུར་ལ༔ ཅི་གསུང་ཐམས་ཅད་བསྒྲུབ་ལ་ལུས་ངག་ཡིད་གསུམ་ཚུལ་དང་མཐུན་པར་གྱིས་ཤིག༔ མཆེད་དང་ལྕམ་དྲལ་རྣམས་ཀྱང་༔ དགོས་མཛའ་དང་༔ དགོས་མཐུན་དང་༔ ངན་སྡེབ་དང་༔ ཕྱོགས་རིས་དང་༔ ཉེ་རིང་དང་༔ ཟུར་ཟ་དང་༔ འགྲན་སེམས་དང་༔ ལོག་ལྟ་དང་༔ ཕྲག་དོག་དང་༔ ལྐོག་འབུག་དང་༔ ངན་སེམས་དང་༔ ཁ་འཛིངས་དང་༔ འཐབ་རྩོད་དང་༔ མདོར་ན་ཆོས་དང་མི་མཐུན་ཞིང་དམ་ཚིག་དང་འགལ་བའི་ལས་ཐམས་ཅད་མ་བྱེད་ཅིག༔ གཟུངས་མ་རྣམས་ཀྱིས་ཀྱང་༔ མཛའ་སྡུག་དང་༔ མཉམ་འགྲོགས་དང་༔ བརྙས་སེམས་སྤོངས་ལ༔ ངོས་དགའ་དང་༔ ཆགས་སེམས་དང་༔ མིག་སེར་དང་༔ ཕྲག་དོག་རྣམས་སྤོངས་ལ༔ གང་ལ་གང་དགྱེས་པའི་བཞེད་པ་རྣམས་སྐོངས་ཤིག༔ གཞན་ཡང་འཛབ་ཀྱི་སྒྲ་མ་བཅག་ཅིག༔ ཆང་དང་གཉིད་དབང་དང་༔ ལེ་ལོ་དང་ཚོད་ཡོད་དང་༔ བྲེ་མོའི་གཏམ་དང་༔ འཁྲུལ་རྟོག་ངན་རྟོག་ལ་སོགས་པ༔ བྱང་ཆུབ་བསྒྲུབ་པའི་བར་ཆད་གཡེངས་པའི་ལམ་དུ་མ་བཏང་བར༔ ཉིན་མཚན་མེད་པར་སྒྲུབ་པ་ལ་བརྩོན་པར་གྱིས་ཤིག༔ དུས་སྐད་ཅིག་ཀྱང་གཏན་གྱི་འདུན་མ་བསྒྲུབ་པའི་དུས་ཡིན་པས༔ བརྩོན་འགྲུས་དང་སྙིང་རུས་དད་མོས་ཆེ་བ་རྣམས་དངོས་གྲུབ་ཐོབ་ཅིང་འཚིངས་པ་ཡིན་པས་འབད་པ་ཐོན་ཅིག༔ རྒྱ་གར་དུ་ཚོམ་བུ་ཚོགས་སྒྲུབ་བྱ་བ་དང་༔ བོད་དུ་སྒྲུབ་ཆེན་དབང་སྒྲུབ་བྱ་བ་ཐམས་ཅད་འདུས་ཤིང་བསྒྲུབ་པ་ཟབ་ལ་མྱུར་བ༔ བྱིན་རླབས་དང་དངོས་གྲུབ་ཆེ་བ༔ དཀྱིལ་འཁོར་གཅིག་ཏུ་མཆེད་ལྕམ་མང་པོས་སངས་རྒྱས་དུས་གཅིག་ལ་བསྒྲུབ་ཅིང་༔ བསྒྲུབ་པ་ཐོན་ནས་དབང་བཞི་གདན་ཐོག་གཅིག་ཏུ་བསྐུར་བས༔ སྨིན་གྲོལ་དུས་གཅིག་ལ་འཛོམས་ཤིང་༔ བཅུ་གསུམ་རྡོ་རྗེ་འཛིན་པའི་ས་ཐོབ་པ་དབང་པོ་ཡང་རབ་རྒྱལ་པོ་ཨིནྡྲ་བྷཱུ་དྷི་ལྟ་བུ་འཁོར་བ་མ་སྤངས་སྐད་ཅིག་ལ་སངས་རྒྱས་པའི་བསྒྲུབ་པ་དང་ཆོས་ཡིན་པས༔ ལུས་ངག་ཡིད་གསུམ་དད་པའི་ཤུགས་ཕྱུངས་ལ༔ བརྩོན་འགྲུས་ཀྱིས་ལྕགས་བྲོབ༔ སྙིང་རུས་ངར་སྐྱེད༔ དུས་ཡང་ཡང་དབང་བསྐུར་ཟབ་མོ་འདི་ལྟ་བུ་དང་འཕྲད་པར་དཀའོ༔ ད་ལན་འབད་པ་སྙིང་ནས་ཐོན་ཅིག༔ གལ་ཏེ་བདག་གི་བརྩེ་བའི་སེམས་ཀྱིས་བཀའ་བསྒོས་པ་ལས་འདའ་བ་དེ་ནི་ཚོགས་མ་བསགས་ཤིང་སྐལ་བ་མེད་པས༔ བདུད་ཀྱི་དབང་དུ་གྱུར་ཅིང་དངོས་གྲུབ་མི་ཐོབ་པས༔ ལུས་ངག་ཡིད་གསུམ་སྒྲིམས་ཤིག༔ སློབ་དཔོན་བྱམས་པའི་ངག་དང་བདེ་གཤེགས་རྒྱལ་བའི་བཀའ་ལ་ཉན་པ་རྣམས༔ འདི་ཕྱི་གཉིས་ཀ་འཚིངས་པ་ཡིན་པས༔ མི་བརྗེད་དྲན་པས་ཟུངས་ལ་སྙིང་ལ་ཞོག་ཅིག༔ ཞོག་ཅིག༔ ཅེས་ཡང་ནས་ཡང་དུ་བཀའ་ནན་ཆེ་བར་བྱའོ༔ དེ་ནས་ཡང་རྒྱུད་ལས༔ མཎྜལ་འབུལ་ལ་ཞུ་བ་ཕུལ༔ དཀྱིལ་འཁོར་བསྐོར་ལ་སྒོ་བཞི་དབྱེ༔ ཞེས་པས༔ མཎྜལ་ཕུལ་ལ་འདི་སྐད་ཞུའོ༔ ཀྱེ་ཧོ་འགྲོ་མགོན་བླ་མ་རྗེ༔ བདག་ཅག་སྐལ་ལྡན་བུ་རྣམས་ནི༔ དཀྱིལ་འཁོར་གཉན་པོར་གཞུག་ཏུ་གསོལ༔ ཞེས་ལན་གསུམ་ཞུས་ལ༔ དེར་རྒྱལ་ཐེབ་ཀྱིས་རྡོ་རྗེ་བཟུང་༔ སྲིན་ལག་སྦྲེལ་ལ༔ ལུ་གུ་རྒྱུད་ཀྱིས་དཀྱིལ་འཁོར་ལན་གསུམ་བསྐོར༔ ལས་བྱང་གི་བརྡའ་སྒོ་དབྱེ༔ ཤར་སྒོ་དབྱེ་བར་བསྒོམ༔ རྡོ་རྗེ་བྱིན༔ ཞི་བའི་ལས་འགྲུབ༔ ལྷོ་སྒོ་དབྱེ་བར་བསྒོམ༔ རིན་ཆེན་བྱིན༔ རྒྱས་པའི་ལས་འགྲུབ༔ ནུབ་སྒོ་དབྱེ་བར་བསྒོམ༔ པདྨ་བྱིན༔ དབང་གི་ལས་འགྲུབ༔ བྱང་སྒོ་དབྱེེ་བར་བསྒོམ༔ རྒྱ་གྲམ་བྱིན༔ དྲག་པོའི་ལས་འགྲུབ་པར་བསམ་མོ༔ རྒྱུད་ལས༔ རྟགས་བཞི་དངོས་གྲུབ་བླང་བར་བྱ༔ ཞེས་ཕྱག་མཚན་བཞི་གཏད་ལ༔ སྒོ་བཞི་ནས་ཕྱག་གྲངས་མེད་པར་འཚལ་ལོ༔ དེ་ནས་རྒྱུད་ལས༔ དཀྱིལ་འཁོར་ལ་ནི་བླ་མ་གཞུགས༔ རླུང་གི་འབྱིན་འཇུག་ལན་གསུམ་གྱིས༔ སློབ་མ་སྲས་སུ་སྟ་གོན་བྱ༔ ཞེས་པས༔ བླ་མས་རླུང་གི་འབྱིན་འཇུག་བྱས་ལ༔ བླ་མ་ཀུན་བཟང་ཡབ་ཡུམ་དུ་བསྐྱེད་ལ་སྦྱོར་བ་བྱེད་པར་བསམ༔ རང་གི་ཐུགས་ཀར་སློབ་མ་བསྟིམ༔ རྡོ་རྗེའི་བུ་ུག་ལས་ཐོན་ནས་པདྨར་གཞུག༔ ཡུམ་གྱི་རྩིབས་མའི་བར་ནས་ཐོན་ལ༔ མདུན་གྱི་བར་སྣང་ལ་དཀྱིལ་འཁོར་གྱི་གཙོ་བོ་གང་ཡིན་གྱི་སྲས་སུ་གྱུར་པར་བསྒོམས་ལ་ངག་ཏུ༔ ད་ལན་རིགས་ཐམས་ཅད་འདུས་པའི་ངོ་བོ༔ བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་སྐུ་མདོག་ཕྱག་མཚན་རྒྱན་ཆ་ལུགས་དང་བཅས་པ་སྣང་ལ་རང་བཞིན་མེད་པར་སྒོམས༔ དེ་ཡང་སྙིང་ནང་སངས་རྒྱས་བཞི་བཅུ་རྩ་གཉིས༔ དུང་ཁང་ནང་དུ་ཁྲག་འཐུང་ལྔ་བཅུ་རྩ་བརྒྱད་རྣམས་མོས་པས་གསལ་བར་སྒོམས་ཤིག༔ འོ་བུ་ཁྱོད་དེང་ནས་རྒྱལ་བའི་སྲས༔ གསང་སྔགས་དབང་གི་སྣོད་ཡིན་ནོ༔ ཞེས་བརྗོད༔ ཡང་རྒྱུད་ལས༔ བདུད་རྩི་བླུད་ལ་བློ་སྤྲོ་བསྐྱེད༔ ཅེས་པས༔ བདུད་རྩི་ལ་རྩ་སྔགས་བཏབ་ཏེ༔ མཆེད་ལྕམ་རྣམས་ཀྱི་ངག་དུ་བླུད༔ སྙིང་གར་ཡི་གེ་ཧཱུྃ་རེ་རེ་བྲིས་ལ་མཚན་པར་སྒོམས༔ སློབ་མ་ཁྱེད་རྣམས་ཀྱིས་གསང་སྔགས་རྡོ་རྗེ་ཐེག་པའི་ཆོས༔ འབྲས་བུ་ལམ་དུ་བྱེད་པ་སྨིན་བྱེད་ཀྱི་དབང་བཞི་བསྐུར་ཞིང་༔ གྲོལ་བྱེད་ཀྱི་སྡོམ་པ་བཞི་ཉམས་སུ་ལེན་པ་ནི༔ ཉན་ཐོས་ལྟར་བསྐལ་པ་གྲངས་མེད་གསུམ་ལ་སངས་རྒྱས་རེ་བ་མིན་ལ༔ གསང་སྔགས་ཕྱི་པ་ཀྲི་ཡོག་ལྟར༔ མི་ཚེ་བདུན་ནམ༔ ལྔའམ༔ གསུམ་དུ་སངས་རྒྱས་འདོད་པའང་མ་ཡིན་པས༔ ད་ལན་གསང་སྔགས་བླ་མེད་ཀྱི་དབང་ལམ་ཟབ་མོ་བསྐྱེད་རྫོགས་ཟུང་འཇུག༔ སྨིན་གྲོལ་དུས་མཉམ༔ ཚེ་གཅིག་ལུས་གཅིག་གིས་འདུག་ས་འདི་འམ༔ གནས་ཁང་འདི་ཉིད་དམ༔ འདུག་ས་གདན་ཐོགས་གཅིག་ཏུའམ༔ སྐད་ཅིག་ལ་སངས་རྒྱ་བའི་གདམས་པ༔ དབང་བསྒྲུབ་སྦྲག་མ༔ རྒྱུ་འབྲས་ལས་འདས་པའི་ཆོས་དང་༔ དབང་སྡོམ་པའི་ཆོས་ཡིན་པས་བློ་ཆེ་བར་སྐྱེད༔ སྙིང་ནས་དགའ་བ་བསྒོམས༔ བསྐལ་པ་དཔག་ཏུ་མེད་པ་ནས་ཚོགས་བསགས༔ སྒྲིབ་པ་སྦྱོངས་བ་རྣམས་མིན་པ༔ བློ་ཆུང་ཐེག་དམན་གང་རུང་རུང་རྣམས་ཆོས་འདི་དང་མི་འཕྲད༔ གལ་ཏེ་འཕྲད་ཀྱང་༔ མོས་པ་དང་༔ དད་པ་བློར་ཤོང་དཀའ་བས༔ སྙིང་གི་དཀྱིལ་ཞེ་ཐག་པ་ནས་སྤྲོ་བ་བསྐྱེད་ཅིང་༔ དགའ་བ་ཡང་ཡང་བསྒོམ་པར་བྱས་ལ༔ དེ་ནས་བར་དེར་བསྙེན་པའི་དམིགས་པ་འབོགས་ལ༔ ལུས་བསྐོར་བ་དང་འཆམས་སྟབས༔ ངག་སྙིང་པོའི་འཛབ་བཟླ་བ་ནི༔ ༀ་ཨཱཿཧཱུྃ༔ བྷོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཛྙཱ་ན་དྷཱརྟུ་ཨཱ༔ ༀ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཞེས་ཞི་ཁྲོ་སྤྱི་དྲིལ་དུ་བཟླ་ཞིང་༔ སེམས་ནི་དཀྱིལ་འཁོར་གསུམ་དང་ཁྱེར་སོ་གསུམ་དང་མ་བྲལ་བར་རྒྱུན་དུ་སྣང་སྟོང་གྲག་སྟོང་དྲན་སྟོང་རིག་སྟོང་དང་མི་བྲལ་བར་བྱའོ༔ ཡང་རྒྱུད་ལས༔ བར་དེར་འཛབ་དབྱངས་ཁྲི་འབུམ་བཟླ༔ ཉམས་སྐྱོང་ཤེས་པ་ཧུར་ཆོད་བཏང་༔ ཞེས་གསུངས་པས༔ དཀྱིལ་འཁོར་གྱི་གཙོ་བོ་གང་བྱེད་དམ༔ ཞི་ཁྲོ་སྦྲེལ་མ་གང་རུང་གི་འཛབ་དབྱངས་སུ་འཁྲབས་པ་དང་༔ ལྡེང་བ་དང་༔ ཉམས་སྐྱོང་བར་བྱ་ཞིང་༔ ཐམས་ཅད་ཀྱི་རྟགས་ལུས་ངག་ལ་ཕེབ་པའི་དུས་སུ༔ རྒྱུད་ལས༔ མཎྜལ་ཕུལ་ལ་ཡེ་ཤེས་དབབ༔ ཅེས་པས༔ མཎྜལ་འགྲིམ་བསྡུས་བྱས་ལ་འབུལ༔ བདུད་རྩི་བཟང་པོ་ཨ་མྲྀ་ཏའི་ཁ་ཚར་བཏབ་ལ་སྦྱིན༔ རྒྱན་དྲུག་ལ་སོགས་ཆས་བཟང་པོ་དང་རྒྱན་བཏགས༔ ཡེ་ཤེས་དབབ་པའི་རྫས་དང་དྲི་ཞིམ་གྱི་སྤོས་ཀྱིས་བདུག༔ ཏིང་ངེ་འཛིན་དང་རོལ་མོ་སྣ་ཚོགས་ཕྱག་རྒྱ་སྤྱོད་ལམ་ངོ་མཚར་ཅན་གྱིས་ཡེ་ཤེས་དབབ་པ་ནི༔ བླ་མས་དམིགས་པ་གསལ་གདབ་ཅིང་༔ སློབ་བུ་རྣམས་ཡར་ལོངས་ལ༔ ལག་པ་སྙིང་ཁར་ཐལ་མོ་སྦྱར༔ མིག་བཙུམ་སྐད་ཅིག་གིས་ལུས་སེམས་རྡོ་རྗེ་ཕག་མོ་མཐིང་ནག་བུ་མོ་ལོ་བཅུ་དྲུག་གི་ན་ཚོད་ཙམ༔ ནུ་མ་དང་བྷ་ག་རྒྱས་པ༔ དབུ་སྐྲ་ལྕང་ལོ་བསིལ་བ༔ རུས་པའི་རྒྱན་དྲུག་གིས་སྤྲས་པ༔ གཡས་ཅང་ཏེའུ༔ གཡོན་དྲིལ་བུ་འཛིན་པ༔ སྐུ་གར་ཐབས་སུ་ཁྱུག་ཁྱུག་མཛད་པ་ཞིག་སྒོམས༔ བྱིན་འབེབས་བྱགཞན་ཡང་མདུན་གྱི་ནམ་མཁའ་ནས་རྩ་བ་གསུམ་གྱི་ལྷ་ཚོགས་རྣམས་དང་༔ ཁྱད་པར་ཡི་དམ་ཞི་ཁྲོའི་ལྷ་ཚོགས་དཔག་ཏུ་མེད་པ་རྣམས་མཚོ་ལ་ཁ་བ་བབས་པ་ལྟར་སིབ་སིབ་ཐིམ་པར་སྒོམ་ལ༔ ལུས་ཀྱི་རྒྱན་གོས་ཕུད༔ གཅེར་བུར་ཕྱུངས༔ ངོ་ཚ་དང་ཕྲོལ༔ གཅེས་འཛིན་དང་ཕྲོལ༔ ངག་ཏུ༔ ༀ་ཨཱཿཧཱུྃ༔ གུ་རུ་དྷཱེ་ཝ་དྷཱ་ཀི་ནི་སིདྡྷི་ཧཱུྃ༔ ཞེས་པའམ༔ བྷོ་དྷི་ཙིཏྟའི་འཛབ་ཟློས་ཤིག༔ དམིགས་པ་གཏད་མེད་དུ་སྤར༔ རོལ་མོ་སྦིར༔ དྲི་ཞིམ་བདུག༔ བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་ཨ་ཙ་ར་པཎྜི་ཏ་གིང་ཕོ་མོ་ལ་སོགས་པ་ཆ་ལུགས་བསམ་གྱིས་མི་ཁྱབ་པ་སྤྲོས་པས༔ ཉམས་གསུམ་ནི༔ ལུས་འདར་བ༔ འཕར་བ༔ འཁྲབས་པ༔ ངག་འགྱུར་དང་༔ གླུ་དབྱངས་ལེན་པ༔ སེམས་ལ་བདེ་གསལ་མི་རྟོག་པ་ལ་སོགས་པའི་ཉམས་ཡེ་ཤེས་ཕེབས་རྟགས་མ་ངེས་པ་མང་པོ་འབྱུང་ངོ་༔ དབང་གི་དངོས་གཞི་ཡང་འདི་ཡིན་པས༔ འདི་ལ་བྱིན་མ་ཕེབ་ཀྱི་བར་དུ་བསྐྱར་ཞིང་དབབ་པར་བྱའོ༔ དེ་ལྟར་ཡང་རྒྱུད་ལས༔ བདུད་རྩི་བྱིན་ལ་དམིགས་པ་སྤར༔ རྒྱན་དྲུག་ལ་སོགས་ཆས་དག་དང་༔ ཏིང་འཛིན་རྫས་དང་རོལ་མོ་སོགས༔ ཕྱག་རྒྱ་སྤྱོད་ལམ་ངོ་མཚར་གྱིས༔ ཡེ་ཤེས་མ་ཕེབ་བར་དུ་དབབ༔ རྟགས་གསུམ་ཤར་བས་ཀློད་ལ་བཞག༔ ཅེས་གསུངས་པས༔ དེའི་རྗེས་སུ་སེམས་མ་བཅོས་པར་རང་ལུགས་སུ་ལྷོད་ཀྱིས་ཀློད་ལ་ངོ་བོ་རྗེན་པའི་སྟེང་དུ་ཞོག་ཅིག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔

ཡང་རྒྱུད་ལས༔ དེ་ནས་མིག་དར་བཅས་པ་ཡིས༔ ཕྱག་འཚལ་ཐལ་མོ་སྙིང་ཁར་སྤྱར༔ མེ་ཏོག་དཀྱིལ་འཁོར་དབུས་སུ་དོར༔ རིགས་ཀྱི་མཚན་བཏགས་མིག་དར་དབྱེ༔ བླ་མས་གཟེངས་བསྟོད་སྒྲུབ་ལུང་ཕོག༔ ཅེས་གསུངས་པས་དཀྱིལ་འཁོར་ཤར་སྒོ་ནས་ཕྱག་འཚལ༔ ལངས་ལ་ཐལ་མོ་སྦྱར་བའི་བར་དུ་མེ་ཏོག་བཟུང་༔ དཀྱིལ་འཁོར་དབུས་ཀྱི་གཙོ་བོར་གཏད་ལ་ཕུལ་བ་ནི༔ ཀྱེ༔ ཚེ་རབས་ཐོག་མེད་དུས་ཉིད་ནས༔ ཐ་མ་ད་ལྟ་ཐུག་གི་བར༔ བསྙེན་བསྒྲུབས་བསྒོམས་པའི་ཡི་དམ་ལྷ༔ གང་ཡིན་དེ་ལ་མེ་ཏོག་ཕོག༔ ཅེས་བརྗོད་པ་དང་༔ ཡི་དམ་གང་ཡིན་དེའི་གསང་མཚན་བཏགས་པ་ནི༔ དབུས་སུ་བབས་ན་དུ་མ་རང་གྲོལ༔ ཆོས་དབྱིངས་རང་གྲོལ༔ དྲི་མེད་ཀུན་ཁྱབ༔ རྒྱལ་བ་སྤྱི་བླུགས༔ ཡེ་མཉམ་འགྱུར་མེད༔ སྤྲོས་མེད་ཁྱབ་གདལ༔ དམིགས་མེད་རང་བབས༔ རྩོལ་མེད་བྱ་བྲལ༔ འཁོར་འདས་སྤྱི་དཔལ༔ མ་བཅོས་ལྷུན་གྲུབ༔ བསམ་རྫོགས་སོ་མ༔ རང་ཆས་ཀུན་བཟང་༔ རིག་པ་ཡེ་ཤེས༔ ཐིག་ལེ་འགྱུར་མེད༔ ཀུན་བཟང་རྒྱལ་པོ༔ དམིགས་མེད་མཚན་བྲལ༔ དེ་ལ་སོགས་ཏེ་ཆོས་སྐུ་འགྱུར་བ་མེད་པའི་མིང་བཏགས་སོ༔ ༈ ཤར་དུ་བབ་ན༔ གདོད་མའི་རང་མདངས༔ རྡོ་རྗེ་རང་གྲོལ༔ རྡོ་རྗེ་སེམས་དཔའ༔ འགྱུར་མེད་རྡོ་རྗེ༔ རྡོ་རྗེ་སྲས་འབར༔ རྡོ་རྗེ་སྙིང་པོ༔ འོད་གསལ་རྡོ་རྗེ༔ རྡོ་རྗེ་ལེགས་གྲུབ༔ གསལ་སྟོང་འཛིན་མེད༔ རང་བྱུང་རང་གསལ༔ ལྷུན་གྲུབ་སྙིང་པོ༔ དྲི་མེད་འོད་གསལ༔ རྡོ་རྗེ་རིགས་མཆོག་དེ་ལ་སོགས་ཏེ་རྡོ་རྗེའི་རིགས་ལས་དྲངས་ཏེ་བཏགས་སོ༔

༈ ལྷོར་བབས་ན༔ རིན་ཆེན་རྒྱལ་པོ༔ རིན་ཆེན་འབྱུང་གནས༔ གཉིས་མེད་ལྷུན་གྲུབ༔ འདོད་དོན་རང་རྩལ༔ དཔལ་འབྱོར་ཕུན་ཚོགས༔ ཡོན་ཏན་རང་ཤར༔ ཚོགས་གཉིས་རྒྱལ་པོ༔ ཡིད་བཞིན་རྩེ་མོ༔ དགོས་འདོད་ཀུན་འབྱུང་༔ དགོངས་པ་ཡེ་མཉམ༔ ཡེ་ཤེས་རང་གསལ༔ གང་ཤར་མཉམ་ཉིད༔ འབད་མེད་ཀུན་གྲོལ༔ ཡོན་ཏན་རྒྱལ་པོ༔ དེ་ལ་སོགས་པ་རིན་ཆེན་རིགས་ལས་དྲངས་ཏེ་བཏགས་སོ༔

༈ ནུབ་ཏུ་བབ་ན༔ པདྨ་ཀུན་འབྱུང་༔ པདྨ་དྲི་མེད༔ པདྨ་འོད་གསལ༔ པདྨ་ཀློང་ཆེན༔ པདྨ་གསལ་ཡངས༔ པདྨ་རྒྱལ་པོ༔ བདེ་ཆེན་རྒྱལ་པོ༔ བདེ་ཆེན་དྲི་མེད༔ བདེ་ཆེན་ཟད་མེད༔ བདེ་ཆེན་ཀུན་ཁྱབ༔ བདེ་ཆེན་ཆགས་མེད༔ བདེ་ཆེན་ལྷུན་གྲུབ༔ ཀློང་གསལ་དྲི་མེད༔ བདེ་བ་རོལ་ཁྱབ༔ སོར་རྟོགས་དོན་ཤར༔ མཐའ་བྲལ་བློ་འདས༔ སྐུ་གསུམ་རང་ཆས༔ རང་གྲོལ་བརྡལ་བ༔ པདྨ་རིག་རྩལ༔ སྣང་བ་མཐའ་ཡས༔ དེ་ལ་སོགས་པ་པདྨའི་རིགས་ལས་དྲངས་ཏེ་བཏགས་སོ༔

༈ བྱང་དུ་བབས་ན༔ ཚོགས་དྲུག་རང་གྲོལ༔ ཀརྨ་དོན་གྲུབ༔ ཕྲིན་ལས་ཐོགས་མེད༔ གང་ཤར་ལྷུན་གྲུབ༔ རང་བྱུང་རང་རྩལ༔ བྱ་རྩོལ་འབད་མེད༔ བྱ་གྲུབ་རོལ་པ༔ བདག་གཞན་དོན་གྲུབ༔ མ་སྤང་ལྷུན་རྫོགས༔ ཀརྨ་རིགས་རྩལ༔ ཀརྨ་ཕྲིན་ལས༔ དོན་ཡོད་གྲུབ་པ༔ སྣ་ཚོགས་རང་གྲོལ༔ དེ་ལ་སོགས་ཏེ་ཀརྨའི་རིགས་ལས་དྲངས་ཏེ་བཏགས་སོ༔ གཞན་ཡང་ལྷའི་རིགས་དང་སྦྱར་ཞིང་༔ ཕོ་མོ་རྣམས་ལ་གང་འོས་སུ་བཏགས་པ་ཤེས་པར་གྱིས་ཤིག༔ དེ་ནས་བླ་མས་རྡོ་རྗེ་ཐོགས་ལ༔ བཛྲ་ཙཀྵྱུ་པྲ་ཝེ་ཤ་ཡ་ཕཊཿདེ་ནས་མིག་དར་ཕྱེ༔ ཅོད་པཎ་མགོ་ལ་བཏགས་ཤིང་འདི་སྐད་དོ༔ ཧོ༔ བདག་ནི་མ་རིག་མིག་འབྱེད་ཡིན༔ དཀྱིལ་འཁོར་བཟང་པོ་འདི་ལ་ལྟོས༔ དེང་ནས་དཀྱིལ་འཁོར་འདི་མཐོང་རྟགས༔ ཅོད་པཎ་བཟང་པོ་འདི་ཡང་ཐོགས༔ གསང་མཚན་གང་ཡིན་མ་བརྗེད་ཅིག༔ ཅེས་བརྗོད་ལ༔ འོ༔ རིགས་ཀྱི་བུ་དང་བུ་མོ་ཆེ་གེ་མོ་ཁྱེད་རྣམས་མེ་ཏོག་ཅོད་པཎ་ཕྱོགས་བཞི་དབུས་དང་ལྔ་གང་ཡིན་གྱི་ཕྱག་མཚན༔ དབུས་སུ་འཁོར་ལོ༔ ཤར་དུ་རྡོ་རྗེ༔ ལྷོར་རིན་པོ་ཆེ༔ ནུབ་ཏུ་པདྨ༔ བྱང་ཏུ་རྒྱ་གྲམ༔ ཞལ་མདོག་ཀྱང་དབུས་མཐིང་ག༔ ཤར་དཀར་པོ༔ ལྷོ་སེར་པོ༔ ནུབ་དམར་པོ༔ བྱང་ལྗང་གུ༔ རིགས་བུདྡྷ་རྡོ་རྗེ་རིན་ཆེན་པདྨ་ལས་ཀྱི་རིགས༔ གང་རུང་ལས་མ་གཡོས་པས༔ ཕྱོགས་དང་གསང་མཚན་མཐུན་པའི་ལྷ་གང་ཡིན་བསྒོམ༔ སྙིང་པོ་ཡང་ཐ་དད་དམ༔ ཞི་ཁྲོ་རིགས་འདུས༔ བྷོ་དྷི་ཙིཏྟ༔ ཡི་གེ་བརྒྱ་པ༔ ཧཱུྃ་སྒྲུབ་ལྟ་བུ་འདི་ཟློས་ཤིག་འདི་ནས་གལ་ཏེ་ཚེ་འཕོས་ན་ཡང་༔ དབུས་སྟུག་པོ་བཀོད་པ༔ ཤར་མངོན་པར་དགའ་བ༔ ལྷོ་དཔལ་དང་ལྡན་པ༔ ནུབ་བདེ་བ་ཅན༔ བྱང་ལས་རབ་བཀོད་པ་ཞེས་བྱ་བའི་ཞིང་ཁམས་རྣམ་པར་དག་པ་ན་སངས་རྒྱས་ནས་འཁོར་བ་མ་སྟོང་གི་བར་དུ༔ འགྲོ་བ་སེམས་ཅན་ཐམས་ཅད་ཀྱི་དོན་འབད་མེད་ལྷུན་གྲུབ་ཏུ་འབྱུང་བར་འགྱུར་རོ༔ ཞེས་ལུང་བསྟན་བརྗོད༔ ཡང་རྒྱུད་ལས༔ ལྷ་ཡི་རྣམ་དག་དཀྱིལ་འཁོར་གྱི༔ རྣམ་དག་ལ་སོགས་དུས་བསྟུན་བཤད༔ ཅེས་པས༔ ལྷ་གང་ཡིན་གྱི་རྣམ་དག་དང་༔ དཀྱིལ་འཁོར་གང་ཡིན་གྱི་རྣམ་དག་མཐོང་བ་རང་གྲོལ་ལྟར་རིག་པས་བཤད་ཅིང་༔ རབ་འབྲིང་ཞུ་ུབ་པོ་སྣོད་ཀྱི་དབང་པོ་དང་སྦྱར་ཏེ༔ རྒྱུད་ལས་ཀྱང་༔ རྒྱས་བསྡུས་འགྲོ་བའི་བློ་དང་སྦྱར༔ ཞེས་གསུངས་སོ༔ ཡང་རྒྱུད་དེ་ཉིད་ལས༔ བླ་མ་ཉིད་ལ་ཕྱག་འཚལ་ནས༔ དྲིན་ལན་སྐྱེམས་དང་མཎྜལ་ཕུལ༔ ཞེས་གསུངས་པས༔ ཀུན་གྱིས་མཎྜལ་འབུལ༔ ཞལ་སྐྱེམས་དྲང་བར་བྱའོ༔ དེར་བླ་མས༔ འོ༔ ཁྱེད་རྣམས་དེ་སྔ་ཕན་ཆད་དཀྱིལ་འཁོར་འདི་འདྲ་མ་མཐོང་བས༔ ཁམས་གསུམ་འཁོར་ཞིང་རིགས་དྲུག་ཏུ་འཁྱམས་པ་ཡིན་གྱི༔ ཁར་སོང་ཕན་ཆད་ཤིན་ཏུ་ཅོལ་ཆུང་༔ མི་ཚེ་སྟོང་ཟད༔ བྱས་པ་དོན་མེད་དེ་ཙམ་བྱས༔ ད་ནི་དཀྱིལ་འཁོར་འདིར་ཚུད་པ་འདིས་ད་ལྟ་ཤི་ཡང་བདེ་བ་ཆེན་པོར་འཚང་རྒྱ་བ་ཡིན་པས་སྤྲོ་བ་སྒོམས་ཤིག༔ ཅེས་བརྗོད་ལ༔ དབང་དངོས་གཞི་ལ་འཇུག་པར་བྱའོ༔ དབང་གི་སྔོན་འགྲོ་གསལ་བའི་སྒྲོོན་མེ་ལྟ་བུ་འདི་མེད་ན༔ གཟུགས་ལ་མགོ་མེད་པ་དང་འདྲ་སྟེ༔ རྒྱུད་ལས༔ དབང་བཞི་ཀུན་གྱི་སྔོན་ཉིད་དུ༔ སྔོན་འགྲོ་འདི་ཉིད་མེད་པ་ན༔ ལུས་ལ་མགོ་བོ་མེད་དང་མཚུངས༔ ཞེས་པས༔ སྤྲོས་བཅས༔ སྤྲོས་མེད༔ ཤེས་རབ་ཡེ་ཤེས༔ ཚིག་དབང་༔ རྩལ་དབང་༔ བཏགས་གྲོལ་དབང་༔ གཏོར་དབང་སྐོང་བཤགས་ཉམས་ཆག་རང་གྲོལ་གྱི་དབང་བསྐུར་གནས་སྤར་འགྲོ་དྲུག་རང་གྲོལ་ལ་སོགས་གང་བྱེད་ཀྱང་༔ འདིས་སྒོ་འབྱེད་ཅིང་ནན་ཆགས་སུ་བྱེད་དགོས་ཏེ༔ རྒྱུད་ལས༔ དེ་ཕྱིར་འདི་ལ་ནན་ཆགས་མཛོད༔ ཅེས་གསུངས་སོ༔ ཨེ་མ་ཧོ༔ དབང་རྣམས་ཀུན་གྱི་སྔོན་འགྲོ་མཆོག༔ གསལ་བའི་རིན་ཆེན་སྒྲོན་མེ་འདི༔ བདག་འདྲ་ཡེ་ཤེས་མཚོ་རྒྱལ་གྱིས༔ ཕྱི་རབས་དོན་དུ་ཡི་གེར་བཏབ༔ སྐལ་ལྡན་གཅིག་གིས་རྒྱ་འདི་ཁྲོལ༔ ས་མ་ཡ༔ དབང་བཞིའི་སྔོན་འགྲོ་རིན་ཆེན་གསལ་བའི་སྒྲོན་མེ་ཞེས་བྱ་བ་རྫོགས་སོ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཨེ་མ་ཧོཿངོ་མཚར་ཆེ། །ལོ་ཙཱ་ཀླུ་ཡི་རྒྱལ་མཚན་གྱི། །སྐྱེ་བར་གྲགས་པ་ཀརྨཱ་གླིང་། །གཏེར་སྟོན་རྩོད་པ་མེད་པ་ངས། །སྒམ་པོ་གདར་གྱི་རི་བོ་ནས། །གདན་དྲངས་ཟབ་ཆོས་འདི་འདྲ་བདོག །སྐལ་ལྡན་ཡོད་ན་སྟེར་རམ་བསམ། །ཕལ་ཆེར་ལོག་པའི་བསམ་བློ་དེས། །སྐལ་མེད་རྣམས་ལ་སྦེད་དམ་བསམ། །ཕྱི་རབས་རྣམས་ཀྱང་སྤེལ་ཚོད་ལྟོས། །ཕྱམ་ཡུག་ཕྱོགས་མེད་མ་སྤེལ་ཅིག །ཅེས་པ་ཀརྨ་གླིང་པས་གསུངས་པར་འདུག་གོ །སརྦ་མངྒ་ལཾ།། །།

སྐོང་བཤགས་ཉམས་ཆག་རང་གྲོལ་གྱི་དབང་བསྐུར་གནས་སྤར་འགྲོ་དྲུག་རང་གྲོལ།

ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་ལས་སྐོང་བཤགས་ཉམས་ཆག་རང་གྲོལ་གྱི་དབང་བསྐུར་གནས་སྤར་འགྲོ་དྲུག་རང་གྲོལ་ཞེས་བྱ་བ་བཞུགས་སོ༔ ༁ྃ༔ ཀུན་བཟང་རྒྱལ་བ་ཞི་ཁྲོ་རབ་འབྱམས་དང་༔ དམ་པ་རིགས་བརྒྱ་འདུས་པའི་ལྷ་ཚོགས་ལ༔ གུས་པས་ཕྱག་འཚལ་ངན་སོང་དོང་སྤྲུགས་ནས༔ འགྲོ་ཀུན་རིག་འཛིན་གོ་འཕང་མྱུར་ཐོབ་ཤོག༔ ན་རཀ་སྐོང་བཤགས་ཉམས་ཆགས་རང་གྲོལ་ལས༔ དབང་བསྐུར་གནས་སྤར་འགྲོ་དྲུག་རང་གྲོལ་བསྟན༔ འདི་ལ་སྤྱི་དོན་རྣམ་པ་གསུམ་ཡིན་ཏེ༔ སྔོན་འགྲོ་དངོས་གཞི་རྗེས་དང་གསུམ་དུ་བསྟན༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དང་པོ་སྔོན་དུ་འགྲོ་བ་ལ་ཡང་༔ བུམ་པ་སྟ་གོན་བྱ་བ་དང་༔ མཎྜལ་འབུལ་ཞིང་གསོལ་བ་གདབ་པ་དང་༔ དལ་དུ་འཇུག་ཅིང་སྔོན་འགྲོའི་དབང་བསྐུར་བ་དང་གསུམ་མོ༔ དེ་ཡང་ཐོག་མར་དཀྱིལ་འཁོར་གྱི་བྱ་བ་རྫོགས་པའི་མཐར༔ དབང་བསྐུར་གྱི་བུམ་པ་ལྔའམ༔ གཅིག་ཀྱང་རུང་སྟེ་ནང་དུ་ཆུ་གཙང་མ་སྲོག་ཆགས་མེད་པས་སུམ་གཉིས་སུ་བཀང་བའི་ནང་དུ༔ འོ་མ་དང་བུམ་རྫས་ཉེར་ལྔ་བླུགས་ཏེ༔ བུམ་པ་ལྔ་ཡོད་ན་དབུས་སུ་སྨན་ལྔའི་བུམ་པ༔ ཤར་དུ་འབྲུ་ལྔའི་བུམ་པ༔ ལྷོར་རིན་ཆེན་ལྔའི་བུམ་པ༔ ནུབ་ཏུ་དྲི་ལྔའི་བུམ་པ༔ བྱང་དུ་སྙིང་པོ་ལྔའི་བུམ་པ་ཁ་དོག་ཀྱང་ཕྱོགས་དང་མཐུན་པར་བཤམ་མོ༔ བསྡུ་ན་ཐམས་ཅད་གཙོ་བུམ་དུ་བླུགས་ལ་ཁ་རྒྱན་མགུལ་ཆིངས༔ རྡོ་རྗེ་གཟུངས་ཐག་དང་བཅས་པ་སྟ་གོན་བྱའོ༔ དབང་བསྐུར་ཞིང་གནས་སྤར་བའི་རྫས༔ བུམ་པ༔ མེ་ཆུ༔ སྒྲོམ་བུ༔ པོ་ཏི༔ གོ་མཚོན༔ པི་ཝཾ༔ གསེག་ཤང་༔ ལྷུང་བཟེད༔ རྡོ་རྗེ༔ འཁོར་ལོ༔ རིན་པོ་ཆེ༔ པདྨ༔ རྒྱ་གྲམ༔ དྲིལ་བུ༔ རལ་གྲི༔ ཤེལ༔ མེ་ལོང་ལ་སོགས་པའི་དབང་རྫས་རྣམས་ཚང་བར་སྟ་གོན་བྱའོ༔ དེ་ནས་སྔོན་འགྲོ་ནས་བཟུང་སྟེ་ཞི་ཁྲོའི་ལས་གཞུང་བསྲང་བས་བདག་བསྐྱེད༔ མདུན་གྱི་དཀྱིལ་འཁོར་བསྒྲུབ་མཆོད་དང་༔ བུམ་བསྐྱེད་བསྒྲུབ་བཟླས་ཚོགས་མཆོད་བདག་འཇུག་བླངས་པ་དང་བཅས་པ་སོགས་ཐོན་ནས༔ སློབ་བུ་རྣམས་གྲལ་དུ་འཁོད་པར་བྱའོ༔

༈ གཉིས་པ་མཎྜལ་འབུལ་ཞིང་གསོལ་བ་གདབ་པ་ནི༔ ཐོག་མར་སློབ་བུ་རྣམས་ཕྱི་རོལ་དུ་ཁྲིད་ལ་༔ ལས་བུམ་གྱིས་ཁྲུས་བྱ༔ ཡིག་བརྒྱའི་འཛབ་བཟླས་པའི་རྗེས་སུ་ནང་དུ་ཁྲིད་ལ༔ མེ་ཆུ་དང་གར་གིང་ཁྲོ་བོའི་ཆ་ལུགས་ཀྱིས་བགེགས་བསྐྲད་ལ་གྲལ་ལ་འཁོད་དོ༔ ཕོ་རྣམས་གཡས༔ མོ་རྣམས་གཡོན་གྲལ་ལ་འཇུག༔ རྡོ་རྗེ་སློབ་དཔོན་གཟུང་མར་བཅས་པ་ཁྲི་ལ་བཞུགས་ལ༔ མཆེད་ལྕམ་རྣམས་ཀྱིས་གུས་པར་ཕྱག་འཚལ་ཞིང་༔ མཎྜལ་ཕུལ་བའི་རྗེས་སུ་ཐལ་མོ་སྦྱར་ཏེ༔ མགྲིན་གཅིག་ཏུ་གསོལ་བ་གདབ་པ་ནི༔ ཨེ་མ་མགོན་པོ་ཐུགས་རྗེ་ཅན༔ རིགས་དྲུག་གནས་སུ་ལྟུང་བ་ཡི༔ སྐྱབས་བྲལ་མགོན་མེད་སེམས་ཅན་ལ༔ ཐུགས་རྗེའི་ལྕགས་ཀྱུས་བཟུང་དུ་གསོལ༔ ཞེས་པ་ལན་གསུམ་གྱི་རྗེས་ལ༔ སློབ་དཔོན་གྱིས་འགྱོད་ཚངས་རྒྱལ་པོའི་འབྱུང་ཁུངས་དང་༔ ཐེག་པ་ཆེན་པོའི་ཆོས་བཤད༔ དལ་འབྱོར་རྙེད་པར་དཀའ་བ༔ རྙེད་ནས་ཀྱང་འདི་ལྟ་བུའི་ཆོས་དང་འཕྲད་པར་དཀའ་ཚུལ་རྣམས་རྒྱས་པར་བཤད་ཅིང་༔ ཁྱད་པར་བྲམ་ཟེ་དུང་གི་ཕྲེང་བ་ཅན་གྱི་ལོ་རྒྱུས་རྒྱས་པར་བཤད་པའི་རྗེས་སུ༔ སྤྲོས་པ་ལ་དགའ་ན་སྲུང་སྐུད༔ སོ་ཤིང་༔ ཀུ་ཤ་འགྱེད་པ་རྣམས་དབང་ཆོག་གཞན་ནས་བྱུང་བ་ལྟར་སྤྲོ་བར་བྱའོ༔ ཡང་སྐབས་འདིར་ཡིག་བརྒྱ་འམ༔ ཞི་ཁྲོའི་འཛབ་དགོངས་སྤྱི་དང་བྱེ་བྲག་རྒྱས་བསྡུས་སྐབས་དང་སྦྱར་ལ་འདྲེན་པར་བྱའོ༔

གསུམ་པ་དལ་དུ་འཇུག་ཅིང་སྔོན་འགྲོའི་དབང་བསྐུར་བ་ནི༔ ཡང་སློབ་བུ་རྣམས་ཐལ་མོ་སྦྱར་ནས་དལ་དུ་འཇུག་པའི་ཕྱིར༔ གསོལ་བ་གདབ་པ་ནི༔ ཨེ་མ་མགོན་པོ་ཐུགས་རྗེ་ཅན༔ བདག་སོགས་འགྲོ་བ་མ་ལུས་པ༔ ལོག་པའི་ལམ་དུ་ཞུགས་པ་རྣམས༔ བདེ་ཆེན་ཐར་པའི་ལམ་བསྟན་འཚལ༔ ཞེས་ལན་གསུམ་གྱི་རྗེས་ལ༔ སློབ་དཔོན་གྱིས་འདི་སྐད་དོ༔ ཨེ་མ་འདིར་འདུས་སྐལ་ལྡན་ལས་ཅན་རྣམས༔ སྔོན་ཆད་མ་རིག་རྨོངས་པའི་ལས་དབང་གིས༔ དུག་གསུམ་གྱིས་བཅིངས་ངན་སོང་གསུམ་དུ་མནར༔ དེང་ནས་བརྩམས་ཏེ་རྒྱལ་བའི་ཐུགས་རྗེ་ཡི༔ ཕོ་ཉས་བཟུང་ནས་དཀྱིལ་འཁོར་གྲལ་དུ་འཁོད༔ དོན་འབྲས་འདོད་ཕྱིར་དད་པའི་ཤུགས་བསྐྱེད་ལ༔ སྐུ་གསུམ་ཞིང་ཁམས་ཕོ་བྲང་འདིར་ཤོག་ཅིག༔ བླ་མེད་དོན་གྱི་སྙིང་པོ་སྦྱིན་པར་བགྱིའོ༔ ཞེས་བརྗོད་ལ༔ ཐོག་མར་སློབ་བུ་རྣམས་ལ་སྐྱབས་འགྲོ་འབོག་པ་ནི༔ མདུན་གྱི་ནམ་མཁར་དཀོན་མཆོག་གསུམ་དང་ཞི་ཁྲོ་རབ་འབྱམས་ཀྱི་ལྷ་ཚོགས་མངོན་སུམ་དུ་བཞུགས་པར་དམིགས་ལ༔ ཐལ་མོ་སྦྱར་ཏེ་རྗེས་ཟློས་བྱེད་དུ་གཞུག་ལ༔ ཨེ་མ་ཕྱོགས་བཅུའི་སངས་རྒྱས་བྱང་སེམས་དང་༔ བླ་མ་ཡི་དམ་མཁའ་འགྲོ་དགོངས༔ རྐང་གཉིས་གཙོ་བོ་སངས་རྒྱས་དང་༔ ཞི་བ་ཆགས་བྲལ་དམ་པའི་ཆོས༔ ཚོགས་མཆོག་འཕགས་པའི་དགེ་འདུན་ལ༔ བདག་ནི་གུས་པས་སྐྱབས་སུ་མཆི༔ ལན་གསུམ་དང་༔ ཡང་ཀུན་བཟང་ཞི་ཁྲོའི་ལྷ་ཚོགས་དང་༔ དམ་པ་རིགས་བརྒྱའི་ལྷ་ཚོགས་ལ༔ དེང་བཟུང་བླ་མེད་བྱང་ཆུབ་བར༔ གུས་པས་སྐྱབས་སུ་ཉེ་བར་མཆི༔ ཞེས་ལན་གསུམ་བྱའོ༔ དེ་ནས་སེམས་བསྐྱེད་པ༔ སྡོམ་པ་བཟུང་བ་རྣམས་ཞི་ཁྲོའི་དབང་བཞི་འཕྲད་ཚད་རང་གྲོལ་གྱི་སྔོན་འགྲོ་ལྟར་རྒྱས་པར་སྤྲོས་ཀྱང་རུང་ངོ་༔ དེ་ནས་དལ་དུ་ཞུགས་པ་ལ་སློབ་མ་མིག་རས་ཀྱི་བཀབ་ལ༔ ལས་ཀྱི་སློབ་བུས་རྡོ་རྗེས་ཁྲིད་ལ་དཀྱིལ་འཁོར་གྱི་ཕྱོགས་བཞིར་སྒོ་ཕྱེས་ནས་ཅོད་པན་བསྐུར༔ གང་དུ་ཕོག་པའི་མིང་བཏགས༔ དེ་ནས་རྡོ་རྗེ་སློབ་དཔོན་གྱི་དྲུང་དུ་ཁྲིད་ལ་མིག་རས་དབྱེ་བ་ནི༔ ཇི་ལྟར་མིག་མཁན་རྒྱལ་པོ་ཡིས༔ རབ་རིབ་ལིང་ཐོག་བསལ་བ་ལྟར༔ དེ་བཞིན་བུ་ཁྱོད་མ་རིག་པའི༔ ཉོན་མོངས་དྲུག་གིས་བསྒྲིབས་པ་ཡི༔ མ་རིག་ལིང་ཐོག་བསལ་བར་བྱ༔ ན་ར་ཀ༔ པྲེ་ཏ་ཀ༔ ཏིར་ཡ་ཀ༔ དྷེ་ཝ་ཨ་ལི༔ དྷེ་ཝ་མ་ནུ་ཤ་ཙཀྵྱུ་པྲ་ཝེ་ཤ་ཡ་ཕཊ༔ ཅེས་བརྗོད༔ དེ་ནས་སྔགས་ཀྱི་སྣོད་དུ་རུང་བར་བྱ་བའི་ཕྱིར༔ ཉོན་མོངས་དྲུག་གི་རྒྱུ་དྲུག་སྦྱང་ནས་རིགས་དྲུག་གི་གནས་ནས་སྤར་ཏེ༔ རིག་འཛིན་གྱི་གྲལ་དུ་འཁོད་པར་བྱ་བའི་དབང་ནི༔ དེ་ནས་མིག་རས་དབྱེ་ལ་མཎྜལ་ཕུལ༔ དེ་ནས་ཐལ་མོ་སྦྱར་ཏེ་གསོལ་བ་གདབ་པའི་རྗེས་ཟློས་བྱེད་དུ་གཞུག་ལ་འདི་སྐད་དོ༔ ཨེ་མ་མགོན་པོ་ཐུགས་རྗེ་ཅན༔ བདག་སོགས་འགྲོ་བ་སེམས་ཅན་ལ༔ བསྐྱབ་ཕྱིར་བརྩེ་བས་རབ་བཟུང་ནས༔ དབང་དང་བྱིན་རླབས་སྩལ་ཏུ་གསོལ༔ ཞེས་ལན་གསུམ་གྱི་རྗེས་ལ༔ བླ་མས་ཐོག་མར་ན་རཀ་དམྱལ་བའི་གནས་ནས་སྤར་ཞིང་༔ རིག་འཛིན་གྱི་གྲལ་དུ་འཁོད་པར་བྱ་བའི་ཕྱིར༔ དཀྱིལ་འཁོར་དབུས་ཀྱི་སྨན་ལྔའི་བུམ་པ་སློབ་མའི་མགོ་ཐོག་ཏུ་བཞག་ལ༔ འོ༔ རིགས་ཀྱི་བུ་དཀྱིལ་འཁོར་དབུས་ཀྱི་བུམ་པ་འདི་ནི་སྨན་ལྔའི་བུམ་པ་ཡིན་ཏེ༔ སངས་རྒྱས་རྡོ་རྗེ་རིགས་ཀྱི་གཙོ་འཁོར་གྱི་ལྷ་ཚོགས་བཞུགས་པས་ཁྱོད་ལ་དབང་བསྐུར་བ་ཙམ་གྱིས་ཞེ་སྡང་དམྱལ་བའི་གནས་ནས་ཐར་ཏེ༔ ཐུགས་རྡོ་རྗེ་རིགས་ཀྱི་དབང་ཐོབ་པ་ཡིན་སྙམ་དུ་མོས་པ་དུང་དུང་མཛོད་ཅིག༔ ཧཱུྃ༔ ཀུན་བཟང་ཡུམ་གྱི་བུམ་པ་ན༔ རྒྱལ་བ་ཞི་ཁྲོའི་ལྷ་ཚོགས་བཞུགས༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་བས༔ དམྱལ་བའི་སྐྱེ་སྒོ་བཅད་ནས་ནི༔ ན་རཀ་སྡུག་བསྔལ་བྲལ་བར་ཤོག༔ མེ་ཆུ་ལག་ཏུ་གཏད་ལ༔ ཧཱུྃ༔ ཚ་གྲང་སྐྱོབས་བྱེད་མེ་ཆུ་བསིལ་དྲོད་ལྡན༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ དམྱལ་བ་ཚ་གྲང་སྡུག་བསྔལ་ལས་གྲོལ་ནས༔ ན་ར་ཀ་ཡི་སྡུག་བསྔལ་བྲལ་བར་ཤོག༔ དུ་ད་ཧ་ད་ཧ་སརྦ་ན་ར་ཀ་ག་ཏེ་ཧེ་ཏུཾ་ཧཱུྃ་ཕཊ༔ ཧཱུྃ་བཛྲ་ས་ཏྭ་ས་མ་ཡཱ༔ སོགས་རྡོ་རྗེ་སེམས་དཔའི་ཡིག་བརྒྱ་བཟླས་པའི་མཐར༔ ཧཱུྃ་བཛྲ་ཨ་བྷི་ཥིཉྩ་ཨཱ༔ སྐལ་ལྡན་ཁྱོད་ལ་སྨན་ལྔའི་བུམ་པ་དང་༔ མེ་ཆུའི་དབང་བསྐུར་བས་ཉོན་མོངས་པ་ཞེ་སྡང་གིས་ཀུན་ནས་བསླང་བའི་སྡིག་སྒྲིབ་ལས་ཀྱི་ས་བོན་བག་ཆགས་དང་བཅས་པ་ཐམས་ཅད་བྱང་ཞིང་དག་ནས༔ སེམས་ཅན་དམྱལ་བ་ཆེན་པོར་སྐྱེ་བའི་སྒོ་བཅད་དེ་ནད་ལྔའི་ཉེས་པ་ལས་གྲོལ་ནས་ཤར་ཕྱོགས་མངོན་པར་་དགའ་བའི་ཞིང་ཁམས་ཀྱི་སྒོ་ཕྱེས་ནས་ཐུགས་རྡོ་རྗེ་སེམས་དཔའ་རིགས་ལྔའི་དབང་ཐོབ་སྟེ༔ སངས་རྒྱས་རྡོ་རྗེ་རིགས་ཀྱི་ཞིང་ཁམས་ལ་དབང་བསྒྱུར་ཏེ༔ སེམས་ཅན་གྱི་དོན་ཐོགས་པ་མེད་པར་འབྱུང་བར་གྱུར་ཅིག༔ ཅེས་བརྗོད་ལ༔ བུམ་ཆུ་བླུད༔ ཤར་ཕྱོགས་ཀྱི་སྒོ་ཕྱེས༔ རྡོ་རྗེ་ལག་ཏུ་གཏད་དོ༔ ཞི་བའི་ལས་འགྲུབ་བོ༔

༈ དེ་ནས་གཉིས་པ་ཡི་དྭགས་ཀྱི་གནས་ནས་སྤར་བའི་དབང་ནི༔ ཡང་སློབ་བུའི་ཐལ་མོ་སྦྱར་ཏེ༔ གསོལ་བ་གདབ་པ་ནི༔ ཀྱེ་མ་ཀྱི་ཧུད་མགོན་པོ་ཡིས༔ ཐུགས་རྗེས་ཟུངས་ལ་བདག་སྐྱོབས་ཤིག༔ བདག་ལུས་སྒྲོལ་ལ་བདེ་ལ་འཁོད༔ མགོན་པོས་མྱུར་དུ་བསྐྱབ་ཏུ་གསོལ༔ ཞེས་ལན་གསུམ་གྱི་རྗེས་ལ༔ སློབ་དཔོན་གྱིས་ནུབ་ནས་དྲི་ལྔའི་བུམ་པ་སློབ་མའི་མགོ་ཐོག་ཏུ་བཞག་ལ༔ འོ༔ རིགས་ཀྱི་བུ་ནུབ་ཀྱི་བུམ་པ་འདི་ནི་དྲི་ལྔའི་བུམ་པ་ཡིན་ཏེ༔ སངས་རྒྱས་སྣང་བ་མཐའ་ཡས་རིགས་ལྔའི་ལྷ་ཚོགས་བཞུགས་པས༔ ཁྱོད་ལ་དབང་བསྐུར་བ་ཙམ་གྱིས་འདོད་ཆགས་ཡི་དྭགས་ཀྱི་གནས་ལས་ཐར་ནས༔ གསུང་པདྨ་རིགས་ཀྱི་དབང་ཐོབ་པ་ཡིན་སྙམ་དུ་མོས་པ་དུང་དུང་མཛོད་ཅིག༔ ཧཱུྃ༔ བདུད་རྩི་དྲི་ལྔའི་བུམ་པ་འདིར༔ བདེ་གཤེགས་གསུང་གི་ལྷ་ཚོགས་བཞུགས༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ ཡི་དྭགས་སྐྱེ་སྒོ་བཅད་ནས་ནི༔ བདེ་བ་ཅན་དུ་སྐྱེ་བར་ཤོག༔ རིན་པོ་ཆེའི་སྒྲོམ་བུ་ལག་ཏུ་གཏད་ལ༔ ཨཱ༔ རིན་ཆེན་སྒྲོམ་བུའི་བུམ་པ་ན༔ རྒྱལ་བ་ཞི་ཁྲོའི་ལྷ་ཚོགས་བཞུགས༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ ཡི་དྭགས་སྐྱེ་སྒོ་བཅད་ནས་ནི༔ བདེ་བ་ཅན་དུ་སྐྱེ་བར་ཤོག༔ པྲེ་པ་ཙ་པ་ཙ་སརྦ་པྲེ་ཏ་ཀ་ག་ཏེ་ཧེ་ཏུཾ་ཧཱུྃ་ཕཊ༔ ཨཾ་པདྨ་ས་ཏྭ་ས་མ་ཡ༔ སོགས་སྣང་བ་མཐའ་ཡས་ཀྱི་ཡིག་བརྒྱ་བཟླས་པའི་མཐར༔ ཨཾ་པདྨ་ཨ་བྷི་ཥིཉྩ་ཨཱ༔ སྐལ་ལྡན་ཁྱོད་ལ་དྲི་ལྔའི་བུམ་པ་དང་རིན་ཆེན་སྒྲོམ་བུའི་དབང་བསྐུར་བས༔ ཉོན་མོངས་པ་འདོད་ཆགས་ཀྱིས་ཀུན་ནས་བསླངས་བའི་སྡིག་སྒྲིབ་ལས་ཀྱི་ས་བོན་བག་ཆགས་དང་བཅས་པ་ཐམས་ཅད་བྱང་ཞིང་དག་ནས༔ ཡི་དྭགས་སུ་སྐྱེ་བའི་སྒོ་བཅད་དེ༔ དུག་ལྔའི་ཉེས་པ་ལས་གྲོལ་ནས༔ ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་ཀྱི་སྒོ་ཕྱེས་ནས༔ སྣང་བ་མཐའ་ཡས་རིགས་ལྔའི་དབང་ཐོབ་སྟེ་སངས་རྒྱས་གསུང་པདྨ་རིགས་ཀྱི་ཞིང་ཁམས་ལ་དབང་བསྒྱུར་ནས་སེམས་ཅན་གྱི་དོན་ཐོགས་པ་མེད་པར་འབྱུང་བར་གྱུར་ཅིག༔ ཅེས་བརྗོད་ལ་བུམ་ཆུ་བླུད༔ ནུབ་ཕྱོགས་ཀྱི་སྒོ་ཕྱེས་པདྨ་ལག་ཏུ་གཏད༔ དབང་གི་ལས་འགྲུབ་བོ༔

༈ གསུམ་པ་དུད་འགྲོའི་གནས་ནས་སྤར་བའི་དབང་ནི༔ ཡང་སློབ་བུའི་ཐལ་མོ་སྦྱར་ཏེ༔ གསོལ་བ་གདབ་པ་ནི༔ ཀྱེ་མ་ཀྱི་ཧུད་བདག་འདྲ་སོགས༔ ལས་ཀྱི་རྣམ་སྨིན་རང་ལ་སྨིན༔ མགོན་པོ་ཐུགས་རྗེ་ཆེན་པོ་ཡིས༔ གནས་ངན་འདི་ལས་བདག་སྒྲོལ་ཅིག༔ ཅེས་ལན་གསུམ་ཀྱི་རྗེས་སུ༔ སློབ་དཔོན་གྱིས་ཤར་ནས་འབྲུ་ལྔའི་བུམ་པ་སློབ་བུའི་མགོར་བཞག་ལ༔ འོ༔ རིགས་ཀྱི་བུ་ཤར་གྱི་བུམ་པ་འདི་ནི་འབྲུ་ལྔའི་བུམ་པ་ཡིན་ཏེ༔ སངས་རྒྱས་རྣམ་པར་སྣང་མཛད་རིགས་ལྔའི་ལྷ་ཚོགས་བཞུགས་པས་ཁྱོད་ལ་དབང་བསྐུར་བ་ཙམ་གྱིས་གཏི་མུག་དུད་འགྲོའི་གནས་ལས་ཐར་ནས༔ སྐུ་བདེ་གཤེགས་རིགས་ཀྱི་དབང་ཐོབ་པ་ཡིན་སྙམ་དུ་མོས་པ་དུང་དུང་མཛོད་ཅིག༔ ཧཱུྃ༔ རིན་ཆེན་འབྲུ་ལྔའི་བུམ་པ་འདིར༔ བདེ་གཤེགས་སྐུ་ཡི་ལྷ་ཚོགས་བཞུགས༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ དུད་འགྲོའི་སྐྱེེ་སྒོ་བཅད་ནས་ནི༔ མངོན་དགའི་ཞིང་དུ་སྐྱེ་བར་ཤོག༔ པོ་ཏི་ལག་ཏུ་གཏད་ལ༔ ཨ༔ ཤེས་རབ་རིག་པའི་པོ་ཏི་འདི༔ དུས་གསུམ་སངས་རྒྱས་ཞི་ཁྲོའི་གསུང་༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ ཏིཪྻ་ཀ་ཡི་སྡུག་བསྔལ་བྲལ་བར་ཤོག༔ ཏྲི་མ་ཐ་མ་ཐ་སརྦ་ཏིཪྻ་ཀ་ག་ཏེ་ཧེ་ཏུཾ་ཧཱུྃ་ཕཊཿༀ་བུདྡྷ་ས་ཏྭ་ས་མ་ཡ༔ སོགས་རྣམ་པར་སྣང་མཛད་ཀྱི་ཡིག་བརྒྱའི་མཐར༔ ༀ་བུདྡྷ་ཨ་བྷི་ཥིཉྩ་ཨཱ༔ སྐལ་ལྡན་ཁྱོད་ལ་འབྲུ་ལྔའི་བུམ་པ་དང་༔ པོ་ཏིའི་དབང་བསྐུར་བས༔ ཉོན་མོངས་པ་གཏི་མུག་གིས་ཀུན་ནས་བསླངས་པའི་སྡིག་སྒྲིབ་ལས་ཀྱི་ས་བོན་བག་ཆགས་དང་བཅས་པ་ཐམས་ཅད་བྱང་ཞིང་དག་ནས༔ དུད་འགྲོའི་གནས་སུ་སྐྱེ་བའི་སྒོ་བཅད་དེ༔ ཉོན་མོངས་པ་ལྔའི་ཉེས་པ་ལས་གྲོལ་ནས༔ ཤར་ཕྱོགས་མངོན་པར་དགའ་བའི་ཞིང་ཁམས་ཀྱི་སྒོ་ཕྱེས་ནས་སྐུ་རྣམ་པར་སྣང་མཛད་རིགས་ལྔའི་དབང་ཐོབ་སྟེ༔ སངས་རྒྱས་བདེ་གཤེགས་རིགས་ཀྱི་ཞིང་ཁམས་ལ་དབང་བསྒྱུར་ནས༔ སེམས་ཅན་གྱི་དོན་ཐོགས་པ་མེད་པར་འབྱུང་བར་གྱུར་ཅིག༔ ཅེས་བརྗོད་ལ་བུམ་ཆུ་བླུད༔ ཤར་ཕྱོགས་ཀྱི་སྒོ་ཕྱེས༔ ལག་ཏུ་འཁོར་ལོ་གཏད་དོ༔ ལྷུན་གྱིས་གྲུབ་པའི་ལས་འགྲུབ་བོ༔

༈ བཞི་པ་ལྷ་མིན་གྱི་གནས་ནས་སྤར་བའི་དབང་ནི༔ ཡང་སློབ་བུའི་ཐལ་མོ་སྦྱར་ལ༔ གསོལ་བ་གདབ་པ་ནི༔ ཀྱེ་མ་བདག་འདྲའི་སེམས་ཅན་རྣམས༔ སྔོན་གྱི་ལས་ངན་དབང་གྱུར་པས༔ ཀྱེ་མ་ཀྱི་ཧུད་མགོན་པོ་ཡིས༔ བདག་ལུས་ངན་པ་བསྒྲལ་དུ་གསོལ༔ ཞེས་ལན་གསུམ༔ སློབ་དཔོན་གྱིས་བྱང་ནས་སྙིང་པོ་ལྔའི་བུམ་པ་མགོ་ཐོག་ཏུ་བཞག་ལ༔ འོ༔ རིགས་ཀྱི་བུ་བྱང་གི་བུམ་པ་འདི་ནི་སྙིང་པོ་ལྔའི་བུམ་པ་ཡིན་ཏེ༔ སངས་རྒྱས་དོན་ཡོད་གྲུབ་པ་རིགས་ལྔའི་ལྷ་ཚོགས་བཞུགས་པས་ཁྱོད་ལ་དབང་བསྐུར་བ་ཙམ་གྱིས་ཕྲག་དོག་ལྷ་མིན་གྱི་གནས་ལས་ཐར་ནས་ཕྲིན་ལས་ཀརྨ་རིགས་ཀྱི་དབང་ཐོབ་པ་ཡིན་སྙམ་པའི་མོས་པ་དུང་དུང་མཛོད་ཅིག༔ ཧཱུྃ༔ སྙིང་པོ་ལྔ་ཡི་བུམ་པ་འདིར༔ བདེ་གཤེགས་ཕྲིན་ལས་ལྷ་ཚོགས་བཞུགས༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ ལྷ་མིན་སྐྱེ་སྒོ་བཅད་ནས་ནི༔ ལས་རབ་ཞིང་དུ་སྐྱེ་བར་ཤོག༔ དེ་ནས་གོ་མཚོན་ལག་ཏུ་གཏད་ལ༔ ཧ༔ ཤེས་རབ་དོན་མཚོན་རལ་གྲི་དང་༔ བདུད་ཀྱི་མཚོན་སྲུང་གོ་ཆ་འདི༔ དུས་གསུམ་རྒྱལ་བའི་སྦྱོར་སྒྲོལ་ཏེ༔ ཞི་ཁྲོ་རྒྱལ་བའི་ཕྱག་མཚན་འདིས༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ ཧེ་ས་ཀ་ཡི་སྡུག་བསྔལ་བྲལ་བར་ཤོག༔ སུ་སརྦ་དུ་ལ་སརྦ་ཀརྨ་པྲ་ཝེ་ཤ་ཡ་ཧཱུྃ་ཕཊ༔ ཧཱ་ཀརྨ་ས་ཏྭ་ས་མ་ཡ༔ སོགས་དོན་གྲུབ་ཀྱི་ཡིག་བརྒྱ་བཟླས་པའི་མཐར༔ ཧཱ་ཀརྨ་ཨ་བྷི་ཥིཉྩ་ཨཱ༔ སྐལ་ལྡན་ཁྱོད་ལ་སྙིང་པོ་ལྔའི་བུམ་པ་དང་༔ གོ་མཚོན་གྱི་དབང་བསྐུར་བས་ཉོན་མོངས་པ་ཕྲག་དོག་གིས་ཀུན་ནས་བསླངས་པའི་སྡིག་སྒྲིབ་ལས་ཀྱི་ས་བོན་བག་ཆགས་དང་བཅས་པ་ཐམས་ཅད་བྱང་ཞིང་དག་ནས༔ ལྷ་མིན་དུ་སྐྱེ་བའི་སྒོ་བཅད་དེ༔ ཕུང་པོ་ལྔའི་ཉེས་པ་ལས་གྲོལ་ནས༔ བྱང་ཕྱོགས་ལས་རབ་རྫོགས་པའི་ཞིང་ཁམས་ཀྱི་སྒོ་ཕྱེས་ཤིང་༔ དོན་ཡོད་གྲུབ་པ་རིགས་ལྔའི་དབང་ཐོབ་སྟེ༔ སངས་རྒྱས་ཕྲིན་ལས་རིགས་ཀྱི་ཞིང་ཁམས་ལ་དབང་བསྒྱུར་ནས༔ སེམས་ཅན་གྱི་དོན་ཐོགས་པ་མེད་པར་འབྱུང་བར་གྱུར་ཅིག༔ ཅེས་བརྗོད་ལ་བུམ་ཆུ་བླུད༔ བྱང་ཕྱོགས་ཀྱི་སྒོ་ཕྱེས༔ ལག་ན་རྒྱ་གྲམ་གཏད་དོ༔ མངོན་སྤྱོད་ཀྱི་ལས་འགྲུབ་བོ༔

༈ ལྔ་པ་ལྷའི་གནས་ནས་སྤར་བའི་དབང་ནི༔ ཡང་སློབ་བུས་ཐལ་མོ་སྦྱར༔ གསོལ་བ་གདབ་པ་ནི༔ ཀྱེ་མ་ཀྱི་ཧུད་ཐུགས་རྗེ་ཅན༔ བདག་འདྲ་རྨོངས་པའི་འཛིན་པ་ཅན༔ དམ་ཚིག་རྩ་བ་ཉམས་པའི་སྐྱོན༔ ངན་སོང་མཐོ་རིས་གནས་ནས་འཁོར༔ མི་འཆབ་མཐོལ་བཤགས་མེ་ཏོག་བཞེས༔ དབང་བསྐུར་ལྷ་ཡི་གནས་ནས་དྲོངས༔ ཞེས་ལན་གསུམ་བརྗོད་ལ་མེ་ཏོག་ཅོད་པན་ཕུལ་ལོ༔ དེ་ནས་སློབ་དཔོན་གྱིས་ལྷའི་གནས་ནས་སྤར་བའི་ཕྱིར༔ དཀྱིལ་འཁོར་ལྷོའི་རིན་པོ་ཆེ་ལྔའི་བུམ་པ་སློབ་བུའི་མགོར་བཞག་ལ༔ འོ༔ རིགས་ཀྱི་བུ༔ ལྷོའི་བུམ་པ་འདི་ནི་རིན་ཆེན་ལྔའི་བུམ་པ་ཡིན་ཏེ༔ སངས་རྒྱས་རིན་ཆེན་འབྱུང་ལྡན་རིགས་ལྔའི་ལྷ་ཚོགས་བཞུགས་པས༔ ཁྱོད་ལ་དབང་བསྐུར་བ་ཙམ་གྱིས་ང་རྒྱལ་ལྷའི་གནས་ནས་ཐར་ཏེ༔ ཡོན་ཏན་རིན་ཆེན་རིགས་ཀྱི་དབང་ཐོབ་པ་ཡིན་སྙམ་དུ་མོས་པ་དུང་དུང་མཛོད་ཅིག༔ ཧཱུྃ༔ རིན་ཆེན་ལྔ་ཡི་བུམ་པ་འདིར༔ བདེ་གཤེགས་ཡོན་ཏན་ལྷ་ཚོགས་བཞུགས༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ ལྷ་ཡི་སྐྱེ་སྒོ་བཅད་ནས་ནི༔ རིན་ཆེན་ཞིང་དུ་སྐྱེ་བར་ཤོག༔ དེ་ནས་པི་ཝང་ལག་ཏུ་གཏད་ལ༔ སྭཱ༔ ལོངས་སྤྱོད་བདུད་ཀྱི་གཡེང་འཇོམས་པའི༔ པི་ཝཾ་སྙན་པའི་དོན་བྱེད་འདིས༔ དེང་འདིར་ཁྱོད་ལ་དབང་བསྐུར་བས༔ སྐྱེ་བ་གཅིག་གི་ལས་རྫོགས་ཤོག༔ ཨ་སརྦ་ཏ་ཐཱ་ག་ཏ་བི་དན་ཁདྒ་ཚིནྡྷ་ཚིནྡྷ་ཧཱུྃ་ཕཊ༔ སྭཱ་རཏྣ་ས་ཏྭ་ས་མ་ཡཱ༔ སོགས་རིན་ཆེན་འབྱུང་ལྡན་གྱིི་ཡིག་བརྒྱ་བཟླས་པའི་མཐར༔ སྭཱ་རཏྣ་ཨ་བྷི་ཥིཉྩ་ཨཱ༔ སྐལ་ལྡན་ཁྱོད་ལ་རིན་ཆེན་ལྔའི་བུམ་པ་དང་༔ པི་ཝཾ་གིས་དབང་བསྐུར་བས༔ ཉོན་མོངས་པ་ང་རྒྱལ་གྱིས་ཀུན་ནས་བསླངས་པའི་སྡིག་སྒྲིིབ་ལས་ཀྱི་ས་བོན་བག་ཆགས་དང་བཅས་པ་ཐམས་ཅད་བྱང་ཞིང་དག་ནས༔ ལྷའི་གནས་སུ་སྐྱེ་བའི་སྒོ་བཅད་དེ༔ འདོད་ཡོན་ལྔའི་ཉེས་པ་ལས་གྲོལ་ནས་ལྷོ་ཕྱོགས་དཔལ་ལྡན་རིན་ཆེན་བཀོད་པའི་ཞིང་ཁམས་ཀྱི་སྒོ་ཕྱེས་ནས༔ བྱམས་པ་ལྔ་རྒྱུད་ལ་སྐྱེ༔ ཞིང་ཁམས་ལྔ་ལ་དབང་བསྒྱུར༔ རིན་ཆེན་འབྱུང་ལྡན་རིགས་ལྔའི་དབང་ཐོབ་སྟེ༔ སངས་རྒྱས་རིན་ཆེན་རིགས་ཀྱི་ཞིང་ཁམས་ལ་དབང་བསྒྱུར་ནས༔ སེམས་ཅན་གྱི་དོན་ཐོགས་པ་མེད་པར་འབྱུང་བར་གྱུར་ཅིག༔ ཅེས་བརྗོད་ལ་བུམ་ཆུ་བླུད༔ ལྷོ་ཕྱོགས་ཀྱི་སྒོ་ཕྱེས༔ ལག་ཏུ་རིན་པོ་ཆེ་གཏད་དོ༔ རྒྱས་པའི་ལས་འགྲུབ་བོ༔ ལྷོ་ནས་བཀྲ་ཤིས་གང་ལགས་པ༔ ཞེས་པའི་བཀྲ་ཤིས་ཚིགས་སུ་བཅད་པ་དང་༔ མེ་ཏོག་གཏོར༔ རོལ་མོ་བྱ༔ དེ་དག་རྣམས་ལོང་སྐབས་ཡོད་ན་གོང་མ་ཀུན་ལའང་བྱའོ༔

དེ་ནས་དངོས་གཞི་དྲུག་པ་མིའི་གནས་ནས་སྤར་ཞིང་ཉམས་ཆགས་བསྐང་བའི་སྤྲོས་བཅས་བུམ་དབང་ཆེན་མོ་བསྐུར་བ་ནི༔ སློབ་བུ་རྣམས་ཐལ་མོ་སྦྱར་ཏེ༔ གསོལ་བ་གདབ་པ་ནི༔ ཀྱེ་མ་བླ་མ་རྡོ་རྗེ་འཛིན༔ བདག་ཅག་རིགས་དྲུག་གནས་སུ་འཁྱམས༔ དམ་ཚིགས་ཉམས་ཆགས་དཔག་མེད་བསགས༔ འགྲོ་མགོན་ཐུགས་རྗེ་ཅན་ཁྱོད་ཀྱིས༔ ཉམས་ཆག་སྐོངས་ལ་དངོས་གྲུབ་སྩོལ༔ དབང་མཆོག་རྣམས་ཀུན་དུས་འདིར་བསྐུར༔ ཞེས་ལན་གསུམ་གྱི་རྗེས་ལ༔ རྡོ་རྗེ་སློབ་དཔོན་གྱིས་དམ་ཚིག་ཉམས་པ་གསོ་བའི་ཕྱིར༔ མདུན་གྱི་ནམ་མཁར་རྒྱལ་བ་ཞི་ཁྲོའི་ལྷ་ཚོགས་རྣམས་དཔང་དུ་བཙུགས་ཏེ༔ རྡོ་རྗེ་སེམས་དཔའི་སྒོམ་བཟླས་འབོགས་ལ༔ ཡིག་བརྒྱའི་འཛབ་ཅི་རིགས་པར་བཟླས་སུ་བཅུག་གོ༔ དེའི་རྗེས་སུ་བཤགས་པ་དང་བཅས་པ་བརྗོད་པའི་རྗེས་སུ༔

༈ དང་པོ་ཐུན་མོང་རིག་པའི་དབང་ལྔ་བསྐུར་བ་ནི༔ རྒྱུད་ལས༔ ཞེ་སྡང་མེ་གསོད་ཆུ་ཡི་དབང་༔ ང་རྒྱལ་རི་བསྙིལ་དབུ་རྒྱན་དབང་༔ འདོད་ཆགས་དུག་འཇོམས་རྡོ་རྗེའི་དབང་༔ ཕྲག་དོག་ལྕགས་བཀྲོལ་དྲིལ་བུའི་དབང་༔ གཏི་མུག་མུན་སེལ་མིང་གི་དབང་༔ ཆུ་དང་དབུ་རྒྱན་རྡོར་དྲིལ་མིང་༔ མཆེད་ལྕམ་རྣམས་ལ་བསྐུར་བར་བྱ༔ ཞེས་པས༔ ༈ དང་པོ་མི་བསྐྱོད་པ་བུམ་པ་ཆུའི་དབང་བསྐུར་བ་ནི༔ བུམ་པ་སྤྱི་བོར་བཞག་ལ༔ སྤྱི་གཙུག་ཏུ་ཆུ་ཐིག་བླུག་ཅིང་འདི་སྐད་དོ༔ ཧཱུྃ༔ སྐུ་གསུམ་དམ་ཚིག་ལས་བྱུང་ཞིང་༔ ཉོན་མོངས་ཞེ་སྡང་འཇོམས་མཛད་པའི༔ ལྷ་ཡི་བདུད་རྩི་དག་པ་ཡིས༔ མི་བསྐྱོད་པ་རུ་དབང་བསྐུར་རོ༔ ཧཱུྃ་བཛྲ་ཨ་དར་ཤ་ཛྙཱ་ཏ་ཛྙཱ་ན་ཨབྷི་ཥིཉྩ་མཱཾ༔ ༈ གཉིས་པ་རིན་ཆེན་འབྱུང་ལྡན་དབུ་རྒྱན་གྱི་དབང་བསྐུར་བ་ནི༔ དབུ་རྒྱན་མགོ་ལ་བསྐོན༔ རྣ་ལྟག་གཡས་སུ་བུམ་པ་བཞག་ལ༔ ཧཱུྃ༔ སངས་རྒྱས་ཀུན་གྱི་རྒྱལ་སྲིད་དེ༔ ང་རྒྱལ་རྟོག་པ་རྣམ་པར་འཇོམས༔ ཆགས་མེད་སྦྱིན་པའི་དབུ་རྒྱན་འདིས༔ རྫོགས་སངས་རྒྱས་སུ་དབང་བསྐུར་རོ༔ སྭཱ་རཏྣ་ས་མནྟ་ཛྙཱ་ན་རཏྣ་སྭ་བྷཱ་ཝ་ཨ་བྷི་ཥིཉྩ་མཱཾ༔ ༈ གསུམ་པ་སྣང་བ་མཐའ་ཡས་རྡོ་རྗེའི་དབང་ནི༔ རྡོ་རྗེ་མགོ་ཐོག་ཏུ་བཞག༔ བུམ་པ་ལྟག་པར་བཞག་ལ༔ ཧཱུྃ༔ སངས་རྒྱས་ཀུན་གྱི་རྡོ་རྗེའི་དབང་༔ མི་ཕྱེད་རྡོ་རྗེ་གསང་བ་ལ༔ འདོད་ཆགས་རྟོག་པ་རྣམ་པར་འཇོམས༔ རྡོ་རྗེ་ཆོས་ཀྱི་དབང་བསྐུར་རོ༔ ཨཾ་པདྨ་པྲ་ཛྙཱ་ཨ་བྷི་ཥིཉྩ་མཱཾ༔ ༈ བཞི་པ་དོན་ཡོད་གྲུབ་པ་དྲིལ་བུའི་དབང་ནི༔ བུམ་ཆུ་རྣ་ལྟག་གཡོན་དུ་བཞག༔ དྲིལ་བུ་བསིལ་ཞིང་ལག་དུ་གཏད་ལ༔ ཧཱུྃ༔ ཐབས་དང་ཤེས་རབ་ལྡན་པ་ཡིས༔ འགྲོ་དོན་མཉམ་མེད་དྲིལ་བུ་འདིས༔ ཕྲག་དོག་རྟོག་པ་རྣམ་པར་འཇོམས༔ གཉིས་སུ་མེད་པར་དབང་བསྐུར་རོ༔ ཧ་ཏིཥྛ་ཨ་ནུ་ཏེ་ཛྙཱ་ན་པ་ཏི་བཛྲ་ཀརྨ་ཨ་བྷི་ཥིཉྩ་མཾ༔ ༈ ལྔ་པ་རྣམ་པར་སྣང་མཛད་མིང་གི་དབང་བསྐུར་བ་ནི༔ བུམ་ཆུ་དཔྲལ་བར་བཞག༔ རྣམ་སྣང་གི་སྐུ་བསྟན༔ གསང་མཚན་བཏགས་ལ༔ ཧཱུྃ༔ རྡོ་རྗེ་མིང་གི་དབང་བསྐུར་བས༔ གཏི་མུག་རྟོག་པ་རྣམ་པར་འཇོམས༔ ཅིས་ཀྱང་མི་ཆོད་མི་ཤིགས་པ༔ རྡོ་རྗེའི་མིང་ནི་རབ་ཏུ་གྲགས༔ ༀ་ཏྲི་ཙཀྲ་མ་ཏི་ཨ་མི་ཛྙཱ་ན་བཛྲ་ཨ་བྷི་ཥིཉྩ་མཱཾ༔ ཞེས་དབང་བསྐུར་རོ༔ འོ༔ དེ་ལྟར་ཐུན་མོང་རིག་པའི་དབང་ལྔ་བསྐུར་བས༔ དུག་ལྔ་དང་ཕུང་པོ་ལྔ་གཏན་ནས་དག་ནས༔ ཡེ་ཤེས་ལྔ་དང་སྐུ་ལྔ་ལྷུན་གྱིས་གྲུབ་ཅིང་ཞིང་ཁམས་ལྔ་ལ་དབང་བསྒྱུར་ནས་སེམས་ཅན་གྱི་དོན་ཐོགས་པ་མེད་པར་བྱེད་ནུས་པའི་དབང་ཐོབ་པར་གྱུར་ཅིག༔ ཅེས་བརྗོད་དོ༔ དེ་ནས་བུམ་དབང་དངོས་བསྐུར་བ་ནི༔ ཡང་སློབ་བུས་ཐལ་མོ་སྦྱར་ལ་གསོལ་བ་གདབ་པ་ནི༔ ཀྱེ་ཧོ༔ བླ་མ་རྡོ་རྗེ་འཛིན་པ་ཆེ༔ བདག་ཅག་སྐལ་ལྡན་སློབ་བུ་ལ༔ བུམ་པའི་དབང་མཆོག་བསྐུར་དུ་གསོལ༔ ཞེས་ལན་གསུམ་གསོལ་བ་བཏབ་པའི་རྗེས་ལ༔ སློབ་དཔོན་གྱིས་རྡོ་རྗེ་དང་རིན་ཆེན་དང་༔ པདྨ་དང་༔ རྒྱ་གྲམ་དང་༔ པར་བུ་དང་༔ གསེག་ཤང་དང་༔ འཁོར་ལོ་དང་༔ རལ་གྲི་དང་༔ དྲིལ་བུ་རྣམས་ཀྱིས་དབང་བསྐུར་རོ༔ ༈ དང་པོ་ཐོག་མར་བུམ་ཆུ་ཐམས་ཅད་གཙོ་བུམ་དུ་བསྡུ་ལ་སྤྱི་བོར་བཞག་སྟེ༔ འོ༔ རིགས་ཀྱི་བུ་རྣམས༔ བུམ་པ་འདི་སྤྱི་བོར་བཞག་ནས་བྱུང་བའི་དུས་སུ༔ རྫའམ་ཤིང་གི་རང་བཞིན་དུ་མ་བསྒོམ་པར༔ ཕྱི་རིན་པོ་ཆེའི་བུམ་པའི་དབྱིབས་ལ༔ ནང་རིན་པོ་ཆེའི་གཞལ་ཡས་ཁང་གི་ནང་དུ༔ རྒྱལ་བ་ཞི་ཁྲོ་རབ་འབྱམས་ཀྱི་ལྷ་ཚོགས་དཔུང་ངེ་ཐིབས་སེ་བྱོན་པ་ཙམ་གྱིས་ལུས་ཀྱི་སྒྲིབ་པ་དག༔ སྐུའི་དམ་ཚིག་ཉམས་ཆག་བསྐང་ཞིང་བུམ་པ་ལྷའི་དབང་ཐོབ་པ་ཡིན་ཨང་སྙམ་དུ་མོས་པ་དུང་དུང་མཛོད་ཅིག༔ ཧཱུྃ༔ རིན་ཆེན་བུམ་པ་གཞལ་ཡས་ཁང་༔ རྒྱལ་བ་ཞི་ཁྲོའི་ལྷ་ཚོགས་བཞུགས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ ལྷ་དབང་ལུས་ལ་ཐོབ་པར་ཤོག༔ ཧཱུྃ་བཛྲ་ཨ་བྷི་ཥིཉྩ་ཨ་ཨཱ༔ ༀ་བུདྡྷ་ཨ་བྷི་ཥིཉྩ་ཨ་ཨཱ༔ སྭཱ་རཏྣ་ཨ་བྷི་ཥིཉྩ་ཨ་ཨཱ༔ ཨཱཾ་པདྨ་ཨ་བྷི་ཥིཉྩ་ཨ་ཨཱ༔ ཧཱ་ཀརྨ་ཨ་བྷི་ཥིཉྩ་ཨ་ཨཱ༔ ཞེས་དབང་བསྐུར་རོ༔ དེ་ནས་ཐུགས་ཕྱག་མཚན་གྱི་དབང་བསྐུར་བ་ནི༔ པར་བུ་དང་གསེག་ཤང་ལག་ཏུ་གཏད་ལ༔ ཧཱུྃ༔ རིན་ཆེན་པར་བུ་ལྷུང་བཟེད་ན༔ རྒྱལ་བ་ཞི་ཁྲོའི་ལྷ་ཚོགས་བཞུགས༔ གསེག་ཤང་དྲང་སྲོང་སྒྲ་སྒྲོགས་འདི༔ ཐུགས་རྟགས་ཞི་ཁྲོ་ལྷ་ཡི་བརྡ༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ ཨ་ཝ་དྷཱུ་ཏིའི་དབང་ཐོབ་ཤོག༔ དེ་ནས་རིགས་ལྔའི་ཕྱག་མཚན་དང་༔ དྲིལ་བུ་མགོ་ཐོག་ཏུ་བཞག༔ ལག་ཏུ་གཏད་ལ༔ ཧཱུྃ༔ རྡོ་རྗེ་འཁོར་ལོ་རིན་པོ་ཆེ༔ པདྨ་རྒྱ་གྲམ་ཐུགས་ཀྱི་རྟགས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ འཁོར་ལོ་ལྔ་ཡི་དབང་རྫོགས་ཤོག༔ བཛྲ་ཙཀྲ་རཏྣ་པདྨ་ཁདྒ་ཨ་བྷི་ཥིཉྩ་ཨཱ༔ འོ༔ རིགས་ཀྱི་བུ་རྣམས་ལ་ཐོག་མར་ལུས་སྨིན་པར་བྱེད་པ་བུམ་པ་ལྷའི་དབང་བསྐུར་བས༔ བུམ་པ་འདིའི་ནང་ནས་སྨན་ལྔའི་དབང་བསྐུར་བས་ནད་ལྔ་ལས་གྲོལ༔ སྙིང་རྗེ་ལྔ་རྒྱུད་ལ་སྐྱེ༔ ཞིང་ཁམས་ལྔ་ལ་དབང་བསྒྱུར་སྒྲིབ་པ་ལྔ་དག༔ རྡོ་རྗེ་སེམས་དཔའ་སྐུ་ལྔའི་དབང་ཐོབ༔ འབྲུ་ལྔའི་དབང་བསྐུར་བས༔ དུག་ལྔའི་ཉེས་པ་ལས་གྲོལ༔ བཏང་སྙོམས་ལྔ་རྒྱུད་ལ་སྐྱེ༔ ཞིང་ཁམས་ལྔ་མཐོང་༔ སྒྲིབ་པ་ལྔ་དག༔ རྣམ་པར་སྣང་མཛད་རིགས་ལྔའི་དབང་ཐོབ༔ རིན་པོ་ཆེ་ལྔའིི་དབང་བསྐུར་བས༔ ཞིང་ཁམས་ལྔ་མཐོང་༔ བྱམས་པ་ལྔ་རྒྱུད་ལ་སྐྱེ༔ སྒྲིིབ་པ་ལྔ་དག༔ རིན་ཆེན་འབྱུང་ལྡན་སྐུ་ལྔའི་དབང་ཐོབ༔ དྲི་ལྔའི་དབང་བསྐུར་བས༔ དུག་ལྔའི་ཉེས་པ་སེལ༔ དགའ་བ་ལྔ་རྒྱུད་ལ་སྐྱེ༔ ཞིང་ཁམས་ལྔ་མཐོང་༔ སྒྲིབ་པ་ལྔ་དག༔ སྣང་བ་མཐའ་ཡས་སྐུ་ལྔའི་དབང་ཐོབ༔ སྙིང་པོ་ལྔའི་དབང་བསྐུར་བས༔ ཕུང་པོ་ལྔ་དག༔ གཏེར་ལྔ་ཐོབ༔ ཞིང་ཁམས་ལྔ་མཐོང་༔ དོན་ཡོད་གྲུབ་པ་སྐུ་ལྔའི་དབང་ཐོབ་པའི་དགོས་པ་ཡོད་དོ༔ ཞིབ་པར་དབང་བཞི་འཕྲད་ཚད་རང་གྲོལ་ལྟར་ཤེས་པར་བྱའོ༔ དེ་ནས་ཞི་ཁྲོའི་ལྷ་དབང་ཆེན་མོ་བསྐུར་བ་ནི༔ ཡང་སློབ་བུའི་ཐལ་མོ་སྦྱར་ལ༔ གསོལ་བ་གདབ་པ་ནི༔ ཀྱེ་ཧོ་བླ་མ་རྡོ་རྗེ་འཛིན་པ་ཆེ༔ བདག་ཅག་སྐལ་ལྡན་བུ་རྣམས་ལ༔ རྒྱལ་བ་ཞི་ཁྲོ་རབ་འབྱམས་ཀྱིས༔ ལྷ་དབང་ཡོངས་རྫོགས་བསྐུར་དུ་གསོལ༔ ཞེས་ལན་གསུམ་གྱི་རྗེས་ལ༔ སློབ་དཔོན་གྱིས་སྤྲོས་པ་ལ་དགའ་ན༔ དམ་པ་རིགས་བརྒྱའི་སྐུ་ཙཀླི་རྒྱབ་ཡིག་དང་བཅས་པ་རེ་རེ་ནས་བསྐུར་བར་བྱའོ༔ མདོར་བསྡུས་ཏེ་མགྱོགས་དབང་དུ་བསྐུར་ན༔ ལྷའི་གཙོ་བོ་རྣམས་བསྡུས་ཏེ་མགོ་ཐོག་ཏུ་འགྲིམ་ཞིང་༔ ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་རྣམས་ལ༔ ཀུན་བཟང་ཡབ་ཡུམ་དབང་བསྐུར་བས༔ ཡིད་ཆོས་རྣམ་པར་དག་པ་ཡིས༔ ཆོས་སྐུ་རབ་འབྱམས་དབང་ཐོབ་ཤོག༔ དྷརྨཱ་ཀཱ་ཡ་ཨ་བྷི་ཥིཉྩ་ༀ་ཨཱཿཧཱུྃ་ཧྲཱི༔ དེ་ནས་སྨོན་ལམ་ནི༔ སྐལ་ལྡན་རིགས་ཀྱི་བུ་རྣམས་ལ་ཀུན་བཟང་ཡབ་ཡུམ་གྱི་དབང་བསྐུར་བས༔ ཡིད་ཆོས་ཀྱི་ཁམས་རྣམ་པར་དག་སྟེ་ཆོས་སྐུ་རབ་འབྱམས་ཀྱི་དབང་དམ་པ་ཐོབ་པར་གྱུར་ཅིག༔ དེ་ནས་ངོ་སྤྲོད་ནི༔ འོ་སྐལ་ལྡན་རིགས་ཀྱི་བུ་རྣམས་ཀུན་བཟང་ཡབ་ཡུམ་ཞེས་བྱ་བ་དེའང་གཞན་ཞིག་ཡིན་སྙམ་དུ་མ་སེམས་ཤིག༔ རང་གི་ཀུན་གཞི་བྱང་ཆུབ་ཀྱི་སེམས་ཡིད་བྱེད་པ་པོ་ད་ལྟའི་ཤེས་རིག་མ་འགགས་པར་ས་ལེ་ཧྲིག་གེ་བ་འདི་ཀ་ཆོས་སྐུ་ཀུན་ཏུ་བཟང་པོ་ཡེ་ཐོག་མའི་མགོན་པོ་འོད་མི་འགྱུར་བ་ཞེས་བྱ་དེ་ཉིད་ཡིན་ནོ༔ རང་གི་ཤེས་རིག་དངོས་པོ་གདོས་བཅས་ཅན་དུ་གྲུབ་པ་མེད་པ༔ ཅིའི་ངོ་བོར་ཡང་མ་གྲུབ་པའི་སྟོང་སང་ངེ་བ་འདི་ཀ་ཡུམ་ཀུན་ཏུ་བཟང་མོ་ཡིན་ནོ༔ འདིའི་རང་རྩལ་འགགས་མེད་ཆོས་བྱེད་པ་པོ་སྣ་ཚོགས་སུ་ཤར་བ་འདི་ཉིད་ཀྱང་ཡབ་ཀུན་ཏུ་བཟང་པོའི་རང་བཞིན་ཡིན་པར་ངོ་ཤེས་པར་གྱིས་ཤིག༔ ཅེས་བརྗོད༔ དེ་ནས་རིགས་ལྔ་ཡབ་ལྔའི་དབང་བསྐུར་ཏེ༔ ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་རྣམས་ལ༔ རིགས་ལྔ་ཡབ་ལྔའི་དབང་བསྐུར་བས༔ ཕུང་པོ་ལྔ་པོ་གནས་དག་ནས༔ ལོངས་སྐུ་རབ་འབྱམས་དབང་ཐོབ་ཤོག༔ ༀ་ཧཱུྃ་སྭཱ་ཨཱཾ་ཧཱ༔ སཾ་བྷོ་ཀཱ་ཡ་ཨ་བྷི་ཥིཉྩ་ཨཱ༔ སྨོན་ལམ༔ སྐལ་ལྡན་རྣམས་ལ་རྒྱལ་བ་རིགས་ལྔའི་དབང་བསྐུར་བས༔ ཕུང་པོ་ལྔ་གནས་སུ་དག་ནས༔ ལོངས་སྐུ་རབ་འབྱམས་ཀྱི་དབང་ཐོབ་པར་གྱུར་ཅིག༔ ངོ་སྤྲོད་ནི༔ འོ་སྐལ་ལྡན་རིགས་ཀྱི་བུ་རྣམས༔ རྒྱལ་བ་རིགས་ལྔ་ཞེས་བྱ་བ་དེ་གཞན་ཞིག་ཡིན་སྙམ་དུ་མ་སེམས་ཤིག༔ རང་གི་ཕུང་པོ་ལྔ་མ་སྤངས་གནས་སུ་དག་པ་ཉིད་རྒྱལ་བ་རིགས་ལྔར་སྣང་སྟེ༔ དེ་ཡང་གཟུགས་མ་འགགས་པར་གསལ་བ་འདི་ཀ་རྣམ་པར་སྣང་མཛད་དོ༔ ཚོར་བ་འགགས་མེད་དུ་གསལ་བ་འདི་ཀ་རིན་ཆེན་འབྱུང་ལྡན་ནོ༔ འདུ་ཤེས་ཏུང་ངེ་བ་འདི་ཀ་སྣང་བ་མཐའ་ཡས་སོ༔ འདུ་བྱེད་ཁྱུག་གེ་བ་འདི་ཀ་དོན་ཡོད་གྲུབ་པའོ༔ རྣམ་པར་ཤེས་པ་འགགས་མེད་དུ་གསལ་བ་འདི་ཀ་རྡོ་རྗེ་སེམས་དཔའ་ཉིད་ཀྱི་རང་བཞིན་ཡིན་པས་ངོ་ཤེས་པར་གྱིས་ཤིག༔

༈ ཡུམ་ལྔའི་དབང་བསྐུར་བ་ནི༔ ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་རྣམས་ལ༔ བདེ་གཤེགས་ཡུམ་ལྔའི་དབང་བསྐུར་བས༔ འབྱུང་ལྔ་མ་སྤངས་གནས་དག་ནས༔ རིགས་ལྔ་ཡུམ་ལྔའི་དབང་ཐོབ་ཤོག༔ མཱུཾ་ལཱཾ་མཱཾ་པྱཱཾ་ཏཱཾ༔ ཨ་བྷི་ཥིཉྩ་ཨཱ༔ སྨོན་ལམ༔ སྐལ་ལྡན་རྣམས་ལ་ཡུམ་ལྔའི་དབང་བསྐུར་བས༔ འབྱུང་བ་ལྔ་པོ་གནས་སུ་དག་ནས༔ རྒྱལ་བ་ཐམས་ཅད་བསྐྱེད་པའི་དབང་ཐོབ་པར་གྱུར་ཅིག༔ ངོ་སྤྲོད༔ འོ་སྐལ་ལྡན་རིགས་ཀྱི་བུ་རྣམས༔ ཡུམ་ལྔ་ཞེས་བྱ་བ་ནི་གཞན་ནས་མེད་དེ༔ ཕྱི་ནང་གི་འབྱུང་བ་ལྔ་མ་འགགས་པར་སྣང་བ་འདི་ཀ་ཡུམ་ལྔའི་རང་བཞིན་ཡིན་ནོ༔ དེ་ཡང་སར་སྣང་བ་ནི་སངས་རྒྱས་སྤྱན་མའོ༔ ཆུར་སྣང་བ་ནི་མཱ་མ་ཀཱིའོ༔ མེར་སྣང་བ་ནི་གོས་དཀར་མོའོ༔ རླུང་དུ་སྣང་བ་ནི་དམ་ཚིག་སྒྲོལ་མའོ༔ ནམ་མཁར་སྣང་བ་ནི་དབྱིངས་ཕྱུག་མའི་རང་བཞིན་ནོ༔ ཞེས་བརྗོད༔ དེ་ནས་བྱང་ཆུབ་སེམས་དཔའ་བརྒྱད་ཀྱི་དབང་བསྐུར་བ་ནི༔ ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་རྣམས་ལ༔ སེམས་དཔའ་བརྒྱད་ཀྱི་དབང་བསྐུར་བས༔ ཚོགས་བརྒྱད་མ་སྤང་གནས་དག་ནས༔ སེམས་དཔའ་རབ་འབྱམས་དབང་ཐོབ་ཤོག༔ བྷོ་དྷི་ས་ཏྭ་ཨ་བྷི་ཥིཉྩ་ཨཱཿསྨོན་ལམ༔ སྐལ་ལྡན་རྣམས་ལ་སེམས་དཔའ་བརྒྱད་ཀྱི་དབང་བསྐུར་བས༔ རྣམ་པར་ཤེས་པ་ཚོགས་བརྒྱད་གནས་སུ་དག་ནས༔ བྱང་ཆུབ་སེམས་དཔའི་ཚུལ་གྱིས་འགྲོ་བའི་དོན་རྒྱ་ཆེན་པོ་བྱེད་པའི་དབང་ཐོབ་པར་གྱུར་ཅིག༔ ངོ་སྤྲོད༔ འོ༔ སྐལ་ལྡན་རིགས་ཀྱི་བུ་རྣམས༔ སེམས་དཔའ་བརྒྱད་ཀྱང་གཞན་ན་མེད་དེ༔ རང་གི་རྣམ་པར་ཤེས་པ་ཚོགས་བརྒྱད་འགགས་མེད་དུ་གསལ་བ་འདི་ཀ་ཡིན་ནོ༔ མིག་གི་རྣམ་པར་ཤེས་པ་གཟུགས་འགགས་མེད་དུ་མཐོང་མཁན་གྱི་ཤེས་པ་འདི་ནི་སའི་སྙིང་པོའོ༔ རྣ་བའི་རྣམ་པར་ཤེས་པ་སྒྲ་འགགས་མེད་དུ་ཚོར་མཁན་གྱི་ཤེས་པ་འདི་ནི་ནམ་མཁའི་སྙིང་པོའོ༔ སྣའི་རྣམ་པར་ཤེས་པ་དྲི་འགགས་མེད་དུ་ཚོར་མཁན་གྱི་ཤེས་པ་འདི་ནི་སྤྱན་རས་གཟིགས་སོ༔ ལྕེའི་རྣམ་པར་ཤེས་པ་རོ་འགགས་མེད་དུ་མྱོང་མཁན་གྱི་ཤེས་པ་འདི་ནི་ཕྱག་ན་རྡོ་རྗེའོ༔ ལུས་ཀྱི་རྣམ་པར་ཤེས་པ་རེག་བྱ་འགགས་མེད་དུ་ཚོར་མཁན་གྱི་ཤེས་པ་འདི་ཀ་བྱམས་པའོ༔ ཡིད་ཀྱི་རྣམ་པར་ཤེས་པ་ཀུན་ཏུ་ཐོགས་མེད་དུ་ུགསལ་བའི་ཡིད་ཤེས་འདི་ཀ་སྒྲིབ་པ་རྣམ་སེལ་ལོ༔ ཉོན་མོངས་པའི་ཡིད་ཅན་ངར་འཛིན་གྱི་ཤེས་པ་ཧུ་རེ་བ་འདི་ཀ་སེམས་དཔའ་ཀུན་ཏུ་བཟང་པོ་ཡིན་ནོ༔ ཀུན་གཞིའི་རྣམ་པར་ཤེས་པ་ཁྱབ་གདལ་དུ་གསལ་བ་འདི་ཀ་འཇམ་དཔལ་གྱི་རང་བཞིན་ནོ༔ ཞེས་བརྗོད་དོ༔ དེ་ནས་སེམས་མ་བརྒྱད་ཀྱི་དབང་བསྐུར་བ་ནི༔ ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་རྣམས་ལ༔ སེམས་མ་བརྒྱད་ཀྱི་དབང་བསྐུར་བས༔ ཡུལ་བརྒྱད་མ་སྤངས་གནས་དག་ནས༔ སེམས་མ་རབ་འབྱམས་དབང་ཐོབ་ཤོག༔ ཨ་ཨ་བྷི་ཥིཉྩ་ཨཱ༔ སྨོན་ལམ༔ སྐལ་ལྡན་རྣམས་ལ་སེམས་མ་བརྒྱད་ཀྱི་དབང་བསྐུར་བས༔ ཡུལ་བརྒྱད་མ་སྤངས་གནས་སུ་དག་ནས་བྱང་ཆུབ་སེམས་མའི་ཚུལ་གྱིས་འགྲོ་དོན་བྱེད་པར་གྱུར་ཅིག༔ ངོ་སྤྲོད༔ འོ༔ སྐལ་ལྡན་རིགས་ཀྱི་བུ་རྣམས༔ བྱང་ཆུབ་སེམས་མ་བརྒྱད་ཀྱང་གཞན་ན་མེད་དེ༔ ཕྱི་ཡུལ་བརྒྱད་ཀྱི་རྟོག་པ་རང་སར་དག་པ་ཉིད་བྱང་ཆུབ་སེམས་མ་བརྒྱད་དོ༔ དེ་ཡང་མིག་གི་ཡུལ་གཟུགས་སུ་སྣང་བ་རྣམ་པར་དག་པ་ཉིད་སེམས་མ་ལཱ་སྱེ་དཀར་མོའོ༔ དེ་བཞིན་དུ་རྣ་བའི་ཡུལ་སྒྲ་རྣམ་པར་དག་པ་མཱ་ལྱ་སེར་མོའོ༔ སྣའི་ཡུལ་དྲི་རྣམ་པར་དག་པ་གཱིརྟི་དམར་མོའོ༔ ལྕེ་ཡི་ཡུལ་རོ་བྲོ་བ་གནས་སུ་དག་པ་ནཱིརྟི་ལྗང་གུའོ༔ འདས་པའི་རྟོག་པ་གནས་སུ་དག་པ་པུཥྤེ་དཀར་མོའོ༔ ད་ལྟར་གྱི་རྟོག་པ་གནས་སུ་དག་པ་དྷཱུཔྤེ་སེར་མོའོ༔ མ་འོངས་པའི་རྟོག་པ་གནས་སུ་དག་པ་ཨཱ་ལོ་ཀེ་དམར་མོའོ༔ འབྱུང་བ་མ་ངེས་པ་དང་ཆོས་ཅན་གྱི་རྟོག་པ་གནས་སུ་དག་པ་ལྷ་མོ་གྷནྡྷེ་ལྗང་མོའི་རང་བཞིན་ཡིན་པས་ངོ་ཤེས་པར་གྱིས་ཤིག༔ ཅེས་ངོ་སྤྲད་དོ༔ དེ་ནས་སྤྲུལ་སྐུ་ཐུབ་པ་དྲུག་གི་དབང་ནི༔ ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་རྣམས་ལ༔ ཐུབ་ཆེན་དྲུག་གི་དབང་བསྐུར་བས༔ ཉོན་མོངས་དྲུག་པོ་གནས་དག་ནས༔ སྤྲུལ་སྐུ་རབ་འབྱམས་དབང་ཐོབ་ཤོག༔ ནིརྨཱ་ཀཱ་ཡ་ཨ་བྷི་ཥིཉྩ་ཨཱ༔ སྨོན་ལམ༔ སྐལ་ལྡན་རྣམས་ལ་སྤྲུལ་སྐུ་ཐུབ་པ་དྲུག་གི་དབང་བསྐུར་བས༔ དུག་ལྔ་སེར་སྣ་དང་དྲུག་གནས་སུ་དག་ནས༔ སྤྲུལ་པ་རབ་འབྱམས་ཀྱིས་རིགས་དྲུག་འདུལ་བའི་དབང་ཐོབ་པར་གྱུར་ཅིག༔ ངོ་སྤྲོད༔ འོ༔ སྐལ་ལྡན་རིགས་ཀྱི་བུ་རྣམས༔

ཐུབ་པ་དྲུག་ཀྱང་གུད་ན་མེད་དེ༔ ང་རྒྱལ་རྣམ་པར་དག་པ་ལྷའི་ཐུབ་པ་དབང་པོ་བརྒྱ་བྱིན༔ ཕྲག་དོག་རྣམ་པར་དག་པ་ལྷ་མ་ཡིན་གྱི་ཐུབ་པ་ཐག་བཟང་རིས༔ འདོད་ཆགས་རྣམ་པར་དག་པ་མིའི་ཐུབ་པ་ཤཱཀྱ་ཐུབ་པ༔ གཏི་མུག་རྣམ་པར་དག་པ་བྱོལ་སོང་གི་ཐུབ་པ་སེང་གེ་རབ་བརྟན༔ སེར་སྣ་རྣམ་པར་དག་པ་ཡི་དྭགས་ཀྱི་ཐུབ་པ་ཁ་འབར་མ༔ ཞེ་སྡང་རྣམ་པར་དག་པ་དམྱལ་བའི་ཐུབ་པ་ཆོས་ཀྱི་རྒྱལ་པོའི་རང་བཞིན་ནོ༔ ཞེས་ངོ་སྤྲོད་དོ༔ དེ་ནས་སྒོ་བ་བཞིའི་དབང་ནི༔ ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་རྣམས་ལ༔ སྒོ་བ་བཞི་ཡི་དབང་བསྐུར་བས༔ རྟག་ཆད་མུ་བཞི་གནས་དག་ནས༔ ཕྲིན་ལས་རབ་འབྱམས་དབང་ཐོབ་ཤོག༔ ཤཱནྟཾི༔ པུཥྚིཾ༔ ཝཱ་ཤཾ༔ མཱ་ར་ཡ་ཨ་བྷི་ཥིཉྩ་ཨཱ༔ སྨོན་ལམ༔ སྐལ་ལྡན་རྣམས་ལ་སྒོོ་བ་བཞིའི་དབང་བསྐུར་བས༔ རྟག་ཆད་མུ་བཞི་གནས་སུ་དག་ནས་ཕྲིན་ལས་རྣམ་པ་བཞིའི་འགྲོ་བའི་དོན་ཐོགས་པ་མེད་པར་བྱེད་ནུས་པར་གྱུར་ཅིག༔ ངོ་སྤྲོད༔ འོ༔ སྐལ་ལྡན་རིགས་ཀྱི་བུ་རྣམས༔ སྒོ་བ་བཞི་ཡང་གུད་ན་མེད་དེ༔ རྟག་པར་ལྟ་བ་གནས་སུ་དག་པ་རྣམ་པར་རྒྱལ་བའོ༔ ཆད་པར་ལྟ་བ་གནས་སུ་དག་པ་གཤིན་རྗེ་གཤེད་པོའོ༔ བདག་ཏུ་ལྟ་བ་གནས་སུ་དག་པ་རྟ་མགྲིན་རྒྱལ་པོའོ༔ མཚན་མར་ལྟ་བ་གནས་སུ་དག་པ་ནི༔ སྒོ་བ་བདུད་རྩི་འཁྱིལ་བའི་རང་བཞིན་ནོ༔ ཞེས་ངོ་སྤྲོད༔ དེ་ནས་སྒོ་མ་བཞིའི་དབང་ནི༔ ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་རྣམས་ལ༔ སྒོ་མ་བཞི་ཡི་དབང་བསྐུར་བས༔ སྐྱེ་གནས་བཞི་པོ་གནས་དག་ནས༔ ཕྲིན་ལས་བཞི་ཡི་དབང་ཐོབ་ཤོག༔ བཛྲ་ཨངྐུ་ཤ་ཛ༔ པཱ་ཤ༔ སྤོ་ཊ༔ གྷནྜེ་ཨ་བྷི་ཥིཉྩ་ཨཱ༔ སྨོན་ལམ༔ སྐལ་ལྡན་རྣམས་ལ་སྒོ་མ་བཞིའི་དབང་བསྐུར་བས༔ སྐྱེ་བ་རྣམ་བཞིའི་སྒོ་བཅད་དེ༔ ཚད་མེད་རྣམ་བཞི་རྒྱུད་ལ་སྐྱེས་ནས༔ ཕྲིན་ལས་རྣམ་བཞིའི་སེམས་ཅན་གྱི་དོན་ཐོགས་པ་མེད་པ་བྱེད་ནུས་པར་གྱུར་ཅིག༔ ངོ་སྤྲོད༔ འོ༔ སྐལ་ལྡན་རིགས་ཀྱི་བུ་རྣམས༔ སྒོ་མ་བཞི་ཡང་གུད་ན་མེད་དེ༔ སྐྱེ་གནས་ཀྱི་རྟོག་པ་བཞི་གནས་སུ་དག་པ་ནི་སྒོ་མ་བཞིའི་རང་བཞིན་ཡིན་ཏེ༔ བརྫུས་སྐྱེས་ཀྱི་རྟོག་པ་གནས་སུ་དག་པ་ནི༔ ལྕགས་ཀྱུ་མའོ༔ མངལ་སྐྱེས་ཀྱི་རྟོག་པ་གནས་སུ་དག་པ་ཞགས་པ་མ༔ སྒོང་སྐྱེས་ཀྱི་རྟོག་པ་གནས་སུ་དག་པ་ལྕགས་སྒྲོགས་མ༔ དྲོད་གཤེར་ལས་སྐྱེས་པའི་རྟོག་པ་གནས་སུ་དག་པ་ནི་སྒོ་མ་དྲིལ་བུ་མའི་རང་བཞིན་ཡེ་ནས་ཀྱང་ཡིན་ཏེ༔ སྐལ་ལྡན་རྣམས་ཀྱིས་ཀྱང་ཡིན་པ་ལ་ཡིན་པར་ཤེས་པའི་ངེས་ཤེས་དང་ལྡན་པར་མཛོད་ཅིག༔ ཅེས་བརྗོད༔

དེ་ནས་ཁྲག་འཐུང་ཁྲོ་བོའི་ལྷ་དབང་བསྐུར་བ་ནི༔ ཆེ་མཆོག་ཡབ་ཡུམ་གྱི་དབང་བསྐུར་ལ༔ ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་རྣམས་ལ༔ ཆེ་མཆོག་ཡབ་ཡུམ་དབང་བསྐུར་བས༔ ཉོན་མོངས་མ་སྤངས་གནས་དག་ནས༔ ཁྲག་འཐུང་རབ་འབྱམས་དབང་ཐོབ་ཤོག༔ མ་ཧཱ་ཤྲཱི་ཧེ་རུ་ཀ་མ་ཧཱ་ཀྲོ་དྷཱི་ཤྭ་རི་ཨ་བྷི་ཥིཉྩ་ཧཱུྃ༔ སྨོན་ལམ་ནི༔ སྐལ་ལྡན་རྣམས་ལ་ཆེ་མཆོག་ཡབ་ཡུམ་གྱི་དབང་བསྐུར་བས༔ ཉོན་མོངས་པ་མ་སྤངས་རང་སར་དག་ནས༔ ཁྲག་འཐུང་ཆེ་མཆོག་ཧེ་རུ་ཀ་ཡབ་ཡུམ་གྱི་གོ་འཕང་ཐོབ་ནས༔ ལོག་པར་རྟོག་པ་རྣམས་འདུལ་བའི་དབང་ཐོབ་པར་གྱུར་ཅིག༔ ངོ་སྤྲོད་ནི་གོང་ལྟར་འགྲེའོ༔ དེ་ནས་ཁྲག་འཐུང་ཡབ་ལྔའི་དབང་བསྐུར་བ་ནི༔ ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་རྣམས་ལ༔ ཁྲག་འཐུང་ཡབ་ལྔའི་དབང་བསྐུར་བས༔ དུག་ལྔ་མ་སྤངས་གནས་དག་ནས༔ ཁྲག་འཐུང་ཡབ་ལྔའི་དབང་ཐོབ་ཤོག༔ བཛྲ་རཏྣ་པདྨ་ཀརྨ་བུདྡྷ་ཨ་བྷི་ཥིཉྩ་ཧཱུྃ༔ སྨོན་ལམ་ནི༔ སྐལ་ལྡན་རྣམས་ལ་ཁྲག་འཐུང་ཡབ་ལྔའི་དབང་བསྐུར་བས༔ དུག་ལྔ་མ་སྤངས་གནས་སུ་དག་ནས་ཧེ་རུ་ཀ་སྐུ་ལྔའི་དབང་དང་དངོས་གྲུབ་ཐོབ་པར་གྱུར་ཅིག༔ ངོ་སྤྲོད་འགྲེའོ༔ དེ་ནས་དབྱིངས་ཕྱུག་ཡུམ་ལྔའི་དབང་བསྐུར་ལ༔ ཧཱུྃཿསྐལ་ལྡན་རིགས་ཀྱི་བུ་རྣམས་ལ༔ དབྱིངས་ཕྱུག་ཡུམ་ལྔའི་དབང་བསྐུར་བས༔ ཡུལ་ལྔའི་རྟོག་པ་རང་གྲོལ་ནས༔ ཀྲོ་དྷཱི་ཡུམ་ལྔའི་དབང་ཐོབ་ཤོག༔ ཀྲོ་དྷཱི་ཤྭ་རི་པཉྩ་ཨ་བྷི་ཥིཉྩ་ཧཱུྃ༔ སྨོན་ལམ༔ སྐལ་ལྡན་རྣམས་ལ་དབྱིངས་ཕྱུག་ཡུམ་ལྔའི་དབང་བསྐུར་བས༔ ཡུལ་ལྔའི་རྟོག་པ་མ་སྤངས་གནས་སུ་དག་ནས་ཀྲོ་ཏི་ཡུམ་ལྔའི་དབང་དང་དངོས་གྲུབ་ཐོབ་པར་གྱུར་ཅིག༔ ངོ་སྤྲོད་འགྲེའོ༔ དེ་ནས་མ་མོ་ཀོའུ་རཱི་བརྒྱད་ཀྱི་དབང་བསྐུར་ལ༔ ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་རྣམས་ལ༔ ཀོའུ་རཱི་བརྒྱད་ཀྱི་དབང་བསྐུར་བས༔ ཚོགས་བརྒྱད་མ་སྤངས་གནས་དག་ནས༔ མཁའ་འགྲོ་རབ་འབྱམས་དབང་ཐོབ་ཤོག༔ ཧ་ཨ་བྷི་ཥིཉྩ་ཧཱུྃ༔ སྨོན་ལམ༔ སྐལ་ལྡན་རྣམས་ལ་མ་མོ་ཀོའུ་རཱི་བརྒྱད་ཀྱི་དབང་བསྐུར་བས༔ ཚོགས་བརྒྱད་ཀྱི་རྟོག་པ་མ་སྤངས་གནས་སུ་དག་ནས་མཁའ་འགྲོ་མ་མོ་རབ་འབྱམས་དབང་དུ་འདུས་པར་གྱུར་ཅིག༔ ངོ་སྤྲོད་འགྲེའོ༔

དེ་ནས་ཕྲ་མེན་སེང་ཧ་བརྒྱད་ཀྱི་དབང་བསྐུར་ལ༔ ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་རྣམས་ལ༔ སེང་ཧ་མ་བརྒྱད་དབང་བསྐུར་བས༔ ཡུལ་བརྒྱད་མ་སྤངས་གནས་དག་ནས༔ ཕྲ་མེན་རབ་འབྱམས་དབང་ཐོབ་ཤོག༔ ཧེ་ཨ་བྷི་ཥིཉྩ་ཧཱུྃ༔ སྨོན་ལམ༔ སྐལ་ལྡན་རྣམས་ལ་ཕྲ་མེན་སེང་ཧ་བརྒྱད་ཀྱི་དབང་བསྐུར་བས༔ ཡུལ་བརྒྱད་ཀྱི་རྟོག་པ་མ་སྤངས་གནས་སུ་དག་ནས༔ ཕྲ་མེན་རབ་འབྱམས་དབང་དུ་འདུས་པར་གྱུར་ཅིག༔ ངོ་སྤྲོད་འགྲེའོ༔ དེ་ནས་སྒོ་མ་བཞིའི་དབང་བསྐུར་ལ༔ ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་རྣམས་ལ༔ སྒོ་མ་བཞི་ཡི་དབང་བསྐུར་བས༔ སྐྱེ་གནས་བཞི་པོ་གནས་དག་ནས༔ ཕྲིན་ལས་བཞི་ལ་དབང་ཐོབ་ཤོག༔ ཛཿཧཱུྃ་བཾ་ཧོ༔ ཨ་བྷི་ཥིཉྩ་ཧཱུྃ༔ སྨོན་ལམ༔ སྐལ་ལྡན་རྣམས་ལ་རྟ་གདོང་སྒོ་མ་བཞིའི་དབང་བསྐུར་བས༔ སྐྱེ་གནས་བཞི་པོ་གནས་སུ་དག་ནས་ཕྲིན་ལས་རྣམ་བཞིས་སེམས་ཅན་གྱི་དོན་བྱེད་ནུས་པར་གྱུར་ཅིག༔ ངོ་སྤྲོད་འགྲེས་སོ༔ དེ་ནས་དབང་ཕྱུག་ཉི་ཤུ་རྩ་བརྒྱད་ཀྱི་དབང་བསྐུར་ལ༔ ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་རྣམས་ལ༔ དབང་ཕྱུག་ཉེར་བརྒྱད་དབང་བསྐུར་བས༔ ཉོན་མོངས་རྟོག་ཚོགས་གནས་དག་ནས༔ མ་མོ་རབ་འབྱམས་དབང་ཐོབ་ཤོག༔ བྷྱོ་ཨ་བྷི་ཥིཉྩ་ཧཱུྃ༔ སྨོན་ལམ༔ སྐལ་ལྡན་རྣམས་ལ་དབང་ཕྱུག་མ་ཉི་ཤུ་རྩ་བརྒྱད་ཀྱི་དབང་བསྐུར་བས༔ ཉོན་མོངས་པའི་རྟོག་ཚོགས་ཐམས་ཅད་མ་སྤངས་གནས་སུ་དག་ནས༔ མ་མོ་དང་དམ་ཅན་ཐམས་ཅད་ཀྱི་སྲོག་ལ་དབང་ཐོབ་པར་གྱུར་ཅིག༔ ངོ་སྤྲོད༔ འོ༔ སྐལ་ལྡན་རིགས་ཀྱི་བུ་རྣམས༔ ཁྲག་འཐུང་དྲུག་ཅུའི་ལྷ་ཚོགས་དེ་རྣམས་ཀྱང་གུད་ན་མི་དམིགས་ཏེ༔ རང་གི་ཉོན་མོངས་པའི་རྟོག་ཚོགས་མ་སྤངས་གནས་སུ་དག་ནས༔ རང་བཞིན་མེད་པར་ཤེས་པ་ཉིད་ཁྲག་འཐུང་དྲུག་ཅུའི་སྐུར་སྣང་བ་ཡིན་ཏེ༔ དེ་མཚོན་པའི་བརྡར༔ རང་གི་ཀླད་པ་དུང་ཁང་གི་གཞལ་ཡས་ཁང་ན་ཁྲག་འཐུང་གི་ལྷ་ཚོགས་ཐམས་ཅད་སྐུ་ཚོམ་བུ་ཤིགས་སེ་དངོས་སུ་བཞུགས་ནས་ཡོད་དོ༔ ཞི་བ་བཞི་བཅུ་རྩ་གཉིས་ཀྱི་ལྷ་ཚོགས་ཐམས་ཅད་སྙིང་ཁ་ཆོས་ཀྱི་འཁོར་ལོ་ན་འོད་ཀྱི་སྐུ་རུ་བུམ་སྐུའི་ཚུལ་དུ་དངོས་སུ་བཞུགས་ནས་ཡོད་དོ༔ གཞན་ཡང་རྩ་ཐམས་ཅད་ནི་དཔའ་བོའི་རང་བཞིན་དུ་གནས་སོ༔ རླུང་ཐམས་ཅད་ནི་དཔའ་མོའི་རང་བཞིན་དུ་གནས་སོ༔ ཐིག་ལེ་དཀར་ཆ་ཐམས་ཅད་ལོངས་སྐུ་ཞི་ཁྲོ་རབ་འབྱམས་ཡབ་ཀྱི་ཚུལ་དུ་གནས་སོ༔ རཀྟ་དམར་ཆ་ཐམས་ཅད་ལོངས་སྐུ་ཞི་ཁྲོ་རབ་འབྱམས་ཡུམ་གྱི་ཚུལ་དུ་གནས་སོ༔ བ་སྤུ་བྱེ་བ་ས་ཡ་ནི་མཁའ་འགྲོ་མ་བྱེ་བ་ས་ཡའི་རང་བཞིན་དུ་གནས་སོ༔ དེས་ན་རང་གི་ལུས་འདི་ཉིད་རྒྱལ་བ་ཞི་ཁྲོ་རབ་འབྱམས་གྱི་དཀྱིལ་འཁོར་གྱི་རང་བཞིན་ཡིན་པས༔ འདི་ལ་བརྙས་པ་དང་༔ བསད་པ་དང་༔ བརྡུངས་བ་དང་༔ དཀའ་ཐུབ་ལ་སོགས་པས་རྒུད་དུ་མ་བཅུག་པར༔ བཟའ་བཏུང་ཐམས་ཅད་ཚོགས་འཁོར་གྱི་ཚུལ་དུ་མཆོད་ཅིག༔ རྒྱན་དང་༔ གོས་ཀྱི་རྣམ་པ་མཛེས་ཤིང་ཡིད་དུ་འོང་བ་རྣམས་ཀྱང་ཞེན་པ་མེད་པའི་ཚུལ་གྱིས་མཆོད་པ་རྒྱུན་མི་ཆད་པར་གྱིས་ཤིག༔ དེ་ནས་རང་ཉིད་འཆི་བའི་ཚེ་ན་ཞི་ཁྲོའི་ལྷ་ཚོགས་ཐམས་ཅད་རང་གི་ལུས་ནས་ཐོན་ཏེ༔ ནམ་མཁའ་གང་བར་བར་དོར་འཆར་བར་འགྱུར་རོ༔ དེའི་དུས་སུ་སྒྲ་འོད་ཟེར་གསུམ་ལ་མ་འཇིགས༔ མ་སྔངས༔ མ་སྐྲག་པར་ད་ལྟ་དབང་བསྐུར་བའི་ཡི་དམ་གྱི་ལྷ་འདི་རྣམས་ཡིན་པར་ངོ་ཤེས་པར་གྱིས་ཤིག༔ དེ་དུས་ངོ་ཤེས་པ་དང་གྲོལ་བ་དུས་མཉམ་དུ་འོང་ངོ་༔ ཅེས་ངོ་སྤྲོད་རྒྱས་པར་བྱའོ༔ དེ་ནས་གཏང་རག་གི་མཎྜལ་འབུལ་ཞིང་༔ ཚོགས་ལ་རོལ༔ ཉམས་སྐྱོང་༔ གླུ་གར་བྱ་༔ ལྷག་མ་བཏང་༔ རྗེས་ཀྱི་རིམ་པ་རྣམས་ལས་བྱང་ལྟར་བྱའོ༔ རྒྱས་པར་ན་དབང་གོང་མ་ཟབ་དབང་གསུམ་དང་བཅས་དབང་བཞི་འཕྲད་ཚད་རང་གྲོལ་ལས་ཤེས་པར་བྱའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གྲུབ་ཐོབ་ཀརྨ་གླིང་པའི་གཏེར་མའོ།། །།

དབང་གི་དངོས་གཞི་འཕྲད་ཚད་རང་གྲོལ་གྱི་སྤྲོས་བཅས་བུམ་དབང་ཆེན་མོ།

༁ྃ༔ ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་ལས་དབང་གི་དངོས་གཞི་འཕྲད་ཚད་རང་གྲོལ་གྱི་སྤྲོས་བཅས་བུམ་དབང་ཆེན་མོ་ཞེས་བྱ་བ་བཞུགས་སོ༔

༁ྃ༔ ཞི་ཁྲོ་རང་གྲོལ་ལྷ་ལ་ཕྱག་འཚལ་ལོ༔ བདག་འདྲ་ཡེ་ཤེས་མཚོ་རྒྱལ་གྱིས༔ དབང་བཞི་འཕྲད་ཚད་རང་གྲོལ་ལས༔ དངོས་གཞིའི་གདམས་པ་བསྟན་པར་བྱ༔ ཕྱི་རབས་རྣམས་ཀྱིས་འདི་ལྟར་སྤྱོད༔ ས་མ་ཡཱ༔ དེ་ཡང་རྒྱུད་ལས༔ དེ་ལྟར་སྔོན་འགྲོ་ཚར་བ་དང་༔ མཎྜལ་ཚོགས་གཉིས་མཉེས་པར་བྱ༔ གུས་པས་གསོལ་བཏབ་བརྒྱུད་པ་ཡི༔ ཆེ་བ་བཤད་ཅིང་གསོལ་བ་གདབ༔ ཅེས་པས༔ མཎྜལ་དང་ཡོན་ཕུལ་ལ་ཞུ་དགོས་ཏེ༔ རྒྱུད་ལས༔ དབང་ཞུ་བའི་སྔོན་དུ་དབང་ཡོན་ཕུལ༔ རྗེས་ལ་སྐུ་དྲིན་གཏང་རག་སྟེ༔ དཀྱིལ་འཁོར་བལྟ་དུས་སྒོ་དབྱེ་ལ༔ སྙན་གསན་དབབ་དུས་ཞུ་རྟེན་ནོ༔ དེ་བཞིན་མེད་ན་མ་གུས་རྟགས༔ བླ་མེད་དབང་མཆོག་བསྐུར་མི་རུང་༔ ཞེས་གསུངས་པས་དེ་རྣམས་གལ་ཆེ་ཞིང་༔ སྐལ་ལྡན་རྣམས་ཀྱིས་ལག་ཏུ་མཎྜལ་ཐོགས་ལ་འདི་སྐད་ཞུའོ༔ ཀྱེ༔ བླ་མ་དབང་ལྡན་རྡོ་རྗེ་འཛིན༔ བདག་ཅག་སྐལ་ལྡན་བུ་སློབ་ལ༔ དབང་བཞིའི་ཆུ་བོ་བསྐུར་དུ་གསོལ༔ བརྒྱུད་པའི་ཆེ་བ་གང་ལྟར་ལགས༔ ཞེས་པ་དང་༔ བླ་མས༔ བུ་རྣམས་མ་ཡེངས་ང་ལ་ཉོན༔ བླ་མེད་གནད་ཀྱི་གདམས་ངག་འདི༔ སྣོད་མེད་རྣམས་ལ་བསྐུར་མི་རུང་༔ སྣོད་ལྡན་མོས་གུས་གདུང་བ་བསྐྱེད༔ ཅེས་བརྗོད་ལ་བླ་མའི་མདུན་དུ་མོས་གུས་བསྐྱེད་ལ་འདུག༔ དེ་ནས་བླ་མས་བརྒྱུད་པའི་ལོ་རྒྱུས་རྣམ་ཐར་རྒྱས་བསྡུས་དང་༔ དབང་གང་གིས་གང་ལ་བསྐུར་བའི་ཚུལ་དང་༔ དབང་བཞིའི་རྒྱུ་མཚན༔ དབང་གི་ངོ་བོ༔ ངེས་ཚིག༔ རྣམ་དབྱེ༔ སྒྲ་དོན་ལ་སོགས་པ་རྣམས་རྒྱས་བསྡུས་སྐབས་དང་བསྟུན་ལ་བཤད༔ བརྒྱུད་པའི་བླ་མ་ལ་གསོལ་བ་མཆི་མ་མ་བྱུང་གི་བར་དུ་གདབ་བོ༔ དེ་ཡང་རྒྱུད་ལས༔ དེ་ནས་དཀྱིལ་འཁོར་ཤར་སྒོ་རུ༔ བུམ་དབང་བསྐུར་བའི་ཞུ་བ་ཕུལ༔ བླ་མ་ཡི་དམ་མཁའ་འགྲོ་སོགས༔ བཞུ་བཏུལ་བུམ་པ་ཡུམ་གྱིས་ཐོགས༔ བླ་མས་རྡོ་རྗེ་དྲིལ་བུ་བཟུང་༔ ཀུན་གྱི་གནས་ལྔར་ཚིག་དང་བཅས༔ ལྷ་དབང་ལུས་ལ་བསྐུར་བར་བྱ༔ ཞེས་གསུངས་པས༔ བླ་མ་དཀྱིལ་འཁོར་གྱི་ཤར་སྒོར་ཁྲི་མཐོན་པོ་ལ་རྒྱན་གྱིས་བརྒྱན་ལ་བཞུགས༔ སློབ་མས་མུ་གེའི་བསྐལ་བ་ལས་ཐར་བར་བྱ་བའི་ཕྱིར༔ འབྲུ་ལྔའི་མཎྜལ་ཕུལ་ལ་ཞུ་བ་ནི༔ ཀྱེ་ཧོ༔ བླ་མ་ཡི་དམ་འགྲོ་བའི་མགོན༔ བདག་ཅག་སྐལ་ལྡན་བུ་སློབ་ལ༔ དཀྱིལ་འཁོར་ཆེན་པོའི་ཤར་ཕྱོགས་སུ༔ བུམ་པའི་དབང་མཆོག་བསྐུར་དུ་གསོལ༔ ཞེས་ལན་གསུམ་ཞུ༔ དེར་བླ་མས༔ ཚུར་ཤོག་ཚུར་ཤོག་རིགས་ཀྱི་བུ༔ ད་ནི་བདག་གིས་ཁྱོད་སྨིན་བྱ༔ ཞེས་བརྗོད༔ ཞི་ཁྲོ་རྩ་གསུམ་གང་ཡིན་བཞུ་བཏུལ་བྱས་པའི་བུམ་པ་དེ༔ རང་གི་གཏན་ཡུམ་ཡིན་ན་མི་དགོས༔ གསར་པ་ཡིན་ན་འཇིག་རྟེན་པའི་ཆོས་ཀྱི་མ་གོས་པའི་བུ་མོ་གཙང་མ་ལ༔ རིགས་བཟང་གསོ་བའི་དབང་གཞན་ནས་འབྱུང་བ་ལྟར་བྱས་ནས་བུམ་འཛིན་དུ་བླ་མའི་གཡོན་ན་བཞག༔ བླ་མས་རྡོ་རྗེ་དྲིལ་བུ་ཐོགས༔ ཡབ་ཡུམ་གཉིས་རུས་པའི་རྒྱན་བཏག་ལ༔ དཀྱིལ་འཁོར་གྱི་ཤར་ཕྱོགས་ན་འགྱིངས༔ དབུས་ཀྱི་པད་འདབ་བཞིའི་ལྟེ་བ་ལ་རིན་པོ་ཆེ་ལྔ་གཞུག་པའི་བུམ་པ་སྐལ་ལྡན་རྣམས་ཀྱི་སྙིང་གར་བཞག་ལ༔ རོལ་མོ་སྦིར་ཞིང་དབྱངས་དང་བཅས་པས༔ ཧཱུྃ༔ བུམ་པའི་རང་བཞིན་ཆོས་ཀྱི་སྐུ༔ བུམ་བཅུད་འདི་ནི་ལོངས་སྤྱོད་རྫོགས༔ གཟུངས་ཐག་ཁ་རྒྱན་སྤྲུལ་པའི་སྐུ༔ རིན་ཆེན་ལྔ་ཡི་དབང་བསྐུར་བས༔ ཡེ་ཤེས་ལྔ་ལྡན་དབང་ཐོབ་ཤོག༔ འོ་རིགས་ཀྱི་བུ༔ དབུས་ཀྱི་བུམ་པ་འདིའི་ནང་ན༔ རིན་པོ་ཆེ་ལྔ་ཡོད་པ་འདིའི་དབང་བསྐུར་བས༔ སྙིང་པོ་ཡེ་ཤེས་ལྔ་མྱུར་དུ་རྟོགས་ནས༔ ཕུང་པོ་ལྔ་སྐུ་ལྔར་གྲོལ་བའི་དབང་དམ་པ་ཐོབ་པར་གྱུར་ཅིག༔ ཅེས་རོལ་མོ་སྦིར༔ མེ་ཏོག་གཏོར༔ དེ་ནས་ཤར་གྱི་སྨན་ལྔའི་བུམ་པ་སྤྱི་བོར་བཞག་ལ༔ ཧཱུྃ༔ བུམ་པའི་རང་བཞིན་ཆོས་ཀྱི་སྐུ༔ བུམ་བཅུད་འདི་ནི་ལོངས་སྤྱོད་རྫོགས༔ གཟུངས་ཐག་ཁ་རྒྱན་སྤྲུལ་པའི་སྐུ༔ སྨན་མཆོག་ལྔ་ཡི་དབང་སྐུར་ནས༔ དུག་ལྔའི་ནད་ལས་གྲོལ་བར་ཤོག༔ འོ༔ རིགས་ཀྱི་བུ༔ ཤར་གྱི་བུམ་པ་འདིའི་ནང་ན་སྨན་རྣམ་པ་ལྔ་ཡོད་པས༔ ཁྱོད་ལ་དབང་བསྐུར་བ་ལ་བརྟེན་ནས༔ ཉོན་མོངས་པའི་ནད་དུག་ལྔ་དུག་གསུམ་དང་བཅས་པ་ལས་མྱུར་དུ་གྲོལ་ནས༔ སྐུ་གསུམ་ལྷུན་གྱིས་གྲུབ་པའི་འབྲས་བུ་འཐོབ་པར་གྱུར་ཅིག༔ སེམས་ཅན་ཐམས་ཅད་ནད་ཀྱི་བསྐལ་པ་ལས་ཐར་བར་གྱུར་ཅིག༔ ཅེས་རོལ་མོ་སྦིར༔ མེ་ཏོག་གཏོར༔

དེ་ནས་ལྷོ་ནས་སྙིང་པོ་ལྔའི་བུམ་པ་མགྲིན་པར་བཞག་ལ༔ ཧཱུྃ༔ བུམ་པའི་རང་བཞིན་ཆོས་ཀྱི་སྐུ༔ བུམ་བཅུད་འདི་ནི་ལོངས་སྤྱོད་རྫོགས༔ གཟུངས་ཐག་ཁ་རྒྱན་སྤྲུལ་པའི་སྐུ༔ སྙིང་པོ་ལྔ་ཡི་དབང་བསྐུར་བས༔ རིགས་མཆོག་ལྔ་པོ་ཐོབ་པར་ཤོག༔ འོ་རིགས་ཀྱི་བུ་ཁྱོད་ལ་ལྷོའི་བུམ་པ་འདིའི་ནང་ནས༔ སྙིང་པོ་ལྔ་ཡོད་པས་ཁྱོད་རྣམས་ལ་དབང་བསྐུར་བས༔ བདེ་གཤེགས་རིགས་ལྔས་གཞན་དོན་ཆོས་སྒོའི་དབང་ལྔ་འཐོབ་པར་གྱུར་ཅིག༔ ཅེས་རོལ་མོ་སྦིར༔ མེ་ཏོག་གཏོར༔ ཡང་ནུབ་ཀྱི་འབྲུ་ལྔའི་བུམ་པ་ལྟེ་བར་བཞག་ལ༔ ཧཱུྃ་བུམ་པའི་རང་བཞིན་ཆོས་ཀྱི་སྐུ༔ བུམ་བཅུད་འདི་ནི་ལོངས་སྤྱོད་རྫོགས༔ གཟུངས་ཐག་ཁ་རྒྱན་སྤྲུལ་པའི་སྐུ༔ འབྲུ་སྣ་ལྔ་ཡི་དབང་བསྐུར་བས༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་ལྔ༔ ཉི་ཤུ་རྩ་ལྔའི་དབང་ཐོབ་ཤོག༔ འོ་རིགས་ཀྱི་བུ་ཁྱོད་ལ་ནུབ་ཀྱི་བུམ་པ་འདིའི་ནང་ན་འབྲུ་ལྔ་བཞུགས་པས༔ ཁྱེད་རྣམས་ལ་དབང་བསྐུར་བས༔ རིགས་ཀྱི་སྐུ་ལྔ༔ གསུང་ལྔ༔ ཐུགས་ལྔ༔ ཡོན་ཏན་ལྔ༔ ཕྲིན་ལས་ལྔའི་དབང་ཐོབ་པར་གྱུར་ཅིག༔ ཅེས་རོལ་མོ་སྦིར༔ མེ་ཏོག་གཏོར༔ ཡང་བྱང་གི་དྲི་ལྔའི་བུམ་པ་གནས་གསུམ་དུ་བཞག་ལ༔ ཧཱུྃ༔ བུམ་པའི་རང་བཞིན་ཆོས་ཀྱི་སྐུ༔ བུམ་བཅུད་འདི་ནི་ལོངས་སྤྱོད་རྫོགས༔ གཟུངས་ཐག་ཁ་རྒྱན་སྤྲུལ་པའི་སྐུ༔ དྲི་མཆོག་ལྔ་ཡི་དབང་བསྐུར་བས༔ ཕ་རོལ་ཕྱིན་བཅུ་མཐར་ཕྱིན་ནས༔ སྟོང་ཉིད་སྙིང་རྗེ་དབྱེར་མེད་ཤོག༔ འོ་རིགས་ཀྱི་བུ་ཁྱོད་ལ་བྱང་གི་བུམ་པ་འདིའི་ནང་ན་དྲི་རྣམ་པ་ལྔ་བཞུགས་པས༔ ཁྱེད་རྣམས་ལ་དབང་བསྐུར་བས༔ ཕ་རོལ་ཕྱིན་དྲུག་གི་གསུང་དང་ལྡན་ནས༔ འགྲོ་བའི་རེ་འདོད་ཁེངས་པའི་དབང་དམ་པ་ཐོབ་པར་གྱུར་ཅིག༔ ཅེས་བརྗོད༔ རོལ་མོ་སྦིར༔ མེ་ཏོག་གཏོར༔

དེ་ནས་བུམ་པ་ཐམས་ཅད་ཀྱི་བུམ་ཆུ་གཙོ་བོའི་བུམ་པའི་ནང་དུ་བསྡུས་ལ༔ སྦྱི་བོར་བཞག་ལ་དབང་བསྐུར་བ་ནི༔ ཧཱུྃ༔ བུམ་པ་འདི་ནི་གཞལ་ཡས་ཁང་༔ ནང་ན་ཞི་ཁྲོའི་ལྷ་ཚོགས་བཞུགས༔ ཕྱི་ནང་གསང་བའི་དཀྱིལ་འཁོར་ནས༔ སྐུ་གསུང་ཐུགས་ཀྱི་དབང་མཆོག་རྣམས༔ སློབ་བུ་ཁྱེད་ལ་ཕབ་པ་ཡིས༔ ཕུང་ཁམས་ལྷ་དང་ལྷ་མོར་གྱུར༔ བསྐྱེད་རིམ་ལྷ་དབང་ཐོབ་པར་ཤོག༔ ༀ་ཨཱཿཧཱུྃ་སརྦ་ཏ་ཐཱ་ག་ཏ་ཨབྷི་ཥིཉྩ་ༀ་ཨཱཿཧཱུྃ་ཧྲཱིཿསྭཱ་ཧཱ༔ འོ༔ རིགས་ཀྱི་བུ་ཁྱེད་རྣམས་ལ་བུམ་པ་འདིའི་དབང་བསྐུར་བས༔ ཕྱི་སྣོད་ཐམས་ཅད་གཞལ་ཡས་ཁང་དུ་ཤེས་པའི་དབང་དམ་པ་ཐོབ་པར་གྱུར་ཅིག༔ བུམ་ཆུས་དབང་བསྐུར་བས༔ ནང་བཅུད་ཀྱི་སེམས་ཅན་ཐམས་ཅད་ལྷ་དང་ལྷ་མོར་ཤེས་པའི་དབང་དམ་པ་ཐོབ་པར་གྱུར་ཅིག༔ ཕྱག་མཚན་ལྔས་དབང་བསྐུར་བས༔ བདུད་བཞི་ཟིལ་གྱིས་གནོན་པའི་དབང་དམ་པ་ཐོག་པར་གྱུར་ཅིག༔ འོ༔ རིགས་ཀྱི་བུ་ཁྱེད་རྣམས་ལ་ཁ་རྒྱན་གྱི་དབང་བསྐུར་བས༔ འབྲས་བུ་མྱུར་དུ་སྨིན་བའི་དབང་དམ་པ་ཐོབ་པར་གྱུར་ཅིག༔ མགུལ་ཆིངས་ཀྱིས་དབང་བསྐུར་བས་གཞན་དོན་འབད་མེད་འགྲུབ་པའི་དབང་དམ་པ་ཐོབ་པར་གྱུར་ཅིག༔ གཟུངས་ཐག་རྡོ་རྗེས་དབང་བསྐུར་བས༔ སྡོམ་པ་གསུམ་དང་དམ་ཚིག་མཐར་ཕྱིན་པའི་དབང་དམ་པ་ཐོབ་པར་གྱུར་ཅིག༔ བུམ་ཆུས་དབང་སྐུར་བ་ལ་བརྟེན་ནས༔ རྩ་ཐིག་རླུང་གསུམ་གྱི་ཁམས་དག་ནས༔ བསྐྱེད་རྫོགས་ཟུང་དུ་འབྲེལ་བའི་དབང་དམ་པ་ཐོབ་པར་གྱུར་ཅིག༔ འོ༔ བུམ་རྫས་དང་བཅས་པས་དབང་བསྐུར་བས༔ རང་དོན་མཐར་ཕྱིན་ནས་གཟུགས་སྐུ་རྣམ་གཉིས་ཀྱིས་བསྐལ་པ་མ་སྟོངས་ཀྱི་བར་དུ་འགྲོ་བ་སེམས་ཅན་ཐམས་ཅད་ལ་འདྲེན་པའི་དཔལ་མགོན་དམ་པར་གྱུར་ཅིག༔ གཟུངས་ཐག་རྣམ་ལྔས་དབང་བསྐུར་བས༔ སེམས་ཅན་ཐམས་ཅད་ཉོན་མོངས་པའི་སྡུག་བསྔལ་ལས་སྐྱོབ་པར་གྱུར་ཅིག༔ བུམ་ཆུ་གཙང་མས་དབང་བསྐུར་བས༔ ཐུགས་རྗེས་འཛིན་པའི་ཆུ་རྒྱུན་མི་ཆད་ཅིང་༔ སྟོང་ཉིད་སྙིང་རྗེ་དང་འབྲེལ་པའི་དབང་དམ་པ་ཐོབ་པར་གྱུར་ཅིག༔ བུམ་པ་རྒྱན་བཀོད་པ་གཟི་བྱིན་ཅན༔ བླ་མ་ཡབ་ཡུམ་རོལ་མོ་རྒྱན་དང་བཅས་པས་དབང་བསྐུར་བ་ལ་བརྟེན་ནས༔ ཞི་རྒྱས་དབང་དྲག་བཞིའི་ཕྲིན་ལས་རྣམ་བཞི་མཐར་ཕྱིན་པའི་དབང་དང་དངོས་གྲུབ་དམ་པ་ཐོབ་པར་གྱུར་ཅིག༔ དབང་བར་གྱུར་ཅིག༔ གསལ་བར་གྱུར་ཅིག༔ མཆེད་པར་གྱུར་ཅིག༔ འབར་བར་གྱུར་ཅིག༔ རྒྱས་པར་གྱུར་ཅིག༔ དབང་དུ་གྱུར་ཅིག༔ སྨིན་གྲོལ་རེག་ཅིང་རྟོགས་པར་གྱུར་ཅིག༔ བརྟན་པར་གྱུར་ཅིག༔ གྲོལ་བར་གྱུར་ཅིག༔ མེ་ཏོག་གང་ལ་ཕོག་བའི་ལྷ་གང་ཡིན་པ་དང་དབྱེར་མེད་དུ་སངས་རྒྱས་པར་གྱུར་ཅིག༔ ཅེས་སྨོན་ལམ་དང་བཀྲ་ཤིས་བརྗོད༔ མེ་ཏོག་གཏོར༔ དེ་ནས་ཐུན་མོང་རིག་པའི་དབང་ལྔ་བསྐུར་བ་ནི༔ ཡང་རྒྱུད་ལས༔ ཞེ་སྡང་མེ་གསོད་ཆུ་ཡི་དབང་༔ ང་རྒྱལ་རི་བསྙིལ་དབུ་རྒྱན་དབང་༔ འདོད་ཆགས་དུག་འཇོམས་རྡོ་རྗེའི་དབང་༔ ཕྲག་དོག་ཞགས་ཁྲོལ་དྲིལ་བུའི་དབང་༔ གཏི་མུག་མུན་སེལ་མིང་གི་དབང་༔ ཞེས་པ་དང་༔ ཡང་རྒྱུད་ལས༔ ཆུ་དང་དབུ་རྒྱན་རྡོར་དྲིལ་མིང་༔ བུ་ཁྱོད་རྣམས་ལ་བསྐུར་བར་བྱ༔ ཞེས་པས༔ དང་པོ་མི་བསྐྱོད་པ་ཆུའི་དབང་བསྐུར་བ་ནི༔ བུམ་པ་སྤྱི་བོར་བཞག་ཅིང་སྤྱི་བོར་ཆུ་ཐིག་བླུག་ཅིང་འདི་སྐད་དོ༔ ཧཱུྃ༔ སྐུ་གསུམ་དམ་ཚིག་ལས་བྱུང་བ༔ ཉོན་མོངས་ཞེ་སྡང་འཇོམས་མཛད་པ༔ ལྷ་ཡི་བདུད་རྩི་དག་པ་ཡིས༔ མི་བསྐྱོད་པ་རུ་དབང་བསྐུར་རོ༔ ༀ་བཛྲ་ཨཱ་དཪྴ་ཤུ་ཛྙཱ་ན་ཨ་བྷི་ཥིཉྩ་མཱཾ༔ གཉིས་པ་རིན་ཆེན་འབྱུང་ལྡན་དབུ་རྒྱན་གྱི་དབང་བསྐུར་བ་ནི༔ དབུ་རྒྱན་མགོ་ལ་བསྐོན༔ རྣ་ལྟག་གཡས་སུ་བུམ་པ་བཞག༔ ཧཱུྃ༔ སངས་རྒྱས་ཀུན་གྱི་རྒྱལ་སྲིད་དེ༔ ང་རྒྱལ་རྟོག་པ་རྣམ་པར་འཇོམས༔ ཆགས་མེད་སྦྱིན་པའི་དབུ་རྒྱན་འདིས༔ རྫོགས་སངས་རྒྱས་སུ་ུདབང་བསྐུར་རོ༔ སྭཱ་རཏྣ་ས་མནྟ་ཛྙཱ་ན་སྭ་བྷཱ་ཝ་ཨ་བྷི་ཥིཉྩ་མཱཾ༔ གསུམ་པ་སྣང་བ་མཐའ་ཡས་རྡོ་རྗེའི་དབང་ནི༔ རྡོ་རྗེ་མགོ་ཐོག་ཏུ་བཞག༔ བུམ་པ་ལྟག་པར་བཞག་ལ༔ ཧཱུྃ༔ སངས་རྒྱས་ཀུན་གྱི་རྡོ་རྗེའི་དབང་༔ མི་ཕྱེད་རྡོ་རྗེའི་གསང་བ་ལས༔ འདོད་ཆགས་རྟོག་པ་རྣམ་པར་འཇོམས༔ རྡོ་རྗེ་ཆོས་ཀྱི་དབང་བསྐུར་རོ༔ ཨཱཾ་པདྨ་པྲ་ཛྙཱ་ཨ་བྷི་ཥིཉྩ་མཱཾ༔ བཞི་པ་དོན་ཡོད་གྲུབ་པ་དྲིལ་བུའི་དབང་ནི༔ དྲིལ་བུ་བསིལ་ཞིང་ལག་ཏུ་གཏད་ལ༔ བུམ་པ་རྣ་ལྟག་གཡོན་དུ་བཞག་ལ༔ ཧཱུྃ༔ ཐབས་དང་ཤེས་རབ་ལྡན་པ་ཡི༔ འགྲོ་དོན་མཉམ་མེད་དྲིལ་བུ་འདིས༔ ཕྲག་དོག་རྟོག་པ་རྣམ་པར་འཇོམས༔ གཉིས་སུ་མེད་པར་དབང་བསྐུར་རོ༔ ཧཱ་ཏིཥྛ་ཨ་ནུ་ཏྱ་ཛྙཱ་ན་པ་ཏི་བཛྲ་ཀརྨ་ཨ་བྷི་ཥིཉྩ་མཱཾ༔ ལྔ་པ་རྣམ་པར་སྣང་མཛད་མིང་གིས་དབང་བསྐུར་བ་ནི༔ རྣམ་སྣང་གི་སྐུ་བསྟན་ལ༔ བུམ་པ་དཔྲལ་པར་བཞག༔ གསང་མཚན་ཡིད་ལ་བྱེད་ཅིང་༔ ཧཱུྃ༔ རྡོ་རྗེ་མིང་གིས་དབང་བསྐུར་བས༔ གཏི་མུག་རྟོག་པ་རྣམ་པར་འཇོམས༔ ཅིས་ཀྱང་མི་ཆོད་མི་ཤིགས་པ༔ རྡོ་རྗེའི་མིང་ནི་རབས་གྲགས་སོ༔ ༀ་ཏྲཻ་ཙཀྲ་མ་ཏི་ཨ་མི་ཛྙཱ་ན་བཛྲ་ཨ་བྷི་ཥིཉྩ་མཱཾ༔ ཞེས་དབང་བསྐུར་ཞིང་༔ འོ༔ རིགས་ཀྱི་བུ་དང་བུ་མོ་སྐལ་བ་དང་ལྡན་པ་ཁྱེད་རྣམས་ལ་འདི་ལྟར་ཐུན་མོང་རིག་པའི་དབང་ལྔ་བསྐུར་བས༔ ཉོན་མོངས་པ་དུག་ལྔ་དང་༔ ཕུང་པོ་ལྔ་པོ་གཏན་ནས་དག་ནས༔ ཡེ་ཤེས་ལྔ་དང་སྐུ་ལྔ་ལྷུན་གྱིས་གྲུབ་སྟེ༔ ཞིང་ཁམས་ལྔ་ལ་དབང་བསྒྱུར་ནས༔ སེམས་ཅན་ཐམས་ཅད་ལ་ཐོགས་པ་མེད་པར་འགྲོ་དོན་བྱེད་ནུས་པའི་དབང་དམ་པ་ཐོབ་པར་གྱུར་ཅིག༔

དེ་ནས་ཞི་ཁྲོའི་ལྷ་དབང་ཆེན་མོ་བསྐུར་བ་ནི༔ ཡང་སློབ་བུའི་ཐལ་མོ་སྦྱར་ལ་གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད་ཅིག༔ ཀྱེ་ཧོ་བླ་མ་རྡོ་རྗེ་འཛིན་པ་ཆེ༔ བདག་ཅག་སྐལ་ལྡན་བུ་རྣམས་ལ༔ རྒྱལ་བ་ཞི་ཁྲོ་རབ་འབྱམས་ཀྱི༔ ལྷ་དབང་ཡོངས་རྫོགས་བསྐུར་དུ་གསོལ༔ ཞེས་ལན་གསུམ་གྱི་རྗེས་ལ༔ སློབ་དཔོན་སྤྲོས་པ་ལ་དགའ་ན༔ ཞི་ཁྲོ་དམ་པ་རིགས་བརྒྱའི་སྐུ་ཙཀླི་རེ་རེ་ནས་མགོ་ཐོག་ཏུ་དབང་བསྐུར་ཞིང་ངོ་སྤྲད་པ་ནི༔ ཧཱུྃ༔ མཐིང་གསལ་ཐིག་ལེའི་དཀྱིལ་འཁོར་དུ༔ ཀུན་ཏུ་བཟང་པོ་ཆེ་བའི་མཆོག༔ ངོ་བོ་མི་འགྱུར་སྙིང་པོ་ཅན༔ ཡུམ་མཆོག་ཀུན་ཏུ་བཟང་མོ་སྟེ༔ དབྱིངས་ཆེན་རྣམ་དག་ངོ་བོ་ཉིད༔ ཕུང་ཁམས་ཆོས་ཀྱི་ཕུང་པོ་སྟེ༔ ས་ནི་ཟག་པ་མེད་པའི་ས༔ རིག་པ་ཀ་དག་ཟང་ཐལ་ཉིད༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ སེམས་ཉིད་རྣམ་པར་དག་ནས་ཀྱང་༔ ཀུན་བཟང་ཡབ་ཡུམ་དབང་ཐོབ་ཤོག༔ ༀ་ཨཱཿཧཱུྃ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ སྨོན་ལམ་ནི༔ སྐལ་ལྡན་རིགས་ཀྱི་བུ་རྣམས་ལ་ཀུན་བཟང་ཡབ་ཡུམ་གྱི་དབང་བསྐུར་བས༔ ཡིད་ཆོས་ཀྱི་ཁམས་རྣམ་པར་དག་སྟེ༔ ཆོས་སྐུ་རབ་འབྱམས་ཀྱི་དབང་ཐོབ་པར་གྱུར་ཅིག༔ ངོ་སྤྲད་པ་ནི༔ འོ༔ སྐལ་ལྡན་རིགས་ཀྱི་བུ་རྣམས༔ ཀུན་བཟང་ཡབ་ཡུམ་ཞེས་བྱ་བ་དེའང་གཞན་ཞིག་ཡིན་སྙམ་དུ་མ་སེམས་ཤིག༔ རང་གི་ཀུན་གཞི་བྱང་ཆུབ་ཀྱི་སེམས་ཡིད་བྱེད་པ་པོ༔ ད་ལྟར་གྱི་ཤེས་རིག་མ་འགགས་པ༔ སལ་ལེ་ཧྲིག་གེ་བ་འདི་ཀ༔ ཆོས་སྐུ་ཀུན་ཏུ་བཟང་པོ་ཡེ་ཐོག་མའི་མགོན་པོ་འོད་མི་འགྱུར་བ་ཞེས་བྱ་བ་དེ་འདི་ཉིད་ཡིན་ནོ༔ རང་གི་ཤེས་རིག་དངོས་པོ་གདོས་པོ་ཅན་དུ་གྲུབ་པ་མེད་པས༔ ཅིའི་ངོ་བོར་ཡང་མ་གྲུབ་པའི་སྟོང་སང་ངེ་བ་འདི་ཀ་ཡུམ་ཀུན་ཏུ་བཟང་མོ་ཡིན་ནོ༔ འདིའི་རང་རྩལ་འགགས་མེད་ཆོས་བྱེད་པ་པོ་སྣ་ཚོགས་སུ་ཤར་བ་འདི་ཉིད་ཀྱང་ཡབ་ཀུན་ཏུ་བཟང་པོའི་རང་བཞིན་ཡིན་པས་ཤེས་པར་གྱིས་ཤིག༔ ཅེས་བརྗོད་དོ༔ དེ་ནས་རིགས་ལྔ་ཡབ་ལྔའི་དབང་བསྐུར་བ་ནི༔ ཧཱུྃ༔ མཐིང་གསལ་ཐིག་ལེའི་དཀྱིལ་འཁོར་དུ༔ རྣམ་པར་སྣང་མཛད་བཅོམ་ལྡན་འདས༔ ཆོས་དབྱིངས་ཡེ་ཤེས་སྙིང་པོ་ཅན༔ ཡུམ་ནི་ནམ་མཁའི་དབྱིངས་ཕྱུག་མ༔ འབྱུང་བ་ནམ་མཁའ་རྣམ་པར་དག༔ རྣམ་ཤེས་ཕུང་པོ་རང་གྲོལ་ནས༔ ས་ནི་བྱ་བ་རྫོགས་པའི་ས༔ རིགས་ནི་དེ་བཞིན་གཤེགས་པའི་རིགསཿསྐལ་ལྡན་བུ་ལ་དབང་བསྐུར་བས༔ གཏི་མུག་རྣམ་པར་དག་ནས་ཀྱང་༔ ཞི་ཁྲོ་སྐུ་ཡི་དབང་ཐོབ་ཤོག༔ ༀ་ཛི་ན་ཛིཀ྄༔ ལཱཾ་ཏི་ཤྭ་ར་ཏི་སྟྭཾ༔ ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ དཀར་གསལ་ཐིག་ལེའི་དཀྱིལ་འཁོར་དུ༔ རྡོ་རྗེ་སེམས་དཔའ་བཅོམ་ལྡན་འདས༔ མེ་ལོང་ཡེ་ཤེས་སྙིང་པོ་ཅན༔ ཡུམ་ནི་མཱ་མ་ཀཱི་དང་བཅས༔ འབྱུང་བ་ཆུ་ཆེན་རྣམ་པར་དག༔ གཟུགས་ཀྱི་ཕུང་པོ་རང་གྲོལ་ནས༔ ས་ནི་བྱ་བ་རྫོགས་པའི་ས༔ རིགས་ནི་རྡོ་རྗེའི་རིགས་ཡིན་ཏེ༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ ཞེ་སྡང་རྣམ་པར་དག་ནས་ཀྱང་༔ ཞི་ཁྲོ་ཐུགས་ཀྱི་དབང་ཐོབ་ཤོག༔ ཧཱུྃ་བཛྲ་དྷྲྀཀ྄༔ མཱུཾ་ད་དུ་ཤྭ་རི་སྟྭཾ༔ ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ སེར་གསལ་ཐིག་ལེའི་དཀྱིལ་འཁོར་དུ༔ རིན་ཆེན་འབྱུང་ལྡན་བཅོམ་ལྡན་འདས༔ མཉམ་ཉིད་ཡེ་ཤེས་སྙིང་པོ་ཅན༔ ཡུམ་ནི་སངས་རྒྱས་སྤྱན་མ་སྟེ༔ འབྱུང་བ་ས་ཆེན་རྣམ་པར་དག༔ ཚོར་བའི་ཕུང་པོ་རང་གྲོལ་ནས༔ ས་ནི་སྣ་ཚོགས་འབྱུང་བའི་ས༔ རིགས་ནི་རིན་ཆེན་རིགས་ཡིན་ཏེ༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ ང་རྒྱལ་རྣམ་པར་དག་ནས་ཀྱང་༔ ཞི་ཁྲོ་ཡོན་ཏན་དབང་ཐོབ་ཤོག༔ སྭཱ་རཏྣ་དྷྲྀཀ྄༔ མཱཾ་མོ་ཧ་ར་ཏི་སྟྭཾ༔ ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃཿདམར་གསལ་ཐིག་ལེའི་དཀྱིལ་འཁོར་དུ༔ སྣང་བ་མཐའ་ཡས་བཅོམ་ལྡན་འདས༔ སོར་རྟོག་ཡེ་ཤེས་སྙིང་པོ་ཅན༔ ཡུམ་ནི་གོས་དཀར་ཆེན་མོ་ཉིད༔ འབྱུང་བ་སྲེག་བྱེད་རྣམ་པར་དག༔ འདུ་ཤེས་ཕུང་པོ་རང་གྲོལ་ནས༔ ས་ནི་རྣམ་པར་དག་པའི་ས༔ རིགས་ནི་པདྨའི་རིགས་ཡིན་ཏེ༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ འདོད་ཆགས་རྣམ་པར་དག་ནས་ཀྱང་༔ ཞི་ཁྲོ་གསུང་གི་དབང་ཐོབ་ཤོག༔ ཨཱཾ་ཨ་རོ་ལྀཀ྄༔ པྱཱ་ཾརཱ་ག་ར་ཏི་སྟྭཾ༔ ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ ལྗང་གསལ་ཐིག་ལེའི་དཀྱིལ་འཁོར་དུ༔ དོན་ཡོད་གྲུབ་པ་བཅོམ་ལྡན་འདས༔ བྱ་གྲུབ་ཡེ་ཤེས་སྙིང་པོ་ཅན༔ ཡུམ་ནི་དམ་ཚིག་སྒྲོལ་མ་སྟེ༔ འབྱུང་བ་རླུང་ཆེན་རྣམ་པར་དག༔ འདུ་བྱེད་ཕུང་པོ་རང་གྲོལ་ནས༔ ས་ནི་ལྷུན་གྱིས་གྲུབ་པའི་ས༔ རིགས་ནི་ལས་ཀྱི་རིགས་ཡིན་ཏེ༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ ཕྲག་དོག་རྣམ་པར་དག་ནས་ཀྱང་༔ ཞི་ཁྲོ་ཕྲིན་ལས་དབང་ཐོབ་ཤོག༔ ཧཱ་པྲཛྙཱ་དྷྲྀཀ྄༔ ཏཱཾ་བཛྲ་ར་ཏི་སྟྭཾ༔ ཨ་བྷི་ཥིཉྩ་ཧཱུྃ༔ སྨོན་ལམ་ནི༔ ཧོ༔ སྐལ་ལྡན་རིགས་ཀྱི་བུ་རྣམས་ལ༔ རིགས་ལྔའི་དབང་བསྐུར་བས༔ ཕུང་པོ་ལྔ་པོ་གནས་སུ་དག་ནས༔ ལོངས་སྐུ་རབ་འབྱམས་ཀྱི་དབང་དམ་པ་ཐོབ་པར་ཤོག༔ ངོ་སྤྲད་པ་ནི༔ འོ༔ སྐལ་ལྡན་རིགས་ཀྱི་བུ་རྣམས་རྒྱལ་བ་རིགས་ལྔ་ཞེས་བྱ་བ་དེ་གཞན་ཞིག་ཡིན་སྙམ་དུ་མ་སེམས་ཤིག༔ རང་གི་ཕུང་པོ་ལྔ་གཟུགས་མ་འགགས་པར་ཤར་བ་འདི་ཀ་རྣམ་པར་སྣང་མཛད༔ ཚོར་བ་འགགས་མེད་དུ་གསལ་བ་འདི་ཀ་རིན་ཆེན་འབྱུང་ལྡན༔ འདུ་ཤེས་དྭངས་སང་ངེ་པའི་རིག་པ་འདི་ཀ་སྣང་བ་མཐའ་ཡས༔ འདུ་བྱེད་ཁྱུག་གེ་བའི་དྲན་རིག་འདི་ཀ་དོན་ཡོད་གྲུབ་པ༔ རྣམ་པར་ཤེས་པ་འགགས་མེད་དུ་གསལ་བ་འདི་ཀ་རྡོ་རྗེ་སེམས་དཔའ་ཉིད་ཀྱི་རང་བཞིན་དུ་ཡིན་པར་ངོ་ཤེས་པར་གྱིས་ཤིག༔ དེ་ནས་རིགས་ཀྱི་ཡུམ་ལྔའི་དབང་བསྐུར་བ་ནི༔ ཧཱུྃ༔ ཡུམ་ཆེན་ནམ་མཁའི་དབྱིངས་ཕྱུག་མ༔ འབྱུང་བ་ནམ་མཁའ་རྣམ་པར་དག༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ བུདྡྷ་རིགས་ཀྱི་དབང་ཐོབ་ཤོག༔ མཱུཾ་ད་དུ་ཤྭ་རི་སྟྭཾ༔ ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ ཡུམ་ཆེན་མཱ་ཀཱི་ཆེན་མོ་ནི༔ འབྱུང་བ་ཆུ་ཆེན་རྣམ་པར་དག༔ སྐལ་ལྡན་བུ་ལ་དབང་སྐུར་བས༔ རྡོ་རྗེ་རིགས་ཀྱི་དབང་ཐོབ་ཤོག༔ ལཱཾ་ཏེ་ཤྭ་ར་ཏི་སྟྭཾ༔ ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ ཡུམ་ཆེན་སངས་རྒྱས་སྤྱན་མ་སྟེ༔ འབྱུང་བ་ས་ཆེན་རྣམ་པར་དག༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ རིན་ཆེན་རིགས་ཀྱི་དབང་ཐོབ་ཤོག༔ མཱཾ་མོ་ཧ་ར་ཏི་སྟྭཾ༔ ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ ཡུམ་ཆེན་གོས་དཀར་ཆེན་མོ་ཉིད༔ འབྱུང་བ་མེ་ཆེན་རྣམ་པར་དག༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ པདྨ་རིགས་ཀྱི་དབང་ཐོབ་ཤོག༔ པྱཱཾ་རཱ་ག་ར་ཏི་སྟྭཾ༔ ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ ཡུམ་ཆེན་དམ་ཚིག་སྒྲོལ་མ་སྟེ༔ འབྱུང་བ་རླུང་ཆེན་རྣམ་པར་དག༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ ལས་ཀྱི་རིགས་ཀྱི་དབང་ཐོབ་ཤོག༔ ཏཱཾ་བཛྲ་ར་ཏི་སྟྭཾ༔ ཨ་བྷི་ཥིཉྩ་ཧཱུྃ༔ འོ༔ སྐལ་ལྡན་རིགས་ཀྱི་བུ་རྣམས་ལ༔ ཡུམ་ལྔའི་དབང་བསྐུར་བས༔ འབྱུང་བ་ལྔ་པོ་གནས་སུ་དག་ནས༔ རྒྱལ་བ་ཐམས་ཅད་བསྐྱེད་པའི་དབང་ཐོབ་པར་གྱུར་ཅིག༔ ངོ་སྤྲད་པ་ནི༔ འོ༔ སྐལ་ལྡན་རིགས་ཀྱི་བུ་རྣམས་ཡུམ་ལྔ་ཞེས་བྱ་བ་དེ་ནི་གཞན་ན་མེད་དེ༔ ཕྱི་ནང་གི་འབྱུང་བ་ལྔ་མ་འགགས་པར་སྣང་བ་འདི་ཀ་ཡུམ་ལྔའི་རང་བཞིན་ཡིན་ཏེ༔ དེ་ཡང་སར་སྣང་བ་ནི་ཡུམ་སངས་རྒྱས་སྤྱན་མའོ༔ ཆུར་སྣང་བ་ནི་མཱ་མ་ཀཱིའོ༔ མེར་སྣང་བ་ནི་གོས་དཀར་མོའོ༔ རླུང་དུ་སྣང་བ་ནི་དམ་ཚིག་སྒྲོལ་མའོ༔ ནམ་མཁར་སྣང་བ་ནི་དབྱིངས་ཕྱུགས་མའི་རང་བཞིན་དུ་ཤེས་པར་གྱིས་ཤིག༔ ཅེས་བརྗོད་དོ༔ དེ་ནས་སེམས་དཔའ་བརྒྱད་ཀྱི་དབང་བསྐུར་བ་ནི༔ ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔ ས་ཡི་སྙིང་པོའི་དབང་བསྐུར་བས༔ མིག་གི་རྣམ་ཤེས་གནས་དག་ནས༔ གཟུགས་སྣང་ཐམས་ཅད་རང་གྲོལ་ཤོག༔ ཨ་ཨཿཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔ ནམ་མཁའི་སྙིང་པོའི་དབང་བསྐུར་བས༔ རྣ་བའི་རྣམ་ཤེས་གནས་དག་ནས༔ སྒྲ་གྲགས་ཐམས་ཅད་རང་གྲོལ་ཤོག༔ ཨ་ཨཿཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔ སྤྱན་རས་གཟིགས་ཀྱི་དབང་བསྐུར་བས༔ སྣ་ཡི་རྣམ་ཤེས་གནས་དག་ནས༔ དྲི་སྣང་ཐམས་ཅད་རང་གྲོལ་ཤོག༔ ཨ་ཨཿཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔ ཕྱག་ན་རྡོ་རྗེའི་དབང་བསྐུར་བས༔ ལྕེ་ཡི་རྣམ་ཤེས་གནས་དག་ནས༔ རོ་སྣང་ཐམས་ཅད་རང་གྲོལ་ཤོག༔ ཨ་ཨཿཨ་བྷི་ཧཱུྃ་ཥིཉྩ་ཧཱུྃ༔ ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔ བྱམས་པ་མེ་ཏྲིའི་དབང་བསྐུར་བས༔ མིག་གི་རྣམ་ཤེས་གནས་དག་ནས༔ གཟུགས་སུ་འཛིན་པ་རང་གྲོལ་ཤོག༔ ཨ་ཨཿཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔ སྒྲིབ་པ་རྣམ་སེལ་དབང་བསྐུར་བས༔ རྣ་བའི་དབང་པོ་གནས་དག་ནས༔ གྲགས་སྟོང་ཆོས་ཀྱི་སྒྲ་སྒྲོགས་ཤོག༔ ཨ་ཨཿཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔ ཀུན་ཏུ་བཟང་པོའི་དབང་བསྐུར་བས༔ སྣ་ཡི་དབང་པོ་གནས་དག་ནས༔ འདུ་ཤེས་དྲི་མ་རང་དག་ཤོག༔ ཨ་ཨཿཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔ འཇམ་པའི་དབྱངས་ཀྱི་དབང་བསྐུར་བས༔ ལྕེ་ཡི་དབང་པོ་གནས་དག་ནས༔ རོ་འཛིན་འཁྲུལ་པ་རང་དག་ཤོག༔ ཨ་ཨཿཨ་བྷི་ཥིཉྩ་ཧཱུྃ༔ ཧོཿསྐལ་ལྡན་རྣམས་ལ་སེམས་དཔའ་བརྒྱད་ཀྱི་དབང་བསྐུར་བས༔ རྣམ་ཤེས་ཚོགས་བརྒྱད་གནས་སུ་དག་ནས༔ བྱང་ཆུབ་སེམས་དཔའི་ཚུལ་གྱིས་འགྲོ་བའི་དོན་རྒྱ་ཆེན་པོ་བྱེད་པའི་དབང་དམ་པ་ཐོབ་པར་གྱུར་ཅིག༔ ངོ་སྤྲོད་པ་ནི༔ ཧོཿསྐལ་ལྡན་རིགས་ཀྱིས་བུ་རྣམས༔ སེམས་དཔའ་བརྒྱད་ཀྱང་གཞན་ན་མེད་དེ༔ རང་གི་རྣམ་པར་ཤེས་པ་ཚོགས་བརྒྱད་འགགས་མེད་དུ་གསལ་བ་འདི་ཀ་ཡིན་ནོ༔ དེ་ཡང་མིག་གི་རྣམ་པར་ཤེས་པ་འགགས་མེད་དུ་མཐོང་མཁན་གྱི་ཤེས་པ་འདི་ནི་སེམས་དཔའ་སའི་སྙིང་པོའོ༔ རྣ་བའི་རྣམ་པར་ཤེས་པ་སྒྲ་འགགས་མེད་དུ་ཐོས་མཁན་གྱི་ཤེས་པ་འདི་ནི་སེམས་དཔའ་ནམ་མཁའི་སྙིང་པོའོ༔ སྣའི་རྣམ་པར་ཤེས་པ་དྲི་འགགས་མེད་དུ་ཚོར་མཁན་གྱི་ཤེས་པ་འདི་ནི་སེམས་དཔའ་སྤྱན་རས་གཟིགས་སོ༔ ལྕེའི་རྣམ་པར་ཤེས་པ་རོ་འགགས་མེད་དུ་མྱོང་མཁན་གྱི་ཤེས་པ་འདི་ནི་སེམས་དཔའ་ཕྱག་ན་རྡོ་རྗེའོ༔ ལུས་ཀྱི་རྣམ་པར་ཤེས་པ་རེག་བྱ་འགགས་མེད་དུ་ཚོར་མཁན་གྱི་ཤེས་པ་འདི་ནི་སེམས་དཔའ་བྱམས་པ་མགོན་པོའོ༔ ཡིད་ཀྱི་རྣམ་པར་ཤེས་པ་ཀུན་ལ་ཐོགས་མེད་དུ་གསལ་བའི་ཡིད་ཀྱི་ཤེས་པ་འདི་ཀ་སེམས་དཔའ་སྒྲིབ་པ་རྣམ་སེལ་ལོ༔ ཉོན་མོངས་པའི་ཡིད་ཅན་ངར་འཛིན་གྱི་ཤེས་པ་ཧུ་རེ་བ་འདི་ཀ་སེམས་དཔའ་ཀུན་ཏུ་བཟང་པོའོ༔ ཀུན་གཞིའི་རྣམ་པར་ཤེས་པ་ཁྱབ་གདལ་དུ་གསལ་བ་འདི་ཀ་སེམས་དཔའ་འཇམ་དཔལ་གྱི་རང་བཞིན་ནོ༔ ཅེས་ངོ་སྤྲད་དོ༔ དེ་ནས་སེམས་མ་བརྒྱད་ཀྱི་དབང་བསྐུར་བ་ནི༔ ཧཱུྃ༔ སྐལ་ལྡན་རིགས་གྱི་བུ་རྣམས་ལ༔ སེམས་མ་ལཱ་སྱེ་མ་ཡི་དབང་༔ མིག་གི་ཡུལ་སྣང་དག་ཕྱིར་བསྐུར༔ གཟུགས་སྣང་འཛིན་པ་རང་གྲོལ་ནས༔ དམིགས་མེད་ཆོས་སྐུའི་དོན་མཐོང་ཤོག༔ ཨ་ཨཿཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔ སེམས་མ་མཱ་ལྱ་མ་ཡི་དབང་༔ རྣ་བའི་ཡུལ་སྣང་དག་ཕྱིར་བསྐུར༔ སྒྲ་གྲགས་ཡུལ་སྣང་རང་གྲོལ་ནས༔ ཆོས་རྣམས་རང་གྲོལ་༼བྱུང་༽དབྱིངས་ལྡན་ཤོག༔ ཨ་ཨཿཨ་བྷི་ཥིཥྩ་ཧཱུྃ༔ ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔ སེམས་མ་གཱིརྟི་མ་ཡི་དབང་༔ སྣ་ཡི་ཡུལ་སྣང་དག་ཕྱིར་བསྐུར༔ དྲི་སྣང་ཡུལ་སྣང་རང་གྲོལ་ནས༔ འདུ་ཤེས་སྤང་བླང་བྲལ་བར་ཤོག༔ ཨ་ཨཿཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔ སེམས་མ་ནཱིརྟི་མ་ཡི་དབང་༔ ལྕེ་ཡི་ཡུལ་སྣང་དག་ཕྱིར་བསྐུར་༔ རོ་སྣང་རང་གྲོལ་ཡེ་ཤེས་ནས༔ རོ་མཆོག་བརྒྱད་ལྡན་དབང་ཐོབ་ཤོག༔ ཨ་ཨཿཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔ བཛྲ་པུཥྤེ་མ་ཡི་དབང་༔ འདས་པའི་སྡུག་བསྔལ་སྤང་ཕྱིར་བསྐུར༔ དངོས་པོའི་དྲི་མ་དག་གྱུར་ཅིག༔ ཨ་ཨཿཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔ བཛྲ་དྷུཔྤེ་མ་ཡི་དབང་༔ ད་ལྟའི་སྡུག་བསྔལ་སྤངས་ཕྱིར་བསྐུར༔ བདག་འཛིན་དྲི་མ་དག་གྱུར་ཅིག༔ ཨ་ཨཿཨབྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔ སེམས་མ་ཨཱ་ལོ་ཀེ་ཡི་དབང་༔ མ་འོངས་སྡུག་བསྔལ་སྤང་ཕྱིར་བསྐུར༔ རྣམ་རྟོག་དྲི་མ་དག་གྱུར་ཅིག༔ ཨ་ཨ༔ ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔ སེམས་མ་གྷནྡེ་མ་ཡི་དབང་༔ དུས་གསུམ་མཉམ་པ་ཉིད་དུ་བསྐུར༔ དུས་བཞི་འཕོ་འགྱུར་མེད་པར་ཤོག༔ ཨ་ཨཿཨ་བྷི་ཥིཉྩ་ཧཱུྃ༔ ཧོཿསྐལ་ལྡན་རྣམས་ལ་སེམས་མ་བརྒྱད་ཀྱི་དབང་བསྐུར་བས༔ ཡུལ་བརྒྱད་མ་སྤང་གནས་སུ་དག་ནས༔ བྱང་ཆུབ་སེམས་མའི་ཚུལ་གྱིས་འགྲོ་བའི་དོན་བྱེད་པར་གྱུར་ཅིག༔ ངོ་སྤྲད་པ་ནི༔ འོ་སྐལ་ལྡན་བུ་རྣམས་སེམས་མ་བརྒྱད་ཀྱང་གཞན་ན་མེད་དེ༔ ཕྱི་ཡུལ་བརྒྱད་ཀྱི་རྟོག་པ་རང་སར་དག་པ་ཉིད་བྱང་ཆུབ་སེམས་མ་བརྒྱད༔ དེ་ཡང་མིག་གི་ཡུལ་དུ་གཟུགས་སུ་སྣང་བ་རྣམ་པར་དག་པ་ཉིད༔ སེམས་མ་ལཱ་སྱེ་དཀར་མོའོ༔ དེ་བཞིན་དུ་རྣ་བའི་ཡུལ་དུ་སྒྲ་རྣམ་པར་དག་པ་ཉིད་མཱ་ལྱེ་སེར་མོའོ༔ སྣའི་ཡུལ་དུ་དྲི་རྣམ་པར་དག་པ་ཉིད་གཱིརྟི་དམར་མོའོ༔ ལྕེའི་ཡུལ་དུ་རོ་བྲོ་བ་གནས་སུ་དག་པ་ཉིད་ནཱིརྟི་ལྗང་མོའོ༔ འདས་པའི་རྟོག་པ་གནས་སུ་དག་པ་པུཥྤེ་དཀར་མོའོ༔ ད་ལྟར་རྟོག་པ་གནས་སུ་དག་པ་དྷཱུཔྤེ་སེར་མོའོ༔ མ་འོངས་པའི་རྟོག་པ་གནས་སུ་དག་པ་ཨཱ་ལོ་ཀེ་དམར་མོའོ༔ འབྱུང་བ་མ་ངེས་པ་དང་ཆོས་ཅན་གྱི་རྟོག་པ་གནས་སུ་དག་པ༔ ལྷ་མོ་གྷནྡྷེ་ལྗང་མོའི་རང་བཞིན་ཡིན་པས་ཤེས་པར་མཛོད་ཅིག༔ ཅེས་ངོ་སྤྲོད་དོ༔ དེ་ནས་ཐུབ་པ་དྲུག་གི་དབང་བསྐུར་བ་ནི༔ ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔ ལྷ་ཡི་ཐུབ་པའི་དབང་བསྐུར་བས༔ ང་རྒྱལ་དྲི་མར་རང་དག་ནས༔ འཕོ་ལྟུང་སྡུག་བསྔལ་རང་གྲོལ་ཤོག༔ ༀ་མུ་ནེ་ཀྲི་ཾཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔ ལྷ་མིན་ཐུབ་པའི་དབང་བསྐུར་བས༔ ཉོན་མོངས་ཕྲག་དོག་རང་དག་ནས༔ འཐབ་རྩོད་སྡུག་བསྔལ་རང་གྲོལ་ཤོག༔ ༀ་མུ་ནེ་བྲེཾ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔ མི་ཡི་ཐུབ་པའི་དབང་བསྐུར་བས༔ འདོད་ཆགས་དྲི་མ་རང་དག་ནས༔ བྲེལ་འཕོངས་སྡུག་བསྔལ་རང་གྲོལ་ཤོག༔ ༀ་མུ་ནེ་ཏྲུཾ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔ བྱོལ་སོང་ཐུབ་པའི་དབང་བསྐུར་བས༔ ཉོན་མོངས་གཏི་མུག་རང་དག་ནས༔ གླེན་ལྐུགས་སྡུག་བསྔལ་རང་གྲོལ་ཤོག༔ ༀ་མུ་ནེ་ཀྵཾ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔ ཡི་དྭགས་ཐུབ་པའི་དབང་བསྐུར་བས༔ སེར་སྣའི་དྲི་མ་རང་དག་ནས༔ བཀྲེས་སྐོམ་སྡུག་བསྔལ་རང་གྲོལ་ཤོག༔ ༀ་མུ་ནེ་སྲུཾ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔ དམྱལ་བའི་ཐུབ་པས་དབང་བསྐུར་བས༔ ཉོན་མོངས་ཞེ་སྡང་རང་དག་ནས༔ ཚ་གྲང་སྡུག་བསྔལ་ཞི་བར་ཤོག༔ ༀ་མུ་ནེ་ཡེ་ཨ་བྷི་ཥིཉྩ་ཧཱུྃ༔ ཧོ༔ སྐལ་ལྡན་རིགས་ཀྱི་བུ་ུརྣམས་ལ༔ སྤྲུལ་སྐུ་ཐུབ་པ་དྲུག་གི་དབང་བསྐུར་བས༔ དུག་ལྔ་སེར་སྣ་དང་དྲུག་གནས་སུ་དག་ནས་སྤྲུལ་པ་རབ་འབྱམས་ཀྱིས་རིགས་དྲུག་འདུལ་བའི་དབང་ཐོབ་པར་གྱུར་ཅིག༔ ངོ་སྤྲད་པ་ནི༔ འོ༔ སྐལ་ལྡན་རིགས་ཀྱི་བུ་རྣམས༔ ཐུབ་དྲུག་ཀྱང་གུད་ན་མེད་དེ༔ ང་རྒྱལ་རྣམ་པར་དག་པ་ལྷའི་ཐུབ་པ་དབང་པོ་བརྒྱ་བྱིན༔ ཕྲག་དོག་རྣམ་པར་དག་པ་ལྷ་མིན་ཐུབ་པ་ཐག་བཟང་རིས༔ འདོད་ཆགས་རྣམ་པར་དག་པ་མིའི་ཐུབ་པ་ཤཱཀྱ་ཐུབ་པ༔ གཏི་མུག་རྣམ་པར་དག་པ་བྱོལ་སོང་གི་ཐུབ་པ་སེང་གེ་རབ་བརྟན༔ སེར་སྣ་རྣམ་པར་དག་པ་ཡི་དྭགས་ཀྱི་ཐུབ་པ་ཁ་འབར་རྒྱལ་པོ༔ ཞེ་སྡང་རྣམ་པར་དག་པ་དམྱལ་བའི་ཐུབ་པ་ཆོས་ཀྱི་རྒྱལ་པོའི་རང་བཞིན་ནོ༔ ཞེས་ངོ་སྤྲད་དོ༔ དེ་ནས་སྒོ་བ་བཞིའི་དབང་བསྐུར་བ་ནི༔ ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔ རྣམ་པར་རྒྱལ་བའི་དབང་བསྐུར་བས༔ རྟག་པར་ལྟ་བ་གནས་དག་ནས༔ སྙིང་རྗེ་ཆེན་པོའི་དབང་ཐོབ་ཤོག༔ ཛཿཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔ གཤིན་རྗེ་གཤེད་པོའི་དབང་བསྐུར་བས༔ ཆད་པར་ལྟ་བ་གནས་དག་ནས༔ བྱམས་པ་ཆེན་པོའི་དབང་ཐོབ་ཤོག༔ ཧཱུྃཿཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔ རྟ་མགྲིན་རྒྱལ་པོའི་དབང་བསྐུར་བས༔ བདག་ཏུ་ལྟ་བ་གནས་དག་ནས༔ དགའ་བ་ཆེན་པོའི་དབང་ཐོབ་ཤོག༔ བཾཿཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔ བདུད་རྩི་འཁྱིལ་པའི་དབང་བསྐུར་བས༔ མཚན་མར་ལྟ་བ་གནས་དག་ནས༔ བཏང་སྙོམས་ཆེན་པོའི་དབང་ཐོབ་ཤོག༔ ཧོཿཨ་བྷི་ཥིཉྩ་ཧཱུྃ༔ ཧོ༔ སྐལ་ལྡན་རིགས་ཀྱི་བུ་རྣམས་ལ༔ ཁྲོ་བོ་ཆེན་པོ་སྒོོ་བ་བཞིའི་དབང་བསྐུར་བས༔ རྟག་ཆད་མུ་བཞི་གནས་སུ་དག་ནས༔ ཕྲིན་ལས་རྣམ་པ་བཞིས་འགྲོ་བའི་དོན་ཐོགས་པ་མེད་པར་བྱེད་ནུས་པར་གྱུར་ཅིག༔ ངོ་སྤྲད་པ་ནི༔ ཧོ༔ སྐལ་ལྡན་བུ་རྣམས༔ སྒོ་བ་བཞི་ཡང་གུད་ན་མེད་དེ༔ རྟག་པར་ལྟ་བ་གནས་སུ་དག་པ་ནི༔ སྒོ་བ་རྣམ་པར་རྒྱལ་བའོ༔ ཆད་པར་ལྟ་བ་གནས་སུ་དག་པ་ནི་སྒོ་བ་གཤིན་རྗེ་གཤེད་པོའོ༔ བདག་ཏུ་ལྟ་བ་གནས་སུ་དག་པ་ནི་སྒོ་བ་རྟ་མགྲིན་རྒྱལ་པོའོ༔ མཚན་མར་ལྟ་བ་གནས་སུ་དག་པ་ནི༔ སྒོ་བ་བདུད་རྩི་འཁྱིལ་པའི་རང་བཞིན་ནོ༔ ཞེས་ངོ་སྤྲད་དོ༔ དེ་ནས་སྒོ་མ་བཞིའི་དབང་བསྐུར་བ་ནི༔ ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་རྣམས་ལ༔ ལྕགས་ཀྱུ་མ་ཡི་དབང་བསྐུར་བས༔ རྫུས་སྐྱེས་རྟོག་པ་གནས་དག་ནས༔ ཞི་བའི་ཕྲིན་ལས་འགྲུབ་པར་ཤོག༔ ༀ་བཛྲ་ཨཾ་ཀུ་ཤ་ཛ་ཤཱིནྟིཾ་ཀུ་རུ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་རྣམས་ལ༔ ཞགས་པ་མ་ཡི་དབང་བསྐུར་བས༔ མངལ་སྐྱེས་རྟོག་པ་གནས་དག་ནས༔ རྒྱས་པའི་ཕྲིན་ལས་འགྲུབ་པར་ཤོག༔ ༀ་བཛྲ་པ་ཤ་ཧཱུྃ༔ པུཥྚིཾ་ཀུ་རུ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་རྣམས་ལ༔ ལྕགས་སྒྲོག་མ་ཡི་དབང་བསྐུར་བས༔ སྒོང་སྐྱེས་རྟོག་པ་གནས་དག་ནས༔ དབང་གི་ཕྲིན་ལས་འགྲུབ་པར་ཤོག༔ ༀ་བཛྲ་སྤོ་ཊ་བཾ༔ པ་ཤཾ་ཀུ་རུ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་རྣམས་ལ༔ དྲིལ་བུ་མ་ཡི་དབང་བསྐུར་བས༔ དྲོད་སྐྱེས་རྟོག་པ་གནས་དག་ནས༔ དྲག་པོའི་ཕྲིན་ལས་འགྲུབ་པར་ཤོག༔ ༀ་བཛྲ་གྷཎྜེ་ཧོ༔ མཱ་ར་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ འོ་སྐལ་ལྡན་རྣམས་ལ་སྒོ་མ་བཞིའི་དབང་བསྐུར་བས༔ སྐྱེ་བ་རྣམ་བཞིའི་སྒོ་བཅད་དེ༔ ཚད་མེད་བཞི་རྒྱུད་ལ་སྐྱེས་ནས༔ ཕྲིན་ལས་རྣམ་བཞིས་སེམས་ཅན་གྱི་དོན་ཐོགས་པ་མེད་པ་བྱེད་ནུས་པར་གྱུར་ཅིག༔ ངོ་སྤྲད་པ་ནི༔ འོ་སྐལ་ལྡན་རྣམས༔ སྒོ་མ་བཞི་ཡང་གུད་ན་མེད་དེ་སྐྱེ་གནས་ཀྱི་རྟོག་པ་གནས་སུ་དག་པ་ནི༔ སྒོ་མ་བཞིའི་རང་བཞིན་ཡིན་ཏེ༔ བརྫུས་སྐྱེས་ཀྱི་རྟོག་པ་གནས་སུ་དག་པ་སྒོ་མ་ལྕགས་ཀྱུ་མའོ༔ མངལ་སྐྱེས་ཀྱི་རྟོག་པ་གནས་སུ་དག་པ་ཞགས་པ་མའོ༔ སྒོང་སྐྱེས་ཀྱི་རྟོག་པ་གནས་སུ་དག་པ་ལྕགས་སྒྲོགས་མའོ༔ དྲོད་གཤེར་ལས་སྐྱེས་པའི་རྟོག་པ་གནས་སུ་དག་པ་ནི་སྒོ་མ་དྲིལ་བུ་མའི་རང་བཞིན་ཡིན་ཏེ༔ སྐལ་ལྡན་ཁྱེད་རྣམས་ཀྱིས་ཀྱང་༔ ཡིན་པ་ལ་ཡིན་པར་ངོ་ཤེས་པའི་ངེས་ཤེས་དང་ལྡན་པར་མཛོད་ཅིག༔ ཅེས་ངོ་སྤྲད་པར་བྱའོ༔

ཡང་བླ་མས༔ ཀྱེ་རིགས་ཀྱི་བུ་དད་པ་དང་ལྡན་པ་རྣམས་ཉོན་ཅིག༔ དེ་ལྟར་ཞི་བ་བཞི་བཅུའི་དབང་བསྐུར་བས༔ རང་རང་ཐམས་ཅད་ཀྱི་ཕུང་པོ་ལྔ་སངས་རྒྱས་རིགས་ལྔ་རུ་རང་གྲོལ༔ ཁམས་ལྔ་ནི་ཡུམ་ལྔ་རུ་རང་གྲོལ༔ སྐྱེ་མཆེད་བཅུ་དྲུག་གི་གནས་ཡུལ་ནི༔ སེམས་དཔའ་དང་སེམས་མ་བཅུ་དྲུག་ཏུ་རང་གྲོལ༔ དུག་ལྔ་སེར་སྣ་དང་དྲུག་ནི་ཐུབ་པ་དྲུག་ཏུ་རང་གྲོལ༔ རྟག་ཆད་ཀྱི་ལྟ་བ་བཞི་ནི་སྒོ་བ་བཞིར་རང་གྲོལ༔ སྐྱེ་གནས་བཞི་ནི་སྒོ་མ་བཞི་དང་ཕྲིན་ལས་བཞི་རུ་ལྷུན་གྱིས་གྲུབ་སྟེ༔ དུག་ལྔ་ཡེ་ཤེས་ལྔ་རུ་རང་དག༔ སེམས་སྐྱེ་བ་མེད་པ་རང་གྲོལ༔ རྟོག་ཚོགས་ཞི་བ་བཞི་བཅུ་རྩ་གཉིས་སུ་རང་གྲོལ༔ དེ་ལྟར་ལྷ་དབང་ལུས་ལ་བསྐུར་བས༔ ལུས་ཐ་མལ་པ་གནས་སུ་དག༔ འདོད་ཆགས་ཀྱི་དྲི་མ་རང་སར་དག་ནས༔ ལུས་རྒྱལ་བའི་དཀྱིལ་འཁོར་གྱི་སྐུ་རུ་རང་གྲོལ༔ ཚིག་དབང་ངག་ལ་བསྐུར་བས༔ ངག་གི་སྨྲ་བ་རྒྱུན་བཅད་ནས༔ སྒྲ་གྲགས་ཨཱ་ལི་ཀཱ་ལི་ཆོས་ཉིད་ཀྱི་རང་སྒྲ་གྲགས་སྟོང་དུ་རང་གྲོལ༔ དོན་དབང་སེམས་ལ་བསྐུར་བས༔ སེམས་གཟུངས་འཛིན་གྱི་དྲི་མ་དག་ནས༔ འཕྲོ་འདུའི་དམིགས་པ་བྱར་མེད་ཆེན་པོར་རང་གྲོལ་ནས༔ སེམས་སངས་རྒྱས་སུ་གྲོལ༔ དེ་ལྟར་ལུས་ལྷའི་སྐུར་གྲོལ༔ ངག་སྔགས་སུ་གྲོལ༔ སེམས་ཆོས་ཉིད་དུ་གྲོལ༔ ལུས་ངག་ཡིད་གསུམ་སྐུ་གསུང་ཐུགས་ཡེ་ཤེས་གསུམ་ལྡན་དུ་གྲོལ༔ སྣང་བ་ཐམས་ཅད་ཐབས་འགགས་མེད་དུ་གྲོལ༔ སྟོང་པ་ཐམས་ཅད་ཤེས་རབ་སྐྱེ་མེད་དུ་གྲོལ༔ སྣང་སྟོང་གཉིས་མེད་སྤྲོས་མེད་བདེ་བ་ཆེན་པོར་གྲོལ༔ དེ་ལྟར་ཞི་ཁྲོ་ཡང་གསང་བླ་མེད་ཀྱི་དབང་བཀའ་རང་བྱུང་རང་བབས་སུ་བསྐུར་བས༔ འཛིན་མེད་རང་གྲོལ་དུ་ཁྲོལ་ཁྲོལ་བཏང་ང་ོ༔ དེ་ནི་ཞི་བའི་དབང་བསྐུར་བའི་རིམ་པའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔

དེ་ནས་ཁྲག་འཐུང་ལྔ་བཅུ་རྩ་བརྒྱད་ཀྱི་དབང་བསྐུར་བ་ནི་འདི་ལྟར་རོ༔ ཐོག་མར་ཆེ་མཆོག་ཡབ་ཡུམ་སྤྱི་བོར་བཞག་ལ༔ ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་རྣམས་ལ༔ ཆེ་མཆོག་ཡབ་ཡུམ་དབང་བསྐུར་བས༔ ཉོན་མོངས་མ་སྤངས་རང་དག་ནས༔ ཁྲག་འཐུང་རབ་འབྱམས་དབང་ཐོབ་ཤོག༔ ༀ་མ་ཧཱ་ཤྲཱི་ཧེ་རུ་ཀ༔ མ་ཧཱ་ཀྲོ་དྷཱི་ཤྭ་རི་ཨ་བྷི་ཥིཉྩ་ཧཱུྃ༔ འོ་སྐལ་ལྡན་རྣམས་ལ་ཆེ་མཆོག་ཡབ་ཡུམ་གྱི་དབང་བསྐུར་བས༔ ཉོན་མོངས་མ་སྤངས་རང་སར་དག་ནས་ཁྲག་འཐུང་ཆེ་མཆོག་ཧེ་རུ་ཀའི་གོ་འཕང་ཐོབ་ནས༔ ལོག་པར་རྟོག་པ་འདུལ་བའི་དབང་དམ་པ་ཐོབ་པར་གྱུར་ཅིག༔ ཅེས་ངོ་སྤྲད་དོ༔ དེ་ནས་ཁྲག་འཐུང་ཡབ་ཡུམ་ལྔའི་དབང་བསྐུར་བ་ནི༔ ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་རྣམས་ལ༔ གཏི་མུག་རྣམ་པར་དག་བྱའི་ཕྱིར༔ བུདྡྷ་ཧེ་རུ་ཀ་ཡབ་ཡུམ་དབང་༔ མ་རིག་སྟོང་པའི་ཡུལ་དུ་བསྐུར༔ རིག་པ་རང་གྲོལ་དབང་ཐོབ་ཤོག༔ ༀ་བུདྡྷ་ཤྲཱི་ཧེ་རུ་ཀ་བུདྡྷ་ཀྲོ་དྷཱི་ཤྭ་རི་སྟྭཾ༔ ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་རྣམས་ལ༔ ཞེ་སྡང་རྣམ་པར་དག་བྱའི་ཕྱིར༔ བཛྲ་ཧེ་རུ་ཀ་ཡབ་ཡུམ་དབང་༔ ཁོང་ཁྲོ་ཞེ་གནག་ཡུལ་དུ་སྐུར༔ ཉོན་མོངས་གཅོང་ནད་བྱང་བར་ཤོག༔ ༀ་བཛྲ་ཤྲཱི་ཧེ་རུ་ཀ་བཛྲ་ཀྲོ་དྷཱི་ཤྭ་རི་སྟྭཾ༔ ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་རྣམས་ལ༔ ང་རྒྱལ་རྣམ་པར་དག་བྱའི་ཕྱིར༔ རཏྣ་ཧེ་རུ་ཀ་ཡབ་ཡུམ་དབང་༔ ངར་འཛིན་བདག་པོའི་ཡུལ་དུ་བསྐུར༔ ང་བདག་འགོང་པོ་ཞི་བར་ཤོག༔ ༀ་རཏྣ་ཤྲཱི་ཧེ་རུ་ཀ་རཏྣ་ཀྲོ་དྷཱི་ཤྭ་རི་སྟྭཾ༔ ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་རྣམས་ལ༔ འདོད་ཆགས་རྣམ་པར་དག་བྱའི་ཕྱིར༔ པདྨ་ཧེ་རུ་ཀ་ཡབ་ཡུམ་དབང་༔ འདོད་པའི་རྒྱལ་པོ་ཁྱོད་ལ་བསྐུར༔ ཞེན་ཆགས་རང་རྒྱུད་རང་གྲོལ་ཤོག༔ ༀ་པདྨ་ཤྲཱི་ཧེ་རུ་ཀ་པདྨ་ཀྲོ་ཏ་ཤྭ་རི་སྟྭཾ༔ ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་རྣམས་ལ༔ ཕྲག་དོག་རྣམ་པར་དག་བྱའི་ཕྱིར༔ ཀརྨ་ཧེ་རུ་ཀ་ཡབ་ཡུམ་དབང་༔ གཟུང་འཛིན་བདག་པོ་ཁྱོད་ལ་བསྐུར༔ ཉོན་མོངས་ཕྲག་དོག་རང་གྲོལ་ཤོག༔ ༀ་ཀརྨ་ཤྲཱི་ཧེ་རུ་ཀ་ཀརྨ་ཀྲོ་དྷཱི་ཤྭ་རི་སྟྭཾ༔ ཨ་བྷི་ཥིཉྩ་ཧཱུྃ༔ འོ་སྐལ་ལྡན་རིགས་ཀྱི་བུ་རྣམས་ལ༔ ཁྲག་འཐུང་རིགས་ལྔ་ཡབ་ལྔའི་དབང་བསྐུར་བས༔ དུག་ལྔ་མ་སྤངས་གནས་སུ་དག་ནས༔ ཧེ་རུ་ཀ་སྐུ་ལྔའི་དབང་དང་དངོས་གྲུབ་ཐོབ་པར་གྱུར་ཅིག༔ དབྱིངས་ཕྱུག་ཡུམ་ལྔའི་དབང་བསྐུར་བས༔ ཡུལ་ལྔའི་རྟོག་པ་གནས་སུ་དག་ནས༔ ཀྲོ་དྷཱི་ཤྭ་རི་ཡུམ་ལྔའི་དབང་དང་དངོས་གྲུབ་ཐོབ་པར་གྱུར་ཅིག༔ དེ་ནས་ཀོའུ་རཱི་བརྒྱད་ཀྱི་དབང་བསྐུར་བ་ནི༔ ཧཱུྃ༔ མིག་གི་རྣམ་ཤེས་ཀོའུ་རཱི་མ༔ སྣང་བ་དཀར་དམར་ཡུལ་གྱི་སེམས༔ རྟོག་ཚོགས་རང་གྲོལ་དབྱིངས་སུ་གྲོལ༔ ཀོའུ་རཱི་སྔོན་མོའི་དབང་ཐོབ་ཤོག༔ ༀ་ཀོའུ་རཱི་མ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ རྣ་བའི་རྣམ་ཤེས་ཙོའུ་རཱི་མ༔ སྣ་ཚོགས་རང་གྲོལ་ཡུལ་གྱི་སེམས༔ གྲགས་སྟོང་རང་སྒྲ་དབྱིངས་སུ་གྲོལ༔ ཙོའུ་རཱི་སེར་མོའི་དབང་ཐོབ་ཤོག༔ ཙོའུ་རཱི་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ སྣ་ཡི་རྣམ་ཤེས་པྲ་མོ་ཧ༔ དྲི་རྟོག་སྣ་ཚོགས་ཚོར་བའི་ཡུལ༔ འཛིན་མེད་ཤེས་པ་དབྱིངས་སུ་གྲོལ༔ པྲ་མོ་དམར་མོའི་དབང་ཐོབ་ཤོག༔ པྲ་མོ་ཧ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ ལྕེ་ཡི་རྣམ་ཤེས་བེ་ཏ་ལཱི༔ རོ་སྣང་ཚོར་སྟོང་གསལ་བའི་ཡུལ༔ དུ་མ་རོ་གཅིག་དབྱིངས་སུ་གྲོལ༔ བེ་ཏ་ནག་མོའི་དབང་ཐོབ་ཤོག༔ བེ་ཏ་ལཱི་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ གཟུགས་ཀྱི་རྣམ་ཤེས་པུསྐ་སཱི༔ རེག་སྣང་སྣ་ཚོགས་རང་གྲོལ་ཡུལ༔ དངོས་པོར་འཛིན་པ་དབྱིངས་སུ་གྲོལ༔ པུསྐ་དམར་སེར་དབང་ཐོབ་ཤོག༔ པུསྐ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ ཡིད་ཀྱི་རྣམ་ཤེས་གྷསྨ་རཱི༔ འཁོར་བའི་རྟོག་ཚོགས་གཟུང་འཛིན་རྣམས༔ ཉོན་མོངས་བཞི་བཅུ་དབྱིངས་སུ་གྲོལ༔ གྷསྨ་ལྗང་ནག་དབང་ཐོབ་ཤོག༔ གྷསྨ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ ཀུན་གཞིའི་རྣམ་ཤེས་སྨེ་ཤ་མཐིང༔ མ་འགགས་རང་རྩལ་སྣ་ཚོགས་རྣམས༔ དུག་ལྔ་དག་པ་དབྱིངས་སུ་གྲོལ༔ སྨེ་ཤ་མཐིང་ནག་དབང་ཐོབ་ཤོག༔ སྨེ་ཤ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ ཉོན་མོངས་རྣམ་ཤེས་ཙཎྜ་ལཱི༔ ཡིད་ཀྱི་དྲན་རྟོག་སྣ་ཚོགས་རྣམས༔ འགྱུ་བ་དངོས་མེད་དབྱིངས་སུ་གྲོལ༔ ཙཎྜ་སེར་སྐྱའི་དབང་ཐོབ་ཤོག༔ ཙཎྜ་ཨ་བྷི་ཥིཉྩ་ཧཱུྃ༔ ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ༔ ཧོ༔ སྐལ་ལྡན་རྣམས་ལ་མ་མོ་ཀོའུ་རཱི་བརྒྱད་ཀྱི་དབང་བསྐུར་བས༔ ཚོགས་བརྒྱད་ཀྱི་རྟོག་པ་མ་སྤངས་གནས་སུ་དག་ནས༔ མཁའ་འགྲོ་མ་མོ་རབ་འབྱམས་དབང་དུ་འདུ་བར་གྱུར་ཅིག༔ དེ་ནས་སེངྷ་བརྒྱད་ཀྱི་དབང་བསྐུར་བ་ནི༔ ཧཱུྃ༔ གཟུགས་ཕུང་རྣམ་དག་སི་ཾཧ་མ༔ མ་འགགས་རང་བྱུང་ཐོག་མའི་རྩལ༔ རྩལ་སྣང་རང་དག་དྲི་མ་མེད༔ སི་ཾཧ་སྨུག་ནག་དབང་བསྐུར་བས༔ བར་དོར་འཁྲུལ་སྣང་ཆོད་པར་ཤོག༔ སི་ཾཧ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ ཚོར་ཕུང་རྣམ་དག་བྱ་ཀྲི་མ༔ ཞི་ཁྲོ་ཆོས་ཉིད་རང་བཞིན་སྒྲ༔ འབྲུག་སྟོང་སྣ་ཚོགས་རང་སྒྲ་སྒྲོགས༔ བྱཱ་ཀྲྀ་དམར་སེར་དབང་བསྐུར་བས༔ བར་དོའི་སྒྲ་དོན་རྟོགས་པར་ཤོག༔ བྱཱ་ཀྲྀ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ དྲི་ཕུང་རྣམ་དག་སྲི་ལ་མ༔ ཡེ་ཤེས་དྲོད་བརླན་སྤྲིན་ཕུང་གཏིབས༔ ཞི་ཁྲོ་དྲི་བསུང་ངད་དང་ལྡན༔ སྲི་ལ་མུ་ཁའི་དབང་བསྐུར་བས༔ རྟོག་པའི་དྲི་མ་དང་བྲལ་ཤོག༔ སྲི་ལ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ ཕུང་ཁམས་རྣམ་དག་ཤྭ་ན་མཐིང་༔ འབྱུང་བ་ལྔ་འདུས་རོ་མཆོག་བརྒྱད༔ ཡེ་ཤེས་བདུད་རྩི་ལྔ་ལྡན་ཆུ༔ ཤྭ་ན་མཐིང་ནག་དབང་བསྐུར་བས༔ རོ་མཆོག་བརྒྱད་ལྡན་དབང་ཐོབ་ཤོག༔ ཤྭ་ན་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ རེག་ཕུང་རྣམ་དག་ཀྲྀ་ཏ་མ༔ རྡོ་རྗེ་རིན་ཆེན་པདྨ་གྲི༔ ཡེ་ཤེས་མཚོན་ཆ་སྔོན་དམར་ཐོགས༔ སྣང་བ་རེག་བྱ་དག་པའི་ཕྱིར༔ ཀྲི་ཏ་མུ་ཁའི་དབང་ཐོབ་ཤོག༔ ཀྲྀ་ཏ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ ཚོར་ཕུང་རྣམ་དག་ཀཾ་ཀ་མ༔ ཡིད་དང་རྟོག་པ་རང་སར་གྲོལ༔ རང་བྱུང་རང་ཤར་རོལ་པ་ཆེས༔ ཆོས་ཉིད་བདལ་བ་ཆེན་པོའི་ངང་༔ ཀཾ་ཀ་དམར་ནག་དབང་ཐོབ་ཤོག༔ ཀཾ་ཀ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ ཉོན་མོངས་རྣམ་དག་ཁ་ཁཱ་མ༔ འཁོར་བའི་གཅོང་སྙིང་གཏན་ནས་འབྱིན༔ རྒྱུ་དྲུག་ཡེ་ཤེས་དྲུག་ལ་སྦྱོར༔ ཁ་ཁྭ་མུ་ཁའི་དབང་ཐོབ་ཤོག༔ ཁ་ཁྭ་མུ་ཁ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ ཀུན་གཞིའི་ཕུང་པོ་ཧུ་ལུ་མཐིང་༔ བྱར་མེད་རང་བྱུང་རང་ཤར་ཉིད༔ ཤར་གྲོལ་སྣ་ཚོགས་རོ་གཅིག་ངང་༔ ཧུ་ལུ་མུ་ཁའི་དབང་བསྐུར་བས༔ ཉག་གཅིག་ཟང་ཐལ་དབང་ཐོབ་ཤོག༔ ཧུ་ལུ་མུ་ཁ་ཨ་བྷི་ཥིཉྩ་ཧཱུྃ༔ ཧེ་ཧེ༔ ཧེ་ཧེ༔ ཧེ་ཧེ༔ ཧེ་ཧེ༔ ཧོ༔ སྐལ་ལྡན་རྣམས་ལ༔ སེང་ཧ་མ་བརྒྱད་ཀྱི་དབང་བསྐུར་བས༔ ཡུལ་བརྒྱད་ཀྱི་རྟོག་པ་མ་སྤངས་གནས་སུ་དག་ནས༔ ཕྲ་མེན་རབ་འབྱམས་དབང་དུ་འདུ་བར་གྱུར་ཅིག༔ དེ་ནས་སྒོ་མ་བཞིའི་དབང་བསྐུར་བ་ནི༔ ཛཿབྱམས་པ་ཚད་མེད་ལྕགས་ཀྱུ་ུམ༔ ཐུགས་རྗེས་ཉེ་རིང་མེད་པར་བཟུང་༔ འཁོར་བའི་སྡུག་བསྔལ་འདམ་ནས་འདྲེན༔ རྟ་གདོང་དཀར་མོའི་དབང་ཐོབ་ཤོག༔ ཛ༔ ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ སྙིང་རྗེ་ཚད་མེད་ཞགས་པ་མ༔ སྙིང་རྗེའི་ཞགས་པས་ཁམས་གསུམ་འཆིངས༔ ཉོན་མོངས་བརྒྱད་ཁྲི་བཞི་སྟོང་སྡོམ༔ ཕག་གདོང་སེར་མོའི་དབང་ཐོབ་ཤོག༔ ཧཱུྃ་ཨ་བྷི་ཥིཉྩ་ཧཱུྃ༔ བཾ་དགའ་བ་ཚད་མེད་ལྕགས་སྒྲོག་མ༔ ཁམས་གསུམ་འཁོར་བ་རྩད་ནས་གཅོད༔ དུག་ལྔ་དུག་གསུམ་གནས་ནས་སྡོམ༔ སེང་གདོང་དམར་མོའི་དབང་ཐོབ་ཤོག༔ བཾ་ཨ་བྷི་ཥིཉྩ་ཧཱུྃ༔ ཧོ༔ བཏང་སྙོམས་ཚད་མེད་དྲིལ་བུ་མ༔ སེམས་ཅན་མ་རིག་ཡུལ་ཕྱུངས་ནས༔ ཚད་མེད་བཞི་ལྡན་དབྱིངས་སུ་གྲོལ༔ སྦྲུལ་གདོང་ཐལ་བྱེད་དབང་ཐོབ་ཤོག༔ ཧོཿཨ་བྷི་ཥིཉྩ་ཧཱུྃ༔ ཧོ༔ སྐལ་ལྡན་རྣམས་ལ་རྟ་གདོང་ལ་སོགས་སྒོ་མ་བཞིའི་དབང་བསྐུར་བས༔ སྐྱེ་གནས་བཞི་པོ་གནས་སུ་དག་ནས༔ ཕྲིན་ལས་རྣམ་བཞིས་སེམས་ཅན་གྱི་དོན་བྱེད་པར་གྱུར་ཅིག༔ དེ་ནས་དབང་ཕྱུག་ཉི་ཤུ་རྩ་བརྒྱད་ཀྱི་དབང་བསྐུར་བ་ནི༔ ཧཱུྃ་མིག་གི་རང་བཞིན་སྲིན་མོ་སྨུག༔ གཡག་གདོང་རྡོ་རྗེ་ཕྱག་ན་བསྣམ༔ ཐབས་དང་ཤེས་རབ་གཉིས་སུ་མེད༔ རྣལ་འབྱོར་དབང་ཕྱུག་དབང་ཐོབ་ཤོག༔ བྷྱོ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ རྣ་བའི་རང་བཞིན་ཚངས་པ་སེར༔ སྦྲུལ་གདོང་པདྨ་ཕྱག་ན་བསྣམས༔ དྲི་མེད་དག་པའི་དབྱིངས་སུ་སྦྱོར༔ རྣལ་འབྱོར་ཀླུ་དབང་དབང་ཐོབ་ཤོག༔ བྷྱོ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ སྣ་ཡི་རང་བཞིན་ལྷ་ཆེན་དཀར༔ གཟིག་གདོང་སྟ་རེ་ཕྱག་ན་བསྣམས༔ ཉོན་མོངས་བཞི་བཅུ་རྩད་ནས་གཅོད༔ རྣལ་འབྱོར་མ་ཧེའི་དབང་ཐོབ་ཤོག༔ བྷྱོ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ ལྕེ་ཡི་རང་བཞིན་གཏོགས་འདོད་སྔོ༔ སྲེ་གདོང་འཁོར་ལོ་ཕྱག་ན་བསྣམས༔ འཁོར་བའི་ལས་མཐའ་རྩད་ནས་གཅོད༔ རྣལ་འབྱོར་དབང་ཕྱུག་དབང་ཐོབ་ཤོག༔ བྷྱོ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ ལུས་ཀྱི་རང་བཞིན་དགའ་བ་སེར༔ ཝ་གདོང་སྤུ་གྲི་ཕྱག་ན་བསྣམས༔ སྐྱེ་ཤི་རྩད་གཅོད་ཉོན་མོངས་སྒྲོལ༔ རྣལ་འབྱོར་དབང་ཕྱུག་དབང་ཐོབ་ཤོག༔ བྷྱོ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ སེམས་ཀྱི་རང་བཞིན་ཞི་བ་དམར༔ ཆུ་སྲིན་གདོང་ཅན་བུམ་པ་བསྣམས༔ འཁོར་བའི་རྒྱ་མཚོ་ཕ་རོལ་སྒྲོལ༔ རྣལ་འབྱོར་དབང་ཕྱུག་དབང་ཐོབ་ཤོག༔ བྷྱོ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ ཀུན་གཞིའི་རང་བཞིན་རྡོ་རྗེ་དཀར༔ ཁྱུང་མགོ་ལྕགས་ཀྱུ་ཕྱག་ན་བསྣམས༔ ཞི་བ་ཆོས་ཉིད་དབྱིངས་སུ་སྦྱོར༔ རྣལ་འབྱོར་དབང་ཕྱུག་དབང་ཐོབ་ཤོག༔ བྷྱོ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ གཟུགས་ཀྱི་རང་བཞིན་ཟླ་བ་དཀར༔ ཁྲ་གདོང་ཕྱག་ན་རྡོ་རྗེ་འཛིན༔ སྲིད་པ་གསུམ་ན་བྱ་ར་མཛད༔ རྣལ་འབྱོར་དབང་ཕྱུག་དབང་ཐོབ་ཤོག༔ བྷྱོ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ སྒྲ་ཡི་རང་བཞིན་སྲིན་མོ་སྔོ༔ སྡིགས་གདོང་ཕྱག་ན་པདྨ་བསྣམས༔ སྲིད་གསུམ་མ་ལུས་ཐལ་བར་བརླག༔ རྣལ་འབྱོར་དབང་ཕྱུག་དབང་ཐོབ་ཤོག༔ བྷྱོ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ དྲི་ཡི་རང་བཞིན་བེ་ཅོན་ལྗང་༔ ཝཱ་གདོང་དབྱུག་ཏོ་ཕྱག་ན་བསྣམས༔ ཉོན་མོངས་མ་ལུས་ཐལ་བར་བརླག༔ རྣལ་འབྱོར་དབང་ཕྱུག་དབང་ཐོབ་ཤོག༔ བྷྱོ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ སྲིད་པའི་རང་བཞིན་སྲིན་མོ་དམར༔ སྟག་གི་མགོ་ཅན་ཐོད་ཁྲག་འཐུང་༔ འདོད་པའི་ཆགས་ཞེན་ཞལ་དུ་གསོལ༔ རྣལ་འབྱོར་དབང་ཕྱུག་དབང་ཐོབ་ཤོག༔ བྷྱོ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ རོ་ཡི་རང་བཞིན་ཟ་བ་ལྗང་༔ ནག་མོ་རྒོད་མགོ་བེ་ཅོན་འཕྱར༔ རྣམ་པར་རྟོག་པ་དབྱིངས་སུ་སྤར༔ རྣལ་འབྱོར་དབང་ཕྱུག་དབང་ཐོབ་ཤོག༔ བྷྱོ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ རེག་གི་རང་བཞིན་དགའ་བ་དམར༔ རྟ་ཡི་མགོ་ཅན་མི་རོ་ཐོགས༔ མི་རྟག་འཁོར་བའི་ཤན་ཐང་གཅོད༔ རྣལ་འབྱོར་དབང་ཕྱུག་དབང་ཐོབ་ཤོག༔ བྷྱོ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ མིག་གི་རྣམ་ཤེས་སྲིན་མོ་དམར༔ ཁྱི་གདོང་ཕྱག་ན་རྡོ་རྗེ་འཛིན༔ དཀྱིལ་འཁོར་གསུམ་གྱི་མེལ་ཚེ་བྱེད༔ རྣལ་འབྱོར་དབང་ཕྱུག་དབང་ཐོབ་ཤོག༔ བྷྱོ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ རྣ་བའི་རྣམ་ཤེས་འདོད་པ་དམར༔ པུག་ཤུད་མགོ་ཅན་མདའ་གཞུ་འཛིན༔ མུ་སྟེགས་ལོག་ལྟ་ཞེ་ལ་གནག༔ རྣལ་འབྱོར་དབང་ཕྱུག་དབང་ཐོབ་ཤོག༔ བྷྱོ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ སྣ་ཡི་རྣམ་ཤེས་ནོར་སྲུངས་ལྗང་༔ ཤ་བའི་མགོ་ཅན་བུམ་པ་འཛིན༔ འདོད་པའི་རོ་ལ་ཆགས་པ་མོ༔ རྣམ་འབྱོར་དབང་ཕྱུག་དབང་ཐོབ་ཤོག༔ བྷྱོ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ ལྕེ་ཡི་རྣམ་ཤེས་རླུང་ལྷ་སྔོ༔ སྤྱང་ཀུའི་མགོ་ཅན་བ་དན་འཕྱར༔ བསྐལ་པ་བཞི་ཡི་ལས་རླུང་བཟློག༔ རྣལ་འབྱོར་དབང་ཕྱུག་དབང་ཐོབ་ཤོག༔ བྷྱོ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ ལུས་ཀྱི་རྣམ་ཤེས་མི་མོ་དམར༔ སྐྱིན་གྱི་གདོང་ཅན་གསལ་ཤིང་འཛིན༔ མ་རིག་མུན་པ་སྒྲོན་མེས་བསལ༔ རྣལ་འབྱོར་དབང་ཕྱུག་དབང་ཐོབ་ཤོག༔ བྷྱོ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ ཡིད་ཀྱི་རྣམ་ཤེས་ཕག་གདོང་ནག༔ ཕག་གི་མགོ་ཅན་མཆེ་ཞགས་བསྣམས༔ འཁོར་བ་ཞགས་པས་སྡོམ་པར་བྱེད༔ རྣལ་འབྱོར་དབང་ཕྱུག་དབང་ཐོབ་ཤོག༔ བྷྱོ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ ཀུན་གཞིའི་རྣམ་ཤེས་པདྨ་སེར༔ སེངྒེའི་གདོང་ཅན་ལྕགས་སྒྲོག་བསྣམས༔ གཞན་སྣང་ཐམས་ཅད་ཟིལ་གྱིས་མནན༔ རྣལ་འབྱོར་དབང་ཕྱུག་དབང་ཐོབ་ཤོག༔ བྷྱོ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ གཟུགས་ཁམས་ཕུང་པོ་རྡོ་རྗེ་དབང་༔ ཁྲ་ཡི་མགོ་ཅན་ཞིང་དབྱུག་བསྣམས༔ སྣ་ཚོགས་གཟུགས་ཅན་ཡིད་རྟོག་འཇོམས༔ རྣལ་འབྱོར་དབང་ཕྱུག་དབང་ཐོབ་ཤོག༔ བྷྱོ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ སྒྲ་ཁམས་ཕུང་པོ་སྣ་ཆེན་ལྗང་༔ བན་གླང་མགོ་ཅན་ཐོད་ཁྲག་འཐུང་༔ སྟོབས་ཀྱི་ཤུགས་ཀྱིས་འཁོར་བ་བཟློག༔ རྣལ་འབྱོར་དབང་ཕྱུག་དབང་ཐོབ་ཤོག༔ བྷྱོ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ དྲི་ཁམས་ཕུང་པོ་ཆུ་ལྷ་སྔོ༔ སྦྲུལ་གདོང་ཕྱག་ན་སྦྲུལ་ཞགས་བསྣམས༔ ཉོན་མོངས་ཞེ་སྡང་གནས་སུ་འདྲེན༔ རྣལ་འབྱོར་དབང་ཕྱུག་དབང་ཐོབ་ཤོག༔ བྷྱོ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ རོ་ཁམས་ཕུང་པོ་རྡོ་རྗེ་ལྗང་༔ གླང་གི་མགོ་ཅན་བམ་ཆེན་འཛིན༔ མཁའ་ལ་རང་བཞིན་ཤུགས་ཀྱིས་འགྲོ༔ རྣལ་འབྱོར་དབང་ཕྱུག་དབང་ཐོབ་ཤོག༔ བྷྱོ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ རེག་ཁམས་ཕུང་པོ་ནོར་སྲུངས་ལྗང་༔ འུག་པའི་མགོ་ཅན་བདུད་རྩི་འཛིན༔ ཁམས་གསུམ་འཁོར་བའི་གནས་རྣམས་འཇོམས༔ རྣལ་འབྱོར་དབང་ཕྱུག་དབང་ཐོབ་ཤོག༔ བྷྱོ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ གཟུགས་ཁམས་ཕུང་པོ་སྲིན་མོ་སེར༔ ར་གདོང་ཕྱག་ན་ཞགས་པ་བསྣམས༔ གཟུགས་ཕུང་འཁོར་བ་རྩད་ནས་གཅོད༔ རྣལ་འབྱོར་དབང་ཕྱུག་དབང་ཐོབ་ཤོག༔ བྷྱོ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ ཆོས་ཁམས་ཕུང་པོ་སྲིན་མོ་ཆུང་༔ ཁྱུང་གདོང་རལ་གྲི་གླད་ལ་བསྐོར༔ སྲིད་པར་འཁྱམས་པའི་སྐྱེ་རྒྱུན་གཅོད༔ རྣལ་འབྱོར་དབང་ཕྱུག་དབང་ཐོབ་ཤོག༔ བྷྱོ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ དྲོད་ཁམས་རང་བཞིན་ཀཾ་ཀའི་གདོང་༔ ཀཾ་ཀའི་མགོ་ཅན་དྲིལ་བུ་བསྣམས༔ ཕྲིན་ལས་ཚར་གཅོད་དྲོད་ཚད་ཉུལ༔ རྣལ་འབྱོར་དབང་ཕྱུག་དབང་ཐོབ་ཤོག༔ བྷྱོ་ཨ་བྷི་ཥིཉྩ་ཧཱུྃ༔ འོ༔ སྐལ་ལྡན་རྣམས་ལ་དབང་ཕྱུག་མ་ཉི་ཤུ་རྩ་བརྒྱད་ཀྱི་དབང་བསྐུར་བས༔ ཉོན་མོངས་རྟོག་ཚོགས་མ་སྤངས་གནས་སུ་དག་ནས༔ མ་མོ་དང་དམ་ཅན་གྱི་སྲོག་ལ་དབང་ཐོབ་པར་གྱུར་ཅིག༔ དེ་ནས་ངོ་སྤྲད་པ་ནི༔ ཧོ༔ སྐལ་ལྡན་རིགས་ཀྱི་བུ་རྣམས༔ ཁྲག་འཐུང་དྲུག་ཅུའི་ལྷ་ཚོགས་དེ་རྣམས་ཀྱང་གཞན་དུ་གུད་ན་མི་དམིགས་ཏེ༔ རང་གི་ཉོན་མོངས་པའི་རྟོག་ཚོགས་མ་སྤངས་གནས་སུ་དག་ནས༔ རང་བཞིན་མེད་པར་ཤེས་པ་ཉིད༔ ཁྲག་འཐུང་དྲུག་ཅུའི་སྐུ་རུ་སྣང་བ་ཡིན་ཏེ༔ དེ་ཉིད་མཚོན་པའི་བརྡར༔ རང་གི་ཀླད་པ་དུང་ཁང་གི་གཞལ་ཡས་ཁང་ན་ཁྲག་འཐུང་གི་ལྷ་ཚོགས་ཐམས་ཅད་སྐུ་ཚོམ་བུ་ཤིགས་སེ་དངོས་སུ་བཞུགས་ནས་ཡོད་དོ༔ ཞི་བ་བཞི་བཅུ་རྩ་གཉིས་ཀྱི་ལྷ་ཚོགས་ཐམས་ཅད་སྙིང་ཁ་ཆོས་ཀྱི་འཁོར་ལོ་ན་འོད་ཀྱི་སྐུ་རུ་བུམ་སྐུའི་ཚུལ་དུ་དངོས་སུ་བཞུགས་ནས་ཡོད་དོ༔ གཞན་ཡང་རྩ་ཐམས་ཅད་ནི་དཔའ་བོའི་རང་བཞིན་ནོ༔ རླུང་ཐམས་ཅད་ནི་དཔའ་མོའི་རང་བཞིན་དུ་གནས་སོ༔ ཐིག་ལེ་དཀར་ཆ་ཐམས་ཅད་ལོངས་སྐུ་ཞི་ཁྲོ་ཡབ་ཀྱི་ཚུལ་དུ་གནས་སོ༔ རཀྟ་དམར་ཆ་ཐམས་ཅད་ལོངས་སྐུ་ཞི་ཁྲོ་ཡུམ་གྱི་ཚུལ་དུ་གནས་སོ༔ བ་སྤུ་བྱེ་བ་ས་ཡ་ནི་མཁའ་འགྲོ་མ་བྱེ་བ་ས་ཡའི་རང་བཞིན་དུ་གནས་སོ༔ དེས་ན་རང་གི་ལུས་འདི་ཉིད་རྒྱལ་བ་ཞི་ཁྲོ་རབ་འབྱམས་ཀྱི་དཀྱིལ་འཁོར་གྱི་རང་བཞིན་ཡིན་པས༔ འདི་ལ་བརྙས་པ་དང་༔ བསད་པ་དང་༔ བརྡུངས་བ་དང་༔ དཀའ་ཐུབ་ལ་སོགས་པས་རྒུད་དུ་མ་བཅུག་པར་བཟའ་བཏུང་ཐམས་ཅད་ཚོགས་འཁོར་གྱི་ཚུལ་དུ་མཆོད་ཅིག༔ རྒྱན་གོས་ཀྱང་མཛེས་ཤིང་ཡིད་དུ་འོང་བ་རྣམས་ཀྱང་ཞེན་པ་མེད་པའི་ཚུལ་གྱི་མཆོད་པ་རྒྱུན་མི་ཆད་པར་གྱིས་ཤིག༔ དེ་ནས་རང་ཉིད་འཆི་བའི་ཚེ་ཞི་ཁྲོའི་ལྷ་ཚོགས་རྣམས་རང་གི་ལུས་ནས་ཐོན་ཏེ༔ ནམ་མཁའ་དང་བར་སྣང་གང་བར་བར་དོར་འཆར་བར་འགྱུར་རོ༔ དེའི་དུས་སུ་སྒྲ་འོད་ཟེར་གསུམ་ལ་མ་འཇིགས་ཤིག༔ མ་སྔངས་ཤིག༔ མ་སྐྲགས་པར༔ ད་ལྟ་དབང་བསྐུར་བའི་ཡི་དམ་གྱི་ལྷ་འདི་རྣམས་ཡིན་པ་ལ་ཡིན་པར་ངོ་ཤེས་པར་གྱིས་ཤིག༔ དེའི་དུས་སུ་ངོ་ཤེས་པ་དང་གྲོལ་བ་དུས་མཉམ་དུ་འོང་བ་ལགས་སོ༔ ཞེས་ངོ་སྤྲད་རྒྱས་པར་བྱའོ༔ དེ་ནས་བླ་མ་ལ་སྐྱེམས་དྲངས༔ མཆོད་པ་འབུལ་ནས་འདི་སྐད་ཞུ༔ ཀྱེ་ཧོ་བླ་མ་རིན་པོ་ཆེ༔ དེ་ལྟར་དབང་བསྐུར་ཡོན་ཏན་གང་༔ བདག་ཅག་རྣམས་ལ་བསྟན་དུ་གསོལ༔ ཞེས་ལན་གསུམ་ཞུའོ༔ དེར་བླ་མས༔ གསང་བའི་རྒྱུད་ལས་འདི་ལྟར་གསུངས༔ དེ་ལྟར་དབང་བསྐུར་ཡོན་ཏན་གྱིས༔ བསྐྱེད་རིམ་ལྷ་སྐུ་བསྒོམ་ལ་དབང་༔ འབྲས་བུ་སྤྲུལ་པའི་སྐུ་ཡང་འཐོབ༔ དམ་ཚིག་ལུས་ཀྱིས་བསྲུང་བར་རིགས༔ ཡོན་ཏན་ལུས་ལ་བདེ་བ་རྒྱས༔ ས་ཡང་བརྒྱད་པ་མན་ཆད་ནོན༔ ཕྲིན་ལས་ཞི་བ་འགྲུབ་པར་འགྱུར༔ བླ་མ་ཡོན་གྱིས་མཉེས་པར་བྱ༔ ཁྱད་པར་སྨན་འབྲུའི་མཎྜལ་འབུལ༔ ཞེས་བརྗོད༔ ཚོགས་འཁོར་བསྐོར༔ ལྷག་ཆད་ཁ་བསྐང་༔ བསྔོ་བས་རྒྱས་གདབ༔ སྨོན་ལམ་བྱ༔ བཀྲ་ཤིས་བརྗོད༔ དམིགས་མེད་ངང་ལ་ཀློད་ལ་བཞག་གོ༔ དེ་ལྟར་ཡང་རྒྱུད་ལས༔ ཚོགས་འཁོར་དགའ་སྟོན་བཀྲ་ཤིས་བརྗོད༔ བསྔོ་བས་རྒྱས་གདབ་དམིགས་མེད་བཞག༔ ཅེས་སོ༔ ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་ལས༔ དབང་བཞི་འཕྲད་ཚད་རང་གྲོལ་གྱི༔ སྤྲོས་བཅས་བུམ་དབང་ཆེན་མོ་བསྐུར་བའི་ལེའུ་སྟེ་དང་པོའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ སོ་ཕག༔ མནྡྲ་གུ་ཧྱ༔ གྲུབ་ཐོབ་ཀརྨ་གླིང་པས་སྒམ་པོ་གདར་གྱི་རི་བོའི་གཏེར་གནས་ནས་གདན་དྲངས་པའོ། །ཨུ་དུམ་ཝ་རའི་མེ་ཏོག་ལྟར་ཤིན་ཏུ་དཀོན་པའི་ཆོས་སོ། །དགེའོ།། །།

དབང་བཞི་འཕྲད་ཚད་རང་གྲོལ་གྱི་གསང་བའི་དབང་བདེ་ཆེན་རང་གྲོལ།

༁ྃ༔ ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་ལས་དབང་བཞི་འཕྲད་ཚད་རང་གྲོལ་གྱི་གསང་བའི་དབང་བདེ་ཆེན་རང་གྲོལ་བཞུགས་སོ༔

དབང་གོང་མ་ཟབ་གསུམ་དང་ཁྱད་པར་ཅན།

༁ྃ༔ དེ་ནས་དུས་ནི་ནམ་ཕྱེད་ཀྱི་ཚེ་ན༔ དཀྱིལ་འཁོར་ལྷོ་སྒོར་བླ་མ་བྱོན་ནས༔ བདུད་རྩི་བྱུགས་སྤེལ་ཚར་བ་དང་༔ སློབ་མ་སྤྲོས་པ་ལ་དགའ་ན༔ དབང་བཞི་སྤྱིའི་སྔོན་འགྲོ་བཏང་ལ༔ མཎྜལ་འབུལ༔ ཚོགས་འཁོར་བསྐོར་ལ༔ ཡང་༔ ཀྱེ་ཧོ་བླ་མ་འགྲོ་བའི་མགོན༔ བདག་ཅག་སྐལ་ལྡན་བུ་སློབ་ལ༔ དཀྱིལ་འཁོར་ཆེན་པོའི་ལྷོ་ཕྱོགས་སུ༔ གསང་བའི་དབང་མཆོག་བསྐུར་དུ་གསོལ༔ ཞེས་ལན་གསུམ་ཞུའོ༔ དེར་བླ་མས༔ ཚུར་ཤོག་ཚུར་ཤོག་རིགས་ཀྱི་བུ༔ ད་ནི་བདག་གིས་ཁྱོད་སྨིན་བྱ༔ ཞེས་བརྗོད་ལཿབླ་མ་ཡབ་ཡུམ་སྦྱོར་བ་མཛད་པའི་བྱང་སེམས་དཀར་དམར་མེ་ལོང་ཡུ་བ་ཅན་གྱིས་བཟུང་ལ༔ ཐོད་པ་ལྔའི་ནང་དུ་བླུག༔ དབུས་ཀྱི་ཐོད་པ་དེ་ཡུམ་གྱིས་ཐོགས་ལ་སྙིང་གར་བཞག༔ ཡབ་ཀྱིས་བདུད་རྩི་ལྕེ་ལ་བྱིན༔ ཧོ༔ ཉོན་ཅིག་སྐལ་ལྡན་རིགས་ཀྱི་བུ༔ ཁྱོད་ཀྱི་སྙིང་གའི་འཁོར་ལོ་འདི༔ ཐིག་ལེ་བདེ་སྟོང་དབྱེར་མེད་གནས༔ བདག་ལུས་དག་པ་རྟེན་གྱིས་སྦྱང་༔ གྲགས་སྟོང་སྔགས་ཀྱི་དབང་ཐོབ་ཤོག༔ བོ་དྷི་ཙིཏྟ་ཨ་བྷི་ཥིཉྩ་སརྦ་ཨ་མྲྀ་ཏ་ༀ༔ ཤར་གྱི་ཐོད་པ་སྤྱི་གཙུག་ཏུ་བཞག་ལ༔ ངག་ཏུ་བླུད་ཅིང་༔ ཧོཿཉོན་ཅིག་སྐལ་ལྡན་རིགས་ཀྱི་བུ༔ ཁྱོད་ཀྱི་སྤྱི་བོའི་འཁོར་ལོ་འདི༔ ཐིག་ལེ་བདེ་སྟོང་དབྱེར་མེད་གནས༔ བདག་ལུས་དག་པ་རྟེན་གྱིས་སྦྱང་༔ གྲགས་སྟོང་སྔགས་ཀྱི་དབང་ཐོབ་ཤོག༔ བོ་དྷི་ཙིཏྟ་ཨ་བྷི་ཥིཉྩ་སརྦ་ཨ་མྲྀ་ཏ་ༀ༔ ལྷོའི་ཐོད་པ་དེ་མགྲིན་པར་བཞག་ལ༔ ངག་ཏུ་བླུད་ཅིང་༔ ཧོ༔ ཉོན་ཅིག་སྐལ་ལྡན་རིགས་ཀྱི་བུ༔ ཁྱོད་ཀྱི་མགྲིན་པའི་འཁོར་ལོ་འདི༔ ཐིག་ལེ་བདེ་སྟོང་དབྱེར་མེད་གནས༔ བདག་ལུས་དག་པ་རྟེན་གྱིས་སྦྱང་༔ གྲགས་སྟོང་སྔགས་ཀྱི་དབང་ཐོབ་ཤོག༔ བོ་དྷི་ཙིཏྟ་ཨ་བྷི་ཥིཉྩ་སརྦ་ཨ་མྲྀ་ཏ་ༀ༔ ནུབ་ཀྱི་ཐོད་པ་ལྟེ་བར་བཞག་ལ༔ ངག་ཏུ་བླུད་ལ༔ ཧོ༔ ཉོན་ཅིག་སྐལ་ལྡན་རིགས་ཀྱི་བུ༔ ཁྱོད་ཀྱི་ལྟེ་བའི་འཁོར་ལོ་འདི༔ ཐིག་ལེ་བདེ་སྟོང་དབྱེར་མེད་གནས༔ བདག་ལུས་དག་ལ་རྟེན་གྱིས་སྦྱང་༔ གྲགས་སྟོང་སྔགས་ཀྱི་དབང་ཐོབ་ཤོག༔ བོ་དྷི་ཙིཏྟ་ཨ་བྷི་ཥིཉྩ་སརྦ་ཨ་མྲྀ་ཏ་ༀ༔ བྱང་གི་ཐོད་པ་དེ་གསང་བར་བཞག་ལ༔ ངག་ཏུ་བླུད་ལ༔ ཧོ༔ ཉོན་ཅིག་སྐལ་ལྡན་རིགས་ཀྱི་བུ༔ ཁྱོད་ཀྱི་གསང་བའི་འཁོར་ལོ་འདི༔ ཐིག་ལེ་བདེ་སྟོང་དབྱེར་མེད་གནས༔ བདག་ལུས་དག་པ་རྟེན་གྱིས་སྦྱང་༔ གྲགས་སྟོང་སྔགས་ཀྱི་དབང་ཐོབ་ཤོག༔ བྷོ་དྷི་ཙིཏྟ་ཨ་བྷི་ཥིཉྩ་སརྦ་ཨ་མྲྀ་ཏ་ༀ༔ དེ་ནས་ཐོད་པ་ཐམས་ཅད་དབུས་སུ་དྲིལ་ལ་ངག་ཏུ་བླུད་ལ༔ ཧོ༔ ཐོད་པ་མཚན་ལྡན་ཀ་པ་ལ༔ བདུད་རྩི་ཡེ་ཤེས་ལྔ་ལྡན་བཅུད༔ སྐལ་ལྡན་བུ་ཡི་ངག་ཏུ་བླུད༔ རྩ་གསུམ་འཁོར་ལོ་ལྔ་ལྡན་ནས༔ ཐིག་ལེ་རང་དབང་ཐོབ་པ་དང་༔ ཐོག་མེད་བདེ་ཆེན་མཐར་ཕྱིན་ཤོག༔ བོ་དྷི་ཙིཏྟ་ཨ་བྷི་ཥིཉྩ་སརྦ་ཨ་མྲྀ་ཏ་ༀ༔ འོ་བུ་ཁྱོད་ཀྱི་ཁོང་པར་ཤ་ལྔ་སོང་བ་ལ་བརྟེན་ནས༔ གསང་སྔགས་ཕྱིའི་རྟོག་པ་ཐམས་ཅད་འཁྲུངས་པར་གྱུར་ཅིག༔ བུ་ཁྱོད་ཀྱི་ལྟེ་བར་བདུད་རྩི་ལྔ་སོང་བ་ལ་བརྟེན་ནས༔ གསང་སྔགས་ནང་གི་རྟོགས་པ་ཐམས་ཅད་འཁྲུངས་པར་གྱུར་ཅིག༔ བུ་ཁྱོད་ཀྱི་མགྲིན་པར་ཨ་མྲྀ་ཏ་སོང་བ་ལ་བརྟེན་ནས༔ འཁོར་འདས་དབྱེར་མེད་ཀྱི་རྟོགས་པ་འཆར་བར་གྱུར་ཅིག༔ བུ་ཁྱོད་ཀྱི་ལྟེ་བར་འབྲུ་ཆང་དང་སྦྲང་ཆང་སོང་བ་ལ་བརྟེན་ནས༔ རྩ་མིག་ཐམས་ཅད་རང་གྲོལ་ནས་ཆོས་སྒོ་དཔག་ཏུ་མེད་པ་རང་འབྱེད་པ་འདི་ཐོབ་པར་གྱུར་ཅིག༔ བུ་ཁྱོད་ལ་ཐོད་པས་དབང་བསྐུར་བ་ལ་བརྟེན་ནས༔ ཐེག་པ་ཆེན་པོ་གོང་ན་མེད་པའི་སྣོད་དུ་རུང་བར་གྱུར་ཅིག༔ དུས་དེ་རིང་ནས་བཟུང་སྟེ༔ ཟས་ལ་གཙང་སྨེ་མེད་དོ༔ སྣོད་ལ་གདམ་ག་མེད་དོ༔ དུས་ལ་སྔ་ཕྱི་མེད་དོ༔ ཞིམ་མངར་དང་འབག་བཙོག་མེད་དོ༔ གསང་སྔགས་ཐམས་ཅད་ཀྱི་རྒྱལ་པོ་ཉོན་མོངས་པ་མ་སྤངས་རང་གྲོལ་དུ་རོལ་པ་གྲོགས་སུ་ཁྱེར་བར་མཛོད་ཅིག༔ ཅེས་པས་ཡུམ་གཅིག་བྱིན༔ བྷ་ག་རྡོ་རྗེ་ཉི་མའི་སྣ་བགག༔ རང་ལུས་མཐར་མ་ཕྱིན་གྱི་བར་སྒོམ་དུ་གཞུག་གོ༔ དེ་ལྟར་ཡང་རྒྱུད་ལས་ཀྱང་༔ ཐོད་པ་བདུད་རྩི་ལག་ཏུ་ཐོགས༔ ངག་ཏུ་བྱིན་ལ་སྔགས་ཚིག་བརྗོད༔ ཁྱད་པར་བདག་ལུས་སྦྱང་དུ་གཞུག༔ ཅེས་གསུངས་སོ༔ དེ་ནས་བཀྲ་ཤིས་བརྗོད༔ མེ་ཏོག་གཏོར༔ དེ་ནས་རྗེས་ཀྱི་བྱ་བ་རྣམས་བྱའོ༔ ཡང་སློབ་མསཿསྐྱེམས་དྲངས་ལ་འདི་སྐད་ཞུ༔ ཀྱེ་ཧོ་བླ་མ་རྡོ་རྗེ་འཛིན༔ དེ་ལྟར་དབང་བསྐུར་ཡོན་ཏན་གང་༔ བདག་ལ་གསལ་བར་བསྟན་དུ་གསོལ༔ ཞེས་པ་དང་༔ བླ་མས༔ ཧོ༔ སྐལ་ལྡན་བུ་རྣམས་ཚུར་ཉོན་དང་༔ དབང་འདི་བསྐུར་བའི་ཡོན་ཏན་ནི༔ ངག་གི་སྒྲིབ་པ་སྦྱང་བ་དང་༔ ངག་ལ་ནུས་པ་འབར་བ་དང་༔ དམ་ཚིག་ངག་གིས་བསྲུང་བ་དང་༔ ཤ་ལྔ་བདུད་རྩི་བརྟེན་དུ་རུང་༔ རྗེས་སུ་བསྐྱེད་རྫོགས་བཟླས་པར་དབང་༔ ས་ཡང་དགུ་པ་མན་ཆད་གནོན༔ ཕྲིན་ལས་དབང་གི་ལས་ཀུན་འགྲུབ༔ འབྲས་བུ་ལོངས་སྤྱོད་རྫོགས་སྐུ་ཐོབ༔ དེ་ནས་བླ་མ་ཡོན་གྱིས་མཉེས་པར་བྱ་ཞིང་༔ ཁྱད་པར་བུ་དང་ཆུང་མ་ནོར་གྱི་དབྱིག་འབུལ་དགོས་ཏེ༔ རྒྱུད་ལས༔ བླ་མ་ཡོན་གྱིས་མཉེས་པར་བྱ༔ ཁྱད་པར་བུ་ཆུང་ནོར་དབྱིག་འབུལ༔ ཞེས་གསུངས་སོ༔ དེ་ནས་ཚོགས་འཁོར་བསྐོར༔ དགའ་སྟོན་བྱ༔ བཀྲ་ཤིས་བརྗོད༔ བསྔོ་བ་སྨོན་ལམ་གདབ༔ དམིགས་མེད་ཀྱི་ངང་དུ་བཞག་གོ༔ རྒྱུད་ལས༔ གཏོར་ཚོགས་དགའ་སྟོན་བཀྲ་ཤིས་བརྗོད༔ བསྔོ་བའི་རྒྱས་གདབ་དམིགས་མེད་བཞག༔ ཅེས་གསུངས་སོ༔ གསང་དབང་བསྐུར་བའི་ལེའུ་སྟེ་གཉིས་པའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱཿསྦས་རྒྱ༔ ཟབ་རྒྱ༔ བཀའ་རྒྱ༔

དེ་ནས་རང་སེམས་སྨིན་པར་བྱེད་པ་ལ་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བ་ནི༔ རྒྱུད་ལས༔ དེ་ལྟར་ངག་ཉིད་སྨིན་པ་དང་༔ སེམས་སྨིན་ཤེས་རབ་ཡེ་ཤེས་དབང་༔ སྐལ་ལྡན་རྣམས་ལ་བསྐུར་བར་བྱ༔ དེ་ཡང་དུས་ནི་སྲོད་འཇིང་ཡོལ་བའམ༔ ཐོ་རེངས་ཐིག་ལེ་རྒྱས་པའི་ཚེ༔ དཀྱིལ་འཁོར་ཆེན་པོའི་ནུབ་སྒོ་རུ༔ གོང་གི་སྔོན་འགྲོ་ཚར་བ་དང་༔ ཞེས་གསུངས་པས༔ དུས་སྲོད་འཇིང་ཡོལ་ལམ་ཐོ་རེངས་ཀྱི་དུས་སུ༔ དཀྱིལ་འཁོར་གྱི་ནུབ་སྒོར་བླ་མ་བྱོན་ནས༔ སློབ་མ་སྤྲོས་པ་ལ་དགའ་ན༔ གོང་བཞིན་དབང་གི་སྔོན་འགྲོ་རྣམས་བཏང་༔ སྤྲོས་པ་ལ་མི་དགའ་ན་མི་དགོས་སོ༔ བར་དེར་ཚོགས་བརྒྱ་རྩ་བརྒྱད་རྐང་གྲངས་ཐེམ་པར་བསྐོར་ལ༔ མཎྜལ་ཕུལ༔ ཁྱད་པར་སློབ་བུ་ལ་དབང་རྟེན་ཕྱག་རྒྱ་བཞི༔ བླ་མའི་གསང་ཡུམ་གཅིག་དང་ལྔ་འབུལ་ཞིང་༔ ལག་ཏུ་ཁྲིད་ནས་འདི་སྐད་ཞུ༔ ཀྱེ་ཧོ་བླ་མ་འགྲོ་བའི་མགོན༔ ཐུགས་རྗེའི་བརྩེ་བས་ཤེར་དབང་ཞུ༔ བདག་གི་ཤེས་རབ་རིག་མ་རྣམས༔ རྡོ་རྗེ་རིགས་ནི་དཀར་ལ་དྭངས༔ རིན་ཆེན་རིགས་ནི་སེར་ལ་འཇམ༔ པདྨའི་རིགས་ནི་དམར་ལ་འཁྲིལ༔ ལས་ཀྱི་རིགས་ནི་སྔོ་ལ་མཛེས༔ བདེ་གཤེགས་རིགས་ནི་དགོས་འདོད་འབྱུང་༔ སྐད་སྙན་སྤྱོད་ཞིང་བྷ་ག་དམ༔ བློ་ཆེ་དད་ཆེ་བདེ་བ་སྐྱེ༔ འདི་འབུལ་བཞེས་ལ་བདག་རྒྱུད་གྲོལ༔ ཞེས་པ་དང་༔ ཡང་བླ་མས༔ བུ་ཁྱོད་ཚུར་ཤོག་བདག་གིས་སྦྱིན༔ འདི་ལྟ་བུ་ཡི་དབང་མཆོག་ནི༔ བདག་མིན་གཞན་གྱིས་བསྐུར་བ་མིན༔ ཞེས་བརྗོད་ལ༔ ཕྱག་རྒྱ་ལྔ་པོ་བཞེས་ལ་རིགས་ཀྱི་གཙོ་བྱས་ལ་རྒྱན་བཏགས༔ དཀྱིལ་འཁོར་གྱི་ཕྱོགས་བཞིའམ་ནུབ་ཀྱི་པད་འདབ་ལ་བཞི་ལ་བཞག༔ བདེ་གཤེགས་རིགས་ནི་བླ་མའི་གཡོན་དུ་བཞག་གོ༔ བར་དེར་བླ་མ་བརྒྱུད་པའི་ཆེ་བ་བཤད༔ གསོལ་བ་གདབ༔ མོས་གུས་ཀྱི་མཆི་མ་ཕྲམ་དུ་གཞུག་གོ༔ དེ་ནས་ཡང་རྒྱུད་ལས༔ མཎྜལ་ཚོགས་འཁོར་གྲངས་མེད་བསྐོར༔ བརྒྱུད་པའི་བབས་དང་ཆེ་བ་བཤད༔ མོས་གུས་དྲག་པོས་གསོལ་བ་གདབ༔ ཁྲུས་བྱས་རྒྱན་བཏགས་ཕྱག་རྒྱ་རྣམས༔ དཀྱིལ་འཁོར་རྣམ་བཞག་རིགས་ཉམས་གསོ༔ ཞེས་གསུངས་སོ༔ དེ་ནས་སློབ་བུ་ཚོགས་ཁང་གི་ནང་ནས་ཕྱིར་ཁྲིད་ལ་ཁྲུས་བྱ༔ གདོང་གཡོགས་དར་སྒྲིལ་བྱས་ལ༔ རྒྱབ་ཏུ་ལ་དམ་བསྣོལ་མ་རེ་བརྒྱབ༔ ནང་དུ་བླ་མས་ཕྱག་རྒྱ་རྣམས་ལ་དམ་ཁ་བསྣོལ་མ་རེ་བརྒྱབ་ལ་བཞག་གོ༔ དེ་ནས་ལས་ཀྱི་སློབ་དཔོན་དང་ཕྱག་རྒྱ་སྦྲེལ་ལ༔ དཀྱིལ་འཁོར་ལ་བསྐོར་བ་ལན་གསུམ་བྱའོ༔ དེར་བླ་མ་ཡབ་ཡུམ་རྒྱན་དང་བཅས༔ དམིགས་པ་གསལ༔ ཀུན་གྱི་ལག་ཏུ་ཌཱ་དྲིལ་གཏད་ལ༔ གོས་ཕུད༔ འཁྲབས་པ་དང་༔ ལྡིང་བ་དང་༔ ཉམས་བསྐྱང་ཞིང་བྱིན་དབབ༔ དྲི་ཞིམ་སྤོས་བདུག༔ ཡབ་རྟ་ཕག་ཡབ་ཡུམ་སྒོམས་ཤིག༔ ཅེས་གནང་བ་སྦྱིན༔ དེ་ནས་བྱིན་ཕེབས་པ་དང་༔ བཀའ་སྲུང་དཔང་དུ་བཙུགས་ལ༔ ངའི་དབང་འདི་གསང་སྔགས་ཀྱི་ནང་ནས་ཡང་ཆེས་གསང་བ་ཚོགས་གཉིས་བསགས་པ་རེ་རེ་ཙམ་གྱི་དབང་སྐལ་ཡིན་པས༔ ཚོགས་ཁང་འདིའི་ནང་ནས་ཕྱིར་ཐོན་ནས༔ རང་རེ་དམ་ཚིག་ཅན་འདི་རྣམས་མ་གཏོགས་པ༔ ཕ་དང་མ་ལ་སོགས་པ་ལ་ཡང་མི་བཤད་དེ༔ འདིར་བློ་ཆེ་དགོས་པས་ད་རུང་བློར་མི་ཤོངས་པ་རྣམས་ཕྱིར་དེངས་ཤིག༔ ཅེས་པ་ལ་སོགས་པ་མནའ་ཐེམ་བདུན་བདུན་བགག༔ ཆོས་སྐྱོང་བསྐུལ༔ དཔང་པོ་བཅོལ༔ དམ་བདར༔ ལག་མཛུབ་སྦྲེལ་དུ་བཅུག་ལ༔ ཀ་པཱ་ལ་རེ་རེར་བདུད་རྩི་ལྔ་བཏབ་པའི་ཆང་རེ་བྱིན་ལ༔ བླ་མས་ཡེ་ཤེས་སེམས་དཔའ་རེ་རེ་གཞུག༔ བློའི་དཔའ་བསྐྱེད༔ ཨུ་རྒྱན་གྱི་ཡུལ་དུ་དོ་ནུབ་ནས་སླེབ་བོ༔ བདེ་བ་ཅན་དུ་དེ་རིང་ནས་སླེབ་བོ༔ ཟངས་མདོག་དཔལ་རི་ན་དེ་རིང་ནས་སླེབ་བོ༔ ཞེས་པས་སྤྲོ་བ་བསྐྱེད་དོ༔ དེ་ནས་ངག་བཅད༔ བསྣོལ་མ་ཡིན་ཏེ་ལུས་ཀྱི་རྒྱན་རྣམས་བཀྲོལ་ལ་བཞག༔ དེ་ནས་དང་པོ་ཤར་གྱི་ཕྱག་རྒྱ་སློབ་མའི་ལག་ཏུ་གཏད་ལ༔ ཧོ༔ སྐལ་ལྡན་རིགས་ཀྱི་བུ་མཆོག་ཁྱོད༔ འདི་ནི་རྡོ་རྗེ་མཁའ་འགྲོ་ཡིན༔ ཞེ་སྡང་རང་གྲོལ་མེ་ལོང་ངང་༔ བྷ་ག་ཡངས་པ་འདི་སྤྱོད་ཅིག༔ ལྷོའི་དེ་ལག་ཏུ་གཏད་ལ༔ ཧོ༔ སྐལ་ལྡན་རིགས་ཀྱི་བུ་མཆོག་ཁྱོད༔ འདི་ནི་རིན་ཆེན་མཁའ་འགྲོ་ཡིན༔ ང་རྒྱལ་རང་གྲོལ་མཉམ་ཉིད་ངང་༔ བྷ་ག་ཡངས་པ་འདི་སྤྱོད་ཅིག༔ ནུབ་ཀྱི་དེ་ལག་ཏུ་གཏད་ལ༔ ཧོ༔ སྐལ་ལྡན་རིགས་ཀྱི་བུ་མཆོག་ཁྱོད༔ འདི་ནི་པདྨ་མཁའ་འགྲོ་ཡིན༔ འདོད་ཆགས་རང་གྲོལ་སོར་རྟོག་ངང་༔ བྷ་ག་ཡངས་པ་འདི་སྤྱོད་ཅིག༔ བྱང་གི་དེ་ལག་ཏུ་གཏད་ལ༔ ཧོ༔ སྐལ་ལྡན་རིགས་ཀྱི་བུ་མཆོག་ཁྱོད༔ འདི་ནི་ཀརྨ་མཁའ་འགྲོ་ཡིན༔ ཕྲག་དོག་རང་གྲོལ་བྱ་གྲུབ་ངང་༔ བྷ་ག་ཡངས་པ་འདི་སྤྱོད་ཅིག༔ དེ་ནས་དབུས་ཀྱི་བདེ་གཤེགས་དེ་སློབ་བུའི་ལག་ཏུ་གཏད་ལ༔ ཧོ༔ བདེ་ལ་སེམས་བཟུང་སྟོང་ལ་སྦྱངས༔ འབེབས་བཟུང་འདྲེན་དགྲམ་བཞི་པོ་བསྣུན༔ འདི་ཉིད་བདེ་ཆེན་བླ་མེད་མཆོག༔ ཕྲིན་ལས་འབྲས་བུ་ཨ་ལ་ལ༔ ཞེས་བརྗོད་ལ༔ དེ་ནས་ཡང་ཕྱག་རྒྱ་ལྔ་པོ་ལག་ཏུ་གཏད་ལ༔ བྷ་ག་ལ་རྡོ་རྗེ་དར་གྱི་པ་ཏྲ་རེ་བྱེད་ཅིང་སློབ་བུ་ལ་རྡོ་རྗེ་དྲིལ་བུ་རེ་རེ་གཏད་ལ༔ ཧཱུྃ༔ ཉོན་ཅིག་རྡོ་རྗེ་རྡོ་རྗེ་ཆེ༔ པདྨ་འདབ་བཞི་ཟེའུ་འབྲུ་ཅན༔ འདི་ཡང་ཡུམ་གྱི་སྤེལ་བ་མེད༔ སྔར་སངས་རྒྱས་ཀུན་འདི་ལས་བྱུང་༔ ད་ལྟའི་སངས་རྒྱས་འདི་ལ་བཞུགས༔ བུད་མེད་བརྙས་ཤིང་མཁའ་ལ་གཤེ༔ བདེ་བ་མེད་ཅིང་སྡུག་བསྔལ་ཆེ༔ རྟག་ཏུ་མུན་གླིང་ནང་དུ་འཁྱམས༔ དེ་བས་འདི་ལ་གུས་པས་མཆོད༔ ཐིག་ལེ་དག་ནི་སྲན་འབྲུ་ཙམ༔ པདྨར་བླུགས་ན་དམ་ཚིག་ཉམས༔ དེས་ན་མཚོ་རྒྱལ་གདམས་པ་ལོངས༔ ཞེས་བརྗོད་ལ༔ གཅིག་གིས་གཅིག་ངོ་མི་ཤེས་པར་བྱས་ལ༔ སློབ་བུ་བཞི་ལ་ཕྱག་རྒྱ་གཏད༔ བདེ་གཤེགས་རིགས་དང་བླ་མ་ཡབ་ཡུམ་སྦྱོར༔ རབ་སློབ་བུས་ལྕེས་བདུད་རྩི་བླངས༔ འབྲིང་མེ་ལོང་ཡུ་བ་ཅན་གྱིས་བླངས་ལ༔ སློབ་བུ་ཡབ་ཡུམ་པདྨར་རྡོ་རྗེ་བཅུག་ཅིང་མི་སྤྱོད་པར༔ བླ་མ་ཡབ་ཡུམ་གྱིས་སྐལ་ལྡན་བུ་ལ་བདུད་རྐན་ཕུག་བདུད་རྩིའི་སྤང་བསྐྱལ་ལ་བཾ་ཧཱུྃ་བསྒོམརྩིའི་དབང་བསྐུར་བས༔ སློབ་བུའི་ལུས་བདུད་རྩིས་ཁེངས་པ་ཞོ་རྐྱལ་ལྟ་བུ་ཟག་མེད་ཡེ་ཤེས་ཀྱི་གོང་བུ་ཅིག་ཏུ་སོང་བར་བསམས་ལ༔ སློབ་བུ་ལ་རྟ་ཕག་ཡབ་ཡུམ་གྱི་དམིགས་པ་ཕོག༔ བྷ་ག་པདྨ་སྲིད་མེས་རྡོ་རྗེར་བྱིན་གྱིས་བརླབ་བོ༔

དགའ་བ་བཞི་ངོས་འཛིན་དུ་འཇུག༔ དེ་ནས་བླ་མས་འདི་སྐད་ཅེས་ངོ་སྤྲོད་གདབ་བོ༔ ཨེ་མ་རིགས་ཀྱི་བུ་ཁྱོད་ཉོན༔ ཡབ་ཡུམ་གཉིས་མེད་འཁྲིལ་སྦྱོར་ལས༔ འོ་བྱས་ལག་འཁྱུད་ནུ་མ་འཕུར༔ ལྕེ་འཇིབ་ཁ་རུ་བུ་རམ་མུར༔ རྡོ་རྗེས་ཉུག་ཉུག་དམ་དུ་འཁྱུད༔ ངག་ཏུ་འཁུན་ཕྱུང་ཤི་སྐད་འདོན༔ དེ་ཡིས་ཡབ་ཡུམ་བདེ་བ་འཕེལ༔ སེམས་གཡོ་མདོག་འགྱུར་འདོད་ཆགས་སྐྱེ༔ དེ་དུས་ཡབ་ཡུམ་ལྷ་ཡི་སྐུ༔ རྟ་ཕག་གཉིས་པོ་གསལ་བ་ཡི༔ སྤྱི་བོར་ཨུ་རྒྱན་ཡབ་ཡུམ་བསྒོམ༔ གནས་ལྔ་འཁོར་ལོ་ལྔ་པོ་ལ༔ མཁའ་འགྲོ་ཡབ་ཡུམ་བཅུ་པོ་བསྒོམ༔ རྩ་གསུམ་ཡི་དམ་གང་མོས་སུ༔ བསྒོམ་ཡང་དེ་ཉིད་འགལ་བ་མེད༔ དེ་ཡི་ངང་ལ་སྤྱད་གྱུར་ཀྱང་༔ ཐ་མལ་པ་རུ་མི་འགྱུར་ཏེ༔ རིགས་རྒྱུད་འཕེལ་ཞིང་སྤྲུལ་སྐུ་ཐོབ༔ འདི་ཡི་ཡོན་ཏན་བརྗོད་ལས་འདས༔ གསང་སྔགས་ཕྱི་ནང་གསང་གསུམ་དང་༔ ཐེག་རིམ་དགུ་ཡི་ཆོས་རྣམས་ཀུན༔ ཐམས་ཅད་མ་ལུས་ཐུན་གཅིག་གིས༔ ཡབ་ཡུམ་སྦྱོར་བ་དག་ལ་འདུས༔ ལྷ་སྐུ་གང་གསལ་བྱ་བའི་རྒྱུད༔ གཅིག་ལ་གཅིག་དགའ་སྤྱོད་པའི་རྒྱུད༔ གཅེར་ཉལ་བྱེད་པ་རྣལ་འབྱོར་རྒྱུད༔ སྦྱོར་བ་བྱེད་པ་བླ་མེད་རྒྱུད༔ བདེ་སྟོང་ཉམས་ཤར་མ་ཡི་རྒྱུད༔ ཐིག་ལེ་ཡར་འདྲེན་ཕ་ཡི་རྒྱུད༔ རྒྱུད་སྡེ་དྲུག་པོ་འདི་ལ་ཚང་༔ ཡི་དམ་ལྷ་ཚོགས་གསལ་བས་ན༔ སྤྱོད་པ་མཆོད་པར་སྤྱོད་པ་ཡིན༔ སྦྱོར་བ་བདེ་བར་སྦྱོར་བ་ཡིན༔ སེམས་ཉིད་བླ་མེད་ངང་དུ་བཞག༔ འབྲས་བུ་སྣང་སྟོང་གཉིས་མེད་པས༔ སྐུ་གསུམ་སྐད་ཅིག་ཉིད་ལ་ཐོབ༔ སྤྱིར་ནི་འདི་ཉིད་ཉམས་ལེན་ན༔ ཁེ་ཉེན་ཤིན་ཏུ་ཆེ་བ་ཡིན༔ སྙིང་རུས་ཅན་གྱི་གང་ཟག་ནི༔ ཆགས་ཅན་དད་ཅན་བརྩོན་འགྲུས་ཅན༔ བློ་ཆེན་བསོད་ནམས་ཅན་གཅིག་ནི༔ འདི་དང་འཕྲད་པས་བདེ་ཆེན་འཐོབ༔ གནས་སྐབས་ཚེ་རིང་ལོངས་སྤྱོད་རྒྱས༔ སྙན་གྲགས་ནམ་མཁའི་འབྲུག་ལྟར་འབྱིན༔ མཐར་ཐུག་སྐུ་གསུམ་ཕྱིར་མི་ལྡོག༔ ལས་རྒྱ་སྤྱོད་པའི་མན་ངག་ནི༔ རྣམ་པ་ལྔ་རུ་བཤད་པ་ཡིན༔ དང་པོ་ཐིག་ལེ་དབབ་པ་དང་༔ གཉིས་པ་ཐིག་ལེ་བསྐྱིལ་བ་དང་༔ གསུམ་པ་ཐིག་ལེ་བཟློག་པ་དང་༔ བཞི་པ་ཐིག་ལེ་བཀྲམ་པ་དང་༔ ལྔ་པ་ཐིག་ལེའི་སྐྱོན་ཡོན་བཤད༔ དང་པོ་ཐིག་ལེ་དབབ་པ་ནི༔ ཕོ་ཉ་ཐག་རིང་འཛེགས་པ་འདྲ༔ ཚད་དང་སྦྱར་བ་མཁས་པའི་གནད༔ དང་པོ་ཕྱག་རྒྱ་མཚན་ལྡན་མ༔ བདག་དང་མཉམ་དུ་སྦྱོར་བའི་ཚེ༔ རྩ་ཁམས་བ་སྤུ་ཐམས་ཅད་དུ༔ འདོད་ཆགས་བདེ་བ་གཡོ་ཞིང་དབབ༔ དེ་ཡང་ཡེ་ཤེས་རྩལ་ཡིན་ཏེ༔ ཐ་མལ་པ་ཡིས་རང་གར་བཟུང་༔ ངོ་བོ་འདོད་ཆགས་རང་ག་མ༔ དེ་ཀ་ཀ་དག་ཡེ་ཤེས་སྦྱར༔ ཡབ་ཡུམ་འདོད་ཆགས་མགོ་མ་ལ༔ དེ་གཉིས་ཐིག་ལེ་ཡིད་ཀྱིས་འཆིངས༔ ཐིག་ལེ་བསྐྱིལ་བའི་གདམས་པ་ནི༔ འོག་རླུང་ཐུབ་ཚད་ཡར་ལ་བསྡམ༔ སྟེང་རླུང་ཟིན་ཙམ་མནན་པར་བྱ༔ མིག་གཉིས་གྱེན་དུ་བསྒྲད་པར་བྱ༔ དམིགས་པ་སྤྱི་བོ་བདེ་ཆེན་ལ༔ མ་ཡེངས་གཏད་ལ་རང་སར་བཞག༔ འདོད་ཆགས་རྟོག་པ་སྤུ་ཙམ་ཡང་༔ མེད་པ་ཧད་དེ་ཕྱད་དེ་འབྱུང་༔ དེ་ཡང་མི་ཐུབ་འདྲ་བ་ན༔ རྡོ་རྗེ་རྩ་ཡི་རྩ་བོ་ཆེ༔ མཐེབ་མཛུབ་གཉིས་ཀྱིས་དམ་དུ་བཙིར༔ དེ་ཡིས་ཐེམ་བུ་བཀག་ལྟར་འོང་༔ དེ་ནས་དམིགས་མེད་དར་ཅིག་བཞག༔ དེ་ཡིས་བསྐྱིལ་བཟློག་བཀྲམ་པ་གསུམ༔ དུས་གཅིག་མཉམ་པོར་འོང་བ་སྟེ༔ ཤིན་ཏུ་ཟབ་པའི་མན་ངག་གོ༔ སྟོང་པ་སལ་ལེ་ལྷང་ངེའོ༔ འདི་ལས་ཟབ་པ་འགྱུར་རེ་ཀན༔ དེ་ནས་བདེ་བ་ཡལ་བ་ན༔ ཡང་ཅིག་རྡོ་རྗེ་པདྨར་སྦྱར༔ རང་གི་རྡོ་རྗེ་ཧཱུྃ་སྔོན་པོ༔ དེ་ཉིད་འོད་དུ་ཞུ་བ་ལས༔ ཤེལ་གྱི་རྡོ་རྗེ་རྩེ་ལྔ་པ༔ དེའི་བུ་གར་ཕཊཿསེར་བསྒོམ༔ ས་བོན་ཕཊཿཀྱིས་དགག་པར་བསམ༔ ཡུམ་གྱི་བྷ་ག་བཾ་དམར་པོ༔ དེ་ཉིད་འོད་དུ་ཞུ་བ་ལས༔ པདྨ་འདབ་མ་བཞི་པའི་དབུས༔ ཡི་གེ་ཕཊཿསྔོན་གཅིག་བསྒོམ་ལ༔ བྷ་ག་ཕཊཿཀྱིས་དགག་པར་བསམ༔ རྩ་ཁམས་བ་སྤུའི་བུ་ུག་རྣམས༔ དཔའ་བོ་དཔའ་མོ་གྲངས་མེད་བསྒོམ༔ རང་ལྟར་ཐམས་ཅད་སྦྱོར་བ་བྱེད༔ རང་ཉིད་ཇི་ལྟར་དགྱེས་པ་ལྟར༔ ལྷ་ཚོགས་གྲངས་ལས་འདས་པ་ཡང་༔ མེར་མེར་ཡམ་ཡམ་བདེ་ལྡན་པ༔ དགའ་བདེ་རབ་ཏུ་འབར་བར་བསྒོམ༔ ལྷ་ཚོགས་སྦྱོར་བའི་སྦྱོར་མཚམས་ནས༔ དྭངས་མ་དཀར་དམར་བདུད་རྩི་བབས༔ རང་ལུས་ཐམས་ཅད་བདུད་རྩིས་ཁེངས༔ རྐྱལ་པ་ཞོ་ཡིས་གང་བ་ལྟར༔ དྭངས་མས་ལྟེམ་གྱིས་གང་བར་བསམ༔ བསྒུལ་དུས་བསྒོམ་བསྐྱེད་མི་ཟིན་པས༔ མི་བསྒུལ་ལྷན་ནེ་བཞག་ལ་བསྒོམ༔ འདོད་ཆགས་མེད་ན་མི་བསྒོམ་བསྒུལ༔ བདེ་བ་མེད་ན་དྲག་ཏུ་སྤྱོད༔ འདོད་ཆགས་རྒྱས་ན་དམིགས་མེད་བསྒོམ༔ གསང་དབང་ཤེས་རབ་ཡེ་ཤེས་ཀྱི༔ རང་རྩལ་འདོད་ཆགས་ངོ་སྤྲོད་པས༔ གདམས་པ་ཕྱག་རྒྱ་ལམ་ཁྱེར་ཡིན༔ སྐལ་ལྡན་རྣམས་གྱིས་དེ་ལྟར་སྤྱོད༔ ཅེས་བརྗོད་པས༔ ཐིག་ལེ་དབབ་ཏུ་བཅུག༔

བུར་ཆང་ཞིམ་པོ་ཐོད་ཕོར་རེ་བླུད་ལ་འདི་སྐད་དོ༔ ཧོ༔ རིགས་ཀྱི་བུ་ཁྱོད་ཉོན་ཅིག༔ དང་པོ་ཕྱག་རྒྱ་དང་སྙོམས་པར་ཞུགས་ཤིང་སྤྱོད་པས༔ སྤྱི་བོ་ནས་དྭངས་མ་གཡོས༔ མགྲིན་པར་བབས༔ ལུས་བདེ་མེར་གྱིས་འབྱུང་༔ ཡེ་ཤེས་ནི་དགའ་བའི་ཡེ་ཤེས༔ རྣམ་རྟོག་རགས་རིམ་སྤང་༔ བུམ་དབང་ཐོབ༔ འབྲས་བུ་སྤྲུལ་སྐུ་ཐོབ༔ ལུས་ཀྱི་སྒྲིབ་པ་དག༔ ཉན་རང་གི་གྲུབ་མཐའ་ལ་སྙོག༔ དེ་ནས་སྙིང་གར་སླེབ༔ དེ་བས་ཀྱང་བདེ་བ་ཆེ༔ ཡེ་ཤེས་ནི་མཆོག་དགའ༔ བདག་ཏུ་འཛིན་པའི་སྣང་བ་སྤང་༔ གསང་དབང་ཐོབ༔ འབྲས་བུ་ལོངས་སྐུ་ཐོབ༔ ངག་སྒྲིབ་དག༔ བྱང་ཆུབ་སེམས་དཔའི་གྲུབ་མཐའ་ལ་སྙོག༔ དེ་ནས་དྭངས་མ་ལྟེ་བར་སླེབ༔ ལུས་སེམས་བདེ་བ་རྒྱས་པ་འབྱུང་༔ ཡེ་ཤེས་ནི་དགའ་བྲལ་གྱི་ཡེ་ཤེས༔ དེར་ཕྱག་རྒྱ་འཛིན་པའི་རྟོག་པ་སྤང་༔ ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ༔ འབྲས་བུ་ཆོས་ཀྱི་སྐུ་ཐོབ༔ ཡིད་ཀྱི་སྒྲིབ་པ་དག༔ གསང་སྔགས་གྲུབ་མཐའ་ལ་སྙོག༔ དེ་ནས་དྭངས་མ་གསང་གནས་སུ་སླེབ་པས༔ བདེ་བ་ལ་རྟོག་པ་མེད་པ་ཅིག་འབྱུང་༔ ཡེ་ཤེས་ནི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཏེ༔ དགའ་བ་གསུམ་དུ་འཛིན་པའི་རྟོག་པ་མཐའ་དག་སྤང་༔ ཚིག་དབང་རིན་པོ་ཆེ་ཐོབ༔ འབྲས་བུ་སྐུ་བཞི་ཐོབ༔ ཤེས་བྱའི་སྒྲིབ་པ་དག༔ གསང་བ་བླ་ན་མེད་པའི་གྲུབ་མཐའ་ལ་སྙེག་གོ༔ དེ་ལམ་ལྔ་དང་སྦྱར་ན༔ སེམས་བསྐྱེད་པའི་རྩལ༔ ཡབ་ཡུམ་ལྷ་སྐུར་བསྐྱེད་པས་ཚོགས་ལམ༔ ཡབ་ཡུམ་ཟག་མེད་དུ་སྦྱོར་བས་སྦྱོར་ལམ༔ དགའ་བའི་ཡེ་ཤེས་གཅིག་གིས་གཅིག་ལ་མཐོང་བས་མཐོང་ལམ༔ དེའི་རྗེས་ཤེས་བདེ་སྟོང་དྲན་སྟོང་དུ་རྒྱུན་དུ་མ་ཡེངས་པར་བསྒོམ་པ་ནི་བསྒོམ་ལམ༔ དེའི་སྟེང་དུ་ཡེ་ཤེས་མངོན་དུ་གྱུར་པས༔ སངས་རྒྱས་ལའང་ལམ་དེ་ལས་ལྷག་པ་མེད་པས་མཐར་ཕྱིན་པའི་ལམ་མོ༔ དེ་ལ་ཕ་རོལ་ཏུ་ཕྱིན་པ་དྲུག་དང་སྦྱར་ནས་ངོ་སྤྲད་ན༔ ཡབ་ཡུམ་ལྷ་སྐུར་བསྐྱེད་པས་ཚོགས་རྫོགས་པའི་ཕྱིར༔ སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ༔ སྦྱོར་བ་བྱེད་ཚེ་ཡབ་ཡུམ་གཉིས་ཀ་ལ་ལེ་ལོ་མེད་ཅིང་༔ སྒོ་གསུམ་གཅིག་ཏུ་དྲིལ་བས་ན༔ བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའོ༔ བདེ་སྟོང་དེ་ལ་སེམས་གནས་པའི་ཚེ༔ རྣམ་གཡེང་རྣམ་རྟོག་སེམས་འགག་པས༔ བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའོ༔ སྦྱོར་བ་བྱས་ཀྱང་ཐིག་ལེ་མཉམ་པོར་གོང་དུ་འཕེལ་ཞིང་ལུས་ངག་ཡིད་གསུམ་མི་དགེ་བ་དང་བྲལ་བས༔ ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའོ༔ སྣང་བ་དེ་བདེ་བར་ཤར་བ་དེ་ཟུག་རྔུ་གང་གིས་ཀྱང་མི་ཤིགས་པས༔ བཟོད་པའི་ཕ་རོལ་ཏུ་ཕྱིན་པའོ༔ བདེ་སྟོང་མཐར་ཕྱིན་པས་འཁོར་འདས་ཀྱི་སྣང་ཚད་ཐམས་ཅད་རིག་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ༔ ཡང་བདེ་བ་དབང་བཞི་དང་སྦྱར་ན༔ ཡབ་ཡུམ་ལྷ་སྐུར་བསྐྱེད་པས་བུམ་དབང་༔ སྦྱོར་བ་བྱེད་པས་གསང་དབང་༔ བདེ་སྟོང་ཉམས་ལ་གནས་པས་ཤེས་རབ་ཡེ་ཤེས་དབང་༔ མཐར་ཞེན་བློ་དང་བྲལ་བས་ཚིག་དབང་ངོ་༔ བདེ་བ་ས་དང་སྦྱར་ན༔ ཕྱག་རྒྱ་མཐོང་ན་དགའ་བས་ས་དང་པོ་རབ་ཏུ་དགའ་བ་ཡིན་ནོ༔ དེ་ནས་ཕུང་པོ་ལྷ་སྐུ་སྒྱུ་མར་ཤེས་པ་ལ༔ ཐ་མལ་གྱི་དྲི་མ་མེད་པས་ས་གཉིས་པ་དྲི་མ་མེད་པ་ཡིན་ནོ༔ དེ་ནས་སྦྱོར་བ་བྱས་པས་ཐིག་ལེ་འདོན༔ ཁ་དོག་རྒྱས་པས་ས་གསུམ་པ་འོད་བྱེད་པའོ༔ དེ་ནས་ཐིག་ལེ་རྩ་གནས་ལ་བབས༔ བདེ་བར་ཤར་བས་ས་བཞི་པ་འོད་འཕྲོ་བའོ༔ དེ་ནས་ཐིག་ལེ་གསང་གནས་སུ་རྫོགས་ནས་ཟིན་པ་དཀའ་བས༔ ས་ལྔ་པ་སྦྱང་དཀར་བའོ༔ དེ་ནས་ཐིག་ལེ་ཉམས་སུ་མྱོང་བས་ས་དྲུག་པ་མངོན་དུ་གྱུར་པའོ༔ དེ་ནས་ཐིག་ལེ་རྩ་ལ་བཟློག་ཅིང་དགྲམ་པས༔ ས་བདུན་པ་རིང་དུ་སོང་བའོ༔ དེ་ནས་བློ་བྲལ་གྱི་ངང་ལ་ལྷན་ནེར་གནས་པ་ནི༔ ས་བརྒྱད་པ་མི་གཡོ་བའོ༔ དེ་མྱོང་བ་མངོན་དུ་གྱུར་པ་ནི༔ ས་དགུ་པ་ལེགས་པའི་བློ་གྲོས་ཡིན་ནོ༔ སྣང་བ་གང་ཤར་ཐམས་ཅད་བདེ་སྟོང་དུ་འགྲོལ་བ་ནི༔ ས་བཅུ་པ་ཆོས་ཀྱི་སྤྲིན་ནོ༔ བདེ་བ་ལ་སྐུ་ལྔ་དང་སྦྱར་ན༔ ཡབ་ཡུམ་སྦྱོར་བ་བྱེད་པ་སྤྲུལ་སྐུ༔ སྣང་བ་གང་ཤར་ཐམས་ཅད་བདེ་སྟོང་དུ་གྲོལ་བ་ནི༔ ལྷའི་སྐུར་བསྐྱེད་པས་ལོངས་སྐུ༔ བདེ་སྟོང་གི་ཉམས་ཤར་བས་ཆོས་སྐུ༔ འཛིན་མེད་ཟང་ཐལ་ཏུ་འདུག་པ་ངོ་བོ་ཉིད་ཀྱི་སྐུ༔ ཕྲིན་ལས་ཐ་དག་གྲུབ་པས་མངོན་པར་བྱང་ཆུབ་པའི་སྐུའོ༔ ཕྲིན་ལས་ལྔ་དང་སྦྱར་ན༔ རྟོག་པ་དག་པས་ཞི་བའི་ལས༔ བདེ་བ་རྒྱས་པས་རྒྱས་པའི་ལས༔ སྣང་སེམས་ཡུལ་དང་བཅས་པ་དབང་དུ་འདུས་པས་དབང་གི་ལས༔ དེ་དུས་བར་ཆད་ཐམས་ཅད་སྐྲགས་ནས་འགྲོ་བས་དྲག་པོའི་ལས༔ ཐམས་ཅད་ཀྱི་ངོ་བོ་སྟོང་གསལ་བདེ་ཉམས་ལས་མི་འདའ་བས༔ བུདྡྷའི་ཡོན་ཏན་ཐམས་ཅད་འགྲུབ་པའོ༔ རིགས་ལྔ་དང་སྦྱར་ན༔ བདེ་བའི་ངོ་བོ་མི་འགྱུར་བ་རྡོ་རྗེའི་རིགས༔ རྣམ་རྟོག་སེམས་སུ་ཤར་བས་རིན་ཆེན་རིགས༔ ཆགས་སེམས་དག་པས་པདྨའི་རིགས༔ དེའི་དོན་གོང་གི་སྣང་བཞི་གྲུབ་པས་ལས་ཀྱི་རིགས༔ དེའི་ཚེ་སངས་རྒྱས་ལ་རེ་བ་དང་འཁོར་བར་འཁྱམས་ཀྱི་དོགས་པ་མེད་པས་བུདྡྷའི་རིགས་སོ༔ ཡང་ཡེ་ཤེས་ལྔ་དང་སྦྱར་ན༔ ལྷ་དང་ཡེ་ཤེས་མངོན་སུམ་དུ་གསལ་བ་ལས་སྟོང་པ་མེ་ལོང་ཡེ་ཤེས༔ བྱེ་བྲག་ཕྱེད་ཅིང་མ་འདྲེས་པར་ཡོད་པས༔ སོ་སོར་རྟོག་པའི་ཡེ་ཤེས༔ བདེ་བ་དང་སྟོང་པ་མཉམ༔ ཚོར་བ་དང་རེག་པ་མཉམ༔ ཡབ་དང་ཡུམ་མཉམ༔ རྡོ་རྗེ་དང་པདྨ་མཉམ༔ ཐིག་ལེ་དཀར་དམར་མཉམ་པས་མཉམ་པ་ཉིད་ཀྱི་ཡེ་ཤེས་སོ༔ རྒྱ་ཆད་ཕྱོགས་ལྷུང་དང་བྲལ་བ༔ རྫོགས་རིམ་དམིགས་མེད་ཀ་དག་ཡིན་པས༔ ཆོས་དབྱིངས་ཡེ་ཤེས༔ བདེ་བ་མ་གྲུབ་པས་ཤུགས་ལས་བྱུང་བས་བྱ་གྲུབ་ཡེ་ཤེས་སོ༔ རྒྱུད་སྡེ་བཞི་དང་སྦྱར་ན༔ ཡབ་ཡུམ་ལྷ་ཡི་སྐུར་གསལ་བྱ་བའི་རྒྱུད༔ ཡབ་ཡུམ་དགའ་ཞིང་དགོད་འགྱུར་བྱེད་པས་སྤྱོད་པའི་རྒྱུད༔ གདན་ཐོག་གཅིག་ཏུ་འཁྲིལ་བས་རྣལ་འབྱོར་རྒྱུད༔ ཡབ་ཡུམ་སྦྱོར་བ་བྱེད་ཅིང་དེ་ལས་འབྲལ་མི་ཕོད་པ་བླ་ན་མེད་པའི་རྒྱུད་ཡིན་ནོ༔ ཡབ་ཀྱི་རྡོ་རྗེ་གསོར་ཞིང་ཐིག་ལེ་བཟུང་འདྲེན་བྱེད་པ་ཕའི་རྒྱུད༔ ཡུམ་གྱི་བྷ་ག་ཟེད་ཅིང་འགུལ་འཁྱུད་བྱེད་པ་མའི་རྒྱུད༔ གཉིས་ཀ་མཉམ་པར་འཁྲིལ་ནས༔ ལུས་སེམས་གཉིས་མེད་དུ་འདྲེས་པས་གཉིས་སུ་མེད་པའི་རྒྱུད་ཡིན་ནོ༔ ཡང་ཐིག་ལེ་བདེ་བ་ཐེག་པ་རིམ་དགུ་དང་སྦྱར་ན༔ དང་པོ་ལུས་ཐ་མལ་དུ་གནས་པས་ལྷ་མིའི་ཐེག་པ་ཡིན༔ བདེ་བ་ཐ་མལ་དུ་ཡོད་ཅིང་རེ་དོགས་ཡོད་པས་ན་ཕྱི་ཡི་ཐེག་པ་ཡིན༔ བདེ་བ་དེར་རང་དོན་མ་གཏོགས་པ་གཞན་གྱི་མ་འདྲེས་པས་རང་རང་རྩོལ་བས་འབད་པས་ཉན་རང་གི་ཐེག་པ་ཡིན༔ བདེ་བའི་སྔོན་ཚེ་སེམས་བསྐྱེད་ཡོད་པས༔ བྱང་ཆུབ་སེམས་དཔའི་ཐེག་པ་ཡིན༔ ཡབ་ཡུམ་ལྷ་སྐུར་བསྐྱེད་པས་ཀྲྀ་ཡ༔ ཕྱག་རྒྱ་བཞི་ལྡན་དུ་སྤྱོད་བས་ཨུ་པ་ཡ༔ ཕྲིན་ལས་གྲུབ་པས་ཡོ་ག༔ ཕུང་ཁམས་ལྷ་རུ་ཤེས་པས་མ་ཧཱ༔ བདེ་སྟོང་དབྱེར་མེད་དུ་གནས་པས་ཨ་ནུ༔ ཐམས་ཅད་ཡང་གྲོལ་ཀ་དག་ཏུ་རྟོགས་པས་ཨ་ཏི་ཡོ་གའོ༔ དེ་དུས་དགེ་སྡིག་རྩོལ་བ་ལ་འདས་པས་ལྟ་བ་ཡིན༔ མྱོང་བཞིན་དུ་བསྒོམ་རྒྱུ་མེད་པས་སྒོམ་པ་ཡིན༔ མ་ཆགས་པར་སྤྱོད་པས་ན་སྤྱོད་པ་ཡིན༔ དེ་གསུམ་དབྱེར་མེད་པས་དེ་ལས་ལྷག་པ་གཞན་མེད་པས་འབྲས་བུ་ཡིན་ནོ༔ དེ་ལྟར་ཤེས་བཞིན་དུ་སྤྱོད་པའི་གང་ཟག་ནི་ལས་སྒྲིབ་ཟད་པའི་གང་ཟག་ཡིན༔ ཀུན་ཏུ་བཟང་པོ་དང་སྐལ་བ་མཉམ་པས་འགའ་ཞིག་གི་སྤྱོད་ཡུལ་ཡིན་གྱི༔ བློ་ཆུང་བ་རྣམས་ཀྱི་སྤྱོད་ཡུལ་མ་ཡིན་ནོ༔ ཞེས་ངོ་རྒྱས་པར་སྤྲད་པས༔ ཉམས་སུ་ལེན་པ་དངོས་ནི༔ གསང་སྔགས་ཟབ་མོ་ལམ་དུ་ཁྱེར་བའི་རྒྱུད་དམ༔ འོག་སྒོ་འདོད་ཆགས་རང་གྲོལ་ལྟར་རོ༔ དེ་ཡང་རྒྱུད་ལས༔ དེ་ནས་ཡབ་ཡུམ་གཉིས་མེད་སྦྱོར༔ དབབ་བཟུང་འདྲེན་དགྲམ་ཚོད་སྦྱར་ལ༔ དགའ་བ་བཞི་པོ་ངོ་ཡིས་བཟུང་༔ བླ་མས་ངོ་སྤྲད་རྒྱས་པར་གདབ༔ ཅེས་གསུངས་སོ༔ དེ་ནས་སློབ་བུ་རྣམས་གྲལ་བཤིག་ལ༔ གཅིག་ངོ་གཅིག་གིས་མི་ཤེས་པར་བྱས་ལ༔ བདུད་རྩིི་ཐོད་ཕོར་རེ་བྱིན་ལ༔ ཕོ་རེས་མོ་རེའི་གདོང་གཡོགས་རྣམས་དུས་གཅིག་བཀྲོལ་ལ་ཐམས་ཅད་རུས་རྒྱན་དང་དབང་ཆས་གསོལ༔ ཌཱ་དྲིལ་ལག་ཏུ་ཐོགས་ལ༔ ཡེ་ཤེས་དབབ༔ ཉམས་བསྐྱང་༔ སྣང་བ་བྱུང་རྒྱལ་དུ་བཏང་ལ༔ གདོང་གཡོགས་རྣམས་བླ་མའི་སྐུ་མདུན་དུ་བཞག༔ ཕྱག་འཚལ་མཎྜལ་ཕུལ་བར་བྱའོ༔

བར་དེར་ཚོགས་འཁོར་བསྐོར༔ ཡང་མནའ་ཆུ་དང་གོང་ལྟར་མནའ་རྒྱ་ལན་བདུན་བདུན་བཏབ་ལ༔ འོ་རིགས་ཀྱི་བུ་རྣམས་དབང་གི་ནང་ནས་ཡང་ཆེས་གསང་བ་འདི་དེ་རིང་ཁྱོད་རྣམས་ཀྱིས་ཐོབ་པས༔ ཁྱོད་རྣམས་སྐལ་བ་མཐོ་བ་ཡིན་ནོ༔ འོན་ཀྱང་དམ་ལ་མི་གནས་ན༔ དཔོན་སློབ་ཐམས་ཅད་དམྱལ་བར་འགྲོ་བས༔ མཁའ་འགྲོ་དཔང་དུ་ཞོག་ལ་མནའ་སྐྱོལ་ཞིག༔ གསང་ལ་སྤྱོད་ཅིག༔ དམ་ཚིག་ཐུབ་ན་ཚེ་གཅིག་གིས་འབྲས་བུ་ཐོབ་པ་ལ་གདོན་མི་ཟའོ༔ ཞེས་བརྗོད་ལ་དགའ་སྟོན་བྱའོ༔ དེ་ནས་སློབ་བུ་རྣམས་ཀྱིས༔ ཀྱེ་ཧོ་བླ་མ་རིན་པོ་ཆེ༔ དེ་ལྟར་དབང་བསྐུར་ཡོན་ཏན་གང་༔ བདག་ཅག་རྣམས་ལ་གསུང་དུ་གསོལ༔ ཅེས་པ་དང་༔ བླ་མས༔ ཉོན་ཅིག་སྐལ་ལྡན་སྐལ་བཟང་རྣམས༔ དབང་འདི་བསྐུར་བའི་ཡོན་ཏན་ནི༔ ཡིད་ཀྱི་སྒྲིབ་པ་དག་པར་བྱེད༔ ཡིད་ལ་རྟོགས་པ་ངང་གིས་འཆར༔ དམ་ཚིག་ཡིད་ཀྱིས་བསྲུང་བར་གྱིས༔ དེའི་རྟེན་ཕྱག་རྒྱ་བརྟེན་དུ་རུང་༔ ས་ཡང་ས་བཅུ་ནོན་པ་ཡིན༔ ཕྲིན་ལས་རྒྱས་པའི་ལས་ཀུན་འགྲུབ༔ འབྲས་བུ་སྐྱེ་མེད་ཆོས་སྐུ་ཐོབ༔ དེ་བཞིན་སྤྱོད་ཅིག་རིགས་ཀྱི་བུ༔ ཞེས་བརྗོད་ལ་བཀྲ་ཤིས་བརྗོད་པས་མེ་ཏོག་གཏོར༔ བདག་ལུས་གྱི་མཎྜལ་འབུལ་དུ་གཞུག༔ གསང་སྔགས་སྤྱོད་པའི་ཤུལ་མི་མངོན་པར་བྱས་ལ༔ ཕྱག་རྒྱ་གཏད་ནས༔ རིགས་ཀྱི་བུ༔ འདི་དག་ནི་དུག་སྦྲུལ་གྱི་དཔྲལ་བ་ནས་ནོར་བུ་ལེན་པ་དང་འདྲའོ༔ ཡང་ན་སངས་རྒྱས༔ ཡང་ན་དམྱལ་བར་འགྲོ༔ ང་ཡིས་ཇི་ལྟར་བསླབ་པ་ལྟར་སྤྱོད་ལ༔ སྐྱེ་བོས་མི་མངོན་པར་གསང་བར་སྤྱོད་ཅིག༔ ཅེས་བཀའ་གནང་ནས་དབེན་པར་བསྒོམ་དུ་གཏང་༔ དབང་གི་རྗེས་རྣམས་བསྐྱང་བར་བྱའོ༔ ཤེས་རབ་ཡེ་ཤེས་ཀྱི་དབང་མཆོག་བསྐུར་བའི་རིམ་པ་སྟེ་ལེའུ་གསུམ་པའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ གཏད་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གསང་རྒྱ༔

༁ྃ༔ དེ་ནས་དུས་ཚོད་ཐོ་རངས་སམ་ཉི་ཤར་དུས༔ དཀྱིལ་འཁོར་གྱི་བྱང་སྒོར་བླ་མ་བྱོན་ནས༔ སློབ་མ་སྤྲོས་པ་ལ་དགའ་ན༔ སྤྱི་ཆིངས་སྔོན་འགྲོ་རྣམས་བཏང་ངོ་༔ སྤྲོས་པ་ལ་མི་དགའ་ན་མེད་ཀྱང་རུང་༔ རིན་ཆེན་གསེར་གྱི་མཎྜལ་ཕུལ༔ སློབ་བུ་རྣམས་ཀྱིས་གོས་ཕུད་ལ་གཅེར་བུར་འདུག་ལ༔ ཚོགས་ཀྱི་འཁོར་ལོ་ཉེར་ཅིག་བསྐོར་ལ་ཡེ་ཤེས་དབབ༔ བརྒྱུད་པའི་ཆེ་བ་བཤད༔ མོས་གུས་གདུང་བས་གསོལ་བ་གདབ༔ དེ་ནས་སློབ་བུ་རྣམས་ཀྱིས༔ ཞུ་བ་ཕུལ་བ་ནི༔ ཀྱེ་ཧོ་བླ་མ་འགྲོ་བའི་མགོན༔ ཐུགས་རྗེས་བདག་ལ་དགོངས་མཛོད་ལ༔ སྙིང་པོའི་དོན་མཆོག་རྟོགས་བྱའི་ཕྱིར༔ རིན་ཆེན་གསེར་གཡུའི་མཎྜལ་འབུལ༔ ཡེ་ཤེས་ལྔ་པོ་ངོ་སྤྲོད་ལ༔ ཚིག་དབང་རིན་ཆེན་བདག་ལ་སྟོན༔ ཞེས་ཞུའོ༔ དེར་བླ་མས༔ བུ་ཁྱོད་ཚུར་ཤོག་ཐེག་ཆེན་སྣོད༔ འཁོར་བའི་རྒྱ་མཚོ་ལས་བསྒྲལ་གྱི༔ ཡང་དག་དོན་ལ་ད་ཞུགས་ཤིག༔ ཅེས་བརྗོད་ལ༔ སློབ་བུ་རྣམ་སྣང་གི་ཆོས་བདུན་བཅའ་རུ་བཅུག་ལ༔ དཀྱིལ་འཁོར་གྱི་དབུས་ན་ཤེལ་ཡོད་པ་བསྟན་ལ༔ ལྔ་ཚན་སོ་དྲུག་གི་ངོ་སྤྲད་པ་ནི༔ རྒྱུད་ལས་ཀྱང་༔ ལྔ་ཚན་སོ་དྲུག་ངོ་སྤྲད་གདབ༔ སློབ་བུ་རྣམ་སྣང་ཆོས་བདུན་སློབ༔ ཤེལ་དཀར་དྲི་མེད་ལག་ཏུ་འཕྱར༔ ཁྲེགས་ཆོད་དོན་གྱི་ངོ་སྤྲོད་གདབ༔ ཅེས་འབྱུང་བས༔ རིགས་ཀྱི་བུ་ཁྱོད་ཉོན་ཅིག༔ ཁྱོད་རང་ལུས་གཅེས་འཛིན་དང་ཕྲོལ༔ ངག་བརྗོད་པ་དང་ཕྲོལ༔ སེམས་རྟོག་པ་དང་ཕྲོལ་ལ༔ ཤེལ་འདི་ལ་ལྟོས་ཤིག༔ རང་གི་རིག་པ་གཤིས་ཀྱི་འདུག་ཚུལ་དེ་ཡང་༔ ཤེལ་འདི་དང་འདྲ་སྟེ་ཕྱི་ནང་མེད་པའོ༔ སྟེང་འོག་མེད་པའོ༔ གསལ་འགྲིབ་མེད་པའོ༔ དྲི་མ་མེད་པའོ༔ མདུན་རྒྱབ་མེད་པའོ༔ འདིའི་ནང་ན་འོད་ལྔ་བཀྲག་མེ་རེ་ཡོད་པ་འདི་ནི༔ ངོ་ཤེས་ན་ཡེ་ཤེས་ལྔའོ༔ མ་ཤེས་ན་དུག་ལྔའོ༔ ངོ་ཤེས་ན་རིགས་ལྔའོ༔ མ་ཤེས་ན་རླུང་ལྔའོ༔ ངོ་ཤེས་ན་སྐུ་ལྔའོ༔ མ་ཤེས་ན་ཚོགས་ལྔའོ༔ ངོ་ཤེས་ན་རྡོ་རྗེ་ལ་སོགས་རིགས་ལྔའོ༔ མ་ཤེས་ན་ཕུང་པོ་ལྔའོ༔ ངོ་ཤེས་ན་ཡུམ་ལྔའོ༔ མ་ཤེས་ན་ཁམས་ལྔའོ༔ ངོ་ཤེས་ན་ཞིང་ཁམས་ལྔའོ༔ མ་ཤེས་ན་ཕྱོགས་ལྔའོ༔ ངོ་ཤེས་ན་སྐུ་ལྔའོ༔ མ་ཤེས་ན་གཟུགས་ལྔའོ༔ ངོ་ཤེས་ན་གསུང་ལྔའོ༔ མ་ཤེས་སྒྲ་ལྔའོ༔ ངོ་ཤེས་ན་ཐུགས་ལྔའོ༔ མ་ཤེས་ན་རྟོག་པ་ལྔའོ༔ ངོ་ཤེས་ན་མཁའ་འགྲོ་ལྔའོ༔ མ་ཤེས་ན་འབྱུང་བ་ལྔའོ༔ ངོ་ཤེས་ན་སྲོག་ལྔའོ༔ མ་ཤེས་ན་འཆི་བདག་ལྔའོ༔ ངོ་ཤེས་ན་རླུང་ལྔའོ༔ མ་ཤེས་ན་ནད་ལྔའོ༔ དེ་ལ་སོགས་པ་བཀྲོལ་ལ་བཤད་ཅིང་༔ དེ་ཡང་དཔེ་ཤེལ་ལ་ནང་ལྟར་ན་རང་རིག་པ་ལ་གནས་སོ༔ ཤེལ་འདི་ལ་འོད་དཀར་ཁྱུག་ཁྱུག་ཅིག་ཟུར་དུ་འདུག་པ་ལྟར་རང་གི་སེམས་ཀྱི་རྩ་ལ་ཟེར༔ སེམས་དང་༔ བློ་དང་༔ རྟོག་པ་དང་༔ སྣང་བ་དང་༔ དྲན་པ་དང་༔ བཟུང་བ་དང་༔ ཡིད་དང་༔ འགྱུ་བ་དང་༔ འཛིན་པ་ལ་སོགས་པ་མེད་བཞིན་ཝལ་ཝལ༔ མེད་བཞིན་དུ་གསལ་བ༔ གློག་ལྟར་འཆར་བ་འདི་ཡིན༔ འདི་ལྟར་དུ་ཤེལ་དང་འཇའ་དང་ཟེར་གསུམ་དབྱེར་མེད་པ་ལྟར༔ སྟོང་པ་དང་༔ གསལ་བ་དང་༔ རང་བཞིན་དུ་འཛིན་པ་མེད་པ་རྣམས་དུས་མཉམ་དུ་ཤེས་པར་གྱིས་ལ་ཉམས་སུ་ལོངས་ཤིག༔ ཅེས་ཤེལ་མགོ་ལ་བཞག་གོ༔ དེ་ནས་ཙོག་པུར་ལུས་གནད་བཅའ་རུ་བཅུག་པ་ལ༔ དཀྱིལ་འཁོར་གྱི་ཤར་གྱི་པད་འདབ་ཀྱི་སྟེང་དུ་ལུ་གུ་རྒྱུད་དེ་བསྟན་ལ༔ ཧོ་རིགས་ཀྱི་བུ༔ རང་གི་རིག་པའི་སྙིང་ནང་ན༔ སྟོང་གསལ་འདུས་མ་བྱས་པ་གནས་པའི་གདངས་ལ༔ རྩ་ཀ་ཏི་ཤེལ་གྱི་སྦུ་གུ་ཅན་ཁྲག་དང་ཆུ་སེར་གང་ཡང་མེད་པ་ལས་ཐོན་ནས་ཀླད་པར་ཟུག༔ རྒྱངས་ཞགས་ཆུའི་སྒྲོན་མར་ཐོན་ནས༔ ནམ་མཁའ་དྭངས་པའི་དཀྱིལ་ནས་རིག་པའི་ངོ་བོ་རྡོ་རྗེ་ལུ་གུ་རྒྱུད་ཕྲ་བ༔ གསལ་བ༔ མཉེན་པ༔ འགུལ་བ༔ འཁྱུགས་པ༔ ངོ་བོ་སྟོང་པ་ཆོས་སྐུ༔ རང་བཞིན་གསལ་བ་ལོངས་སྐུ༔ ཐུགས་རྗེ་འགུལ་འཕྲིག་སྤྲུལ་སྐུར་བཞུགས་པ་འདི་ནི༔ ཐོག་མའི་མགོན་པོ་ཀུན་ཏུ་བཟང་པོ་ཡིན་པས་འདི་དང་མ་བྲལ་བར་ཉམས་སུ་ལོངས་ཤིག༔ ཅེས་སྟོན་ནོ༔ དེ་ནས་དཀྱིལ་འཁོར་གྱི་ལྷོ་ནས་རྨ་བྱའི་མདོངས་བསྟན་ལ༔ འོ་རིགས་ཀྱི་བུ༔ ཕྱི་དབྱིངས་རྣམ་པར་དག་པའི་སྒྲོན་མ་ཁྱིམ་དང་འདྲ་བའི་ནང་དུ༔ ཐིག་ལེ་སྟོང་པའི་སྒྲོན་མ་ཁྱིམ་བདག་མོ་འདྲ་བ་ཞིག་འཆར་གྱི༔ འཇའ་འོད་ཀྱིི་དྲྭ་བ་ནོར་དང་འདྲ་བ་ཞིག་ལ༔ རིག་པའི་ངོ་བོ་ལུ་གུ་རྒྱུད་ཁྱིམ་བདག་དང་འདྲ་བས་དབྱེར་མེད་དུ་ལོངས་སྤྱོད་ཅིག༔ སྒྲོན་མ་བཞི་པོ་ཉམས་སུ་བླངས་པས༔ སྣང་བ་བཞི་པོ་མཐར་ཕྱིན་ནས༔ གདེངས་བཞི་པོ་ཉམས་སུ་ལོན་ཅིང་༔ ཚེ་གཅིག་ལུས་གཅིག་ལ་ཕུང་པོ་ལྷག་མེད་དུ་འགྲུབ་པར་གདོན་མི་ཟའོ༔ ཞེས་ངོ་སྤྲད་དོ༔ དེ་ནས་དཀྱིལ་འཁོར་ནུབ་ནས་མེ་ལོང་བསྟན་ལ༔ དཀྱིལ་འཁོར་དེར་འཆར་བར་བྱས་ལ༔ འོ་རིགས་ཀྱི་བུ་ཉོན་ཅིག༔ དཔེར་ན་མེ་ལོང་འདིའི་ནང་ན༔ ཁ་དོག་རིགས་མི་གཅིག་པ་སྣ་ཚོགས་སུ་གསལ་ཀྱང་༔ ཡིད་ལ་གྲུབ་པ་མེད་པའི་རིག་པ༔ ཚོགས་དྲུག་འཛིན་པ་མེད་པས་ཅེར་གྲོལ༔ ཁྲེགས་ཆོད་མེ་ལོང་ལྟ་བུའི་ངོས་ནས་ཐོད་རྒལ་བླ་མེད་ཀྱི་གསལ་མདངས༔ མེ་ལོང་ནང་གི་འཇའ་རིས་ཁ་དོག་གཟུགས་སྣང་ལྟར་གསལ་བས༔ གཟུགས་མེད་ཀྱི་ཁམས་ཡང་དག་པ༔ ཞེན་མེད་འཛིན་བྲལ་གྱི་ངང་ལ་གནས་པས་འདོད་པའི་ཁམས་རང་གྲོལ་བ༔ མ་གྲུབ་ཀུན་གསལ་རྩ་བྲལ་གྱིས་གཟུགས་ཀྱི་ཁམས་རང་སར་གྲོལ་བའོ༔ དེ་ལྟར་ཤེས་པར་གྱིས་ལ༔ གསལ་ལ་འཛིན་མེད་དུ་རྗེན་ནེ༔ ལྷན་ནེ༔ ལྷང་ངེ་༔ ཁྲིགས་སེ༔ འབོལ་ལེ༔ ཤིག་གེ་བ་ལ་སྤྱོད་ཅིག༔ ཅེས་ངོ་སྤྲད་དོ༔ དེ་ནས་པད་འདབ་བྱང་ནས་ཚོགས་དྲུག་ཚང་བར་བསྟན་ལ༔ ཧོ༔ བུ་ཁྱོད་གཟུགས་ལ་ལེགས་པར་ལྟོས༔ ཆགས་སྡང་སྦྲུལ་གྱི་པགས་པ་ཕུད༔ བུ་ཁྱོད་སྒྲ་ལ་ལེགས་པར་སོམས༔ ཆགས་སྡང་སྦྲུལ་གྱི་པགས་པ་ཕུད༔ བུ་ཁྱོད་དྲི་ལ་ལེགས་པར་སྣོམས༔ ཆགས་སྡང་སྦྲུལ་གྱི་ལྐོགས་པ་ཕུད༔ བུ་ཁྱོད་རོ་ལ་ལེགས་པར་མྱོང་༔ ཆགས་སྡང་སྦྲུལ་གྱི་ལྐོགས་པ་ཕུད༔ བུ་ཁྱོད་རེག་ལ་ལེགས་པར་རེག༔ ཆགས་སྡང་སྦྲུལ་གྱི་ལྐོགས་པ་ཕུད༔ བུ་ཁྱོད་ཆོས་ལ་ལེགས་པར་སོམས༔ ཆགས་སྡང་སྦྲུལ་གྱི་ལྐོགས་པ་ཕུད༔ དེ་རྣམས་རྩ་བ་གང་ཡིན་ལྟོས༔ རྩ་བ་སེམས་ཉིད་ཡིན་པས་ན༔ སེམས་དེ་དང་པོ་གང་ནས་བྱུང་༔ བར་དུ་གང་གནས་མཐར་གར་འགྲོ༔ གཟུགས་དབྱིབས་ཁ་དོག་ཇི་འདྲ་སྣང་༔ ལེགས་པར་གདར་ཤ་ཆོད་ལ་ཞོག༔ ཨེ་མ་དབང་བསྐུར་དུས་གཅིག་རྫོགས༔ ཞེས་པ་དང་༔ ཡང་༔ འོ་རིགས་ཀྱི་བུ༔ སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་སེམས་སུ་མ་གྱུར་པ་གཅིག་ཀྱང་མེད་དོ༔ སེམས་ཉིད་དེ་བདག་འཛིན་ཡིན༔ ཡར་སངས་རྒྱས་མཁན་ཡང་འདི༔ མར་འཁོར་བར་འཁྱམས་མཁན་ཡང་འདི་ཡིན་ནོ༔ ལུས་ངག་ཡིད་གསུམ་གྱི་བྱེད་ལས་ཀྱང་འདི་ཁོ་ནའོ༔ དེ་ཡང་རིག་པའི་རྩལ་མདངས་ཡིན་ཅིང་༔ མ་རིག་པའི་ཆ་ཤས་ཅན་ཅིག་ཡིན་པས༔ འདིའི་རྩ་བ་ཆོད་པ་ཞིག་གལ་ཆེའོ༔ སེམས་ལ་རིགས་པས་ཁྱབ་ཀྱང་༔ རིག་པ་ལ་སེམས་ཀྱིས་མ་ཁྱབ༔ དཔེར་ན་ནམ་མཁའ་ལ་རླུང་གིས་ཁྱབ་ཀྱང་༔ རླུང་ལ་ནམ་མཁའི་མ་ཁྱབ་པ་དང་འདྲ༔ ཅིའི་ཕྱིར་ན༔ རིག་པ་ཉིད་ལ་སེམས་རྟོག་མེད་པའི་ཕྱིར༔ དེ་ངོ་སྤྲད་པ་མང་ཡང་༔ ལུས་མི་འགུལ༔ ངག་མི་སྨྲ༔ སེམས་མི་འཕྲོ༔ སེམས་འདི་རྒྱུ་གང་ལས་བྱུང་༔ རྐྱེན་གང་གིས་བྱས༔ ལམ་གང་ནས་བྱུང་༔ མིང་དང་གཟུགས་དང་ཁ་དོག་ཅི་འདྲ༔ ལེགས་པར་བརྟགས་པས་གཞི་མེད་རྩ་བྲལ་དུ་འདུག༔ བྱུང་ས་གཅིག་ཡོད་དམ་སྙམ་པ་དེ་ཡང་སེམས་སུ་འདུག༔ གནས་དེ་ནས་བྱུང་ངེས་སྙམ་པ་དེའང་སེམས་སུ་འདུག༔ དེ་ག་རང་ཡིན་སྙམ་པ་དེའང་སེམས་སུ་འདུག༔ དེ་ག་རང་ཡིན་སྙམ་པ་ལ་འཐས་པ་དེ་ཡང་སེམས་ཡིན་པར་འདུག༔ བཙལ་བསམ་རྙེད་པའི་དྭངས་སང་ངེ་བ་དེ་རིག་པ་ཀ་དག་ཆོས་སྐུ་ཡིན་པས་དེ་ཀ་ལ་དབང་ཐོབ་པར་གྱིས་ཤིག༔ དེ་བཞིན་དུ་གནས་པ་བཙལ་ཡང་མ་རྙེད་པས༔ སལ་ལེ༔ སང་ངེ་༔ བཀྲ་ཡ་ལེ་བ༔ འཛིན་པ་མེད་པ་འདི་ལོངས་སྤྱོད་རྫོགས་པའི་སྐུ་ཡིན་པས་དབང་ཐོབ་པར་གྱིས་ཤིག༔ མཐར་འགྲོ་ས་ཞིག་བཙལ་ཡང་མི་རྙེད༔ བདས་ཀྱང་མ་ཟིན་པ་དེ་མེད་བཞིན་ཐོལ་གྱིས་ཤར༔ ཤར་བཞིན་རང་ཡལ་བ་འདི་ཀ་སྤྲུལ་པའི་སྐུ༔ མ་ཆགས་ཞེན་མེད་ཀྱི་ཚོགས་དྲུག་ལ་ལོངས་སྤྱོད་རྫོགས་པ་འདི་ཀ་སྤྲུལ་པའི་སྐུ་ཡིན་པས་དབང་ཐོབ་པར་གྱིས་ལ་ཐག་ཆོད་ཅིག༔ ཁ་རུ་སྨྲ་རྒྱུ་མེད་ཀྱང་ཡིད་ལ་དཔྱོད་རྒྱུ་ཡོད་པས༔ ལག་ཏུ་བཟུང་རྒྱུ་མེད་ཀྱང་༔ ཞེ་བློ་ཕུག་ནས་བདེ་བས༔ ཡེ་ཤེས་གཅིག་པོ་ཟང་ཐལ་བ་འདི་ལ་ཙིར་ཟིན་ཡང་མི་བྱ༔ ཨ་ཡང་མི་འཐས༔ རང་བབ་ཏུ་ཞོག༔ རྟོག་པ་བཟང་ངན་གང་བྱུང་བ་དེ་རྩ་བ་ཆོད༔ སྡོང་པོ་སྒྱེལ༔ ལོ་འདབ་བྲོག༔ རྩ་བ་སྐོམས༔ མེ་སྦོར༔ རྨིང་ནས་མེད་པར་གྱིས༔ བྱིངས་ན་བསྟོད༔ རྒོད་ན་ཀློད༔ གསལ་ལ་ངོས་བཟུང་མེད་པ་དེ་ལྟ་བ༔ གང་ཡང་དམིགས་སུ་མེད་པ་དེ་སྒོམ་པ༔ གང་ཤར་ཐམས་ཅད་ཐད་ཀར་སྐྱོང་བ་དེ་སྤྱོད་པ༔ བློ་འཛིན་སྤྲོས་པ་དང་བྲལ་བ་དེ་འབྲས་བུ་ཡིན་པས་འགྲོ་དོན་གྱིས་ཤིག༔ ཅེས་པས༔ འདིའི་དོན་ཤེས་པ་ནི༔ རྒྱལ་བུ་འབངས་སུ་འཁྱམས་པ་རྒྱལ་སར་བཏོན་པ་ལྟར༔ གསེར་གཡའ་དང་བྲལ་བ༔ ཉི་མ་སྤྲིན་དང་བྲལ་བ༔ རྒྱལ་བུ་རྒྱལ་སར་ཐོན་ནས་ཡུལ་བདག་ཏུ་ཐོན་པ་ཡིན༔ འཁྲུལ་བའི་ཡུལ་བུད་པ་ཡིན༔ ཡེ་སངས་རྒྱས་པ་ཡིན༔ འཁོར་འདས་རང་དབང་ཐོབ་པའི་རྒྱལ་པོ་ཡིན༔ ཞེས་པས༔ བརྒྱུད་པ་ཟིན་ངེས་པ་ཡིན་པ་ལ༔ བཀའ་གཏད་ཐོད་རྒལ་གྱི་ངོ་སྤྲོད་གདབ་བོ༔ དེ་ལྟར་ཡང་རྒྱུད་ལས༔ རྨ་བྱ་ལུག་རྒྱུད་ལག་ཏུ་འཕྱར༔ དཀྱིལ་འཁོར་ལ་སོགས་སྣང་བ་གཏད༔ ཤེལ་མིག་སྦྱར་ལ་བལྟ་རུ་ཆུག༔ ཐོད་རྒལ་དོན་གྱི་ངོ་སྤྲད་གདབ༔ ལུས་ངག་གཟེངས་བསྟོད་གནང་བ་སྦྱིན༔ ཞེས་གསུངས་པས་སོ༔ དེ་ནས་རིན་པོ་ཆེའི་མཎྜལ་ཕུལ་ལ༔ ཚོགས་འཁོར་བསྐོར་ལ་ཡང་སློབ་བུས༔ ཧོ༔ དེ་ལྟར་དབང་མཆོག་འདི་བསྐུར་བས༔ ཡོན་ཏན་གང་ལགས་བསྟན་དུ་གསོལ༔ ཞེས་གསུམ་ཞུ༔ བླ་མས༔ ཧོ༔ ཉོན་ཅིག་སྐལ་ལྡན་ཕོ་མོ་རྣམས༔ དབང་ཐོབ་པ་ཡི་ཡོན་ཏན་གྱིས༔ ལུས་ངག་ཡིད་གསུམ་ཤེས་སྒྲིབ་དག༔ ནུས་པ་གསུམ་ཀ་དག་ལས་འབྱུང་༔ དམ་ཚིག་སྲུང་སྡོམ་བྲལ་བ་ཡིན༔ བརྟེན་བྱ་སྤང་བྱ་གང་ཡང་མེད༔ ཐོབ་བྱ་ཐབས་ཤེས་དབྱེར་མེད་སྣང་༔ ས་ནི་བཅུ་གཅིག་ཀུན་ཏུ་འོད༔ ཕྲིན་ལས་བཞི་ཀ་ལྷུན་གྱིས་གྲུབ༔ འབྲས་བུ་སྐུ་ལྔས་འགྲོ་དོན་བྱེད༔ དབང་འདི་ཐོབ་ན་རྒྱལ་བུ་ཉིད༔ རྒྱལ་སར་ཐོན་ལྟར་ཕྱིར་མི་ལྡོག༔ ཞེས་བརྗོད་ལ་དབང་གི་རྗེས་རྣམས་སྐྱོང་ཞིང་༔ དབེན་པར་སྒྲུབ་པ་ལ་དམ་དུ་བཅས་ལ༔ རང་དོན་མ་འགྲུབ་བར་བསྒོམ་དུ་གཞུག་གོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏད་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔

ཨེ་མ་བདག་འདྲ་ཡེ་ཤེས་མཚོ་རྒྱལ་གྱིས༔ དབང་བཞི་ལག་ལེན་ཟབ་མོ་འདི༔ རྒྱུད་ནས་ཕྱུངས་ཏེ་ཡི་གེར་བཀོད༔ ཨོ་རྒྱན་ཕྱག་བཞེས་ཇི་ལྟ་བར༔ གབ་འཁྲུག་གོང་འོག་ཡོད་རེ་ཀན༔ བཞི་རྫོགས་དབང་བསྐུར་སྣོད་ལྡན་ནི༔ བརྒྱ་ལམ་ནས་ནི་རེས་འགའ་ཙམ༔ ཀུན་ལ་བུམ་དབང་འབྲེལ་བ་ཐོགས༔ གོང་མ་གསུམ་ནི་ཤིན་ཏུ་གསང་༔ མ་འོངས་སྙིགས་མ་ལྔ་བརྒྱའི་དུས༔ བཞི་རྫོགས་དབང་ཐོབ་རེ་འགའ་ཙམ༔ སྐལ་ལྡན་འགའ་ཡི་རྒྱུད་སྨིན་ཕྱིར༔ ཤིན་ཏུ་ཟབ་པས་ཡི་གེར་བཏབ༔ སྙིགས་དུས་རྣམ་མཁྱེན་གཅིག་གིས་ཁྲོལ༔ དབང་བཞི་ཆུ་རྒྱུན་འཕྲད་ཚད་རང་གྲོལ་ཞེས་བྱ་བ༔ ཨོ་རྒྱན་པདྨའི་ཕྱག་བཞེས་མ་ནོར་བར༔ བདག་འདྲ་ཡེ་ཤེས་མཚོ་རྒྱལ་གྱིས༔ ཡི་གེ་བརྒྱ་རྩ་བརྒྱད་དུ་བཏབས་པ་རྫོགས་སོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ སྦས་རྒྱ༔ གྲུབ་ཐོབ་ཀརྨ་གླིང་པས་སྒམ་པོ་གདར་གྱི་རི་ལྷ་བྲན་གར་བྱེད་པ་འདྲ་བ་ནས་གདན་དྲངས་པའོ༔ ཤུ་བྷཾ༔

གཏོར་དབང་རེག་པ་དོན་ལྡན།

༁ྃ༔ ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་ལས་གཏོར་དབང་རེག་པ་དོན་ལྡན་བཞུགས་སོ༔

༁ྃ༔ ཞི་ཁྲོ་རྩ་གསུམ་ལྷ་ལ་ཕྱག་འཚལ་ལོ༔ ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་གྱི༔ གཏོར་དབང་རེག་པ་དོན་ལྡན་བསྐུར་བ་ནི༔ རྒྱུད་ལས༔ མཐའ་བརྟེན་གཏོར་མའི་དབང་བསྐུར་ནི༔ སྨོན་ལམ་དང་བཅས་བུ་ལ་བསྐུར༔ ཞེས་པས༔ གཏོར་མའི་རྒྱུ་ནི་སྤོད་སྣ་ཚོགས་དང་༔ མངར་གསུམ་གར་ཆང་གིས་སྦྲུས་པ་ལ༔ གཏོར་མ་ཟླུམ་པོ་པད་འདབ་བརྒྱད་ཀྱིས་བསྐོར་བའི་རྩེ་མོ་རྡོ་རྗེ་ཕྱེད་པས་མཚན་པ༔ གཡས་གཡོན་གཉིས་སུ་ཉི་ཟླས་བརྒྱན་པ༔ དཀར་དམར་མཐིང་ག་༼ཐིག་༽གུར་དང་རྩ་བ་གསུམ་གྱི་ཙཀླིའི་བརྒྱན༔ དར་སྣ་ལྔའི་གུར་ཕུབ༔ ཟས་སྣ་དང་སྨན་སྣས་བྲན༔ དཀྱིལ་འཁོར་གྱི་དབུས་སུ་བཀོད༔ གཏོར་ཚོགས་དང་ཕྱི་ནང་གསང་མཆོད་ཀྱིས་བསྐོར༔ རོལ་མོ་སྣ་ཚོགས་སྦིར་ཞིང་༔ ལས་བྱང་རྒྱས་བསྡུས་འབྲིང་གསུམ་གང་རུང་བསྲང་༔ ཚོགས་འཁོར་རྒྱས་པར་ཐོན་ནས་དུས་ལ་བབས་དུས༔ རྒྱལ་ཐེབས་ཀྱིས་གཏོར་ཆེན་བཟུང་༔ བླ་མ་རྒྱན་དང་ལྡན་པས་རྡོ་རྗེ་དྲིལ་བུ་ཐོགས༔ གཟུངས་མས་བདུད་རྩི་ཀ་པཱ་ལ་ཁྱེར༔ ལས་གཡོག་པས་སྤོས་བསྲེེག༔ རོལ་མོ་སྣ་ཚོགས་སྦིར་ཞིང་༔ གཏོར་ཆེན་སློབ་བུའི་སྤྱི་བོར་བཞག་ལ་འདི་སྐད་དོ༔ འོ་སྐལ་ལྡན་རིགས་ཀྱི་བུ༔ དད་པ་དང་དམ་ཚིག་ལྡན་པ་རྣམས་ཉོན་ཅིག༔ གཏོར་མའི་སྣོད་གཞལ་ཡས་ཁང་སུམ་ཐོག་གི་ནང་ན༔ རྩེ་མོ་ན་བླ་མ་རྣམས་བཞུགས་པ༔ བར་ན་ཡི་དམ་ལྷ་ཚོགས་རྣམས་བཞུགས་པ༔ འོག་ན་མ་དང་མཁའ་འགྲོ་རྣམས་བཞུགས་པ༔ འདབས་འཁོར་ན་ཆོས་སྐྱོང་རྣམས་ཁྲོམ་ཚོགས་པ་བཞིན་དུ་བཞུགས་པར་བསམ༔ ལྷ་ཚོགས་དེ་དག་རྣམས་ཀྱི་སྐུ་གསུང་ཐུགས་ནས་བདུད་རྩི་འོད་ཟེར་དང་བཅས་པ་ཁྱེད་རང་རྣམས་ཀྱི་སྤྱི་བོ་ནས་མར་ལན་གསུམ་བབས་པས༔ དང་པོས་སྡིག་སྒྲིིབ་རྣམས་དག༔ གཉིས་པས་ལུས་ཁེངས༔ གསུམ་པས་གནས་གསུམ་དུ་འབྲུ་གསུམ་གྱིས་བརྒྱན་པར་སྒོོམས་ལ༔ མོས་གུས་དྲག་པོ་སྐྱེད་ཅིག༔ ༀ་ཨཱཿཧཱུྃ༔ སྐྱེ་མེད་དབྱིངས་ཀྱི་གཏོར་སྣོད་དུ༔ འགགས་མེད་སྣང་བའི་གཏོར་ཆེན་བཤམས༔ རོལ་རྩལ་སྣ་ཚོགས་རྒྱན་གྱིས་སྤྲས༔ རྩ་བ་གསུམ་གྱི་ལྷ་ཚོགས་ཀྱི༔ དབང་འདི་ཁྱོད་ལ་བསྐུར་བར་བྱ༔ དབང་མཆོག་འདི་ཡི་བྱིན་རླབས་ཀྱིས༔ སྐྱེ་གནས་བར་དོར་གྲོལ་བར་ཤོག༔ རྨི་ལམ་བར་དོར་ངོ་ཤེས་ཤོག༔ བསམ་གཏན་བར་དོར་གདིང་ཐོབ་ཤོག༔ འཆི་ཁ་བར་དོར་རང་གྲོལ་ཤོག༔ ཆོས་ཉིད་བར་དོར་ངོ་ཤེས་ཤོག༔ སྲིད་པ་བར་དོར་དབུགས་དབྱུང་ནས༔ གཞན་དོན་དཔག་མེད་འགྲུབ་པ་དང་༔ སྐུ་གསུམ་ལྷུན་གྱིས་གྲུབ་པར་ཤོག༔ གུ་རུ་དྷེ་ཝ་དྷཱ་ཀི་ནཱི་སརྦ་སིདྡྷི་ཕ་ལ་ཨ་བྷི་ཥིཉྩ་ༀ་ཨཱཿཧཱུྃ་ཧྲཱི༔ ཞེས་བརྗོད་པས་རང་རང་རྣམས་རྩ་བ་གསུམ་གྱི་ངེས་ཤེས་གདེངས་དང་ལྡན་པར་བྱའོ༔ དེ་ནས་གཡས་སུ་དངོས་གྲུབ༔ གཡོན་དུ་བྷནྡྷའི་བདུད་རྩི་བསྣམས༔ ངག་ཏུ༔ ཀཱ་ཡ་སིདྡྷི་ༀ༔ ཝཱཀ྄་སིདྡྷི་ཨཱ༔ ཙིཏྟ་སིདྡྷི་ཧཱུྃ༔ སརྦ་སིདྡྷི་ཧྲཱི༔ ཞེས་ཚར་གསུམ་བརྗོད་ཅིང་རང་ཡི་དམ༔ མགྲིན་པར་བླ་མ༔ ལྟེ་བར་མཁའ་འགྲོ་ཆོས་སྐྱོང་རྣམས་གསལ་བས་དུས་གཅིག་རོལ་བར་བྱའོ༔ ཚེག་ཆུང་དོན་ཆེ་དངོས་གྲུབ་མྱུར༔ གཏོར་དབང་རེག་པ་དོན་ལྡན་འདི༔ རྒྱུད་ལ་བརྟེན་ཏེ་པདྨས་བཀོད༔ མཚོ་རྒྱལ་བདག་གིས་ཟིན་བྲིས་བྱས༔ ཕྱི་རབས་རྣམས་ལ་ཕན་ཐོགས་ཤོག༔ ས་མ་ཡ༔ རྒྱཿརྒྱཿརྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གྲུབ་ཐོབ་ཀརྨ་གླིང་པས་སྒམ་པོ་གདར་གྱི་རི་བོ་ནས་བཏོན་པའོ།། །།

དབང་གི་སྔོན་འགྲོ་ལྷན་ཐབས།

ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་ལས་དབང་གི་སྔོན་འགྲོ་ལྷན་ཐབས་བཞུགས་སོ། །

ཞི་ཁྲོ་སྐུ་གསུམ་ལྷ་ལ་ཕྱག་འཚལ་ལོ། །སྐོང་བཤགས་ཉམས་ཆག་རང་གྲོལ་གྱི་དབང་གི་སྔོན་འགྲོའི་ལྷན་ཐབས་འདི་ལ་གསུམ་སྟེ། དཀྱིལ་འཁོར་གྱི་བཀོད་པ་བཤམས་ཞིང་བུམ་པ་སྟ་གོན་བྱ་བ་དང་གཅིག །སློབ་མས་སྔོན་འགྲོའི་སྟ་གོན་གྱི་རིམ་པ་ལ་འཇུག་པ་དང་གཉིས། དལ་དུ་འཇུག་ཅིང་དབང་བསྐུར་བ་དང་གསུམ་མོ། །དང་པོ་དཀྱིལ་འཁོར་བཀོད་པ་ནི། དབེན་ཞིང་ཡིད་དུ་འོང་བའི་གནས་སུ། ཞི་ཁྲོའི་དཀྱིལ་འཁོར་བྲི་བ་རྒྱན་བཀོད་པ་མཆོད་གཏོར་དང་བུམ་པ་བཤམས་པ་ལ་སོགས་ཞི་ཁྲོ་གཞན་དང་འདྲའོ། །དབང་རྫས་རྣམས་རང་གཞུང་ནས་གསུངས་པ་ལྟར། སྟ་གོན་བྱའོ། །སློབ་མ་སྔོན་འགྲོའི་སྟ་གོན་ལ་བཅུ་སྟེ། དང་པོ་ཕྱི་རོལ་དུ་སློབ་བུ་རྣམས་རྡོ་རྗེ་རྒྱལ་ཐེབ་ཀྱིས་ཁྲིད། ལས་བུམ་གྱི་ཆུས་བཀྲུ་ཞིང་། ཁྲུས་ཚིག་འདི་བརྗོད་དོ། །ཧཱུྃ། བདེ་གཤེགས་རྒྱལ་བ་རྣམས་ཀྱི་ཐུགས་རྗེའི་ཆུ། །སྐལ་ལྡན་རྣམས་ཀྱི་ལུས་ངག་ཡིད་གསུམ་ལ། །གནས་པའི་ཉེས་སྐྱོན་སྒྲིབ་པའི་ཚོགས་རྣམས་ཀུན། །བཀྲུ་བར་བགྱིའོ་བྱང་ཞིང་དག་གྱུར་ཅིག །ༀ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལཱི་ཧཱུྃ། སྡིག་པ་དང་སྒྲིབ་པ་སརྦ་པཱ་པཾ་ད་ཧ་ན་ཤཱནྟི་ཾཀུ་རུ་སྭཱ་ཧཱ། ཞེས་པས་བཀྲུ་ཞིང་། སློབ་མ་རྣམས་ལ་ཡང་ཡིག་བརྒྱ་བཟླར་གཞུག་གོ། གཉིས་པ་མཆེད་ལྕམ་རྣམས་ལ་མེ་ཐུན་དང་ཆུ་ཐུན་བརྡེག་ཅིང་། གར་གིང་དང་ཁྲོ་བོའི་ཆ་ལུགས་ཀྱིས་བགེགས་བསྐྲད་པ་དང་། རྡོ་རྗེ་སློབ་དཔོན་གྱིས་སུམྦྷ་སོགས་དྲག་སྔགས་ཀྱིས་བསྐྲད་པར་བྱའོ། །གསུམ་པ་རྡོ་རྗེ་སློབ་དཔོན་ཁྲི་ལ་བཞུགས་ཤིང་། གཡས་སུ་རྡོ་རྗེ་རྒྱལ་ཐེབ་དང་། གཡོན་དུ་གཟུངས་མ། ཕོ་ཐམས་ཅད་གཡས་མོ་ཐམས་ཅད་གཡོན་དུ་གྲལ་ལ་འཁོད་ལ། ཐམས་ཅད་ཀྱིས་གུས་པས་ཕྱག་འཚལ་ཞིང་ཡན་ལག་བདུན་པ་བྱའོ། །བཞི་པ་མཎྜལ་འབུལ་ཞིང་། དེ་ནས་གསོལ་བ་གདབ་པ་ནི། ཨེ་མ་མགོན་པོ་ཐུགས་རྗེ་ཅན། །རིགས་དྲུག་གནས་སུ་ལྟུང་བ་ཡི། །སྐྱབས་བྲལ་མགོན་མེད་སེམས་ཅན་ལ། །ཐུགས་རྗེའི་ལྕགས་ཀྱུས་བཟུང་དུ་གསོལ། །ལན་གསུམ་བྱའོ། ༈ ལྔ་པ་ནི་སློབ་དཔོན་གྱིས་དལ་འབྱོར་རྙེད་པར་དཀའ་བ་འདི་ལྟ་བུའི་ཆོས་དང་འཕྲད་པར་དཀའ་བའི་ཚུལ་དང་། འགྱོད་ཚངས་རྒྱལ་པོའི་འབྱུང་ཁུངས། ཁྱད་པར་བྲམ་ཟེ་དུང་གི་ཕྲེང་བའི་ལོ་རྒྱུས་རྣམས་རྒྱས་པར་གསུངས།

༈ དྲུག་པ་དངོས་གྲུབ་ཀྱི་པྲ་བརྟགས་སོ་ཤིང་དོར་བ་ནི། །ཤིང་སོར་བཅུ་གཉིས་པ་མགོ་མཇུག་མ་ལོག་པ། སྟོད་རྒྱ་མདུད་ཆང་ཟུང་ལྕིམ་གཞོག་ལ། སྨད་ཟླ་གམ་དབྱིབས་ཅན། མེ་ཏོག་སྔོན་པོ་དང་། དར་མཐིང་གའི་ཅོད་པན་གྱིས་སྤྲས་པ་སློབ་མའི་གྲངས་དང་མཉམ་པའམ། མ་འབྱོར་ན་ལྔ་ལ་བྱའོ། །དཀྱིལ་འཁོར་ཀྱི་ནུབ་ཏུ་པདྨ་འདབ་བཞིའི་དལ་ལམ། ཚོམ་བུ་ལྔ་བཀོད་ལ་རིགས་ལྔར་བསྐྱེད། མཆོད་བསྟོད་བསྡུས་པ་ཞིག་བྱས་པའི་སྟེང་དུ། ལག་གཉིས་ཐལ་མོའི་བར་དུ་བཅུག་ལ་དོར། ཀྱེ། བུ་ཁྱོད་དཀྱིལ་འཁོར་ཆེན་པོ་རུ། །ཞུགས་ནས་དངོས་གྲུབ་བརྟག་བྱའི་ཕྱིར། །ཡེ་ཤེས་ལྔ་ལྡན་སོ་ཤིང་འདི། །རྡོ་རྗེ་ཐལ་སྦྱར་སོ་ཡིས་དོར། །ཅེས་སོ་རྩ་བྲུ་བའི་ཚུལ་གྱིས་དཀྱིལ་འཁོར་གྱི་དབུས་སུ་གཏད་དེ། དོར་བའི་ཚིག་ནི། ཀྱེ་ཧོ། བླ་མས་ཇི་ལྟར་བསྒོས་པ་ལྟར། །ཚད་དང་ལྡན་པའི་སོ་ཤིང་འདི། །དངོས་གྲུབ་དམ་པ་ཐོབ་བྱའི་ཕྱིར། །དཀྱིལ་འཁོར་དབུས་སུ་དོར་བར་བྱ། །དངོས་གྲུབ་ཇི་ལྟར་འབྱུང་བ་ཡི། །ཕྱོགས་ཀྱི་ལྷ་ལ་ཕོག་པར་ཤོག །ༀ་གུ་རུ་དྷེ་ཝ་ཌཱ་ཀི་ནཱི་བཛྲ་ཧཱ་ས་ཧ། ཞེས་པས་དོར་བས་ཤར་དུ་རྩེ་མོ་བསྟན་ན་ཞི་བ། དེ་བཞིན་དུ་ལྷོར་རྒྱས་པ། ནུབ་ཏུ་དབང་། བྱང་དུ་དྲག་པོ། སྟེང་དུ་མཁའ་སྤྱོད་དམ་མཆོག་ཐོབ། འོག་ཏུ་ུས་སྤྱོད། མཚམས་སུ་དངོས་གྲུབ་ཕྲན་ཚེག་རེ་འགྲུབ། ཕྱིར་སོང་ན་བསྐྱལ། ཆགས་པ་དང་གས་པ་བྱུང་ན་སློབ་མ་དེ་ལ་བར་ཆད་འོང་ཉེན་ཡོད་པས་རྐྱེན་བཟློག་ལ་འབད། མེ་ཏོག་ཅོད་པན་ཟག་ན་གོད་ཀ་འོང་ཉེན་ཡོད་པས་དེའི་ཆོ་ག་ལ་བརྩོན་པར་བྱའོ། །དལ་བསྡུ་ལྷ་གཤེགས་མི་དམིགས་པའི་རྒྱས་གདབ་བོ། །

༈ བདུན་པ་ཁྱོར་ཆུ་བླུད་པ་ནི། ལས་ཐམས་ཅད་པའི་ཆུ་དུང་ཞལ་དུ་བླུགས་ཏེ། བཾ་ལས་བྱུང་བའི་ཆུ་དེ་བཾ་བདུན་བརྗོད་པས་གཡས་ཀྱི་ལག་པར་སྦྱིན་ཞིང་། ༀ་ཧྲཱིཿབི་ཤུདྡྷེ་སརྦ་དྷརྨ། སརྦ་པཱ་པཾ་ནི་ཙཪྻ། སརྦ་སཾ་ཤྭ་དྷ་ནི། སརྦ་བི་ཀ་ལ་པ་ཨཱ་པ་ནཱ་ཡ་ཧཱུྃ། ཞེས་བརྗོད་ཅིང་ལན་གསུམ་འཐུང་དུ་བཅོལ།

༈ བརྒྱད་པ་སྲུང་སྐུད་དམར་པོ་གསུམ་སྒྲིལ་མཐོ་གསུམ་པ་ལ། རིགས་གསུམ་མགོན་པོའི་སྔགས་བཟླ་ཤིང་མདུད་ལ། ཕོའི་གྲུ་མོ་གཡོན། མོའི་གྲུ་མོ་གཡས་སུ་གདག་ཅིང་། རྡོ་རྗེ་ཐེག་པའི་དཀྱིལ་འཁོར་དུ། །འཇུག་པའི་བར་ཆད་བྱེད་པའི་བགེགས། །བསྲུང་ཕྱིར་རྡོ་རྗེའི་སྲད་བུ་འདི། །སྐལ་ལྡན་ཁྱོད་ལ་གདག་པར་བགྱི། །ༀ་གུ་རུ་དྷེ་ཝ་ཌཱ་ཀི་ནཱི་བུདྡྷ་མཻ་ཏྲི་སརྦ་རཀྵ་རཀྵ་སརྦ་སྭཱ་ཧཱ། ཞེས་པས་གདབ་བོ། །

༈ དགུ་པ་རྩྭ་ཀུ་ཤ་ལ་ཧཱུྃ་ལས་བྱུང་བའི་སྔས་སྟན་བསམས་ལ། ལག་པ་གཡས་གཡོན་དུ་གཏད་ལ། སྐལ་ལྡན་ཁྱོད་ནི་དུས་གསུམ་དུ། །དགེ་དང་མི་དགེ་གྱུར་པ་གང་། །དཀྱིལ་འཁོར་འདི་འདྲ་མཐོང་བ་ཡི། །བརྟག་པར་བྱ་ཕྱིར་སྔས་སྟན་སྦྱིན། །ལེགས་ཉེས་མཚན་མ་ཅི་བྱུང་ཡང་། །ནང་པར་ང་ལ་མ་གསང་སྨྲོས། །ༀ་བཛྲ་ཏིཀྵ་ཎ་བྃ། ཞེས་བྱིན། སློབ་མས། ༀ་བཛྲ་ཏིཀྵ་ཎ་སིདྡྷི་ཧཱུྃ། ཞེས་བླངས་ལ། གཡས་སུ་གཏད་པ་ལ་སྔས། གཡོན་དུ་གཏད་པ་ལ་གདན་བྱས་ཏེ། གཙང་ཞིང་དབེན་པའི་སར་སེང་གེའི་ཉལ་སྟབས་བྱ་ལ་ཉལ་ཞིང་། ༀ་མུ་ཙི་ནི་སྭཱ་ཧཱ། ༀ་མུ་ཁ་ལེ་སྭཱ་ཧཱ། ༀ་མོ་ཧ་ནི་སྭཱ་ཧཱ། ༀ་དྷ་ན་དྷ་ལི་སྭཱ་ཧཱ། ཅེས་ཉེར་གཅིག་གམ་བརྒྱ་རྩ་བརྒྱད་བཟླས་ལ། བླ་མ་ཞི་ཁྲོ་རབ་འབྱམས་ཀྱི་དཀྱིལ་འཁོར་ལྷ་ཚོགས་ཐམས་ཅད་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །བདག་ལ་འདས་མ་འོངས་ད་ལྟ་དུས་གསུམ་གྱི་དགེ་དང་མི་དགེ་བའི་ལྟས་ཐམས་ཅད་བསྟན་དུ་གསོལ། །ཞེས་སྨོན་ལམ་བཏབ་ལ་ཉལ། ནང་པར་ལྟས་གང་བྱུང་རྡོ་རྗེ་རྒྱལ་པོ་ལ་བརྗོད་ལ། ངན་པའི་ལྟས་བྱུང་ན་ཆོ་ག་ལ་འབད་པར་བྱའོ། །

༈ བཅུ་པ་ནི། ཞི་ཁྲོའི་འཛབ་བཟླ་བའམ། ཡང་ན་ཡི་གེ་བརྒྱ་པའི་འཛབ་ལ་འབད་པར་བྱའོ། །དེ་དག་ནི་སློབ་མ་སྔོན་འགྲོ་སྟ་གོན་གྱི་རིམ་པ་ལ་འཇུག་པའི་བྱ་བ་ཡིན་ནོ། །

༈ གསུམ་པ་དལ་དུ་འཇུག་ཅིང་སྔོན་འགྲོའི་དབང་བསྐུར་བ་ལ་གཉིས་ཏེ། སློབ་མ་དལ་དུ་འཇུག་པ་དང་། སྔོན་འགྲོའི་དབང་རིགས་དྲུག་གནས་ནས་དྲང་བའི་ཕྱིར་དུ་བསྐུར་བའོ། །དང་པོ་དལ་དུ་འཇུག་པ་ལ་བཅུ་གཅིག་སྟེ། དང་པོ་དལ་དུ་འཇུག་པའི་ཕྱིར་དུ། རྡོ་རྗེ་རྒྱལ་པོ་ལ་མཎྜལ་འབུལ་ཞིང་། ཁྱོད་རང་གི་ལུས་ལོངས་སྤྱོད་དང་བཅས་པ་ཕུལ་ནས་གསོལ་བ་གདབ་པ་ནི། ཨེ་མ་མགོན་པོ་ཐུགས་རྗེ་ཅན། །བདག་སོགས་འགྲོ་བ་མ་ལུས་པ། །ལོག་པའི་ལམ་དུ་ཞུགས་པ་རྣམས། །བདེ་ཆེན་ཐར་པའི་ལམ་བསྟན་འཚལ། །ཞེས་ལན་གསུམ་བྱའོ། །གཉིས་པ་སློབ་དཔོན་གྱིས་འདི་སྐད་ལན་སྦྱིན་པ་ནི། ཨེ་མ་འདིར་འདུས་སྐལ་ལྡན་ལས་ཅན་རྣམས། །སྔོན་ཆད་མ་རིགས་རྨོངས་པའི་ལས་དབང་གིས། །དུག་གསུམ་གྱིས་བཅིངས་ངན་སོང་གསུམ་དུ་མནར། །དེང་ནས་བརྩམས་ཏེ་རྒྱལ་བའི་ཐུགས་རྗེ་ཡི། །ཕོ་ཉས་བཟུང་སྟེ་དཀྱིལ་འཁོར་གྲལ་དུ་འགོད། །དོན་འབྲས་འདོད་ཕྱིར་དད་པའི་ཤུགས་བསྐྱེད་ལ། །སྐུ་གསུམ་ཞིང་ཁམས་ཕོ་བྲང་འདིར་ཤོག་ཅིག །བླ་མེད་དོན་གྱི་འབྲས་བུ་སྦྱིན་པར་བགྱི། །ཞེས་བརྗོད་པར་བྱའོ། །

༈ གསུམ་པ་སྐྱབས་སུ་འགྲོ་བ་ལ། མདུན་གྱི་ནམ་མཁར་དཀོན་མཆོག་གསུམ་དང་ཞི་ཁྲོ་རབ་འབྱམས་ཀྱི་ལྷ་ཚོགས་རྣམས་མངོན་སུམ་དུ་བཞུགས་པར་བསྒོམས་ལ་ཐལ་མོ་སྦྱར་ཞིང་། ཐུན་མོང་གི་སྐྱབས་འགྲོ་ཞུ་བའི་དོན་དུ་རྗེས་ཟློས་གྱིས་ཤིག །ཨེ་མ་ཕྱོགས་བཅུའི་སངས་རྒྱས་བྱང་སེམས་དང་། །བླ་མ་ཡི་དམ་མཁའ་འགྲོ་དགོངས། །རྐང་གཉིས་གཙོ་བོ་སངས་རྒྱས་དང་། །ཞི་བ་ཆགས་བྲལ་དམ་པའི་ཆོས། །ཚོགས་མཆོག་འཕགས་པའི་དགེ་འདུན་ལ། །བདག་ནི་གུས་པས་སྐྱབས་སུ་མཆི། །ལན་གསུམ་བྱའོ། །ད་ཁྱད་པར་གྱི་སྐྱབས་འགྲོ་ཞུ་བའི་དོན་དུ་རྗེས་ཟློས་གྱིས་ཤིག་བྱས་ལ། ཀུན་བཟང་ཞི་ཁྲོའི་ལྷ་ཚོགས་དང་། །དམ་པ་རིགས་བརྒྱའི་ལྷ་ཚོགས་ལ། །འདི་བཟུང་བླ་མེད་བྱང་ཆུབ་བར། །གུས་པས་སྐྱབས་སུ་ཉེ་བར་མཆི། །ཞེས་ལན་གསུམ་བརྗོད་ལ། དེས་སྐྱབས་སུ་འགྲོ་བའི་སྡོམ་པ་སྔར་མ་ཐོབ་པ་ཐོབ་པ་ཡིན། ཉམས་ན་སོས་པར་འགྱུར་བ་ཡིན། དེ་ལ་བསླབ་བྱ་དགོས་པ་ཁྱད་པར་གྱི་བསླབ་བྱ་དྲུག །ཐུན་མོང་གི་བསླབ་བྱ་ལྔ་སྟེ། བསླབ་བྱ་བཅུ་གཅིག་དང་ལྡན་པར་བྱེད་པ་གལ་ཆེའོ། །བཞི་པ་སོ་སོར་ཐར་པའི་སྡོམ་པ་ཞུ་བའི་དོན་དུ་རྗེས་ཟློས་གྱིས་ཤིག་བྱས་ལ། བླ་མ་ཀུན་བཟང་སྤྱན་སྔ་རུ། །ལུས་ངག་ཡིད་ཀྱིས་གཞན་རྣམས་ལ། །གནོད་པ་ལས་བཟློག་དགེ་བ་བསྒྲུབ། །དགེ་བསྙེན་དགེ་ཚུལ་དགེ་སློང་སོགས། །སོ་སོར་ཐར་པའི་སྡོམ་པ་ལ། །རྒྱུན་དུ་གནས་ཤིང་དགའ་བ་བསྒོམ། །སྡོམ་པ་ཡོངས་སུ་བཟུང་བར་བགྱི། །ཞེས་ལན་གསུམ་གྱིས་ཕྱི་སོ་ཐར་གྱི་སྡོམ་པ་བཟུང་བར་བྱ།

༈ ལྔ་པ་ནང་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་ལ་དང་པོ་སྨོན་པ་སེམས་བསྐྱེད་བླང་བ་ནི། བླ་མ་ཀུན་བཟང་དགོངས་སུ་གསོལ། །འདི་བཟུང་བྱང་ཆུབ་མ་ཐོབ་པར། །འགྲོ་དྲུག་སེམས་ཅན་ཐམས་ཅད་ལ། །མ་དང་བུ་ཡི་འདུ་ཤེས་ཀྱིས། །མ་བརྒལ་བ་རྣམས་བསྒྲལ་བ་དང་། །མ་གྲོལ་བ་རྣམས་དགྲོལ་བ་དང་། །དབུགས་མ་ཕྱུང་རྣམས་དབུགས་དབྱུང་ཕྱིར། །སྨོན་པའི་བྱང་ཆུབ་སེམས་བསྐྱེད་དོ། །ཞེས་ལན་གསུམ་བྱ། དེ་རྗེས་འཇུག་པ་སེམས་བསྐྱེད་བླང་བ་ནི། སྔོན་གྱི་རྒྱལ་བ་ཐམས་ཅད་ཀྱང་། །སྡོམ་པ་ལ་ནི་གནས་པ་ལྟར། །འདི་བཟུང་འཁོར་བ་མ་སྟོངས་པར། །བླ་མེད་འཇུག་པའི་བྱང་ཆུབ་སེམས། །དེ་ནི་བདག་གིས་བསྐྱེད་པར་བགྱི། །ཕར་ཕྱིན་དྲུག་ལ་བསླབ་ཅིང་བསྒྲུབ། །བརྩོན་འགྲུས་དག་གིས་ཐམས་ཅད་བསྒྲལ། །ཀུན་དོན་ཚུལ་ཁྲིམས་གསུམ་ཡང་བཟུང་། །བདག་གིས་སེམས་བསྐྱེད་སྡོམ་བཟུང་ནས། །མ་གྲོལ་དགྲོལ་དང་མ་བརྒལ་བསྒྲལ། །དབུགས་དབྱུང་མྱ་ངན་འདས་ལ་འགོད། །ཅེས་ལན་གསུམ་བྱའོ། །དེ་ནས་སྨོན་འཇུག་གཉིས་ཀྱི་སྡོམ་པ་བྱང་སེམས་ཀྱི་བསླབ་བྱ་ཐོབ་པ་ཡིན་ནོ། །

༈ དྲུག་པ་གསང་སྔགས་ཀྱི་སྡོམ་པ་བླང་བ་ནི། འདིའི་རྗེས་ཟློས་མཛོད་ཅིག་བྱས་ལ། དཀོན་མཆོག་གསུམ་ནི་མི་སྤང་ངོ་། །རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་དང་། །བྱང་ཆུབ་སེམས་ནི་སྤང་མི་བྱ། །རིན་ཆེན་རིགས་ཀྱི་དམ་ཚིག་ཏུ། །སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན། །པདྨ་རིགས་ཀྱི་དམ་ཚིག་ཏུ། །ཐེག་པ་གསུམ་དང་ཆོས་རྣམས་བཤད། །ལས་ཀྱི་རིགས་ཀྱི་དམ་ཚིག་ཏུ། །འགྲོ་བའི་དོན་ལ་བརྩོན་པར་བྱ། །དེ་བཞིན་རིགས་ཀྱི་དམ་ཚིག་ཏུ། །དཀྱིལ་འཁོར་གསུམ་དང་འབྲལ་མི་བྱ། །རྩ་བ་ཡན་ལག་དམ་ཚིག་ཀུན། །མ་ལུས་བདག་གིས་ཡོངས་སུ་བཟུང། །ཞེས་ལན་གསུམ་གྱིས་རིགས་ལྔའི་དམ་ཚིག་གི་སྡོམ་པ་ལེགས་པར་ཐོབ་པ་ཡིན་ནོ། །ཞིབ་ཏུ་བྱེད་ན་དེ་དག་གི་དམ་ཚིག་རིམ་པར་བཤད་པར་བྱའོ། །

༈ བདུན་པ་ནི། མིག་དར་དམར་པོས་གཡོགས་ལ། ༀ་ཨཱ་ཁཾ་ཝཱི་ར་ཧཱུྃ། ཞེས་བྱའོ། །

༈ བརྒྱད་པ་ཅོད་པན་ཐོགས་ནས་དཀྱིལ་འཁོར་བསྐོར་ལ། ཤར་སྒོ་དབྱེ་ལ་འདི་སྐད་བརྗོད། བདག་ཅག་རིག་པའི་མེ་ཏོག་འདི། །ཡི་དམ་ཞི་ཁྲོའི་ལྷ་ལ་འབུལ། །སྔོན་ནས་ལས་འཕྲོ་གང་ཡོད་པའི། །ཡི་དམ་ལྷ་ལ་བབ་པར་ཤོག །པྲ་ཏི་ཛ་ཧོ། ཞེས་ཅོད་པན་དཀྱིལ་འཁོར་གྱི་སྟེང་དུ་བསྐུར། མེ་ཏོག་གང་ཕོག་དེའི་གསང་མཚན་གདག་གོ། དགུ་པ་ནམ་མཁའི་དཀྱིལ་འཁོར་ཁ་དོག་དྲིས་ལ། དཀར་པོ་མཐོང་ན་ཞི་བའི་ལས་འགྲུབ། དེ་བཞིན་དུ་སེར་པོ་ལ་རྒྱས་པ། དམར་པོ་ལ་དབང་། ནག་པོ་དང་ལྗང་ཀུ་ལ་དྲག་པོ། ཁྲ་བོ་ལ་སྣ་ཚོགས་འགྲུབ་པའོ། །

༈ བཅུ་པ་ནི་སློབ་དཔོན་གྱི་དྲུང་དུ་ཁྲིད་ལ། མིག་རས་དབྱེ་བ་ནི། ཇི་ལྟར་མིག་མཁན་རྒྱལ་པོ་ཡིས། །རབ་རིབ་ལིང་ཏོག་བསལ་བ་ལྟར། །དེ་བཞིན་བུ་ཁྱོད་མ་རིག་པའི། །ཉོན་མོངས་དྲུག་གིས་བསྒྲིབས་པ་ཡི། །མ་རིག་ལིང་ཏོག་བསལ་བར་བྱ། །ན་ར་ཀ། པྲེ་ཏ་ཀ། ཏིར་ཡ་ཀ། དེ་བ་ཨ་ལི། དེ་བ་ཨ་ནུ་ཤ། ཙཀྵུཿཔྲ་བེ་ཤ་ཡ་ཨཱ། ཞེས་བརྗོད་ལ་མིག་དར་དབྱེ་བར་བྱའོ། །

༈ བཅུ་གཅིག་པ་ལྷ་ངོ་བསྟན་པ་ནི། དཀྱིལ་འཁོར་རྣམ་དག་དང་ལྷའི་བཞུགས་ཚུལ་རྣམས་བརྗོད་ཅིང་། ཡི་དམ་གྱི་ལྷ་ཡིན་པར་ངོ་ཤེས་པར་གྱིས་ཤིག །ཅེས་ལྷ་ངོ་བསྟན་པར་བྱའོ། །དེ་དག་ནི་དལ་དུ་འཇུག་པའི་རིམ་པའོ། །

༈ གཉིས་པ་སྔོན་འགྲོའི་དབང་བསྐུར་པའི་རིམ་པ་ལ། སྔགས་ཀྱི་སྣོད་དུ་རུང་བར་བྱ་བའི་ཕྱིར། ཉོན་མོངས་རྒྱུད་དྲུག་སྦྱངས་ནས། རིགས་དྲུག་གནས་ནས་སྤར་བའི་སྔོན་འགྲོའི་དབང་ནི། དང་པོ་དམྱལ་བའི་གནས་ནས་དྲངས་ཏེ་རིག་འཛིན་གྱི་གྲལ་དུ་འཁོད་པའི་དོན་དུ་གསོལ་བ་གདབ་པ་འདིའི་རྗེས་ཟློས་གྱིས་བྱས་ལ། །ཨེ་མ་མགོན་པོ་ཐུགས་རྗེ་ཅན། །བདག་སོགས་འཁོར་བའི་སྡུག་བསྔལ་ལས། །བསྐྱབ་ཕྱིར་བརྩེ་བས་རབ་བཟུང་ནས། །དབང་དང་བྱིན་རླབས་སྩལ་ཏུ་གསོལ། །ཞེས་ལན་གསུམ་བྱ། དཀྱིལ་འཁོར་དབུས་སུ་སྨན་ལྔའི་བུམ་པ་སློོབ་བུའི་མགོ་ཐོག་ཏུ་བཞག་ལ། འོ་རིགས་ཀྱི་བུ་དབུས་ཀྱི་བུམ་པ་འདི་སྨན་ལྔའི་བུམ་པ་ཡིན་ཏེ། སངས་རྒྱས་རྡོ་རྗེ་སེམས་དཔའི་རིགས་ལྔའི་ལྷ་ཚོགས་བཞུགས་པས། ཁྱོད་ལ་དབང་བསྐུར་བ་ཙམ་གྱིས། ཞེ་སྡང་དམྱལ་བའི་གནས་ལས་ཐར་ནས། ཐུགས་རྡོ་རྗེ་རིགས་ཀྱི་དབང་ཐོབ་པ་ཡིན་སྙམ་པའི་མོས་པ་དུང་དུང་མཛོད་ཅིག །ཧཱུྃ༔ ཀུན་བཟང་ཡུམ་གྱི་བུམ་པ་ན༔ རྒྱལ་བ་ཞི་ཁྲོའི་ལྷ་ཚོགས་བཞུགས༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་བས༔ དམྱལ་བའི་སྐྱེ་སྒོ་བཅད་ནས་ནི༔ ན་རཀ་སྡུག་བསྔལ་བྲལ་བར་ཤོག༔ དུ་ད་ཧ་ད་ཧ་སརྦ་ན་ར་ཀ་ག་ཏེ་ཧེ་ཏུཾ་ཧཱུྃ་ཕཊ༔ མེ་ཆུ་ལག་ཏུ་གཏད་ལ། ཧཱུྃ་ཚ་གྲང་སྐྱོབ་བྱེད་མེ་ཆུ་བསིལ་དྲོད་ལྡན༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ དམྱལ་བ་ཚ་གྲང་སྡུག་བསྔལ་ལས་གྲོལ་ནས༔ ན་ར་ཀ་ཡི་སྡུག་བསྔལ་གྲོལ་བར་ཤོག༔ ཧཱུྃ་བཛྲ་ས་ཏྭ་ས་མ་ཡ་སོགས་རྡོ་རྗེ་སེམས་དཔའི་ཡིག་བརྒྱ་བཟླ། ཧཱུྃ་བཛྲ་ཨ་བྷི་ཥིཉྩ་ཨ༔ ཞེས་བུམ་ཆུ་བླུད་ཅིང་། སྐལ་ལྡན་ཁྱོད་ལ་སྨན་ལྔའི་བུམ་པས་དབང་བསྐུར་བས། ཉོན་མོངས་པ་ཞེ་སྡང་གིས་ཀུན་ནས་བསླངས་པའི་ལས་སྒྲིབ་ས་བོན་བག་ཆགས་དང་བཅས་པ་ཐམས་ཅད་བྱང་ཞིང་དག་ནས། སེམས་ཅན་དམྱལ་བ་ཆེན་པོར་སྐྱེ་བའི་སྒོ་བཅད་དེ། ནད་ལྔའི་ཉེས་པ་ལས་གྲོལ་ནས། ཤར་ཕྱོགས་མངོན་པར་དགའ་བའི་ཞིང་ཁམས་ཀྱི་སྒོ་ཕྱེས་ནས། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་རིགས་ལྔའི་དབང་ཐོབ་སྟེ། སངས་རྒྱས་རྡོ་རྗེ་རིགས་ཀྱི་ཞིང་ཁམས་ལ་དབང་བསྒྱུར་ནས། སེམས་ཅན་གྱི་དོན་ཐོགས་པ་མེད་པར་འབྱུང་བར་གྱུར་ཅིག །ཅེས་བརྗོད་ཅིང་ལག་ཏུ་རྡོ་རྗེ་གཏད་པར་བྱའོ། །གཉིས་པ་ཡི་དྭགས་ཀྱི་གནས་ནས་སྤར་བའི་དབང་ནི། སློབ་མས་གསོལ་བ་གདབ་པ་ནི། ཀྱེ་མ་ཀྱི་ཧུད་མགོན་པོ་ཡིས། །ཐུགས་རྗེས་ཟུངས་ལ་བདག་སྐྱོབས་ཤིག །བདག་ལུས་སྒྲོལ་ལ་བདེ་ལ་འཁོད། །མགོན་པོས་མྱུར་དུ་བསྐྱབ་ཏུ་གསོལ། །ཞེས་ལན་གསུམ་བྱའོ། །སློབ་དཔོན་གྱིས་དྲི་ལྔའི་བུམ་པ་མགོར་བཞག་ལ། འོ་རིགས་ཀྱི་བུ། ནུབ་ཀྱི་བུམ་པ་འདི་ནི་དྲི་ལྔའི་བུམ་པ་ཡིན་ཏེ། སངས་རྒྱས་སྣང་བ་མཐའ་ཡས་རིགས་ལྔའི་ལྷ་ཚོགས་བཞུགས་པས། ཁྱོད་ལ་དབང་བསྐུར་བ་ཙམ་གྱིས་འདོད་ཆགས་ཡི་དྭགས་ཀྱི་གནས་ལས་ཐར་ནས་གསུང་པདྨ་རིགས་ཀྱི་དབང་ཐོབ་པ་ཡིན་སྙམ་པའི་མོས་པ་དུང་དུང་མཛོད་ཅིག །ཧཱུྃ། བདུད་རྩི་དྲི་ལྔའི་བུམ་པ་འདིར༔ བདེ་གཤེགས་གསུང་གི་ལྷ་ཚོགས་བཞུགས༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ ཡི་དྭགས་སྐྱེ་སྒོ་བཅད་ནས་ནི༔ བདེ་བ་ཅན་དུ་སྐྱེ་བར་ཤོག༔ པྲེ་པ་ཙ་པ་ཙ་སརྦ་པྲེ་ཏ་ཀ་ག་ཏེ་ཧེ་ཏུཾ་ཧཱུྃ་ཕཊ༔ ཅེས་བུམ་ཆུ་བླུད། སྒྲོམ་བུ་ལག་ཏུ་གཏད་ལ། ཨཱཿརིན་ཆེན་སྒྲོམ་གྱི་བུམ་པ་འདིར༔ རྒྱལ་བ་ཞི་ཁྲོའི་ལྷ་ཚོགས་བཞུགས༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ པྲེ་ཏ་ཀ་ཡི་སྡུག་བསྔལ་བྲལ་བར་ཤོག༔ ཨཱཾ་པདྨ་ས་ཏྭ་ས་མ་ཡ་སོགས་སྣང་བ་མཐའ་ཡས་ཀྱི་ཡིག་བརྒྱ་བཟླས་པའི་མཐར། ཨཱཾ་པདྨ་ཨ་བྷི་ཥིཉྩ་ཨཱཿསྐལ་ལྡན་ཁྱོད་ལ་དྲི་ལྔའི་བུམ་པ་དང་༔ རིན་པོ་ཆེའི་སྒྲོམ་བུའི་དབང་བསྐུར་བས། ཉོན་མོངས་པ་འདོད་ཆགས་ཀྱིས་ཀུན་ནས་བསླང་བའི་སྡིག་སྒྲིབ་ལས་ཀྱི་ས་བོན་བག་ཆགས་དང་བཅས་པ་བྱང་ཞིང་དག་ནས་ཡི་དྭགས་སུ་སྐྱེ་བའི་སྒོ་བཅད་དེ། དུག་ལྔའི་ཉེས་པ་ལས་གྲོལ་ནས། ནུབ་བདེ་བ་ཅན་གྱི་ཞིང་ཁམས་ཀྱི་སྒོ་ཕྱེས་ནས། སྣང་བ་མཐའ་ཡས་རིགས་ལྔའི་དབང་ཐོབ་སྟེ། སངས་རྒྱས་པདྨ་རིགས་ཀྱི་ཞིང་ཁམས་ལ་དབང་བསྒྱུར་ནས། སེམས་ཅན་གྱི་དོན་ཐོགས་པ་མེད་པར་འབྱུང་བར་གྱུར་ཅིག །ཅེས་བརྗོད་ཅིང་པདྨ་ལག་ཏུ་གཏད། གསུམ་པ་དུད་འགྲོའི་གནས་ནས་སྤར་བའི་དབང་ནི། གསོལ་བ་གདབ་པ་ནི། ཀྱེ་མ་ཀྱི་ཧུད་བདག་འདྲ་སོགས། །ལས་ཀྱི་རྣམ་སྨིན་རང་ལ་སྨིན། །མགོན་པོ་ཐུགས་རྗེ་ཆེན་པོ་ཡིས། །གནས་ངན་འདི་ལས་བདག་སྒྲོལ་མཛོད། །ཅེས་ལན་གསུམ། སློབ་དཔོན་གྱིས་ཤར་ནས་འབྲུ་ལྔའི་བུམ་པ་མགོར་བཞག་ལ། འོ་རིགས་ཀྱི་བུ། ཤར་གྱི་བུམ་པ་འདི་ནི་འབྲུ་ལྔའི་བུམ་པ་ཡིན་ཏེ། སངས་རྒྱས་རྣམ་པར་སྣང་མཛད་རིགས་ལྔའི་ལྷ་ཚོགས་བཞུགས་པས། ཁྱོད་ལ་དབང་བསྐུར་བ་ཙམ་གྱིས་གཏི་མུག་དུད་འགྲོའི་གནས་ལས་ཐར་ནས། སྐུ་བདེ་གཤེགས་རིགས་ཀྱི་དབང་ཐོབ་པའི་མོས་པ་དུང་དུང་མཛོད་ཅིག །ཧཱུྃ། རིན་ཆེན་འབྲུ་ལྔའི་བུམ་པ་འདིར༔ བདེ་གཤེགས་སྐུ་ཡི་ལྷ་ཚོགས་བཞུགས༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ དུད་འགྲོའི་སྐྱེ་སྒོ་བཅད་ནས་ནི༔ མངོན་དགའི་ཞིང་དུ་སྐྱེ་བར་ཤོག༔ སུ་མ་ཐ་མ་ཐ་སརྦ་ཏིར་ཡ་ཀ་ག་ཏེ་ཧེ་ཏུཾ་ཧཱུྃ་ཕཊ༔ ཅེས་བུམ་ཆུ་བླུད། པུསྟི་ལག་ཏུ་གཏད་ལ། ༀ་ཤེས་རབ་རིག་པའི་པུསྟི་འདི༔ དུས་གསུམ་རྒྱལ་བ་ཞི་ཁྲོའི་གསུང་༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ ཏིར་ཡ་ཀ་ཡི་སྡུག་བསྔལ་བྲལ་བར་ཤོག༔ ༀ་བུདྡྷ་ས་ཏྭ་ས་མ་ཡ༴ཞེས་རྣམ་སྣང་གི་ཡིག་བརྒྱ་བཟླས་པའི་མཐར། ༀ་བུདྡྷ་ཨ་བྷི་ཥིཉྩ་ཨཱཿསྐལ་ལྡན་ཁྱོད་ལ་འབྲུ་ལྔའི་བུམ་པ་དང་། པུསྟིའི་དབང་བསྐུར་བས། ཉོན་མོངས་པ་གཏི་མུག་གིས་ཀུན་ནས་བསླངས་པའི་སྡིག་སྒྲིབ་ལས་ཀྱི་ས་བོན་བག་ཆགས་དང་བཅས་པ་ཐམས་ཅད་བྱང་ཞིང་དག་ནས་དུད་འགྲོའི་སྐྱེ་གནས་སུ་སྐྱེ་བའི་སྒོ་བཅད་དེ། ཉོན་མོངས་པ་ལྔའི་ཉེས་པ་ལས་གྲོལ་ནས། ཤར་ཕྱོགས་མངོན་པར་དགའ་བའི་ཞིང་ཁམས་ཀྱི་སྒོ་ཕྱེས་ནས། རྣམ་པར་སྣང་མཛད་རིགས་ལྔའི་དབང་ཐོབ་སྟེ། སངས་རྒྱས་བདེ་གཤེགས་རིགས་ཀྱི་ཞིང་ཁམས་ལ་དབང་བསྒྱུར་ནས་སེམས་ཅན་གྱི་དོན་ཐོགས་པ་མེད་པར་འབྱུང་བར་གྱུར་ཅིག །ཅེས་བརྗོད་ཅིང་འཁོར་ལོ་ལག་ཏུ་གཏད་དོ། །

བཞི་པ་ལྷ་མིན་གྱི་གནས་ནས་སྤར་བའི་དབང་ནི། སློབ་མས་གསོལ་བ་གདབ་པ་ནི། ཀྱེ་མ་བདག་འདྲའི་སེམས་ཅན་རྣམས། །སྔོན་གྱི་ལས་ངན་དབང་གྱུར་པས། །ཀྱེ་མ་ཀྱི་ཧུད་མགོན་པོ་ཡིས། །བདག་ལུས་ངན་པ་བསྒྲལ་དུ་གསོལ། །ཞེས་ལན་གསུམ། སློབ་དཔོན་གྱིས་བྱང་ནས་སྙིང་པོ་ལྔའི་བུམ་པ་མགོ་ཐོག་ཏུ་བཞག་ལ། འོ་རིགས་ཀྱི་བུ། བྱང་གི་བུམ་པ་འདི་ནི་སྙིང་པོ་ལྔའི་བུམ་པ་ཡིན་ཏེ། སངས་རྒྱས་དོན་ཡོད་གྲུབ་པ་རིགས་ལྔའི་ལྷ་ཚོགས་བཞུགས་པས། ཁྱོད་ལ་དབང་བསྐུར་བ་ཙམ་གྱིས་ཕྲག་དོག་ལྷ་མ་ཡིན་གྱི་གནས་ལས་ཐར་ནས། ཕྲིན་ལས་ལས་ཀྱི་རིགས་ཀྱི་དབང་ཐོབ་པའི་མོས་པ་དུང་དུང་མཛོད་ཅིག །ཧཱུྃ༔ སྙིང་པོ་ལྔ་ཡི་བུམ་པ་འདིར༔ བདེ་གཤེགས་ཕྲིན་ལས་ལྷ་ཚོགས་བཞུགས༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ ལྷ་མིན་སྐྱེ་སྒོ་བཅད་ནས་ནི༔ ལས་རབ་ཞིང་དུ་སྐྱེ་བར་ཤོག༔ ཏྲི་སརྦ་དུ་ལ་སརྦ་ཀརྨ་པྲ་ཝེ་ཤ་ཡ་ཧཱུྃ་ཕཊ༔ ཅེས་བུམ་ཆུ་བླུད། དེ་ནས་གོ་མཚོན་ལག་ཏུ་གཏད་ལ། ཧཱ༔ ཤེས་རབ་དོན་མཚོན་རལ་གྲི་དང་༔ བདུད་ཀྱི་མཚོན་སྲུང་གོ་ཆ་འདི༔ དུས་གསུམ་རྒྱལ་བའི་སྦྱོར་སྒྲོལ་ཏེ༔ ཞི་ཁྲོ་རྒྱལ་བའི་ཕྱག་མཚན་འདིས༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ ཧེ་ས་ཀ་ཡི་སྡུག་བསྔལ་བྲལ་བར་ཤོག །ཧཱ་ཀརྨ་ས་ཏྭ་ས་མ་ཡ་༴སོགས་དོན་ཡོད་གྲུབ་པའི་ཡི་གེ་བརྒྱ་པའི་མཐར། ཧཱ་ཀརྨ་ཨ་བྷི་ཥིཉྩ་ཨཱཿསྐལ་ལྡན་ཁྱོད་ལ་སྙིང་པོ་ལྔའི་བུམ་པ་དང་གོ་མཚོན་གྱི་དབང་བསྐུར་བས། ཉོན་མོངས་པ་ཕྲག་དོག་གིས་ཀུན་ནས་བསླངས་པའི་སྡིག་སྒྲིབ་ལས་ཀྱི་ས་བོན་བག་ཆགས་དང་བཅས་པ་ཐམས་ཅད་བྱང་ཞིང་དག་ནས་ལྷ་མིན་གནས་སུ་སྐྱེ་བའི་སྒོ་བཅད་དེ། ཕུང་པོ་ལྔའི་ཉེས་པ་ལས་གྲོལ་ནས། བྱང་ཕྱོགས་ལས་རབ་རྫོགས་པའི་ཞིང་ཁམས་ཀྱི་སྒོ་ཕྱེས་ནས། སངས་རྒྱས་དོན་ཡོད་གྲུབ་པ་རིགས་ལྔའི་དབང་ཐོབ་སྟེ། སངས་རྒྱས་ཕྲིན་ལས་རིགས་ཀྱི་ཞིང་ཁམས་ལ་དབང་བསྒྱུར་ནས། སེམས་ཅན་གྱི་དོན་ཐོགས་པ་མེད་པར་འབྱུང་བར་གྱུར་ཅིག །ཅེས་བརྗོད་ཅིང་། རྒྱ་གྲམ་ལག་ཏུ་གཏད་དོ། །

ལྔ་པ་ལྷའི་གནས་ནས་སྤར་བའི་དབང་ནི། སློབ་བུས་གསོལ་བ་གདབ་པ་ནི། ཀྱེ་མ་ཀྱི་ཧུད་ཐུགས་རྗེ་ཅན། །བདག་འདྲ་རྨོངས་པའི་འཛིན་པ་ཅན། །དམ་ཚིག་རྩ་བ་ཉམས་པའི་སྐྱོན། །ངན་སོང་མཐོ་རིས་གནས་ནས་འཁོར། །མི་འཆབ་མཐོལ་བཤགས་མེ་ཏོག་བཞེས། །དབང་བསྐུར་ལྷ་ཡི་གནས་ནས་དྲོངས། །ཞེས་ལན་གསུམ་རྗེས་ལ་མེ་ཏོག་འབུལ། སློབ་དཔོན་གྱིས་ལྷོ་རིན་པོ་ཆེ་ལྔའི་བུམ་པ་སློབ་མའི་མགོར་བཞག་ལ། འོ་རིགས་ཀྱི་བུ། ལྷོའི་བུམ་པ་འདི་ནི་རིན་པོ་ཆེ་ལྔའི་བུམ་པ་ཡིན་ཏེ། སངས་རྒྱས་རིན་ཆེན་འབྱུང་ལྡན་རིགས་ལྔའི་ལྷ་ཚོགས་བཞུགས་པས། ཁྱོད་ལ་དབང་བསྐུར་བ་ཙམ་གྱིས་ང་རྒྱལ་ལྷའི་གནས་ལས་ཐར་ནས། ཡོན་ཏན་རིན་ཆེན་རིགས་ཀྱི་དབང་ཐོབ་པ་ཡིན་སྙམ་པའི་མོས་པ་དུང་དུང་མཛོད་ཅིག །ཧཱུྃ༔ རིན་ཆེན་ལྔ་ཡི་བུམ་པ་འདིར༔ བདེ་གཤེགས་ཡོན་ཏན་ལྷ་ཚོགས་བཞུགས༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ ལྷ་ཡི་སྐྱེ་སྒོ་བཅད་ནས་ནི༔ རིན་ཆེན་ཞིང་དུ་སྐྱེ་བར་ཤོག༔ ཨཿསརྦ་ཏ་ཐཱ་ག་ཏ་བི་དན་ཁདྒ་ཚིནྡྷ་ཚིནྡྷ་ཧཱུྃ་ཕཊ༔ ཅེས་བུམ་ཆུ་བླུད། པི་ཝཾ་ལག་ཏུ་གཏད་ལ། སྭཱ༔ ལོངས་སྤྱོད་བདུད་ཀྱི་གཡེང་འཇོམས་པ༔ པི་ཝཾ་སྙན་པའི་དོན་བྱེད་འདིས༔ དེང་འདིར་ཁྱོད་ལ་དབང་བསྐུར་བས༔ སྐྱེ་བ་གཅིག་གིས་ལས་རྫོགས་ཤོག༔ སྭཱ་རཏྣ་ས་ཏྭ་ས་མ་ཡ༴སོགས་རིན་ཆེན་འབྱུང་ལྡན་གྱི་ཡིག་བརྒྱ་བཟླས་པའི་མཐར། སྭཱ་རཏྣ་ཨ་བྷི་ཥིཉྩ་ཨཱཿའོ་སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ་རིན་པོ་ཆེ་ལྔའི་བུམ་པ་དང་། པི་ཝཾ་གི་དབང་བསྐུར་བས། ཉོན་མོངས་པ་ང་རྒྱལ་གྱིས་ཀུན་ནས་བསླངས་པའི་སྡིག་སྒྲིབ་ལས་ཀྱི་ས་བོན་བག་ཆགས་དང་བཅས་པ་བྱང་ཞིང་དག་ནས། ལྷའི་གནས་སུ་སྐྱེ་བའི་སྒོ་བཅད་དེ། འདོད་ཡོན་ལྔའི་ཉེས་པ་ལས་གྲོལ་ནས། ལྷོ་ཕྱོགས་དཔལ་ལྡན་རིན་ཆེན་བཀོད་པའི་ཞིང་ཁམས་ཀྱི་སྒོ་ཕྱེས་ནས། རིན་ཆེན་འབྱུང་ལྡན་རིགས་ལྔའི་དབང་ཐོབ་སྟེ། སངས་རྒྱས་རིན་ཆེན་རིགས་ཀྱི་ཞིང་ཁམས་ལ་དབང་བསྒྱུར་ནས། །སེམས་ཅན་གྱི་དོན་ཐོགས་པ་མེད་པར་འབྱུང་བར་གྱུར་ཅིག །ཅེས་བརྗོད་ཅིང་རིན་པོ་ཆེ་ལག་ཏུ་གཏད་དོ། །ལྷོ་ནས་བཀྲ་ཤིས་གང་ལགས་པ། །ཞེས་སོགས་སོ་སོར་བཀྲ་ཤིས་ཚིགས་སུ་བཅད་པ་འགྲུབ་ན་ཀུན་ལ་བྱ་ཞིང། མེ་ཏོག་དོར། རོལ་མོ་བྱའོ། །སྔོན་འགྲོ་དབང་བསྐུར་བའི་རིམ་པའོ། །དེ་ཡན་ཆད་སྔོན་འགྲོའི་རིམ་པ་འགྲིགས་ཆགས་སུ་བྱས་པའོ། །

༈ སྤྱི་དོན་གཉིས་པ་དངོས་གཞི་ལ་མིའི་གནས་ནས་སྤར་ཞིང་། ཉམས་ཆགས་བསྐང་བའི་སྤྲོས་བཅས་བུམ་དབང་ཆེན་མོ་བསྐུར་བ་ལ། ཐུན་མོང་རིག་པའི་དབང་ལྔ། བུམ་དབང་དངོས། ཐུགས་ཕྱག་མཚན་གྱི་དབང་། རིགས་ལྔའི་ཕྱག་མཚན་གྱི་དབང་། དམ་པ་རིགས་བརྒྱའི་ལྷ་དབང་ཆེན་མོ་རྣམས་རིམ་པ་ལྟར་བསྐུར། དེ་ནས་གསང་བ་སྤྲོས་མེད་གྱི་དབང་། ཤེས་རབ་ཡེ་ཤེས་ལ་ཤིན་ཏུ་སྤྲོས་མེད་ཀྱི་དབང་། ཚིག་དབང་རིན་པོ་ཆེ་ལ་རབ་ཏུ་སྤྲོས་མེད་ཀྱི་དབང་རྣམས། དབང་མཆོག་རྒྱལ་པོའི་རྒྱུད་ནས་གསུངས་པ་ལྟར་ངོ་སྤྲད་པར་བྱའོ། །རྒྱས་པར་འདོད་ན་རྫོགས་ཆེན་གཞན་ནས་གསུངས་པ་ལྟར་རོ། །འདི་ལ་སྒྲུབ་དབང་རྒྱས་པར་བྱེད་ན། ཞག་བདུན་ནམ་ལྔའམ་གསུམ་གང་རུང་བྱ་སྟེ། དང་པོའི་སྐབས་སུ་ཡིག་བརྒྱའི་འཛབ་བཟླ། དེ་ནས་ཞི་ཁྲོའི་འཛབ་བཟླ་སྟེ། སྟོན་པ་རྡོ་རྗེ་རྒྱལ་པོས་ཀྱང་གསུང་བཅད་མཛད་ཅིང་། གཟུངས་ཐག་འཛིན་པ་ལ་སོགས་བྱའོ། །རྒྱལ་ཐེབ་ཀྱིས་ཆོ་གའི་རིམ་པ་ལ་འབད། ནུབ་རེ་ཚོགས་ཀྱི་འཁོར་ལོ་བསྐོར། འཛབ་དགོངས་དམིགས་པའི་འཁྲུལ་འཁོར་སྤྱི་དང་མཐུན་ཞིང་། དུས་བཅུ་གཉིས་ལ་ཉུལ་ལེ་སྤྲད་ཅིང་ཌཱ་ཀི་འགྱེད། བཅུ་གཉིས་མ་འགྲུབ་ན་བཞི་ལ་གིང་གིས་བགེགས་བསྐྲད་པར་བྱ། དཀྱིལ་འཁོར་ལ་ཡང་ས་ཆོག་ཐིག་ཆོག་ཚོན་ཆོག་བྲི་བ་སོགས་དང་། རྫས་དང་ཡོ་བྱད་བཤམས་པ་སོགས་མཆོད་གཏོར་དབང་རྫས་ལ་སོགས་པ་ཐམས་ཅད་བུམ་པ་སྟ་གོན་སློབ་མ་སྟ་གོན་རྣམས་སྤྱི་དང་མཐུན་པར་རྒྱས་པར་བྱའོ། །དབང་ཞག་གཅིག་ལ་བྱེད་ན། བསྡུས་པ་འདིའི་འགྲུབ་ཅིང་གོ་འབྱེད་ཤེས་པར་བྱའོ། །

སྤྱི་དོན་གསུམ་པ་རྗེས་ཀྱི་ལས་རིམ་རྣམས་དབང་ཆོག་དང་། ཆོ་གའི་གཞུང་ལྟར་རོ། །དེ་ལྟར་དབང་གི་སྔོན་འགྲོའི་ལྷན་ཐབས་འདི་ཉིད་རང་འདྲའི་བློ་དམན་རྣམས་ཀྱི་དོན་དུ་བྱ་ལོ་ཟླ་བ་དྲུག་པའི་ཡར་ཚེས་བཅུ་གཅིག་ལ། གཏམ་མྱོག་གངས་ཕུའི་དབེན་གནས་སུ། རྒྱ་བཙུན་ནམ་མཁའ་ཆོས་ཀྱི་རྒྱ་མཚོས་བྲིས་པ། སེམས་ཅན་ཐམས་ཅད་སྙིང་པོའི་དོན་ལ་ལོངས་སྤྱོད་པར་གྱུར་ཅིག །མངྒ་ལཾ།། །།

གཏོར་མའི་དབང་བསྐུར་དངོས་གྲུབ་ཀུན་འབྱུང་།

ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་ལས་གཏོར་མའི་དབང་བསྐུར་དངོས་གྲུབ་ཀུན་འབྱུང་བཞུགས་སོ། །

ཀུན་བཟང་ཞི་ཁྲོའི་ཚོགས་ལ་ཕྱག་འཚལ་ལོ། །ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་ལས། གཏོར་མའི་བརྡའ་དབང་བྱེད་པར་འདོད་པས། གནས་ཡིད་དང་མཐུན་པར་ཞི་ཁྲོའི་དཀྱིལ་འཁོར་བྲི་བའམ། མ་འབྱོར་ན་གཞི་སྟེང་དུ་ཚོམ་བུ་བཀོད་པར་བྱ་སྟེ། དབུས་སུ་ལྔ་ཚོམ། དེའི་ཕྱི་རོལ་དུ་བརྒྱད། {དེའི་མཐར་བཅུ་དྲུག}དེའི་ཕྱི་རོལ་དུ་བཅུ། དེའི་ཕྱི་རོལ་དུ་བཅུ་དྲུག །ཕྱོགས་བཞིར་སྒོ་བ་ཡབ་ཡུམ་བཞི། དེའི་ཕྱི་རོལ་དུ་རྟ་གདོང་ལ་སོགས་ཀྱི་སྒོ་མ་བཞི། ཕྱི་རོལ་མུ་ཁྱུད་ལ་དབང་ཕྱུག་ཉི་ཤུ་རྩ་བརྒྱད་ཀྱི་ཚོམ་བུ་བཀོད། མཐར་གཏོར་མ། མཆོད་པའི་བྱེ་བྲག་གང་འབྱོར་བཤམ། དཀྱིལ་འཁོར་གྱི་དབུས་སུ་ཁྲིའི་སྟེང་དུ་བཤོས་ཟན་ལས་རུང་བའི་སྤོས་སྣ་ཚོགས་ཀྱི་ཕྱེ་བཏབ་པ། ཆང་བུ་རམ། མར་ཁུ་ལ་བརྫིས་པའི་གཏོར་མ་ཟླུམ་པོ་པད་འདབ་བརྒྱད་ཀྱི་བསྐོར་བའི་རྩེ་མོ་རྡོ་རྗེ་ཕྱེད་པས་བརྒྱན་པ། གཡས་གཡོན་གཉིས་སུ་ཉི་ཟླས་བརྒྱན་པ། དཀར་དམར་དང་རྩ་བ་གསུམ་གྱི་ཙཀླིས་བརྒྱན་པ་སྟེགས་ལ་བཤམ། དེའི་སྟེང་དུ་དར་སྣའི་ཅོད་པན། ཀུན་བཟང་ཡབ་ཡུམ་གྱི་སྐུ་དང་། རིགས་ལྔ་ཡབ་ཡུམ་གྱི་སྐུ་རྟེན་གཟུག །བག་དྲོ་ཞིང་བྱིན་ཆགས་པར་བྱ། དེ་ནས་རྡོ་རྗེ་སློབ་དཔོན་འཁོར་དང་བཅས་པ་བདེ་བའི་སྟན་ལ་འདུག་ནས། སྔོན་འགྲོ་ནས་བཟུང་སྟེ་ལས་བྱང་རྒྱས་བསྡུས་གང་རུང་ཚོགས་ཡན་ཆད་བྱ། ཚོགས་ལ་མ་རོལ་བའི་སྐབས་དེར་མཆེད་ལྕམ་རྣམས་ཁྲུས་བྱ། སློབ་དཔོན་གྱིས་དལ་འབྱོར་རྙེད་པར་དཀའ་བ་འདི་ལྟ་བུའི་ཆོས་དང་འཕྲད་པར་དཀའ་བའི་ལོ་རྒྱུས་དང་། འགྱོད་ཚངས་རྒྱལ་པོའི་འབྱུང་ཁུངས་དང་། ཁྱད་པར་དུ་ཡང་བྲམ་ཟེ་དུང་ཕྲེེང་ཅན་གྱི་ལོ་རྒྱུས་རྣམས་རྒྱས་པར་གསུངས། སྐབས་འདིར་ཞི་ཁྲོའི་འཛབ་ལ། ༀ་ཨཱཿཧཱུྃ་བྷོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཛྙཱ་ན་དྷཱརྟུ་ཨཱཿༀ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཞེས་པ་དང་། ཡི་གེ་བརྒྱ་པའི་འཛབ་ལ་འབད་པར་བྱ། དེ་ནས་རྡོ་རྗེ་རྒྱལ་པོ་ལ་མཎྜལ་ཕུལ་ལ་གསོལ་བ་གདབ་པ་ནི། ཨེ་མ་མགོན་པོ་ཐུགས་རྗེ་ཅན། །བདག་སོགས་འགྲོ་བ་མ་ལུས་པ། །ལོག་པའི་ལམ་དུ་ཞུགས་པ་རྣམས། །བདེ་ཆེན་ཐར་བའི་ལམ་བསྟན་འཚལ། །ཞེས་ལན་གསུམ་བྱ། མདུན་གྱི་ནམ་མཁར་དཀོན་མཆོག་གསུམ་དང་ཞི་ཁྲོ་རབ་འབྱམས་ཀྱི་ལྷ་ཚོགས་རྣམས་མངོན་སུམ་དུ་བཞུགས་པར་སྒོམས་ལ། ཐལ་མོ་སྦྱར་ཞིང་སྐྱབས་འགྲོ་ཞུ་བའི་དོན་དུ་རྗེས་ཟློས་གྱིས་ཤིག་བྱས་ལ། ཨེ་མ་ཕྱོགས་བཅུའི་སངས་རྒྱས་བྱང་སེམས་དང་། །བླ་མ་ཡི་དམ་མཁའ་འགྲོ་དགོངས། །རྐང་གཉིས་གཙོ་བོ་སངས་རྒྱས་དང་། །ཞི་བ་ཆགས་བྲལ་དམ་པའི་ཆོས། །ཚོགས་མཆོག་འཕགས་པའི་དགེ་འདུན་ལ། །བདག་ནི་གུས་པས་སྐྱབས་སུ་མཆི། །ལན་གསུམ་བྱའོ། །རྒྱས་པ་ནི་སྐྱབས་སུ་འགྲོ་བའི་བསླབ་བྱ་དང་། ཕན་ཡོན་རྣམས་བརྗོད། ད་སྔགས་ཀྱི་ཐེག་པ་ལ་སེམས་བསྐྱེད་པ་གལ་ཆེ་བ་ལས་འདིའི་རྗེས་ཟློས་གྱིས་ཤིག །ཧོཿབླ་མ་ཀུན་བཟང་དགོངས་སུ་གསོལ། །འདི་བཟུང་བྱང་ཆུབ་མ་ཐོབ་པར། །འགྲོ་དྲུག་སེམས་ཅན་ཐམས་ཅད་ལ། །མ་དང་བུ་ཡི་འདུ་ཤེས་ཀྱིས། །མ་བསྒལ་བ་རྣམས་བསྒྲལ་བ་དང་། །མ་གྲོལ་བ་རྣམས་དགྲོལ་བ་དང་། །དབུགས་མ་ཕྱུང་རྣམས་དབུགས་དབྱུང་ཞིང་། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ། །ཞེས་ལན་གསུམ་བྱ། དེ་དག་གིས་སྐྱབས་སུ་འགྲོ་བ་དང་། སེམས་བསྐྱེད་པའི་སྡོམ་པ་སྔར་མ་ཐོབ་ན་ཐོབ་པ་ཡིན། ཉམས་ན་གསོ་བ་ཡིན་ནོ། །ད་དངོས་གཞི་དབང་ཞུ་བའི་དོན་དུ་མཎྜལ་ཕུལ། གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད་ཅིག །ཨེ་མ་མགོན་པོ་ཐུགས་རྗེ་ཅན། །བདག་སོགས་འཁོར་བའི་སྡུག་བསྔལ་ལས། །བསྐྱབ་ཕྱིར་བརྩེ་བས་རབ་བཟུང་ནས། །དབང་དང་བྱིན་རླབས་སྩལ་ཏུ་གསོལ། །ཞེས་ལན་གསུམ། ད་གཏོར་མ་ལ་བརྟེན་ནས་དབང་བཞི་རྫོགས་པར་བསྐུར་བ་ཡིན་པས། གཏོར་མ་འདི་ལྟ་བུ་མ་ཡིན་པར་རབ་འཇིགས་དུར་ཁྲོད་ཆེན་པོའི་དབུས་སུ། ཕྱི་ཀེང་རུས་ཀྱི་རྩིགས་པ། ནང་རིན་པོ་ཆེའི་གཞལ་ཡས་ཁང་། གྲུ་བཞི། སྒོ་བཞི། རྒྱན་རྟ་བབས་བཞི་དང་ལྡན་པ། སྟེང་འོག་རྡོ་རྗེའི་གུར་དང་། ཁོར་ཡུག་མེ་རི་མེ་དཔུང་གིས་བསྐོར་བའི་གཞལ་ཡས་ཁང་ཆེན་པོའི་དབུས་སུ། པཾ་ལས་པདྨ། མ་ལས་ཉི་མ། ཨ་ལས་ཟླ་བའི་སྟེང་དུ། བླ་མ་དཔལ་ཀུན་ཏུ་བཟང་པོ་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་མཉམ་བཞག་མཛད་པ། དེའི་པང་དུ་ཡུམ་ཀུན་ཏུ་བཟང་མོ་སྐུ་མདོག་དཀར་མོ་ཞལ་གཅིག་ཕྱག་གཉིས་རྡོ་རྗེ་དང་དྲིལ་བུ་བསྣམས་ནས་ཡབ་ལ་འཁྱུད་པ། གཉིད་ཀ་དར་དང་རུས་པ་དང་རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ། མདུན་དུ་བུདྡྷ་ཧེ་རུ་ཀ་ཡབ་ཡུམ། གཡས་སུ་རྣམ་སྣང་ཡབ་ཡུམ། རྒྱབ་ཏུ་ཆེ་མཆོག་ཡབ་ཡུམ། གཡོན་དུ་རྣམ་པར་སྨིན་པའི་རིག་འཛིན་ཡབ་ཡུམ། དེའི་ཕྱི་རོལ་དུ་པདྨ་འདབ་བརྒྱད་ལ། ཤར་དུ་རྡོ་རྗེ་སེམས་དཔའ་ཡབ་ཡུམ། ལྷོར་རིན་ཆེན་འབྱུང་ལྡན་ཡབ་ཡུམ། ནུབ་ཏུ་སྣང་བ་མཐའ་ཡས་ཡབ་ཡུམ། བྱང་དུ་དོན་ཡོད་གྲུབ་པ་ཡབ་ཡུམ། ཤར་ལྷོར་བཛྲ་ཧེ་རུ་ཀ་ཡབ་ཡུམ། ལྷོ་ནུབ་ཏུ་རཏྣ་ཧེ་རུ་ཀ་ཡབ་ཡུམ། ནུབ་བྱང་དུ་པདྨ་ཧེ་རུ་ཀ་ཡབ་ཡུམ། བྱང་ཤར་དུ་ཀརྨ་ཧེ་རུ་ཡབ་ཡུམ། དེའི་ཕྱི་རིམ་དུ་པདྨ་འདབ་མ་བཅུ་དྲུག་ལ། ས་ཡི་སྙིང་པོ་ལ་སོགས་སེམས་དཔའ་ཆེན་པོ་བརྒྱད། ལ་སྱེ་མ་ལ་སོགས་ཏེ། སེམས་མ་ཆེན་མོ་བརྒྱད་དང་བཅུ་དྲུག་བཞུགས། དེའི་ཕྱི་རིམ་དུ་པདྨ་འདབ་མ་བཅུ་ལ་ཐུབ་པ་ཆེན་པོ་དྲུག །རིག་འཛིན་ཡབ་ཡུམ་བཞི་བཞུགས། དེའི་ཕྱི་རོལ་དུ་རྩིབས་བཅུ་དྲུག་ལ། ཀོ་རཱི་མ་བརྒྱད་སི་ཾཧ་མ་བརྒྱད་དང་བཅུ་དྲུག་དེའི་ཕྱི་རོལ་དུ་སྒོ་བཞིར་རྣམ་རྒྱལ་ཡབ་ཡུམ་ལ་སོགས་སྒོ་བ་ཡབ་ཡུམ་བརྒྱད། དེའི་རྒྱབ་ཏུ་རྟ་གདོང་མ་ལ་སོགས་ཏེ་སྒོ་མ་བཞི། དཀྱིལ་འཁོར་གྱི་ཁོར་ཡུག་ལ་དབང་ཕྱུག་མ་ཉི་ཤུ་རྩ་བརྒྱད། དཀྱིལ་འཁོར་གྱི་བར་ཁྱམས་རྣམས་སུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔའ་བོ་དང་དཔའ་མོ་ལ་སོགས་པ་མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས་བསམ་གྱིས་མི་ཁྱབ་པས་བསྐོར་ནས་བཞུགས་པར་སྒོམས་ལ། གཏོར་མ་འདི་སྤྱི་བོར་བཞག་པའི་དུས་སུ་ལྷ་ཚོགས་དེ་དག་ཐམས་ཅད་ཀྱི་སྤྱི་བོ་ནས་ༀ་དཀར་པོ་འོད་ཟེར་དང་བཅས་པ་བྱུང་ནས། ཁྱེད་རང་རྣམས་ཀྱི་ལུས་ལ་ཕོག་པས། ལུས་ཀྱི་སྒོ་ནས་བསགས་པའི་སྡིག་པ་དང་སྒྲིབ་པ་མ་ལུས་པ་བྱང་ནས། སྐུ་བུམ་པའི་དབང་ཐོབ་པའི་མོས་པ་མཛོད་ཅིག །ཧཱུྃ་བླ་མ་ཀུན་བཟང་ཡབ་ཡུམ་དང་། །བཅོམ་ལྡན་ཞི་ཁྲོ་རབ་འབྱམས་ཀྱིས། །སྐལ་ལྡན་རིགས་ཀྱི་བུ་རྣམས་ལ། །འགྱུར་མེད་སྐུ་ཡི་དབང་བསྐུར་བས། །བུམ་བའི་དབང་མཆོག་ཐོབ་ནས་ཀྱང་། །རིག་འཛིན་གྲལ་དུ་འཁོད་པར་ཤོག །ༀ་ཨཱཿཧཱུྃ་བྷོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཛྙཱ་ན་དྷཱར་ཏུ་ཨཱཿༀ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཀཱ་ཡ་ཨ་བྷི་ཥིཉྩ་ༀ༔ སྐལ་ལྡན་རིགས་ཀྱི་བུ་རྣམས་ལ་སྐུ་བུམ་པའི་དབང་བསྐུར་བས། ལུས་ཀྱི་སྒོ་ནས་བསགས་པའི་སྡིག་པ་དང་། སྒྲིབ་པ་མ་ལུས་པ་བྱང་ཞིང་དག་ནས། ལུས་སྤྲུལ་པའི་སྐུ་ཐོབ་ནས། འགྲོ་བའི་དོན་དཔག་ཏུ་མེད་པ་འབད་མེད་ལྷུན་གྲུབ་ཏུ་འབྱུང་བར་གྱུར་ཅིག །གཏོར་མ་འདི་མགྲིན་པར་བཞག་པའི་དུས་སུ་ལྷ་ཚོགས་དེ་དག་ཐམས་ཅད་ཀྱི་མགྲིན་པ་ནས་ཨཱཿདམར་པོ་འོད་ཟེར་དང་བཅས་པ་བྱུང་ནས། ཁྱེད་རང་རྣམས་ཀྱི་ངག་ལ་ཕོག །ངག་གི་སྒོ་ནས་བསགས་པའི་སྡིག་པ་དང་སྒྲིབ་པ་མ་ལུས་པ་བྱང་ཞིང་དག་ནས། གསུང་གསང་བའི་དབང་ཐོབ་སྙམ་པའི་མོས་པ་མཛོད་ཅིག །ཧཱུྃ། བླ་མ་ཀུན་བཟང་ཡབ་ཡུམ་དང་། །བཅོམ་ལྡན་ཞི་ཁྲོ་རབ་འབྱམས་ཀྱིས། །སྐལ་ལྡན་རིགས་ཀྱི་བུ་རྣམས་ལ། །འགགས་མེད་གསུང་གི་དབང་བསྐུར་བས། །གསང་བའི་དབང་མཆོག་ཐོབ་ནས་ཀྱང་། །རིག་འཛིན་གྲལ་དུ་འགོད་པར་ཤོག །ༀ་ཨཱཿཧཱུྃ་བྷོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཛྙཱ་ན་དྷརྟུ་ཨཱཿༀ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། ཝཱ་ཀ་ཨ་བྷི་ཥིཉྩ་ཨཱཿསྐལ་ལྡན་རིགས་ཀྱི་བུ་རྣམས་ལ་གསུང་གསང་བའི་དབང་བསྐུར་བས་ངག་གི་སྒོ་ནས་བསགས་པའི་སྡིག་པ་དང་སྒྲིབ་པ་ཐམས་ཅད་བྱང་ཞིང་དག་ནས། ངག་ལོངས་སྤྱོད་རྫོགས་པའི་སྐུ་ཐོབ་ནས་འགྲོ་བའི་དོན་དཔག་ཏུ་མེད་པ་འབད་མེད་ལྷུན་གྲུབ་ཏུ་འབྱུང་བར་གྱུར་ཅིག །གཏོར་མ་འདི་སྙིང་ཁར་བཞག་པའི་དུས་སུ་ལྷ་ཚོགས་དེ་དག་ཐམས་ཅད་ཀྱི་ཐུགས་ཀ་ནས། ཧཱུྃ་མཐིང་ག་འོད་ཟེར་དང་བཅས་པ་བྱུང་ནས་ཁྱེད་རང་རྣམས་ཀྱི་སེམས་ལ་ཕོག་པས། སེམས་ཀྱི་སྒོ་ནས་བསགས་པའི་སྡིག་པ་དང་སྒྲིབ་པ་ཐམས་ཅད་བྱང་ཞིང་དག་ནས། ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ་བྱུང་བསམ་པའི་མོས་པ་མཛོད་ཅིག །ཧཱུྃ། བླ་མ་ཀུན་བཟང་ཡབ་ཡུམ་དང་། །བཅོམ་ལྡན་ཞི་ཁྲོ་རབ་འབྱམས་ཀྱིས། །སྐལ་ལྡན་རིགས་ཀྱི་བུ་རྣམས་ལ། །འཁྲུལ་མེད་ཐུགས་ཀྱི་དབང་བསྐུར་བས། །ཤེས་རབ་ཡེ་ཤེས་དབང་ཐོབ་ནས། །རིག་འཛིན་གྲལ་དུ་འགོད་པར་ཤོག །ༀ་ཨཱཿཧཱུྃ་བྷོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཛྙཱ་ན་དྷཱརྟུ་ཨཱཿༀ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ། སྐལ་ལྡན་རིགས་ཀྱི་བུ་རྣམས་ལ་འཁྲུལ་མེད་ཐུགས་ཀྱི་དབང་བསྐུར་བས། སེམས་ཀྱི་སྒོ་ནས་བསགས་པའི་སྡིག་པ་དང་སྒྲིབ་པ་མ་ལུས་པ་བྱང་ཞིང་དག་ནས། སེམས་ཆོས་སྐུར་རྟོགས་ནས་འགྲོ་བའི་དོན་དཔག་ཏུ་མེད་པར་འབད་མེད་ལྷུན་གྲུབ་ཏུ་འབྱུང་བར་གྱུར་ཅིག །གཏོར་མ་འདི་ལྟེ་བར་བཞག་པའི་དུས་སུ་ལྷ་ཚོགས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ལས་འོད་ཟེར་དཀར་དམར་མཐིང་གསུམ་འཕྲོས་ནས། ཁྱེད་རང་རྣམས་ཀྱི་ལུས་ངག་ཡིད་གསུམ་ལ་ཕོག་ནས་ལུས་ངག་ཡིད་གསུམ་གྱི་སྡིག་སྒྲིབ་ས་བོན་དང་བཅས་པ་བྱང་ཞིང་དག་ནས། ཚིག་དབང་རིན་པོ་ཆེ་ཐོབ་པའི་མོས་པ་མཛོད་ཅིག །ཧཱུྃ། བླ་མ་ཀུན་བཟང་ཡབ་ཡུམ་དང་། །བཅོམ་ལྡན་ཞི་ཁྲོ་རབ་འབྱམས་ཀྱིས། །སྐལ་ལྡན་རིགས་ཀྱི་བུ་རྣམས་ལ། །སྐུ་གསུང་ཐུགས་ཀྱི་དབང་བསྐུར་བས། །ཚིག་གི་དབང་མཆོག་ཐོབ་ནས་ཀྱང་། །རིག་འཛིན་གྲལ་དུ་འགོད་པར་ཤོག །ༀ་ཨཱཿཧཱུྃ་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཛྙཱ་ན་དྷཱརྟུ་ཨཱཿༀ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། ཀཱ་ཡ་ཝཱཀ྄་ཙིཏྟ་སརྦ་ཨ་བྷི་ཥིཉྩ་ཧཱུྃ། ༀ་ཨཱཿཧཱུྃ་ཧྲཱིཿསྐལ་ལྡན་རིགས་ཀྱི་བུ་རྣམས་ལ་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་དང་བཅས་པའི་དབང་བསྐུར་བས། ཉོན་མོངས་པ་འདོད་ཆགས་ཞེ་སྡང་གཏི་མུག་གིས་ཀུན་ནས་བསླང་བའི་སྡིག་སྒྲིབ་ལས་ཀྱི་ས་བོན་དང་བཅས་པ་བྱང་ཞིང་དག་ནས། འབྲས་བུ་ངོ་བོ་ཉིད་ཀྱི་སྐུ་ཐོབ་པར་གྱུར་ཅིག །དེ་ལྟར་གཏོར་མའི་བརྡ་དབང་བྱིན་རླབས་ལ་བརྟེན་ནས། འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ལས་བསྒྲལ་ནས། རིག་འཛིན་གྱི་གོ་འཕང་མྱུར་དུ་ཐོབ་པའི་རྟེན་འབྲེལ་ཟབ་མོ་ཡོད་ཅིང་། དེ་དག་ནི་རྡོ་རྗེ་སློབ་དཔོན་གྱི་མཐུ་ཡིན་པས་ན། བཀའ་དྲིན་དྲན་པའི་ཕྱིར་དུ་འདིའི་རྗེས་ཟློས་མཛོད་ཅིག །ཨེ་མ་རྒྱལ་བའི་གདུང་འཚོབ་བཀའ་དྲིན་ཆེན་པོའི་དཔལ། །བདག་སོགས་འགྲོ་བ་ཐུགས་རྗེས་ཉེར་བཟུང་ནས། །གཅོང་རོང་ཟབ་མོའི་ནང་དུ་ལྷུང་པ་ལས། །བཀའ་གསང་ཟབ་མོའི་གཞུང་ལ་བརྟེན་ནས་སུ། །ཕྲིན་ལས་རྨད་པོ་ཆེ་ཡིས་སྒྲོལ་བྱས་ཏེ། །ཉོན་མོངས་ལོག་རྟོག་དྲི་མ་ཀུན་བྱང་ནས། །ཐར་པའི་ལམ་མཆོག་བླ་ན་མེད་པའི་ཞིང་། །ཀུན་བཟང་ཀློང་དུ་བསྐྱེལ་བ་བཀའ་དྲིན་ཆེ། །ལན་གསུམ་བྱའོ། །གཏང་རག་གི་མཎྜལ་འབུལ། དེ་ནས་ཚོགས་ལ་རོལ། ལྷག་མ་བཏང་། རྗེས་ཀྱི་ཆོ་ག་རྣམས་ལས་བྱང་ལྟར་རྒྱས་བསྡུས་སྐབས་དང་བསྟུན་ལ་བྱ། བྱིན་རླབས་ཀྱི་གཏོར་མ་དངོས་གྲུབ་ཏུ་རོལ། བསྔོ་བ་དང་སྨོན་ལམ་བྱ། བཀྲ་ཤིས་བྱ། འཁོར་གསུམ་དམིགས་མེད་ཀྱི་ངང་ལ་གནས་པར་བྱའོ། །གཏོར་མའི་བརྡ་དབང་དབང་བཞི་རྫོགས་དངོས་གྲུབ་ཀུན་འབྱུང་ཞེས་བྱ་བ་འདི། ལྕགས་ཕོ་ཁྱི་ལོ་ཟླ་བ་དྲུག་པའི་ཚེས་བཅོ་བརྒྱད་ལ། གཏམ་མྱོག་རྒྱ་གྲོང་གི་གཡས་ཟུར་གྱི་ཕུ། དཔལ་རིན་པོ་ཆེའི་གླིང་དུ་ཡང་དག་ཡོངས་ཀྱི་བཤེས་གཉེན་དམ་པ་ཀཿཐོག་པ་ཆོས་རྒྱལ་བཟང་པོས་ཡང་ནས་ཡང་དུ་བསྐུར་བའི་ངོར། ནན་ཏན་བྱས་ནས་བསྒྲུབ་པ་ལ་བརྟེན་ནས། བདག་རྒྱ་བཙུན་ནམ་མཁའ་ཆོས་ཀྱི་མཚོས་བྲིས་པ་འདིས། གསང་སྔགས་སྔ་འགྱུར་གྱི་བསྟན་པ་རིན་པོ་ཆེ་ཕྱོགས་དུས་གནས་སྐབས་ཐམས་ཅད་དུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པར་གྱུར་ཅིག། །།མངྒ་ལཾ་བྷ་ཝནྟུ།། །།

བྱིན་རླབས་གཏོར་མའི་བརྡ་དབང་།

བྱིན་རླབས་གཏོར་མའི་བརྡ་དབང་བཞུགས་སོ། །

དེ་ནས་ཞི་ཁྲོའི་དཔལ་གཏོར་བརྗིད་ལྡན་སློབ་བུའི་མགོ་ཐོག་ཏུ་བཞག་ལ། དམིགས་པ་གསལ་གདབ། བརྒྱུད་པའི་གསོལ་འདེབས་བྱས་པའི་རྗེས་སུ། རྡོ་རྗེ་སློབ་དཔོན་གྱིས་འདི་སྐད་དོ། །ༀ་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །སྐུ་ཡི་གཟི་བརྗིད་དཔལ་དང་ལྡན། །ཞི་ཁྲོ་གཏོར་མའི་དབང་བསྐུར་བས། །འཆི་མེད་རྡོ་རྗེའི་སྐུ་ཐོབ་ཤོག །ཀཱ་ཡ་ཨ་བྷི་ཥིཉྩ་ༀ། ཡང་དམིགས་པ་གསལ་གདབ་ལ་མགྲིན་པར་བཞག་ལ། ཨཱཿདུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །གསུང་གི་གདམས་པ་ཆོས་སྒྲ་སྒྲོགས། །ཞི་ཁྲོ་གཏོར་མའི་དབང་བསྐུར་བས། །འགག་མེད་གསུང་གི་ནུས་ལྡན་ཤོག །ཝཱཀ་ཨ་བྷི་ཥིཉྩ་ཨཱ། ཡང་དམིགས་པ་གསལ་གདབ་ལ། སྙིང་གར་བཞག་ལ། ཧཱུྃ་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །ཐུགས་ཀྱི་འོད་ཟེར་ཡོངས་ལ་ཁྱབ། །ཞི་ཁྲོ་གཏོར་མའི་དབང་བསྐུར་བས། །འཁྲུལ་མེད་ཡེ་ཤེས་རྟོག་པར་ཤོག །ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ། ཡང་དམིགས་པ་གསལ་གདབ་ལ། ལྟེ་བར་བཞག་ནས། སྭཱཿདུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །ཡོན་ཏན་རེ་བསྐང་དངོས་གྲུབ་བདག །ཞི་ཁྲོ་གཏོར་མའི་དབང་བསྐུར་བས། །ཚེ་དཔལ་ལོངས་སྤྱོད་རྒྱས་པར་ཤོག །སརྦ་ཨ་བྷི་ཥིཉྩ་ཏྲཱཾ། ཡང་དམིགས་པ་གསལ་གདབ་ལ་གསང་བར་བཞག་ནས། ཧཿདུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །ཕྲིན་ལས་འགྲོ་དོན་ཐོགས་པ་མེད། །ཞི་ཁྲོ་གཏོར་མའི་དབང་བསྐུར་བས། །ཕྲིན་ལས་རྣམ་བཞི་འགྲུབ་པར་ཤོག །ཀཱ་ཡ་ཝཱཀྐ་ཙིཏྟ་སརྦ་ཨ་བྷི་ཥིཉྩ་ཧ། ཞེས་བརྗོད་ལ་གནས་ལྔར་གཏུག །དབང་དོན་ནི། གཏོར་མ་སྤྱི་བོར་བཞག་པ་བུམ་དབང་། མགྲིན་པར་བཞག་པ་གསང་དབང་། སྙིང་གར་བཞག་པ་ཤེས་རབ་ཡེ་ཤེས་ཀྱི་དབང་། ལྟེ་བར་བཞག་པ་ཚིག་དབང་། གསང་བར་བཞག་པ་རབ་འབྱམས་བཀའ་དབང་ངོ་། །ཞིབ་པར་གཏོར་དབང་རེག་པ་དོན་ལྡན་དུ་གསལ་ལོ། །བྱིན་རླབས་གཏོར་མའི་བརྡ་དབང་། དགོངས་པ་རང་གྲོལ་གྱི་ཆ་རྐྱེན་དུ། དུས་མཐའི་རྣལ་འབྱོར་པ་སུཪྻ་ཙནྟྲས་བྲག་གསུམ་ངོས་ཀྱི་ཡོངས་རྫོངས་སུ་སྦྱར་བའོ།། །།

དབང་བཞི་འཕྲད་ཚད་རང་གྲོལ་གྱི་བརྒྱུད་པའི་ལོ་རྒྱུས།

ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་ལས་དབང་བཞི་འཕྲད་ཚད་རང་གྲོལ་གྱི་བརྒྱུད་པའི་ལོ་རྒྱུས་བཞུགས་སོ།

༁ྃ༔ ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་ལས། དབང་བཞི་འཕྲད་ཚད་རང་གྲོལ་གྱི་བརྒྱུད་པའི་ལོ་རྒྱུས་ལ་སྦྱར་རྒྱུ་ལུང་བསྡུས་མཆན། ནི། གཏེར་སྟོན་ཡན་ཆད་གོ་སླ་ཞིང་། གཏེར་སྟོན་ནི་སྤྱི་དོན་ལུང་བསྟན་གསལ་བ་ལས། ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་འདི༔ སྤེལ་བར་ཕོངས་པས་རིན་ཆེན་གཏེར་དུ་སྦས༔ ཨེ་མ་འདི་ཉིད་སྟོན་པའི་སྐལ་ལྡན་རིགས་ཀྱི་བུ༔ མདོག་དཀར་གཟུགས་རིང་སྨྲ་བདེ་ཁྲོ་བོའི་དབྱིབས༔ རེས་འགའ་ངོམ་ནག་གླེན་པ་ལྟ་བུ་ུལ༔ རེས་འགའ་གཏད་མེད་བྱིས་པའི་རྣམ་པ་ཅན༔ མ་དང་མཁའ་འགྲོ་འདུ་བའི་རིགས་ཀྱི་བུ༔ དད་པ་སྟོབས་ཆེ་ཤེས་རབ་རིག་པ་རྣོ༔ མི་སེམས་མི་འཛིན་དཔའ་བོའི་ཚུལ་འཛིན་པ༔ འབྲུག་སྦྲུལ་ལོ་པ་དཔལ་གྱི་མིང་ཅན་འབྱུང་༔ འདི་ཉིད་ལོ་ཙཱ་ཀླུ་ཡི་རྒྱལ་མཚན་ཡིན༔ འདི་དང་འཕྲད་ཀྱི་ཆོས་ལ་ཟོང་མ་བྱེད༔ མཐོང་ཐོས་འབྲེལ་བ་སྐྱེ་བ་མཐའ་ཅན་ཡིན༔ དེ་ལ་འདུན་བྱེད་སློབ་བུ་བཅུ་བཞི་འབྱུང་༔ ཞེས་པའི་ནང་ནས་གཏེར་སློབ་མཆོག་ཏུ་གྱུར་པ་ནི། ཡོས་བུ་ལོ་པ་དངོས་གྲུབ་མིང་ཅན་གཅིག༔ མིག་ནི་ཆེ་ཞིང་དཔྲལ་བའི་དབྱིབས་མཐོ་བ༔ ཤེས་རབ་བརྩོན་འགྲུས་དད་པ་སྙིང་རུས་ཅན༔ ལས་ལྡན་རྟགས་སུ་ལྟེ་བར་སྨེ་བས་མཛེས༔ འདི་ཉིད་དབང་གི་བླ་མའི་རྣལ་འབྱོར་སྐྱོང་༔ ཞེས་གསུངས་པས་བཞི་རྫོགས་དབང་བསྐུར་འདི་ལ་ཆིག་བརྒྱུད་དུ་གཏད་ཅིང་། ཉམས་སུ་ལེན་པའི་ཚེ་མཆོག་གི་དངོས་གྲུབ་ལོ་གསུམ་ནས་བརྙེས་སོ། །དེ་ཉིད་ཀྱི་སློབ་མ་བཞི་རྫོགས་གཅིག་བརྒྱུད་ཀྱི་བཀའ་བབས་པ་ནམ་མཁའ་སངས་རྒྱས་ཡིན་ཏེ། ལུང་བསྟན་ལས། འབྲུག་གི་ལོ་པ་ཉམ་ཆུང་འདམ་བུའི་ཚུལ༔ ལས་ལྡན་ཡིན་རྟགས་སངས་རྒྱས་མིང་ཅན་ཞིག༔ སྙིང་རུས་ཆེ་ཞིང་སྒྲུབ་པ་བྱེད་ལ་བརྩོན༔ དེ་ཉིད་དབང་གིས་གཅིག་པུར་རི་ཁྲོད་འགྲིམས༔ ཞེས་པས་སྐྱེས་བུ་དམ་པ་དེ་ལ་བཀའ་བབས་པ་དེ་ཉིད་ཀྱིས་སྤྲང་པོ་བདག་ལོ་ལྔ་བཅུ་དུས། གནམ་ལོ་སྤྲེལ་ལོ་ལ་ཀོང་ཡུལ་གསང་བའི་གནས། ཀོང་རི་ཁྲོད་དུ་བསྡད་ཅིང་ཨོ་རྒྱན་རྗེ་ལ་གསོལ་བ་འདེབས་པའི་དུས་སུ་རྨི་ལམ་རྟགས་དང་མཚན་མ་བཟང་པོ་བྱུང་དུས་རྣལ་འབྱོར་པ་དཔོན་སློབ་གསུམ་ལ། གྲྭ་པ་གཅིག་ཨ་ཙ་རའི་ཆ་བྱད་ཡོད་པ། བོད་སྐད་ཡེ་མི་མཁྱེན་པ་ཞིག་འདུག་སྟེ། ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་གྱི་དབང་བཞི་འཕྲད་ཚད་རང་གྲོལ་གྱི་བཀའ་ཁྱོད་ལ་བབས་ཤིང་བསྐྱལ་བ་དང་། གནས་ཆེན་བརྒྱ་ལ་མཇལ་བ་ལ་འགྲོ་བ་ཡིན་པས་གསང་ཚུལ་དུ་རྟེན་འབྲེལ་བསྒྲིག་པས་དྲག་གསུངས་པ་ལས་ཞུས་ཤིང་སྤེལ་བའི་ལུང་བསྟན་ཡོད་པ་ལགས། རྗེས་ཀྱི་རིམ་པ་གསལ་བ་ལས༔ ཨེ་མ་མ་འོངས་སྙིགས་མའི་དུས༔ གསང་སྔགས་ཐམས་ཅད་འཆོལ་བར་འགྱུར༔ དེ་དུས་བསྟན་པ་རྫོགས་དོན་དུ༔ ཁ་ཚང་དོན་འདྲིལ་གདམས་པ་ནི༔ ཡི་གེར་བྲིས་ནས་གཏེར་དུ་སྦས༔ ལས་ཅན་གཅིག་གིས་འདི་རྙེད་ནས༔ འགྲོ་དོན་དཔག་མེད་བྱེད་པར་ཤོག༔ ཨོ་རྒྱན་ཆེན་པོའི་ལུང་བསྟན་ལྟར༔ རྣམ་མཁྱེན་ལ་སོགས་སྤྲུལ་པ་གསུམ༔ གང་རུང་གཅིག་དང་འཕྲད་པར་ཤོག༔ གབ་འཁྲུགས་མེད་པར་འདིར་ཕབ་ནས༔ ལུང་ཟིན་སློབ་བུ་མཐའ་རྒྱས་ཤིང་༔ ཨ་ཏིའི་བསྟན་པ་མཐར་རྒྱས་ཏེ༔ ཆོས་འདིས་འགྲོ་དོན་བྱེད་པར་ཤོག༔ ཅེས་པ་དང་འཁོར་འདས་རང་གྲོལ་གྱི་ཁ་བྱང་གཏད་དེ་ལུང་ལས། མ་འོངས་བཞི་བཅུ་ཁ་རལ་དུས༔ ལྷ་ལྕམ་གང་འབུམ་སྐྱེ་བ་ནི༔ རྡོ་རྗེའི་མིང་ཅན་རྟ་ལུག་ལོ༔ བརླ་གཡས་ཤ་མཚན་རྡོ་རྗེས་མཚན༔ ཤར་གྱི་ཕྱོགས་སུ་ཉམས་ལེན་བྱེད༔ ཅེས་པ་ལྟར་བཀའ་བབས་ཡོངས་སུ་རྫོགས་པར་གཏད་ཅིང་། སྤེལ་བའི་ལུང་བསྟན་ཁྱོད་ལ་བབས་ཤིང་སྣང་བ་ངོ་མཚར་རྨད་དུ་བྱུང་བ་ལགས་སོ།། །།དགེའོ།། །།བཀྲ་ཤིས་པར་གྱུར་ཅིག །

བང་བཞིའི་རྣམ་བཤད་སྣོད་བཅུད་རང་གྲོལ།

ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་གྱི་དབང་བཞིའི་རྣམ་བཤད་སྣོད་བཅུད་རང་གྲོལ་ཞེས་བྱ་བ་བཞུགས་སོ། །

ཞི་ཁྲོ་རྩ་བ་གསུམ་གྱི་ལྷ་ཚོགས་ལ། །ལུས་ངག་ཡིད་གསུམ་གུས་པས་ཕྱག་འཚལ་ནས། །ལུང་དང་མན་ངག་རིག་པ་ཚད་མ་ལ། །བརྟེན་ནས་ངས་འདིར་ཟབ་ཆོས་དབང་བཤད་བྱ། །དེ་ལ་ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་གྱི་དབང་བཞིའི་རྣམ་བཤད་བསྟན་པ་ནི། དེ་ཡང་དབང་བཞི་འཕྲད་ཚད་རང་གྲོལ་ལས། དེ་ནས་བླ་མ་བརྒྱུད་པའི་རྣམ་ཐར་རྒྱས་བསྡུས་དང་༔ དབང་གང་གིས་གང་ལ་བསྐུར་བའི་ཚུལ་དང་༔ དབང་བཞིའི་རྒྱུ་མཚན༔ དབང་གི་ངོ་བོ༔ ངེས་ཚིག༔ དབྱེ་བ༔ སྒྲ་དོན་རྣམས་རྒྱས་བསྡུས་སྐབས་དང་བསྟུན་ལ་བཤད༔ ཅེས་པས། འདི་ལ་དོན་རྣམ་པ་བཅུ་སྟེ། དབང་གི་བརྒྱུད་པའི་བབས་ཚུལ་དང་། གང་གིས་སྐུར་བྱེད་སློབ་དཔོན་གྱི་མཚན་ཉིད་དང་། གང་ལ་བསྐུར་བྱ་སློབ་མའི་མཚན་ཉིད་དང་། གང་བསྐུར་བ་དབང་བཞིའི་རྣམ་བཞག་དང་། གང་ལ་བརྟེེན་ནས་བསྐུར་ལུགས་རྒྱུད་སྡེའི་མན་ངག་དང་། དུས་ནམ་བསྐུར་མཚམས་ངོས་བཟུང་བ་དང་། ཚུལ་ཇི་ལྟར་བསྐུར་ཐབས་ཆོག་འགྲིགས་སམ་དབང་དོན་བཤད་པ་དང་། དེ་ལྟར་དབང་མ་ཐོབ་པའི་སྐྱོན་དང་། ཐོབ་པའི་ཡོན་ཏན་དང་། དབང་གི་གཏད་རྒྱ་བསྟན་པའོ། དང་པོ་དབང་གི་བརྒྱུད་པའི་བབས་ཚུལ་ནི། དེ་ཉིད་ཀྱི་རྒྱུད་ལས། བརྒྱུད་པའི་བབས་དང་ཆེ་བ་བཤད། །ཅེས་པས། འདི་ལ་རྒྱལ་བ་དགོངས་པའི་བརྒྱུད་པ་དང་གཅིག །རིག་འཛིན་བརྡའི་བརྒྱུད་པ་དང་གཉིས། གང་ཟག་སྙན་ཁུངས་ཀྱིི་བརྒྱུད་པ་དང་གསུམ། ཐུགས་རྗེ་བྱིན་རླབས་བརྒྱུད་པ་དང་བཞི། མཁའ་འགྲོ་གཏད་རྒྱའི་བརྒྱུད་པ་དང་ལྔ། སྨོན་ལམ་དབང་བསྐུར་གྱི་བརྒྱུད་པ་དང་དྲུག་ཚང་བ་ཡིན་ནོ། །དེའང་ཆོས་སྐུ་ཀུན་བཟང་ཡབ་ཡུམ་དོན་ལ་ཡོད་པ་མ་ཡིན་ཏེ་སྟོང་གསལ་དུ་བརྗོད་པའོ། །སྟོང་གསལ་རང་མདངས་ལས་ཤར་བའི་ཆོས་རྡོ་རྗེེ་འཆང་ནས་རིགས་ལྔའི་སངས་རྒྱས་ཐམས་ཅད་ཀྱིས་རིམ་བཞིན་དུ་གང་ཟག་སྣོད་ལྡན་རྣམས་ལ་དགོངས་ནས་གསུངས་པས་ན་རྒྱལ་བ་དགོངས་པའི་བརྒྱུད་པ་ཡང་འདི་ལ་ཚང་ངོ་། །རིག་འཛིན་བརྡའི་བརྒྱུད་པ་ཡང་ཚང་སྟེ། ཆོས་སྐུ་ཀུན་བཟང་ཡབ་ཡུམ་རྡོ་རྗེ་འཆང་ནས་རིགས་ལྔའི་སངས་རྒྱས་བརྒྱུད་པ་གཅིག་ནས་གཅིག་ཏུ་བརྒྱུད་པ་ཐམས་ཅད་ལ། ཕྱག་རྒྱའི་བརྡའ་བསྟན་པ་ཙམ་གྱིས་དོན་གྱི་འབྲས་བུ་ཐོབ་བོ། །དེས་དེ་ལྟར་དབང་བསྐུར་བ་དང་། གཏེར་ཆོས་འདི་རྣམས་ཐམས་ཅད་ཀྱང་འདི་ལྟར་དུ་གྱིས་ཤིག །བསྒྲུབ་ཅིག །སྟོན་ཅིག །ཅེས་ཡི་གེའི་རིས་སུ་ཡོད་པ་འདི་ནི་རིག་འཛིན་བརྡའི་བརྒྱུད་པ་ཡིན་ནོ། །གང་ཟག་སྙན་ཁུང་བརྒྱུད་པ་ཡང་ཚང་སྟེ། སྤྲུལ་པའི་སྐུ་དགའ་རབ་རྡོ་རྗེ་ནས་ཤྲཱི་སེངྷ་དང་ཨོ་རྒྱན་པདྨ་དག་གི་གསུངས་པའི་ཆོས་རྣམས་ཀུན་སྒྲ་ཚིག་ནོར་འཁྲུལ་མེད་པར་ཡི་གེ་ལ་བྲིས། ཡི་གེ་སྤྲུལ་པའི་སྐུ་དངོས་ཡིན། དེ་ཉིད་ཀློག་པས་སྒྲ་ཡང་ཡིན། སྒྲ་དོན་གོ་བས་ཉམས་སུ་ལེན་པས་ན། གང་ཟག་སྙན་ཁུང་བརྒྱུད་པ་ཡང་འདི་ལ་ཚང་ངོ་། །ཐུགས་རྗེ་བྱིན་རླབས་ཀྱི་བརྒྱུད་པ་ཡང་འདི་ལ་ཚང་སྟེ། ཀུན་བཟང་ཡབ་ཡུམ་རྡོ་རྗེ་འཆང་ནས་རིགས་ལྔའི་སངས་རྒྱས་ལ་སོགས་ཀྱིས་བྱིན་བརླབ་རིམ་པ་བཞིན་དུ་བབས་པ་རྣམས་ཨོ་རྒྱན་རྗེས་གཏེར་དུ་སྦས་ནས། གང་ཟག་ལས་ཅན་ལ་དབང་བསྐུར་བྱིན་རླབས་དུ་བསྔགས་པ་ཡིན་པས་ན། ཐུགས་རྗེ་བྱིན་བརླབ་བརྒྱུད་པ་ཡང་འདི་ལ་ཚང་ངོ་། །མཁའ་འགྲོ་གཏད་རྒྱའི་བརྒྱུད་པ་ཡང་འདི་ལ་ཚང་སྟེ། ཀུན་བཟང་རྡོ་རྗེ་འཆང་ནས་རིམ་པ་བཞིན་དུ་སྐལ་ལྡན་ལས་ཅན་དང་མ་འཕྲད་ཀྱི་བར་དུ་རྒྱས་བཏབ་ནས། དྷཱ་ཀི་དང་འཇིག་རྟེན་གྱི་ལྷ་འདྲེ་ལ། སྐལ་ལྡན་ལས་ཅན་གཅིག་ལ་གཏེར་འདི་གཏོད་ཅིག་ཅེས་གདམས་པས་མཁའ་འགྲོ་མ་དང་འཇིག་རྟེན་གྱི་ལྷ་འདྲེ་དེས། གཏེར་སྟོན་གཅིག་ལ་གཏད་པ་ཡིན་པས་ན་མཁའ་འགྲོ་གཏད་རྒྱའི་བརྒྱུད་པ་འདི་ལ་ཚང་ངོ་། །སྨོན་ལམ་དབང་བསྐུར་གྱི་བརྒྱུད་པ་ཡང་ཚང་སྟེ། ཆོས་ཐམས་ཅད་སྨོན་ལམ་གྱིས་བསྒྱུར་བ་ཡིན་ནོ། །སྨོན་ལམ་ནི་སངས་རྒྱས་ཀྱི་བཀའ་ཡིན་པས། བཀའ་ནི་བདེན་པར་འཛིན་པས་ན། ཀུན་བཟང་ཡབ་ཡུམ་ནས་ཆོས་འདི་འཆང་ཡན་ཆད་ཀྱིས་རིམ་པ་ལྟར་དུ་སྨོན་ལམ་བཏབ་ཅིང་དབང་བསྐུར་བ་ཡིན་པས་ན། དབང་བསྐུར་སྨོན་ལམ་གྱི་བརྒྱུད་པ་ཡང་འདི་ལ་ཚང་ངོ་། །དེ་ལྟར་བརྒྱུད་པ་དྲུག་ཚང་བའི་དབང་གི་བརྒྱུད་ཚུལ་རིམ་པར་བབ་ལུགས་འདི་ལྟ་སྟེ། དང་པོ་ཆོས་སྐུ་ཀུན་བཟང་ཡབ་ཡུམ། དེས་དྲུག་པ་རྡོ་རྗེ་འཆང་ཆེན། དེས་སྟོན་པ་རྡོ་རྗེ་སེམས་དཔའ། དེས་སྤྲུལ་སྐུ་དགའ་རབ་རྡོ་རྗེ། དེས་རིག་འཛིན་ཤྲཱྀ་སེང་ཧ། དེས་སློབ་དཔོན་པདྨ་འབྱུང་གནས། དེས་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ། དེས་གཏེར་སྟོན་ཀརྨ་གླིང་པ། དེས་སྲས་མཆོག་ཉི་ཟླ་ཆོས་རྗེ། དེས་འགྲོ་མགོན་ཉི་ཟླ་འོད་ཟེར། དེས་རྒྱ་བཙུན་ནམ་མཁའ་རྒྱ་མཚོ། དེས་ལྔ་ཚོ་པདྨ་རྒྱལ་མཚན། དེས་རྟོགས་ལྡན་ཡེ་ཤེས་བློ་གྲོས། དེས་རོང་སྟོན་ནམ་མཁའ་རྡོ་རྗེ། དེས་ལྕགས་མདུད་པ་ཤེས་རབ་རྒྱལ་མཚན། དེས་བླ་མ་བྱང་ཆུབ་རྒྱ་མཚོ། དེས་དྲིན་ཆེན་རྩ་བའི་བླ་མའོ། །ཡང་བརྒྱུད་ལུགས་གཅིག་ལ། ནམ་མཁའ་རྒྱ་མཚོ། ཀྲ་ཡ་ཀེ་ཏུ། ཀྲ་ཡ་བཛྲ། ཤཱཀྱ་ཀེ་ཏུ། རྩ་བའི་བླ་མའོ། །ཡང་བརྒྱུད་ལུགས་གཅིག་ལ། ནམ་མཁའ་རྒྱ་མཚོ། བསོད་ནམས་རྣམ་རྒྱལ། ཀུན་དགའ་གྲགས་པ། རྩ་བའི་བླ་མའོ། །དེ་ལྟར་ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་གྱི་སྨིན་གྲོལ་བསྟན་པའི་བླ་མ་ཡན་ཆད་དུ། གཅིག་ནས་གཅིག་ཏུ་དགོངས་པས་དགོངས་བརྒྱུད་ཟམ་མ་ཆད། གཅིག་ནས་གཅིག་ཏུ་དཔེ་དང་བརྡའ་བསྟན་པས་བརྡའ་བརྒྱུད་ཟམ་མ་ཆད། གཅིག་ནས་གཅིག་ཏུ་སྙན་ནས་སྙན་དུ་བརྒྱུད་པས་སྙན་རྒྱུད་ཟམ་མ་ཆད། གཅིག་ནས་གཅིག་ཏུ་བྱིན་གྱིས་བརླབས་ཤིང་གདམས་པས་བྱིན་བརླབས་བརྒྱུད་པ་ཟམ་མ་ཆད། གཅིག་ནས་གཅིག་ཏུ་གཏད་པས་གཏད་རྒྱ་ཟམ་མ་ཆད། གཅིག་ནས་གཅིག་ཏུ་དབང་བསྐུར་ཞིང་སྨོན་ལམ་བཏབ་པས་དབང་བསྐུར་སྨོན་ལམ་གྱི་བརྒྱུད་པ་ཟམ་མ་ཆད་པའི་ཆོས་སོ། །

གཉིས་པ་གང་གིས་སྐུར་བྱེད་སློབ་དཔོན་གྱི་མཚན་ཉིད་ལ་གཉིས་ཏེ། བཅུད་ལྡན་གྱི་སློབ་དཔོན་བླང་བྱ་དང་། བཅུད་དང་མི་ལྡན་པའི་སློབ་དཔོན་དོར་བྱའོ། །དང་པོ་ནི་རབ་འབྲིང་ཐ་མ་གསུམ་སྟེ། རབ་བསྐྱེད་རྫོགས་གྱི་དོན་ཇི་ལྟ་བ་བཞིན་རྟོགས་ཐོག་ནས་བརྟན་པ་ཐོབ་ངེས་པ་ཞིག་དགོས། འབྲིང་དངོས་ཉམས་རྨི་ལམ་དུ་ཡི་དམ་ལྷའི་ཞལ་མཇལ་ཞིང་དབང་ལུང་གསལ་བོར་ཐོབ་པ་ཞིག་དགོས། ཐ་མ་ཡང་རང་རང་གི་བསྒྲུབ་གཞུང་ནས་བཤད་པ་བཞིན་དུ་བསྙེན་བསྒྲུབ་ཀྱི་གྲངས་ཚད་སུམ་འགྱུར་ཐེམས་ཤིང་། ཆོ་ག་ལག་ལེན་གྱི་རིམ་པ་ལ་མཁས་པ་ཞིག་དགོས་སོ། །རཏྣ་གླིང་པས་མཚོ་རྒྱལ་ལ་ཞུས་པའི་སྙན་རྒྱུད་ཡིད་བཞིན་ནོར་བུ་ལས། བླ་མ་དེ་ཡང་རབ་འབྲིང་ཐ་མ་གསུམ་གྱི་ལྷ་བསྙེན་ཚད་དུ་གྱུར་པ་ཞིག་དགོས་ཏེ༔ བསྙེན་བསྒྲུབ་རབ་ངོ་བོས་ཐེམས་པ༔ འབྲིང་རྟགས་ཀྱིས་ཐེམས་པ༔ ཐ་མ་གྲངས་ཀྱིས་ཐེམས་པ་ཞིག་དགོས༔ དེ་ལ་ངོ་བོས་ཐེམས་པ་གང་ཞེ་ན༔ བསྐྱེད་རིམ་ལ་བརྟན་པ་ཐོབ་པས་རང་རྒྱུད་དུ་འཛིན་པ་མེད་པ༔ བསྙེན་བསྒྲུབ་ལ་རྟགས་ཐོན་པས་ལས་རླུང་གི་འགྱུ་བ་ཟད་ཅིང་༔ རྩྭའི་མདུད་པ་གྲོལ་བས་རླུང་ལས་སུ་རུང་བ༔ སེམས་རྫོགས་རིམ་ལ་བརྟན་པ་ཐོབ་པས༔ ཡི་དམ་ལྷའི་ཐུགས་རང་སེམས་སྟོང་པའི་ངོ་བོར་དབྱེར་མེད་རོ་གཅིག་ཏུ་འདྲེས་པས། བློ་འདས་ཆོས་སྐུའི་ངང་དུ་རོ་གཅིག་ཏུ་གྱུར་པ་ནི་རབ་ངོ་བོས་ཐེམས་པའོ༔ འབྲིང་རྟགས་ཀྱིས་ཐེམས་པ་ནི༔ རབ་དངོས༔ འབྲིང་ཉམས༔ ཐ་མ་ཡང་རྨི་ལམ་དུ་ལྷའི་ཞལ་མཐོང་༔ ལུང་གིས་གནང་བ་ཐོབ༔ རྨི་ལམ་དུ་ཡང་བསྐྱེད་རིམ་གྱི་དྲན་པ་ཡོད་པ་ཞིག་གཅེས་སོ༔ ཐ་མ་གྲངས་ཀྱིས་ཐེམས་པ་ནི༔ སྤྱིར་སྒྲུབ་ཐབས་ནས་བཤད་པའི་གྲངས་ལ་བསྒོས་པ་ནི༔ དབང་རབ་སྦྱངས་པ་སྔོན་སོང་ཡིན༔ འབྲིང་གཉིས་འགྱུར༔ དབང་པོ་ཐ་མ་ལ་སུམ་འགྱུར་གྱིས་ཐེམས་པར་ངེས་ཤིང་༔ འོན་ཀྱང་བྱེ་བ་དང་བདུན་འབུམ་ཐེམས་ནས་བྱར་རུང་ཙམ་མོ༔ ཞེས་གསུངས་པ་ལྟར་ངེས་སོ། །

གཉིས་པ་བཅུད་དང་མི་ལྡན་པའི་སློབ་དཔོན་དོར་བྱ་ནི། དེ་ལྟར་རབ་འབྲིང་ཐ་མ་གསུམ་གྱི་མཚན་ཉིད་དང་མི་ལྡན་པའི་བླ་མས་དབང་བསྐུར་བྱས་ཀྱང་གཞན་རྒྱུད་སྨིན་མི་ནུས་ཏེ། ཡང་དེ་ཉིད་ལས། དེ་ལྟར་གསུམ་པོ་ལ་དབང་གི་དྲོད་མ་ཐོབ༔ བསྐྱེད་རྫོགས་ལ་བརྟན་པ་མ་ཐོབ་བར་བདག་འཇུག་ཅེས་གཞུང་སོར་བཞག༔ ཚིག་རུང་ཙམ་དུ་བླང་པས་ནི༔ ངེས་པའི་དབང་ནི་མི་ཐོབ་སྟེ༔ བརྒྱུད་པ་མ་ཆད་ཙམ་གྱི་རྗེས་གནང་དུ་འགྱུར་རོ༔ ཅིའི་ཕྱིར་ན༔ དབང་ཆུ་ཀླུང་བཞི་འདུས་ཀྱི་རྒྱུད་ལས༔ ངོ་བོ་རྟགས་དང་གྲངས་སུ་བཅས༔ རྡོ་རྗེ་སློབ་དཔོན་རང་གི་དབང་༔ དེ་ཉིད་གྱད་དུ་མ་གྱུར་པར༔ ཚིག་ཙམ་བདག་ལ་འཇུག་པ་ཡིས༔ གཞན་སྨིན་ནུས་པ་མ་ཡིན་ནོ༔ ཞེས་གསུངས་པ་ལྟར་ཡིན་པས༔ རྡོ་རྗེ་སློབ་དཔོན་གོང་ལྟར་བཅུད་ལྡན་བླངས་ཤིང་། བཅུད་དང་མི་ལྡན་པ་དོར་བར་བྱའོ། །གསུམ་པ་གང་ལ་བསྐུར་བྱ་སློབ་མའི་མཚན་ཉིད་ལ་གཉིས་ཏེ། སྣོད་ལྡན་གྱི་སློབ་མ་བླངས་བྱ་དང་། སྣོད་དང་མི་ལྡན་པའི་སློབ་མ་དོར་བྱའོ། །དང་པོ་ནི་རབ་ཆེ་བ་བཅོ་ལྔ་དང་ལྡན་པ། འབྲིང་ཆེ་བ་བཅུ་དང་ལྡན་པ་ཐ་མ་ཆེ་བ་བདུན་དང་ལྡན་པ། ཡང་ཐ་ཡང་ཆེ་བ་ལྔ་དང་ལྡན་པ་ཞིག་དགོས་ཏེ། མཚོ་རྒྱལ་གྱི་སྙན་རྒྱུད་ལས། མོས་གུས་ཀྱི་བླ་མ་སངས་རྒྱས་དངོས་སུ་མཐོང་བ༔ ཅི་མཛད་ལེགས་པར་མཐོང་ཞིང་ཅི་གསུང་གི་བཀའ་ལ་ཉན་པ༔ ཡིད་ལ་དགེ་དགུ་འབྱུང་ཞིང་བརྡའ་དང་ཆོས་སུ་གོ་བ༔ གཏང་ཕོད་ཆེ་བ༔ སྙིང་རྗེ་ཆེ་བ༔ ཞེན་ལོག་ཆེ་བ༔ མོས་གུས་ཆེ་བ༔ དག་སྣང་ཆེ་བ༔ ངེས་འབྱུང་ཆེ་བ༔ སྐྱོ་ཤས་ཆེ་བ༔ ཕན་སེམས་ཆེ་བ༔ སྙིང་སྟོབས་ཆེ་བ༔ བརྟུལ་ཞུགས་ཆེ་བ༔ ཤེས་རབ་ཆེ་བ༔ བློ་ཆེ་བ༔ སྡུག་སྲན་ཆེ་བ༔ སྙིང་རུས་ཆེ་བ༔ ཐེག་པ་ཆེ་བ༔ ཆེ་བ་བཅོ་ལྔ་འཛོམས་ན་དེས་ཚེ་གཅིག་གིས་སངས་རྒྱས་འགྲུབ་པས་རབ༔ སུམ་གཉིས་ཚང་ཡང་བར་དོ་གསུམ་ལ་གྲོལ་ནུས་པས་འབྲིང་༔ ཕྱེད་ཚང་ན་ཕྱིར་མི་ལྡོག་པས་ཐ་མ༔ སུམ་ཆ་ཚང་ཡང་བླ་མས་ཐབས་ལེགས་པར་ཁྲིད་པས་ཐར་བའི་ས་བོན་ཐེབ་པས་སྣོད་དུ་རུང་ཙམ་ཡིན་ནོ༔ ཞེས་གསུངས་པ་ལྟར་ངེས་སོ། །

གཉིས་པ་སྣོད་དང་མི་ལྡན་པའི་སློབ་མ་དོར་བྱ་ནི། གོང་གི་ཆེ་བ་དེ་དག་དང་མི་ལྡན་པའི་སྣོད་ངན་ལ་དབང་བསྐུར་མི་རུང་སྟེ། ཡང་དེ་ཉིད་ལས། དེ་དག་ལས་བཟློག་པའི་རིགས་གསར་འགྲོགས་ཆེ་བ༔ ཕྱི་ཐག་ཐུང་བ༔ རྒྱུད་གྱོང་བ༔ དད་པ་འགྱུར་ལྡོག་མང་བ༔ རྐྱེན་དུམ་རེ་ཡང་མི་ཁྱགས་པ༔ ཁ་ཡན་ལ་ཁོང་ངན་པ༔ ཚེ་འདིའི་ཆེ་ཐབས་དང་འདོད་པ་ཁོང་དུ་བཅུག་པ༔ འཆི་བ་སྙིང་ནས་མི་དྲན་པའི་དྲེད་པོ་ལ་གདམས་པ་སྦྱིན་དུ་མི་རུང་བས་ཐབས་ཀྱིས་སྤོངས་ཤིགས༔ ཞེས་གསུངས་པས། གོང་གི་སྣོད་ལྡན་ལ་གསང་སྔགས་ཀྱི་དབང་བསྐུར་ཞིང་། སྣོད་དང་མི་ལྡན་པའི་སློབ་མ་ལ་དབང་བསྐུར་མི་བྱའོ། །བཞི་པ་གང་བསྐུར་བ་དབང་བཞིའི་རྣམ་བཞག་ལས། །དང་པོ་བུམ་དབང་ལ་བཞི་སྟེ། ངོ་བོ་དང་། ངེས་ཚིག་དང་། མཚན་ཉིད་དང་། དབྱེ་བའོ། །དང་པོ་བུམ་དབང་གི་ངོ་བོ་ནི། ཕྱི་ནང་སྣོད་བཅུད་ཕུང་ཁམས་སྐྱེ་མཆེད་ཐམས་ཅད་ཞི་ཁྲོའི་སྐུ་རུ་ཡེ་ནས་གནས་པ་དེ་བུམ་དབང་གིས་ངོ་སྤྲད་ཅིང་རྟོགས་པར་བྱེད་པ་སྟེ། ཐུགས་ཀྱི་ཞུས་ལན་སྙིང་གི་མེ་ལོང་ལས། དང་པོ་ངོ་བོ་ནི༔ ཕྱི་སྣང་སྲིད་སྣོད་བཅུད༔ ནང་ཕུང་ཁམས་སྐྱེ་མཆེད་ཐམས་ཅད་ཡེ་གདོད་མ་ནས་ལྷ་རུ་གནས་སོ༔ ཞེས་སོ། །

གཉིས་པ་བུམ་དབང་གི་ངེས་ཚིག་ནི། བུམ་པའི་དབང་ལུས་ལ་བསྐུར་ནས་ལུས་ཀྱི་དྲི་མ་དག་ཅིང་བསྐྱེད་རིམ་ཀྱི་སྣོད་དུ་རུང་བས་ན་བུམ་དབང་ཞེས་བྱ་སྟེ། ཡང་དེ་ཉིད་ལས། ངེས་ཚིག་ནི༔ ཡེ་ནས་གནས་པ་དེ༔ ལུས་བྱིན་གྱིས་མ་བརླབ་སྟེ༔ ཡིད་བཞིན་གྱི་ནོར་བུ་ལ་གསོལ་བ་མ་ཐེབ་དེ་སླར་ཡིད་བཞིན་གྱི་ནོར་བུ་ལ་གསོལ་བ་ཐེབ་པ་ལྟར་རྟོགས་ཅིང་ལམ་དུ་བྱེད་པའོ༔ ཞེས་སོ། །གསུམ་པ་བུམ་དབང་གི་མཚན་ཉིད་ནི། ལུས་མ་སྨིན་པ་སྨིན་པར་བྱེད་པ་གཅིག་ཡིན་ཏེ། ཡང་དེ་ཉིད་ལས། མཚན་ཉིད་ནི་བུམ་དབང་ཐོབ་ནས་སྣང་སྲིད་ལྷ་དང་ལྷ་མོར་ཤེས་པས་ས་རྡོ་ཙམ་ལ་སྨད་ཅིང་བརྙས་པ་སྤང་༔ རང་ལུས་རྩ་ཁམས་ལྷའི་རང་བཞིན་དུ་ཤེས་པས་ཐ་མལ་དུ་མི་བཟུང་བསྐྱེད་རིམ་བརྟན་པར་བྱ༔ ཞེས་སོ། །བཞི་པ་བུམ་དབང་གི་དབྱེ་བ་ལའང་བཞི་སྟེ། བུམ་དབང་གི་བུམ་དབང་། གསང་དབང་དང་། ཤེས་རབ་ཡེ་ཤེས་ཀྱི་དབང་དང་། ཚིག་དབང་ངམ་རྩལ་དབང་སྟེ། དོན་ཐིག་ལས། བུམ་དབང་དེ་ཉིད་ལའང་༔ བདག་དང་བུམ་པ་ལྷར་བསྐྱེད་པས་བུམ་དབང་༔ ཡེ་ཤེས་བདུད་རྩི་སྤྱི་བོར་བླུག་པས་གསང་དབང་༔ བདག་དང་གཉིས་སུ་མེད་པར་འདྲེས་པས་ཤེས་རབ་ཡེ་ཤེས་ཀྱི་དབང་༔ བསྒོམ་མཁན་ངོ་བོར་མ་གྲུབ་པས་རྩལ་དབང་ཡིན་ཏེ༔ ཞེས་སོ། །གཉིས་པ་གསང་དབང་ལ་བཞི་སྟེ། ངོ་བོ་དང་། ངེས་ཚིག་དང་། མཚན་ཉིད་དང་། དབྱེ་བའོ། །དང་པོ་གསང་དབང་གི་ངོ་བོ་ནི། ངག་འབྱུང་འཇུག་གནས་གསུམ་ཐེབས་སམ། གྲགས་སྟོང་ཟུང་འཇུག་གསུང་གི་ངོ་བོར་ཡེ་ནས་གནས་པ་དེ་གསང་དབང་གིས་ངོ་སྤྲད་ཅིང་རྟོགས་པར་བྱེད་པ་སྟེ། ཞུས་ལན་སྙིང་གི་མེ་ལོང་ལས། གསང་དབང་གི་ངོ་བོ་ནི་ཐབས་ཤེས་ཟུང་དུ་འཇུག་པའོ༔ ཞེས་སོ། །གཉིས་པ་གསང་དབང་གི་ངེས་ཚིག་ནི། གསང་བའི་དམ་རྫས་ཀྱི་དབང་ངག་ལ་བསྐུར་ནས་ངག་གི་དྲི་མ་དག་ཅིང་སྟེང་སྒོ་རྩ་རླུང་གི་སྣོད་དུ་རུང་བས་ན། གསང་དབང་ཞེས་བྱ་སྟེ། ཡང་དེ་ཉིད་ལས། ངེས་ཚིག་ནི༔ གསང་བའི་དམ་རྫས་བླ་ན་མེད་པའི་སྤྱི་སྲོག་བྱང་ཆུབ་སེམས་ཀྱི་དྭངས་མའོ༔ ཞེས་སོ། །གསུམ་པ་གསང་དབང་གི་མཚན་ཉིད་ནི། ངག་མ་སྨིན་པ་སྨིན་པར་བྱེད་པ་ཞིག་ཡིན་ཏེ། ཡང་དེ་ཉིད་ལས། མཚན་ཉིད་ནི༔ བདག་གི་ཕུང་ཁམས་སྐྱེ་མཆེད་ཐམས་ཅད་བདེ་སྟོང་གི་རང་བཞིན་དུ་བྱིན་གྱིས་བརླབས་ཤིང་༔ རྩ་ཐིག་རླུང་གསུམ་བདེ་སྟོང་བསྒོམ་པས་རང་འབྲས་མངོན་དུ་བྱེད་ཅིང་༔ གསུང་གི་བྱིན་བརླབ་ཐོབ་པའོ༔ ཞེས་སོ། །བཞི་པ་གསང་དབང་གི་དབྱེ་བ་ལ་བཞི་སྟེ། གསང་དབང་གི་བུམ་དབང་དང་། གསང་དབང་དང་། ཤེས་རབ་ཡེ་ཤེས་ཀྱི་དབང་དང་། ཚིག་དབང་ངམ་རྩལ་དབང་སྟེ། དོན་ཐིག་ལས། གསང་དབང་དེ་ཉིད་ལ་ཡང་༔ བླ་མ་ཡབ་ཡུམ་གྱི་བྱང་སེམས་ལྕེ་ཐོག་ཏུ་བཞག་པས་བུམ་དབང་༔ དེའི་རོ་མྱོང་བས་གསང་དབང་༔ བདེ་བས་རྩ་རླུང་ཐིག་ལེ་གང་བས་ཤེས་རབ་ཡེ་ཤེས་ཀྱི་དབང་༔ དེ་སྟོང་ཉིད་དུ་འདྲེས་པས་རྩལ་དབང་ཡིན་ནོ༔ ཞེས་སོ། །གསུམ་པ་ཤེས་རབ་ཡེ་ཤེས་ཀྱི་དབང་ལ་བཞི་སྟེ། ངོ་བོ་དང་། ངེས་ཚིག་དང་། མཚན་ཉིད་དང་། དབྱེ་བའོ། །དང་པོ་ཤེས་རབ་ཡེ་ཤེས་ཀྱི་དབང་གི་ངོ་བོ་ནི། སེམས་བདེ་སྟོང་ཟུང་འཇུག་ཐུགས་ཀྱི་ངོ་བོར་ཡེ་ནས་གནས་པ་དེ་ཤེས་རབ་ཡེ་ཤེས་ཀྱི་དབང་གིས་ངོ་སྤྲད་ཅིང་རྟོགས་པར་བྱེད་པ་སྟེ། ཞུས་ལན་ཐུགས་ཀྱི་མེ་ལོང་ལས། ངོ་བོ་ནི་བདེ་སྟོང་དཔེའི་ཡེ་ཤེས་ལམ་དུ་བྱེད་པའོ། །ཞེས་སོ། །གཉིས་པ་ཤེས་རབ་ཡེ་ཤེས་ཀྱི་དབང་གི་ངེས་ཚིག་ནི། ཤེས་རབ་ཡུམ་ལ་བརྟེན་ཏེ་དགའ་བཞི་ཡེ་ཤེས་ཀྱི་དབང་སེམས་ལ་བསྐུར་ནས་སེམས་ཀྱི་དྲི་མ་དག་ཅིང་ཆགས་ལམ་གྱི་སྣོད་དུ་རུང་བས་ན་ཤེས་རབ་ཡེ་ཤེས་ཀྱི་དབང་ཞེས་བྱ་སྟེ། དེ་ཉིད་ལས། ངེས་ཚིག་ནི་འཛིན་པ་རང་སར་དག་ནས༔ རང་བྱུང་གི་བདེ་བ་འཆར་བས་དགའ་བ༔ མཆོག་དགའ༔ དགའ་བྲལ༔ ལྷན་ཅིག་སྐྱེས་པའི་དགའ་བའོ༔ ཞེས་སོ། །གསུམ་པ་ཤེས་རབ་ཡེ་ཤེས་ཀྱི་དབང་གི་མཚན་ཉིད་ནི། སེམས་མ་སྨིན་པ་སྨིན་པར་བྱེད་པ་གཅིག་ཡིན་ཏེ། ཡང་དེ་ཉིད་ལས། མཚན་ཉིད་ནི༔ བདེ་སྟོང་དཔེའི་ཡེ་ཤེས་ལ་བརྟེན་ནས༔ རང་བྱུང་དོན་གྱི་ཡེ་ཤེས་རྒྱུད་ལ་སྐྱེ་བའོ༔ ཞེས་སོ། །བཞི་པ་ཤེས་རབ་ཡེ་ཤེས་ཀྱི་དབང་གི་དབྱེ་བ་ལ་བཞི་སྟེ། ཤེས་རབ་ཡེ་ཤེས་ཀྱི་དབང་གི་བུམ་དབང་དང་གསང་དབང་དང་། ཤེས་རབ་ཡེ་ཤེས་་ཀྱི་དབང་དང་། ཚིག་དབང་ངམ་རྩལ་དབང་སྟེ། དོན་ཐིག་ལས། ཤེས་རབ་ཡེ་ཤེས་ཀྱི་དབང་གི་དེ་ཉིད་ཀྱང་༔ སློབ་བུ་ཡབ་ཡུམ་ལྷར་གསལ་བ་བུམ་དབང་༔ བྱང་སེམས་དབབ་པ་གསང་དབང་༔ བདེ་བ་ཆེན་པོ་ཉམས་སུ་སྐྱེ་བས་ཤེས་རབ་ཡེ་ཤེས་ཀྱི་དབང་༔ བདེ་བ་སྟོང་ཉིད་དུ་བསྲེ་བས་ཚིག་དབང་ཡིན་ནོ༔ ཞེས་སོ། །བཞི་པ་ཚིག་དབང་ལ་ཡང་བཞི་སྟེ། ངོ་བོ་དང་། ངེས་ཚིག་དང་། མཚན་ཉིད་དང་། དབྱེ་བའོ། །དང་པོ་ཚིག་དབང་གི་ངོ་བོ་ནི། ཆོས་ཀུན་རང་བྱུང་ཡེ་ཤེས་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་ངོ་བོར་ཡེ་ནས་གནས་པ་དེ་ཚིག་དབང་གིས་ངོ་སྤྲད་ཅིང་རྟོགས་པར་བྱེད་པ་སྟེ། ཞུས་ལན་སྙིང་གི་མེ་ལོང་ལས། ཚིག་དབང་གི་ངོ་བོ་ནི༔ རང་བྱུང་ཡེ་ཤེས་རང་རིག་ཀུན་ཏུ་བཟང་པོ་འདི་ཁོ་ནའོ༔ ཞེས་སོ། །གཉིས་པ་ཚིག་དབང་གི་ངེས་ཚིག་ནི། ཚིག་གི་དབང་ལུས་ངག་ཡིད་གསུམ་དབྱེར་མེད་ལ་བསྐུར་ནས་སྒོ་གསུམ་ཐ་དད་དུ་འཛིན་པའི་དྲི་མ་དག་ཅིང་ཁྲེགས་ཆོད་ཐོད་རྒལ་གྱི་སྣོད་དུ་རུང་བས་ན་ཚིག་དབང་ཞེས་བྱ་སྟེ། དེ་ཉིད་ལས། ངེས་ཚིག་ནི༔ ཡེ་ནས་གནས་པ་དེ་ཉིད་ཡེ་ཇི་བཞིན་པའི་ངང་དུ་ངོ་སྤྲད་ཅིང་དེའི་དོན་ཉམས་སུ་ལེན་པའོ༔ ཞེས་སོ། །གསུམ་པ་ཚིག་དབང་གི་མཚན་ཉིད་ནི། ལུས་ངག་ཡིད་གསུམ་མ་སྨིན་པ་སྨིན་པར་བྱེད་པ་ཞིག་ཡིན་ཏེ། ཡང་དེ་ཉིད་ལས། མཚན་ཉིད་ནི༔ མ་ནོར་མ་བཅོས་པ༔ འབྲི་བ་མེད་པ༔ གང་བ་མེད་པ༔ འགྲོ་འོང་མེད་ཅིང་རྟག་ཆད་ཀྱི་མཐའ་ལས་འདས་པ་རང་བྱུང་ལྷུན་གྲུབ་ཁྱབ་བརྡལ༔ གསལ་སྟོང་ཟུང་འཇུག༔ མཐའ་བྲལ་མ་འདྲེས་ཡོངས་རྫོགས༔ བློ་ལས་འདས་པའོ༔ ཞེས་སོ། །བཞི་པ་ཚིག་དབང་གི་དབྱེ་བ་ལ་བཞི་སྟེ། ཚིག་དབང་གི་བུམ་དབང་དང་། གསང་དབང་དང་། ཤེས་རབ་ཡེ་ཤེས་ཀྱི་དབང་དང་། ཚིག་དབང་ངམ་རྩལ་དབང་སྟེ། དོན་ཐིག་ལས། རྩལ་དབང་དེ་ལ་ཡང་༔ སྣང་བ་སེམས་སུ་བསྟན་པས་བུམ་དབང་༔ སེམས་སྟོང་པར་བསྟན་པས་གསང་དབང་༔ སྟོང་པ་བདེ་ཆེན་དུ་བསྟན་པས་ཤེས་རབ་ཡེ་ཤེས་ཀྱི་དབང་༔ བདེ་ཆེན་བློ་འདས་སུ་བསྟན་པས་རྩལ་དབང་ཡིན་ཏེ༔ ཞེས་སོ། །ལྔ་པ་གང་ལ་བརྟེན་ནས་བསྐུར་ལུགས་རྒྱུད་སྡེའི་མན་ངག་གཉིས་ཏེ། བསྐུར་ལུགས་དངོས་དང་། དབང་ཐོབ་ཚུལ་ལོ། །དང་པོ་ནི། འཕྲད་ཚད་རང་གྲོལ་ལས། དབང་བཞིའི་ཕྱག་ལེན་ཟབ་མོ་འདི༔ རྒྱུད་ལས་ཕྱུངས་ཏེ་ཡི་གེར་བཀོད༔ ཅེས་སོ། །མན་ངག་དབང་བཞི་འཕྲད་ཚད་རང་གྲོལ་བསྐུར་ལུགས་འདི། གུ་རུ་པདྨ་ཡབ་ཡུམ་གྱིས་རྒྱུད་འཁོར་འདས་རང་གྲོལ་གྱི་ལེའུ་ཉེར་དྲུག་པ་ལ་བརྟེན་ནས་དབང་བཞིའི་སྔོན་འགྲོ་བསྐུར་ལུགས་མཛད། ལེའུ་ཉེར་བདུན་པ་ལ་བརྟེན་ནས་བུམ་དབང་བསྐུར་ལུགས་མཛད། ལེའུ་ཉེར་བརྒྱད་པ་ལ་བརྟེན་ནས་གསང་དབང་བསྐུར་ལུགས་མཛད། ལེའུ་ཉེར་དགུ་པ་ལ་བརྟེན་ནས་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་ལུགས་མཛད། ལེའུ་སུམ་ཅུ་པ་ལ་བརྟེན་ནས་ཚིག་དབང་བསྐུར་ལུགས་མཛད། ལེའུ་སོ་གཅིག་པ་ལ་བརྟེན་ནས་བྱེ་བྲག་ཏུ་ལྷ་དབང་རྣམས་བསྐུར་ལུགས་མཛད། དེ་ལྟ་བུའི་རྒྱུད་སྡེའི་མན་ངག་ལ་བརྟེན་པའི་ཆོག་འགྲིགས་ཡིན་ནོ། །ཁྱད་པར་དུ་ཕྱི་བུམ་པའི་དབང་རྡུལ་ཚོན་གྱི་དཀྱིལ་འཁོར་ལ་བརྟེན་ནས་བསྐུར་དགོས་སོ། །གཉིས་པ་ལུས་ཀྱི་དཀྱིལ་འཁོར་ལ་བརྟེན་ནས་བསྐུར་དགོས་སོ། །གསུམ་པ་གསང་བའི་དཀྱིལ་འཁོར་ལ་བརྟེན་ནས་བསྐུར་དགོས་སོ། །བཞི་པ་རང་རིག་གི་དཀྱིལ་འཁོར་ལ་བརྟེན་ནས་བསྐུར་དགོས་སོ། །གཉིས་པ་དབང་ཐོབ་ཚུལ་རབ་འབྲིང་ཐ་མ་གསུམ་ནི། རྒྱལ་བ་ཡང་དགོན་པའི་རི་ཆོས་ཡོན་ཏན་ཀུན་འབྱུང་ལས། རྐྱེེན་གསུམ་ལས་ཐོབ་པ་ནི་གདན་གསུམ་འཛོམ་པའི་དཀྱིལ་འཁོར་དུ། དབང་བཞི་ཡོངས་སུ་རྫོགས་པ་ཐོབ་པ་སྟེ། ལུས་ཀྱི་དཀྱིལ་འཁོར་དང་དངོས་ཀྱི་ཕྱག་རྒྱ་ལ་ཐོབ་ན་རབ། ཏིང་ངེ་འཛིན་གྱི་དཀྱིལ་འཁོར་དང་ཡིད་ཀྱི་ཕྱག་རྒྱ་ལ་ཐོབ་ན་འབྲིང་། རྡུལ་ཚོན་གྱི་དཀྱིལ་འཁོར་དང་ཚིག་ཙམ་གྱི་ཕྱག་རྒྱ་ལ་བརྟེན་ནས་ཐོབ་པ་ཐ་མ་སྟེ། ཞེས་པས། དེ་ཡང་དངོས་ཀྱི་ཕྱག་རྒྱ་ལ་ཐོབ་པ་ལ། བླ་མ་རང་ཡང་རླུང་སེམས་ལ་རང་དབང་ཐོབ་པ། བྱང་སེམས་སློབ་མའི་ལྕེ་ལ་བཞག་པ་ཙམ་གྱིས་བདེ་སྟོང་གི་རྟོགས་པ་ཤར་ནུས་པ། དཔེར་ན་རྒྱལ་པོ་ཨིནྡྲ་བྷཱུ་དྷི་ལ་སངས་རྒྱས་ཀྱིས་གསང་བ་འདུས་པའི་དཀྱིལ་འཁོར་དུ་དབང་བསྐུར་བས། དགའ་བ་བཞི་ངོ་སྤྲད། སྐད་ཅིག་མ་བཞི་ངོས་བཟུང་ནས་ཟག་མེད་ཀྱི་ལམ་དུ་ཁྱེར་ནས་བཙུན་མོ་ལྔ་བརྒྱ་དང་བཅས་པ་ཚེ་གཅིག་ལུས་གཅིག་ལ་སངས་རྒྱས་པ་ལྟ་བུའོ། །འབྲིང་རླུང་སེམས་ལ་རང་དབང་ཐོབ་པ་རང་ལུས་ཐབས་དང་ལྡན་པས་འཕོ་བ་གྲོང་འཇུག་ནུས་པ་ཕ་དམ་པ་རྒྱ་གར་དང་། མར་པ་ལོ་ཙཱ་བ་ལྟ་བུ་གཅིག་དགོས། ཐ་མ་རླུང་སེམས་ལ་དབང་ཐོབ་ནས་ཐིག་ལེ་དབབ་པ། བསྐྱིལ་བ། བཟློག་པ། དགྲམ་པ་ལ་སོགས་པ་ལ་མཁས་པ་གུ་རུ་ཆོས་ཀྱི་དབང་ཕྱུག་དང་། རྒྱལ་བ་གཡུང་སྟོན་པ་ལྟ་བུ་ཞིག་དགོས། དེ་མིན་རྟེན་ཅན་གྱི་དབང་བསྐུར་འདིའི་ལག་ལེན་དུ་བྱེད་ན་བྱིན་རླབས་འཇུག་པ་ལྟ་ཅི། ཕམ་ལྟུང་དྲག་པོ་གཅིག་ཕོག་ལས་ཆེ། འབྲིང་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་དང་ཡིད་ཀྱི་ཕྱག་རྒྱ་ལ་བརྟེན་པའི་དབང་དུ་བྱས་ན་སྣོད་བཅུད་ལྷའི་ངོ་བོར་གནས་པ་བླ་མས་ངོ་སྤྲད་པ་ལ། སློབ་མས་ངོ་ཤེས་ཤིང་ངེས་ཤེས་སྐྱེས་ན་བུམ་དབང་ཐོབ་པ་ཡིན། གསལ་སྟོང་གི་ངེས་ཤེས་སྐྱེས་ན་གསང་དབང་ཐོབ་པ་ཡིན། བདེ་སྟོང་གི་ཏིང་འཛིན་སྐྱེས་ན་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཆོས་ཀུན་རང་བྱུང་ཡེ་ཤེས་སུ་རྟོགས་ན་བཞི་པ་ཐོབ་པ་ཡིན། ཐ་མ་རྡུལ་ཚོན་གྱི་དཀྱིལ་འཁོར་དང་ཚིག་གི་ཕྱག་རྒྱ་མ་ལ་བརྟེན་ནས་ཆོ་ག་མགོ་མཇུག་མ་ནོར་བར་ཚིག་གིས་བརྡ་སྤྲད་མཁས་པ་ཞིག་གིས་ཚིག་གི་རྣམ་གྲངས་གོ་རིམ་མ་ནོར་བར་ཐོབ་པར་བྱས་ནས། རང་ཉིད་ཀྱིས་དམ་ཚིག་བསྲུང་དབེན་པར་བསྐྱེད་རྫོགས་ཀྱི་དོན་ཉམས་སུ་བླངས་ན་དབང་དོན་སྐྱེ། དབང་བསྐུར་བྱེད་དུས་ངོ་མ་འཕྲོད་ན་དེ་རྒྱབ་བཅུན་ནས་ཡོན་ཏན་སྐྱེ་དགོས། གོང་གི་གདན་གསུམ་འཛོམ་པའི་དཀྱིལ་འཁོར་ནི། ཞེས་པས། དབུས་སུ་སངས་རྒྱས་རིགས་ལྔའི་གདན། བར་ན་སེམས་དཔའ་སེམས་མའི་གདན། མཐའ་ན་ཁྲོ་བོ་ཁྲོ་མོའི་གདན། གདན་གསུམ་འཛོམ་པའི་དཀྱིལ་འཁོར་འདི་གསར་མ་བའི་ཕ་རྒྱུད་གསང་བ་འདུས་པ་དང་། རྙིང་མ་བའི་ཞི་བའི་དཀྱིལ་འཁོར་དང་། ཡོ་ག་ཀུན་རིག་གི་དཀྱིལ་འཁོར་གསུམ་ལ་དངོས་སུ་ཡོད། གཞན་ལ་ཆེར་མ་མཐོང་། འོན་ཀྱང་དོད་བརྩིས་ན་བླ་མེད་ཀྱི་དཀྱིལ་འཁོར་ཀུན་ལ་ཚང་ནས་ཡོད་གསུངས་ཀྱང་། འདིར་ཞི་ཁྲོ་དགོངས་པ་རང་གྲོལ་གྱི་དཀྱིལ་འཁོར་ལ་གདན་གསུམ་དངོས་སུ་ཚང་ནས་ཡོད་དོ། །དྲུག་པ་དུས་ནམ་བསྐུར་མཚམས་ངོས་བཟུང་བ་ནི། སྤྱིར་སྣོད་བཅུད་རྟེན་འབྲེལ་འཛོམ་པའི་དུས་སུ་ཡིན་ཀྱང་། ད་རེས་འདིར་རྒྱུ་དུས། ལམ་དུས། འབྲས་དུས་གསུམ་དུ་ངོས་བཟུང་ངོ་། །དེ་ཡང་རྒྱུ་དུས་ཀྱི་དབང་ནི། སློབ་དཔོན་ཚོགས་སྦྱོར་ལ་དྲོད་ཐོན་པ་ཞིག་གིས་རྡུལ་ཚོན་གྱི་དཀྱིལ་འཁོར་ལ་བརྟེན་ནས། སློབ་མ་ལས་དང་པོ་པ་གསང་སྔགས་ཀྱི་རིགས་ཅན་དེ་ལ་དབང་བསྐུར་བ་ནི་ཆོས་སྒོ་ཕྱེ་བ་སྟེ། དབང་གི་བག་ཆགས་བཞག་པ་ཡིན་ནོ། །ལམ་དུས་ཀྱི་དབང་ནི། སློབ་དཔོན་མཐོང་བསྒོམ་པ་ཞིག་གིས་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་ལ་བརྟེན་ནས། སློབ་མ་ཚོགས་སྦྱོར་ལ་དྲོད་ཐོབ་པ་ཞིག་ལ་དབང་བསྐུར་བའི་དུས་སུ། དབང་གི་ནུས་པ་འཇོག་པས་ཉམས་རྟོགས་བོགས་འདོན་པ་དགོས་པ་སྟེེ། དཔེར་ན་སློབ་དཔོན་སངས་རྒྱས་གསང་བས་མཚོ་མ་ཕམ་པའི་འགྲམ་དུ་སྔགས་ཚུལ་མི་ལྔ་ལ་དབང་བསྐུར་བ་ལྟ་བུའོ། །འབྲས་དུས་ཀྱི་དབང་ནི། སློབ་དཔོན་རྫོགས་པའི་སངས་རྒྱས་ཀྱིས་ཡེ་ཤེས་ཀྱི་དཀྱིལ་འཁོར་ལ་བརྟེན་ནས། སློབ་མ་མཐར་ལམ་པ་ས་བཅུའི་དབང་ཕྱུག་གམ།

ལྷུན་གྲུབ་རིག་འཛིན་ལ་དབང་བསྐུར་བའི་དུས་སུ་དབང་ངོ་བོ་ཐོབ་སྟེ། ཤེས་བྱའི་གཏིང་མཐའ་རྫོགས་པའོ། །དེ་ཡང་སྐན་ཚ་ལས། དེ་རུ་དབང་གིས་ཅི་བྱེད་ན༔ དག་བྱ་ཕྲ་བའི་ཕྲ་བ་དག༔ མཐོང་བྱ་གཞི་ཡི་ཡེ་ཤེས་ཀྱི༔ ཐ་གྲུ་མ་ལུས་དེར་རྒྱས་པ༔ ཞེས་གསུངས་སོ། །བདུན་པ་ཚུལ་ཇི་ལྟར་བསྐུར་ཐབས་ཆོག་འགྲིགས་དང་དབང་དོན་བཤད་པ་ལ་གཉིས་ཏེ། ཁྲིགས་ཆགས་ལུགས་སུ་བསྐུར་བ་དང་། དུམ་བུ་ལུགས་སུ་བསྐུར་བའོ། །དང་པོ་ནི། ནུབ་དང་པོ་ས་ཆོག །གཉིས་པ་སྟ་གོན། གསུམ་པ་དངོས་གཞི་དང་གསུམ་གྱིི་ཚུལ་དུ་དབང་རྣམས་ཞག་སྦྲེལ་ཏེ་བར་མ་ཆོད་པར་གཅིག་རྟིང་ལ་གཅིག་བསྐུར་བ་ཡིན་ནོ། །གཉིས་པ་དུམ་བུ་ལུགས་སུ་སྐུར་བ་ནི། དེ་ཡང་དབང་རེ་བསྐུར་ནས་དེའི་གདམས་པ་རེ་བསྟན་ཏེ། རྟགས་མ་བྱུང་གི་བར་དུ་བསྒོམ་ཞིང་བྱུང་ན་དབང་ཕྱི་མ་རྣམས་རིམ་པར་ལོ་ཟླའི་བར་དུ་ཆོད་པར་བསྐུར་བ་དུམ་བུའི་ལུགས་ལ་བཞི་སྟེ། དང་པོ་སྤྲོོས་བཅས་བུམ་དབང་བསྐུར་ཐབས་ལས་རིམ་ལ་སྦྱོར་དངོས་རྗེས་གསུམ་མོ། །སྦྱོར་བ་སྔོན་འགྲོ་ཆོག་འགྲིགས་སུ་ཤེས་ལ། འདིར་དངོས་གཞི་ལ་ལྔ་སྟེ། ཏིང་ངེ་འཛིན་དང་། བསྒྲགས་ཚིག་དང་། བསྐུར་གནས་དང་། བསྟིམ་གནས་དང་། དབང་དོན་ནོ། །དང་པོ་ཏིང་ངེ་འཛིན་ནི། བུམ་དབང་བསྐུར་བའི་དུས་སུ། སློབ་མ་ལ་ལྷ་དབང་རིམ་པ་ལྟར་བསྐུར་བ་དེ་ཉིད་སྐུ་གསུང་ཐུགས་ཕྱག་རྒྱ་རྒྱན་ཆ་ལུགས་ཐམས་ཅད་གསལ་བར་བདག་ཉིད་ཀྱང་བསྐྱེད། སློབ་མ་ཡང་བསྐྱེད། མདུན་གྱི་བར་སྣང་ལ་ཡང་གང་བར་བསྐྱེད། དབང་རྫས་ཙཀ་ལི་དེ་ཡང་བསྐྱེད། སློབ་བུ་རྣམས་ལ་སིབ་སིབ་བསྟིམ་མོ། །ལྷ་སོ་སོའི་སྙིང་པོ་ལན་བདུན་བདུན་བཀླགས་ལ་དེ་ཉིད་རེ་རེ་བཞིན་བསྒོམ་དུ་གཞུག་གོ། གཉིས་པ་བུམ་དབང་གི་དབང་གི་བསྒྲགས་ཚིག་ཚིགས་བཅད་ལྷུག་གང་ཡོད་དང་།

གསུམ་པ་བསྐུར་གནས་དབང་གཞུང་དུ་ཤེས། བཞི་པ་བསྟིམ་གནས་སློབ་བུའི་ལུས་ལའོ། །ལྔ་པ་བུམ་དབང་གི་དབང་དོན་ངོས་བཟུང་བ་ནི། བླ་མེད་དོན་རྫོགས་འདུས་པའི་དབང་སྐུར་རབ་འབྱེད་ལས། བུམ་པའི་དབང་ནི་གང་དང་གང་༔ ལས་ཀྱི་སློབ་དཔོན་དང་པོ་སྟེ༔ བྱས་པས་རྡུལ་ཚོན་དཀྱིལ་འཁོར་བརྟེན༔ ཐུན་མོང་རིག་པའི་དབང་ལྔ་བསྐུར༔ ལུས་ཀྱི་སྒྲིབ་པ་གསུམ་པོ་དག༔ བསྐྱེད་རིམ་ལྷ་ཡི་སྐལ་བར་ལྡན༔ ཡི་དམ་ཚོགས་ཀྱི་སྒོ་མོ་ཕྱེད༔ སྣོད་བཅུད་ལྷ་དང་ལྷ་མོར་བལྟ༔ ས་མ་ཡའི་དམ་ཚིག་ཕྱག་རྒྱ་བརྟན༔ བལྟས་པས་ཚིམ་པའི་ཆགས་པ་དག༔ སྐྱེ་བའི་སྡུག་བསྔལ་ཞི་བར་བྱེད༔ མ་འདྲེས་དགའ་བ་ལུས་ལ་སྐྱེ༔ སྒོང་ང་ལས་སྐྱེས་སྐྱེ་སྒོ་གཅོད༔ འཇིགས་པ་ཕུང་པོའི་བདུད་ཀུན་བཅོམ༔ སྤྱི་མཆེད་ཁམས་གསུམ་སེམས་ཅན་ཀུན༔ སྙིང་རྗེ་ཚད་མེད་རྒྱུད་ལ་སྐྱེ༔ བསྐྱེད་རྫོགས་ཟུང་འཇུག་དབྱེར་མེད་བསྒོམ༔ སྐྱེ་ཤི་བར་དོ་གཅོད་པར་བྱེད༔ རིགས་སྤྱོད་སྤྱོད་པ་སྤྱད་པ་སྤྱོད༔ ཉམས་ལ་གོང་འཕེལ་སྣང་བ་འབྱེད༔ མེ་ལོང་ལྟ་བུའི་ཡེ་ཤེས་མཐོང་༔ མ་འོངས་དུས་ན་སངས་རྒྱས་ཐོབ༔ སྤྲུལ་སྐུར་ཐོབ་པར་ལུང་ཡང་བསྟན༔ བྱ་ལས་ཀྲི་ཡའི་ཕྱོགས་སུ་གཏོགས༔ ཕྲིན་ལས་ཞི་བའི་ལས་རྣམས་འགྲུབ༔ གདོལ་པའི་རིགས་རྣམས་འདུལ་བའི་ཕྱིར༔ ཕྱི་ལྟར་བུམ་པའི་དབང་དུ་བཤད༔ ཅེས་པས། བུམ་དབང་ལ་དོན་ཉི་ཤུ་རྩ་ལྔ་ཕྱེ་ནས་བསྟན་པ་ལ། དང་པོ་སློབ་དཔོན་ནི། ཕུང་ཁམས་སྐྱེ་མཆེད་ཞི་ཁྲོའི་དཀྱིལ་འཁོར་དུ་ངོ་སྤྲད་པས་སློབ་དཔོན་བཞི་ལས་བླ་མ་རྡོ་རྡེ་སློབ་དཔོན་ནོ། །གཉིས་པ་དཀྱིལ་འཁོར་གང་ལ་བརྟེན་པ་ནི། ཡེ་ནས་རང་བྱུང་ཡེ་ཤེས་ཀྱི་རང་རྩལ་རོལ་པ་ཕུང་ཁམས་སྐྱེ་མཆེད་དུ་ཤར་བས་ཞི་ཁྲོའི་དཀྱིལ་འཁོར་དུ་གནས་པ་དེ་ད་ལྟ་མངོན་སུམ་དུ་རྟོགས་པའི་ཐབས་ལ་དཀྱིལ་འཁོར་བཞི་ལས་རྡུལ་ཚོན་གྱི་དཀྱིལ་འཁོར་ལ་བསྟེན་ནོ། །གསུམ་པ་དབང་རྫས་གང་གིས་བསྐུར་བ་ནི། རྒྱུ་རང་ལ་ལྷན་ཅིག་གནས་པའི་དམིགས་རྐྱེན་བྱེད་པས་བུམ་དབང་དང་ཐུན་མོང་རིག་པའི་དབང་ལྔ་ལ་སོགས་པའི་རྫས་ཀྱིས་བསྐུར་རོ། །བཞི་པ་སྒྲིབ་པ་གང་དག་པ་ནི། བུམ་དབང་གིས་ལུས་ཀྱི་དྲི་མ་བཀྲུ་བས་སྒྲིབ་པ་བཞི་ལས་ལུས་ཀྱི་སྒོ་ནས་བསགས་པའི་སྒྲིབ་གསུམ་དག་གོ། ལྔ་པ་དབང་སྐལ་ནི། བུམ་དབང་ཐོབ་ནས་སྐལ་པ་བཞི་ལས་བསྐྱེད་རིམ་ལྷ་བསྒོམ་པའི་སྐལ་བ་དང་ལྡན་ནོ། །དྲུག་པ་སྔགས་ཀྱི་སྒོ་འབྱེད་ཚུལ་ནི། བུམ་དབང་ཐོབ་ཕྱིན་ཆད་ལས་ཚོགས་གང་ཡང་བསྒྲུབ་རུང་བས་སྔགས་སྒོ་བཞི་ལས་ཡི་དམ་ཚོགས་ཀྱི་སྒོ་མོ་འབྱེད་དོ། །བདུན་པ་ལྟ་བ་རྟོགས་ཚུལ་ནི། སྣང་སྲིད་ལྷའི་སྐུ་སྣང་ལ་རང་བཞིན་མེད་པ་ཆུ་ཟླ་ལྟ་བུར་ཤེས་པས་ལྟ་བ་བཞི་ལས་སྣོད་བཅུད་ལྷ་དང་ལྷ་མོར་བལྟའོ། །བརྒྱད་པ་ཕྱག་རྒྱ་བརྟེན་ལུགས་ནི། གསལ་སྟོང་གི་ངེས་ཤེས་སྐྱེ་བས་ཕྱག་རྒྱ་བཞི་ལས་དམ་ཚིག་ཕྱག་རྒྱ་བསྟེན་ནོ། །དགུ་པ་ཆགས་སྤྱོད་དག་ཚུལ་ནི། རང་ལུས་ལྷ་སྐུ་ཕྱག་རྒྱ་ཡབ་ཡུམ་དུ་གསལ་བས་ཆགས་པ་བཞི་ལས་ལྷ་ཕོ་མོ་གཅིག་གིས་གཅིག་ལ་ཆགས་པས་ཆགས་སེམས་ཀྱི་ཡུན་རིང་བལྟས་པས་ཚིམ་པའི་འདོད་ཆགས་དག་གོ། བཅུ་པ་སྡུག་བསྔལ་ཞི་ཚུལ་ནི། བསྐྱེད་རིམ་གོམས་ནས་སྐྱེ་གནས་ཀྱི་ཟག་པ་ཟད་པས། སྡུག་བསྔལ་བཞི་ལས་སྐྱེ་བའི་སྡུག་བསྔལ་ཞི་བར་བྱེད་དོ། །བཅུ་གཅིག་པ་དགའ་བ་སྐྱེ་ཚུལ་ནི། ནང་རྟེན་འབྲེལ་ཀྱི་རླུང་སེམས་ཀྱིས་དཔྲལ་བའི་རྩ་འདབ་གང་བས་དགའ་བ་བཞི་ལས་དགའ་བའི་ཏིང་འཛིན་ལུས་ལ་སྐྱེ་བའོ། །བཅུ་གཉིས་པ་སྐྱེ་སྒོ་གཅོད་ཚུལ་ནི། དབང་དོན་རྒྱུད་ལ་བརྟན་པ་ཐོབ་ན་བར་དོར་སངས་རྒྱས་པས་སྐྱེ་གནས་བཞི་ལས་སྒོང་ང་ལས་སྐྱེས་པའི་སྒོ་གཅོད་དོ། །བཅུ་གསུམ་པ་བདུད་བཅོམ་ཚུལ་ནི། ཕུང་ཁམས་སྐྱེ་མཆེད་ལྷ་རུ་ཤར་བས་བདུད་བཞི་ལས་ཕུང་པོའི་བདུད་བཅོམ་མོ། །བཅུ་བཞི་པ་མཆེད་ཡིན་ཚུལ་ནི། མཐོང་ཚད་ལྷ་རུ་དག་སྣང་སྦྱང་བས་སྤྱི་མཆེད་སེམས་ཅན་ཐམས་ཅད་ཀུན་ནོ། །བཅོ་ལྔ་པ་ཚད་མེད་རྒྱུད་ལ་སྐྱེ་ཚུལ་ནི། ཁམས་གསུམ་སེམས་ཅན་ཐམས་ཅད་ལ་ཡུལ་བྲལ་དམིགས་མེད་ཀྱི་སྙིང་རྗེ་སྐྱེས་པས་ཚད་མེད་བཞི་ལས་སྙིང་རྗེ་ཚད་མེད་རྒྱུད་ལ་སྐྱེའོ། །བཅུ་དྲུག་པ་བསྒོམ་པ་གོམ་ཚུལ་ནི། གདངས་མ་འགག་པ་ལྷར་གསལ་དུས་ཉིད་ནས། གཤིས་མ་གྲུབ་པས་བསྒོམ་པ་བཞི་ལས་བསྐྱེད་རྫོགས་ཟུང་འཇུག་དབྱེར་མེད་བསྒོམ་མོ། །བཅུ་བདུན་པ་བར་དོ་གཅོད་ཚུལ་ནི། དབང་པོ་རབ་ཚེ་འདིར་རིག་འཛིན་ཐོབ་པས་བར་དོ་བཞི་ལས་སྐྱེ་འཆིའི་བར་དོ་གཅོད། བཅོ་བརྒྱད་པ་སྤྱོད་པ་སྤྱོད་ཚུལ་ནི། སྤྱོད་ལམ་རྣམ་བཞིར་ལྷའི་ངོ་བོར་ལོངས་སྤྱོད་པས་སྤྱོད་པ་བཞི་ལས་རིགས་སྤྱོད་ཀྱི་སྤྱོད་པ་སྤྱོད་དོ། །བཅུ་དགུ་པ་སྣང་བ་འབྱེད་ཚུལ་ནི། བསྐྱེད་རིམ་གྱི་དམིགས་འགྲིགས་རྩེ་གཅིག་ཏུ་བྱེད་དུས་ཉམས་སྣང་སྣ་ཚོགས་འཕེལ་བས་སྣང་བ་བཞི་ལས་ཉམས་གོང་འཕེལ་གྱི་སྣང་བ་འབྱེད་དོ། །ཉི་ཤུ་པ་ཡེ་ཤེས་མཐོང་ཚུལ་ནི། ཡེ་ནས་རྟོག་ཚོགས་ལྷ་རུ་གསལ་བ་དེ་ད་ལྟ་ངོ་ཤེས་པས་ཡེ་ཤེས་བཞི་ལས་མེ་ལོང་ལྟ་བུའི་ཡེ་ཤེས་མཐོང་ངོ་། །ཉེར་གཅིག་པ་འབྲས་བུ་ཐོབ་ཚུལ་ནི། བསྐྱེད་རིམ་ལ་བརྩོན་ཞིང་མ་ཞེན་ན། འབྲས་བུ་ཕྱི་མ་ཐོབ་པས་མ་འོངས་དུས་སུ་སངས་རྒྱས་ཐོབ་པའོ། །ཉེར་གཉིས་པ་ལུང་བསྟན་ཚུལ་ནི། ལུས་ཀྱི་ཞེན་འཛིན་དག་པས་སྐུ་བཞི་ལས་སྤྲུལ་སྐུ་ཐོབ་པར་སངས་རྒྱས་ཀྱིས་ལུང་བསྟན་ཏོ། །ཉེར་གསུམ་པ་རྒྱུད་སྡེའི་ཕྱོགས་གང་དུ་གཏོགས་ཚུལ་ནི། བསྐྱེད་རིམ་ལ་ལུས་སྤྱོད་གཙོ་བོ་སྟོན་པས་རྒྱུད་སྡེ་བཞི་ལས་བྱ་བའི་ཕྱོགས་སུ་གཏོགས་སོ། །ཉེར་བཞི་པ་ཕྲིན་ལས་འགྲུབ་ཚུལ་ནི། བསྐྱེད་རིམ་ལ་བརྟན་པ་ཐོབ་ན་མི་མཐུན་བར་ཆད་ཞི་བས་ཕྲིན་ལས་བཞི་ལས་ཞི་བའི་ཕྲིན་ལས་འགྲུབ་བོ། །ཉེར་ལྔ་པ་མི་རིགས་འདུལ་ཚུལ་ནི། ཉོན་མོངས་པ་ཤིན་ཏུ་རགས་པ་བསྐྱེད་རིམ་གྱིས་འདུལ་བས་མི་རིགས་བཞི་ལས་གདོལ་པའི་རིགས་ཕྱི་བུམ་པའི་དབང་གིས་འདུལ་བར་བཤད་དོ། །གསུམ་པ་མཐའ་བརྟེན་རྗེས་གནང་དང་དབང་རྗེས་ཀྱི་རིམ་པ་ཆོག་འགྲིགས་ལྟར་ཤེས་ལ།

གཉིས་པ་གསང་དབང་བསྐུར་ཐབས་ལས་རིམ་ལ་སྦྱོར་དངོས་རྗེས་གསུམ་མོ། །སྔོན་འགྲོ་བུམ་དབང་དང་འདྲ་བས་ཆོག་འགྲིགས་སུ་ཤེས་སོ། །འདིར་དངོས་གཞི་ལ་ལྔ་སྟེ། ཏིང་ངེ་འཛིན་དང་། བསྒྲགས་ཚིག་དང་། བསྐུར་གནས་དང་། བསྟིམ་གནས་དང་། དབང་དོན་ནོ། །དང་པོ་ཏིང་ངེ་འཛིན་ནི། བླ་མ་ཡབ་ཡུམ་སྦྱོར་བ་མཛད་པའི་བྱང་སེམས་དཀར་དམར་ལ་ཕྱོགས་བཅུའི་བླ་མ་བདེ་གཤེགས་རིག་འཛིན་ཐམས་ཅད་ཀྱི་བྱང་སེམས་བསྟིམས་ནས་། སློབ་བུའི་ལྕེ་ལ་བསྐུར་བས། འཁོར་བའི་ས་བོན་བསྲེགས་ནས་དོན་དམ་རྟོག་མེད་ཡེ་ཤེས་རྒྱུད་ལ་སྐྱེ་བར་བསྒོམ་མོ། །གཉིས་པ་བསྒྲགས་ཚིག་ཚིགས་བཅད་ལྷུགས་གང་ཡོད་དང་། གསུམ་པ་བསྐུར་གནས་གཞུང་དུ་ཤེས་སོ། །བཞི་པ་བསྟིམ་གནས་ངག་གོ། ལྔ་པ་གསང་དབང་དོན་ངོས་བཟུང་བ་ནི། བླ་མེད་དོན་རྫོགས་འདུས་པའི་དབང་བསྐུར་རབ་འབྱེད་ལས། བྷནྡྷའི་དབང་ནི་གང་དང་གང་༔ རྡོ་རྗེ་སློབ་དཔོན་གཉིས་པ་སྟེ༔ རང་ལུས་རྒྱལ་བའི་དཀྱིལ་འཁོར་རྟེན༔ ཁྱད་པར་དམ་རྫས་དབང་ལྔ་བསྐུར༔ ངག་གི་སྒྲིབ་པ་བཞི་པོ་དག༔ བཟླས་པ་སྔགས་ཀྱི་སྐལ་བར་ལྡན༔ སྨིན་བྱེད་དབང་གི་སྒོ་མོ་ཕྱེད༔ སྒྲ་རུ་གྲགས་ཚད་སྔགས་སྒྲར་བལྟ༔ རང་ལུས་ཆོས་ཀྱི་ཕྱག་རྒྱ་བསྟེན༔ དགོད་པས་ཚིམ་པའི་ཆགས་པ་དག༔ རྒས་པའི་སྡུག་བསྔལ་ཞི་བར་བྱེད༔ མཆོག་ཏུ་དགའ་བ་ངག་ལ་སྐྱེ༔ དྲོད་གཤེར་ལས་སྐྱེས་སྐྱེ་སྒོ་གཅོད༔ འཇིགས་པ་ལྷ་ཡི་བདུད་ཀུན་བཅོམ༔ རིང་མཆེད་ཆོས་སྒོར་ཞུགས་ཚད་ཀུན༔ བྱམས་པ་ཚད་མེད་རྒྱུད་ལ་སྐྱེ༔ སྔགས་ཀྱི་འཕྲོ་འདུས་འོད་ཟེར་བསྒོམ༔ རྨི་ལམ་བར་དོ་གཅོད་པར་བྱེད༔ སྨྱོ་སྤྱོད་སྤྱོད་པ་སྤྱོད་པ་སྤྱོད༔ རིག་པ་ཚད་ཕེབས་སྣང་བ་འབྱེད༔ མཉམ་པ་ཉིད་ཀྱི་ཡེ་ཤེས་མཐོང་༔ འདས་པའི་དུས་ན་སངས་རྒྱས་ཐོབ༔ ལོངས་སྐུ་ཐོབ་པར་ལུང་ཡང་བསྟན༔ ཡེ་ཤེས་ལྷ་རྒྱུད་ཨུ་པར་གཏོགས༔ ཕྲིན་ལས་དྲག་པོའི་ལས་རྣམས་འགྲུབ༔ རྨོངས་༼དམངས་༽ཀྱི་རིགས་རྣམས་འདུལ་བའི་ཕྱིར༔ ནང་ལྟར་བྷནྡྷའི་དབང་དུ་བཤད༔ ཅེས་པས། གསང་དབང་ལ་དབང་དོན་ཉི་ཤུ་རྩ་ལྔ་ཕྱེ་ནས་བསྟན་པ་ལ། དང་པོ་སློབ་དཔོན་ནི། དོན་དམ་རྟོག་མེད་ཡེ་ཤེས་ཀྱི་རྒྱུ་རང་ལ་གནས་པ་དེ། རྐྱེན་བྱང་སེམས་གཉིས་ཀྱིས་བྱས་པས་སློབ་དཔོན་བཞི་ལས་བྱང་སེམས་རྡོ་རྗེ་སློབ་དཔོན། གཉིས་པ་དཀྱིལ་འཁོར་གང་ལ་བརྟེན་ཚུལ་ནི། བླ་མ་ཡབ་ཡུམ་སློབ་བུ་གསུམ་གྱི་ལུས་ཀྱི་དཀྱིལ་འཁོར་ལ་བརྟེན་པས་དཀྱིལ་འཁོར་བཞི་ལས་བླ་མ་ཡབ་ཡུམ་གྱི་ལུས་སམ་རང་ལུས་རྒྱལ་བའི་དཀྱིལ་འཁོར་ལ་བརྟེན་ནོ། །གསུམ་པ་དབང་རྫས་གང་གི་བསྐུར་བ་ནི། ཐོད་པ་ལྔའི་ནང་དུ་དམ་རྫས་བླུག་པས་དབང་རྫས་བཞི་ལས་ཁྱད་པར་དམ་རྫས་བདུད་རྩི་ལྔས་བསྐུར་བའོ། །བཞི་པ་སྒྲིབ་པ་གང་དག་པ་ནི། གསང་དབང་གི་ངག་གིས་དྲི་མ་བཀྲུ་བས་སྒྲིབ་པ་བཞི་ལས་ངག་གིས་བསགས་པའི་སྒྲིབ་པ་བཞི་དག་གོ། ལྔ་པ་དབང་སྐལ་ནི། གསང་དབང་ཐོབ་ནས་སྔགས་བཟླས་པའམ་ཐབས་ལམ་སྟེང་སྒོ་རྩ་རླུང་བསྒོམ་པའི་སྐལ་བར་ལྡན་པའོ། །དྲུག་པ་སྔགས་ཀྱི་སྒོ་འབྱེད་ཚུལ་ནི། གསང་དབང་ཐོབ་ཕྱིན་ཆད་སྒོ་བཞི་ལས་སྨིན་བྱེད་དབང་གི་སྒོ་འབྱེད་དོ། །བདུན་པ་ལྟ་བ་རྟོགས་ཚུལ་ནི། སྒྲ་གྲགས་སྟོང་བརྗོད་མེད་དུ་རྟོགས་པའམ་ཐབས་ལམ་རྩ་རླུང་གི་གནད་ཤེས་པས་ལྟ་བ་བཞི་ལས་སྒྲ་གྲགས་ཚད་སྔགས་སྒྲར་བལྟའོ། །བརྒྱད་པ་ཕྱག་རྒྱ་བརྟེན་ལུགས་ནི། སྒྲ་གྲགས་སྟོང་བརྗོད་དུ་མེད་པ་ལ་ངེས་ཤེས་སྐྱེ་བས་ཕྱག་རྒྱ་བཞི་ལས་རང་ལུས་ཆོས་ཀྱི་ཕྱག་རྒྱ་བརྟེན་ནོ། །དགུ་པ་ཆགས་སྤྱོད་དག་ཚུལ་ནི། སྟེང་སྒོ་རྩ་རླུང་བསྒོམ་པས་ཆགས་པ་བཞི་ལས་ལྷ་ཕོ་མོ་གཅིག་གིས་གཅིག་མཐོང་ནས་རྒོད་པས་ཚིམ་པའི་འདོད་ཆགས་དག་གོ། བཅུ་པ་སྡུག་བསྔལ་ཞི་ཚུལ་ནི། རྩ་རླུང་འབྱོང་ནས་རྒས་དཀའ་བས་སྡུག་བསྔལ་བཞི་ལས་རྒས་པའི་སྡུག་བསྔལ་ཞིའོ། །བཅུ་གཅིག་པ་དགའ་བ་སྐྱེ་ཚུལ་ནི། ནང་གི་རྟེན་འབྲེལ་རླུང་སེམས་མགྲིན་པར་སླེབ་པས་དགའ་བ་བཞིའི་མཆོག་ཏུ་དགའ་བ་དག་ལ་སྐྱེའོ། །བཅུ་གཉིས་པ་སྐྱེ་སྒོ་གཅོད་ཚུལ་ནི། དྲོད་གཤེར་ལས་སྐྱེས་པའི་སྐྱེ་སྒོ་གཅོད་དོ། །བཅུ་གསུམ་པ་བདུད་བཅོམ་ཚུལ་ནི། རླུང་ཟིན་ན་རྟོག་མེད་ཀྱི་ཡེ་ཤེས་རྒྱུད་ལ་སྐྱེ་བས་བདུད་བཞི་ལས་ལྷའི་བུའི་བདུད་བཅོམ་མོ། བཅུ་བཞི་པ་མཆེད་ཡིན་ཚུལ་ནི། སྒྲ་གྲགས་ཚད་སྔགས་སམ་སངས་རྒྱས་ཀྱི་གསུང་དུ་སྦྱངས་པས་མཆེད་བཞི་ལས་རིང་མཆེད་ཆོས་སྒོར་ཞུགས་ཚད་ཀུན་ནོ། །བཅོ་ལྔ་པ་ཚད་མེད་རྒྱུད་ལ་སྐྱེ་ཚུལ་ནི། རྩ་རླུང་བསྒོམ་པའི་ནུས་པས་ཚད་མེད་བཞི་ལས་ཆོས་ལ་དམིགས་པའི་བྱམས་པ་ཚད་མེད་རྒྱུད་ལ་སྐྱེའོ། །བཅུ་དྲུག་པ་སྒོམ་པ་གོམས་ཚུལ་ནི། སྔགས་ཀྱི་འོད་ཟེར་འཕྲོ་འདུའམ། སྟེང་སྒོ་རྩ་རླུང་བསྒོམ་པས་བསྒོམ་པ་བཞི་ལས་སྔགས་ཀྱི་འཕྲོ་འདུའི་འོད་ཟེར་བསྒོམ་མོ། །བཅུ་བདུན་པ་བར་དོ་གཅོད་ཚུལ་ནི། རླུང་སེམས་དབུ་མར་ཚུད་པས་བར་དོ་བཞི་ལས་རྨི་ལམ་བར་དོ་གཅོད་པར་བྱེད་དོ། །བཅོ་བརྒྱད་པ་སྤྱོད་པ་སྤྱོད་ཚུལ་ནི། སྤྱོད་ལམ་རྣམ་བཞིར་རྩ་རླུང་གི་ལྟ་བསྒོམ་ལམ་དུ་ཁྱེར་བས་སྤྱོད་པ་བཞི་ལས་སྨྱོན་སྤྱོད་ཀྱི་སྤྱོད་པ་སྤྱོད་དོ། །བཅུ་དགུ་པ་སྣང་བ་འབྱེད་ཚུལ་ནི། གཏུམ་མོ་གནད་དུ་བསྣུན་དུས་ཤེས་བྱ་ལ་སྲིད་ཚད་འཆར་བས་སྣང་བ་བཞི་ལས་རིག་པ་ཚད་ཕེབས་ཀྱི་སྣང་བ་འབྱེད་དོ། །ཉི་ཤུ་པ་ཡེ་ཤེས་མཐོང་ཚུལ་ནི། རྟོག་མེད་མཉམ་པ་ཉིད་ཀྱི་ཡེ་ཤེས་རྟོགས་པས་ཡེ་ཤེས་བཞི་ལས་མཉམ་ཉིད་ཀྱི་ཡེ་ཤེས་མཐོང་ངོ་། །ཉེར་གཅིག་པ་འབྲས་བུ་ཐོབ་ཚུལ་ནི། གཤིས་ཡེ་ནས་སངས་རྒྱས་ཡིན་པས་འབྲས་བུ་བཞི་ལས་འདས་པའི་དུས་ནས་སངས་རྒྱས་ཐོབ་བོ། །ཉེར་གཉིས་པ་ལུང་བསྟན་ཚུལ་ནི། ངག་གི་ཞེན་འཛིན་དག་པས་སྐུ་བཞི་ལས་ལོངས་སྐུ་ཐོབ་པར་སངས་རྒྱས་ཀྱིས་ལུང་བསྟན་ཏོ། །ཉེར་གསུམ་པ་རྒྱུད་སྡེའི་ཕྱོགས་གང་དུ་གཏོགས་ཚུལ་ནི། གསང་དབང་གི་ངག་སྤྱོད་གཙོ་བོར་སྟོན་པས་རྒྱུད་སྡེ་བཞི་ལས་ཨུ་པའི་ཕྱོགས་སུ་གཏོགས་སོ། །ཉེར་བཞི་པ་ཕྲིན་ལས་འགྲུབ་ཚུལ་ནི། རྩ་རླུང་ལས་སུ་རུང་ན་ལྷ་འདྲེ་མི་གསུམ་དབང་དུ་འདུས་ཤིང་དགྲ་བགེགས་ཚར་གཅོད་པས་ཕྲིན་ལས་བཞི་ལས་དབང་གི་ལས་སམ་དྲག་པོའི་ལས་འགྲུབ་བོ། །ཉེར་ལྔ་པ་མི་རིགས་འདུལ་ཚུལ་ནི། ཉོན་མོངས་པ་རགས་པ་རྩ་རླུང་གིས་སྦྱངས་པས་མི་རིགས་བཞི་ལས་རྨོངས་༼དམངས་༽རིགས་བྷན་དྷའི་དབང་གིས་འདུལ་བར་བཤད་དོ། །གསུམ་པ་མཐའ་བརྟེན་རྗེས་ཀྱི་རིམ་པ་རྣམས་ཆོག་འགྲིགས་ལྟར་དུ་བྱའོ། །གསུམ་པ་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་ཐབས་ལས་རིམ་ལ་སྦྱོོར་དངོས་རྗེས་གསུམ་མོ། །དེ་ཡང་སྔོན་འགྲོ་ནི་དབང་གཉིས་པ་དང་འདྲ་བས་ཆོག་འགྲིགས་སུ་ཤེས་ལ། འདིར་གསུམ་པའི་དབང་གི་དངོས་གཞི་ལ་ལྔ་སྟེ། ཏིང་ངེ་འཛིན་དང་། བསྒྲགས་ཚིག་དང་། བསྐུར་གནས་དང་། བསྟིམ་གནས་དང་། དབང་དོན་ནོ། །དང་པོ་ཤེས་རབ་ཡེ་ཤེས་ཀྱི་དབང་གི་ཏིང་ངེ་འཛིན་ནི། སློབ་བུ་ཡི་དམ་རྟ་ཕག་ཡབ་ཡུམ་ཏུ་བྱིན་གྱིས་བརླབས་ལ་དམིགས་པ་འབོགས། སྤྱི་བོར་ཨོ་རྒྱན་ཡབ་ཡུམ་སྙོམས་འཇུག་མཛད་པའི་བྱང་སེམས་ཀྱི་རྒྱུན་སྤྱི་བོ་ལ་སོགས་གནས་རྣམས་སུ་བབ་ནས་དགའ་བ་བཞི་བདེ་སྟོང་གི་ཏིང་འཛིན་རྒྱུད་ལ་སྐྱེ་བར་བསྒོམ་མོ། །གཉིས་པ་ཤེས་རབ་ཡེ་ཤེས་ཀྱི་བསྒྲགས་ཚིག་ཡང་ཚིགས་བཅད་ལྷུག་གང་ཡོད་དང་། གསུམ་པ་བསྐུར་གནས་ནི་དབང་གཞུང་དུ་ཤེས་སོ། །བཞི་པ་བསྟིམ་གནས་ནི། སློབ་བུའི་སྙིང་དབུས་སེམས་ལ་བསྟིམ་མོ། །ལྔ་པ་ཤེས་རབ་ཡེ་ཤེས་ཀྱི་དབང་ངོས་བཟུང་བ་ནི། བླ་མེད་དོན་རྫོགས་འདུས་པའི་དབང་བསྐུར་རབ་འབྱེད་ལས། ཤེར་ཡེའི་དབང་ནི་གང་དང་གང་༔ རྡོ་རྗེ་སློབ་དཔོན་གསུམ་པ་སྟེ༔ རིགས་བཟང་མཚན་དང་ལྡན་པའི་ཡུམ༔ བློ་ཕེབ་ཡིད་འཕྲོག་མ་ལ་བརྟེན༔ འདོད་ཡོན་རོལ་པའི་དབང་ལྔ་བསྐུར༔ སེམས་ཀྱི་སྒྲིབ་པ་གསུམ་པོ་དག༔ སྣང་བ་ལམ་ཁྱེར་སྐལ་བར་ལྡན༔ རྩ་སྦྱོངས་སྤྱོད་པའི་སྒོ་མོ་ཕྱེད༔ ཐབས་ཤེས་དབྱེར་མེད་བདེ་སྟོང་ལྷ༔ གཞན་ལུས་ལས་ཀྱི་ཕྱག་རྒྱ་བརྟེན༔ འཁྱུད་པས་ཚིམ་པའི་ཆགས་པ་དག༔ ན་བའི་སྡུག་བསྔལ་ཞི་བར་བྱེད༔ མི་རྟོག་དགའ་བྲལ་སེམས་ལ་སྐྱེ༔ མངལ་ནས་སྐྱེ་བའི་སྐྱེ་སྒོ་གཅོད༔ འཇིགས་པ་ཉོན་མོངས་བདུད་དཔུང་འཇོམས༔ ཉེ་མཆེད་ལྟ་སྤྱོད་མཐུན་པ་ཀུན༔ དགའ་བ་ཚད་མེད་རྒྱུད་ལ་སྐྱེ༔ ཐིག་ལེ་དབབ་བཟློག་བཀྲམ་བསྐྱིལ་བསྒོམ༔ སྲིད་པ་བར་དོ་གཅོད་པར་བྱེད༔ གསང་སྤྱོད་སྤྱོད་པ་སྤྱོད་པ་སྤྱོད༔ ཆོས་ཉིད་མངོན་སུམ་སྣང་བ་ཕྱེད༔ སོ་སོར་རྟོག་པའི་ཡེ་ཤེས་མཐོང་༔ ད་ལྟའི་དུས་ནས་སངས་རྒྱས་ཐོབ༔ ཆོས་སྐུ་ཐོབ་པར་ལུང་ཡང་བསྟན༔ མངོན་བྱང་ཡོ་གའི་ཕྱོགས་སུ་གཏོགས༔ ཕྲིན་ལས་དབང་གི་ལས་རྣམས་འགྲུབ༔ བྲམ་ཟེའི་རིགས་རྣམས་འདུལ་བའི་ཕྱིར༔ གསང་དབང་ཤེས་རབ་ཡེ་ཤེས་བཤད༔ ཅེས་པས། ཤེས་རབ་ཡེ་ཤེས་ཀྱི་དབང་ལ་དབང་དོན་ཉི་ཤུ་རྩ་ལྔ་ཕྱེ་ནས་བསྟན་པ་ལས། །དང་པོ་ཤེས་རབ་ཡེ་ཤེས་ཀྱི་དབང་གི་སློབ་དཔོན་ནི། ཆགས་རྟོག་བདེ་བ་རང་སྤང་མ་དགོས་པར་བདེ་སྟོང་གཉིས་མེད་དུ་རྟོགས་པའི་རྐྱེན་ཡུམ་གྱིས་བྱེད་པས། སློབ་དཔོན་བཞི་ལས་རིགས་བཟང་མཚན་ལྡན་གྱི་ཡུམ་རྡོ་རྗེ་སློབ་དཔོན་ནོ། །གཉིས་པ་དཀྱིལ་འཁོར་གང་ལ་བརྟེན་པ་ནི། རང་ལུས་ཐབས་དང་ལྡན་པས་དཀྱིལ་འཁོར་བཞི་ལས་གཞན་ལུས་མཚན་ལྡན་གྱི་གསང་བའི་དཀྱིལ་འཁོར་ལ་བརྟེན་ནོ། །གསུམ་པ་དབང་རྫས་གང་གིས་བསྐུར་བ་ནི། ཕྱག་རྒྱ་རིགས་ལྔ་དེ་ཡིན་པས། དབང་རྫས་བཞི་ལས་ཕྱག་རྒྱ་ལྔའམ་འདོད་ཡོན་རོལ་པའི་དབང་རྫས་ལྔས་བསྐུར་རོ། །བཞི་པ་སྒྲིབ་པ་གང་དག་པ་ནི། ཤེས་རབ་ཡེ་ཤེས་ཀྱི་དབང་གིས་སེམས་ཀྱི་དྲི་མ་བཀྲུ་བས་སྒྲིབ་པ་བཞི་ལས་སེམས་ཀྱིས་བསགས་པའི་སྒྲིབ་པ་གསུམ་པོ་དག་གོ། ལྔ་པ་དབང་སྐལ་ནི། ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ་ནས་བསྐལ་པ་བཞི་ལས་འོག་སྒོ་བདེ་ཆེན་གྱི་སྣང་བ་ལམ་དུ་ཁྱེར་བའི་སྐལ་བ་དང་ལྡན་ནོ། །དྲུག་པ་སྔགས་སྒོ་འབྱེད་ཚུལ་ནི། གསུམ་པའི་དབང་ཐོབ་ཕྱིན་ཆད་སྔགས་སྒོ་བཞི་ལས་རྩལ་སྦྱོངས་སྤྱོད་པ་སྣ་ཚོགས་ཀྱི་སྒོ་ཕྱེད་དོ། །བདུན་པ་ལྟ་བ་རྟོགས་ཚུལ་ནི། བདེ་སྟོང་གཉིས་མེད་དུ་ཤེས་པས་ལྟ་བ་བཞི་ལས་ཐབས་ཤེས་དབྱེར་མེད་བདེ་སྟོང་ཟུང་འཇུག་ཏུ་བལྟའོ། །བརྒྱད་པ་ཕྱག་རྒྱ་བརྟེན་ཚུལ་ནི། བདེ་སྟོང་གཉིས་མེད་ཀྱི་ངེས་ཤེས་སྐྱེ་བས་ཕྱག་རྒྱ་བཞི་ལས་གཞན་ལུས་ལས་ཀྱི་ཕྱག་རྒྱ་བརྟེན་ནོ། །དགུ་པ་ཆགས་པ་དག་ཚུལ་ནི། འོག་སྒོ་བདེ་ཆེན་གྱི་ལམ་ལ་གོམ་པས་ཆགས་སྤྱོད་བཞི་ལས་གཉིས་གཉིས་འཁྱུད་ཅིང་དབང་པོ་གཉིས་སྦྱོར་བས་ཚིམ་པའི་འདོད་ཆགས་དག་གོ། བཅུ་པ་སྡུག་བསྔལ་ཞི་ཚུལ་ནི། ཆགས་ལམ་ལ་བརྟན་པ་ཐོབ་ན་ན་ཚའི་ཟུག་རྔུ་བདེ་བར་ཤར་བས་སྡུག་བསྔལ་བཞི་ལས་ན་ཚའི་སྡུག་བསྔལ་ཞི་བར་བྱེད་དོ། བཅུ་གཅིག་པ་དགའ་བ་སྐྱེ་ཚུལ་ནི། ནང་རྟེན་འབྲེལ་རླུང་སེམས་ཀྱིས་སྙིང་ནང་གི་རྩ་འདབ་གང་བས་དགའ་བ་བཞི་ལས་མི་རྟོག་དགའ་བྲལ་སེམས་ལ་སྐྱེའོ། །བཅུ་གཉིས་པ་སྐྱེ་སྒོ་གཅོད་ཚུལ་ནི། སྲིད་པ་བར་དོར་མངལ་སྒོ་ཁེགས་པས་སྐྱེ་གནས་བཞི་ལས་མངལ་ནས་སྐྱེ་བའི་སྐྱེ་སྒོ་གཅོད་དོ། །བཅུ་གསུམ་པ་བདུད་བཅོམ་ཚུལ་ནི། ཉོན་མོངས་པ་ཆགས་རྟོག་ཡེ་ཤེས་སུ་ཤར་བས་བདུད་བཞི་ལས་ཉོན་མོངས་བདུད་ཀུན་བཅོམ་མོ། །བཅུ་བཞི་པ་མཆེད་ཡིན་ཚུལ་ནི། དྲན་རྟོག་བདེ་ཆེན་སངས་རྒྱས་ཀྱི་ཐུགས་སུ་དག་སྣང་སྦྱངས་པས་མཆེད་བཞི་ལས་ཉེ་མཆེད་ལྟ་སྤྱོད་མཐུན་པ་ཀུན་ནོ། །བཅོ་ལྔ་པ་ཚད་མེད་རྒྱུད་ལ་སྐྱེ་ཚུལ་ནི། ཟབ་ལམ་དགའ་བཞིའི་འགྲོས་ཐིམ་གྱི་ནུས་པས་ཚད་མེད་བཞི་ལས་དགའ་བ་ཚད་མེད་རྒྱུད་ལ་སྐྱེ་བའོ། །བཅུ་དྲུག་པ་སྒོམ་པ་གོམ་ཚུལ་ནི། མཁས་པ་བཞིའི་སྒོ་ནས་ཉམས་སུ་ལེན་པས་སྒོམ་པ་བཞི་ལས་ཐིག་ལེ་དབབ་བཟློག་དགྲམ་བསྐྱིལ་བསྒོམ་མོ། །བཅུ་བདུན་པ་བར་དོ་གཅོད་ཚུལ་ནི། སྲིད་པ་བར་དོར་མངལ་སྒོ་བདམས་ནས་དག་པའི་ཞིང་དུ་འཕོ་བས་བར་དོ་བཞི་ལས་སྲིད་པ་བར་དོ་གཅོད་པར་བྱེད་དོ། །བཅོ་བརྒྱད་པ་སྤྱོད་པ་སྤྱོད་ཚུལ་ནི། ཆགས་ལམ་རྣམས་གསང་ནས་སྤྱོོད་དགོས་པས་སྤྱོད་པ་བཞི་ལས་གསང་སྤྱོད་ཀྱི་སྤྱོད་པ་སྤྱོད་དོ། །བཅུ་དགུ་པ་སྣང་བ་འབྱེད་ཚུལ་ནི། འོག་སྒོ་གནད་དུ་བསྣུན་དུས་བདེ་སྟོང་ཟུང་འཇུག་གི་སྣང་བ་མངོན་དུ་གྱུར་པས་སྣང་བ་བཞི་ལས་ཆོས་ཉིད་མངོན་སུམ་གྱི་སྣང་བ་འབྱེད་དོ། །ཉི་ཤུ་པ་ཡེ་ཤེས་མཐོང་ཚུལ་ནི། དགའ་བ་བཞིའི་དོན་སོ་སོར་མ་འདྲེས་པར་རྟོགས་པས་ཡེ་ཤེས་བཞི་ལས་སོ་སོར་རྟོག་པའི་ཡེ་ཤེས་མཐོང་ངོ་། །ཉེར་གཅིག་པ་འབྲས་བུ་ཐོབ་ཚུལ་ནི། བརྩོན་འགྲུས་རབ་ཚེ་འདིར་ལྷག་མེད་འགྲུབ་པས་འབྲས་བུ་བཞི་ལས་ད་ལྟའི་དུས་ནས་སངས་རྒྱས་ཐོབ་བོ། །ཉེར་གཉིས་པ་བསྐུར་ལུང་བསྟན་ཚུལ་ནི། སེམས་ཀྱི་ཞེན་འཛིན་དག་པས་སྐུ་བཞི་ལས་ཆོས་སྐུ་ཐོབ་པར་སངས་རྒྱས་ཀྱིས་ལུང་ཡང་བསྟན་ཏོ། །ཉེར་གསུམ་པ་རྒྱུད་སྡེའི་ཕྱོགས་གང་དུ་གཏོགས་ཚུལ་ནི། ཤེས་རབ་ཡེ་ཤེས་ཀྱི་དབང་དོན་ལ་སེམས་སྤྱོད་གཙོ་བོར་སྟོན་པས་རྒྱུད་སྡེ་བཞི་ལ་རྣལ་འབྱོར་ཡོ་གའི་ཕྱོགས་སུ་གཏོགས་སོ། །ཉེར་བཞི་པ་ཕྲིན་ལས་འགྲུབ་ཚུལ་ནི། ཐིག་ལེ་ལས་སུ་རུང་ན་ཚེ་དང་བསོད་ནམས་རྒྱས་ཤིང་ལྷ་འདྲེ་མི་གསུམ་དབང་དུ་འདུ་བས་ཕྲིན་ལས་བཞི་ལས་རྒྱས་པའི་ལས་སམ་དབང་གི་ལས་འགྲུབ་བོ། །ཉེར་ལྔ་པ་མི་རིགས་འདུལ་ཚུལ་ནི། ཉོན་མོངས་པ་ཕྲ་བ་ཆགས་ལམ་གྱིས་སྦྱངས་པས་མི་རིགས་བཞི་ལས་བྲམ་ཟེའི་རིགས་ཤེས་རབ་ཡེ་ཤེས་ཀྱི་དབང་གིས་འདུལ་བར་བཤད་དོ། །གསུམ་པ་མཐའ་རྟེན་རྗེས་གནང་གི་དབང་དང་རྗེས་ཀྱི་རིམ་པ་རྣམས་ཆོག་འགྲིགས་ལྟར་དུ་བྱའོ། །

བཞི་པ་ཚིག་དབང་རིན་པོ་ཆེ་བསྐུར་ཐབས་ལས་རིམ་ལ་སྦྱོར་དངོས་རྗེས་གསུམ་མོ། །དེའང་སྔོན་འགྲོ་ནི་དབང་གསུམ་པོ་དང་འདྲ་བས་ཆོག་འགྲིགས་སུ་ཤེས་ལ། འདིར་བཞི་པའི་དབང་གི་དངོས་གཞི་ལ་ལྔ་སྟེ། ཏིང་ངེ་འཛིན་དང་། བསྒྲག་ཚིགས་དང་། བསྐུར་གནས་དང་། བསྟིམ་གནས་དང་། དབང་དོན་ནོ། དང་པོ་ཚིག་དབང་གི་ཏིང་ངེ་འཛིན་ནི། སློབ་བུ་རྣམ་སྣང་ཆོས་བདུན་བཅའ་ལ། སེལ་མེད་རང་སེམས་སོ་མ་རང་གདངས་སུ་འདུག་པའོ། །གཉིས་པ་བསྒྲག་ཚིག་ནི། ཚིགས་བཅད་ལྷུག་གང་ཡོད་དང་། གསུམ་པ་བསྐུར་གནས་ནི་གཞུང་དུ་ཤེས། བཞི་པ་བསྟིམ་གནས་ནི། མཉམ་པ་ཉིད་ཀྱི་ཡེ་ཤེས་འོད་གསལ་གཅིག་དང་དུ་མར་འཛིན་པ་ལས་གྲོལ་བའོ། །ལྔ་པ་ཚིག་དབང་གི་དབང་དོན་ངོས་བཟུང་བ་ནི། བླ་མེད་དོན་རྫོགས་འདུས་པའི་དབང་བསྐུར་རབ་འབྱེད་ལས། ཚིག་དབང་དེ་ཉིད་གང་དང་གང་༔ རྡོ་རྗེ་སློབ་དཔོན་བཞི་པ་སྟེ༔ བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་བརྟེན༔ རྣལ་འབྱོར་རིམ་པའི་དབང་ལྔ་བསྐུར༔ གོལ་ས་སྒྲིབ་པ་དྲུག་པོ་དག༔ གཞི་ནས་ཡེ་གྲོལ་སྐལ་བར་ལྡན༔ གྲོལ་བྱེད་ལྟ་བའི་སྒོ་མོ་འབྱེད༔ བསྒོམ་མེད་རྫོགས་ཆེན་ལྟ་བ་རྟོགས༔ སྦྱོར་སྒྲོལ་ཕྱག་རྒྱ་ཆེན་པོ་བསྟེན༔ བཅངས་པས་ཚིམ་པའི་ཆགས་པ་དག༔ འཆི་བའི་སྡུག་བསྔལ་ཞི་བར་བྱེད༔ ལྷན་ཅིག་སྐྱེས་པའི་དགའ་བ་སྐྱེ༔ བརྫུས་ནས་སྐྱེ་བའི་སྐྱེ་སྒོ་གཅོད༔ འཇིགས་པ་འཆི་བདག་བདུད་ཀུན་བཅོམ༔ འདྲེས་མཆེད་དཀྱིལ་འཁོར་གཅིག་ཞུགས་ཀུན༔ བཏང་སྙོམ་ཚད་མེད་རྒྱུད་ལ་སྐྱེ༔ སྒོམ་མེད་ཡེངས་མེད་ཡེ་གྲུབ་བསྒོམ༔ ཏིང་འཛིན་བར་དོ་གཅོད་པར་བྱེད༔ ཚོགས་སྤྱོད་སྤྱོད་པ་སྤྱོད་པ་སྤྱོད༔ འཇའ་འོད་ཟེར་གསུམ་སྣང་བ་འབྱེད༔ བྱ་གྲུབ་ཆོས་དབྱིངས་ཡེ་ཤེས་མཐོང་༔ མ་ངེས་དུས་གསུམ་སངས་རྒྱས་ཐོབ༔ མི་ཤིགས་རྡོ་རྗེའི་སྐུ་ཐོབ་འགྱུར༔ བྱ་བྲལ་ཨ་ཏིའི་ཕྱོགས་སུ་གཏོགས༔ ཕྲིན་ལས་རྒྱས་པའི་ལས་ཀུན་འགྲུབ༔ རྗེའི་རིགས་རྣམས་འདུལ་བའི་ཕྱིར༔ སྤྲོས་མེད་ཚིག་གི་དབང་དུ་བཤད༔ ཅེས་པས། བཞི་པ་ཚིག་དབང་རིན་པོ་ཆེ་ལ་དབང་དོན་ཉི་ཤུ་རྩ་ལྔ་ཕྱེ་ནས་བསྟན་པ་ལ། དང་པོ་ཚིག་དབང་གི་སློབ་དཔོན་ནི། ཆོས་ཀུན་རང་བྱུང་ཡེ་ཤེས་སུ་གནས་པ་དེ་རང་གིས་རང་རྟོགས་པས་སློབ་དཔོན་བཞི་ལས་རང་རིག་རྡོ་རྗེ་སློབ་དཔོན་ནོ། །གཉིས་པ་དཀྱིལ་འཁོར་གང་ལ་བསྟེན་པ་ནི། གཉིས་མེད་ཡེ་ཤེས་ཀྱི་དཀྱིལ་དུ་སྣང་སྲིད་ཐམས་ཅད་འཁོར་བས་དཀྱིལ་འཁོར་བཞི་ལས་དོན་དམ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དྲུག་ལ་བརྟེན་ནོ། །གསུམ་པ་དབང་རྫས་གང་གིས་བསྐུར་བ་ནི། རང་ལ་གནས་པའི་དོན་ངོ་མ་ཤེས་པ་ཤེས་པར་བྱེད་པས་དབང་རྫས་བཞི་ལས་། རྣལ་འབྱོར་རིམ་ལྔའམ། ཤེལ། ལུ་གུ་རྒྱུད། རྨ་བྱ། མེ་ལོང་། ཚོགས་དྲུག་གིས་བསྐུར་རོ། །བཞི་པ་སྒྲིབ་པ་གང་དག་པ་ནི། ཚིག་དབང་གིས་སྒོ་གསུམ་གྱི་དྲི་མ་བཀྲུ་བས་སྒྲིབ་པ་བཞི་ལས་སྒྲིབ་པ་དྲུག་གམ་ལུས་ངག་ཡིད་གསུམ་གྱི་ཤེས་སྒྲིབ་དག་གོ། ལྔ་པ་དབང་སྐལ་ནི། ཚིག་དབང་ཐོབ་ནས། གཞི་ཁྲེགས་ཆོད་ཡེ་གྲོལ་ལམ་ཐོད་རྒལ་འོད་གསལ་བསྒོམ་པའི་སྐལ་བར་ལྡན་ནོ། །དྲུག་པ་སྔགས་སྒོ་འབྱེད་ཚུལ་ནི། ཚིག་དབང་ཐོབ་ཕྱིན་ཆད་སྒོ་བཞི་ལས་གྲོལ་བྱེད་ཀྱི་གདམས་པ་ལྟ་བ་ལ་སོགས་པའི་སྒོ་ཕྱེད་དོ། །བདུན་པ་ལྟ་བ་རྟོགས་ཚུལ་ནི། ཤེས་བྱ་གཤིས་ཀྱི་གནས་ལུགས་ཇི་ལྟ་བ་བཞིན་ཤེས་པས་ལྟ་བ་བཞི་ལས་བསྒོམ་མེད་རྫོགས་པ་ཆེན་པོའི་ལྟ་བའོ། །བརྒྱད་པ་ཕྱག་རྒྱ་བརྟེན་ཚུལ་ནི། ཟུང་འཇུག་བློ་འདས་སུ་རྟོགས་པས། ཕྱག་རྒྱ་བཞི་ལས་སྦྱོར་སྒྲོལ་ཕྱག་རྒྱ་ཆེན་པོ་བརྟེན་ནོ། །དགུ་པ་ཆགས་པ་དག་ཚུལ་ནི། ཁྲེགས་ཆོད་ཐོད་རྒལ་ལ་གོམས་པས་ཆགས་སྤྱོད་བཞི་ལས་ལྷ་ཕོ་མོ་ལག་གཉིས་འཆངས་པས་ཚིམ་པའི་འདོད་ཆགས་དག་གོ། བཅུ་པ་སྡུག་བསྔལ་ཞི་ཚུལ་ནི། བརྩོན་འགྲུས་རབ་ཚེ་འདིར་ཕུང་པོ་ལྷག་མེད་དུ་ཡལ་བས་སྡུག་བསྔལ་བཞི་ལས་འཆི་བའི་སྡུག་བསྔལ་ཞི་བར་བྱེད་དོ། །བཅུ་གཅིག་པ་དགའ་བ་སྐྱེ་ཚུལ་ནི། མངོན་སུམ་དུ་ཉམས་སུ་བླངས་དུས་འཛིན་ཞེན་ཐམས་ཅད་བྲལ་བས་དགའ་བ་བཞི་ལས་ལྷན་ཅིག་སྐྱེས་པའི་དགའ་བ་སྐྱེའོ། །བཅུ་གཉིས་པ་སྐྱེ་སྒོ་གཅོད་ཚུལ་ནི། དབང་པོ་འབྲིང་པོ་བར་དོར་གྲོལ་བས་སྐྱེ་གནས་བཞི་ལས་བརྫུས་ནས་སྐྱེ་བའི་སྐྱེ་སྒོ་གཅོད་དོ། །བཅུ་གསུམ་པ་བདུད་བཅོམ་ཚུལ་ནི། ཚེ་འདིར་གྲོལ་བ་ཐོབ་ནས་བདུད་བཞི་ལས་འཆི་བདག་གི་བདུད་བཅོམ་མོ། །བཅུ་བཞི་པ་མཆེད་ཡིན་ཚུལ་ནི། རང་བྱུང་ཡེ་ཤེས་ཀྱི་དཀྱིིལ་འཁོར་དུ་ཆོས་ཀུན་མ་འདྲེས་ཡོངས་སུ་གཞུག་པས་མཆེད་བཞི་ལས་འདྲེས་མཆེད་དཀྱིལ་འཁོར་གཅིག་ཏུ་ཞུགས་པ་ཀུན་ནོ། །བཅོ་ལྔ་པ་ཚད་མེད་རྒྱུད་ལ་སྐྱེ་ཚུལ་ནི། ལམ་ལ་བརྟན་པ་ཐོབ་ན་གང་ལ་ཉེ་རིང་མེད་པས་ཚད་མེད་བཞི་ལས་བཏང་སྙོམས་ཚད་མེད་རྒྱུད་ལ་སྐྱེའོ། །བཅུ་དྲུག་པ་བསྒོམ་པ་གོམས་ཚུལ་ནི། ཁྲེགས་ཆོད་ཀྱི་ངོས་ནས་བསྒོམ་དུ་མེད་ལ། ཐོད་རྒལ་གྱིས་ངོས་ནས་ཡེངས་སུ་མེད་པས་བསྒོམ་པ་བཞི་ལས་བསྒོམ་མེད་ཡེངས་མེད་ཡེ་གྲུབ་ཏུ་བསྒོམ་མོ། །བཅུ་བདུན་པ་བར་དོ་གཅོད་ཚུལ་ནི། ཏིང་ངེ་འཛིན་ལ་ཐུན་མཚམས་རེག་འཇོག་མེད་པས་བར་དོ་བཞི་ལས་ཏིང་འཛིན་བར་དོ་གཅོད་པར་བྱེད་དོ། །བཅོ་བརྒྱད་པ་སྤྱོད་པ་སྤྱོད་ཚུལ་ནི། ཁྲེགས་ཆོད་ཐོད་རྒལ་གྱི་ལྟ་བསྒོམ་སྤྱོད་ལམ་རྣམ་བཞིར་ལམ་དུ་ཁྱེར་བས་སྤྱོད་པ་བཞི་ལས་ཚོགས་སྤྱོད་ཀྱི་སྤྱོད་པ་སྤྱོད་པའོ། །བཅུ་དགུ་པ་སྣང་བ་འབྱེད་ཚུལ་ནི། མངོན་སུམ་ཡེ་ཤེས་ཀྱི་ལམ་ཉམས་སུ་བླངས་དུས་འཁྲུལ་སྣང་སྒྲིབ་པ་ཟད་པས་སྣང་བ་བཞི་ལས་གདོས་བཅས་རྩོལ་རྟོག་ཟད་པའི་སྣང་བ་འབྱེད་དོ། །ཉི་ཤུ་པ་ཡེ་ཤེས་མཐོང་ཚུལ་ནི། མཁྱེན་གསུམ་རང་རྩལ་རྫོགས་ཅིང་སྒྲིབ་གསུམ་རྣམ་པར་དག་པས་ཡེ་ཤེས་བཞི་ལས་བྱ་གྲུབ་ཆོས་དབྱིངས་ཡེ་ཤེས་མཐོང་ངོ་། །ཉེར་གཅིག་པ་འབྲས་བུ་ཐོབ་ཚུལ་ནི། རྒྱལ་བའི་མཛད་པ་ཅིར་ཡང་མ་ངེས་པས་འབྲས་བུ་བཞི་ལས་མ་ངེས་དུས་སུ་སངས་རྒྱས་ཐོབ་པའོ། །ཉེར་གཉིས་པ་བསྐུར་ལུང་བསྟན་ཚུལ་ནི། སྒོ་གསུམ་གྱི་ཤེས་སྒྲིབ་དག་པས་སྐུ་བཞི་ལས་མི་ཤིག་རྡོ་རྗེའི་སྐུ་ཐོབ་བོ། །ཉེར་གསུམ་པ་རྒྱུད་སྡེའི་ཕྱོགས་གར་གཏོགས་པ་ནི། ཚིག་དབང་གིས་བརྡའ་དོན་ལྷན་སྐྱེས་འབའ་ཞིག་གཙོ་བོར་སྟོན་པས་རྒྱུད་སྡེ་བཞི་ལས་བླ་མེད་བྱ་བྲལ་ཨ་ཏིའི་ཕྱོགས་སུ་གཏོགས་སོ། །ཉེར་བཞི་པ་ཕྲིན་ལས་འགྲུབ་ཚུལ་ནི། སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་རྒྱས་པའམ་ལྷུན་གྱིས་གྲུབ་པས་ཕྲིན་ལས་བཞི་ལས་རྒྱས་པའི་ལས་སམ་ལྷུན་གྱིས་གྲུབ་པའི་ལས་འགྲུབ་བོ། །ཉེར་ལྔ་པ་མི་རིགས་འདུལ་ཚུལ་ནི། ཉོན་མོངས་པ་ཕྲ་བའི་ཕྲ་བ་ངེས་ལམ་གྱིས་སྦྱངས་པས་མི་རིགས་བཞི་ལས་རྗེའུའི་རིག་སྤྲོས་མེད་ཚིག་དབང་རིན་པོ་ཆེས་འདུལ་བར་བཤད་དོ། །གསུམ་པ་མཐའ་བརྟེན་རྗེས་གནང་གི་དབང་དང་རྗེས་ཀྱི་རིམ་པ་ཆོག་འགྲིགས་ལྟར་དུ་བྱའོ། །

བརྒྱད་པ་དེ་ལྟར་དབང་མ་ཐོབ་པའི་སྐྱོན་ནི། སྙིང་གི་མེ་ལོང་ལས། གསང་སྔགས་དབང་ལ་མ་བརྟེན་འགྲུབ་པར་ག་ལ་འགྱུར༔ དཔེར་ན་མཉན་པ་ལག་སྐྱ་མེད་པ་བཞིན༔ ཞེས་དང་། ཕྱག་རྒྱ་ཆེན་པོ་ཁ་སྤྱོར་ཐིག་ལེ་ལས། དབང་མ་ཐོབ་ན་དངོས་གྲུབ་མེད༔ བྱེ་མ་བཙིར་བས་མར་མེད་བཞིན༔ ཞེས་པས། དེ་ཁོ་ན་ཉིད་ཀྱི་སྣོད་དུ་མི་རུང་། ཡང་དག་པའི་བྱིན་རླབས་མི་འཇུག་དངོས་གྲུབ་ཀྱི་རྩ་བ་ཆད་པའོ། །དགུ་པ་དབང་ཐོབ་པའི་ཡོན་ཏན་ནི། སྙིང་གི་མེ་ལོང་ལས། དབང་རྣམས་རབ་ཏུ་ཐོབ་བྱས་ན༔ གསང་སྔགས་ཐམས་ཅད་མ་བསྒྲུབ་འགྲུབ༔ ཅེས་དང་། ཀློང་གསལ་ལས། དབང་ཐོབ་རྒྱུད་སྨིན་ཆོས་སྒོ་འབྱེད༔ གསང་སྔགས་དོན་ཀུན་འགྲུབ་པར་འགྱུར༔ ཞེས་པས། གོང་མའི་བྱིན་རླབས་འཇུག་པས་གསང་སྔགས་ཀྱི་སྣོད་དུ་རུང་། ཟབ་པའི་ཆོས་སྒོ་ཕྱེད་པས་སྨིན་གྲོལ་གྱི་ལམ་ལ་དབང་། གསང་སྔགས་ཀྱི་དངོས་གྲུབ་གྲུབ་པས་རང་གཞན་གྱི་འདོད་དགུ་འབྱུང་བའོ། །བཅུ་པ་དབང་གི་གཏད་རྒྱ་བསྟན་པ་ནི། ཕྲད་ཚད་རང་གྲོལ་ལས། བཞི་རྫོགས་དབང་བསྐུར་སྣོད་ལྡན་ནི༔ བརྒྱ་ལམ་ནང་ནས་རེས་འགའ་ཙམ༔ ཀུན་ལ་བུམ་དབང་འབྲེལ་པ་ཐོབ༔ གོང་མ་གསུམ་ནི་ཤིན་ཏུ་གསང་༔ ཞེས་པས། ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་གྱི་དབང་བཞི་ཡོངས་སུ་རྫོགས་པ་ནི། སློབ་གཞུང་མན་ངག་ནས་བསྔགས་པའི་སྣོད་ལྡན་རེ་རེ་ལ་བསྐུར་ཞིང་། ཆོས་བཀའ་མ་ལུས་པའི་བཀའ་གཏད་དོ། །སྣོད་དང་མི་ལྡན་པ་ལ། དབང་གོང་མ་གསུམ་གསང་རྒྱས་བཏབ་ལ། བུམ་དབང་ནི་ཤི་གསོན་ཀུན་ལ་ཆོས་འབྲེལ་ཏུ་བཞག་གོ། དེས་སྤྱི་དོན་རྣམ་པ་བཅུའི་སྒོ་ནས་ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་གྱི་དབང་བཤད་ཟུར་ཙམ་ཞིག་སོང་ངོ། རྗེས་སུ་དབང་སྲོག་དམ་ཚིག་རྣམ་དབྱེ་གཞུང་གཞན་དུ་གསལ་ལོ། །

གསང་སྔགས་བླ་མེད་རྒྱུད་ཀྱི་སྒོར་ཞུགས་རྣམས། །

དབང་བཞི་གཞུང་ལམ་རིམ་བཞིན་བགྲོད་བྱས་ནས། །

འདི་ཕྱི་བར་དོར་རྣམ་གྲོལ་སངས་རྒྱས་སར། །

ཕྱིན་པའི་ཐབས་ལ་སྣོད་བཅུད་འཛོམ་དགོས་སོ། །

སློབ་དཔོན་མཚན་ཉིད་རབ་འབྲིང་ཐ་མ་གསུམ། །གང་རུང་གཅིག་དང་མི་ལྡན་བསྐུར་བྱེད་ལ། །དབང་བསྐུར་ཞུ་ཡང་དོན་དུ་མི་འགྱུར་ཏེ། །འཆིང་བུར་གསོལ་བཏབ་དགོས་འདོད་མི་འབྱུང་བཞིན། །སྣོད་དང་མི་ལྡན་སློབ་མའི་ཚོགས་རྣམས་ལ། །དབང་ནི་བརྒྱ་སྟོང་དུ་མ་བསྐུར་ན་ཡང་། །རྒྱུད་སྨིན་མི་ནུས་ངལ་བ་དོན་མེད་ཅིང་། །རྡོ་རྒྱབ་ཆུ་བླུགས་ནང་དུ་མི་འགྲོ་བཞིན། །དབང་ཆོག་རྒྱ་འགྱུར་ལྷད་མེད་མ་ཡིན་པའི། །གང་ཟག་ཕལ་གྱིས་རྩོམ་པའི་དབང་ཆོག་ནི། །བསྐུར་ཐབས་གསལ་ཀྱང་བྱིན་བརླབ་ནུས་ཆུང་ཞིང་། །ཚོང་དུས་མང་འགྲིམ་འོ་མ་ཇི་བཞིན་ནོ། །དེང་སང་དབང་བསྐུར་གཉེར་བྱེད་མང་གདའ་སྟེ། །དབང་ཐོབ་རྗེས་སུ་དམ་ཚིག་མ་བསྲུང་ན། །དུག་དང་འདྲེས་པའི་བཟའ་བཏུང་ལོངས་སྤྱོད་བཞིན། །ཕན་པ་བས་ཀྱང་གནོད་པ་ཆེ་བ་ཡིན། །དེ་བས་དབང་སྲོག་དམ་ཚིག་ཚུལ་བཞིན་སྲུངས། །དབང་ནི་མན་ངག་སྣོད་དུ་རུང་ཙམ་གྱི། །དབང་དོན་བསྐྱེད་རྫོགས་ཉམས་སུ་བླངས་ནས་ནི། །རང་རྒྱུད་སྨིན་ཅིང་གཞན་རྒྱུད་གྲོལ་དགོས་སོ། །རང་རིག་བཅུད་ལྡན་རྡོ་རྗེ་སློབ་དཔོན་གྱིས། །རང་སྣང་དཀྱིལ་འཁོར་དབང་རྫས་ལ་བསྟེན་ནས། །རང་གསལ་སྣ་ཚོགས་སྣོད་ལྡན་སློབ་མ་ལ། །རང་སར་རང་གྲོལ་བསྐུར་ཐོབ་དུས་མཚུངས་སོ། །གསང་སྔགས་བླ་མེད་དབང་དོན་རྟོགས་དཀའ་ཕྱིར་། །དབང་བཞི་གཞུང་བཞིན་དགོངས་དོན་མ་ཁྲོལ་ཞིང་། །འགལ་དང་མ་འབྲེལ་ཚིག་སྐྱོན་གང་སོང་རྣམས། །ཞི་ཁྲོ་རྩ་བ་གསུམ་ལ་བཟོད་པར་གསོལ། །དབང་རྣོན་མ་ཡིན་དབང་རྟུལ་བདག་གིས་ནི། །དབང་ལ་བརྟེན་ནས་དབང་བཤད་འདི་བརྩམས་སོ། །དབང་ལ་མོས་རྣམས་དབང་གི་སྣོད་རུང་ཞིང་། །དབང་བཞིས་རྒྱུད་སྨིན་དབང་དོན་མཐར་ཕྱིན་ཤོག །ཤུབྷཾ།

མགྱོགས་དབང་བསྐུར་བའི་དབང་བསྒྲུབ་ཉུང་ངུར་བསྡུས་པ།

ཞི་ཁྲོའི་མགྱོགས་དབང་བསྐུར་བའི་དབང་བསྒྲུབ་ཉུང་ངུར་བསྡུས་པ་བཞུགས་སོ༔

ཀུན་བཟང་ཞི་ཁྲོའི་ལྷ་ལ་ཕྱག་འཚལ་ལོ༔ ཞི་ཁྲོའི་དབང་བསྒྲུབ་མགྱོགས་དབང་བསྡུས་པ་ནི༔ པདྨ་འདབ་བཞི་དང་ནི་ཚོམ་བུ་ལྔ༔ དེ་སྟེང་བུམ་པ་དང་ནི་གཏོར་མ་བཤམས༔ གཏོར་དབང་ལ་ནི་བུམ་པ་མི་དགོས་སོ༔ མཆོད་པ་བཤམས་ཤིང་མེད་ན་ཡིད་ཀྱིས་སྤྲུལ༔ བདག་མདུན་བུམ་པའི་ནང་དང་གཏོར་མའི་རྩེར༔ དཀྱིལ་འཁོར་ཆ་ཚང་རེ་རེ་དྲན་རྫོགས་བསྐྱེད༔ དམིགས་པ་གསལ་ན་དེ་ཀས་ཆོག་པར་གསུངས༔ འོན་ཀྱང་ལས་བྱང་རྩ་ཚིག་བསྡུས་པ་འདི༔ གསོལ་འདེབས་ཚུལ་དུ་བརྗོད་པས་ཆོ་ག་ཚང་༔ ཧཱུྃ་ང་ཉིད་ལྷ་ཡི་ང་རྒྱལ་གྱིས༔ མཆོད་པའི་མདངས་འཕྲོག་མ་རིག་བགེགས༔ འདི་རུ་མ་འདུག་གཞན་དུ་དེངས༔ ཁྲོ་ཚོགས་སྤྲུལ་པ་དཔག་མེད་ཀྱིས༔ རབ་ཏུ་གཏམས་ཤིང་མཚམས་བཅད་དོ༔ རྟོག་གཉིས་དག་ནས་སྣོད་བཅུད་རྣམས༔ འདོད་པའི་ཡོན་ཏན་དུ་མར་གྱུར༔ ༀ་ཨཱཿཧཱུྃ༔ ཧཱུྃ་རྟོག་བྲལ་བསྒོམ་མེད་དེ་བཞིན་ཉིད༔ ཀུན་ཁྱབ་རང་སྣང་ཀུན་ཏུ་སྣང་༔ འགག་མེད་རྒྱུ་ཡི་ཨཱཿམཐིང་གསལ༔ ཨཿལས་བྷྲཱུྃཿ འཕྲོས་གཞལ་ཡས་ཁང་༔ རྒྱལ་བ་ཞི་ཁྲོའི་བཞུགས་གནས་སོ༔ རྟོག་མེད་སྐད་ཅིག་དྲན་རྫོགས་སུ༔ ཀུན་ཏུ་བཟང་པོ་སྐུ་མདོག་མཐིང་༔ ཞི་བ་བཞི་བཅུ་རྩ་གཉིས་ནི༔ མ་ཡེངས་ཡིད་ཡུལ་གསལ་བར་བསྒོམ༔ ཧཱུྃ་དབུས་སུ་ཆེ་མཆོག་ཧེ་རུ་ཀ༔ ཁྲག་འཐུང་ལྔ་བཅུ་རྩ་བརྒྱད་རྣམས༔ སྣང་ལ་རང་བཞིན་མེད་པར་གསལ༔ ཞི་ཁྲོ་དམ་པ་རིག་བརྒྱའི་ལྷ་ཚོགས་རྣམས༔ འགྲོ་དོན་ཡིད་སྣང་དག་པའི་གནས་འདིར་བྱོན༔ དུ་མ་རོ་གཅིག་བརྟན་པར་བཞུགས་སུ་གསོལ༔ རང་སྣང་གནས་ཡུལ་དག་པས་ཕྱག་འཚལ་ལོ༔ དངོས་འབྱོར་ཡིད་སྤྲུལ་མཆོད་པའི་ཚོགས༔ གུས་པའི་སེམས་ཀྱིས་འབུལ་ལགས་ན༔ འགྲོ་བའི་དོན་དུ་བཞེས་སུ་གསོལ༔ ཨ་མྲྀ་ཏ་བྷ་ལིཾ་ཏ་རཀྟ་ཁཱ་ཧི༔ ཧཱུྃ་ཆོས་སྐུ་ནམ་མཁའ་ལྟ་བུར་ཁྱབ་པ་ལ༔ ལོངས་སྐུ་ཉི་འོད་ལྟ་བུར་སོ་སོར་འཕྲོ༔ སྤྲུལ་སྐུ་འཇའ་ཚོན་ལྟ་བུར་འགྲོ་དོན་མཛད༔ རྒྱལ་བ་ཞི་ཁྲོའི་ལྷ་ལ་ཕྱག་འཚལ་བསྟོད༔ དམ་ཚིག་ཉམས་ཆགས་ནོར་འཁྲུལ་གྱུར་པ་ཀུན༔ མི་གསང་མི་སྦེད་གནོང་འགྱོད་མཐོལ་ལོ་བཤགས༔ ཡིག་བརྒྱ་ཚར་གཅིག༔ ཁྲོམ་ཡོད་ན་བཛྲ་ས་ཏྭ་འུར་འདོན་བཅུག༔ དཔོན་སློབ་རྣམས་ཀྱིས་བོ་དྷི་ཙིཏྟ་ཅི་ནུས་བསྙེན་ནོ༔ དེ་ནས་དབང་འབྲིང་པོ་བསྡུས་པའམ༔ གཏོར་དབང་གང་རུང་བསྐུར་ཆོག༔ འདི་བྲིས་ཉེས་པ་ལྷ་ལ་བཤགས་ཅིང་དགེ་བས་འགྲོ་དོན་དཔག་ཏུ་མེད་པར་གྱུར་ཅིག༔ ཅེས་རཱ་ག་ཨ་གསེས་ཚེ་བཅུའི་ཉིན་བསྡུས་པའི༔ ཡི་གེ་པ་ནི་འབྲོང་པ་དགེ་བཤེས་པདྨ་ཐབས་མཁས་ཞེས་པས་བགྱིས་པའོ༔

ཞི་ཁྲོའི་བདག་དབང་།

ཀུན་བཟང་དགོངས་པ་ཀུན་འདུས་ལས་ཞི་ཁྲོའི་བདག་དབང་བཞུགས་སོ༔

དེ་ནས་རྡོ་རྗེ་སློབ་དཔོན་གྱིས་ཐོག་མར་རང་ཉིད་དབང་བསྐུར་ཞུ༔ ངག་ཏུ་འདི་སྐད་བརྗོད་པར་བྱ༔ ཧཱུྃ༔ རིག་རྩལ་ལྷུན་གྲུབ་ལྷ་ཚོགས་ནི༔ དུས་གསུམ་རྒྱལ་བའི་སྐུ་གསུང་ཐུགས༔ ཡོན་ཏན་ཕྲིན་ལས་ཞི་ཁྲོའི་སྐུ༔ མ་བསྐྱེད་ལྷུན་གྱིས་གྲུབ་པའི་ལྷ༔ བསྐལ་པ་སྔོན་ནས་ད་ལྟའི་བར༔ ཡེ་ནས་རང་དང་གཉིས་སུ་མེད༔ མ་རིག་དབང་གིས་ཞལ་མ་མཇལ༔ ད་ནི་རང་རིག་རྟོགས་པའི་ལྷ༔ ངོ་བོ་རང་བཞིན་ཐུགས་རྗེར་ལྡན༔ སྐུ་གསུམ་ཡེ་ཤེས་ལྔ་ཡི་བདག༔ དབང་བསྐུར་ཆེན་པོ་བདག་ལ་སྩོལ༔ ལྷ་དབང་ལུས་ལ་ཞུགས་པ་ཡིས༔ ལུས་ཀྱང་ཡེ་ཤེས་ལྔ་རུ་གྲོལ༔ སངས་རྒྱས་སྐུ་ཡི་དབང་ཐོབ་ཤོག༔ སྐུ་ཡི་བྱིན་རླབས་ངག་ལ་སྩོལ༔ གྲགས་སྟོང་ཨཱ་ལི་ཀཱ་ལིའི་སྒྲ༔ རང་བྱུང་ཆོས་ཀྱི་སྒྲ་དབྱངས་ལྡན༔ སངས་རྒྱས་གསུང་གི་དབང་ཐོབ་ཤོག༔ གསུང་སྒྲ་སེམས་ལ་ཞུགས་པ་ཡིས༔ བདེ་གསལ་མི་རྟོག་ཆོས་ཀྱི་དབྱིངས༔ ཀ་དག་ཆེན་པོ་ཡངས་པའི་ཀློང་༔ སངས་རྒྱས་ཐུགས་ཀྱི་དབང་ཐོབ་ཤོག༔ རྩ་སྔགས་མཐར། ཀཱ་ཡ་སིདྡྷི་ༀ༔ ཝཱཀྐ་སིདྡྷི་ཨཱཿཙིཏྟ་སིདྡྷི་ཧཱུྃ༔ ཞི་ཁྲོའི་གཙོ་བུམ་སྤྱི་བོ་མགྲིན་པ་སྙིང་གར་བཞག༔ དེས་ཡེ་ཤེས་སེམས་དཔའ་བདག་དམ་ཚིག་སེམས་དཔའ་ལ་བསྟིམ༔ ཏིང་ངེ་འཛིན་གྱིས༔ ༀ་ཨཱཿཧཱུྃཿགསུམ༔ བདག་གི་གནས་གསུམ་ལ་བསྟིམ་མོ༔ དེ་ནས་བདག་ཉིད་རྡོ་རྗེ་སེམས་དཔའ་རུ་ཝལ་གྱིས་བསྐྱེད་པ་ནི༔ བདག་ཉིད་དབང་ལྔན་རྒྱལ་པོར་འགྱུར་རོ༔ དེ་ལྟར་མི་ལྡན་དབང་བསྐུར་མི་རུང་ངོ་༔

དབང་བཞི་འཕྲད་ཚད་རང་གྲོལ་གྱི་དོན་དབང་ཐོས་ཚད་རང་གྲོལ།

ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་ལས་དབང་བཞི་འཕྲད་ཚད་རང་གྲོལ་གྱི་དོན་བསྡུས་དབང་བཞིའི་དོན་དབང་ཐོས་ཚད་རང་གྲོལ་འདི་ནི་དཔེ་འཁྱུད་མི་བྱ་ཀུན་ལ་སྤེལ་ཁྱེར་བདེ་ལ་ཕན་ཡོན་ཆེ་བར་ཡོད།

ཀུན་བཟང་ཞི་ཁྲོའི་ལྷ་ལ་ཕྱག་འཚལ་ནས། །ཞི་ཁྲོའི་དབང་བཞི་འཕྲད་ཚད་རང་གྲོལ་གྱི། །སྤྲོས་བཅས་བུམ་དབང་བསྡུས་པ་བསྐུར་ཐབས་བྲི། །ཆོས་བདག་བསྲུང་མས་བཀའ་གནང་བྱིན་གྱིས་རློབས། །ཞི་ཁྲོ་བླུག་ཞོར་ཡིན་ན་རབ། །མིན་ན་དཀྱིལ་ཐང་མེད་ན་ཚོམ་བུ་དང་། །བུམ་པ་གཏོར་མ་མཆོད་པ་རྣམ་ལྔ་བཤམས། །ཞི་ཁྲོའི་ལས་བྱང་ཉུང་བ་ཚར་ཅིག་གིས། །བདག་མདུན་བུམ་པ་གཏོར་མ་དུས་གཅིག་བསྐྱེད། །བྷོ་དྷི་ཙིཏྟའི་བསྙེན་པ་ཅི་འགྲུབ་བཟླས། །ཁྲོམ་པ་ཡོད་ན་འཛབ་བསྙེན་འུར་འདོན་བཅུག །ལས་བུམ་ནང་དུ་བདུད་རྩི་འཁྱིལ་པའམ། །རྡོར་སེམས་གཙོ་རྐྱང་དྲན་རྫོགས་ཡིད་ཀྱིས་བསྒོམ། །གང་ཡིན་སྔགས་དེ་ཅུང་ཟད་བཟླས་པས་འཐུས། །སློབ་མ་འཚོགས་ནས་བགེགས་གཏོར་སྤྱི་ལྟར་བསྔོ། །ལས་བྱང་ནང་ལྟར་བཀའ་བསྒོ་མཚམས་གཅོད་ནི། །རྔ་དང་རོལ་མོ་དང་བཅས་ནས་ཀྱིས་བྲབ། །དབང་བཤད་རྒྱས་བསྡུས་སྐབས་དང་བསྟུན་ལ་བྱ། །ཉུང་ན་ཆབ་བཏང་མང་ན་མེ་ལོང་ངོས། ཁྲོམ་པ་འཆར་ལ་ལས་བུམ་ཁྲུས་བྱས་ཏེ།

ཧཱུྃ༔ རྒྱུད་དྲུག་ནད་གདོན་སྒྲིབ་སྦྱོང་ཕྱིར༔ བུམ་ཆུ་བཀྲ་ཤིས་ཆུ་རྒྱུན་གྱིས༔ སྐལ་ལྡན་བུ་ཡི་སྒོ་གསུམ་བཀྲུ༔ མི་མཐུན་ཞི་ནས་སྣོད་རུང་ཤོག༔ ༀ་བཛྲ་ཨ་མྲྀ་ཏ་ཀུནྡྷ་ལི་ཧཱུྃ༔ སྡིག་པ་དང་སྒྲིབ་པ་ཐམས་ཅད་ཤུདྡྷེ་ཤུདྡྷེ་བི་ཤུདྡྷེ་སྭཱ་ཧཱ༔ ད་ཁྱོད་རང་རྣམས་ཕོ་བྲང་གི་ཕྱི་སྒོ་ནས་གསོལ་བ་འདེབས་པའི་མོས་པས་རྗེས་ཟློས་མཛོད། ཧོ༔ སྒོ་བསྲུང་ཕོ་མོ་ཐམས་ཅད་གསོན༔ བདག་ཅག་འཁོར་བའི་སྡུག་བསྔལ་ལས༔ ཐར་ཕྱིར་དཀྱིལ་འཁོར་འདིར་འཇུག་པས༔ སྒོ་བས་སྒོ་ཕྱེས་ནང་བཏང་འཚལ༔ རྟག་ཏུ་ཁྱེད་དྲིན་བདག་གིས་ཁུར༔ དེ་ལྟར་གསོལ་བ་བཏབ་པས་སྒོ་སྲུང་ཁྲོ་བོ་ཁྲོ་མོ་ཐམས་ཅད་ཀྱིས་མེ་རླུང་མཚོན་ཆ་འཚུབ་མའི་ཀློང་ནས་ང་རོ་དྲག་པོ་དང་བཅས་ཏེ། ཧོ་ཁྱེད་ཅག་སྒོ་འདིར་འཇུག་པ་ལ༔ དགེ་བཅུ་བསྒྲུབ་ཅིང་མི་དགེ་སྤོང༔ དཀོན་མཆོག་གསུམ་པོ་ཡིད་ལ་གྱིས༔ ཁས་ལེན་མེད་ན་ཕྱིར་དེངས་ཤིག༔ ཅེས་བྱས་པའི་ལན་ཞུ་བ་འདིའི་རྗེས་ཟློས་མཛོད། བདག་ཅག་ཁྱེད་ཀྱི་བཀའ་བཞིན་བགྱིད༔ དགེ་སྒྲུབ་སྡིག་སྤངས་སྐྱབས་སུ་འགྲོ༔ ངེས་པར་ནང་དེར་བཏང་དུ་གསོལ༔ ཞེས་བརྗོད་པས་ལས་ཀྱི་རྡོ་རྗེས་ཁྲིད་ནས་ཕོ་བྲང་གི་ནང་དུ་སླེབ་ནས་བླ་མ་ལ་ཕྱག་དང་མཎྜལ་ཕུལ་བར་བསྒོམ་ལ། ས་གཞི་སྤོས༴སོགས། དེ་ནས་སློབ་དཔོན་ལ་འདོད་དོན་ཞུ་བའི་རྗེས་ཟློས་མཛོད། ཧོ་ཁྱེད་ཞབས་བཀའ་དྲིན་སྤང་ནས་ནི༔ བདག་ནི་སྐྱབས་གཞན་མ་མཆིས་པས༔ བླ་མ་གཙོ་མཆོག་འགྲོ་བའི་མགོན༔ སློབ་མ་བདག་ལ་བསྐྱབ་ཏུ་གསོལ༔ གཅིག་གམ་གསུམ། བླ་མས། བདག་ལ་ཡོན་ཏན་ཚོགས་མཆིས་ཀྱི༔ ཁྱོད་རྣམས་ཅི་འདོད་གང་ཡིད་འོང་༔ རྗེས་ཟློས། ཧོ་དུས་གསུམ་རྒྱལ་བའི་དགོངས་དྲིལ་བའི༔ ཐབས་ཤེས་དབྱེར་མེད་བདག་ཉིད་ཅན༔ གསང་སྔགས་ཐབས་ཀྱིས་བདག་ཉིད་མཆོག༔ དབང་བཞི་རྫོགས་པར་བདག་ལ་རྩོལ༔ གཅིག་གམ་གསུམ། འོ་ན་སྡོམ་པ་གསུམ་ལ་བརྟེན་དགོས་པས་སྡོམ་པའི་གཞི་སྐྱབས་སུ་འགྲོ་བའི་སྡོམ་པ་ཞུ་བའི་ཕྱིར་རྗེས་ཟློས་མཛོད། ན་མོ་རྣམ་མཁྱེན་གཙོ་བོ་དཀོན་མཆོག་གསུམ༔ བདག་ལ་གསན་ཅིང་དགོངས་སུ་གསོལཿཐར་པའི་ལམ་སྐས་དཀོན་མཆོག་གསུམ༔ ངན་སོང་དག་ལས་བསྐྱབ་ཏུ་གསོལ༔ མ་རིག་མུན་སེལ་དཀོན་མཆོག་གསུམ༔ མུན་པ་དག་ལས་བསྐྱབ་ཏུ་གསོལ༔ འགྲོ་བ་འདྲེན་མཛད་དཀོན་མཆོག་གསུམ༔ འགྲོ་དྲུག་དག་ལས་བསྐྱབ་ཏུ་གསོལ༔ འགྲོ་དྲུག་སྐྱབས་གནས་དཀོན་མཆོག་གསུམ༔ འཁོར་བའི་འདམ་ནས་དྲང་དུ་གསོལ༔ བར་ཆད་ཀུན་སེལ་དཀོན་མཆོག་གསུམ༔ འདི་ཕྱི་གཉིས་ལས་བསྐྱབ་ཏུ་གསོལ༔ དངོས་གྲུབ་ཆར་འབེབས་དཀོན་མཆོག་གསུམ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ རང་ངོ་ཤེས་པར་བྱིན་གྱིས་རློབས༔ རང་རྒྱུད་གྲོལ་བར་མཛད་དུ་གསོལ༔ གཞན་སྣང་འདུལ་བར་བྱིན་གྱིས་རློབས༔ བདག་གཞན་སྨིན་པར་མཛད་དུ་གསོལ༔ ལན་གསུམ་མ་ལྕོགས་ན་གཅིག་གིས་ཆོག་སྟེ། འོག་ནས་འབྱུང་བ་ཚར་གསུམ་དོན་ལ་འགྲོ་བར་ཡོད་པས་ཆོག་གོ །

དེ་ནས་ཕྱི་ནང་གསང་བའི་དཀོན་མཆོག་གསུམ་ལ། སྐྱབས་སུ་འགྲོ་བའི་རྗེས་ཟློས་མཛོད། ཀྱཻ་ཕྱོགས་བཅུའི་སངས་རྒྱས་བྱང་ཆུབ་སེམས༔ བླ་མ་ཡི་དམ་མཁའ་འགྲོ་དགོངས༔ རྐང་གཉིས་གཙོ་བོ་སངས་རྒྱས་དང་༔ ཞི་བ་ཆགས་བྲལ་དམ་པའི་ཆོས༔ ཚོགས་མཆོག་ཕྱིར་མི་ལྡོག་པ་ལ༔ བདག་ནི་གུས་པས་སྐྱབས་སུ་མཆི༔ བྱིན་རླབས་འབྱུང་བའི་བླ་མ་རྗེ༔ དངོས་གྲུབ་སྟེར་བའི་ཡི་དམ་ལྷ༔ བར་ཆད་སེལ་བའི་མཁའ་འགྲོ་མ༔ བདག་སོགས་གུས་པས་སྐྱབས་སུ་མཆི༔ གདལ་ཁྱབ་ཆེན་པོ་ཆོས་ཀྱི་སྐུ༔ གསལ་དངས་ཆེན་པོ་ལོངས་སྤྱོད་རྫོགས༔ སྣ་ཚོགས་འཛིན་བྲལ་སྤྲུལ་པའི་སྐུ༔ བདག་སོགས་འགྲོ་ཀུན་བསྐྱབ་ཏུ་གསོལ༔ གསུམ་མམ། ཚིག་རྗེས་མ་གསུམ་ཀྱིས་མཐུས། འདུལ་བ་ནས་གསུངས་པའི་དགེ་ཚུལ་དགེ་སློང་སོགས་ཀྱི་སྡོམ་པ་ནི་མ་ཡིན་ཀྱང་། སོ་སོར་ཐར་པའི་དོན་བསྡུས་ན། གཞན་ལ་གནོད་པ་གཞི་དང་བཅས་པ་སྤང་ན། སྐྲ་རིང་ཞིང་གོས་དཀར་ན་ཡང་དོན་གྱིས་དགེ་སློང་ཡིན་པས། དེའི་སྡོམ་པ་ཞུ་བའི་རྗེས་ཟློས་མཛོད། བླ་མ་མཆོག་གི་སྤྱན་སྔ་རུ༔ ལུས་ངག་ཡིད་ཀྱིས་འགྲོ་བ་ལ༔ གནོད་པ་སྤང་ཞིང་དགེ་བ་བསྒྲུབ༔ དགེ་བསྙེན་དགེ་ཚུལ་དགེ་སློང་གསུམ༔ ཉན་ཐོས་རང་རྒྱལ་བྱང་ཆུབ་སེམས༔ སོ་སོར་ཐར་པའི་སྡོམ་པ་ལ༔ བདག་ནི་རྒྱུན་དུ་གནས་ཤིང་བསྲུང་༔ ཚིག་རྗེས་མ་གསུམ། ད་བྱང་ཆུབ་སེམས་བསྐྱེད་ཞུ་བསམ་པ་གྱིས་ལ་རྗེས་ཟློས་མཛོད། ཧོ་དུས་གསུམ་བླ་མ་མཆོག་དགོངས་ཤིག༔ འདི་བཟུང་བྱང་ཆུབ་མ་ཐོབ་པར༔ འགྲོ་དྲུག་སེམས་ཅན་ཐམས་ཅད་ལ༔ ཕ་མའི་འདུ་ཤེས་ཉེར་བཞག་སྟེ༔ མ་བསྒྲལ་བ་རྣམས་བསྒྲལ་བ་དང་༔ མ་གྲོལ་བ་རྣམས་དགྲོལ་བ་དང་༔ དབུག་མ་དབྱུང་རྣམས་དབུག་དབྱུང་ཕྱིར༔ སྨོན་པ་བྱང་ཆུབ་སེམས་བསྐྱེད་དོ༔ ཚིག་རྗེས་མ་གསུམ། དེ་ལྟར་བསམ་པ་བྱང་ཆུབ་ཏུ་སེམས་བསྐྱེད་ནས། སྦྱོར་བ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་བསམ་པས་འཇུག་པ་སེམས་བསྐྱེད་ཞུ་བའི་རྗེས་ཟློས་མཛོད། ཧོ་སྔོན་གྱི་རྒྱལ་བ་ཐམས་ཅད་ཀྱང་༔ སྡོམ་པ་ལ་ནི་གནས་པ་ལྟར༔ འདི་བཟུང་བྱང་ཆུབ་མ་ཐོབ་བར༔ བླ་མེད་འཇུག་པའི་བྱང་ཆུབ་སེམས༔ བདག་ཅག་རྣམས་ཀྱིས་བསྐྱེད་པར་བགྱི༔ ཕར་ཕྱིན་དྲུག་ལ་སློབ་ཅིང་བསྒྲུབ༔ བརྩོན་འགྲུས་དག་གི་ཐམས་ཅད་བསྒྲལ༔ ཀུན་དོན་ཚུལ་ཁྲིམ་གསུམ་ཡང་བཟུང་༔ བདག་གིས་སེམས་བསྐྱེད་སྡོམ་བཟུང་ནས༔ མ་གྲོལ་སྒྲོལ་དང་མ་བསྒྲལ་བསྒྲལ༔ དབུག་དབྱུང་མྱ་ངན་འདས་ལ་འགོད༔ ཚིག་རྗེས་མ་གསུམ། དེ་ལྟར་ཐེག་པ་ཐུན་མོང་བའི་སྡོམ་པ་བཟུང་ནས། གསང་སྔགས་རིག་འཛིན་གྱི་སྡོམ་པ་ཞུ་བའི་རྗེས་ཟློས་མཛོད། ཧོ་དཀོན་མཆོག་གསུམ་བཟུང་མི་གཏོང་བསྒྲུབ༔ བླ་མ་ཡི་དམ་མི་སྤང་བསྒྲུབ༔ སངས་རྒྱས་དཀོན་མཆོག་དམ་ཚིག་ཏུ༔ ཡང་དག་སྙིང་པོའི་དོན་ལ་འཇུག༔ དམ་ཆོས་དཀོན་མཆོག་དམ་ཚིག་ཏུ༔ ཐེག་པ་གསུམ་རྣམས་ངོ་བོར་དྲིལ༔ དགེ་འདུན་དཀོན་མཆོག་དམ་ཚིག་ཏུ༔ རིག་པ་དྲི་མེད་དོན་ལ་བལྟ༔ བླ་མ་ཡི་དམ་དམ་ཚིག་ཏུ༔ རང་སེམས་གཙང་མ་དཔང་དུ་བཙུགས༔ རྡོ་རྗེ་རིགས་ཀྱི་དམ་ཚིག་ཏུ༔ རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་དང་༔ བྱང་ཆུབ་སེམས་ནི་སྤང་མི་བྱ༔ རྡོ་རྗེ་རིགས་ཀྱི་དམ་ཚིག་ཡིན༔ རིན་ཆེན་རིགས་ཀྱིས་དམ་ཚིག་ཏུ༔ སྦྱིན་པ་རྣམས་བཞི་རྟག་ཏུ་སྦྱིན༔ རིན་ཆེན་རིགས་ཀྱི་དམ་ཚིག་ཡིན༔ པདྨ་རིགས་ཀྱི་དམ་ཚིག་ཏུ༔ ཐེག་པ་གསུམ་དང་ཆོས་རྣམས་བཤད༔ པདྨ་རིགས་ཀྱིས་དམ་ཚིག་ཡིན༔ ལས་ཀྱི་རིག་ཀྱི་དམ་ཚིག་ཏུ༔ འགྲོ་བའི་དོན་ལ་བརྩོན་པར་བྱ༔ ལས་ཀྱི་རིགས་ཀྱི་དམ་ཚིག་ཡིན༔ དེ་བཞིན་རིགས་ཀྱི་དམ་ཚིག་ཏུ༔ དཀྱིལ་འཁོར་གསུམ་དང་འབྲལ་མི་བྱ༔ དེ་བཞིན་རིགས་ཀྱི་དམ་ཚིག་ཡིན༔ བདག་ནི་དཔལ་ཆེན་རིགས་མཆོག་ཆེ༔ བླ་མ་ཡི་དམ་མཁའ་འགྲོ་དང་༔ སྐྱབས་གནས་དཀོན་མཆོག་གསུམ་རྣམས་ལས༔ མི་འདའ་རྡོ་རྗེའི་དམ་ལ་གནས། ཡར་མཆོད་གུས་ཤིང་མར་ལ་བརྩེ༔ རྩ་བ་ཡན་ལག་དམ་ཚིག་བསྲུང་༔ རྩ་བ་བཞི་སོགས་དམ་ཚིག་ལས༔ ནམ་ཡང་མི་འདའ་གཟུང་བར་བྱ༔ ཚིག་རྗེས་མ་གསུམ་བྱ། དེ་ནས་ཉུང་ན་རྡོ་རྗེ་སྤྱི་བོར་བཞག །མང་ན་ཕྱོགས་སུ་བསྟན་ཅིང་སྤྱི་བོར་བཞག་པར་བསྒོམ། ཧཱུྃ་འདི་ནི་དམ་ཚིག་རྡོ་རྗེ་ཡིན༔ སྐུ་ཡི་དམ་ཚིག་ལུས་ཀྱིས་བསྲུང་༔ ཉམས་ན་ན་རཀ་དམྱལ་བར་ཚུད༔ བསྲུང་ན་སྐུ་ཡི་འགྲོ་དོན་ནུས༔ བདུད་རྩི་བུམ་ཆུ་བསྲེ་དུང་ཆོས་ཀྱིས་བླུད། མང་ན་སྲིན་ལག་གི་གཏོར། དུང་ཆོས་བསྟན་ལ་བླུད་པར་བསྒོམ་ཞིང་། ཧཱུྃ་དམ་ཚིག་བདུད་རྩིའི་ཆུ་འདི་ཉིད༔ ཁྱོད་ཀྱི་ངག་ཏུ་བླུད་པར་བྱ༔ གསུང་གི་དམ་ཚིག་ངག་གིས་སྲུངས༔ ཉམས་ན་བྱོལ་སོང་གནས་སུ་སྐྱེ༔ བསྲུང་ན་ཆོས་སྨྲའི་རྒྱལ་པོ་སྐྱེ༔ དེ་ནས་གཙོ་བོའི་སྐུ་མེ་ལོང་དུ་བསྟན་ལ་སྙིང་ཁར་བཞག་གམ་བཞག་པར་བསྒོམས་ཤིག །ཧཱུྃ་འདི་ནི་ཡེ་ཤེས་སེམས་དཔའ་སྟེ༔ ཐུགས་ཀྱི་དམ་ཚིག་ཡིད་ཀྱིས་སྲུངས༔ ཉམས་ན་སྨྱོ་འབོག་ཅན་དུ་སྐྱེ༔ བསྲུང་ན་ཆོས་སྐུ་གཉིས་ལྡན་ཐོབ༔ དེ་ནས་རྡོ་རྗེ་ལག་ཏུ་གཏད་པར་དམིགས་ལ། མིག་ལམ་དུ་ཕྱར། ལྕེ་ལ་བདུད་རྩི་བྱིན་པར་བསྒོམ་ལ་སྲིན་ལག་གིས་གཏོར། སྙིང་ཁར་དྲི་ཡི་ཐིག་ལེ་བྱས་པར་དམིག་ལ་བྲིས་པ་བསྟན། སྲིན་ལག་གི་རྩེ་ལ་སྤོས་ཆུ་རེག་པ་བསྟན། དེ་ནས་རྡོ་རྗེ་སློབ་དཔོན་གྱིས་གོང་གི་དབང་རྫས་རྡོ་རྗེ་དང་མེ་ལོང་གཙོ་བོའི་སྐུ་དྲིའི་ཐིག་ལེ་བྲིས་པ་དམ་ཚིག་གི་རྡོ་རྗེ་རྩེ་ལྔ་པ་དང་བཅས་པ་ཉུང་ན་མགོ་དང་ལག་དང་སྙིང་གར་གཏུག །མང་ན་སྤྱི་བོར་འགྲིམ་ཞིང་མཆོད་གཡོག་པས་བུམ་པ་ནས་དམ་ཆུ་གཉིས་བསྲེས་པ་འགྲིམ་ཞིང་བླུད་དོ། །

་་་་་་་་དེ་བྱེད་ཁ་དམ་བསྒྲགས་ལ༔ ཧོ་བུ་ཁྱོད་འདི་ལྟར་བསྲུང་བར་གྱིས༔ ཡབ་ཡུམ་སྐུ་ཡི་དམ་ཚིག་ཏུ༔ བློ་ཆེ་ཁོག་ཡང་བསྐྱེད་པར་གྱིས༔ གསང་སྔགས་མི་འཆལ་ཤེས་པ་དང་༔ མཚན་མ་མི་འགོང་རིགས་མི་སྨད༔ རྡོ་རྗེ་སློབ་དཔོན་མལ་ཆ་དང་༔ ཡོ་བྱད་ཕྱག་རྒྱ་ལ་སོགས་པ༔ མ་གནང་བར་དུ་མི་སྤྱོད་ཅིང་༔ མོས་གུས་སྐུ་གསུང་ཐུགས་དམ་སྲུངས༔ སྤུན་གྲོགས་ལྷན་ཅིག་འཐབ་རྩོད་སྤང་༔ ཁྱད་པར་དམན་པ་སྐྱོང་བར་གྱིས༔ དམ་ཚིག་དེ་དག་ཁས་ལེན་པའི་རྗེས་ཟློས་མཛོད། ཧོ་དཔའ་བོས་གསུང་བཞིན་བདག་གིས་བསྒྲུབ༔ སངས་རྒྱས་ཞིང་དུ་བསྒྲལ་བར་མཛོད༔ ཅེས་བརྗོད་རྗེས་གོང་གི་དམ་ཆུ་དམ་ཚིག་རྡོ་རྗེ་སོགས་སྐབས་འདིར་འགྲིམ་མོ། །སྐབས་འདིར་སྤྱིར་རྡུལ་ཚོན་མེད་ན་ལྟ་གོན་མི་དགོས་མི་འབྱོར་ཟེར་བ་དགེ་བཤེས་ཐམས་ཅད་གསུང་མཐུན་ལ། ཁྱད་པར་བསྒྲུབ་ཆེན་མིན་པའི་མགྱོགས་དབང་ལ་ནི་སོ་ཤིང་དཔུང་སྐུད་སོགས་མི་འབྱོར་ཞེས་བདག་གི་བླ་མ་གསར་རྙིང་གཉིས་ལ་མཁས་པ་རབ་འབྱམས་སྨྲ་བ་ངག་གི་དབང་པོས་བདག་ལ་ཞལ་ཁྲིད་མཛད་དོ། །དེ་སྔོན་ཞི་ཁྲོའི་དཀྱིལ་འཁོར་མ་མཐོང་བ་དང་། མ་རིག་པ་བརྒལ་བའི་བརྡ་ཆོས་སུ་མིག་དར་ཆིངས། ཅེས་མིག་དར་བཀྱེ། ད་དཀྱིལ་འཁོར་ནང་དུ་འཇུག་པའི་ཕྱིར་མཎྜལ་ཕུལ། ས་གཞི་སྤོས་ཆུས༴སོགས། རྗེས་ཟློས་མཛོད། ཀྱེ་ཧོ་འགྲོ་མགོན་བླ་མ་རྗེ༔ བདག་ཅག་སྐལ་ལྡན་བུ་རྣམས་ནི༔ དཀྱིལ་འཁོར་གཉན་པོར་གཞུག་ཏུ་གསོལ༔ རྗེས་མ་གསུམ། དཀྱིལ་འཁོར་གྱི་སྒོ་བསྲུང་ལ་གསོལ་བ་འདེབས་པའི་མོས་པས་རྗེས་ཟློས་མཛོད། ཧཱུྃ༔ དཀྱིལ་འཁོར་ཆེན་པོའི་སྒོ་བཞི་ནི༔ ཉོན་མོངས་སྒྲིབ་པས་བཅད་ལགས་ན༔ སྒོ་བ་ཁྲོ་བོ་ཆེན་པོ་བཞི༔ སྒོ་མ་ཁྲོ་མོ་བཞི་རྣམས་ཀྱིས༔ ཐབས་ཤེས་ཕྱག་རྒྱ་བཞི་པོ་ཡིས༔ ཡེ་ཤེས་བཞི་ཡི་སྒོ་ཕྱེས་ལ༔ བདག་ཅག་དད་པས་འཇུག་པར་བགྱི༔ ཀུན་བཟང་ཞི་ཁྲོའི་ལྷ་ཚོགས་ལ༔ བདག་ཅག་གུས་པས་ཕྱག་འཚལ་ལོ༔ ཡི་དམ་ལྷ་དང་མཇལ་བར་ཤོག༔ པྲ་ཝེ་ཤ་ཡ་ཕཊཿསྒོ་བཞི་ཕྱེས་ནས་སྐོར་བ་ལན་གསུམ་བྱས་ཏེ། འཕྲིན་ལས་འགྲུབ་པའི་ཕྱིར་རྡོ་རྗེ་རིན་ཆེན་པདྨ་རྒྱ་གྲམ་རྣམས་ལག་ཏུ་བྱིན་པས་དངོས་གྲུབ་བཞི་ཐོབ་པར་བསྒོམ། ཅེས་ཙག་ལི་བསྟན་ཙམ་བྱའམ། ཉུང་ན་ལག་དུ་བཞག །སློབ་དཔོན་གྱི་རླུང་རོ་བུས་ཏེ། ད་ཁྱེད་རང་རྣམས་དཀྱིལ་འཁོར་ཤར་སྒོའི་འཁྱམས་སུ་གནས་པ་ལ༔ སློབ་དཔོན་ཀུན་བཟང་ཡབ་ཡུམ་འཁྲིལ་སྦྱོར་གྱི་ཤངས་ནས་རླུང་བྱུང་བས་ཁྱོད་རང་རྣམས་འོད་དུ་ཞུ་བ་རླུང་གིས་རྔུབ་སྟེེ་ཤང་དབུག་གཡོན་ནས་ཞུགས༔ སྐུ་ཡི་དབྱིབས་བརྒྱུད་རྡོ་རྗེའི་སྦུབ་ནས་ཐོན༔ ཡུམ་གྱི་པདྨར་བབ་པས་སྲས་སུ་གྱུར་ཏེ༔ ཡུམ་གྱི་རྩིབ་མའི་གོ་བར་ནས་ཐོན་པས༔ མདུན་གྱི་བར་སྣང་ལ་རིགས་ཐམས་ཅད་འདུས་པའི་ངོ་བོར༔ བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་སྐུ་མདོག་ཕྱག་མཚན་རྒྱན་ཆ་ལུགས་དང་བཅས་པ་སྣང་ལ་རང་བཞིན་མེད་པར་གྱུར་ཏེ༔ དཀྱིལ་འཁོར་ཤར་སྒོའི་ཁྱམས་ན་སེངྒེའི་ཁྲི་ལ་བཞུགས་པར་གྱུར་པའི་སྙིང་ནང་ན་སངས་རྒྱས་བཞི་བཅུ་རྩ་གཉིས༔ ཀླད་པ་དུང་ཁང་ནང་ན་ཁྲག་འཐུང་ལྔ་བཅུ་རྩ་བརྒྱད༔ མགྲིན་པ་ན་དག་པ་རིག་འཛིན་གྱི་ལྷ་ཚོགས་གསལ་བར་བསྒོམ་ཤིག༔ ཧོ་བུ་ཁྱོད་དེང་ནས་རྒྱལ་བའི་སྲས༔ གསང་སྔགས་དབང་གི་སྣོད་ཡིན་ནོ༔ སྤྲོ་བ་དང་དགའ་བ་སྐྱེད་ཅིག༔ ད་ཡེ་ཤེས་པ་དབབ་པའི་ཕྱིར་ཁྱོད་རང་རྣམས་བཞེངས་ནས་ཐལ་མོ་སྙིང་གར་སྦྱར་བའི་མོས་པ་གྱིས་ལ༔ སྐད་ཅིག་གིས་ཁྱེད་རང་རྣམས་རྡོ་རྗེ་ཕག་མོ་མཐིང་ནག་བུ་མོ་བཅུ་དྲུག་ལོན་པའི་ན་ཚོད་ཙམ༔ ནུ་མ་འབུར་ཞིང་བྷ་ག་རྒྱས་པ། དབུ་སྐྲ་ལྕང་ལོ་སིལ་བུར་བསིལ་བ། རུས་པའི་རྒྱན་དྲུག་གིས་བརྒྱན་པ། ཕྱག་གཡས་ཅང་ཏེའུ་དང་། གཡོན་དྲིལ་བུ་འཛིན་པ། སྐུ་གར་ཐབས་ཁྱུག་ཁྱུག་མཛད་པ་གཅིག་བསྒོམས་ཤིག༔ གཞན་ཡང་མདུན་གྱི་ནམ་མཁའ་ན་ཡར་ལ་འོག་མིན་ནས་རྩ་བ་གསུམ་གྱི་ལྷ་ཚོགས་དང་༔ ཁྱད་པར་ཡི་དམ་ཞི་ཁྲོ་རབ་འབྱམས་ལྷ་ཚོགས་དཔག་ཏུ་མེད་པ་རྣམས་མཚོ་ལ་ཁ་བ་བབས་པ་ལྟར་ཁྱེད་རང་རྣམས་ལ་སིབ་སིབ་ཐིམ་པར་མིག་ཚུམ་ལ་སྒོམས་ཤིག༔ སྤོས་འགྲིམས་དང་རྔ་རོལ་མོ་དང་བཅས། ཧཱུྃ་དཔལ་ལྡན་ནུབ་ཕྱོགས་ཨུ་རྒྱན་ཡུལ༔ དྷ་ན་ཀོ་ཤའི་མཚོ་གླིང་དུ༔ ཡ་མཚན་མཆོག་གི་དངོས་གྲུབ་མཉེས༔ པདྨ་འབྱུང་གནས་བྱིན་ཕོབ་ཅིག༔ བྱིན་ཆེན་ངོ་མཚར་མཆོག་གི་གནས༔ ལྷུན་གྲུབ་དབྱིངས་ཀྱི་དཀྱིལ་འཁོར་ནས༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་འདུལ༔ ཞི་ཁྲོའི་ལྷ་ཚོགས་བྱིན་ཕོབ་ཅིག༔ བྱིན་ཆེན་ངོ་མཚར་མཆོག་གི་གནས༔ ཧེ་རུ་ཀ་ཡི་གནས་བཅུ་ནས༔ ལེགས་ཉེས་དམ་ཚིག་རྗེས་གཅོད་པའི༔ ཀཽ་སེང་དབང་ཕྱུག་བྱིན་ཕོབ་ཅིག༔ ༀ་ཨཱཿཧཱུྃ་གུ་རུ་དྷེ་ཝ་ཌཱཀྐི་ནི་སིདྡྷི་ཧཱུྃ༔ བོ་དྷི་ཙིཏྟ་དང་། བཛྲ་ཨ་ཝེ་ཤ་ཡ་ཨ་ཨཱཿཞེས་ཡུན་རིང་བརྗོད་ནས། ད་སེམས་མ་བཅོས་པར་རང་ལུགས་སུ་ལྷོད་ཀྱིས་ཀློད༔ ངོ་བོ་རྗེན་པའི་སྟེང་དུ་ཞོག་ཅིག༔ སྐལ་བ་དང་ལྡན་ན་སྐབས་འདིར་རྟོགས་པ་གཤའ་མ་ཅིག་སྐྱེ་བ་ཡིན་ནོ༔ ད་མེ་ཏོག་གི་ཕྲེང་བ་འདི་ཚེ་རབས་ལས་ཀྱི་ལྷ་ལ་འབུལ་བསམ་པ་གྱིས་ལ་རྗེས་ཟློས། ཀྱཻ་ཚེ་རབས་ཐོག་མེད་དུས་ཉིད་ནས༔ ཐ་མ་ད་ལ་ཐུག་གི་བར༔ བསྙེན་བསྒྲུབ་བསྒོམ་པའི་ཡི་དམ་ལྷ༔ གང་ཡིན་དེ་ལ་ཕོག་པར་ཤོག༔ མེ་ཏོག་ནས་དེ་དཀྱིལ་འཁོར་ལ་གཏོར༔ པྲ་ཏི་ཛ་ཧོ། རིགས་དང་མཐུན་པའི་མིང་ངམ༔ བཏགས་མིང་ནི༔ ད་ལམ་སྒྲིབ་པ་དག་པའི་རྟེན་འབྲེལ་དུ་མེ་ཏོག་དེ་རྡོ་རྗེ་སེམས་དཔའ་ཡབ་ཡུམ་ལ་ཕོག་པའི་མོས་པ་གྱིས་ལ༔ སྐྱེས་པ་རྣམས་ལ་མིང་རྡོ་རྗེ་སེམས་དཔའ༔ བུད་མེད་རྣམས་ལ་རྡོ་རྗེ་སེམས་མ་མིང་བཏགས་པ་ཡིན་པས་མ་བརྗེད་ན༔ དམྱལ་བ་ན་ཕྱིན་ན་ཡང་དེ་མ་ཐག་གསང་མཚན་བརྗོད་པས་ཐར་བ་དང་༔ མ་འོངས་པ་ན་མཚན་དེ་འདྲ་བའི་སངས་རྒྱས་སུ་འགྱུར་བ་གསང་སྔགས་ཀྱི་ནུས་པ་ཡིན་ནོ་གསུང་༔ ད་མ་རིག་པའི་སྒྲིབ་པ་དང་མིག་དར་ལྷན་གཅིག་ཏུ་བསལ་བར་སྒོམས་ཤིག༔ ཀུན་བཟང་རིག་ལྔ་རྡོ་རྗེ་སེམས༔ ཁྱོད་ཀྱི་མ་རིགས་ལིང་ཐོག་མིག༔ ཡེ་ཤེས་སྤྱན་དུ་དབྱེ་བར་ཤོག༔ ༀ་བཛྲ་ཙཀྵུ་པྲ་ཝེ་ཤ་ཡ་ཕཊཿཅེས་རྡོ་རྗེས་བཤུ་ཚུལ་བྱས་ལ༔ མིག་དར་བསྡུ་བཅུག༔ མཆོད་གཡོག་པས་ལྷ་ངོ་བསྟན་ཚུལ་བྱས༔ ཧོ་བདག་ནི་མ་རིག་མིག་འབྱེད་ཡིན༔ དཀྱིལ་འཁོར་བཟང་པོ་འདི་ལ་ལྟོས༔ དེ་རིང་དཀྱིལ་འཁོར་འདི་མཐོང་རྟགས༔ ཅོད་པན་བཟང་པོ་འདི་ཡང་ཐོགས༔ གསང་མཚན་གང་ཡིན་མ་བརྗེད་ཅིག༔ ཅེས་ཙམ་པ་ཀ་མིག་ལམ་དུ་བསྟན་ནས་དབུ་རྒྱན་པར་བཅུགས་ལ་དབུ་རྒྱན་དུས་འགྲིམས་པས་འཐུས་སོ། །

འོ་རིགས་ཀྱི་བུ་རྣམས་མེ་རི་རྡོ་ར་དུར་ཁྲོད་བརྒྱད་ཀྱི་དབུས་ན་ཕྱི་རིན་པོ་ཆེའི་གཞལ་ཡས་ཁང་ལ༔ ནང་ཐོད་པའི་གཞལ་ཡས་ཁང་ཞི་ཁྲོ་སྦྲག་མའི་དཀྱིལ་འཁོར་འདིའི་ནང་ཡ་ཀི་ན༔ ཁྲག་འཐུང་ཁྲོ་བོའི་ལྷ་ཚོགས་ཀྱི་སྟེང་གི་བར་སྣང་གཞལ་ཡས་ཁང་གི་ནང་དུ་ཞི་བའི་ལྷ་ཚོགས་དབུ་རྒྱན་གྱི་ཚུལ་དུ་བཞུགས་པ་དང་༔ ཕྱི་ཁྱམས་ལ་དབང་ཕྱུག་ཉི་ཤུ་རྩ་བརྒྱད་སྤོར་བྱེད་ཆེན་མོ་བརྒྱད་དང་༔ རིག་འཛིན་དཔའ་བོ་མཁའ་འགྲོ་སྤྲིན་ལྟར་གཏིབས་པ་ལྟ་བུའི་ཞལ་དངོས་སུ་མཐོང་བའི་མོས་པ་མཛོད་ལ་སྨོན་ལམ་འདིའི་རྗེས་ཟློས་མཛོད་ཅིག །ཀྱཻ་མ་བག་ཆགས་དྲག་པོས་འཁོར་བར་འཁྱམས་པའི་ཚེ༔ སྔངས་སྐྲགས་འཇིགས་སྣང་སྤང་བའི་འོད་ལམ་ལ༔ བཅོམ་ལྡན་ཞི་ཁྲོའི་ཚོགས་ཀྱིས་ལམ་སྣ་དྲོངས༔ དབྱིངས་ཕྱུག་ཁྲོ་མོའི་ཚོགས་ཀྱིས་རྒྱབ་ནས་སྐྱོལ༔ བར་དོ་འཇིགས་པའི་འཕྲང་ལས་བསྒྲལ་དུ་གསོལ༔ ཡང་དག་རྫོགས་པའི་སངས་རྒྱས་ས་རུ་སྐྱོལ༔ དེས་དཀྱིལ་འཁོར་དུ་འཇུག་པ་སོང་ནས་དངོས་གཞི་དབང་ཞུ་བའི་ཕྱིར་འབྲུ་ལྔའི་མཎྜལ་ཕུལ། ས་གཞི་༴སོགསརྗེས་ཟློས་མཛོད། ཀྱཻ་བླ་མ་རྡོ་རྗེ་འཛིན་པ་ཆེ༔ བདག་ཅག་སྐལ་ལྡན་བུ་སློབ་ལ༔ དབང་བཞིའི་ཆུ་བོ་བསྐུར་དུ་གསོལ༔ བརྒྱུད་པའི་བབ་ཚུལ་གང་ལྟར་ལགས༔ ཞུས་པས། བུ་སློབ་ལས་ཅན་མ་ཡེངས་ཉོན༔ བླ་མེད་གསང་བའི་གདམ་ངག་འདི༔ སྣོད་མིན་རྣམས་ལ་བསྐུར་མི་རུང་༔ སྣོད་ལྡན་མོས་གུས་གདུང་ཤུག་སྐྱེད༔ འོ་ན་ཆོས་སྐུ་ཀུན་ཏུ་བཟང་པོ། དྲུག་པ་རྡོ་རྗེ་འཆང་ཆེན། སྟོན་པ་རྡོ་རྗེ་སེམས་དཔའ་རྣམས་གཅིག་གིས་གཅིག་ལ་དགོངས་པ་གཏད་པ་ཙམ་གྱིས་ཆོག་པས། རྒྱལ་བ་དགོངས་པའི་བརྒྱུད་པའོ། །རིགས་འཛིན་དགའ་རབ་རྡོ་རྗེ། གུ་རུ་ཤྲྀ་སེང་ཧ། འཆི་མེད་པདྨ་འབྱུང་གནས་གསུམ་གྱིས་གཅིག་གིས་གཅིག་ལ་བརྡ་བསྟན་པ་ཙམ་གྱིས་ཆོག་པས་རིག་འཛིན་བརྡ་ཡི་རྒྱུད་པའོ། །ཨོ་རྒྱན་ཆེན་པོས་དྭགས་པོ་གདར་གྱི་རི་ལ་གཏེར་དུ་སྦས་ཤིང་སྨོན་ལམ་བཏབ་པས། ལོ་ཙཱ་བ་ཅོག་རོ་ཀླུ་ཡི་རྒྱལ་མཚན་གྱི་སྐྱེ་བ་གཏེར་སྟོན་ཉི་ཟླ་སངས་རྒྱས་ཀྱི་སྲས་པོ། གྲུབ་ཐོབ་ཀརྨ་གླིང་པ་ལ་ཡེ་ཤེས་མཚོ་རྒྱལ་ལ་སོགས་ཆོས་བདག་མཁའ་འགྲོས་ལུང་བསྟན་ཁ་བྱང་གཏད་པས་མཁའ་འགྲོ་གཏད་རྒྱ་བརྒྱུད་པ་དང་། གཏེར་ནས་བཏོན་པས་གཏེར་ཆོས་སྨོན་ལམ་གྱི་བརྒྱུད་པ་གཉིས་ཀ་ཡིན། དེ་ནས་ཐུགས་སྲས་ཉི་ཟླ་ཆོས་རྗེ། འགྲོ་མགོན་སུཪྱ་ཙནྡྲ་གཉིས་ཀྱི་རིང་ལ་དབང་བཞི་འདི་གཅིག་བརྒྱུད་ལས་མེད་ཅིང་། མ་སྤེལ་བར་ཉམས་སུ་བླང་ནས། གཏེར་སྒྲུབ་མཆོག་ཏུ་གྱུར་པས་བྱིན་བརླབས་དང་ལྡན་པས་ཐུགས་རྗེའི་བྱིན་བརླབས་བརྒྱུད་པ་ཡིན། དེ་ནས་ལུང་བསྟན་ལྟར་ལྷ་ལྕམ་གང་འབུམ་གྱི་སྐྱེ་བ་བཀའ་བབ་ཆོས་ཀྱི་རྒྱ་མཚོ་ལ་བཀའ་བབ། ལོ་དྲུག་ཉམས་སུ་བླང་ནས་ཕྱག་ལེན་རྒྱས་བསྡུས་ཐམས་ཅད་གཏན་ལ་ཕབ་པས་བཀའ་བབ་དོན་ཀྱི་བརྒྱུད་པ་ཡིན། དེ་ནས་སྤྲུལ་སྐུ་ཐུགས་རྗེ་འོད་ཟེར། འཁྲུལ་ཞིག་བྷུདྡྷ་མཾ་ག །དེས་རཏྣའི་གདུང་རྒྱུད་རིག་འཛིན་ཀུན་དགའ་གྲག་པ་དང་། སྲས་ཀུན་དགའ་བསྟན་འཛིན་ནས། ཡང་ན། གུ་རུ་ནམ་མཁའ་རྡོ་རྗེ། མཚན་ལྡན་སྟོན་པ་རྒྱལ་མཚན། རིག་འཛིན་ཀུན་བཟང་ཤེས་རབ། ཡང་ན། རིག་འཛིན་ཀརྨ་དོན་ཡོད། དེས་བདག་རཱ་ག་ཨ་སྱ་ལ་དབང་བཞི་འདི་ལན་གཉིས་གནང་སྟེ། ལུང་བསྟན་ཆེན་པོ་བཀའ་རྒྱ་མ་ལས། མདོར་ན་ཨུ་རྒྱན་ངས་བསྟན་ཆོས་རྣམས་ལ༔ ཚུལ་བཞིན་སུ་དང་སུ་ཡིས་ཉམས་བླངས་པ༔ ཐམས་ཅད་ང་ཡི་སྤྲུལ་པ་ཡིན་པ་སྟེ༔ ཕྱི་རབས་ཀུན་གྱིས་ཐེ་ཚོམ་ཡིད་གཉིས་སྤང་༔ གུས་པས་བཀུར་སྟི་ཕུ་དུད་འབྲེལ་པ་ཐོགས༔ ཅེས་དང་། གསང་འདུས་ཞུས་ལན་ལས། མ་འོངས་གཏེར་ལ་མོས་པའི་གང་ཟག་རྣམས༔ དེང་སང་གུ་རུའི་ཞལ་མཐོང་འབྲེལ་པ་ཐོགས༔ ཐམས་ཅད་ལས་ཅན་ཡིན་པས་དགའ་བ་སྒོམས༔ ཁོ་མོའི་ཚིག་འདི་རིན་ཆེན་གསེར་བས་དཀོན༔ ཞེས་པ་ལྟར་བརྒྱུད་པའི་བླ་མ་རྣམས་ཐེ་ཚོམ་མེད་པར་གཏེར་ལ་མོས་ཤིང་ཚུལ་བཞིན་ཉམས་སུ་ལེན་པ་ཤ་སྟག་སྟེ། གང་ཟག་སྙན་ཁུང་བརྒྱུད་པ་དང་དྲུག་ལྡན་ཡིན་ནོ། །དེ་ལྟར་ཁུངས་བཙུན་པའི་དབང་ཞུ་བའི་ཕྱིར་རྗེས་ཟློས་མཛོད། ཀྱེ་ཧོཿབླ་མ་འགྲོ་བའི་མགོན༔ བདག་ཅག་སྐལ་ལྡན་སློབ་བུ་ལ༔ དཀྱིལ་འཁོར་ཆེན་པོའི་ཤར་ཕྱོགས་ནས༔ བུམ་པའི་དབང་བསྐུར་སྩལ་ཏུ་གསོལ༔ གསུམ། ཚུར་ཤོག་ཚུར་ཤོག་རིགས་ཀྱི་བུ༔ ད་ནི་བདག་གིས་ཁྱོད་སྨིན་བྱ༔ བདག་བསྐྱེད་དཀྱིལ་འཁོར་གཙོ་བོའི་ཐུགས་ཀ་ནས་སློབ་དཔོན་རྡོར་སེམས་དཀར་པོ་ཕྱག་གཉིས་རྡོ་རྗེ་དྲིལ་བུ་འཛིན་ཅིང་༔ སྐུ་ལ་ཞི་ཁྲོའི་ལྷ་ཚོགས་རྫོགས་པ་གཅིག་བྱོན་ནས་མདུན་བསྐྱེད་དཀྱིལ་འཁོར་ཤར་སྒོའི་ཕྱི་ཁྱམས་སེང་གེའི་ཁྲི་ལ་བཞུགས་ནས་དབང་གི་བྱ་བ་མཛད༔ དེ་ཡི་མདུན་དུ་ཁྱོད་རྣམས་ཀྱང་པད་ཟླའི་གདན་དབང་སྟེགས་ལ་འགོད་ནས་མོས་གུས་བྱས་པས་སློབ་དཔོན་གྱིས་དབང་ཚིག་གསུང་པ་ཙམ་གྱིས་མདུན་བསྐྱེད་ལྷ་ཚོགས་བསྐུལ་བས༔ ཀུན་བཟང་རིགས་ལྔས་དབང་བསྐུར་བའི་དགོངས་པ་མཛད༔ ཡུམ་ལྔའི་ཐུགས་ཀ་ནས་མཁའ་འགྲོ་ལྔ་སྤྲུལ་ནས་བུམ་པ་དང་དབང་རྫས་རྣམས་ཐོག་ནས་བར་སྣང་ཁམས་སུ་རྒྱང་གྱིས་འབྱོན་ཏེ༔ སྤྱི་བོ་ལ་སོགས་སུ་དབང་བསྐུར༔ སེམས་དཔའ་སེམས་མ་བཅུ་དྲུག་གིས་བཀྲ་ཤིས་བརྗོད༔ ཁྲག་འཐུང་ཁྲོ་བོ་རྣམས་ཀྱིས་ཧཱུྃ་ཕཊ་ཀྱི་སྒྲས་བགེགས་བསྐྲད༔ དེ་ཡང་བུམ་པ་ལྔའམ་གཅིག་གི་ནང་དུ་རྡོར་སེམས་རིག་ལྔ་ཞུ་བ་ཡེ་ཤེས་ལྔ་ཡི་ཆུས་ལུས་ཀྱི་གནས་ལྔའམ་སྤྱི་བོའི་གནས་ལྔར་དབང་བསྐུར་བར་སྒོམས་ཤིག༔ ཅེས་བརྡ་སྤྲད་ནས། ཉུང་ན་བུམ་པ་ལྔ་པོ་མགོའི་དབུས་དང་ཕྱོགས་བཞིར་རིམ་པར་བཞག་པ་རྒྱས་པའོ། །བུམ་པ་ལྔ་ཚིག་བརྗོད་ཅིང་ཕྱར་ཙམ་བྱས་ནས་ལན་ལྔ་སྤྱི་བོའི་གནས་ལྔར་བཞག་ཅིང་། མགྲིན་པ་ནི་འབྲིང་། ཁྲོམ་ལ་ནི་བུམ་པ་ལྔ་སོ་སོར་ཕྱར་བ་ཙམ་བྱས་ལ་དུས་གཅིག་རེག་ཙམ་རེ་འགྲིམ་པ་བསྡུས་པ། བུམ་པ་ལྔ་ཕྱར་ཙམ་བྱས་ནས་རྗེས་བུམ་དབང་རྒྱས་པ་དང་དྲུག་ཀ་གཅིག་ཏུ་བསྡུས་ནས་འགྲིམ་པ་ཤིན་དུ་བསྡུས་པ་ཡིན་ནོ། །བུམ་པ་གཅིག་ལས་མེད་ན་གཅིག་པོ་དེ་བསྟན་ཝིག་བྱའོ། །ཧཱུྃ་བུམ་པའི་རང་བཞིན་ཆོས་ཀྱི་སྐུ༔ བུམ་བཅུད་འདི་ནི་ལོངས་སྤྱོད་རྫོགས༔ གཟུང་ཐག་ཁ་རྒྱན་སྤྲུལ་པའི་སྐུ༔ རིན་ཆེན་ལྔ་ཡི་དབང་བསྐུར་བས༔ ཡེ་ཤེས་ལྔ་ལྡན་དབང་ཐོབ་ཤོག༔ ཚིག་ལྷུགས་མི་དགོས་དོན་ཚིགས་བཅད་ལ་ཚང་བའོ། །ཧཱུྃ་བཛྲ་དྷྲྀཀ༔ མཱུཾ་དྷ་དྷུ་ཤྭ་རི་སྟྭཾ༔ བཛྲ་ཨ་བྷི་ཥིཉྩ་ཧཱུྃ༔ འདིར་རྡོར་སེམས་དབུས་སུ་བསྒོམ་པ་ན་རཀ་དོང་སྤྲུག་གི་དབང་དུ་ཡིན་ལ། རྣམ་སྣང་དབུས་སུ་བསྒོམ་ན་སྔགས་བརྗེ། སྤྱི་བོར་བཞག་པར་བྱའོ། །ཁྲོམ་ལ་སོ་སོར་འགྲིམ་ན་སློབ་དཔོན་གྱིས་རིགས་ལྔ་སོ་སོའི་ཡིག་བརྒྱ་འདོན། ཁྲོམ་ལ་རྡོར་སེམས་རིགས་ལྔ་སོ་སོའི་སྙིང་པོ་འབྲུ་དྲུག་འུར་འདོན་ཕྱག་ལེན་ཡིན་ནོ། །

དེ་ནས་ཤར་བུམ། ཧཱུྃ་བུམ་པའི་རང་བཞིན་ཆོས་ཀྱི་སྐུ༔ བུམ་བཅུད་འདི་ནི་ལོངས་སྤྱོད་རྫོགས༔ གཟུང་ཐག་ཁ་རྒྱན་སྤྲུལ་པའི་སྐུ༔ སྨན་མཆོག་ལྔ་ཡི་དབང་བསྐུར་བས། དུག་ལྔའི་ནད་ལས་གྲོལ་བར་ཤོག༔ དཔྲལ་བར་བཞག །ༀ་ཛིག་ན་ཛིག༔ ལཾ་ཏེ་ཤྭ་ར་ཏི་སྟྭཾ༔ བྷུདྡྷ་ཨ་བྷི་ཥིཉྩ་ༀ༔ ལྷོའི་བུམ་པ། ཧཱུྃ་བུམ་པའི་རང་བཞིན་ཆོས་ཀྱི་སྐུ༔ བུམ་བཅུད་འདི་ནི་ལོངས་སྤྱོད་རྫོགས༔ གཟུངས་ཐག་ཁ་རྒྱན་སྤྲུལ་པའི་སྐུ༔ སྙིང་པོ་ལྔ་ཡི་དབང་བསྐུར་བས༔ རིགས་མཆོག་ལྔ་པོ་ཐོབ་པར་ཤོག༔ རྣ་ལྟག་གཡས། སྭཱ་རཏྣ་དྷྲྀཀ༔ མཱཾ་མོ་ཧཱ་ར་ཏི་སྟྭཾ༔ རཏྣ་ཨ་བྷི་ཥིཉྩ་སྭཱ༔ ནུབ་ཀྱི་བུམ་པ། ཧཱུྃ་བུམ་པའི་རང་བཞིན་ཆོས་ཀྱི་སྐུ༔ བུམ་བཅུད་འདི་ནི་ལོངས་སྤྱོད་རྫོགས༔ གཟུང་ཐག་ཁ་རྒྱན་སྤྲུལ་པའི་སྐུ༔ འབྲུ་སྣ་ལྔ་ཡི་དབང་བསྐུར་བས༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་ལྔ༔ ཉི་ཤུ་རྩ་ལྔའི་དབང་ཐོབ་ཤོག༔ ལྟག་ཁུང་། ཨཾ་ཨ་རོ་ལིཀ༔ པཱཾ་ར་ག་ར་ཏི་སྟྭཾ༔ པདྨ་ཨ་བྷི་ཥིཉྩ་ཨཱཿབྱང་གི་བུམ་པ། ཧཱུྃ་བུམ་པའི་རང་བཞིན་ཆོས་ཀྱི་སྐུ༔ བུམ་བཅུད་འདི་ནི་ལོངས་སྤྱོད་རྫོགས༔ གཟུང་ཐག་ཁ་རྒྱན་སྤྲུལ་པའི་སྐུ༔ དྲི་མཆོག་ལྔ་ཡི་དབང་བསྐུར་བས༔ ཕ་རོལ་ཕྱིན་དྲུག་མཐར་ཕྱིན་ནས༔ སྟོང་ཉིད་སྙིང་རྗེ་དབྱེར་མེད་ཤོག༔ རྣ་ལྟག་གཡོན། ཧ་པྲཉྫ་དྷྲིཀ༔ ཏཾ་བཛྲ་ར་ཏི་སྟྭཾ། ཅེས་བུམ་པ་ལྔ་ཡོད་ན་བུམ་ཆུ་གཙོ་བུམ་དུ་བསྡུ་ལ། འོ་དེ་ལྟར་རིགས་ལྔའི་དབང་བསྐུར་བས༔ དུག་ལྔའི་སྒྲིབ་པ་དག༔ འགྲོ་བ་ལམ་རྒྱུད་ལྔའི་སྐྱེ་སྒོ་ཆོད༔ ཕུང་པོ་ལྔ་གནས་འགྱུར༔ རིགས་ལྔའི་ས་བོན་བཞག༔ ཡེ་ཤེས་ལྔ་རྒྱུད་ལ་སྐྱེས༔ ཞིང་ཁམས་ལྔ་ལ་དབང་བསྒྱུར་བའི་སྐལ་བ་ཅན་དུ་བྱས་པའོ༔ ད་རྣམ་རྒྱལ་བུམ་པ་འདིའི་ནང་ན་དམ་པ་རིགས་བརྒྱ་བཞུགས་པའི་སྐུ་ལས་བདུད་རྩིའི་རྒྱུན་བབས་པས༔ ལུས་ཐམས་ཅད་གང་བར་སྒོམས་ཤིག༔ ཧཱུྃ་བུམ་པ་འདི་ནི་གཞལ་ཡས་ཁང་༔ ནང་ན་ཞི་ཁྲོའི་ལྷ་ཚོགས་བཞུགས༔ ཕྱི་ནང་གསང་བའི་དཀྱིལ་འཁོར་ནས༔ སྐུ་གསུང་ཐུགས་ཀྱི་དབང་བསྐུར་ནས༔ ཕྱི་ནང་གསང་བའི་དབང་མཆོག་རྣམས༔ སྐལ་ལྡན་རྣམས་ལ་ཕབ་ནས་ཀྱང་༔ ཕུང་ཁམས་ལྷ་དང་ལྷ་མོར་གྱུར༔ བསྐྱེད་རིམ་ལྷ་དབང་ཐོབ་པར་ཤོག༔ ༀ་ཨཱཿཧཱུྃ༔ ༀ་ན་མཿསརྦ་ཏ་ཐ་ག་ཏ་ཨ་བྷི་ཥིཉྩ་ༀ་ཨཱཿཧཱུྃ་ཧྲཱི་སྭཱ་ཧཱ༔ དམ་པ་རིག་བརྒྱའི་དབང་དང་དངོས་གྲུབ་དམ་པ་ཐོབ་པར་གྱུར་གཅིག༔ དབང་ལྡན་རྣམས་ལ་དབང་ཐོབ་༼ཐིམ་༽པར་གྱུར་ཅིག༔ གསལ་བར་གྱུར་ཅིག༔ མཆེད་པར་གྱུར་ཅིག༔ འབར་བར་གྱུར་ཅིག༔ རྒྱས་པར་གྱུར་ཅིག༔ དབང་དུ་གྱུར་ཅིག༔ སྨིན་ཅིང་གྲོལ་བར་གྱུར་ཅིག༔ རེག་ཅིང་གྲོལ་བར་གྱུར་ཅིག༔ བརྟན་པར་གྱུར་ཅིག༔ གྲོལ་བར་གྱུར་ཅིག༔ མེ་ཏོག་གང་ལ་ཕོག་པའི་ལྷ་དང་དབྱེར་མེད་པར་སངས་རྒྱས་པར་གྱུར་ཅིག༔ འདི་ཡན་ཆོད་བུམ་པ་དྲུག་སྟོན་ཙམ་བྱས་ནས་འདིར་ལན་གཅིག་སློབ་དཔོན་གྱིས་བུམ་པ་སྤྱི་བོར་འགྲིམས་ཤིང་བོ་དྷི་ཙིཏྟ་འདོན། མཆོད་གཡོག་པས་བུམ་ཆུ་བཀྱེ་བ་རང་གིས་འཐུས་སོ། །ཁྲོམ་པ་ལ་བྷོ་དྷིའི་བསྐུལ་ལོ། །དེ་ནས་བཀྲ་ཤིས་གང་རུང་ཤྭ་ལོ་ཀ་གཅིག་སྟེ། ཧྲཱི་སྐྱེ་འཆི་གཉིས་སྤང་ཚེ་ཡི་རིག་འཛིན་བརྙེས༔ པདྨ་འབྱུང་ནས་བཀྲ་ཤིས་གང་ལགས་པ༔ དམ་པ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག༔ དེ་ནས་རིགས་པའི་དབང་ལྔ་ཡང་སོ་སོར་སྟོན་ཙམ་བྱས་ནས་དུས་གཅིག་འགྲིམ་པས་ཆོག་སྟེ། བུམ་པ། ཧཱུྃ༔ སྐུ་གསུམ་དམ་ཚིག་ལས་བྱུང་ཞིང་༔ ཉོན་མོངས་ཞེ་སྡང་འཇོམས་མཛད་པ༔ ལྷ་ཡི་བདུད་རྩི་དག་པ་ཡིས༔ མི་བསྐྱོད་པ་རུ་དབང་བསྐུར་རོ༔ ཧཱུྃ་བཛྲ་ཨ་དྷར་ཤུ་ཛྙཱ་ན་ཨཱཿབྷི་ཥིཉྩ་མཾ༔ དབུ་རྒྱན། ཧཱུྃ་སངས་རྒྱས་ཀུན་གྱི་རྒྱལ་སྲིད་དབང་༔ ང་རྒྱལ་རྟོག་པ་རྣམ་པར་འཇོམས༔ ཆགས་མེད་སྦྱིན་པའི་དབུ་རྒྱན་འདིས༔ རྫོགས་སངས་རྒྱས་སུ་དབང་བསྐུར་རོ༔ སྭཱ་རཏྣ་ས་མནྟ་ཛྙཱ་ན་སྭཱ་བྷ་ཝ་ཨ་བྷི་ཥིཉྩ་མཾ༔ རྡོ་རྗེ། ཧཱུྃ༔ སངས་རྒྱས་ཀུན་གྱི་རྡོ་རྗེའི་དབང་༔ མི་ཕྱེད་རྡོ་རྗེ་གསང་བ་ལས༔ འདོད་ཆགས་རྟོག་པ་རྣམ་པར་འཇོམས༔ རྡོ་རྗེ་ཆོས་ཀྱི་དབང་བསྐུར་རོ༔ ཨཾ་པདྨ་པྲ་ཛྙཱ་ཨ་བྷི་ཥིིཉྩ་མཾ༔ དྲིལ་བུ། ཧཱུྃ་ཐབས་དང་ཤེས་རབ་ལྡན་པ་ཡི༔ འགྲོ་དོན་མཉམ་མེད་དྲིལ་བུ་འདིས༔ ཕྲག་དོག་རྟོག་པ་རྣམ་པར་འཇོམས༔ གཉིས་སུ་མེད་པར་དབང་བསྐུར་རོ༔ ཧ་ཏིཥྛ་ཨ་ནུ་ཏེ་ཛྙཱ་ན་པ་ཏེ་བཛྲ་ཀརྨ་ཨ་བྷི་ཥིཉྩ་མཾཿདེ་ནས་རྣམ་སྣང་གི་ཙཀ་ལི་བསྟན་ལ། ཧཱུྃ་རྣམ་སྣང་མིང་གི་དབང་བསྐུར་བས༔ གཏི་མུག་རྟོག་པ་རྣམ་པར་འཇོམས༔ ཅིས་ཀྱང་མི་ཆོད་མི་ཤིགས་པ༔ རྡོ་རྗེའི་མིང་ནི་རབ་ཏུ་གྲགས༔ ༀ་ཏྲེ་ཙཀྲ་མ་ཏུ༔ ཨ་མི་ཛྙ་ན་བཛྲ་ཨ་བྷི་ཥིཉྩ་མཾ༔ ཅེས་དཔྲལ་བར། ཚར་ནས། འོ་ཁྱེད་རྣམས་ལ་བྱ་སྤྱོད་རྣལ་འབྱོར་རྒྱུད་རྣམས་དང་ཐུན་མོངས་བ་རིག་པའི་དབང་ལྔ་བསྐུར་བས། རྒྱུད་ཐམས་ཅད་ལ་བལྟ་བ་དང་ཉན་པར་དབང་བ་ཡིན་ནོ། །དབུ་རྒྱན་ནང་དུ་བུམ་པ་བཅུག་ཁ་རྒྱན་ལ་རྣམ་སྣང་གི་སྐུ་བཙུག་པ་རྡོ་རྗེ་དང་བཅས་ལག་གཡས་པས་མགོ་ལ་བཞག་པ་དང་། རྡོར་དྲིལ་བསྒྲིལ་བ་ལག་གཡོན་དུ་འཕྱངས་པ་ལ་རེག་ཙམ་བྱེད་འཇུག་ཅིང་འགྲོ། བོ་དྷི་བསྐུལ་འདོན། མཆོད་གཡོག་གིས་བུམ་ཆུ་བཀྱེའོ། །ད་ལྷ་དབང་ཞུ་བའི་རྗེས་ཟློས་མཛོད། ཀྱེ་ཧོ་བླ་མ་རྡོ་རྗེ་འཛིན་པ་ཆེ༔ བདག་ཅག་སྐལ་ལྡན་བུ་རྣམས་ལ༔ རྒྱལ་བ་ཞི་ཁྲོ་རབ་འབྱམས་ཀྱི༔ ལྷ་དབང་ཡོངས་རྫོགས་བསྐུར་དུ་གསོལ༔ གསུམ། འོ་དེ་ལྟར་གསོལ་བ་བཏབ་པས༔ མདུན་བསྐྱེད་དཀྱིལ་འཁོར་གྱི་ལྷ་རྣམས་ལས་རང་རང་གི་སྐུ་མར་མེ་གཅིག་ལས་གཉིས་ཆད་ཀྱི་ཚུལ་དུ་བྱོན་ནས༔ ཁྱོད་རང་རྣམས་རྡོར་སེམས་སུ་གསལ་བའི་ཐུགས་ཀར་ཞི་བ་དང་ཀླད་པར་ཁྲག་འཐུང་གི་ལྷ་ཚོགས་ལུས་ལྷའི་ཚུལ་དུ་བཞུགས་པ་ལ༔ དམ་ཚིག་སེམས་དཔའ་ལ་ཡེ་ཤེས་སེམས་དཔའ་ཐིམ་པའི་ཚུལ་གྱིས་སོ་སོར་ཐིམ་པར་སྒོམས་ཤིག༔ འདིར་རྒྱས་པར་འདོད་ན་སྤྲོས་བཅས་བུམ་དབང་ཆེན་མོའི་ལྷ་དབང་ཡོངས་རྫོགས་གཞུང་ལྟར་བསྐུར་རོ། །

འབྲིང་པོ་འདོད་ན་དབང་བསྐུར་གནས་སྤར་འགྲོ་དྲུག་རང་གྲོལ་གྱི་ལྷ་དབང་ཡོངས་རྫོགས་བསྐུར་ཏེ། དེ་གཉིས་གང་ལ་ཡང་བར་སྐབས་ཀྱི་ངོ་སྤྲོད་ཀྱི་ཚིག་ལྷུགས་མི་སྦྱར་ཏེེ། ལར་འདི་བསྡུས་པའི་སྐབས་ཡིན་ནོ། །

བསྡུས་པ་རང་འདོད་ན་ཞི་བའི་དབང་ཙཀ་དུས་གཅིག །ཁྲོ་བོའི་དབང་ཙཀ་དུས་གཅིག་སྤྱི་བོར་བཞག །མེད་ན་ཀུན་བཟང་ཆེ་མཆོག་གཉིས་ཁོ་ནས་ཆོག་སྟེེ། དེ་ཡང་རྒྱས་པར་བྱེད་ན་ཚན་པ་ཚན་པ་གཏོར་མ་ལ་བཙུག་པ་ཕྱག་ལེན་ནོ། །བསྡུ་ན། ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་རྣམས་ལ༔ ཞི་བའི་ལྷ་ཚོགས་དབང་བསྐུར་བས༔ ཕུང་ཁམས་སྐྱེ་མཆེད་གནས་དག་ནས༔ ཞི་བ་རབ་འབྱམས་དབང་ཐོབ་ཤོག༔ ༀ་ཨཱཿཧཱུྃ་བྷོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཛྙ་ན་དྷརྟུ་ཨཱཿཀ་ཡ་ཨ་བྷི་ཥིཉྩ་ༀ་ཨཱཿཧཱུྃ་ཧྲཱིཿཅེས་ཞི་བ་དང་༔ ཧཱུྃ་སྐལ་ལྡན་རིགས་ཀྱི་བུ་རྣམས་ལ༔ ཁྲག་འཐུང་ལྷ་ཚོགས་དབང་བསྐུར་བས༔ ཉོན་མོངས་རྟོག་ཚོགས་གནས་དག་ནས༔ ཁྲག་འཐུང་རབ་འབྱམས་དབང་ཐོབ་ཤོག༔ ༀ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཀ་ཡ་ཨ་བྷི་ཥིཉྩ་ༀ༔ ཅེས་པ་ཁྲོ་བོ་དང་༔ འོ་སྐལ་ལྡན་རིགས་ཀྱི་བུ་རྣམས༔ ཞི་བའི་ལྷ་ཚོགས་དེ་རྣམས་ཀྱང་གུད་ན་མེད་དེ༔ རང་གི་ཕུང་པོ་ལྔ་རིགས་ལྔ༔ ཁམས་ལྔ་ཡུམ་ལྔ༔ ཚོགས་བརྒྱད་སེམས་དཔའ་བརྒྱད༔ ཡུལ་བརྒྱད་སེམས་མ་བརྒྱད༔ དུག་ལྔ་སེར་སྣ་དང་དྲུག་ཐུབ་པ་དྲུག༔ རྟག་ཆད་མུ་བཞི་སྐྱེ་གནས་བཞི་སྒོ་བ་ཡབ་ཡུམ་བརྒྱད༔ ཉོན་མོངས་པའི་རྟོག་ཚོགས་རྣམས་ཁྲག་འཐུང་དྲུག་ཅུ་ཡེ་ནས་ཡིན་ཅིང་༔ དེ་དོན་མ་རྟོགས་པས་འཁོར་བར་འཁྱམས་པ་ཡིན༔ ད་ནི་དབང་བསྐུར་བས་རྒྱུད་སྨིན་ངོ་འཕྲོད་ནས༔ སྤྱིར་ནི་ཕྱི་ནང་སྣོད་བཅུད་ཐམས་ཅད་ཞི་ཁྲོ་དག་པ་རབ་འབྱམས་ཀྱི་བསྐྱེད་རིམ་བསྒོམ་པ་དང་༔ ཁྱད་པར་སྙིང་ཁ་ན་ཞི་བའི་ལྷ་ཚོགས༔ མགྲིན་པ་ན་རིག་འཛིན་ལྷ་ཚོགས། ཀླད་པ་དུང་ཁང་ནང་ན་ཁྲག་འཐུང་གི་ལྷ་ཚོགས༔ རྩ་རླུང་ཐིག་ལེ་ལྷའི་དཀྱིལ་འཁོར་དུ་གསལ་ཐོབ་ལ༔ ཟ་འཐུང་རྣམས་ཚོགས་འཁོར་དང་༔ ཞྭ་གོས་རྒྱན་རྣམས་ན་བཟའ༔ རླུང་འབྱུང་འཇུག་གནས་གསུམ་འབྲུ་གསུམ་རྡོ་རྗེའི་བཟླས་པར་ཤེས་པར་གྱིས་ཤིག༔ དེ་ནས་རང་ཉིད་འཆི་བའི་ཚེ༔ ཞི་ཁྲོའི་ལྷ་ཚོགས་རང་གི་ལུས་ལས་ཐོན་ནས༔ ནམ་མཁའ་བར་སྣང་གང་བར་འཆར་བའི་ཚེ༔ སྒྲ་འོད་ཟེར་གསུམ་ལ་མ་འཇིགས༔ མ་སྐྲག༔ མ་སྔངས་པར་ད་ལྟ་དབང་བསྐུར་བའི་ཡི་དམ་གྱི་ལྷ་འདི་རྣམས་ཡིན་པས༔ ཡིན་པར་ངོ་ཤེས་པར་གྱིས་ཤིག༔ དེས་དག་པའི་ཞིང་ཁམས་སུ་བསུ་བར་ངེས་ཏེ༔ ཧེ་རུ་ཀའི་རྒྱུད་ཐམས་ཅད་ནས༔ རྣལ་འབྱོར་པ་རྣམས་འཕོ་ཚེ་དཔའ༔ དཔལ་ལྡན་ཁྲག་འཐུང་ལ་སོགས་པའི༔ མེ་ཏོག་ལ་སོགས་ལག་ན་ཐོགས༔ འཆི་བ་ཞེས་བྱ་རྣམ་རྟོགས་ཏེ༔ མཁའ་སྤྱོད་གནས་སུ་ཁྲིད་པར་འགྱུར༔ ཞེས་གསུངས་པ་དང་མཐུན་པ་ཡིན་ནོ༔

༈ དེ་ནས་སྐབས་འདིར་མཆོག་དབང་གསུམ་པོ་བསྐུར་བ་ཡིན་ཡང་༔ རྒྱས་པ་ནི་ཐོད་པ་ལྔ་སོགས་དང་ཆས་དཀའ་བ་དང་ཚོགས་བརྒྱ་མང་པོ་སོགས་བཀའ་རྒྱ་དམ་པས་སུ་ཡིན་ལ་བསྐུར་ན་རང་ཡང་གསང་དམ་ཉམས་པའི་ལྟུང་བར་འགྱུར་བས་སྤྲོས་པ་བསྐྱུངས༔ འདིར་མཆོག་དབང་བསྡུས་པ་ཙམ་འདི་ཡང་ཁྲོམ་ཉོག་ལ་མི་རུང་གསང་སྒྲོགས་གི་ལྟུང་བ་དང་བཀའ་སྲུང་གི་ཕྲག་དོག་འབྱུང་༔ བཙུན་པ་དང་ཞི་ཁྲོ་ཉམས་ལེན་མཁན་དང་༔ བསྒོམ་རིམ་ལྷན་སྐྱེས་ཐུགས་དམ་དང་༔ རྫོགས་ཆེན་ཉམས་ལེན་མཁན་དང་༔ མི་ནག་ཡིན་རུང་བག་ཆགས་རང་གྲོལ་ཆགས་མེད་བྱེད་པ་རྣམས་འདི་མ་ཐོབ་ན་དབང་མི་ཚང་བས༔ ཤིན་དུ་གལ་ཆེ་བ་གཅིག་ཡོད་པ་དང་༔ ནད་པ་འཆི་ངེས་ལ་བསྐུར་ཡང་དམ་ཚིག་ཆགས་ལོང་མེད་ཅིང་དབང་བཞི་ཚང་ཕྱིར་ཡོན་ཏན་ཤིན་ཏུ་ཆེ་བའོ༔ དབང་རྫས་ནི་བྷནྡྷ་བདུད་རྩི་མེ་ལོང་ཤེལ་སོགས་དང་པོ་ནས་བཤམས་ལ༔ བསྙེན་པའི་སྐབས་སུ་ལྷ་ཡབ་ཡུམ་སྦྱོར་མཚམས་ནས་བྱང་སེམས་བྷནྡྷ་བདུད་རྩི་ལ་ཐིམ་པར་བསྒོམ་པས་འཐུས་སོ༔ མིག་དར་བཀབ་པ་ཕྱེ་བའི་ཚུལ་ཙམ་གྲུབ་ན་ལེགས༔ ད་བླ་མ་རྡོ་རྗེ་སེམས་དཔའ་དཀྱིལ་འཁོར་གྱི་ལྷོ་སྒོའི་འགྲམ་དུ་བྱོན་ནས་སེང་གེའི་ཁྲི་ལ་བཞུགས་པ་ལ་གསོལ་བ་འདེབས་པར་བསྒོམ་ལ་རྗེས་ཟློས་མཛོད༔ ཀྱེ་ཧོཿབླ་མ་འགྲོ་བའི་མགོན༔ བདག་སོགས་སྐལ་ལྡན་བུ་སློབ་ལ༔ དཀྱིལ་འཁོར་ཆེན་པོའི་ལྷོ་ཕྱོགས་སུ༔ གསང་བའི་དབང་མཆོག་བསྐུར་དུ་གསོལ༔ ཚིག་རྗེས་མ་གསུམ། འོ་ཐོད་པ་འདིའི་ནང་ན་ཀུན་བཟང་རིགས་ལྔ་ཆེ་མཆོག་རིགས་དྲུག་གི་བྱང་ཆུབ་ཀྱི་བྱང་སེམས་བདུད་རྩི་དཀར་དམར་གྱི་རང་བཞིན་དེ་ཁྱོད་རང་གི་སྤྱི་བོར་བཞག་པས་ཐོད་པའི་ཚང་བུག་ནས་ཞུགས༔ ལུས་གྱི་རྩ་འཁོར་ལྔ་གང་བས་བདེ་སྟོང་གཉིས་སུ་མེད་པའི་ཡེ་ཤེས་མངོན་སུམ་བསྐྱེད་པར་སྒོམས་ཤིག༔ ཧོ་ཐོད་པ་མཚན་ལྡན་ཀ་པ་ལ༔ ཡེ་ཤེས་བདུད་རྩི་ལྔ་ལྡན་བཅུད༔ སྐལ་ལྡན་བུ་ཡི་ངག་ཏུ་བླུད༔ རྩ་གསུམ་འཁོར་ལོ་ལྔ་ལྡན་པས༔ ཐིག་ལེ་རང་དབང་ཐོབ་པ་དང་༔ ཐོག་མེད་བདེ་ཆེན་མཐར་ཕྱིན་ཤོག༔ བོ་དྷི་ཙིཏྟ་ཨ་མྲྀ་ཏ་ཨ་བྷི་ཥིཉྩ་ༀ༔ བདུད་རྩི་བླུད༔ དེས་ངག་གི་སྒྲིབ་པ་བྱང་༔ རྩ་རླུང་བསྒོམ་པར་དབང་༔ དབང་གི་ལས་འགྲུབ༔ ས་དགུ་པ་མན་ཆོད་ནོན༔ འབྲས་བུ་ལོངས་སྐུ་འགྲུབ་པའི་སྐལ་བ་ཅན་དུ་གྱུར་པས༔ ལུས་དཀྱིལ་མཐོང་བའི་མོས་པས་མིག་དར་ཁྲོལ༔ གཏང་རག་གི་མཎྜལ་འབུལ༔ ས་གཞི༴ད་བླ་མ་རྡོ་རྗེ་སེམས་དཔའ་དཀྱིལ་འཁོར་གྱི་ནུབ་སྒོའི་འགྲམ་དུ་སེང་ཁྲི་ལ་བཞུགས་པ་ལ་གསོལ་བ་འདེབས་པའི་མོས་པས་རྗེས་ཟློས་མཛོད༔ མིག་དར་གྱོན་ལ། ཀྱེ་ཧོཿབླ་མ་འགྲོ་བའི་མགོན༔ ཐུགས་རྗེ་ཆེན་པོས་བརྩེར་དགོངས་ལ༔ ཤེས་རབ་དབང་ཞིག་བསྐུར་བར་མཛོད༔ བདག་གི་ཤེས་རབ་རིག་མ་རྣམས༔ རིགས་ཀྱི་མཚན་ལྡན་བདེ་བ་སྐྱེད༔ འདི་འབུལ་བཞེས་ལ་བདག་རྒྱུད་ཁྲོལ༔ ཞེས་ཌཱ་ཀིའི་ཙཀ་ལི་ཡར་ཕུལ་བཅུག །ཧོཿབདེ་བ་སེམས་ཟུང་སྟོང་པ་སྐྱོང་༔ འབེབས་འདྲེན་བཀྲམ་བཟློག་བཞི་ཡིས་ཟླུམ༔ འདི་ཉིད་བདེ་གཤེགས་བླ་མེད་མཆོག༔ ཕྲིན་ལས་འབྲས་བུ་ཨ་ལ་ལ༔ ཅེས་ཙཀ་ལི་གཏད་ལ་ལག་ཏུ་འགྲིམས་ནས། ཁྱེད་རང་རྣམས་སྐད་གཅིག་གིས་རྟ་ཕག་ཡབ་ཡུམ་འཁྲིལ་སྦྱོར་དུ་གྱུར་པས་སྤྱི་བོའི་ཧཾ་ལས་བྱང་སེམས་བབས་པས་རྩ་འཁོར་ལོ་བཞི་རིམ་པར་གང་སྟེ༔ སྤྱི་བོ་དང་མགྲིན་པར་བབ་པས་དགའ་བ༔ སྙིང་ཁར་མཆོག་དགའ༔ ལྟེ་བར་དགའ་བྲལ༔ གསང་བར་ལྷན་གཅིག་སྐྱེས་པའི་དགའ་བ་སྐྱེས༔ གྱེན་དུ་བཟློག་ནས་ལུས་ཀུན་ཁྱབ་པས་བདེ་སྟོང་གཉིས་སུ་མེད་པའི་ཡེ་ཤེས་རྟོགས་པར་སྒོམས་ཤིག༔ ད་གསང་བའི་དཀྱིལ་འཁོར་མཐོང་བའི་མོས་པས་མིག་དར་ཁྲོལ༔ དེས་ཡིད་སྒྲིབ་དག༔ ཡིད་རིག་ཡེ་ཤེས་ཀྱི་ཕྱག་རྒྱ་སོགས་རྩ་རླུང་ཐིག་ལེ་བསྒོམ་པར་དབང་༔ རྒྱས་པའི་ལས་ཐམས་ཅད་འགྲུབ༔ ས་བཅུ་པ་ནོན་ཅིང་འབྲས་བུ་ཆོས་སྐུ་ཐོབ་པའི་སྐལ་ལྡན་དུ་བྱས་པ་ཡིན་པས་མཎྜལ་ཕུལ༔ ས་གཞི༴ཡང་བླ་མ་རྡོ་རྗེ་སེམས་དཔའ་བྱོན་ནས་དཀྱིལ་འཁོར་བྱང་གི་སྒོ་དྲུང་དུ་སེང་ཁྲི་ལ་བཞུགས་པ་ལ་གསོལ་བ་འདེབས་པའི་རྗེས་ཟློས་མཛོད༔ ཀྱཻ་ཧོཿབླ་མ་སངས་རྒྱས་འགྲོ་བའི་མགོན༔ ཐུགས་རྗེས་བདག་ལ་དགོངས་མཛོད་ལ༔ སྙིང་པོ་དོན་མཆོག་བྱ་བའི་ཕྱིར༔ རིན་ཆེན་གསེར་གཡུའི་མཎྜལ་འབུལ༔ ཡེ་ཤེས་ལྔ་པོ་ངོ་སྤྲོད་ལ༔ ཚིག་དབང་རིན་ཆེན་བདག་ལ་རྩོལ༔ འོ་ན་ཁྱེད་རྣམས་ལུས་རྣམ་སྣང་གི་ཆོས་བདུན་ཆས་ལ་ཤེལ་འདི་ལ་ལྟོས་ཤིག༔ ཤེལ་ཕྱར་ལ༔ བུ་ཁྱོད་ཐེག་པ་ཆེན་པོའི་སྣོད༔ འཁོར་བའི་མཚོ་ལས་སྒྲོལ་བའི་ཕྱིར༔ ཡང་དག་དོན་ལ་ད་ཞུགས་ཤིག༔ རིགས་ཀྱི་བུ་ཁྱོད་ཉོན་གཅིག༔ ཁྱོད་ལུས་བྱ་བ་དང་བྲལ་ལོ༔ ངག་བརྗོད་པ་དང་བྲལ་ལོ༔ སེམས་རྟོག་པ་དང་བྲལ་ལོ༔ རང་གི་རིག་པའི་གཤིས་ཀྱི་འདུག་ཚུལ་འདི་ཤེལ་འདི་དང་འདྲ་སྟེ༔ ཤེལ་ཕྱི་ནང་མ་སྒྲིབ་པ་ལྟར་སེམས་ཉིད་ངོ་བོ་སྟོང་པ་ཉིད་དོ༔ ཤེལ་གདན་གང་བཞག་གི་ཁ་དོག་ཏུ་འགྱུར་བ་ལྟར༔ སེམས་ལ་ཅིར་ཡང་འཆར་རོ༔ ཤེལ་ཁ་དོག་སྣ་ཚོགས་སུ་འགྱུར་ཡང་ཤེལ་དང་དབྱེར་མེད་པ་ལྟར༔ སེམས་ལ་ཅི་ཤར་ཡང་སྟོང་པ་ཉིད་དང་དབྱེར་མེད་དོ༔ ཤེལ་འདི་རྡོ་རྗེ་སེམས་དཔའི་ཐུགས་རྗེའི་འོད་ཟེར་གྱི་བྱིན་རླབས་ལས་བྱུང་བའི་ལོ་རྒྱུས་ལྟར༔ སེམས་ཉིད་འདི་ཡེ་ནས་ཆོས་སྐུའི་ངོ་བོར་གནས་སོ༔ རང་གི་སེམས་ཉིད་མ་ཡེངས་ཙམ་དུ་མ་བཅོས་རང་བབས་སུ་བཞག་པ་ནི་རྫོགས་པ་ཆེན་པོ་གཞི་ཁྲེག་ཆོད་ཀྱི་ཉམས་ལེན་ཡིན་པས་དེང་ཕྱིན་ཆད་དེ་ལྟར་བསྒོམ་དུ་མེད་པའི་ངང་ལ་སྒོམས་ཤིག༔ ཅེས་ཤེལ་སྤྱི་བོར་བཞག༔ སྣང་སྲིད་ཕྱག་རྒྱ་ཆེན་པོའི་དཀྱིལ་འཁོར་མཐོང་བའི་བརྡར་མིག་དར་ཁྲོལ་མཎྜལ་ཕུལ༔ ད་ཁྱོད་རང་རྣམས་ལུས་གནད་ཙོག་པུར་སྡོད་ཅིག༔ སློབ་དཔོན་གྱིས་ཤར་ཕྱོགས་ཀྱི་དཀྱིལ་འཁོར་ནས་རྡོ་རྗེ་ལུ་གུ་རྒྱུད་བྲིས་པ་བསྟན༔ ལྷོ་ནས་དབྱིངས་རྣམ་པར་དག་པའི་སྒྲོན་མའི་དཔེ་རྨ་བྱའི་མདོངས་བསྟན༔ ནུབ་ནས་མེ་ལོང་ལ་དཀྱིལ་འཁོར་འཆར་བ་བསྟན་པ་ལྷ་སྐུ་འཆར་བའི་དཔེ༔ བྱང་ནས་གཟུགས་སྒྲ་དྲི་རོ་རེག་བྱ་ཆོས་ལྔའི་གཟུགས་བརྙན་བསྟན་པས་རྫོགས་པ་ཆེན་པོའི་དོན་རྟོགས་པའི་མོས་པ་མཛོད༔ ཅེས་ཤེལ་དང་འཇའ་རིས་བྲིས་པ་འདོད་ཡོན་ལྔ་བྲིས་པ་རྨ་བྱའི་སྒྲོ་མེ་ལོང་རྡོར་དྲིལ་སོགས་དུས་གཅིག་ལ་ཕྱར་ནས༔ རྨ་བྱ་ལུག་རྒྱུད་ལག་ཏུ་ཕྱར༔ དཀྱིལ་འཁོར་ལ་སོགས་སྣང་བ་གཏད༔ ཤེལ་མིག་སྦྱར་བ་འདི་ལ་ལྟོས༔ ཀ་དག་རྩལ་དབང་ཐོབ་པར་ཤོག༔ བོ་དྷི་བརྗོད་ཅིང་སྤྱི་བོར་བཞག༔ བསྟན་པས་ཀྱང་འཐུས༔ དྷརྨ་ཀ་ཡ་ཨ་བྷི་ཥིཉྩ་མཾ༔ འོ་རིགས་ཀྱི་བུ་ཙིཏྟ་ཤའི་སྒྲོན་མེ་ན༔ ཞི་བའི་ལྷ་ཚོགས་བཞུགས་པའི་འོད༔ དཀར་འཇམ་ཤ་ཡི་སྒྲོན་མེ་ནས་བརྒྱུད་དེ༔ རྒྱང་ཞགས་ཆུ་ཡི་སྒྲོན་མེ་ལ་བྱུང་ནས༔ དབྱིངས་རྣམ་པར་དག་པའི་སྒྲོན་མེ་ནམ་མཁའ་གསལ་ཞིང་༔ དེ་ལ་ཐིག་ལེ་སྟོང་པའི་སྒྲོན་མེ་ཉམས་སུ་བླང་ན་རིག་པ་རྡོ་རྗེ་ལུ་གུ་རྒྱུད༔ ཞི་ཁྲོའི་ལྷ་ཚོགས་དངོས་སུ་འཆར་བར་འགྱུར་བའི་གདམས་པ་ཉམས་སུ་ལེན་རུང་བར་བྱས་པས༔ སྣང་བ་བཞི་མཐར་ཕྱིན་ནས་སངས་རྒྱས་གཞོན་ནུ་བུམ་སྐུའི་ཀློང་དུ་སངས་རྒྱ་བ་དང་༔ དེ་བར་དུ་ཡང་ས་བཅུ་གཅིག་གམ་བཅུ་དྲུག་ཡེ་ཤེས་བླ་མའི་ས་ནོན་པའི་སྐལ་ལྡན་དུ་བྱས་པ་ཡིན་པས་མཎྜལ་ཕུལ༔ ས་གཞི་སྤོས༴སོགས།

དེ་ལྟར་མཆོག་དབང་བསྐུར་རམ་མ་བསྐུར་ཡང་རུང་སྟེ། དེ་ལྟར་དབང་རྒྱས་པར་བསྐུར་ཡང་གཏོར་དབང་མ་བསྐུལ་ན་དངོས་གྲུབ་ཕྱིར་འགྱང་བར་གསུངས་པས༔ དམ་པ་རིགས་བརྒྱའི་དབང་ཐོབ་ཀྱང་རིག་འཛིན་དང་སྤོར་བྱེད་སོགས་ཀྱི་དབང་མ་འདུས་པས་གཏོར་དབང་ཞུ་བའི་དོན་དུ༔ གཏོར་མ་འདི་ཉིད་ཞི་ཁྲོ་དམ་པ་རིགས་བརྒྱ་ལ་རིག་འཛིན་དཔའ་བོ་དང་ཌཱཀྐི༔ རྩ་རྒྱུད་བླ་མ༔ སྤོར་བྱེད་བརྒྱད༔ ཡེ་ཤེས་ཀྱི་ཆོས་སྐྱོང་སྲུང་མའི་ཚོགས་སྤྲིན་འཁྲིགས་པ་ལྟར་སྤྱི་བོར་བྱོན་ནས༔ བླ་མ་རིག་འཛིན་ཐམས་ཅད་སྤྱི་བོར་ཐིམ༔ བདེ་གཤེགས་ཡི་དམ་ཐམས་ཅད་མགྲིན་པར་ཐིམ༔ མ་རྒྱུད་ཌཱཀྐི་ཐམས་ཅད་སྙིང་ཁར་ཐིམ༔ གཏེར་བདག་ནོར་ལྷ་ཐམས་ཅད་ལྟེ་བར་ཐིམ༔ ཡེཤེས་ཀྱི་ཆོས་སྐྱོང་ཐམས་ཅད་གསང་བར་ཐིམ༔ བཀའ་བསྲུང་གཏེར་བསྲུང་རྣམས་ཀྱིས་སྤུན་དང་གྲོགས་སུ་དགོངས་པར་འགྱུར་སྙམ་དུ་མོས་པ་རྩེ་གཅིག་པ་མཛོད་ཅིག༔ ༀ་ཨཱཿཧཱུྃ་དབྱིངས་རིག་དབྱེར་མེད་གཏོར་གཞོང་དུ༔ གསལ་སྟོང་དབྱེར་མེད་རྩ་གསུམ་བཞུགས༔ རིག་རྩལ་དབྱེར་མེད་བསྲུང་མས་བསྐོར༔ དབང་མཆོག་དམ་པ་འདི་བསྐུར་བས༔ ལྷུན་གྲུབ་རང་དབང་ཐོབ་པར་ཤོག༔ ༀ་ཨཱཿཧཱུྃ༔ གུ་རུ་དྷེ་ཝ་ཌཱཀྐི་ནི་སརྦ་སིདྡྷི་ཕ་ལ་ཨ་བྷི་ཥིཉྩ་ཧོ༔ ཆོས་སྐུ་ཀུན་བཟང་ཡབ་ཡུམ༔ ལོངས་སྐུ་རིགས་ལྔ་ཡབ་ཡུམ། སེམས་དཔའ་ཡབ་ཡུམ་བཅུ་དྲུག༔ སྒོ་བ་ཡབ་ཡུམ་བརྒྱད༔ སྤྲུལ་སྐུ་ཐུབ་པ་དྲུག༔ ཁྲག་འཐུང་ཆེ་མཆོག་ཡབ་ཡུམ༔ རིགས་ལྔའི་ཁྲག་འཐུང་ཡབ་ཡུམ༔ ཀོའུ་སེང་ཕྲ་མེན་བཅུ་དྲུག༔ སྒོ་སྐྱོང་ཕྱག་རྒྱ་རྣམ་བཞི༔ ཐུབ་དྲུག་ཁྲོས་པའི་སྤོར་བྱེད་བརྒྱད༔ རིག་འཛིན་ཡབ་ཡུམ་བཅུ༔ རིག་འཛིན་བརྒྱུད་པའི་བླ་མ༔ བཀའ་སྲུང་དབང་ཕྱུག་ཉེར་བརྒྱད༔ ལ་སོགས་པ་ཞི་ཁྲོ་རབ་འབྱམས་ཐམས་ཅད་ཀྱིས་བྱིན་གྱིས་རློབས་ཤིག༔ རྡོ་རྗེའི་སློབ་མ་འདི་རྣམས་ཀྱི་བར་ཆད་ཐམས་ཅད་བསལ་དུ་གསོལ༔ སྡིག་སྒྲིབ་ཐམས་ཅད་དག་པར་མཛད་དུ་གསོལ༔ ནད་ཐམས་ཅད་ཞི་བར་མཛད་དུ་གསོལ༔ གདོན་ཐམས་ཅད་བཟློག་པར་མཛད་དུ་གསོལ༔ ཚེ་བསྲིང་བར་མཛད་དུ་གསོལ༔ དཔལ་བསྐྱེད་པར་མཛད་དུ་གསོལ༔ དབང་ཐང་ཆེ་བར་མཛད་དུ་གསོལ༔ ལོངས་སྤྱོད་རྒྱས་པར་མཛད་དུ་གསོལ༔ བསོད་ནམས་འཕེལ་བར་མཛད་དུ་གསོལ༔ ཉམས་རྟོགས་བསྐྱེད་པར་མཛད་དུ་གསོལ༔ ཚེ་འདིར་སྣང་བ་བཞི་མཐར་ཕྱིན་པར་མཛད་དུ་གསོལ༔ དུས་ལ་བབ་པའི་ཚེ་འཆི་བ་ཆོས་སྐུར་ངོ་འཕྲོད་པར་མཛད་དུ་གསོལ༔ ཆོས་ཉིད་བར་དོར་ངོ་འཕྲོད་ནས་ལོངས་སྤྱོད་རྫོགས་པའི་སྐུ་ཐོབ་པར་མཛད་དུ་གསོལ༔ སྲིད་པ་བར་དོར་རིག་འཛིན་རྣམས་ཀྱིས་ལམ་སྣ་དྲངས་ནས་བདེ་ཆེན་དག་པའི་ཞིང་དུ་བརྫུས་སྐྱེས་སྤྲུལ་པའི་སྐུ་ཐོབ་པར་མཛད་དུ་གསོལ༔ ཅེས་བརྗོད་ནས་བོ་དྷི་འདོན་ཅིང་གཏོར་མ་མགོ་ལ་འགྲིམས་སྟེ༔ རྒྱས་པར་ན་རེ་རེའི་མགོ་ཐོག་ཏུ་བོ་དྷི་ཚར་རེ་ལ༔ ཀ་ཡ་ཝཱཀྐ་ཙིཏྟ་སརྦ་ཨ་བྷི་ཥིཉྩ་ཧཱུྃཿཞེས་སྦྱར་རོ༔

དེ་ནས་མཐའ་རྟེན་རྒྱལ་སྲིད་དང་རྟགས་བརྒྱད་ནི་མི་དགོས་ཏེ༔ འདི་བསྡུས་པ་ཡིན་པས་དང་༔ བཀྲ་ཤིས་རྫས་རྟགས་རྒྱལ་སྲིད་སོགས་ཀྱི་དོན་ནི་ཤིས་པ་བརྗོད་པ་ཡིན་པས་བཀྲ་ཤིས་ལ་འདུས་པས༔ ལས་བྱང་མང་ཉུང་གང་འདོད་ཀྱི་བཀྲ་ཤིས་བརྗོད་ནས་མེ་ཏོག་འཐོར༔ འོ་དེས་ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་གྱི་དབང་བཞི་འཕྲད་ཚད་རང་གྲོལ་ཞེས་བྱ་བའི་དོན་དབང་ཐོབ་ཚད་རང་གྲོལ་ཞེས་བྱ་བ་ལེགས་པར་ཐོབ་པ་ཡིན་པས༔ དམ་ཚིག་ས་ཡ་དང་འབུམ་སྡེ་གསུངས་ཀྱང་༔ བླ་མ་ཨོ་རྒྱན་དབྱེར་མེད་དུ་བསྒོམ་པ་དང་༔ ཡི་དམ་ཞི་ཁྲོ་ལུས་དཀྱིལ་ལུས་ལྷར་མོས་པས་ཟ་འཐུང་ཐམས་ཅད་མཆོད་པར་དམིགས་པ་དང་༔ ངག་བཛྲ་གུ་རུ་འམ༔ བོ་དྷི་ཙིཏྟ་འམ༔ རིགས་དྲུག་གི་སྐྱེ་སྒོ་གཅོད་པ་བཏགས་གྲོལ་སྙིང་པོ་འབྲུ་དྲུག༔ འཿཨཿཤཿསཿམཿཧཿཞེས་པ་ཅི་ནུས་འདོན་ཞིང་༔ མཐར་གྱིས་རྟོགས་པ་ཇེ་མཐོ་ལ་སོང་བ་དང་༔ རིམ་པར་དམ་ཚིག་ཐམས་ཅད་གཙང་མར་བསྲུང་བསམ་པ་གྱིས་ལ༔ གཙོ་བོས་ཇི་ལྟར༴འོ་དེ་ལྟར་དབང་ཐོབ་ནས་ཉམས་སུ་བླང་པས༔ རབ་ཚེ་འདིར་སངས་རྒྱས༔ འབྲིང་བར་དོར་སངས་རྒྱ༔ དབང་ཐོབ་ནས་ཉམས་སུ་མ་བླང་ཀྱང་༔ དམ་ཚིག་མ་ཉམས་ན་སྐྱེ་བ་བདུན་ནས་འཚང་རྒྱ་བར་གསར་རྙིང་གི་རྒྱུད་སྡེ་རྣམས་ཞལ་མཐུན་ཅིང་༔ ཁྱད་པར་དབང་བཞིའི་སྟ་གོན་སྐབས་ནས་ཨོ་རྒྱན་རིན་པོ་ཆེས༔ འོ་ཁྱེད་རྣམས་དེ་སྔ་ཕན་ཆད་དཀྱིལ་འཁོར་འདི་འདྲ་མ་མཐོང་བས༔ ཁམས་གསུམ་དུ་འཁོར་ཞིང་རིགས་དྲུག་ཏུ་འཁྱམས་པ་ཡིན༔ དེ་སྔ་ཕན་ཆད་ཤིན་དུ་ཅོལ་ཆུང་༔ མི་ཚེ་སྟོང་ཟད་བྱས་པ་དོན་མེད་དུ་སོང་༔ ད་ནི་དཀྱིལ་འཁོར་འདི་ལྟ་བུ་དང་མཇལ༔ ད་ལྟ་ཤི་ཡང་བདེ་བ་ཆེན་པོར་སངས་རྒྱ་བ་ཡིན་པས་སྤྲོ་བ་བསྐྱེད་མཛོད་༔ གསུང་སྟེ་དཀྱིལ་འཁོར་དུ་ཞུགས་པ་ཙམ་ལ་ཕན་ཡོན་དེ་ལྟར་ན༔ ད་ལམ་དབང་ཡོངས་རྫོགས་ཐོབ་པ་ལ་ནི་སྨོས་ཅི་དགོས༔ དེས་ན་ཡིད་དགའ་བ་བསྒོམ་ལ༔ མཎྜལ་ཕུལ༔ ས་གཞི༴དེ་ནས་སློབ་མ་གྱེས། ཞི་ཁྲོ་བླུག་ཞོར་ཡིན་ན་གཞུང་ལྟར། མིན་ཀྱང་ལས་བྱང་ཆེ་ཆུང་གང་རུང་གི་ཚོགས་དང་ཆད་མདོ་སོགས་རྗེས་ཚང་བར་བྱའོ། །མདུན་བུམ་གྱི་དཀྱིལ་འཁོར་ལྷ་ཚོགས་གསལ་གདབ་ལ་བསྙེན་པ་ཅུང་ཟད་བྱས་ན་སློབ་དཔོན་རང་གི་ནུས་པ་མི་ཉམས། བུམ་ཆུ་བདུད་རྩི་ཡང་ལྕེ་ལ་བཞག་པར་བྱའོ། །གང་དུ་བདག་འཇུག་ཡང་མདུན་བུམ་ལྷའི་གནས་ལྔ་ནས་འོད་ཟེར་ཁ་དོག་ལྔ་རང་གི་གནས་ལྔར་ཐིམ་པར་བསྒོམ་ཞིང་བསྙེན་པ་བྱས་པས་འཐུས། གསར་མ་ལྟར་བདག་འཇུག་ལེན་སྲོལ་མེད་དོ། །རྗེས་ནས་མདུན་བུམ་གྱི་ཡེ་ཤེས་པ་ཙཀ་ལི་སོགས་རྟེན་ལ་ཐིམ་པར་བསྒོམ་ཞིང་། བདག་བསྐྱེད་ཡེ་ཤེས་པ་ནམ་ཡང་མི་གཤེགས་པ་ནི་རྙིང་མའི་ཁྱད་ཆོས་སོ། །

ཨེ་མ་ཧོ། ཞི་ཁྲོ་དར་ཆ་ཆེ་ཞིང་གྲགས་ཆེ་ཡང་། །དབང་བཞི་དཔེ་སྣ་མང་བས་གུང་འགྲིགས་དཀའ། །བསྒྲུབ་ཆེན་ཁོ་ནའི་ལུགས་སུ་གསུངས་པའི་ཕྱིར། །དེ་ཡི་ནང་ནས་མགྱོགས་དབང་ཤབ་ཤེས་དཀའ། །དེ་ཕྱིར་དབང་བཞི་ཐོབ་པ་ཤིན་ཏུ་ཉུང་། །དེ་ལ་ཕན་ཕྱིར་སྤྱིལ་བུའི་དགོན་པ་ནས། །བླ་མ་ཆོས་སྨན་གཉིས་ཀྱིས་མཎྜལ་བཅས། །གཉེར་པ་བརྫོངས་ནས་དོན་ཆེན་བསྐུལ་བའི་ཕྱིར། །ཕྱི་རབས་འགྲོ་ལ་ཕན་པའི་སེམས་བསྐྱེད་ཀྱིས། །ར་ག་ཨ་སྱེས་འཕྲལ་དུ་བྲིས་པ་ལ། །ཉེས་འགལ་མཆིས་ན་སྲུང་མ་རྣམས་ལ་བཤགས། །དགེ་བས་འདི་ཉིད་དར་རྒྱས་ཆེར་འཕེལ་ནས། །འགྲོ་ཀུན་ཀ་དག་ཀློང་དུ་གྲོལ་བར་ཤོག །མངྒ་ལམ། བྷ་ཝནྟུ། འདིར་ཆགས་མེད་བཀའ་འབུམ་ནང་གི་མ་དཔེ་དང་བྲིས་མའི་དཔེ་རྙིང་ཞིག་དང་ཕན་ཚུན་གུང་སྒྲིགས་ནས་ཞུས། སླར་ཡང་ལེགས་པར་བརྟག་མཛོད། །

གཏོར་དབང་རེག་པ་དོན་ལྡན།

ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་གྱི་གཏོར་དབང་རེག་པ་དོན་ལྡན་ཞེས་བྱ་བ་བཞུགས་སོ། །

ཀུན་བཟང་ཆེ་མཆོག་ཞི་ཁྲོའི་ལྷ་ལ་ཕྱག་འཚལ་ལོ། ཞི་ཁྲོའི་གཏོར་དབང་མདོར་བསྡུས་བྱ་འདོད་ན། །རབ་ནི་གཏོར་མ་དཔེའུ་ཆུང་ལྟ་བུ་ལ། །འབྲིང་ནི་རིན་ཆེན་འབར་བ་དབང་ཙཀ་བརྒྱན། །མ་འབྱོར་ཟླུམ་གཏོར་ལ་སོགས་གང་ཡང་རུང་། །དཀྱིལ་འཁོར་ཚོམ་བུ་ལ་སོགས་ཡོད་ན་ལེགས། །མེད་ན་གཏོར་མ་ཉིད་ལ་བསྐྱེད་པས་འཐུས། །ལས་བྱང་གང་རུང་གཞུང་བསྲང་བསྐྱེད་པ་བྱ། །དེ་ནས་སློབ་མས་ཁྲུས་བྱས། མཎྜལ་ཕུལ། ༈ འོ་ན་ད་ལམ་ཁྱོད་རྣམས་ལ་ཐོབ་པར་དཀའ་བའི་མི་ལུས་རིན་པོ་ཆེ་ཐོབ་པའི་དུས་འདིར་ཚུལ་བཞིན་ཉམས་སུ་ལེན་མ་ནུས་ན་ཡང་། ལན་ཅིག་རྣ་བར་ཐོས་པ་ཙམ་གྱིས། བར་དོའི་འཇིགས་སྐྲག་ཐམས་ཅད་ལས་གྲོལ་ནུས་པའི་ཆོས་ཟབ་མོ། བར་དོ་ཐོས་གྲོལ་ཆེན་མོའི་གཏོར་དབང་རེག་པ་དོན་ལྡན་ཞེས་བྱ་བ་འདི་ཞུས་ཆོག་པ་ནི་བསྐལ་པ་ཤིན་ཏུ་བཟང་བ་ཡིན། དེ་ཡང་སྔོན་རྒྱལ་པོའི་བུ་ཞིག་གིས་ཕྲག་དོག་བྱས་ནས་རང་གི་སློབ་དཔོན་བྲམ་ཟེ་དུང་གི་ཕྲེང་བ་ཅན་ཞེས་བྱ་བ་རིག་པའི་གནས་ལྔ་ལ་མཁས་པ་དེ་ཆད་པ་དུ་མས་བཅད་ནས་བསད་པས། དེའི་རྣམ་སྨིན་གྱིས་རྒྱལ་པོའི་བུ་དེ་ཉིད་སེམས་ཅན་ལུས་སྲུལ་པོ་ཅན་ཞེས་བྱ་བ་འགྲོ་བ་རིགས་དྲུག་གི་སྡུག་བསྔལ་དུས་གཅིག་ལ་མྱོང་བ་ཞིག་ཏུ་སྐྱེས་པ་དེ་ཐར་པའི་ཐབས། བཅོམ་ལྡན་འདས་ཀུན་ཏུ་བཟང་པོས་ཞི་ཁྲོ་ན་རཀ་དོང་སྤྲུག་གི་རྒྱུད་གསུངས་ཤིང་སེམས་ཅན་དེའི་རྣ་བར་ཞི་ཁྲོའི་མཚན་དང་སྔགས་བསྒྲགས་ཤིང་དབང་བསྐུར་ན་ཐར་བར་གསུངས་ནས། བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེས་མཛད་པས་སེམས་ཅན་དམྱལ་བ་ནས་ཐར་ཏེ་ལྷའི་གནས་སུ་རིག་འཛིན་མིའི་ཐོད་པ་ཅན་ཞེས་བྱ་བར་སྐྱེས་སོ། །དེ་ནས་ཆོས་འདིཆོས་སྐུ་ཀུན་ཏུ་བཟང་པོས་དྲུག་པ་རྡོ་རྗེ་འཆང་ལ། དེས་སྟོན་པ་རྡོ་རྗེ་སེམས་དཔའ་ལ་དགོངས་པས་བྱིན་གྱིས་བརླབས་པས་རྒྱལ་བ་དགོངས་པའི་བརྒྱུད་པ་ཞེས་བྱའོ། །དེས་རྒྱ་གར་གྱི་རིག་འཛིན་དགའ་རབ་རྡོ་རྗེ། དེས་རྒྱ་ནག་གི་རིག་འཛིན་ཤྲི་སིང་ཧ། དེས་ཨོ་རྒྱན་གྱི་རིག་འཛིན་པདྨ་འབྱུང་གནས་ལ་བརྡའི་སྒོ་ནས་བསྟན་པས་རིགས་འཛིན་བརྡའི་བརྒྱུད་པ་ཞེས་བྱའོ། །དེ་ནས་ཨོ་རྒྱན་རིག་འཛིན་ཆེན་པོ་བོད་དུ་བྱོན་ནས་ལོ་ཙཱ་ཀླུའི་རྒྱལ་མཚན་ལ་སོགས་རྗེ་འབངས་རྣམས་ལ་ཆོས་འདི་སྙན་བརྒྱུད་དུ་གནང་། དེའི་ཚེ་སྡིག་བློན་ཤན་ཏ་ཞེས་པས་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ཆོས་བྲོས་ལ་བྱོན་ནས་གནས་ལ་མ་སོང་བ་ལ་ཆད་པ་མང་པོ་བཅད་པའི་རྣམ་སྨིན་གྱིས་བློན་པོ་དམྱལ་བ་ཆེན་པོར་མནར་མེད་དུ་སྐྱེས་པ་དེ་འདྲེན་པའི་ཕྱིར་ཡེ་ཤེས་མཚོ་རྒྱལ་དམྱལ་བར་བྱོན་པས་ཅི་ལྟར་བྱས་ཀྱང་བློན་པོ་འདྲེན་མ་ཐུབ་ནས། འདི་ཅི་ལྟར་བྱས་ནས་ཐར་བའི་ཐབས་ཡོད་ཞེས་གཤིན་རྗེའི་ལས་མཁན་ལ་དྲིས་པས། ཞི་ཁྲོའི་དཀྱིལ་འཁོར་ཞལ་ཕྱེས་ན་ཐར། གཞན་ཅི་བྱས་ཀྱང་ཐར་ཐབས་མེད་ཟེར་བ་ལ་བརྟེན་ནས། ལྷ་ལྕམ་གྱིས་ཞི་ཁྲོའི་དཀྱིལ་འཁོར་ཞལ་ཕྱེས་པ་ཙམ་གྱིས་ལྕགས་སྲེག་གི་ཁང་པ་ཡང་ཞིག །ལྕགས་སྲེག་གི་ས་གཞི་ཡང་བསིལ་བར་གྱུར་ནས་བདུད་བློན་ཤན་ཏས་གཙོ་བྱས་པའི་འབུམ་ཚོ་ལྔ་དྲངས་སོ། །དེ་ནས་ཆོས་འདི་ཤིན་ཏུ་ཟབ་པས་ནུབ་ཀྱིས་དོགས་ནས་ཞི་ཁྲོ་སྤང་ཀོང་སོགས་བཀའ་མ་ཡང་དར་བར་མཛད། གཏེར་ཁ་ཡང་མང་དུ་སྦས་སོ། །འདི་ནི་ལོ་ཙཱ་ཀླུའི་རྒྱལ་མཚན་གྱི་སྤྲུལ་པ་གྲུབ་ཐོབ་ཀརྨཱ་གླིང་པས་དྭགས་ལྷ་སྒམ་པོའི་རྒྱབ་རི་ནས་གཏེར་ནས་བཏོན་ཏེ། མི་རབས་གསུམ་དུ་སྙན་རྒྱུད་དུ་མཛད་ནས། དེ་ནས་ཨོ་རྒྱན་ཆེན་པོའི་ལུང་བསྟན་ལྟར། བཀའ་བབས་ཆོས་ཀྱིས་རྒྱལ་མཚན་གྱིས་ཐམས་ཅད་ལ་སྤེལ་བ་ཡིན་པས། གང་ཟག་སྙན་ཁུང་བརྒྱུད་པ་ཞེས་བྱའོ། །གཏེར་སྟོན་ནས་ད་ལྟ་བརྒྱུད་པ་བཅུ་གཅིག་གི་བར་དུ་ཡིན་ལ་མཐར་ཞི་ཁྲོའི་ཆོས་འདི་ཕྱོགས་སུ་དར་ཞིང་རྒྱས་པར་ལུང་བསྟན། དེ་ཡང་ཨོ་རྒྱན་རིན་པོ་ཆེ་ཉིད་ཀྱི་རྡོ་རྗེའི་གསུངས་ལས། ཐོས་གྲོལ་འདི་ནི་བསྒོམ་མི་དགོས་པར་སངས་རྒྱས་པའི་ཆོས༔ ཐོས་པ་ཙམ་གྱིས་གྲོལ་བ་ཐོབ་པའི་ཆོས༔ སྡིག་པོ་ཆེ་གསེབ་ལམ་ནས་ཁྲིད་པའི་ཆོས༔ སྐད་ཅིག་སྐད་ཅིག་གིས་བྱེ་བྲག་ཕྱེད་པའི་ཆོས་ཟབ་མོ་འདི་ཡིན་ཏེ༔ འདིར་སློབ་པའི་སེམས་ཅན་ངན་སོང་དུ་སོང་བ་མི་སྲིད་དོ༔ མཚམས་མེད་ལྔ་བསགས་པའི་མིའི་རྣ་ལམ་དུ་ཐོས་ན་ཡང་ངེས་པར་གྲོལ་བར་འགྱུར་རོ༔ འཆི་ཁར་སངས་རྒྱས་པའི་མན་ངག༔ དུས་གསུམ་གྱི་སངས་རྒྱས་ཀྱིས་བརྩལ་ཡང་འདི་ལས་ལྷག་པའི་ཆོས་རྙེད་པ་མི་སྲིད་དོ༔ ཞེས་གསུངས་པས། དེ་ལྟ་བུའི་དབང་ཟབ་མོ་ཞུ་བའི་ཕྱིར་འདིའི་རྗེས་ཟློས་མཛོད། ཨེ་མ་མགོན་པོ་ཐུགས་རྗེ་ཅན། །བདག་སོགས་འགྲོ་བ་མ་ལུས་པ། །ལོག་པའི་ལམ་དུ་ཞུགས་པ་རྣམས། །བདེ་ཆེན་ཐར་པའི་ལམ་བསྟན་འཚལ། །ལན་གསུམ། མདུན་གྱི་ནམ་མཁར་དཀོན་མཆོག་གསུམ་དང་ཞི་ཁྲོ་རབ་འབྱམས་གྱི་ལྷ་ཚོགས་མངོན་གསུམ་དུ་བཞུགས་པའི་དྲུང་དུ་སྐྱབས་སུ་འགྲོ་བ་ཞུ་སྙམ་པས་འདིའི་རྗེས་ཟློས་མཛོད། ཨེ་མ་ཕྱོགས་བཅུའི་སངས་རྒྱས་བྱང་སེམས་དང་། །བླ་མ་ཡི་དམ་མཁའ་འགྲོ་དགོངས། །རྐང་གཉིས་གཙོ་བོ་སངས་རྒྱས་དང་། །ཞི་བ་ཆགས་བྲལ་དམ་པའི་ཆོས། །ཚོགས་མཆོག་འཕགས་པའི་དགེ་འདུན་ལ། །བདག་ནི་གུས་པས་སྐྱབས་སུ་མཆི། །ལན་གསུམ། དེས་སྡོམ་པ་ཐམས་ཅད་ཀྱི་གཞི་རྟེན་སྐྱབས་འགྲོའི་སྡོམ་པ་ལེགས་པར་ཐོབ་པས་དེའི་བསླབ་བྱ་རྣམས་ལ་ཡང་བསླབ་པར་བྱས་ན་ཕན་ཡོན་དཔག་ཏུ་མེད་པར་གསུངས་སོ། །ད་སྔགས་ཀྱི་ཐེག་པར་ཞུགས་པ་ལ། ཐེག་ཆེན་གྱི་སེམས་བསྐྱེད་པ་གལ་ཆེ་བས་འདིའི་རྗེས་ཟློས་མཛོད། བླ་མ་ཀུན་བཟང་དགོངས་སུ་གསོལ། །འདི་བཟུང་བྱང་ཆུབ་མ་ཐོབ་པར། །འགྲོ་དྲུག་སེམས་ཅན་ཐམས་ཅད་ལ། །མ་དང་བུ་ཡི་འདུ་ཤེས་ཀྱིས། །མ་བསྒྲལ་བ་རྣམས་བསྒྲལ་བ་དང་། །མ་གྲོལ་བ་རྣམས་དགྲོལ་བ་དང་། །དབུགས་མ་དབྱུང་བ་དབུགས་དབྱུང་ཕྱིར། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ། །ལན་གསུམ། དེ་དག་གིས་སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད་པ་སྔར་མ་ཐོབ་པ་ཡིན་ན་ཐོབ། ཐོབ་པ་གོང་དུ་འཕེལ། ཉམས་པ་སོར་ཆུད་པ་ཡིན། དངོས་གཞི་དབང་བསྐུར་བའི་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཨེ་མ་མགོན་པོ་ཐུགས་རྗེ་ཅན། །བདག་སོགས་འཁོར་བའི་སྡུག་བསྔལ་ལས། །སྐྱབས་ཕྱིར་བརྩེ་བས་རབ་བཟུང་ནས། །དབང་དང་བྱིན་རླབས་སྩལ་ཏུ་གསོལ། །ལན་གསུམ། ད་ཁྱེད་རང་རྣམས་གླང་པོ་ཆེའི་ཁྲི་པདྨ་དང་ཟླ་བའི་གདན་ལ་རྡོ་རྗེ་སེམས་དཔའ་དཀར་པོ་རྡོ་རྗེ་དང་དྲིལ་བུ་འཛིན་པའི་སྐུར་བསྒོམ་པའི་ཐུགས་ཀར་ཞི་བའི་ལྷ་ཚོགས། མགྲིན་པར་རིག་འཛིན་ལྷ་ཚོགས། སྤྱི་བོར་ཁྲག་འཐུང་ལྷ་ཚོགས། དེ་རྣམས་ཀྱི་ཐུགས་ཀར་ༀ་ལས། སྒོ་མ་སྦྲུལ་གདོང་མའི་ཐུགས་ཀར་ཨའི་བར་ཡིག་བརྒྱའི་འབྲུ་རེ་རེ་གནས་པ་ལས་འོད་ཟེར་འཕྲོས་པས། འོག་མིན་གནས་ནས་དམ་པ་རིགས་བརྒྱའི་ཡེ་ཤེས་པ་ཆར་བབས་པ་ལྟར་བྱོན་ཁྱེད་རང་གི་ལུས་ལྷ་ལ་ཐིམ་པར་སྒོམས་ཤིག །བོ་དྷི་ཙིཏྟ་མ་ཧཱ་སོགས་ནས། ཨཱ་བེ་ཤ་ཡ་ཨ་ཨཱཿརོལ་མོ་བྱ། རྡོ་རྗེ་བཞག་གམ། བཞག་ཚུལ་གྱིས། ཏིཥྛ་བཛྲ། ཞེས་བརྟན་པར་བྱའོ། །ད་གཏོར་མ་ལ་བརྟེན་ནས་དབང་བཞི་རྫོགས་པར་བསྐུར་བ་ཡིན་པས། གཏོར་མ་འདི་ཉིད་འདི་ལྟ་བུ་མ་ཡིན་པར། གཞལ་ཡས་ཀྱི་ཁང་པ་གྲུ་བཞི་སྒོ་བཞི་རྟ་བབས་དང་ལྡན་པ། དུར་ཁྲོད་རྡོ་ར་མེ་རི་དང་བཅས་པའི་དབུས་སུ། བྷུདྡྷ་ཧེ་རུ་ཀ་སྨུག་ནག་ཞལ་གསུམ་ཕྱག་དྲུག་པ། ཕྱོགས་བཞིར་རིགས་བཞིའི་ཁྲག་འཐུང་། ཕྱོགས་འཚམས་བརྒྱད་དུ་ཀོའུ་རི་བརྒྱད་དང་སེང་ཧ་བརྒྱད། སྒོ་བཞིར་སྒོ་བ་ཡབ་ཡུམ་བརྒྱད་དང་སྒོ་མ་བཞི། བྷུདྷ་ཧེ་རུ་ཀའི་སྟེང་ཕྱོགས་ནམ་མཁར་ཆེ་མཆོག་ཧེ་རུ་ཀ་ཡབ་ཡུམ། དེའི་སྤྱི་བོར་རྣམ་སྣང་ཡབ་ཡུམ། དེའི་སྤྱི་བོར་ཆོས་སྐུ་ཀུན་ཏུ་བཟང་པོ་མཐིང་ནག་ཞལ་གཅིག་ཕྱག་གཉིས་མཉམ་བཞག་མཛད་པ། ཡུམ་ཆེན་ཀུན་ཏུ་བཟང་མོ་དང་གཉིས་སུ་མེད་པར་འཁྲིལ་བ། ཕྱོགས་བཞིར་རིགས་བཞིའི་སངས་རྒྱས་ཡབ་ཡུམ་འཁོར་སེམས་དཔའ་སེམས་མའི་ཚོགས་དང་བཅས་པ། དེའི་ཕྱི་རོལ་བར་མཚམས་སུ་ཐུབ་པ་དྲུག་དང་བརྒྱུད་པའི་བླ་མ་རིག་འཛིན་དཔའ་བོ་ཌཱ་ཀིའི་ཚོགས་ཐམས་ཅད་སྤྲིན་འཁྲིགས་པ་ལྟ་བུར་བཞུགས་པ། དཀྱིལ་འཁོར་གྱི་ཕྱི་ཁྱམས་སུ་དབང་ཕྱུག་མ་ཉི་ཤུ་རྩ་བརྒྱད་ལ་སོགས་པ་ཆོས་སྐྱོང་སྲུང་མའི་ཚོགས་དང་བཅས་པ། ཞི་བའི་ལྷ་ཚོགས་ཐམས་ཅད་མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་དཔེ་བྱད་བཟང་པོ་བརྒྱད་ཅུ་དང་དར་དང་རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ཐུབ་པ་དྲུག་ནི་སྤྲུལ་སྐུའི་ཆ་ལུགས་ཆོས་གོས་གསུམ་གྱིས་ཀླུབ་པ། ཁྲོ་བོའི་ལྷ་ཚོགས་ཐམས་ཅད་གར་གྱི་ཉམས་དགུ་དང་ལྡན་ཞིང་དུར་ཁྲོད་ཀྱི་ཆས་བརྒྱད་དང་དཔལ་གྱི་ཆས་བཅུས་བརྒྱན་པ་བསྐལ་པའི་མེ་དཔུང་འབར་བའི་ཀློང་ནས་ཧ་ཧ་དང་ཧཱུྃ་ཕཊ་ཀྱི་སྒྲ་འབྲུག་ལྟར་སྒྲོག་པས་སྟོང་གསུམ་གཡོ་བར་བྱེད་པ་གསལ་ཐོབ། ལྷ་ཚོགས་དེ་ཐམས་ཅད་ཀྱི་སྐུ་ལས་འོད་ཟེར་དཀར་པོ་བྱུང་ནས་ཁྱོད་རང་རྣམས་ཀྱི་ལུས་ལ་ཐིམ་པས། ལུས་ཀྱི་སྒོ་ནས་བསག་པའི་སྡིག་པ་དང་སྒྲིབ་པ་མ་ལུས་པ་དག་ནས་སྐུ་བུམ་པའི་དབང་ཐོབ་པའི་མོས་པ་མཛོད། ཧཱུྃ་བླ་མ་ཀུན་བཟང་ཡབ་ཡུམ་དང་། །བཅོམ་ལྡན་ཞི་ཁྲོ་རབ་འབྱམས་ཀྱིས། །སྐལ་ལྡན་རིགས་ཀྱི་བུ་རྣམས་ལ། །འགྱུར་མེད་སྐུ་ཡི་དབང་བསྐུར་བས། །བུམ་པའི་དབང་མཆོག་ཐོབ་ནས་ཀྱང་། །རིག་འཛིན་གྲལ་དུ་འཁོད་པར་ཤོག །བྷོ་དྷི་ཙིཏྟ༴སོགས། ཀ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་རྣམས་ལ། བུམ་པའི་དབང་བསྐུར་བས་ལུས་ཀྱི་སྒོ་ནས་བསགས་པའི་སྡིག་པ་དང་སྒྲིབ་པ་མ་ལུས་པ་བྱང་ཞིང་དག་ནས་ལུས་སྤྲུལ་པའི་སྐུ་ཐོབ་ནས་འགྲོ་བ་དཔག་ཏུ་མེད་པའི་དོན་འབད་མེད་ལྷུན་གྲུབ་ཏུ་འབྱུང་བར་གྱུར་ཅིག །སྨོན་ལམ་འདི་མི་ཉུང་ན་ཚང་བར་རེ་རེ་བརྗོད། ཁྲོམ་དབང་ལ་འགྲིམ་ནས་ཚར་རེ་རེ་བརྗོད་པས་འཐུས་སོ། །དེ་ནས་མེ་ཏོག་གཏོར་ཞིང་། ཨཱཿསྟོང་ཞིང་བདག་མེད་ཀ་དག་ལྷུན་གྱིས་གྲུབ། །ཀུན་ཏུ་བཟང་པོའི་བཀྲ་ཤིས་གང་ལགས་པ། །དམ་པ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །དེས་སྐུའི་དབང་ཐོབ་པ་ཡིན།

ཡང་ལྷ་ཚོགས་དེ་དག་ཐམས་ཅད་ཀྱི་མགྲིན་པ་ནས་འོད་ཟེར་དམར་པོ་འཕྲོས། ཁྱོད་རང་རྣམས་ཀྱི་མགྲིན་པར་ཐིམ་པས། ངག་གི་སྒོ་ནས་བསགས་པའི་སྡིག་པ་དང་སྒྲིབ་པ་ཐམས་ཅད་བྱང་ཞིང་དག་ནས་གསུང་གསང་བའི་དབང་ཐོབ་པའི་མོས་པ་མཛོད་ཅིག །ཧཱུྃ་བླ་མ་ཀུན་བཟང་ཡབ་ཡུམ་དང་། །བཅོམ་ལྡན་ཞི་ཁྲོ་རབ་འབྱམས་ཀྱིས། །སྐལ་ལྡན་རིགས་ཀྱི་བུ་རྣམས་ལ། །འགགས་མེད་གསུང་གི་དབང་བསྐུར་བས། །གསང་བའི་དབང་མཆོག་ཐོབ་ནས་ཀྱང་། །རིག་འཛིན་གྲལ་དུ་འཁོད་པར་ཤོག །བྷོ་དྷི་ཙིཏྟ༴སོགས། ཝཀྐ་ཨ་བྷི་ཥིཉྩ་ཧཱུྃ། སྐལ་ལྡན་རིགས་ཀྱི་བུ་རྣམས་ལ། གསུང་གསང་བའི་དབང་བསྐུར་བས། ངག་གི་སྒོ་ནས་བསགས་པའི་སྡིག་པ་དང་སྒྲིབ་པ་མ་ལུས་པ་བྱང་ཞིང་དག་ནས་ལོངས་སྤྱོད་རྫོགས་པའི་སྐུ་ཐོབ་ནས་འགྲོ་བ་དཔག་ཏུ་མེད་པའི་དོན་འབད་མེད་ལྷུན་གྲུབ་ཏུ་འབྱུང་བར་གྱུར་ཅིག །མེ་ཏོག་གཏོར། ཨཱཿགསལ་མཚེར་ལྷུན་སྡུག་གཟི་བརྗིད་འོད་ཟེར་འཕྲོ། །རིག་ལྔ་ཡབ་ཡུམ་བཀྲ་ཤིས་གང་ལགས་པ། །དམ་པ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །ཡང་ལྷ་ཚོགས་དེ་ཐམས་ཅད་ཀྱི་ཐུགས་ཀ་ནས་འོད་ཟེར་མཐིང་ག་བྱུང་བས་ཁྱོད་རང་རྣམས་ཀྱི་སྙིང་ཁ་ནས་ཐིམ་པས། སེམས་ཀྱི་སྒོ་ནས་བསགས་པའི་སྡིག་པ་དང་སྒྲིབ་པ་མ་ལུས་པ་དག་ནས་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ་སྙམ་པའི་མོས་པ་མཛོད། ཧཱུྃ་བླ་མ་ཀུན་བཟང་ཡབ་ཡུམ་དང་། །བཅོམ་ལྡན་ཞི་ཁྲོ་རབ་འབྱམས་ཀྱིས། །སྐལ་ལྡན་རིགས་ཀྱི་བུ་རྣམས་ལ། །འཁྲུལ་མེད་ཐུགས་ཀྱི་དབང་བསྐུར་བས། །ཤེས་རབ་ཡེ་ཤེས་དབང་ཐོབ་ནས། །རིག་འཛིན་གྲལ་དུ་འཁོད་པར་ཤོག །བྷོ་དྷི་ཙིཏྟ༴སོགས། ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ། སྐལ་ལྡན་རིགས་ཀྱི་བུ་རྣམས་ལ་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བས། ཡིད་ཀྱི་སྒོ་ནས་བསགས་པའི་སྡིག་པ་དང་སྒྲིབ་པ་མ་ལུས་པ་བྱང་ཞིང་དག་ནས། སེམས་ཆོས་སྐུ་ཐོབ་སྟེ་འགྲོ་བ་དཔག་ཏུ་མེད་པའི་དོན་འབད་མེད་ལྷུན་གྲུབ་ཏུ་འབྱུང་བར་གྱུར་ཅིག །ཧཱུྃ་ཐུགས་རྗེའི་རྒྱུན་གྱིས་རིགས་དྲུག་གནས་ནས་འདྲེན། །སྤྲུལ་སྐུ་ཐུབ་དྲུག་བཀྲ་ཤིས་གང་ལགས་པ། །དམ་པ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །ཡང་ལྷ་ཚོགས་དེ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ལས་འོད་ཟེར་དཀར་དམར་མཐིང་གསུམ་འཕྲོས་ནས་ཁྱོད་རང་རྣམས་ཀྱི་ལུས་ངག་ཡིད་གསུམ་ལ་ཐིམ་པས། ལུས་ངག་ཡིད་གསུམ་ཆ་སྙོམས་གྱི་སྒོ་ནས་བསགས་པའི་སྡིག་པ་དང་སྒྲིབ་པ་ལས་ཀྱི་ས་བོན་དང་བཅས་པ་བྱང་ཞིང་དག་ནས། ཚིག་དབང་རིན་པོ་ཆེ་ཐོབ་སྙམ་པའི་མོས་པ་མཛོད་ཅིག །ཧཱུྃ་བླ་མ་ཀུན་བཟང་ཡབ་ཡུམ་དང་། །བཅོམ་ལྡན་ཞི་ཁྲོ་རབ་འབྱམས་ཀྱིས། །སྐལ་ལྡན་རིགས་ཀྱི་བུ་རྣམས་ལ། །སྐུ་གསུང་ཐུགས་ཀྱི་དབང་བསྐུར་བས། །ཚིག་གི་དབང་མཆོག་ཐོབ་ནས་ཀྱང་། །རིག་འཛིན་གྲལ་དུ་འཁོད་པར་ཤོག །བྷོ་དྷི་ཙིཏྟ༴སོགས། ཀ་ཡ་ཝཀྐ་ཙིཏྟ་དྷརྨཱ་དྷར་ཏུ་ཨ་བྷི་ཥིཉྩ་ཧཱུྃ། འོ་སྐལ་ལྡན་རིགས་ཀྱི་བུ་རྣམས་ལ་དབང་བཞི་ཡོངས་སུ་རྫོགས་པར་བསྐུར་བས། ལུས་ངག་ཡིད་གསུམ་གྱི་སྒོ་ནས་བསགས་པའི་སྡིག་པ་དང་སྒྲིབ་པ་མ་ལུས་པ་བྱང་ཞིང་དག་ནས། སྐུ་གསུམ་དབྱེར་མེད་ངོ་བོ་ཉིད་ཀྱི་སྐུ་ཐོབ་སྟེ། ཕྲིན་ལས་རྣམ་པ་བཞིས་འགྲོ་བ་དཔག་ཏུ་མེད་པའི་དོན་འབད་མེད་ལྷུན་གྲུབ་ཏུ་འབྱུང་བར་གྱུར་ཅིག །མེ་ཏོག་གཏོར། ཧྲཱིཿསྟོང་ཉིད་སྙིང་རྗེས་འཁོར་བའི་འགྲོ་བ་སྐྱོབས། །སེམས་དཔའ་སེམས་མའི་བཀྲ་ཤིས་གང་ལགས་པ། །དམ་པ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །དེ་ནས་གཏོར་མ་འདི་ཉིད་བཅོམ་ལྡན་འདས་ཞི་ཁྲོ་རབ་འབྱམས་ཀྱི་ལྷ་ཚོགས་བརྒྱུད་པའི་བླ་མ་རིག་འཛིན་དཔའ་བོ་དྷཱཀྐིའི་ཚོགས་དང་བཅས་པ་དེ་རྣམས་ཁྱོད་རང་རྣམས་ཀྱི་སྤྱི་བོར་བྱོན། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་སྒོ་ནས་དབང་བསྐུར་ཞིང་བྱིན་གྱིས་བརླབས་ནས་འོད་དུ་ཞུ་སྟེ་ཁྱོད་རང་རྣམས་ཀྱི་ལུས་ལ་གདོད་མ་ནས་བཞུགས་པའི་ཞི་ཁྲོའི་ལྷ་ཚོགས་ལ་དབྱེར་མེད་དུ་ཐིམ་པས་ཤེས་བྱའི་སྒྲིབ་པ་ཕྲ་མོ་ཡན་ཆད་དག་ནས་རིག་པའི་རྩལ་དབང་ཐོབ། བར་དོ་ཐམས་ཅད་ལས་གྲོལ་བདེ་བ་ཆེན་པོའི་སྐུ་ཐོབ་པའི་མོས་པ་མཛོད་ཅིག །ༀ་ཨཱཿཧཱུྃ། སྐྱེ་མེད་དབྱིངས་ཀྱི་གཏོར་གཞོང་དུ། །མ་བྲིས་དཀྱིལ་འཁོར་གཏོར་ཆེན་བཤམས། །རིགས་རྩལ་ཐོག་མེད་གཏོར་བརྒྱན་སྤྲས། །བླ་མ་རྒྱལ་བ་ཞི་ཁྲོ་དང་། །དྷཱཀྐི་དམ་ཅན་ཐམས་ཅད་ཀྱི། །དབང་མཆོག་ཁྱོད་ལ་སྦྱིན་པར་བྱ། །དབང་མཆོག་འདི་ཐོས་བྱིན་བརླབས་ཀྱིས། །སྐྱེ་གནས་བར་དོ་འདི་ཉིད་དུ། །སྣང་བཞི་གདོད་མར་ཕྱིན་པར་ཤོག །འཆི་ཁ་སྡུག་བསྔལ་བར་དོ་རུ། །སྐུ་གསུམ་དབྱིངས་སུ་འཕོ་བར་ཤོག །རང་སྣང་ལྷུན་གྲུབ་སངས་རྒྱས་ཤོག །སྲིད་པ་ལས་ཀྱི་བར་དོ་རུ། །སྤྲུལ་སྐུའི་ཞིང་དུ་བརྫུས་སྐྱེས་ཏེ། །སྐུ་བཞི་ལྷུན་གྲུབ་སངས་རྒྱས་ནས། །བདག་གཞན་དོན་གཉིས་མཐར་ཕྱིན་ཤོག །སྤྲོ་ན་འདིར་བླ་མ་བརྒྱུད་པ་དང་ལྷ་རག་རིམ་གྱི་མཚན་དང་བྱིན་གྱིས་རློབས་ཤིག་བརྗོད་པར་བྱའོ། །སྐལ་ལྡན་རིགས་ཀྱི་བུ་རྣམས་ལ། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་རིག་པའི་རྩལ་དབང་དང་བཅས་པ་བསྐུར་བས་དུག་ལྔས་ཀུན་ནས་བསླངས་པའི་སྡིག་པ་དང་སྒྲིབ་པ་ལས་ཀྱི་ས་བོན་ཕྲ་མོ་དང་བཅས་པ་བྱང་ཞིང་དག་ནས་འབྲས་བུ་བདེ་བ་ཆེན་པོ་འཕོ་འགྱུར་མེད་པའི་སྐུ་ཐོབ་པར་གྱུར་ཅིག །བྷོ་དྷི་ཙིཏྟ་དང་སྤྲོ་ན་དྲག་སྔགས་རག་རིམ་བརྗོད། མེ་ཏོག་འཐོར། ཧཱུྃ་སྣ་ཚོགས་ཐབས་ཀྱིས་ལོག་འདྲེན་རུ་ཏྲ་འདུལ། །ཁྲག་འཐུང་ལྔ་བཅུའི་བཀྲ་ཤིས་གང་ལགས་པ། །དམ་པ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །འོ་ཁྱོད་རང་རྣམས་ཀྱི་སྙིང་ཁ་ཆོས་ཀྱི་འཁོར་ལོ་ན་ཞི་བ་བཞི་བཅུ་རྩ་གཉིས་བཞུགས་སོ། །སྤྱི་བོ་བདེ་ཆེན་གྱི་འཁོར་ལོ་ན་ཁྲག་འཐུང་ཁྲོ་བོའི་ལྷ་ཚོགས་ལྔ་བཅུ་རྩ་བརྒྱད་བཞུགས་སོ། །དེ་ནས་རང་ཉིད་འཆི་བའི་ཚེ་ཞི་ཁྲོའི་ལྷ་ཚོགས་ཐམས་ཅད་རང་གི་ལུས་ལས་ཐོན་ནས་ནམ་མཁའ་དང་བར་སྣང་གང་བར་འཆར་རོ། །དེའི་དུས་སུ་སྒྲ་འོད་ཟེར་གསུམ་ལ་མ་འཇིགས་མ་སྐྲག་མ་སྔངས་པར། ད་ལྟར་དབང་བསྐུར་བའི་ཡི་དམ་གྱི་ལྷ་ཡིན་པར་ངོ་ཤེས་པར་གྱིས་ཤིག །དེ་ལྟར་ངོ་ཤེས་ན་བར་དོའི་འཇིག་སྐྲག་ལས་གྲོལ་ནས་དག་པའི་ཞིང་ཁམས་སུ་སྐྱེ་བའི་གནད་ཟབ་མོ་ཡོད་ཅིང་། ངོ་ཤེས་པ་ཁོ་ནས་ཆོག་གོ། དེ་ལྟར་གཏོར་མའི་བརྡ་དབང་བྱིན་རླབས་ལ་བརྟེན་ནས་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོ་ལས་གྲོལ་ནས་རིག་འཛིན་གྱི་གོ་འཕང་མྱུར་དུ་ཐོབ་པའི་རྟེན་འབྲེལ་བཟང་པོ་ཡོད་ཅིང་། དེ་དག་ནི་རྡོ་རྗེ་སློབ་དཔོན་གྱི་མཐུ་ཡིན་པས་བཀའ་དྲིན་དྲན་པའི་ཕྱིར་རྗེས་ཟློས་མཛོད། ཨེ་མ་རྒྱལ་བའི་གདུང་ཚོབ་བཀའ་དྲིན་ཆེན་པོའི་དཔལ། །བདག་སོགས་འགྲོ་ལ་ཐུགས་རྗེས་ཉེར་བཟུང་ནས། །ཕྲིན་ལས་རྨད་པོ་ཆེ་ཡི་དྲངས་བྱས་ཏེ། །ཀུན་བཟང་ཀློང་དུ་བསྐྱལ་བ་བཀའ་དྲིན་ཆེ། །ས་གཞི་སྤོས་ཀྱི༴སོགས། མཎྜལ་འབུལ་ལོ། །དེ་ནས་སློབ་མ་གྱེས། རབ་ཏུ་ཞི་ཁྲོའི་ལས་བྱང་ལྟར་ཚོགས་ཆད་མདོ་སོགས་རྗེས་ཆོག་རང་གཞུང་ལྟར་འགྲུབ་ན་ལེགས། མིན་ན་རང་གི་རྩ་བའི་ཡི་དམ་གྱི་རྗེས་ཆོག་བྱས་པས་འཐུས་ལ། མ་འགྲུབ་ཀྱང་མདུན་བསྐྱེད་དབང་ལྷ་རྣམས་སློབ་མ་ལ་བསྟིམ་ཚར། བདག་བསྐྱེད་ནི་ཞི་ཁྲོའི་ལྷ་རྣམས་ལུས་ལ་འབྲལ་མེད་ཡིན་པས་དམིགས་པ་བཞག་པ་ཁོ་ན་མ་གཏོགས་རྗེས་ཆོག་མ་གྲུབ་ཀྱང་འགལ་བར་མི་འགྱུར་རོ། །

འཕྲོས་ནི། གཏོར་དབང་འདི་གཏེར་གཞུང་ནས་ཀྱང་ཁ་འཕང་མཛད་འདུག །ད་ལྟར་གཏོར་དབང་ཡོངས་གྲགས་འདི་ཆོས་ཀྱི་རྒྱ་མཚོས་མཛད་པ་ཡིན་ཞིང་། འདིའི་ལྷ་བསྐྱེད་ལུགས་འདིར་སྔར་ཞི་ཁྲོ་བཀའ་མ་དང་གྲུབ་ཐོབ་མེ་ལོང་རྡོ་རྗེའི་མཛད་པ་སྣང་ཡང་། དེ་ལྟར་བྱེད་ནས་ཆོ་ག་ཡང་དེ་དང་བསྟུན་དགོས་པར་མངོན་ལ། འདིར་ཀརྨཱ་གླིང་པའི་གཏེར་ཁ་ལྟར་ལས་བྱང་རྒྱས་བསྡུས་གང་རུང་གི་ཆོ་ག་དབང་བསྒྲུབ་པའི་ཚེ་ན་དབང་ལྷ་བསྐྱེད་ལུགས་ནི་ལས་བྱང་དང་བསྟུན་པ་འདི་ལེགས་སོ། །གཞན་ཡང་ཚིག་གི་གབ་ཅུང་ཟད་དང་བཀྲ་ཤིས་ལ་སོགས་ཕྱག་ལེན་གྱིས་བརྒྱན། ཡིག་ཆ་མ་དག་པས་དོན་འཆུག་སྐྱོན་བྱུང་བ་ཅུང་ཟད་འདུག་པ་ལ། ཚིག་གི་གོ་བདེ་བ་དོན་མི་འཆུག་པ་ཁྱེར་བདེ་བར་བྱས་པ་འདི་ནི་ཆོས་དབང་ཀུན་བཟང་གི་བསྐུལ་བ་ལྟར། རྣལ་འབྱོར་པ་ཀརྨཱ་ཨ་རཱ་གས་གྲོ་ཞུན་ཟླ་བའི་ཡར་ཚེས་གསུམ་གྱི་ཉིན་པར་ཁོ་ནར་རྫོགས་པར་སྦྱར་བའོ། །འདི་ལ་འགལ་འཁྲུལ་གང་མཆིས་པ། །དམ་པ་རིགས་བརྒྱའི་ལྷ་ཚོགས་དང་། །བཀའ་སྲུང་ཆོས་བདག་རྣམས་ལ་བཤགས། །དགེ་བས་འགྲོ་བ་མ་ལུས་པ། །བར་དོ་གསུམ་པོ་ཤར་བའི་ཚེ། །སྐུ་གསུམ་མངོན་དུ་འགྲུབ་པར་ཤོག །མ་ཚོགས་དབང་ཕྱུགས་ཉེར་བརྒྱད་དང་། །བཀའ་སྲུང་དམ་ཅན་སྡེ་བདུན་གྱིས། །ཆོས་འདི་དར་ཞིང་རྒྱས་པ་དང་། །བཀྲ་ཤིས་བདེ་ལེགས་འགྲུབ་པར་མཛོད། །ཁྲོམ་དབང་ལྟ་བུར་སྤྲོས་པ་ལ་དགའ་བར་གསོལ་འདེབས་དེ་སྐུ་གསུང་ཐུགས་ཡོངས་རྫོགས་རྩལ་དབང་ལྔ་ལ་སོ་སོར་སྦྱར་ཏེ། སྐུ་ཡི་བྱིན་རླབས་རྩལ་དུ་ཞེས་སོགས། བསྒྱུར་ཤེས་པར་བྱ་ཞིང་དེ་ལྟར་གསོལ་བ་བཏབ་པས་ལྷ་ཚོགས་དེ་ཐམས་ཅད་ཀྱི་སོགས་འཚམས་སྦྱར་བར་བྱ། ནད་པ་འཆི་ཁ་སོགས་ལ་གསོལ་འདེབས་མང་པོ་མི་འགྱོང་པས་གཞུང་འདི་ན་གསུངས་སོ། །མངྒ་ལཾ།། །།

ན་རག་སྐོང་བཤགས་ཀྱི་དབང་བསྐུར་ཁ་འཕངས་ལྷན་ཐབས་ཉེར་མཁོ།

ན་རག་སྐོང་བཤགས་ཀྱི་དབང་བསྐུར་འགྲོ་དྲུག་རང་གྲོལ་གྱི་ཁ་འཕངས་ལྷན་ཐབས་ཉེར་མཁོ་རྣམས་གུད་དུ་བྲིས་པའོ། །

ཞི་ཁྲོ་རབ་འབྱམས་ཚོགས་ལ་ཕྱག་འཚལ་ལོ། །དབང་བསྐུར་གནས་སྤར་འགྲོ་དྲུག་རང་གྲོལ་གྱི། སྦྱོར་དངོས་རྗེས་གསུམ་དུ་ཁ་འཕངས་ཡོད་པ་རྣམས་ལྷན་ཐབས་སུ་སྦྱར་བདེ་བར་བྱས་པ་ནི། དང་པོ་གླུད་གཏོར་བྱིན་ལ་མེ་ཆུས་བསྐྲད་ཅེས་པ། སྒོ་རྒྱབ་བམ་ཡོལ་བའི་ཕྱི་རོལ་དུ་སློབ་མ་དུ་ཡོད་ཚོགས་པ་ལ། ལས་སློབ་ཀྱིས་ཟན་སྙི་དུམ་རེ་གཏད། དེ་ནས་དམིགས་པ་འབོགས་པ་ནི། འོ། རིགས་ཀྱི་བུ་ཁྱོད་རྣམས་ཉོན་ཅིག་ཁམས་གསུམ་འཁོར་བའི་གནས་འདི་ནི་དུག་གི་རྒྱ་མཚོའམ། མེ་མར་གྱི་འོབས་སམ། མི་གཙང་པའི་འདམ་རྫབ་དང་འདྲ་བ་ལས། སྡུག་བསྔལ་ལ་སྡུག་བསྔལ་དུ་ཤེས་པའི་གང་ཟག་ནི་དཀོན་ཏེ། ཁྱེད་རྣམས་ནི་ལས་དང་སྨོན་ལམ་གྱི་འབྲེལ་བའི་སྟོབས་ཀྱིས་མྱ་ངན་ལས་འདས་པ་ཆེད་དུ་གཉེར་ནས། འབྲས་བུ་གསང་སྔགས་རྡོ་རྗེ་ཐེག་པའི་སྒོར་འཇུག་པར་བྱེད་པ་ལ། རྒྱུད་དག་ཅིང་སྣོད་དུ་རུང་བར་བྱ་བའི་ཕྱིར། ཡི་གེ་བརྒྱ་པའི་སྒྲིབ་སྦྱོང་དང་། དབང་བསྐུར་བ་ལ་བར་ཆད་མི་འབྱུང་བར་བྱ་བའི་ཕྱིར་ལན་ཆགས་ཀྱི་གླུད་གཏོར་བསྔོ་བ་ཡིན་པས་དམིགས་པ་འདི་བཞིན་དུ་མཛོད་ཅིག །ཁྱོད་རང་རྣམས་ཀྱི་ཚེ་རབས་འཁོར་བ་ཐོག་མ་མེད་པ་ནས། ལུས་ངག་ཡིད་གསུམ་གྱི་རྒྱུད་ལ་ཡོད་པའི་ནད་གདོན་སྡིག་སྒྲིབ་རྐྱེན་བགེགས་བར་ཆད་ཐམས་ཅད་འོད་ནག་པོའི་ཚུལ་དུ་བུད་ནས་ལག་གི་ཟན་སྙི་ལ་ཐིམ་པར་བསམས་ལ་ཡི་གེ་བརྒྱ་པ་ཚར་རེ་བཟླ་ཞིང་ཆང་བུ་གྱིས་ལ་མཆིལ་མ་བཏབ་མཛོད། ༀ་བཛྲ་ས་ཏྭ་ས་མ༴ཞེས་ཡིག་བརྒྱ་ཚང་བར་ལན་གསུམ་སོགས་བརྗོད། དེ་ནས་སྣོད་དུ་བསྡུས་པའི་སྟེང་དུ་ལས་བུམ་ཀྱིས་ཁྲུས་བྱ་བ་ནི། ཧཱུྃ༔ རྒྱུ་དྲུག་ནད་གདོན་སྒྲིབ་སྦྱང་ཕྱིར༔ བུམ་ཆུ་བཀྲ་ཤིས་ཆུ་རྒྱུན་གྱིས༔ སྐལ་ལྡན་བུ་ཡི་སྒོ་གསུམ་བཀྲུ༔ མི་མཐུན་ཞི་ནས་སྣོད་རུང་ཤོག༔ ༀ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལཱི་ཧཱུྃ། སྡིག་པ་དང་སྒྲིབ་པ་ཐམས་ཅད་སརྦ་པཱ་པཾ་ད་ཧ་ན་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་བཀྲུ་ཞིང་སློབ་མ་རྣམས་ལ་ཡིག་བརྒྱ་བཟླ་བཅུག་གོ། གླུད་གཏོར་ལ་ཆབ་བརྩལ། སྭ་བྷ་ཝས་སྦྱང་། འབྲུ་ུགསུམ་དང་ཨ་ཀཱ་རོས་འདོད་ཡོན་ལྔར་བྱིན་གྱིས་བརླབས། དེ་བཞིན་གཤེགས་པ་བཞི་ལ་ཕྱག་འཚལ་ལ། །མཆོད་སྦྱིན་གྱི་གླུད་གཏོར་རྒྱ་ཆེན་པོ་འདི་བསྔོ་ཞིང་སྦྱིན་པའི་གནས་ནི་འདིར་འདུས་ཤིང་འཚོགས་པ་ཐམས་ཅད་ཀྱི་ཚེ་རབས་ཐོག་མེད་ནས་ལན་ཆགས་པའི་མགྲོན་ཡ་བདུད་རྒྱལ་པོ། མ་བདུད་རྒྱལ་མོ། བཙན་ཁ་བཞི། མགྱོགས་སྡེ་བརྒྱད། རྒྱལ་པོ་དང་བརྒྱ་བྱིན། ས་བདག་དང་ཀླུ་སྲིན། འབྱུང་པོ་དང་རོ་ལངས། ནད་རིམས་དང་ཡམས་ཀྱི་བདག་པོ། ཁྱད་པར་དུ་བདག་གིས་དབང་ཟབ་མོ་བསྐུར་བ་ལ་བར་དུ་གཅོད་པར་བྱེད་པའི་གནོད་བྱེད་གདོན་བགེགས་འབྱུང་པོ་ལན་ཆགས་ཀྱི་བདག་པོ་རྣམས་ལ་སྦྱིན་ནོ། །བསྔོའོ། །ཚིམ་པར་གྱིས་ལ་བདག་ཅག་དཔོན་སློབ་དགོན་སྡེ་གྲྭ་ཚན་ཡོན་མཆོད་མི་ནོར་འཁོར་དང་བཅས་པ་རྣམས་ལ་གནོད་ཅིང་འཚེ་བར་མ་བྱེད་ལ་སོ་སོ་རང་རང་གི་གནས་སུ་མྱུར་དུ་བྱེར་ཅིག་དེངས་ཤིག །སརྦ་བིགྣན་ཨུ་ཙ་ཏ་ཡ་གརྫ་གརྫ་ཧཱུྃ་ཕཊཿཅེས་པས་དབང་ལྡན་གྱི་གནས་སམ་གང་འཐད་དུ་དོར་རོ། །དེ་ནས་ནང་དུ་བླ་མ་ཁྲི་མཐོན་པོ་ལ་རྒྱན་ཆས་དང་ལྡན་པར་ཏིང་ངེ་འཛིན་ལ་བཞུགས། ལས་སློབ་ཀྱིས་རྡོ་རྗེའི་ལམ་ལ་དབང་ཞུ་རྣམས་ཡིག་བརྒྱ་བཟླ་ཞིང་ནང་དུ་ཁྲིད་དེ། གིང་དང་ཁྲོ་བོའི་ཆ་ལུགས་བྱས་ཏེ། མེ་ཐུན་ཆུ་ཐུན་བརྡེགས། གུ་གུལ་བདུག །ལས་བྱང་གིས་བཀའ་བསྒོ། སུམ་བྷ་ནི་དང་དྲག་སྔགས་ཀྱིིས་བསྐྲད། རྗེས་སུ་མཚམས་བཅད་བསྲུང་བའི་གུར་ཁང་དང་ལྡན་པར་བྱའོ། །དེ་ནས་མཆེད་ལྕམ་རྣམས་ཀྱིས་གུས་པས་ཕྱག་འཚལ་ཞིང་མཎྜལ་འབུལ་བ་ནི། བུམ་དབང་ལ་འབྲུའི་ཚོམ་བུ་ུབཀོད་དེ་སྤྲུལ་སྐུའི་མཎྜལ་ལོགས་ནས་བྱུང་བ་ལྟར་འབུལ་ལོ། །སྤྲོ་ན་བརྒྱུད་པའི་གསོལ་འདེབས་ཀྱང་བྱའོ། །དེ་ནས་ཐལ་མོ་སྦྱར་ཏེ་མགྲིན་གཅིག་དུ་གསོལ་བ་གདབ་པ་ནི། །ཨེ་མ་མགོན་པོ་ཐུགས་རྗེ་ཅན༔ རིགས་དྲུག་གནས་སུ་ལྟུང་བ་ཡི༔ སྐྱབས་བྲལ་མགོན་མེད་སེམས་ཅན་ལ༔ ཐུགས་རྗེ་ལྕགས་ཀྱུས་བཟུང་དུ་གསོལ༔ ལན་གསུམ་གྱི་རྗེས་ལ། དལ་འབྱོར་རྙེད་དཀའ། རྙེད་ཀྱང་ཆོས་དང་འཕྲད་པར་དཀའ་ཚུལ། དྲང་དོན་ངེས་དོན་ལ་སོགས་སྐབས་དང་བསྟུན་ལ་བཤད། ཅེས་འབྱུང་བའི་དོན་ནི། དེ་ཡང་རྒྱས་པར་སྤྲོ་ན་གཞན་ནས་བྱུང་བ་ལྟར་རོ། །

བསྡུས་པ་ནི། འོ། རྣམ་པ་ཐམས་ཅད་མཁྱེན་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱེད་པ་ལ། དལ་འབྱོར་གྱི་མི་ལུས་རིན་པོ་ཆེ་འདི་ལ་མ་བརྟེན་པར་ཐབས་གཞན་ན་མེད་དོ། །དེ་ཡང་དལ་འབྱོར་བཅོ་བརྒྱད་དང་ལྡན་པའི་མི་ལུས་རིན་པོ་ཆེ་འདི་ནི། ད་རེས་ཙམ་མིན་པ་ཤིན་ཏུ་རྙེད་པར་དཀའ་སྟེ། སྤྱོད་འཇུག་ལས། དལ་འབྱོར་འདི་ནི་ཤིན་ཏུ་རྙེད་པར་དཀའ། །སྐྱེས་བུའི་དོན་འགྲུབ་ཐོབ་པར་གྱུར་པ་ལ། །གལ་ཏེ་འདི་ལ་ཕན་པ་མ་བསྒྲུབ་ན། །ཕྱིས་ནས་ཡང་དག་འབྱོར་བ་ག་ལ་འགྱུར། །ཞེས་པ་དང་། མདོ་ལས། ལོག་ལ་སྲན་མ་གཏོར་བས་གཅིག་ཆགས་སྲིད། །ཐམས་ཅད་ས་ལ་ལྷུང་ནས་སོང་བ་ལྟར། །ཐོབ་པར་དཀའ་འོ་སེམས་ཅན་གྲངས་ལ་ལྟོས། །ཞེས་གསུངས་པ་དང་། དེ་ཡང་མདོ་ལས། བཅོམ་ལྡན་འདས་ལ་ཤཱ་རིའི་བུས་གསོལ་བ། བཅོམ་ལྡན་འདས། དམྱལ་བའི་ཚད་ནི་ཅི་ཙམ་ཞིག་ཡོད། ཡི་དྭགས་ཀྱི་ཚད་ནི་ཅི་ཙམ་ཞིག་ཡོད། དུད་འགྲོ་ནི་ཅི་ཙམ་ཞིག་ཡོད། ལྷ་མ་ཡིན་ནི་ཅི་ཙམ་ཞིག་ཡོད། ལྷ་མི་གཉིས་པོ་ནི་ཅི་ཙམ་ཞིག་ཡོད། ཞུས་པས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ། དམྱལ་བ་ནི་ས་གཞི་ཙམ་ཡོད་དོ། །ཡི་དྭགས་ནི་བྱེ་མའི་གྲངས་ཙམ་ཡོད་དོ། །དུད་འགྲོ་ནི་ཆང་གི་སྦང་མ་ཙམ་ཡོད་དོ། །ལྷ་མ་ཡིན་ནི་ཁ་བ་བུ་ཡུག་ཙམ་ཡོད་དོ། །ལྷ་མི་གཉིས་ནི་སེན་མོའི་སྟེང་དུ་རྡུལ་ཆགས་པ་ཙམ་ཡོད་དོ། །ཞེས་སོགས་མང་དུ་གསུངས་པའི་ཕྱིར་ཤིན་ཏུ་ཐོབ་དཀའ་བར་ཤེས་པར་བྱའོ། །ཐོབ་ནས་ཀྱང་དམ་པའི་ཆོས་དང་འཕྲད་པར་དེ་བས་ཀྱང་དཀའ་སྟེ། མདོ་ལས། སངས་རྒྱས་རྙེད་པ་བརྒྱ་ལམ་རྙེད་པར་དཀའ། །མིར་སྐྱེ་བ་ཡང་ཤིན་ཏུ་རྙེད་དཀའ་སྟེ། གྲོགས་པོ་གང་དག་དད་པས་ཆོས་ཉན་པ། །འདི་འདྲ་བསྐལ་པ་བརྒྱར་ཡང་རྙེད་མི་འགྱུར་། །ཞེས་སོགས་ལུང་མང་ངོ་། །དེ་བས་ན་ད་ལན་ཅིས་ཀྱང་འབད་པས་ཆོས་དང་ལྡན་དགོས་ཏེ། སློབ་དཔོན་ཀླུ་སྒྲུབ་ཀྱི་ཞལ་ནས། འཆི་བའི་རྐྱེན་མང་གསོན་པོའི་རྐྱེན་ནི་ཉུང་། །འཚོ་རྐྱེན་ཉིད་ཀྱང་འཆི་བའི་རྐྱེན་དུ་འགྱུར། དེ་བས་རྟག་ཏུ་ཆོས་ལ་འབད་པར་བྱ། །ཞེས་གསུངས་སོ། གཞན་ཡང་ཐེག་པ་ཆེན་པོའི་ཆོས་བཤད་ཅེས་པས། སྟོན་པ་རྡོ་རྗེ་རྒྱལ་པོ་ཐུགས་རྗེ་དང་ལྡན་པའི་ངང་ནས། ཀྱེ་ཧོ། རིགས་ཀྱི་བུ་རྣམས་གསོན། །ཁ་ཅིག་གསང་སྔགས་འགྲུབ་དོན་གཉེར། །དཀྱིལ་འཁོར་འདིར་ནི་ཞུགས་པར་བྱ། །ཚེ་འདི་འབའ་ཞིག་དོན་གཉེར་ན། །འཇིག་རྟེན་ཕ་རོལ་འགྲུབ་མི་འགྱུར་། །འཇིག་རྟེན་ཕ་རོལ་དོན་གཉེར་ན། །ཚེ་འདིའི་འབྲས་བུ་ཤུགས་ལས་འབྱུང་། །དེ་ཕྱིར་ཕྱི་མ་དོན་གཉེར་ཞིང་། །བླ་མེད་སྔགས་ལ་དད་པར་གྱིས། །འཇིག་རྟེན་ན་ནི་ཀུན་མཁྱེན་དག །ཨུ་དུམ་ཝ་རའི་མེ་ཏོག་ལྟར། །བརྒྱ་ལམ་ལ་ནི་རེ་འགའ་ཞིག །འབྱུང་ངམ་ཡང་ནི་འབྱུང་མི་འགྱུར། །གསང་སྔགས་སྤྱོད་པའི་ཚུལ་མཆོག་འདི། །དེ་བས་ཀྱང་ནི་དཀོན་པ་སྟེ། །བསྐལ་བ་བྱེ་བ་སྟོང་དུ་ཡང་། །སྡིག་པ་མི་བཟད་བགྱིས་པ་རྣམས། །དེ་ཀུན་དཀྱིལ་འཁོར་འདི་འདྲ་བ། །མཐོང་བ་ཙམ་གྱིས་བྱང་གྱུར་ན། །གྲགས་པ་མཐའ་ཡས་སྔགས་སྤྱོད་པའི། །ཚུལ་ལ་གནས་རྣམས་སྨོས་ཅི་འཚལ། །ཞེས་སོ། །དེ་ཡང་བྲམ་ཟེ་དུང་གི་ཕྲེང་བ་ཅན་གྱི་ལོ་རྒྱུས་དང་། འགྱོད་ཚངས་རྒྱལ་པོའི་འབྱུང་ཁུངས་གཉིས་བཤད་ཅེས་པས། དེ་གཉིས་ལོགས་སུ་ུགསལ་བ་ལྟར་རོ། །དེ་ནས་བརྒྱུད་པའི་ལོ་རྒྱུས་བཤད་ཅེས་པས་དེ་ཡང་རྒྱས་པར་བརྒྱུད་པའི་ལོ་རྒྱུས་སམ། དབང་བཤད་ནས་འབྱུང་བ་ལྟར་རོ། །ཤིན་ཏུ་བསྡུས་པ་ནི། ཀློང་གསལ་ལས། གསང་ཆེན་ངེས་པའི་བཀའ་འདི་ལ། །ལོ་རྒྱུས་དོན་གྱིས་མ་བཤད་ན། །ཡིད་མི་ཆེས་པའི་སྐྱོན་ཏུ་འགྱུར། ཞེས་པས། བརྒྱུད་པའི་ལོ་རྒྱུས་ཟུར་ཙམ་ཞིག་བཤད་ན། ཨོ་རྒྱན་རིན་པོ་ཆེས་སྒམ་པོ་གདར་གྱི་རི་ལ་སྦས་པའི་གཏེར་ཁ། གཏེར་སྟོན་ཀརྨ་གླིང་པས་བཏོན་པའི་ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་གྱི་དབང་བསྐུར་གནས་སྤར་འགྲོ་དྲུག་རང་གྲོལ་འདིའི་བརྒྱུད་པ་ནི། ཆོས་སྐུ་ཀུན་བཟང་ཡབ་ཡུམ། དྲུག་པ་རྡོ་རྗེ་འཆང་ཆེན། སྟོན་པ་རྡོ་རྗེ་སེམས་དཔའ། རིག་འཛིན་དགའ་རབ་རྡོ་རྗེ། མཁས་པ་ཤྲཱི་སིང་ཧ། ཨོ་རྒྱན་པདྨ་འབྱུང་གནས། མ་གཅིག་ཡེ་ཤེས་མཚོ་རྒྱལ། གཏེར་སྟོན་ཀརྨ་གླིང་པ། ཐུགས་སྲས་ཉི་ཟླ་ཆོས་རྗེ། འགྲོ་མགོན་ཉི་ཟླ་འོད་ཟེར། ནམ་མཁའ་ཆོས་ཀྱི་རྒྱ་མཚོ། རིག་འཛིན་སངས་རྒྱས་བཀྲ་ཤིས། གདུང་རྒྱུད་ཀུན་དགའ་གྲགས་པ། སྤྲུལ་སྐུ་བཀྲ་ཤིས་རྒྱ་མཚོ། གུ་རུ་ཆོས་ཀྱི་འབྱུང་གནས། ཡོངས་འཛིན་ཤཱཀྱ་བཀྲ་ཤིས། མཚན་ལྡན་ཆོས་ཉིད་རྒྱ་མཚོ། དྲིན་ཆེན་རྩ་བའི་བླ་མ། དེས་བདག་ལའོ། །གཞན་ཡང་འདིར་ལུགས་མི་འདྲ་བ་འགའ་ཞིག་ཡོད་དེ། འདི་ནི་ཉེ་བ་དང་དབང་བརྒྱུད་ལྟར་ཡིན་ནོ། །དེ་ཡང་ལུང་ལས། ཆུ་མགོ་གངས་ལ་ཐུག་གི་བར། །ཀུན་བཟང་ང་ཡི་བར་དུ་བཤད། །ཅེས་པས། དེ་ལྟར་ཆོས་སྐུ་ཀུན་བཟང་ཡབ་ཡུམ་ནས། ད་ལྟའི་བར་དུ་བརྒྱུད་པ་དྲུག་ལྡན་དུ་ཟམ་མ་ཆད་པའི་དབང་ཆོས་ཟབ་མོ་འདི་ལྟ་བུའི་སྒོར་ཞུགས་ཕྱིན་ཆད་བསྐལ་པ་དཔག་ཏུ་མེད་པའི་སྡིག་སྒྲིབ་ཐམས་ཅད་དཀྱིལ་འཁོར་མཐོང་བ་ཙམ་གྱིས་དག་པར་གསུངས་སོ། །དེ་ནས་དངོས་གྲུབ་ཀྱི་པྲ་བརྟགས་སོ་ཤིང་དོར་བ་ནི། ནས་ཀྱི་ཚོམ་བུ་ལྔ་ལ་རིགས་ལྔ་བསྐྱེད་བསྟིིམ་མཆོད་བསྟོད་སོགས་བསྡུས་པ་ཞིག་བྱས་ལ། ཙནྡན་ནམ་དྲི་བཟང་གི་ཤིང་མགོ་མཇུག་མ་ལོག་པ་སོར་བརྒྱད་པའི་རྩེ་ལ་མེ་ཏོག་ཅོད་པཎ་དང་བཅས་པ་རྡོ་རྗེའི་ཐལ་མོས་བཟུང་ལ། དམིགས་པ་དང་བཅས་པས་འབུལ་བ་ནི། རྗེས་ཟློས། ཧོ། བླ་མ་ཡི་དམ་མཁའ་འགྲོ་དང་། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། །ཞི་ཁྲོ་རིགས་ལྔ་ཐམས་ཅད་དགོངས། །བདག་ནི་རིགས་ལྔའི་དངོས་གྲུབ་ལྔ། །གང་ཐོབ་མི་ཐོབ་བསྟན་དུ་གསོལ། །བཛྲ་ཧཱ་ས་ཧཿཞེས་བརྗོད་ནས་ཚོམ་བུའི་སྟེང་དུ་དོར་རོ། །དེ་ཡང་དབུས་སུ་བབས་ན་བདེ་གཤེགས་རིགས་དང་མཆོག་གི་དངོས་གྲུབ་ཐོབ། ཤར་དུ་རྡོ་རྗེ་དང་ཞི་བའི་དངོས་གྲུབ་ཐོབ། ལྷོར་རིན་པོ་ཆེ་དང་རྒྱས་པའི་དངོས་གྲུབ་ཐོབ། ནུབ་ཏུ་པདྨ་དང་དབང་གི་དངོས་གྲུབ་ཐོབ། བྱང་དུ་ལས་དང་དྲག་པོའི་དངོས་གྲུབ་ཐོབ། མཚམས་བཞིར་དངོས་གྲུབ་ཕྲན་ཚེག་རེ་ཐོབ། རྩ་བ་ཚུར་བསྟན་འགྱེལ་ན་དངོས་གྲུབ་མེད། ལན་གསུམ་བསྐྱར་ཡང་འགྱེལ་ན་བར་ཆད་འབྱུང་བས་བཟློག་པ་ལ་སོགས་བྱའོ། །

དེ་ནས་བར་ཆད་བསྲུང་བའི་ཕྱིར། སྲུང་སྐུད་ལྔ་བསྒྲིལ་ལ་རྡོ་རྗེའི་མདུད་པ་བྱས་ལ་རྩ་སྔགས་ཤམ་བུར། བཛྲ་རཀྵཾ་རཀྵཾ་ཧཱུྃ། ཞེས་བཏག་ལ་འདོགས་པ་ནི། ཧཱུྃ༔ ལུས་ལ་བར་ཆད་སྲུང་བའི་ཕྱིར༔ སྲུང་སྐུད་རྡོ་རྗེའི་མདུད་པ་ཅན༔ ཞི་ཁྲོ་རིགས་བརྒྱའི་ཕོ་བྲང་ཡིན༔ རྡོ་རྗེའི་གོ་ཆ་འདི་ཕོག་པས༔ རླུང་མཁྲིས་བད་ཀན་འདུས་པ་སོགས༔ ནད་རྣམས་ཐམས་ཅད་བསྲུང་བར་བྱ༔ བརྒྱད་ཅུ་རྩ་བཞི་ལ་སོགས་པའི༔ ལྟས་ངན་ཐམས་ཅད་བསྲུང་བར་བྱ༔ འདོད་ཆགས་ཞེ་སྡང་ལ་སོགས་པའི༔ ཉོན་མོངས་ཐམས་ཅད་བསྲུང་བར་བྱ༔ བྱད་ཕུར་རྨི་ལྟས་ངན་པ་སོགས༔ བསྒྲུབ་ལ་བར་ཆད་ཐམས་ཅད་བསྲུང་༔ སྲུང་བ་རྡོ་རྗེའི་གུར་ཆེན་འདི༔ དབང་སྣོད་བུ་མཆོག་རྡོ་རྗེའི་གུར༔ རྡོ་རྗེའི་ལྟེ་བར་ཕོ་བྲང་བཅའ༔ བླ་མ་ཡི་དམ་མཁའ་འགྲོ་ཡིས༔ དབང་བཞིའི་ཆུ་བོ་གསལ་བར་ཤོག༔ རྩ་སྔགས་ཤམ་བུར། བཛྲ་རཀྵ་རཀྵ་ཧཱུྃ། ཕོའི་གཡོན། མོའི་དཔུང་པ་གཡས་སུ་བཏགས་ཤིང་རྡོ་རྗེ་རྒྱ་གྲམ་གྱི་རྒྱས་གདབ་བོ། །

དེ་ནས་ཀུ་ཤ་གཏད་ཅིང་ལེགས་ཉེས་རྨི་ལམ་བརྟག་པ་ནི། ཀུ་ཤ་མང་ཉུང་གཉིས་སྤོས་ཆུས་བསངས། སྭ་བྷ་ཝའི་སྔགས་དང་། ༀ་ཨཱཿཧཱུྃ་གིས་བྱིན་གྱིས་བརླབས། སྔགས་འདི་བརྒྱ་སྟོང་ལ་སོགས་ཅི་འགྲུབ་བཀླག་གོ། ༀ་བཛྲ་ཎི་ཏྲི་བྷི་ཤ་ཀེ་དུ་སྭཱ་ཧཱཿཔྲ་ནི་སྟོན་ཅིག༔ ཅེས་གདབ་བོ། །དེ་ནས་བསྣོལ་མར་བྱིན་ལ། ཧཱུྃཿསྔོན་ཡང་སྟོན་པ་བཅོམ་ལྡན་འདས༔ རྩྭ་མཆོག་ལ་ནི་སྟན་བྱས་ནས༔ བདུད་བཏུལ་ཆོས་ཀྱི་འཁོར་ལོ་བསྐོར༔ བྱང་ཆུབ་རྡོ་རྗེའི་སྐུ་བརྙེས་ལྟར༔ ཁྱོད་ཀྱང་རྟེན་འབྲེལ་ལ་གནས་མཛོད༔ བཛྲ་ཏིཀྵྞ་བཾ༔ ཞེས་བྱིན་ལ། སློབ་བུས། ཧོཿབླ་མ་ཡི་དམ་མཁའ་འགྲོ་དང་༔ ཆོས་སྐྱོང་སྲུང་མ་ཐམས་ཅད་ཀྱིས༔ བདག་ལ་དགེ་དང་མི་དགེ་སོགས༔ རྨི་ལམ་དུ་ནི་གསལ་བར་སྟོན༔ ཞེས་སོགས་ཀྱིས་དམོད་པ་བོར་ལ། བླ་མ་དང་དཀྱིལ་འཁོར་ཕྱོགས་ལ་མགོ་གཏད་ཅིང་སེང་གེའི་ཉལ་སྟབས་ཀྱིས་རྨི་ལམ་བརྟག་གོ། ནངས་པར་སློབ་དཔོན་ལ་ཞུ། ངན་ན་བཟློག་པ་དང་དྲག་པོའི་སྦྱིན་སྲེེག་བྱའོ། །དེ་ནས་ཞི་ཁྲོའི་འཛབ་བཟླས་ཞེས་གསུངས་པས། འདི་ལའང་། རྒྱས་པར་འཛབ་དགོངས་ཉིད་དུ་ཤེས་ལ། འདིར་ཞི་ཁྲོ་སྤྱི་དྲིལ་དུ་སྒྲུབ་པའི་འཛབ་ལ་གཉིས་ཏེ། དམིགས་པ་དང་འཛབ་དངོས་སོ། དང་པོ་དམིགས་པ་ནི། དབང་གི་དུས་སུ་སྟོང་ཁམས་ཐམས་ཅད་འཛབ་སྔགས་ཀྱི་ཆོས་སྒྲས་གང་བ། དཔེར་ན་བུང་བ་ཚང་ཞིག་པ་ལྟ་བུར་སྒྲོགས་པ་སྟེ། ཁྱེད་རང་རྣམས་དཔལ་རྡོ་རྗེ་སེམས་དཔར་གསལ་སྒོམ་རིམ་ལྟར་མཆན། བའི་ཐུགས་ཀའི་སྔགས་ཕྲེང་ལས་འོད་ཟེར་དཔག་ཏུ་མེད་ཅིང་བརྗོད་ཀྱིས་མི་ལོངས་པ་སྟེང་འོག་ཕྱོགས་མཚམས་ཐམས་ཅད་དུ་འཕྲོས་ཤིང་ཁམས་གསུམ་ཀྱི་སེམས་ཅན་ལ་ཕོག་པས་ལུས་ངག་ཡིད་གསུམ་གྱི་སྡིག་སྒྲིབ་མ་ལུས་པ་བྱང་ཞིང་དག་ནས། ཐམས་ཅད་དུས་གཅིག་ལ་ཞི་ཁྲོ་རྩ་བ་གསུམ་གྱི་སྐུ་ཤ་སྟག་ཏུ་གྱུར་ཏེ། དེ་རྣམས་ཐམས་ཅད་ཀྱིས་འཛབ་སྔགས་ཏི་རི་རི་སྒྲོགས་པར་བསམ་མོ། །གཉིས་པ་འཛབ་དངོས་ནི། ཀུན་གྱི་འཛབ་རྗེས་ཟློས་ལྟར། ༀ་ཨཱཿཧཱུྃ་བྷོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཛྙཱ་ན་དྷཱ་ཏུ་ཨཱཿༀ་རུ་ལུ་ུརུ་ལུ་ཧཱུྃ་བྷྱོ་ཧཱུྃཿཞེས་ཞི་ཁྲོ་སྤྱི་དྲིལ་དུ་འབྲུག་སྟོང་གི་ལྡིར་དབྱངས་སུ་བཟླས་ཏེ། སེམས་ནི་དཀྱིལ་འཁོར་གསུམ་ཁྱེར་སོ་གསུམ་དང་མ་བྲལ་བར། རྒྱུན་དུ་སྣང་སྟོང་དྲན་སྟོང་རིག་སྟོང་དང་མ་བྲལ་བར་བྱའོ། །

གསུམ་པ་དལ་དུ་འཇུག་ཅིང་སྔོན་འགྲོའི་དབང་བསྐུར་བ་ནི། སློབ་བུ་རྣམས་ཐལ་མོ་སྦྱར་ནས་དལ་དུ་འཇུག་པའི་ཕྱིར། གསོལ་པ་གདབ་པ་ནི། རྗེས་ཟློས། ཨེ་མ་མགོན་པོ་ཐུགས་རྗེ་ཅན༔ བདག་སོགས་འགྲོ་བ་མ་ལུས་པ༔ ལོག་པའི་ལམ་དུ་ཞུགས་པ་རྣམས༔ བདེ་ཆེན་ཐར་པའི་ལམ་བསྟན་འཚལ༔ ཞེས་ལན་གསུམ་གྱི་རྗེས་ལ། སློབ་དཔོན་གྱིས་འདི་སྐད་དོ། །ཨེ་མ་འདིར་འདུས་སྐལ་ལྡན་ལས་ཅན་རྣམས༔ སྔོན་ཆད་མ་རིག་རྨོངས་པའི་ལས་དབང་གིས༔ དུག་གསུམ་གྱིས་བཅིངས་ངན་སོང་གསུམ་དུ་མནར༔ དེང་ནས་བརྩམས་ཏེ་རྒྱལ་བའི་ཐུགས་རྗེ་ཡི༔ ཕོ་ཉས་བཟུང་སྟེ་དཀྱིལ་འཁོར་གྲལ་དུ་འགོད༔ དོན་འབྲས་འདོད་ཕྱིར་དད་པའི་ཤུགས་བསྐྱེད་ལ༔ སྐུ་གསུམ་ཞིང་ཁམས་ཕོ་བྲང་འདིར་ཤོག་ཅིག༔ བླ་མེད་དོན་གྱི་སྙིང་པོ་སྦྱིན་པར་བྱ༔ ཞེས་བརྗོད་ལ་ཐོག་མར་སློབ་བུ་རྣམས་ལ་སྐྱབས་འགྲོ་འབོགས་པ་ནི། མདུན་གྱིི་ནམ་མཁར་དཀོན་མཆོག་གསུམ་དང་རྩ་བ་གསུམ་སྐུ་གསུམ་ཞི་ཁྲོ་རབ་འབྱམས་གྱི་ལྷ་ཚོགས་རྣམས་མངོན་སུམ་དུ་བཞུགས་པར་དམིགས་ལ་ཐལ་མོ་སྦྱར་ཏེ་རྗེས་ཟློས་བྱེད་དུ་གཞུག་ལ། ཀྱེཿཕྱོགས་བཅུའི་སངས་རྒྱས་ཐམས་ཅད་དང་༔ བླ་མ་ཡི་དམ་མཁའ་འགྲོ་དགོངས༔ རྐང་གཉིས་གཙོ་བོ་སངས་རྒྱས་དང་༔ ཞི་བ་ཆགས་བྲལ་དམ་པའི་ཆོས༔ ཚོགས་མཆོག་འཕགས་པའི་དགེ་འདུན་ལ༔ བདག་ནི་གུས་པས་སྐྱབས་སུ་མཆི༔ ལན་གསུམ་དང་། ཡང་། ཀུན་བཟང་ཞི་ཁྲོའི་ལྷ་ཚོགས་དང་༔ དམ་པ་རིགས་བརྒྱའི་ལྷ་ཚོགས་ལ༔ དེང་བཟུང་བླ་མེད་བྱང་ཆུབ་བར༔ གུས་པས་སྐྱབས་སུ་ཉེ་བར་མཆི༔ ཞེས་ལན་གསུམ་བྱའོ། །

དེ་ནས་སེམས་བསྐྱེད་སྡོམ་པ་བཟུང་བ་རྣམས་ཀྱི་ཁས་བླང་དེ་ལ། སེམས་བསྐྱེད་པ་ལ་དང་པོ་ཕྱི་སོ་སོར་ཐར་པའི་སྡོམ་པ་ཞུ་བའི་དོན་དུ་རྗེས་ཟློས་མཛོད། ཧོ༔ བླ་མ་མཆོག་གི་སྤྱན་སྔ་རུ༔ ལུས་ངག་ཡིད་ཀྱིས་འགྲོ་བ་ལ༔ གནོད་པ་སྤང་ཞིང་དགེ་བ་བསྒྲུབ༔ དགེ་བསྙེན་དགེ་ཚུལ་དགེ་སློང་གསུམ༔ སོ་སོ་ཐར་པའི་སྡོམ་པ་ལ༔ བདག་ནི་རྒྱུན་དུ་གནས་ཤིང་བསྲུང་༔ ཞེས་ལན་གསུམ་དང་། དེ་ནས་སྨོན་པ་སེམས་བསྐྱེད་བླངས་པའི་དོན་དུ་རྗེས་ཟློས་མཛོད། ཧོ༔ དུས་གསུམ་བླ་མ་མཆོག་དགོངས་ཤིག༔ འདི་བཟུང་བྱང་ཆུབ་མ་ཐོབ་པར༔ འགྲོ་དྲུག་སེམས་ཅན་ཐམས་ཅད་ལ༔ ཕ་མའི་འདུ་ཤེས་ཉེར་བཞག་སྟེ༔ མ་བསྒྲལ་བ་རྣམས་བསྒྲལ་བ་དང་༔ མ་གྲོལ་བ་རྣམས་དགྲོལ་བ་དང་༔ དབུགས་མ་དབྱུང་རྣམས་དབུགས་དབྱུང་ཞིང་༔ སྨོན་པ་བྱང་ཆུབ་སེམས་བསྐྱེད་དོ༔ ཞེས་ལན་གསུམ་དང་། དེ་ནས་འཇུག་པ་སེམས་བསྐྱེད་བླངས་བའི་དོན་དུ་རྗེས་ཟློས། ཧོཿསྔོན་གྱི་རྒྱལ་བ་ཐམས་ཅད་ཀྱང་༔ སྡོམ་པ་ལ་ནི་གནས་པ་ལྟར༔ དེང་བཟུང་བྱང་ཆུབ་མ་ཐོབ་བར༔ བླ་མེད་འཇུག་པའི་བྱང་ཆུབ་སེམས༔ བདག་ཅག་རྣམས་ཀྱིས་བསྐྱེད་པར་བགྱི༔ ཕར་ཕྱིན་དྲུག་སློབ་སྡོམ་གསུམ་བཟུང་༔ བརྩོན་འགྲུས་དག་གིས་ཐམས་ཅད་བསྒྲལ༔ ཀུན་དོན་ཚུལ་ཁྲིམས་གསུམ་ཡང་བཟུང་༔ མ་གྲོལ་དགྲོལ་དང་མ་བསྒྲལ་བསྒྲལ༔ དབུགས་དབྱུང་མྱ་ངན་འདས་ལ་འགོད༔ ཅེས་ལན་གསུམ་དང་། ཡང་རིགས་ལྔའི་སྡོམ་པ་བཟུང་དོན་དུ་རྗེས་ཟློས་མཛོད། ཧོ༔ དཀོན་མཆོག་གསུམ་བཟུང་མི་གཏོང་བསྒྲུབ༔ རྡོ་རྗེ་རིགས་ཀྱི་དམ་ཚིག་ཏུ༔ རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་དང་༔ བྱང་ཆུབ་སེམས་ནི་སྤང་མི་བྱ༔ རིན་ཆེན་རིགས་ཀྱི་དམ་ཚིག་ཏུ༔ སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན༔ པདྨ་རིགས་ཀྱི་དམ་ཚིག་ཏུ༔ ཐེག་པ་གསུམ་དང་ཆོས་རྣམས་བཤད༔ ལས་ཀྱི་རིགས་ཀྱི་དམ་ཚིག་ཏུ༔ འགྲོ་བའི་དོན་ལ་བརྩོན་པར་བྱ༔ དེ་བཞིན་རིགས་ཀྱི་དམ་ཚིག་ཏུ༔ དཀྱིལ་འཁོར་གསུམ་དང་འབྲལ་མི་བྱ༔ རྩ་བ་ཡན་ལག་དམ་ཚིག་རྣམས༔ མ་ལུས་བདག་གིས་ཡོངས་སུ་བཟུང་༔ ཞེས་ལན་གསུམ་བྱའོ། །

དེ་ནས་དམ་ཚིག་རྡོ་རྗེ་མགོར་བཞག་ལ། ཧོཿའདི་ནི་རྡོ་རྗེའི་དམ་ཚིག་ཡིན༔ སྐུ་ཡི་དམ་ཚིག་ལུས་ཀྱིས་བསྲུང་༔ ཉམས་ན་ན་རཀ་དམྱལ་བར་ལྟུང་༔ བསྲུངས་ན་སྤྲུལ་སྐུས་འགྲོ་དོན་འབྱུང་༔ གསུང་གི་དམ་ཚིག་ངག་གིས་བསྲུངས༔ ཉམས་ན་བྱོལ་སོང་གནས་སུ་སྐྱེ༔ བསྲུངས་ན་ཆོས་སྨྲའི་རྒྱལ་པོར་འགྱུར༔ ཐུགས་ཀྱི་དམ་ཚིག་སེམས་ཀྱིས་བསྲུངས༔ ཉམས་ན་སྨྱོོ་འབོག་ཅན་དུ་སྐྱེ༔ བསྲུངས་ན་ཆོས་སྐུ་གཉིས་ལྡན་ཐོབ༔ ཅེས་དམ་ཚིག་འབོགས་པར་བྱ། དེ་ནས་དལ་དུ་ཞུགས་པ་ལ། སློབ་མའི་མིག་རས་ཀྱིས་བཀབ་ལ་ཞེས་པས་མིག་དར་སྔོན་པོས་བཅིངས་ཏེ། ༀ་ཨ་ཁཾ་ཝཱི་ར་ཧཱུྃཿཞེས་ཕྱག་འཚལ། སྐབས་འདིར་ཡེ་ཤེས་དབབ་པ་ལོགས་སུ་གསལ་བ་བཞིན་བྱའོ། །

དེ་ནས་ཐམས་ཅད་ལངས་ལ་ཐལ་མོ་སྦྱར་བར་སློབ་བུ་རྡོ་རྗེས་ཁྲིད་ལ་དཀྱིལ་འཁོར་གྱི་ཕྱོགས་བཞིའི་སྒོ་ཕྱེས་ནས་ལག་ཏུ་མེ་ཏོག་དང་ཅོད་པཎ་སྣ་ལྔ་དང་བཅས་བཟུང་སྟེ་ཤར་སྒོ་ནས་དབུས་ཕྱོགས་སུ་གཏད་དེ་ཕུལ་བའི་རྗེས་ཟློས། ཀྱཻ་ཚེ་རབས་ཐོག་མེད་དུས་ཉིད་ནས༔ ཐ་མ་ད་ལ་ཐུག་གི་བར༔ བསྙེན་བསྒྲུབ་བསྒོམ་པའི་ཡི་དམ་ལྷ༔ གང་ཡིན་དེ་ལ་མེ་ཏོག་ཕོག༔ ཅེས་བརྗོད་ལ་དོར་རོ། །གང་དུ་ཕོག་པའི་མིང་བཏགས་ཞེས་པ་ནི། དབུས་སུ་ཕོག་ན། ཆོས་དབྱིངས་རང་གྲོལ༔ དྲི་མེད་རང་གྲོལ༔ སྣ་ཚོགས་རང་གྲོལ༔ དུ་མ་རང་གྲོལ༔ ཀུན་ཁྱབ་རང་གྲོལ༔ རྒྱལ་བ་སྤྱི་བླུགས་སོགས་སོ། །དེ་བཞིན་ཤར་དུ། གདོད་མའི་རང་མདངས༔ རྡོ་རྗེ་རང་གསལ༔ རྡོ་རྗེ་སེམས་དཔའ༔ རྡོ་རྗེ་འཆང་ཆེན༔ རྡོ་རྗེ་ལྷུན་པོ་སོགས་དང་༔ ལྷོར་རིན་ཆེན་རྒྱལ་པོ༔ རིན་ཆེན་འབྱུང་གནས༔ ཡོན་ཏན་ལྷུན་གྲུབ༔ དཔལ་འབྱོར་ལྷུན་གྲུབ༔ སོགས་དང་། ནུབ་ཏུ། པདྨ་ཀུན་བཟང་༔ པདྨ་དྲི་མེད༔ པདྨ་རྒྱལ་པོ༔ པདྨ་འོད་གསལ༔ པདྨ་དབང་ཕྱུག༔ པདྨ་གསུང་དབྱངས་སོགས་དང་། བྱང་དུ། ཚོགས་དྲུག་རང་གྲོལ༔ ཀརྨ་དོན་གྲུབ༔ ཕྲིན་ལས་ཐོགས་མེད༔ དོན་ཡོད་རྣམ་རྒྱལ༔ སོགས་སོ། །རྒྱས་པར་འདོད་ན་བུམ་དབང་ཆེ་བའི་སྔོན་འགྲོར་གསལ་ལོ། །གསང་མཚན་གང་ཡིན་པ་དེ་མ་བརྗེད་པར་ཟུངས་ཤིག་ཅེས་པར་གདམས་སོ། །

དེ་ནས་རྡོ་རྗེ་སློབ་དཔོན་གྱི་དྲུང་དུ་ཁྲིད་ལ་མིག་རས་ཕྱེ་བ་ནི། རྡོ་རྗེ་སློབ་དཔོན་གྱིས་གསེར་ཐུར་རམ། རྡོ་རྗེ་ཐོགས་ལ། ཇི་ལྟར་མིག་མཁན་རྒྱལ་པོ་ཡིས༔ རབ་རིབ་ལིང་ཏོག་བསལ་བ་ལྟར༔ དེ་བཞིན་བུ་ཁྱོད་མ་རིག་པའི༔ ཉོན་མོངས་དྲུག་གིས་བསྒྲིབ་པ་ཡི༔ མ་རིག་ལིང་ཏོག་བསལ་བར་བྱ༔ ན་ར་ཀ༔ པྲེ་ཏ་ཀ༔ ཏིར་ཡ་ཀ༔ དྷེ་ཝ་ཨ་ལི་དྷེ་ཝ་མ་ནུ་ཤྱ༔ ཙཀྵྱུ་པྲ་ཝེ་ཤ་ཡ་ཕཊཿཅེས་བརྗོད་ལ་མིག་རས་བསལ་ལོ། །དེ་ནས་དཀྱིལ་འཁོར་གྱི་སྔར་མེ་ཏོག་ཅོད་པཎ་བླངས་ལ་སློབ་བུའི་མགོར་བཞག་ཅིང་འདི་སྐད་དོ། །ཧཱུྃ༔ བདག་ནི་མ་རིག་མིག་འབྱེད་ཡིན༔ དཀྱིལ་འཁོར་བཟང་པོ་འདི་ལ་ལྟོས༔ དེང་ནས་དཀྱིལ་འཁོར་འདི་མཐོང་རྟགས༔ ཅོད་པཎ་བཟང་པོ་འདི་ཡང་ཐོགས༔ གསང་མཚན་འདི་ཡང་མ་བརྗེད་ཅིག༔ ཅེས་དང་། དེ་ནས་མ་འོངས་པར་ཞིང་ཁམས་སུ་ལུང་བསྟན་པ་ནི། རྡོ་རྗེ་དྲིལ་བཅས་ཆོས་གོས་ཀྱི་གྲ་སེང་གེའི་རྣ་བ་ལྟར་བྱས་ནས། འོ་རིགས་ཀྱི་སེམས་དཔའ་རེ་རེ་ལྟར་གསང་མཚན་གང་ཡིན། དྲིས་ནས་གསང་མཚན་ཆེ་གེ་མོ་ཞེས་པ་དང་། ཁྱེད་རྣམས་ཀྱི་མེ་ཏོག་ཅོད་པཎ་དབུས་སུ། ཤར་ཏུ། ལྷོར། ནུབ་ཏུ། བྱང་དུ། གང་ཡིན་པའི་ཕྱག་མཚན། འཁོར་ལོ། རྡོ་རྗེ། རིན་པོ་ཆེ། པདྨ། རྒྱ་གྲམ། མདོག་ནི། མཐིང་ག །དཀར་པོ། སེར་པོ། དམར་པོ། ལྗང་གུ། རིགས་ནི་བུདྡྷའི་རིགས། རྡོ་རྗེའི་རིགས། རིན་པོ་ཆེའི་རིགས། པདྨའི་རིགས། ལས་ཀྱི་རིགས། གསང་མཚན་དང་མཐུན་པར་སྙིང་པོ་ཡང་ཐ་དད་པའམ། ཞི་ཁྲོ་རིགས་འདུས་སམ། ཧཱུྃ་སྒྲུབ་ལྟ་བུར་ཟློས་ཤིག །འདི་ནས་གལ་ཏེ་འཆི་འཕོས་ནས་ཀྱང་། དབུས་ཕྱོགས་སྟུག་པོ་བཀོད་པ། ཤར་ཕྱོགས་མངོན་པར་དགའ་བ། ལྷོ་ཕྱོགས་དཔལ་དང་ལྡན་པ། ནུབ་ཕྱོགས་བདེ་བ་ཅན། བྱང་ཕྱོགས་ལས་རབ་རྫོགས་པ་ཞེས་བྱ་བའི་ཞིང་ཁམས་རྣམ་པར་དག་པ་ན་སངས་རྒྱས་ནས་འཁོར་བ་མ་སྟོངས་ཀྱི་བར་དུ་འགྲོ་བ་སེམས་ཅན་ཐམས་ཅད་ཀྱི་དོན་ཐོགས་པ་མེད་པ་འབད་མེད་ལྷུན་གྲུབ་ཏུ་འབྱུང་བར་འགྱུར་རོ། །ཞེས་ལུང་བསྟན་ནས་སྤྲོ་བ་བསྐྱེད་པར་བྱའོ། །དེ་ནས་དཀྱིལ་འཁོར་དང་ལྷ་ཡི་རྣམ་དག་མཐོང་བ་རང་གྲོལ་ལྟར་བཤད། ཅེས་པས་ལོགས་སུ་གསལ་ལོ། །སྐབས་འདིར་ཀུན་གྱིས་མཎྜལ་འབུལ། ཞལ་སྐྱེམས་དྲང་བར་བྱའོ། །དེར་བླ་མས། འོ་ཁྱེད་རྣམས་ཀྱིས་དེ་སྔ་ཕན་ཆད་དཀྱིལ་འཁོར་འདི་ལྟ་བུ་མ་མཐོང་བས་ཁམས་གསུམ་དུ་འཁོར་ཞིང་རིགས་དྲུག་ཏུ་འཁྱམས་པ་ཡིན་གྱི། ཁར་སང་ཕན་ཆད་ཤིན་ཏུ་ཅོལ་ཆུང་མི་ཚེ་སྟོང་ཟད། བྱས་པ་དོན་མེད་དེ་ཙམ་ཞིག་བྱས། ད་ནི་ཡི་དམ་ཞི་ཁྲོའི་དཀྱིལ་འཁོར་འདིར་ཚུད་པས་ད་ལྟ་ཤི་ཡང་སངས་རྒྱ་བ་ཡིན་པས་སྤྲོ་བ་སྒོམས་ཤིག །ཅེས་བརྗོད། དེ་ནས་རང་གཞུང་གིས། དེ་ནས་སྔགས་ཀྱི་སྣོད་དུ་རུང་བར་བྱ་བའི་ཕྱིར་ཞེས་སོགས་དཀྱུས་ལྟར་རོ། །ལྷོ་ནས་བཀྲ་ཤིས་སོགས་ཚང་བ་དང་། དེ་ནས་དྲུག་པ་མིའི་གནས་ནས་སྤར་བའི་སྐབས་འདིར། དབང་བཤད་ཅུང་ཞིག་སྤྲོ་ན། འདི་ལྷན་ཐབས་སུ་སྦྱར་རོ། །སྤྱིར་དབང་ལ་ཡོངས་རྫོགས་མཐའ་རྟེན་བཅས། ཞེས་པ་ནི་བླ་མེད་ཀྱི་རྒྱུད་ཀུན་ལས་གསུངས་སོ། །དེ་ཡང་ཕྱི་སྤྲོས་བཅས་བུམ་པའི་དབང་དང་། ནང་སྤྲོས་མེད་གསང་བའི་དབང་དང་། ཤིན་ཏུ་སྤྲོས་མེད་ཤེས་རབ་ཡེ་ཤེས་ཀྱི་དབང་དང་། རབ་ཏུ་སྤྲོས་མེད་ཚིག་དབང་རིན་པོ་ཆེའོ། །ད་རེས་བུམ་དབང་འགྲོ་དྲུག་རང་གྲོལ་ལྟར་ལས་ཅུང་ཟད་བྱེ་བྲག་ཕྱེ་ན། རྒྱུད་ལས། རྣམ་བཅུ་དབང་ལྡན་ཆེ་བ་པོ། །ཞེས་པས། བུམ་དབང་ཁོ་ན་ལ་ཡང་བཅུ་སྟེ། ངོ་བོ་དང་། ངེས་ཚིག་དང་། མཚན་ཉིད་དང་། དབྱེ་བ་དང་། བསྐུར་ཐབས་དང་། བསམ་རྒྱུད་དང་། བསྐུར་གནས་དང་། བསྒྲག་ཚིག་དང་། བསྟིམ་གནས་དང་། དབང་དོན་ངོས་བཟུང་བ་དང་བཅུའོ། །དང་པོ་བུམ་དབང་གི་ངོ་བོ་ནི། ཞུས་ལན་སྙིང་གི་མེ་ལོང་ལས། ཕྱི་སྣང་སྲིད་དང་སྣོད་བཅུད། ནང་ཕུང་ཁམས་དང་སྐྱེ་མཆེད་ཐམས་ཅད་ཡེ་གདོད་མ་ནས་ལྷ་རུ་གནས་སོ། །ཞེས་པས་དེ་དོན་ངོ་སྤྲོད་ཅིང་རྟོགས་པར་བྱེད་པའོ། །གཉིས་པ་བུམ་དབང་གི་ངེས་ཚིག་ནི། ཡང་དེ་ཉིད་ལས། ཡེ་ནས་གནས་པ་དེ་ཉིད་ཀྱང་། ལུས་བྱིན་གྱིས་མ་བརླབས་ཏེ། ཡིད་བཞིན་གྱི་ནོར་བུ་ལ་གསོལ་བ་མ་ཐེབ་པ་དེ། ད་ཡིད་བཞིན་གྱི་ནོར་བུ་ལ་གསོལ་བ་ཐེབས་པ་ལྟར་རྟོགས་ཤིང་ལམ་དུ་བྱེད་པའོ། །ཞེས་སོ། །གསུམ་པ་བུམ་དབང་གི་མཚན་ཉིད་ནི། དེ་ཉིད་ལས། བུམ་དབང་ཐོབ་ནས་སྣང་སྲིད་ལྷ་དང་ལྷ་མོར་ཤེས་པས་ས་རྡོ་ཙམ་ལ་ཡང་སྨད་ཅིང་བརྙས་པ་སྤང་། རང་ལུས་རྩ་ཁམས་ལྷའི་རང་བཞིན་ཏུ་ཤེས་པས་ཐ་མལ་དུ་མི་བཟུང་བསྐྱེད་རིམ་བསྟེན་པར་བྱ། ཞེས་སོ། །

བཞི་པ་བུམ་དབང་གི་དབྱེ་བ་ནི། དོན་ཏིག་ལས། བུམ་དབང་དེ་ཉིད་ལ་ཡང་བདག་དང་བུམ་པ་ལྷར་བསྐྱེད་པས་བུམ་དབང་། ཡེ་ཤེས་ཀྱི་བདུད་རྩི་སྤྱི་བོར་བླུགས་པས་གསང་དབང་། བདག་དང་གཉིས་སུ་མེད་པར་འདྲེས་པས་ཤེས་རབ་ཡེ་ཤེས་ཀྱི་དབང་། སྒོམ་མཁན་ངོ་བོ་མ་གྲུབ་པས་རྩལ་དབང་ཡིན་ནོ། །ཞེས་གསུངས་སོ། །ལྔ་པ་བུམ་དབང་གི་བསྐུར་ཐབས་ནི། སྔོན་འགྲོ་དངོས་གཞི་རྗེས་དང་གསུམ་གྱི་རྐྱ་བར་ནས་བཏོན་ཏེ་བསྐུར་བ་འདི་རྣམས་སོ། །དྲུག་པ་བུམ་དབང་གི་ཏིང་ངེ་འཛིན་ནི། དབང་བསྐུར་དུས་ཀྱི་ལྷ་རྣམས་སྐུ་མདོག་ཕྱག་མཚན་རྒྱན་ཆ་ལུགས་ཐམས་ཅད་གསལ་བར་བདག་གིས་བསྐྱེད། སློབ་མ་ལ་ཡང་བསྐྱེད། མདུན་གྱི་བར་སྣང་ལ་ཡང་གང་བར་བསྐྱེད། དབང་རྫས་ཙཀ་ལི་ལ་ཡང་བསྐྱེད་ཅིང་སློབ་བུ་རྣམས་ལ་ཡང་བསྟིམ། སྙིང་པོ་ཡང་ལན་བདུན་བདུན་སོགས་བཟླས་ལ་དེ་ཉིད་རེ་རེ་བསྒོམ་དུ་གཞུག་གོ། བདུན་པ་བུམ་དབང་གི་བསྒྲག་ཚིག་ནི། དཀྱུས་བཞིན་ཚིགས་བཅད་ལྷུགས་ཡོད་པ་དེའོ། །བརྒྱད་པ་དབང་བསྐུར་གནས་ནི། གནས་ལྔ་སོགས་གཞུང་ནས་བྱུང་བ་བཞིན་ནོ། །དགུ་པ་བསྟིམ་གནས་ནི། ཁྱད་པར་སློབ་བུའི་ལུས་ལ་བསྟིམ་པ་གཙོ་ཆེར་རོ། །བཅུ་པ་དབང་དོན་ངོས་བཟུང་བ་ནི། བླ་མེད་དོན་རྫོགས་འདུས་པའི་དབང་བསྐུར་རབ་བྱེད་ལས། བུམ་པའི་དབང་ནི་གང་དང་གང་། །ལས་ཀྱི་སློབ་དཔོན་དང་པོས་ཏེ། །བྱས་པའི་རྡུལ་ཚོན་དཀྱིལ་འཁོར་བརྟེན། །ཐུན་མོང་རིག་པའི་དབང་ལྔ་བསྐུར། །ལུས་ཀྱི་སྒྲིབ་པ་གསུམ་པོ་དག །བསྐྱེད་རིམ་ལྷ་ཡི་སྐལ་བར་ལྡན། །ཡི་དམ་ཚོགས་ཀྱི་སྒོ་མོ་འབྱེད། །སྣོད་བཅུད་ལྷ་དང་ལྷ་མོར་བལྟ། །ས་མ་ཡ་དམ་ཚིག་ཕྱག་རྒྱ་བརྟེན། །བལྟས་པ་ཙམ་གྱིས་ཆགས་པ་དག །སྐྱེ་བའི་སྡུག་བསྔལ་ཞི་བར་བྱེད། །མ་འདྲེས་དགའ་བ་ལུས་ལ་བསྐྱེད། །སྒོང་ང་ལས་སྐྱེས་སྐྱེ་སྒོ་གཅོད། །འཇིག་པ་ཕུང་པོའི་བདུད་ཀུན་བཅོམ། །སྤྱི་མཆེད་ཁམས་གསུམ་སེམས་ཅན་ཀུན། །སྙིང་རྗེ་ཚད་མེད་ཀུན་ལ་སྐྱེ། །བསྐྱེད་རྫོགས་ཟུང་འཇུག་དབྱེར་མེད་བསྒོམ། །སྐྱེ་ཤིའི་བར་དོ་གཅོད་པར་བྱེད། །རིགས་སྤྱོད་སྤྱོད་པའི་སྤྱོད་པ་སྤྱོད། །ཉམས་ལ་གོང་འཕེལ་སྣང་བ་མཆེད། །མེ་ལོང་ལྟ་བུའི་ཡེ་ཤེས་མཐོང་། །མ་འོངས་དུས་ན་སངས་རྒྱས་ཐོབ། །སྤྲུལ་སྐུ་ཐོབ་པར་ལུང་ཡང་བསྟན། །བྱ་ལས་ཀྲི་ཡའི་ཕྱོགས་སུ་གཏོགས། །ཕྲིན་ལས་རྣམ་བཞིའི་ལས་རྣམས་འགྲུབ། །གདོལ་པའི་རིགས་རྣམས་འདུལ་བའི་ཕྱིར། །ཕྱི་ལྟར་བུམ་པའི་དབང་དུ་བཤད། །ཅེས་གསུངས་པ་དེ་ལ་དོན་ཉི་ཤུ་རྩ་ལྔར་བཤད་དོ། །དེ་ནས་དྲུག་པ་མིའི་གནས་སྤར་ཞིང་ཉམས་ཆག་བསྐང་བའི་བུམ་དབང་ཆེན་མོ་བསྐུར་བའི་དོན་དུ་མཎྜལ་དང་། ཐལ་མོ་སྦྱར་ཏེ་གསོལ་པ་གདབ་པའི་རྗེས་ཟློས། ཀྱེ་མ་བླ་མ་རྡོ་རྗེ་འཛིན༔ བདག་ཅག་རིགས་དྲུག་གནས་སུ་འཁྱམས༔ དམ་ཚིག་ཉམས་ཆག་དཔག་མེད་བསགས༔ མགོན་པོ་ཐུགས་རྗེ་ཅན་ཁྱོད་ཀྱིས༔ ཉམས་ཆག་སྐོངས་ལ་དངོས་གྲུབ་སྩོལ༔ དབང་མཆོག་རྣམ་ཀུན་དེང་འདིར་བསྐུར༔ ཞེས་ལན་གསུམ་གྱི་རྗེས་ལ། རྡོ་རྗེ་སློབ་དཔོན་གྱིས། ཁྱོད་རང་རྣམས་ཀྱིས་དམ་ཚིགས་ཉམས་ཆག་གསོ་བའི་ཕྱིར། མདུན་གྱི་ནམ་མཁར་རྒྱལ་བ་ཞི་ཁྲོའི་ལྷ་ཚོགས་རྣམས་དཔང་དུ་ུབཙུགས་ཏེ། རྡོ་རྗེ་སེམས་དཔའི་སྒོམ་བཟླས་ཕོག་ལ། ཞེས་པས། ཁྱེད་རང་རྣམས་དཔལ་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་གཡས་རྡོ་རྗེ་དཀར་པོ་རྩེ་ལྔ་པ་ཐུགས་ཀར་འཛིན་ཅིང་། གཡོན་པས་དྲིལ་བུ་དཀུར་བརྟེན་པ། ཞབས་སེམས་དཔའི་སྐྱིལ་ཀྲུང་དུ་བཞུགས་པའི་ཐུགས་ཀར་ཟླ་བའི་སྟེང་དུ་ཧཱུྃ་དཀར་པོའི་མཐར་ཡི་གེ་བརྒྱ་པས་འཁོར་བར་དམིགས་ལ། ༀ་བཛྲ་ས་ཏྭ་ས་མ་ཡཱ༴སོགས་ཚང་བར་གསུམ་མམ་ཅི་རིགས་པར་བཟླས་སུ་བཅུག་གོ། རྗེས་སུ་བཤགས་པ་བྱ། ཞེས་པ་ནི། བདེ་གཤེགས་སྤྱི་བཤགས་སམ། ཞི་ཁྲོ་བཤགས་ཆུང་གི། ཧོ། བདེ་གཤེགས་ཡོངས་རྫོགས་མན་ཆད་གང་རིགས་བྱའོ། །ཤིན་ཏུ་བསྡུས་པ་ནི། སྐུ་གསུང་ཐུགས་དང་རྩ་བ་ཡན་ལག་གི། དམ་ཚིག་ཉམས་ཆགས་འགལ་འཁྲུལ་མཐོལ་ཞིང་བཤགས། །རྗེ་བཙུན་བླ་མ་རྣམས་ཀྱི་སྤྱན་ལམ་དུ། །སོགས་ནས་མཆོག་དང་ཐུན་མོང་དངོས་གྲུབ་སྩལ་དུ་གསོལ། ཞེས་བཤགས་པའི་རྗེས་སུ། བུམ་བཤད་ཟིན་བྲིས། དང་པོ་ཐུན་མོང་རིག་པའི་དབང་ལྔ་བསྐུར་བ་ནི། རྒྱུད་ལས། ཞེ་སྡང་མེ་གསོད་ཆུ་ཡི་དབང་༔ ང་རྒྱལ་རི་བསྙིལ་དབུ་རྒྱན་དབང་༔ འདོད་ཆགས་དུག་འཇོམས་རྡོ་རྗེའི་དབང་༔ ཕྲག་དོག་ལྕགས་འགྲོལ་དྲིལ་བུའི་དབང་༔ གཏི་མུག་མུན་སེལ་མིང་གི་དབང་༔ ཆུ་དང་དབུ་རྒྱན་རྡོར་དྲིལ་མིང་༔ བུ་ཁྱོད་ལ་ནི་བསྐུར་བར་བྱ༔ ཞེས་པས། དང་པོ་མི་བསྐྱོད་པ་བུམ་པ་ཆུའི་དབང་ཞེས་པ་འདི་ལ། བུམ་པ་ཟེར་བའི་རྒྱུ་མཚན་ནི། བཏགས་པ་མིང་གི་བུམ་པ། དམིགས་པ་རྟེན་གྱི་བུམ་པ། འདུས་བྱས་རྫས་ཀྱི་བུམ་པ། འདུས་མ་བྱས་དོན་དམ་ཆོས་ཉིད་ཀྱི་བུམ་པ་དང་བཞི་ལས། དང་པོ་མིང་བུམ་པར་གྲགས་པ་འདི་གང་ནས་བྱུང་ན། མི་རྣམས་ཚེ་ལོ་དཔག་ཏུ་མེད་པ་ཐུབ་པའི་དུས་སུ་ཕུན་ཚོགས་དགའ་ལྡན་པད་སྡོང་གི་གནས་སུ། བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའི་ཕྱག་ཏུ་ས་བདག་སྟོབས་པོ་ཆེས་ས་རྡོ་བྲག་བཅུད་སོགས་ལས་བྱས་པའི་རིན་པོ་ཆེ་རྣམ་པར་རྒྱལ་བའི་བུམ་པ་འདི་ཕུལ་ལོ། །དེ་བཞིན་ཏུ་བུམ་སྙིང་ལ་མདངས་ལྡན་མཚོ་སྨན་རྒྱལ་མོས་ཆུ་བོ་ཡོན་ཏན་བརྒྱད་དང་ལྡན་པ་ཕུལ་ལོ། །ལྷའི་བུ་མོ་སྤུན་ལྔས་སྨན་སྣ་ལྔ་ཕུལ་ལོ། །འཇིག་རྟེན་དབང་ཕྱུག་གིས་འབྲུ་སྣ་ལྔ་ཕུལ་ལོ། །གནོད་སྦྱིན་གྱི་བུ་མོ་སྤུན་ལྔས་སྙིང་པོ་ལྔ་ཕུལ་ལོ། །དྲི་ཟའི་བུ་མོ་སྤུན་ལྔས་དྲི་རྣམ་པ་ལྔ་ཕུལ་ལོ། །ས་ཡི་ལྷ་མོ་བརྟན་མས་རིན་པོ་ཆེ་སྣ་ལྔ་ཕུལ་ལོ། །ཀླུའི་བུ་མོ་རྣམས་ཀྱིས་མགུལ་ཆིངས་ལྔ་ཕུལ་ལོ། །གཤིན་རྗེའི་བུ་མོ་རྣམས་ཀྱིས་ཁ་རྒྱན་ཕུལ་ལོ། །དམུའི་བུ་མོ་ལྔས་ནི་གཟུང་ཐག་ཕུལ་ལོ། །ལྷ་མིན་གྱི་བུ་མོ་རྣམས་ཀྱིས་རྡོ་རྗེ་ཕུལ་ནས་རྒྱན་ཆ་ལུགས་དང་ལྡན་པར་བྱས་པ་དེ། དཔལ་རྡོ་རྗེ་སེམས་དཔས་སེམས་ཅན་ལ་ཕན་ཐོགས་རྒྱ་ཆེན་པོ་འབྱུང་བའི་སྨོན་ལམ་དང་བཅས་པས་དབང་བསྐུར་བའི་རྫས་སུ་བཞག་པའོ། །དེ་ལ་སྒྲུབ་བུམ་དང་གཙོ་བུམ་དབང་བུམ་རྣམ་རྒྱལ་བུམ་པ་སོགས་བཏགས་པ་མིང་གི་བུམ་པ་ཡང་ཡིན་ནོ། །གཉིས་པ་དམིགས་པ་རྟེན་གྱི་བུམ་པ་ནི། བུམ་པ་དེ་ཡང་ཕྱི་གཞལ་ཡས་ཁང་གི་རྣམ་པ་ལ། ནང་ཡི་དམ་རྒྱལ་བ་ཞི་ཁྲོ་རབ་འབྱམས་རྣམས་གསལ་གདབ་པའི་དམིགས་རྟེན་དུ་བྱ་བ་འདིའོ། །གསུམ་པ་འདུས་བྱས་རྫས་ཀྱི་བུམ་པ་ནི། རྣམ་རྒྱལ་གྱི་བུམ་པ་རྒྱུ་གསེར་དངུལ་ཟངས་སོགས་ལས་གྲུབ་པ་མཚན་ཉིད་དང་ལྡན་པར་རྫས་བཅུད་བླུགས་འབྱུང་བ་ཐམས་ཅད་མིང་གཟུགས་མཚན་མ་ཅན་དུ་འདུས་པའོ། །བཞི་པ་འདུས་མ་བྱས་ཆོས་ཉིད་ཀྱི་བུམ་པ་ནི། བུམ་ནི་སྐྱེ་བ་མེད་ལ། པ་ནི་འགགས་པ་མེད་པ་སྟེ། སྐྱེ་འགགས་གཉིས་སུ་མེད་པའི་དོན་དེ་རྟོགས་པའི་བརྡའ་མཚོན་ནོ། །དེ་ནས་ཆུའི་དབང་ཞེས་པ་ནི། བུམ་པ་འདིའི་ནང་དུ་ཆུ་བོ་ཡོན་ཏན་བརྒྱད་དང་ལྡན་པས་བཀང་པ་འདིའོ། །དེ་ཡང་གཙང་བ་དང་། དྭངས་པ་དང་། བསིལ་བ་དང་། བསུང་པ་དང་། ཞིམ་པ་དང་། ངོམས་པ་དང་། འཇམ་པ་དང་། བདེ་བའོ། །གཙང་བ་ནི། དྲི་མ་དང་ལྷན་ཅིག་མི་གནས་པའོ། །དྭངས་པ་ནི་རྙོགས་པ་མེད་པའོ། །བསིལ་བ་ནི་ངད་དང་ལྡན་པའོ། །བསུང་བ་ནི་ངར་དང་ལྡན་པའོ། །ཞིམ་པ་ནི་རོ་མཆོག་ཏུ་གྱུར་པའོ། །ངོམས་པ་ནི་གདུང་བ་སེལ་བའོ། །འཇམ་པ་ནི་ཟུག་རྔུ་མེད་པའོ། །བདེ་བ་ནི་ལུས་ལ་ཕན་པའོ། །ཞེས་སོགས་ཀྱི་བུམ་རྫས་རེ་རེ་ལྟར་བཤད་པ་ཡོད་ཀྱང་མི་བསྐྱོད་པ་བུམ་ཆུའི་དབང་གསུངས་པ་བཞིན་ནོ། དབང་གཞུང་རིག་པའི་དབང་ལྔ་རྫོགས་ནས་བུམ་ཆུ་ཐམས་ཅད་གཙོ་བུམ་དུ་བསྡུ་དུས་ཚིག་བཅད་མགོར་སྦྱར་ནས། དེའི་ཚེ་ནམ་མཁར་རྩ་བ་གསུམ་གྱི་ལྷ་ཚོགས་རྣམས་ཀྱིས་དབང་བསྐུར་བའི་དགོངས་པས་བྱིན་གྱིས་བརླབས། རིག་མ་རྣམས་ཀྱིས་རྡོ་རྗེའི་གླུ་ལེན་ཞིང་བཀྲ་ཤིས་བརྗོད། དཔའ་བོ་མཁའ་འགྲོ་རྣམས་ཀྱིས་རོལ་མོ་དང་མཆོད་པའི་མེ་ཏོག་གི་ཆར་ཕབ། ཁྲོ་བོ་དང་ཁྲོ་མོ་རྣམས་ཕྱོགས་དང་ཕྱོགས་མཚམས་སུ་འཁོད་ནས་བགེགས་བསྐྲད་པར་ཡང་སྒོོམས་ཤིག་བྱས་ལ། ཧཱུྃཿརིན་ཆེན་བུམ་པ་གཞལ་ཡས་ཁང་༔ རྒྱལ་བ་ཞི་ཁྲོའི་ལྷ་ཚོགས་བཞུགས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ ལྷ་དབང་ལུས་ལ་ཐོབ་པར་ཤོག༔ ཧཱུྃ་བཛྲ་ཨ་བྷི་ཥིཉྩ་ཧཱུྃ༔ ༀ་བུདྡྷ་ཨ་བྷི་ཥིཉྩ་ༀ༔ སྭཱ་རཏྣ་ཨ་བྷི་ཥིཉྩ་སྭཱ༔ ཨཱཾ་པདྨ་ཨ་བྷི་ཥིཉྩ་ཨཱཾ༔ ཧཱ་ཀརྨ་ཨ་བྷི་ཥིཉྩ་ཧཱ༔ ཞེས་གནས་ལྔར་བསྐུར་ནས་བུམ་ཆུ་ཡང་ངག་ཏུ་བླུད་དོ། །དེ་ནས་ཐུགས་ཕྱག་མཚན་གྱི་དབང་མན་ཆད་གཞུང་ལྟར་བསྐུར་རོ། །དེ་ནས་དབང་གོང་མ་གསུམ་བསྐུར་ན་དཀྱུས་བཞིན་དང་། བཏགས་གྲོལ་གྱི་དབང་དང་། གཏོར་དབང་། རྗེས་མཐའ་བརྟེན་དང་བཅས་ལ་ལྷན་ཐབས་གཞན་མི་དགོས་སོ། །

དེ་ལྟར་འགྲོ་དྲུག་རང་གྲོལ་ཁ་འཕངས་ལྷན་ཐབས་བཅས། །འཕྲད་ཚད་རང་གྲོལ་སྔོན་འགྲོ་རིན་ཆེན་གསལ་སྒྲོན་སོགས། །རྣམ་དཔྱོད་ཟབ་མོས་གཞན་ནས་ཁ་བསྐངས་ནོར་འཁྲུལ་མེད། །སྔོན་ནམ་མཁའ་རྒྱ་མཚོས་མཛད་པ་ནི། གཞུང་འབྲེལ་མ་ཕུད་པ་དང་སྤྲད་རྒྱུ་མང་། གནད་འགའ་རེ་མ་ཚང་མི་ལྕོགས་པས། བརྗེད་དོགས་དང་སླ་ཕྱིར་འདི་བྱས་སོ། །གསང་སྔགས་ལག་ལེན་མཐའ་ཅན་ཡིན་པས་ན། །མཐའ་དྲུག་ལྡན་པའི་ཆོས་འབྱུང་བདག་གིས་ནི། །ལོག་པའི་ཆོ་ག་འགའ་ཡིས་ཡིད་མི་ཆེས། །བླུན་པོ་འགའ་ནི་གླང་ལྟར་འགྱིངས་བར་ཟད། །ཤུབྷཾ།། །།

དབང་གི་སྟ་གོན་སྔོན་འགྲོ་རིན་ཆེན་སྒྲོན་མེའི་ལྷན་ཐབས།

ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་ལས་དབང་གི་སྟ་གོན་སྔོན་འགྲོ་རིན་ཆེན་སྒྲོན་མེའི་ལྷན་ཐབས་གསལ་བར་བཀོད་པ་ཐེ་ཚོམ་རང་གྲོལ་ཞེས་བྱ་བ་བཞུགས་སོ། །

ཐེག་དགུའི་རྩེ་རྒྱལ་ཨ་ཏི་ཞི་ཁྲོའི་ལྷ། །རང་རིག་བླ་མའི་རྩལ་དུ་ཤར་བ་ལ། །གནས་ལུགས་ལྟ་བ་མཇལ་བས་ཕྱག་བྱས་ཏེ། །དབང་བསྐུར་སྔོན་འགྲོའི་ལྷན་ཐབས་འདིར་གསལ་བྱ། །ཚུལ་འདི་གཞུང་རྣམས་ཀྱི་དགོངས་པ་སྒྲུབ་པ་ཆེན་པོ་དང་སྦྱོར་བ་ཡིན་ཀྱང་དེང་སང་ཡུལ་དུས་དང་འཚམས་པར་དབང་རྐྱང་ཙམ་ལ་སྦྱོར་བའི་དབང་དུ་བྱས་ཏེ་འཇུག་བདེར་བསྡེབས་པ་ལ་བཞི། ས་ཆོག །ལྷ། བུམ་པ། སློབ་མ་སྟ་གོན་ནོ། དང་པོ་ལ་གསུམ། ས་སློང་བ། སྦྱོང་བ། བཟུང་བའོ། དང་པོ་ནི། དཀྱིལ་འཁོར་གང་དུ་བྱ་བའི་གནས་ཀྱི་གོང་དུ་བདག་བསྐྱེད་མཆོད་པ་སྨན་རཀ་གཏོར་གསུམ། ཆུ་གཉིས་ཉེར་སྤྱོད་ཕྲེང་ཚར། དཀྱིལ་འཁོར་བཞེངས་བའི་ས་བྱི་དོར་བྱས་པར་ས་བདག་དཀར་ཟླུམ། གསེར་སྐྱེམས། ཕྱི་མཆོད་བཅས་བཤམས་ལ། སྒོམ་རིམ་ལྷན་སྐྱེས་ཡེ་ཤེས་སམ། ལས་བྱང་ཆུང་བ་ལྟ་བུའི་བདག་གི་རྣལ་འབྱོར་མདོར་བསྡུས་པ་བཟླས་པ་ཅི་རིགས་མཐར་བསྡུ་ལྡངས་བཅས་བྱའོ། དེ་ནས་ས་བདག་གཏོར་མཆོད་ལ་བསང་ཆུ་བྲན། རཾ་ཡཾ་ཁཾ། སྟོང་པའི་ངང་ལས་གཏོར་མཆོད་རྣམས། །ༀ་ལས་རིན་ཆེན་སྣོད་ཡངས་སུ། །འབྲུ་གསུམ་འོད་ཞུ་ལྷ་རྫས་ཀྱི། །མཆོད་སྤྲིན་ཟག་མེད་བདེ་སྐྱེད་གྱུར། །ༀ་ཨཱཿཧཱུྃ། གསུམ་དང་། ༀ་བཛྲ་ཨརྒྷཾ་ནས། ཤབྡ་ཨཱཿཧཱུྃ། ཞེས་བྱིན་བརླབས། བྷུ་མི་པ་ཏི་ས་པ་རི་བཱ་ར་བཛྲ་ས་མཱ་ཛ༔ ཨརྒྷཾ་ནས། ཤབྡའི་བར་ཀྱིས་མཆོད་། བྷཱུ་མི་པ་ཏི་ས་པ་རི་ཝཱ་རེ་བྷྱཿན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་སོགས་གསུམ་གྱིས་གཏོར་མ་ཕུལ་ལ། ཧཱུྃ༔ དགོངས་ཤིག་ས་བདག་ལྷ་ཀླུ་སྡེ་དང་དཔུང་། གངས་རི་གཡའ་རྩེ་ལུ་མ་སྐྱེད་མོས་ཚལ༔ མཚོ་རྫིང་ལྡེེང་ཀ་སོ་སོའི་གནས་རྣམས་ནས། ལྷ་ཀླུ་ས་བདག་གནས་འདིར་སྤྱན་འདྲེན་གྱིས་༔ འཛམ་བུ་གླིང་བཞི་གྲུབ་པའི་ས་བླངས་ཕྱིར༔ ས་བདག་འཁོར་དང་བཅས་པ་འདིར་གཤེགས་ཏེ༔ བྱིན་རླབས་བསྔོས་པའི་གཏོར་མ་འདི་བཞེས་ལ༔ རིན་ཆེན་གཏེར་གྱི་ས་འདི་སྩལ་དུ་གསོལ༔ ཞེས་ཕྲིན་ལས་བཅོལ། བྷཱུ་མི་པ་ཏི་ས་པ་རི་བཱ་ར་གཙྪ༔ གནང་བ་བྱིན་ནས་རང་གནས་སུ་གཤེགས་པར་བསམ་ཞིང་། གཏོར་མ་དང་གསེར་སྐྱེམས་ཕྱིར་འབུལ།

གཉིས་པ་ནི། བ་བྱུང་ལྔ་དྲི་བཟང་དང་སྦྱར་བའི་ཆུས་དཀྱིལ་འཁོར་གྱི་གཞི་ལ་དབང་ལྡན་ནས་བརྩམས་ཏེ་ཁྱབ་པར་བྱུགས་ནས། ས་གཞི་རང་བཞིན་གྱིས་རྣམ་པར་དག་པའི་སྟོང་པ་ཉིད་དོ། །ཞེས་མོས་ལ། སྭ་བྷཱ་བའི་སྔགས་ལན་བདུན་བརྗོད། གསུམ་པ་ནི། ས་འདིར་དཀྱིལ་འཁོར་བྲི་བར་བྱའོ་སྙམ་པའི་བློས། རང་ཉིད་སྐད་ཅིག་གིས་རྟ་མཆོག་ཧེ་རུ་ཀ་ཁྲོ་གཏུམ་བཟོད་པར་དཀའ་བའི་གཟི་བརྗིད་བསྐལ་པའི་མེ་ལྟར་འབར་བར་གྱུར། ཅེས་གསལ་བཏབ་ལ། ཧཱུྃ༔ གསང་བ་བླ་མེད་དཀྱིལ་འཁོར་འདིར༔ སྒྲུབ་པའི་ལྷ་རྣམས་མ་གཏོགས་པ༔ ཚེ་སྲོག་བར་དུ་གཅོད་པའི་བགེགས༔ འདི་རུ་མ་འདུག་གཞན་ཏུ་དེངས༔ ཞེས་དང་། སུམྦྷ་ནི་དྲག་ཏུ་བརྗོད་ཅིང་རོལ་མོའི་སྒྲ་དང་ས་རྫའི་བདུག་པ་ཡུངས་ཐུན་འཐོར་པའི་ཚམ་རྔམས་བཅས་སྟེགས་བུ་ལ་ལན་གསུམ་སྐོར། ༀ་བཛྲ་རཀྵ་རཀྵ་ཧཱུྃ། གསུམ། སྟེང་འོག་ཕྱོགས་མཚམས་ཐམས་ཅད་རྡོ་རྗེའི་ས་གཞི་ར་བ་དྲྭ་བ་གུར་བླ་བྲེ་ཁྲོ་ཆུང་མཚོན་ཆ་མེ་ཕུང་འབར་བའི་འཁོར་ལོས་བཅིངས་ཏེ་བགེགས་དང་བར་ཆད་ཀྱིས་གླགས་མི་རྙེད་པར་གྱུར། ཅེས་སྲུང་འཁོར་བསྒོམ་མོ། གཉིས་པ་ལྷ་སྟ་གོན་ནི། དཀྱིལ་འཁོར་གྱི་སྟེགས་བུར་དྲི་བཟང་གི་ཆུས་གཙོ་བོའི་གནས་སུ་ཐིག་ལེ་གྲུ་བཞི་དང་། འཁོར་རྣམས་ལ་ཟླུམ་པོ། དེ་སྟེང་སོ་སོའི་སྔགས་བརྗོད་དེ་འབྲུ་དཀར་གྱི་ཚོམ་བུ་གཙོ་འཁོར་ཕྱེད་པར་བཀོད་པའི་མདུན་དུ་སྨན་རཀ་གཏོར་གསུམ། ཕྱི་མཆོད་སྐོར་བཤམ་བྱས་ལ། ལས་བྱང་ཆུང་བའི་མཆོད་པ་བྱིན་རླབས་ནས་བསྟོད་པའི་བར་དུ་བཏང་ལ་མདུན་བསྐྱེད་བསྒྲུབ། བཟླས་པ་སྤྱི་དྲིལ་ཉིད་ཅི་ནུས་མཐར་མཆོད་བསྟོད་བྱའོ། །གཉིས་པ་བུམ་པ་སྟ་གོན་ནི། མཚན་ཉིད་དང་ལྡན་པའི་བུམ་པ་ལྔ། ལས་བུམ་དང་དྲུག །དེ་ལ་དགོས་པའི་ཡོ་བྱད་རྣམས་ཚོགས་པར་བྱས་ལ། གུ་གུལ་བདུག །ཡུངས་ཀར་བྲབས་ལ། ༀ་བཛྲ་མ་ཧཱ་ཀྲོ་ཏ་ཧཱུྃ་ཕཊཿ རཾ་རཾ་གནོད་བྱེད་འབྱུང་པོ་ཕཊཿརྒྱུན་འབབས་ཀྱི་ཆུ་གཙང་དྲི་བཟང་སྦྱར་བས་སུམ་གཉིས་བཀང་ལ། ༀ་ཨ་མྲི་ཏ་ཧཱུྃཿདབང་འབྲིང་པོའི་སྐབས་དབུས་བུམ་དུ་སྨན་ལྔ། ཤར་དུ་འབྲུ་ལྔ། ལྷོར་རིན་ཆེན་ལྔ། ནུབ་ཏུ་དྲི་ལྔ། བྱང་དུ་སྙིང་པོ་ལྔ་རྣམས་དང་། འཕྲད་ཚད་རང་གྲོལ་སྐབས་དབུས་བུམ་དུ་རིན་ཆེན་ལྔ། ཤར་དུ་སྨན་ལྔ། ལྷོར་སྙིང་པོ་ལྔ། ནུབ་ཏུ་འབྲུ་ལྔ། བྱང་དུ་དྲི་ལྔ། ལས་བུམ་དུ་ལྔ་ཚན་ལྔ་ཀ་བླུགས་ལ། ༀ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲི་ཏ་ཧཱུྃ་ཧྲཱིཿཋཱ་སྭཱ་ཧཱཿདར་གྱི་མགུལ་ཆིངས་དབུས་མཐིང་དཀར་བརྩེགས་མ་ཤར་སྔོ། ལྷོ་སེར། ནུབ་དམར། བྱང་ལྗང་། ལས་བུམ་ལ་དཀར་པོ་བཅིངས་ལ། ༀ་བཛྲ་བསྟྲ་ཨཱ་བེ་ཤ་ཡཿཁ་རྒྱན་གཟུག་ལ། ༀ་བཛྲ་མངྒ་ལཾ་སྭ་སྟིཿགཟུངས་ཐག་བཏགས་ལ། ༀ་བཛྲ་ས་ཏི་ཀ་པ་ར་ལི་སི་ཏི་ༀ་ཨཱཿཧཱུྃཿཞེས་པ་རྣམས་སོ་སོར་ལན་གསུམ་རེ་བརྗོད་ལ། ༀ་ཛྙཱ་ན་མཎྜལ་བྷྲཱུཾཿཞེས་པས་དཀྱིལ་འཁོར་གྱི་ཕྱོགས་བཞི་དབུས་ལྔར་ཁྲིའུ་ལྟ་བུར་ཕྱོགས་མ་ནོར་བར་བཀོད། ལས་བུམ་བྱང་ཤར་དུ་བཞག་གཏོར་མཆོད་སྔར་ལྟར་བཤམས་ལ། ལས་བྱང་ཆུང་བ་ལྟར་མཆོད་པ་བྱིན་བརླབ། ལྷ་བསྐྱེད་པ་དེ་ཉིད་དམ་སྒོམ་རིམ་ཆེན་མོ་ལ་ཁ་བསྒྱུར། སྤྱན་འདྲེན་སོགས་ལས་བྱང་ལྟར་བྱ་བར་གསུངས་ཀྱང་། བླ་མ་གོང་མ་རྣམས་ཀྱིས་རྣམ་པ་གསལ་ཞིང་ཟོར་ཡང་བའི་སྐབས་དོན་གཙོར་མཛད་པ་ལྟར་ནི། བཛྲ་ཨ་མྲྀ་ཏས་བསང་། སྭ་བྷཱ་བས་སྦྱངས། སྟོང་པའི་ངང་ལས་པཾ་ལས་པདྨ་དང་། ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། བྷྲཱུཾ་ལས་རིན་པོ་ཆེའི་བུམ་པ་ཡངས་ཤིང་རྒྱ་ཆེ་བ། ཞབས་ཞུམ་པ། ལྟོ་བ་ལྡིར་བ། མགྲིམ་པ་ཕྲ་བ། ཁ་གཡེལ་བ། མཆུ་འཕྱང་བ། ལྷ་རྫས་གོས་ཀྱི་མགུལ་ཆིངས་དང་དཔག་བསམ་ཤིང་གིས་ཁ་བརྒྱན་པ། ཕྱི་བུམ་པའི་དབྱིབས་ལ་ནང་གཞལ་ཡས་ཁང་ཆུ་དང་བཅུད་ཐམས་ཅད་ཀྱིས་ཡོངས་སུ་གང་བའི་དབུས་སུ་རིན་ཆེན་སེང་གེ་གླང་ཆེན་རྟ་མཆོག་རྨ་བྱ་ཤང་ཤང་ཉི་ཟླ་པདྨའི་གདན་ལ་ཆོས་སྐུ་ཀུན་བཟང་ཡབ་ཡུམ་ལ་རང་རང་གི་སེམས་དཔའ་དང་སེམས་མ་རྣམས་ཀྱིས་བསྐོར་བའི་ཕྱི་རོལ་ཏུ་ཐུབ་པ་དྲུག་གིས་བསྐོར་བ། སྒོ་བཞིར་སྒོ་བ་ཡབ་ཡུམ་བརྒྱད་དེ་ཞི་བའི་ལྷ་ཚོགས་རྣམས་འཇའ་འོད་ཀྱི་ཀློང་ན་ཞི་བའི་ཚུལ་དགུ་དང་ལྡན་པ། དྲེགས་པ་ཅན་དང་བྱོལ་སོང་པད་ཉིའི་གདན་ལ་དབུས་སུ་ཆེ་མཆོག་ཡབ་ཡུམ། ཧེ་རུ་ཀ་རིགས་ལྔ། དེ་རྒྱབ་ཀེའུ་རི་མ་བརྒྱད། སེཾ་ཧ་མ་བརྒྱད། རྟ་གདོང་སྒོ་མ་བཞི། དབང་ཕྱུག་ཉི་ཤུ་རྩ་བརྒྱད་དེ་ཁྲོ་བོའི་ལྷ་ཚོགས་རྣམས་མེ་ཕུང་ཟེར་ཐིག་གི་ཀློང་ན་འབར་བའི་གར་དགུ་དང་ལྡན་པ། དཀྱིལ་འཁོར་གཉིས་པོ་སྟེང་དང་འོག་ཏུ་བརྩེགས་མར་བཞུགས་པའོ། །ལས་བུམ་གྱི་ནང་དུ་པད་ཟླའི་གདན་ལ་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ་རྡོ་རྗེ་དང་དྲིལ་བུ་འཛིན་པ། དར་དང་རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་ཅིང་། ཞབས་སྐྱིལ་ཀྲུང་དུ་བཞུགས་པ་རྣམས་སྣང་ལ་རང་བཞིན་མེད་པར་གསལ་བ་རྣམས་ཀྱི་སྤྱི་བོར་ༀ། མགྲིན་པར་ཨཱཿཐུགས་ཀར་ཧཱུྃ་དེ་ལས་འོད་འཕྲོས་བསྒོམས་པ་དང་འདྲ་བའི་ཡེ་ཤེས་པ་སྤྱན་དྲངས། ཆོས་ཉིད་དབྱིངས་ཀྱི་རབ་འབྱམས་ཀློང་ཡངས་ནས༔ ཤེས་རབ་ཐབས་དང་ཐུགས་རྗེས་སྐུར་སྤྲུལ་པའི༔ ཕྱོགས་བཅུ་དུས་བཞིའི་ཞི་ཁྲོ་རབ་འབྱམས་རྣམས༔ གནས་འདིར་འགྲོ་བའི་དོན་དུ་གཤེགས་སུ་གསོལ༔ ༀ་བཛྲ་ས་མ་ཡ་ཛ་ཛ༔ ཛཿཧཱུྃ་བཾ་ཧོ༔ སྣང་སྲིད་རྣམ་དག་ཡེ་ཤེས་དཀྱིལ་འཁོར་འདིར༔ རིན་ཆེན་སེང་གེ་ལ་སོགས་ཁྲི་སྟེང་དུ༔ ཐབས་ཤེས་དྲི་མེད་ཉི་ཟླ་པདྨའི་སྟེང་༔ ཟག་མེད་དགྱེས་པ་ཆེན་པོར་བཞུགས་སུ་གསོལ༔ ས་མ་ཡ་ཏིཥྛ་ལྷན༔ ཀུན་ཏུ་བཟང་མོ་གསང་བའི་བྷ་ག་རུ༔ ཀུན་ཏུ་བཟང་པོ་ཟག་པ་མེད་པའི་བདེ༔ རོལ་པའི་ཡེ་ཤེས་རྒྱལ་བ་ཞི་ཁྲོའི་ཚོགས༔ ཡབ་ཡུམ་སྲས་དང་བཅས་ལ་ཕྱག་འཚལ་ལོ༔ ཨ་ཏི་པུ་ཧོ༔ པྲ་ཏཱིཙྪ་ཧོ༔ བདེ་གཤེགས་ཞི་ཁྲོ་རྒྱལ་བ་རྒྱ་མཚོ་ལ༔ ཕྱི་ནང་གསང་བའི་མཆོད་པ་དཔག་མེད་རྣམས༔ དངོས་སུ་འབྱོར་དང་ཡིད་ཀྱིས་རྣམ་སྤྲུལ་ཏེ༔ འགྲོ་བའི་དོན་ཏུ་འབུལ་གྱིས་བཞེས་སུ་གསོལ༔ ༀ་བཛྲ་པུཥྤེ་དྷུ་པེ་ཨཱ་ལོ་ཀེ་གནྡེ་ནཻ་བིདྱ་ཤབྡ་ཨ་མྲྀ་ཏ་རཀྟ་བ་ལི་ཾཏ་མ་ཧཱ་སརྦ་པཱུ་ཛ་ས་མ་ཡ་ཁཱ་ཧི་ཁཱ་ཧི༔ ཧཱུྃ༔ ཆོས་སྐུ་ནམ་མཁའ་ལྟ་བུར་ཀུན་ལ་ཁྱབ༔ ལོངས་སྐུ་ཉི་འོད་ལྟ་བུར་སོ་སོར་འཕྲོ༔ སྤྲུལ་སྐུ་འཇའ་ཚོན་ལྟ་བུར་འགྲོ་དོན་མཛད༔ རྒྱལ་བ་ཞི་ཁྲོའི་ཚོགས་ལ་ཕྱག་འཚལ་བསྟོད༔ བུམ་བཟླས་ནི་གཟུངས་ཐག་བླངས་ལ། རང་གི་ཐུགས་ཀ་ནས་སྔགས་ཀྱི་ཕྲེང་བ་འཕྲོས། གཟུངས་ཐག་ལ་འཁྲིལ་ཏེ་བུམ་པའི་ནང་དུ་སོང་བས་ལྷ་ཚོགས་རྣམས་ཀྱི་ཐུགས་རྒྱུད་བསྐུལ་འོད་ཟེར་འཕྲོ་འདུས་དོན་གཉིས་མཛད། སྐུའི་ཆ་ཐམས་ཅད་ནས་བྱང་སེམས་བདུད་རྩིའི་རྒྱུན་བབས་པས་བུམ་པ་གང་བར་བསམས་ལ། བོ་དྷི་ཙིཏྟ་སོགས་སྙིང་པོ་རྣམས་ཅི་རིགས་བཟླ། ལས་བུམ་ལ་ཡིག་བརྒྱ་དང་ཉེ་སྙིང་གིས་ནུས་ལྡན་དུ་བསྒྲུབས། མཐར་བུམ་པའི་ལྷ་ལ་མཆོད་ཅིང་བསྟོད་ནས། ༀ་ཨཱཿཧཱུྃཿཞེས་དུང་ཆོས་ཀྱི་ཆུ་མཆོད་ཡོན་དུ་ཕུལ་བས་ལྷ་རྣམས་འོད་དུ་ཞུ་ནས་བུམ་ཆུ་བདུད་རྩིའི་རང་བཞིན་དུ་གྱུར་པར་བསམ་མོ། །གསུམ་པ་སློབ་མ་སྟ་གོན་ནི། རྫས་བཞི་སོགས་ཉེ་བར་བསྡོགས། དཀྱིལ་འཁོར་ཡོལ་བས་བསྒྲིབས། སློབ་མ་རྣམས་ཕྱི་རོལ་དུ་ལས་བུམ་ཆུས་ཁྲུས་བྱ། བགེགས་གཏོར་བཏང་ཞིང་མཚམས་བཅད། སྲུང་འཁོར་བསྒོམ། གྲལ་ལ་འཁོད་ནས་མེ་ཏོག་བཀྱེ་བསྡུ་དང་སེམས་བསྐྱེད་གསལ་གདབ་ཅིང་ཐུན་མོང་ཆོས་བཤད་ཅི་རིགས་པ་བྱ། མཚམས་སྦྱོར་གྱི་ཁྱད་པར། དེ་ལ་སྐབས་འདིར་སྔ་འགྱུར་རྙིང་མའི་བཀའ་སྲོལ་ལས་ཟབ་མོ་གཏེར་གྱི་ཕྱོགས། དེའི་རྣམ་གྲངས་དབྱེ་བསྡུ་མཐའ་ཡས་པ་ཞིག་བཞུགས་པ་ལས་ཤར་གཏེར་ཟུག་པ་རྩ་བ་ལྟ་བུའི་ཕྱོགས་སུ་གཏོགས་པ། གཏེར་སྟོན་གྲུབ་ཐོབ་ཆེན་པོ་མཆོག་གི་གླིང་པ་ལྔའི་ཡ་གྱལ་རྩོད་མེད་དུ་གྲགས་པ། ལོ་ཙཱ་བ་ཀླུའི་རྒྱལ་མཚན་གྱི་སྐྱེ་མཐའ་ཀརྨ་གླིང་པས་སྒམ་པོ་གདར་གྱི་རི་ནས་སྤྱན་དྲངས་པའི་ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་ཞེས་བྱ་བ་གྲོལ་བ་བཞི་ལྡན་ཁྱད་པར་དུ་འཕགས་ཤིང་འགྲོ་དོན་ཉི་ཟླ་དང་མཉམ་པ་འདིའི་སྨིན་བྱེད་ཀྱི་དབང་ལ་རྒྱས་འབྲིང་བསྡུས་གསུམ་དུ་བཞུགས་པ་ལས། ད་ལམ་རྒྱས་པ་འཕྲད་ཚད་རང་གྲོལ་ལམ། འབྲིང་པོ་འགྲོ་དྲུག་རང་གྲོལ་གང་ཡིན་སྨོས་ལ་གྱི་དབང་བསྐུར་བསྒྲུབ་པ་ལའང་སྔོན་འགྲོ་དངོས་གཞི་གཉིས་སུ་ཡོད་པའི་ཐོག་མར་སྔོན་འགྲོ་སྟ་གོན་གྱི་ཆོས་རྣམས་ཞུ་བའི་ཡོན་ཏུ་དམིགས་ཏེ་མནྜལ་འབུལ་བར་ཞུ། ཞེས་མཎྜལ་འབུལ་དུ་གཞུག །ཕྱག་སྙིམས་པ་མེ་ཏོག་གིས་བཀང་བའི་ཐལ་སྦྱར་བཅས་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཀྱེ་ཧོ༔ རྡོ་རྗེ་སློབ་དཔོན་མཆོག༔ དེ་རིང་རྣལ་འབྱོར་ཕོ་མོ་ལ༔ ཡང་དག་མཆོག་གི་ལམ་བསྟན་པའི༔ དཀྱིལ་འཁོར་ཆོ་ག་གནང་བར་མཛོད༔ ལན་གསུམ། ཞེས་ཞུས་པའི་ལན་དུ་གནང་བ་སྦྱིན་པ་འདི་ལ་གསན་འཚལ། འོ་དེ་རིང་ཁྱེད་སོགས་རིག་མ་ཡང་༔ བདག་གིས་མ་སྨིན་གཞན་མི་སྨིན༔ དེ་ཕྱིར་ཚུར་ཤོག་རིགས་ཀྱི་བུ༔ དཀྱིལ་འཁོར་ཆོ་ག་བདག་གིས་བརྩམ༔ ཞེས་གནང་བ་ཐོབ་པས་བླ་མ་ལ་སངས་རྒྱས་དངོས་ཀྱི་འདུ་ཤེས། མོས་གུས་མཆི་མ་འཁྲུགས་པ་ཙམ་དུ་བསྐྱེད་ལ་རྩེ་གཅིག་པའི་ཡིད་ཀྱིས་གསན་འཚལ༔ འོ༔ རིགས་ཀྱི་བུ་ཡོན་ཏན་ཐམས་ཅད་ཀྱི་གཞི་མ༔ དམ་པའི་ཆོས་ཐེག་པ་ཆེན་པོ་འདི་ཉིད་སྡོམ་པ་གསུམ་ལས་འབྱུང་བས༔ དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་ངམ༔ སོ་སོར་ཐར་པའི་སྡོམ་པ་ལ་བརྟེན་ནམ༔ བྱང་ཆུབ་སེམས་དཔའི་བསླབ་པ་ལ་སྤྱོད་དམ༔ གསང་སྔགས་ཀྱི་དམ་ཚིག་བསྲུང་ངམ༔ དེ་ཕྱིར་མི་ལྡོག་པའི་བློ་ཡོད་དམ༔ ཞེས་དྲིས་པ་ལ་ལན་འདེབས་པ་འདིའི་རྗེས་ཟློས། བཀའ་བཞིན་ཏུ་བསྒྲུབ་བོ༔ གསུངས་བཞིན་ཏུ་བྱེད་དོ༔ དེང་བདག་ཅག་རྣམས་ལ་གནང་དུ་གསོལ༔ ཞེས་ཞུ། དེ་ལ་ཐོག་མར་ཆོས་ཐམས་ཅད་ཀྱི་འཇུག་སྒོ། ཐེག་པ་ཡོངས་རྫོགས་ཀྱི་གཞི་རྟེན། ལམ་སྒྲུབ་པའི་རྨིངས་རྡོ་སྐྱབས་སུ་འགྲོ་བའི་བསླབ་སྡོམ་འབོགས་དགོས་པས། བླ་མ་དཀྱིལ་འཁོར་གྱི་ལྷ་རྒྱལ་བ་སྲས་དང་བཅས་པའི་སྤྱན་སྔར་མོས་གུས་དྲག་པོས་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ན་མོ། རྣམ་མཁྱེན་གཙོ་བོ་དཀོན་མཆོག་གསུམ༔ བདག་ལ་གསན་ཅིང་དགོངས་སུ་གསོལ༔ ཐར་པའི་ལམ་སྟོན་དཀོན་མཆོག་གསུམ༔ མུན་པ་བདག་ལ་སྐྱོབ་ཏུ་གསོལ༔ འགྲོ་བ་འདྲེན་མཛད་དཀོན་མཆོག་གསུམ༔ མ་རིག་བདག་ལ་ཐུགས་རྗེས་ཟུང་༔ འགྲོ་དྲུག་སྐྱབས་གནས་དཀོན་མཆོག་གསུམ༔ འཁོར་བའི་འདམ་ནས་དྲང་དུ་གསོལ༔ བར་ཆད་རྐྱེན་སེལ་དཀོན་མཆོག་གསུམ༔ འདི་ཕྱི་གཉིས་ཀྱི་བར་ཆད་སོལ༔ དངོས་གྲུབ་ཆར་འབེབས་དཀོན་མཆོག་གསུམ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ རང་ངོ་ཤེས་པར་བྱིན་གྱིས་རློབས༔ རང་རྒྱུད་གྲོལ་བར་མཛད་དུ་གསོལ༔ གཞན་སྣང་འདུལ་བར་བྱིན་གྱིས་རློབས༔ བདག་གཞན་སྨིན་པར་མཛད་དུ་གསོལ༔ ཅེས་གསོལ་བ་བཏབ་པས་ཐུགས་རྗེ་ཡུལ་ལ་འཇུག་པའི་སྐབས་ཕྱེད་པ་ལ། སྐྱབས་འགྲོའི་བསླབ་པ་དངོས་གཞི་བླངས་ནས་བསྲུང་སྙམ་པས་འདིའི་རྗེས་ཟློས། ཀྱཻ༔ ཕྱོགས་བཅུའི་སངས་རྒྱས་བྱང་སེམས་དང་༔ བླ་མ་ཡི་དམ་མཁའ་འགྲོ་དགོངས༔ རྐང་གཉིས་གཙོ་བོ་སངས་རྒྱས་དང་༔ ཞི་བ་ཆགས་བྲལ་དམ་པའི་ཆོས༔ ཚོགས་མཆོག་ཕྱིར་མི་ལྡོག་པ་ལ༔ བདག་ནི་གུས་པས་སྐྱབས་སུ་མཆི༔ བྱིན་རླབས་འབྱུང་བའི་བླ་མ་རྗེ༔ དངོས་གྲུབ་སྟེར་བའི་ཡི་དམ་ལྷ༔ བར་ཆད་སེལ་བའི་མཁའ་འགྲོ་ལ༔ བདག་སོགས་འགྲོ་ཀུན་སྐྱབས་སུ་མཆི༔ གདལ་ཁྱབ་ཆེན་པོ་ཆོས་ཀྱི་སྐུ༔ གསལ་མདངས་ཆེན་པོ་ལོངས་སྤྱོད་རྫོགས༔ སྣ་ཚོགས་འཛིན་གྲོལ་སྤྲུལ་པའི་སྐུ༔ བདག་སོགས་འགྲོ་ཀུན་སྐྱབས་སུ་མཆི༔ ལན་གསུམ། དེ་ལྟར་ཐུན་མོང་ཐུན་མིན་ཁྱད་པར་གྱི་གནས་གསུམ་ལ་སྐྱབས་སུ་སོང་ནས་སོ་སོའི་བསླབ་བྱ་རྣམས་སྲོག་བཞིན་ཏུ་བསྲུང་དགོས་སོ། །དེ་ནས་སྡོམ་གསུམ་རིམ་པར་བླང་བའི་ཐོག་མར་གཞན་གནོད་གཞི་དང་བཅས་པ་སྤངས་ཏེ་ཕྱི་སོ་སོར་ཐར་པའི་སྡོམ་པ་ལ་བརྩོན་པར་མོས་པས་འདིའི་རྗེས་ཟློས། བླ་མ་མཆོག་གི་སྤྱན་སྔ་རུ༔ ལུས་ངག་ཡིད་ཀྱིས་འགྲོ་བ་ལ༔ གནོད་པ་སྤངས་ཤིང་དགེ་བ་བསྒྲུབ༔ དགེ་བསྙེན་དགེ་ཚུལ་དགེ་སློང་གསུམ༔ སོ་སོར་ཐར་པའི་སྡོམ་པ་ལ༔ བདག་ནི་རྒྱུན་དུ་གནས་ཤིང་བསྲུང་༔ ལན་གསུམ། གཞན་ཕན་གཞི་དང་བཅས་པ་བསྒྲུབ་སྟེ་ནང་བྱང་ཆུབ་སེམས་དཔའི་བསླབ་པ་ལ་སློབ་པར་མོས་པས་གཞན་དོན་བྱང་ཆུབ་ཆེན་པོར་སྨོན་པའི་སེམས་བསྐྱེད་པ་འདིའི་རྗེས་ཟློས། ཧོཿདུས་གསུམ་བླ་མ་མཆོག་དགོངས་ཤིག༔ འདི་བཟུང་བྱང་ཆུབ་མ་ཐོབ་བར༔ འགྲོ་དྲུག་སེམས་ཅན་ཐམས་ཅད་ལ༔ ཕ་མའི་འདུ་ཤེས་ཉེར་བཞག་སྟེ༔ མ་བརྒལ་བ་རྣམས་བསྒྲལ་བ་དང་༔ མ་གྲོལ་བ་རྣམས་དགྲོལ་བ་དང་༔ དབུགས་མ་ཕྱུང་རྣམས་དབུགས་དབྱུང་ཕྱིར༔ སྨོན་པའི་བྱང་ཆུབ་སེམས་བསྐྱེད་དོ༔ ལན་གསུམ། བྱང་ཆུབ་ཆེན་པོའི་སྤྱོད་པ་སྤྱད་པ་ལ་འཇུག་སེམས་བསྐྱེད་པ་འདིའི་རྗེས་ཟློས༔ ཧོ༔ སྔོན་གྱི་རྒྱལ་བ་ཐམས་ཅད་ཀྱིས༔ སྡོམ་པ་ལ་ནི་གནས་པ་ལྟར༔ འདི་བཟུང་བྱང་ཆུབ་མ་ཐོབ་པར༔ བླ་མེད་འཇུག་པའི་བྱང་ཆུབ་སེམས༔ བདག་ཅག་རྣམས་ཀྱིས་བསྐྱེད་པར་བགྱི༔ ཕར་ཕྱིན་དྲུག་སློབ་སྡོམ་གསུམ་བཟུང༔ བརྩོན་འགྲུས་དག་གིས་ཐམས་ཅད་བསྒྲལ༔ ཀུན་དོན་ཚུལ་ཁྲིམས་གསུམ་ཡང་བཟུང་༔ མ་གྲོལ་དགྲོལ་དང་མ་བརྒལ་བསྒྲལ༔ དབུགས་དབྱུང་མྱ་ངན་འདས་ལ་འགོད༔ ལན་གསུམ། རིགས་ལྔ་སྤྱི་དང་ཁྱད་པར་གྱི་སྡོམ་པ་སོགས་གསང་བ་རྡོ་རྗེ་ཐེག་པའི་དམ་ཚིག་སྤྱི་དང་ཁྱད་པར་ལྷག་པས་བསྡུས་པ་རྣམས་བླངས་ནས་ཚུལ་བཞིན་ཏུ་བསྲུང་བའི་བློས་འདིའི་རྗེས་ཟློས་མཛོད༔ ཧོ༔ དཀོན་མཆོག་གསུམ་བཟུང་མི་གཏོང་བསྒྲུབ༔ བླ་མ་ཡི་དམ་མི་སྤང་ངོ༔ སངས་རྒྱས་དཀོན་མཆོག་དམ་ཚིག་ཏུ༔ ཡང་དག་སྙིང་པོའི་དོན་ལ་འཇུག༔ དམ་ཆོས་དཀོན་མཆོག་དམ་ཚིག་ཏུ༔ ཐེག་པའི་ཆོས་རྣམས་ངོ་བོར་དྲིལ༔ དགེ་འདུན་དཀོན་མཆོག་དམ་ཚིག་ཏུ༔ རིག་པ་དྲི་མེད་དོན་ལ་བལྟ༔ བླ་མ་ཡི་དམ་དམ་ཚིག་ཏུ༔ རང་སེམས་གཙང་མ་དཔང་དུ་བཙུག༔ རྡོ་རྗེ་རིགས་ཀྱི་དམ་ཚིག་ཏུ༔ རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་དང་༔ བྱང་ཆུབ་སེམས་ནི་སྤང་མི་བྱ༔ རྡོ་རྗེ་རིགས་ཀྱི་དམ་ཚིག་ཡིན༔ རིན་ཆེན་རིགས་ཀྱི་དམ་ཚིག་ཏུ༔ སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན༔ རིན་ཆེན་རིགས་ཀྱི་དམ་ཚིག་ཡིན༔ པདྨ་རིགས་ཀྱི་དམ་ཚིག་ཏུ༔ ཐེག་པ་གསུམ་གྱི་ཆོས་རྣམས་བཤད༔ པདྨ་རིགས་ཀྱི་དམ་ཚིག་ཡིན༔ ལས་ཀྱི་རིགས་ཀྱི་དམ་ཚིག་ཏུ༔ འགྲོ་བའི་དོན་ལ་བརྩོན་པར་བྱ༔ ལས་ཀྱི་རིགས་ཀྱི་དམ་ཚིག་ཡིན༔ དེ་བཞིན་རིགས་ཀྱི་དམ་ཚིག་ཏུ༔ དཀྱིལ་འཁོར་གསུམ་དང་འབྲལ་མི་བྱ༔ དེ་བཞིན་རིགས་ཀྱི་དམ་ཚིག་ཡིན༔ བདག་ནི་དཔལ་ཆེན་རིགས་མཆོག་སྟེ༔ བླ་མ་ཡི་དམ་མཁའ་འགྲོ་དང་༔ སྐྱབས་ཆེན་དཀོན་མཆོག་གསུམ་རྣམས་ལ༔ མི་འདའ་རྡོ་རྗེའི་དམ་ལ་གནས༔ ཡར་མཆོད་གུས་ཤིང་མར་ལ་བརྩེ༔ རྩ་བ་ཡན་ལག་དམ་ཚིག་བསྲུང༔ རྩ་བཞི་ལ་སོགས་དམ་ཚིག་ལས༔ ནམ་ཡང་མི་འདའ་བཟུང་བར་བྱ༔ ལན་གསུམ། དེ་ནས་དབང་ཆེན་འཕྲད་ཚད་རང་གྲོལ་ཡིན་ན་སྐབས་འདིར་ཡེ་ཤེས་དབབ་པར་གསུངས་པས། དེ་ལྟར་རྒྱུད་སྡོམ་པ་གསུམ་དང་ལྡན་པ་ལ་དབང་གི་སྣོད་རུང་ཁྱད་པར་དུ་བྱ་བའི་ཡེ་ཤེས་པ་དབབ་པ་ཞུ་བའི་ཡོན་ཏུ་དམིགས་ནས་མཎྜལ་ཕུལ་མཛོད། བདུད་རྩི་བཟང་པོ་ཨ་མྲྀ་ཏའི་ཁ་ཚར་བཏབ་ལ་སྦྱིན། ཡེ་ཤེས་དབབ་པའི་རྫས་དང་དྲི་ཞིམ་གྱི་སྤོས་ཀྱིས་བདུག །བླ་མས་ཏིང་ངེ་འཛིན་དང་རོལ་ལོའི་སྒྲ་བྱ་ཞིང་། ཁྱེད་རང་རྣམས་ལངས་ལ་ལག་པ་སྙིང་གར་ཐལ་མོ་སྦྱར། མིག་བཙུམ་ལ་ཡིད་མ་ཡེངས་པར་དམིགས་པ་འདི་རྩེ་གཅིག་ཏུ་སྒོམས་ཤིག །ཁྱེད་རང་རྣམས་སྐད་ཅིག་གིས་ལུས་སེམས་རྡོ་རྗེ་ཕག་མོ་མཐིང་ནག་བུ་མོ་ལོ་བཅུ་དྲུག་གི་ན་ཚོད་ཙམ༔ ནུ་མ་དང་བྷ་ག་རྒྱས་པ༔ དབུ་སྐྲ་ལྕང་ལོར་བསིལ་བ༔ རུས་པའི་རྒྱན་དྲུག་གིས་སྤྲས་པ༔ གཡས་ཅང་ཏེའུ༔ གཡོན་དྲིལ་བུ་འཛིན་པ༔ སྐུ་གར་ཐབས་ཁྱུག་ཁྱུག་ཞིག་བསྒོམ༔ གཞན་ཡང་མདུན་གྱི་ནམ་མཁའ་ནས༔ རྩ་བ་གསུམ་གྱི་ལྷ་ཚོགས་རྣམས་དང་༔ ཁྱད་པར་ཡི་དམ་ཞི་ཁྲོའི་ལྷ་ཚོགས་དཔག་ཏུ་མེད་པ་རྣམས༔ མཚོ་ལ་ཁ་བ་བབས་པ་ལྟར་སིབ་སིབ་ཐིམ་པར་སྒོམཿངོ་ཚ་གཅེས་འཛིན་ཕྲོལཿསེམས་གཏད་མེད་དུ་ཞོག་ལ་སྙིང་པོ་འདི་དྲག་ཏུ་ཟློས་ཤིག༔ ༀ་ཨཱཿཧཱུྃ༔ གུ་རུ་དྷེ་བ་དྷཱ་ཀི་ནཱི་སིདྡྷི་ཧཱུྃ༔ ཞེས་དང་། བོ་དྷི་ཙིཏྟ་དྲག་ཏུ་བརྗོད་ཅིང་སྤོས་རོལ་བྱ། བླ་མ་དང་དཀྱིལ་འཁོར་བ་ལས་བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་ཨཱ་ཙ་ར་པཎྜི་ཏ་གིང་ཕོ་མོ་ལ་སོགས་ཆ་ལུགས་བསམ་གྱིས་མི་ཁྱབ་པ་སྤྲོས་ནས་ཐིམ་པའི་དམིགས་པ་བྱས་པས་ལུས་ངག་ཡིད་གསུམ་ལ་ཡེ་ཤེས་པ་ཕེབ་བའི་ཉམ་གསུམ་མ་བྱུང་བར་བསྐྱར་ཞིང་དབབ་པར་གསུངས་སོ། །དེ་ནས་ཁྱེད་རང་རྣམས་སེམས་མ་བཅོས་པར་རང་ལུགས་སུ་ཀློད་ཀྱིས་གློད་ལ་ངོ་བོ་རྗེན་པའི་སྟེང་དུ་ཞོག་ཅིག༔ ཅེས་དར་ཅིག་བསྐྱང་དུ་གཞུག །དབང་འབྲིང་པོ་ལ་འདི་མི་དགོས་པས་སྡོམ་བཟུང་རྗེས་སོ་ཤིང་ལ་འཇུག་གོ།

དེ་ནས་སོ་ཤིང་འདོར་བ་ནི། ཀ་ཏོ་ར་ལ་སོགས་པའི་སྣོད་དུ་ནས་ཀྱི་ཚོམ་བུ་དང་རིགས་ལྔའི་སྐུ་ཕྱོགས་བཞི་དབུས་ལྔར་བཀྲམ་ལ། ཚོམ་བུ་ལྷ་སྐུ་དང་བཅས་པ་སྐད་ཅིག་གིས་དེ་བཞིན་གཤེགས་པ་རིགས་ལྔའི་སྐུར་གསལ་བར་གྱུར། བཛྲ་ས་མ་ཛཿཛཿཧཱུྃ་བཾ་ཧོཿཨརྒྷཾ་སོགས་ཀྱིས་མཆོད། ཆོས་སྐུ་ནམ་མཁའ་སོགས་ཀྱིས་བསྟོད། དེ་ནས་ཁྱེད་རང་རྣམས་དངོས་གྲུབ་ཀྱི་ལྟས་བརྟག་པའི་སླད་དུ་དྲི་བཟང་པོའི་ཤིང་མགོ་མཇུག་མ་ལོག་པ་སོར་བརྒྱད་པའི་རྩེ་ལ་མེ་ཏོག་ཅོད་པན་དང་བཅས་པ། རྡོ་རྗེ་ཐལ་མོས་ཟུང་ལ། བདག་ལ་རིགས་དང་མཐུན་པའི་དངོས་གྲུབ་ཀྱི་སྐལ་བ་གང་ཡོད་བསྟན་ཏུ་གསོལ་སྙམ་པའི་མོས་པས་ཚིགས་བཅད་འདིའི་རྗེས་ཟློས་དང་བཅས་རིགས་ལྔའི་ཕོ་བྲང་དུ་འདོར་བ་ཞུ། ཧོཿབླ་མ་ཡི་དམ་མཁའ་འགྲོ་དང་༔ སངས་རྒྱས་བྱང་ཆུབ་སེམས་དཔའ་དང་༔ ཞི་ཁྲོ་རིགས་ལྔ་ཐམས་ཅད་དགོངས༔ བདག་གིས་རིགས་ལྔའི་དངོས་གྲུབ་ལྔ༔ གང་ཐོབ་མི་ཐོབ་བསྟན་དུ་གསོལ༔ བཛྲ་ཧཱ་ས་ཧ༔ ཞེས་བརྗོད་ཅིང་འདོར་དུ་གཞུག །དེ་ལྟར་དོར་བའི་སོ་ཤིང་དཀྱིལ་འཁོར་དབུས་སུ་བབས་ན་བདེ་གཤེགས་རིགས་དང་མཆོག་གི་དངོས་གྲུབ་འཐོབ༔ ཤར་དུ་རྡོ་རྗེའི་རིགས་དང་ཞི་བའི་དངོས་གྲུབ་འཐོབ༔ ལྷོར་རིན་ཆེན་རིགས་དང་རྒྱས་པའི་དངོས་གྲུབ་འཐོབ༔ ནུབ་ཏུ་པདྨའི་རིགས་དང་དབང་གི་དངོས་གྲུབ་འཐོབ༔ བྱང་དུ་ལས་ཀྱི་རིགས་དང་དྲག་པོའི་དངོས་གྲུབ་འཐོབ༔ མཚམས་བཞིར་དངོས་གྲུབ་ཕྲན་ཚེགས་རེ་འཐོབ༔ རྩ་བ་ཚུར་བསྟན་འགྱེལ་ན་དངོས་གྲུབ་མེད༔ ལན་གསུམ་བསྐྱར་ཞིང་འགྱེལ་ན༔ བར་ཆད་འབྱུང་བས་བཟློག་པ་དྲག་པོ་བྱ་དགོས་པར་གསུངས་སོཿཁྱོར་ཆུ་བླུད་པ་ནི། ལས་ཐམས་ཅད་པའི་ཆུ་དུང་ཞལ་དུ་བླུགས་ཏེ། བཾ་ལས་བྱུང་བའི་དག་བྱེད་ཀྱི་ཆུ་ནུས་པ་དང་ལྡན་པར་གྱུར། བཾ། ལན་བདུན། ཁྱོར་ཆུ་བྱིན་པས་ལུས་ངག་ཡིད་གསུམ་གྱི་སྒྲིབ་པ་དང་ཁྱད་པར་ངག་གི་ཉེས་སྐྱོན་དག་ནས་དངོས་གྲུབ་ཀྱི་ལྟས་གསལ་བའི་མཐུ་ཐོབ་པར་མོས་ལ་ལན་གསུམ་འཐུང་བའི་ལྷག་མ་རྒྱབ་ཏུ་དོར་མཛོད༔ ༀ་ཧྲཱིཿབི་ཤུདྡྷེ་སརྦ་དྷརྨ་སརྦ་པཱ་པཾ་ནི་ཙཪྱ་སརྦ་སཾ་ཤོ་དྷ་ནི་སརྦ་བྷི་ཀ་ལ་ཨ་པ་ན་ཡེ་སྭཱ་ཧཱ༔ ཞེས་བརྗོད་ལ་ལན་གསུམ་སྦྱིན། སྲུང་སྐུད་གདགས་པ་ནི། སྲུང་སྐུད་ལྔ་བསྒྲིལ་རྡོ་རྗེའི་མདུད་པ་དང་ལྡན་པ་སློབ་བུ་རྣམས་ཀྱི་སྒོ་གསུམ་གྱི་བར་ཆད་སྲུང་བའི་ནུས་པ་དང་ལྡན་པར་གྱུར། རྩ་སྔགས་ཤམ་དུ། བཛྲ་རཀྵ་རཀྵ་ཧཱུྃཿཞེས་གདབ་ལ་འདོགས་པ་ནི། ཧཱུྃ༔ ལུས་ལ་བར་ཆད་བསྲུང་བའི་ཕྱིར༔ སྲུང་སྐུད་རྡོ་རྗེའི་མདུད་པ་ཅན༔ ཞི་ཁྲོ་རིགས་བརྒྱའི་ཕོ་བྲང་ཡིན༔ རྡོ་རྗེའི་གོ་ཆ་འདི་བགོས་པས༔ རླུང་མཁྲིས་བད་ཀན་འདུ་བ་སོགས༔ ནད་རྣམས་ཐམས་ཅད་བསྲུང་བར་བྱ༔ དྲི་ཟ་གཤིན་རྗེ་ལ་སོགས་པའི༔ གདོན་གྱི་ཚོགས་རྣམས་བསྲུང་བར་བྱ༔ མེ་དང་ལྕེབ་གྲི་ལ་སོགས་པ༔ གློ་བུར་ཡེ་འདྲོགས་བསྲུང་བར་བྱ༔ བརྒྱད་ཅུ་རྩ་གཅིག་ལ་སོགས་པའི༔ ལྟས་ངན་ཐམས་ཅད་བསྲུང་བར་བྱ༔ འདོད་ཆགས་ཞེ་སྡང་ལ་སོགས་པའི༔ ཉོན་མོངས་ཐམས་ཅད་བསྲུང་བར་བྱ༔ བྱད་ཕུར་རྨི་ལྟས་ངན་པ་སོགས༔ སྒྲུབ་ལ་བར་ཆད་ཐམས་ཅད་སྲུངས༔ སྲུང་བ་རྡོ་རྗེའི་གུར་ཆེན་འདི༔ དབང་སྣོད་བུ་མཆོག་རྡོ་རྗེའི་གུར༔ རྡོ་རྗེའི་ལྟེེ་བར་ཕོ་བྲང་བཅའ༔ བླ་མ་ཡི་དམ་མཁའ་འགྲོ་ཡི༔ དབང་བཞིའི་ཆུ་བོ་གསལ་བར་ཤོག༔ རྩ་སྔགས་མཐར། བཛྲ་རཀྵའི་གཤམ་དུ། ཕོ་གཡོན། མོ་གཡས་སུ་བཏགས་ཤིང་། རྡོ་རྗེ་རྒྱ་གྲམ་གྱིས་རྒྱས་གདབ། ཀུ་ཤ་གཏད་པ་ནི། ཀུ་ཤ་སྤོས་ཆུས་བསང་སྟེ། སྭ་བྷཱ་བའི་སྔགས་བརྗོད། སྟོང་པའི་ངང་ལས་ཀུ་ཤ་སྔོ་ལྗང་རྩ་རྩེ་མ་ཉམས་པ་དངོས་གྲུབ་ཀྱི་ལྟས་མི་འཁྲུགས་ཤིང་དག་བྱེད་མཆོག་ཏུ་དགེ་བར་བྱེད་པའི་ནུས་པ་ཅན་ཏུ་གྱུར། ༀ་ཨཱཿཧཱུྃ་དང་། ༀ་བཛྲ་ཎི་ཏྲི་བྷི་ཤ་ཀེ་དུ་སྭཱ་ཧཱ༔ པྲ་ནི་སྟོན་ཅིག༔ ཅེས་ཅི་འགྲུབ་བཟླས། ཁྱེད་རང་རྣམས་དོ་ནུབ་ལེགས་ཉེས་ཀྱི་ལྟས་མི་འཁྲུགས་པའི་ཕྱིར་ཀུ་ཤ་ཆུང་བ་སྔས་དང་ཆེ་བ་སྟན་གྱི་དོན་ཏུ་ཟུང་ཞིག །ཅེས་ཀུ་ཤའི་ཕོན་པོ་ཆེ་ཆུང་གཉིས་བསྣོལ་མར་བྱིན་ལ། ཧཱུྃཿསྔོན་ཡང་སྟོན་པ་བཅོམ་ལྡན་འདས༔ རྩ་མཆོག་ལ་ནི་སྟན་བྱས་ནས༔ བདུད་བཏུལ་ཆོས་ཀྱི་འཁོར་ལོ་བསྐོར༔ བྱང་ཆུབ་རྡོ་རྗེའི་སྐུ་བརྙེས་ལྟར༔ ཁྱོད་ཀྱང་རྟེན་འབྲེལ་ལ་གནས་མཛོད༔ ༀ་བཛྲ་ཏིག་ན་རཀྵ་བཾ༔ ཞེས་སྦྱིན། དམོད་བོར་པ་འདིའི་རྗེས་ཟློས། ཧཱུྃ༔ བླ་མ་ཡི་དམ་མཁའ་འགྲོ་དང་༔ ཆོས་སྐྱོང་སྲུང་མ་ཐམས་ཅད་ཀྱིས༔ བདག་ལ་དགེ་དང་མི་དགེ་རྣམས༔ རྨི་ལམ་དུ་ནི་གསལ་བར་སྟོན༔ ཅེས་དང་། དོ་ནུབ་བླ་མ་དང་དཀྱིལ་འཁོར་ཕྱོགས་ལ་མགོ་གཏད་ལ༔ སེང་གེའི་ཉལ་སྟབས་ཀྱིས་རྨི་ལམ་བརྟགས་པར་གྱིས་ལ་བཟང་ན་དངོས་གྲུབ་ཀྱི་ལྟས་སུ་ཤེས་པས་སྤྲོ་བ་སྐྱེད། ངན་ན་རྨི་ལམ་བདེན་པར་མ་གྲུབ་པས་སྙིང་པོ་མེད་པར་སོམ། བཟང་ངན་གཉིས་ཀར་ཡང་རེ་དོགས་མེད་པའི་ངང་ལ་ཞོག་ཅིག །དེས་སྔོན་འགྲོ་སྟ་གོན་གྱི་ཆོས་རྣམས་གྲུབ་པ་ལགས་པས་དགེ་བ་གཞན་དོན་དུ་མི་གནས་པའི་བྱང་ཆུབ་ཆེན་པོར་ཡོངས་སུ་བསྔོ་བས་རྒྱས་གདབ་པར་ཞུ། བསོད་ནམས་འདི་ཡིས་སོགས་བརྗོད་ལ་སློབ་མ་རྣམས་གྲོལ། སློབ་དཔོན་གྱིས་འདེགས་པའི་རྒྱ་བཅས། ༀ་བཛྲ་ཨུཏྟིཥྛ། སྟ་གོན་གྱི་ལྷ་རྣམས་ནམ་མཁར་འོད་ཀྱི་དྲྭ་གུར་དུ་བཞུགས་པར་གྱུར་པར་བསམས་ལ། སླར་ཡང་མཆོད་བསྟོད་བསྡུས་ཙམ་བྱེད། ཚོམ་བུ་དང་མཆོད་གཏོར་རྣམས་བསྡུ། རྣམ་རྒྱལ་བུམ་པ་གཙང་སར་སྟེགས་ལ་བཞག །དགེ་བསྔོ་ཤིས་བརྗོད་བྱ་ཞིང་རྒྱུན་གྱི་སྤྱོད་ལམ་ལ་འཇུག་གོ།

དབང་ཆེན་ཟོང་དུ་བཙོང་ལ་མི་མཁོ་ཡང་། །དད་བརྩོན་སྣོད་བཅུད་འཛོམ་ལ་མེད་ཐབས་མེད། །དེ་ཕྱིར་ལག་ལེན་གསལ་བར་བཀོད་པའི་དགེས། །སྐྱེ་ཀུན་དཀྱིལ་འཁོར་འདིར་ཞུགས་སྨིན་གྲོལ་ཤོག །ཅེས་ཞི་ཁྲོའི་སྨིན་དབང་རྒྱས་འབྲིང་གཉིས་ཀར་སྦྱོར་བདེ་བའི་ཕྱིར་ཟུར་ཕྱུང་བཀླགས་པས་གྲུབ་པར་ཤྲཱི་དེ་བཱི་ཀོ་ཊིའི་དབེན་ཁྲོད་དུ་རྒྱལ་དབང་པདྨའི་རྗེས་འཇུག་དུས་ཞབས་ཀྱི་རྣལ་འབྱོར་ཀུ་སཱ་ལི་པདྨ་གར་དབང་བློ་གྲོས་མཐའ་ཡས་ཀྱིས་སྤྱར་བ་དགེ་ལེགས་འཕེལ། །

སྨིན་བྱེད་སྒོ་འབྱེད་དབང་བསྐུར་འབྲིང་པོ་འགྲོ་དྲུག་རང་གྲོལ་ལ་ཁ་སྐོང་ཕྱག་བཞེས་ཀྱིས་བརྒྱན་པ་འབྲེལ་ཚད་རང་གྲོལ།

ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་ལས་སྨིན་བྱེད་སྒོ་འབྱེད་དབང་བསྐུར་འབྲིང་པོ་འགྲོ་དྲུག་རང་གྲོལ་ལ་ཁ་སྐོང་ཕྱག་བཞེས་ཀྱིས་བརྒྱན་པ་འབྲེལ་ཚད་རང་གྲོལ་ཞེས་བྱ་བ་བཞུགས་སོ། །

ན་མོ་གུ་རུ་ཛ་ཡ་དེ་བ་ཀྲོ་དྷི་བྷྱཿགཞོན་ནུ་བུམ་སྐུའི་ཚུལ་བཞུགས་ཞི་བའི་ལྷ། །རྩལ་མདངས་ཧེ་རུ་ཀ་དཔལ་འཁོར་ལོ་དང་། །དེ་ཡི་མགོན་གྱུར་བླ་མ་ཀུན་ཏུ་བཟང་། །རིག་སྟོང་འབྲལ་མེད་ཀློང་དུ་གུས་པས་བསྙེན། །གྲོལ་བ་བཞི་ལྡན་ཟབ་ཆོས་འདིའི་ཕྲིན་ལས། །ཁྱབ་པར་བརྡལ་བས་ཕྱག་ལེན་ཆུ་སྲོལ་སྟོང་། །མཆོག་དམན་དུ་མས་དྲངས་ཕྱིར་ཡིད་བརྟེན་དཀའ། །དེ་ཕྱིར་གཞུང་དོན་འཁྲུལ་མེད་བསྙད་ལ་སྤྲོ། །ཐོས་གྲོལ་ཆེན་མོར་གྲགས་ཤིང་མཚན་མཆོག་དོན་དང་ལྡན་པའི་ཟབ་ཆོས་འདིའི་སྨིན་བྱེད་བཀའ་རྫོགས་སུ་བསྐུར་བ་དང་། རྒྱས་འབྲིང་བསྡུས་གསུམ་གང་འདོད་ཁོལ་འདོན་དུ་བྱ་བའི་ཚུལ་གཉིས་ལས། དང་པོ་ལྟར་ན་བདག་བསྐྱེད་སྔོན་དུ་འགྲོ་བས། ས་ཆོག །ལྷ། བུམ་པ། སློབ་མ་སྟ་གོན་རྣམས་སྔོན་འགྲོ་རིན་ཆེན་སྒྲོན་མེ་ལ་བརྒྱུད་པའི་བླ་མ་རྣམས་ཀྱིས་ཁྲིགས་སུ་མཛད་པ་ལྟར་སྔོན་དུ་སོང་ནས། སྔགས་ཀྱི་སྣོད་རུང་དུ་བྱ་བ་འགྲོ་དྲུག་རང་གྲོལ་གྱི་དབང་བསྐུར། དེ་ནས་དབང་གི་དངོས་གཞི་འཕྲད་ཚད་རང་གྲོལ་མཆོག་དབང་གོང་མ་གསུམ་དང་བཅས་པ། མཐའ་རྟེན་གཏོར་དབང་རྒྱལ་སྲིད་རྟགས་བརྒྱད་དབང་རྣམས་རྫོགས་པར་བྱ་བ་ཡིན་ལ། གཉིས་པ་ལྟར་ན། རྒྱས་པ་འཕྲད་ཚད་རང་གྲོལ་ལ་སྨིན་དབང་སྐབས་སྟ་གོན་དང་དབང་གོང་མ་སྦྱར་བ་དང་། ཁྲོམ་དབང་ལྟ་བུར་སྟ་གོན་མེད་པའི་འཇུག་པ་དང་བུམ་དབང་ཚང་བ་ལ་མཐའ་བརྟེན་གཏོར་དབང་སོགས་སྦྱར་། འབྲིང་པོ་འགྲོ་དྲུག་རང་གྲོལ་ལ་སྟ་གོན་སྦྱོར་མིན་སྐབས་དང་བསྟུན། དངོས་གཞིའི་དབང་བཞི་རྒྱས་པ་ནས་སྙིང་པོར་བསྡུས་ཏེ་སྦྱར། བསྡུས་པ་གཏོར་དབང་རེག་པ་དོན་ལྡན་རྒྱ་བཙུན་པ་དང་ཆགས་མེད་རིན་པོ་ཆེའི་བསྒྲིགས་ཆོག་སོགས་དང་བསྟུན་ནས་བསྐུར་བའི་ཕྱག་རྒྱུན་མཆིས་པ་དེ་དག་ཐམས་ཅད་གཞུང་གི་དགོངས་པ་མ་འཁྲུལ་ཞིང་རྣམ་པར་དག་པའི་ཕྱག་ལེན་ཡིན་ནོ། །འདིར་དབང་བསྐུར་འབྲིང་པོ་ཉིད་བཀླགས་ཆོག་ཏུ་འགོད་པར་བྱ་སྟེ། དེའང་དབང་རྒྱུན་ལ་མཁོ་བའམ་སྤྲོས་པ་ལ་དགའ་ན་སྔོན་འགྲོ་རིན་ཆེན་སྒྲོན་མེའི་ཆོག་ཁྲིགས་ཟུར་གསལ་ལྟར་སྔོན་དུ་སྦྱར་ནས་འདིར་འཇུག །དཀྱུས་ཙམ་དུ་དེ་དག་མ་སྦྱར་ཡང་ཆོག་པས་ལག་ལེན་དངོས་བཤད་པ་ལ་གསུམ། སྔོན་འགྲོ། དངོས་གཞི། རྗེས་ཀྱི་བྱ་བའོ། །དང་པོ་ལ་གཉིས། དཀྱིལ་འཁོར་བཤམ་བཀོད། སྒྲུབ་པའི་ཕྲིན་ལས་ཇི་ལྟར་བྱ་བའོ། །དང་པོ་ནི། གནས་ཁང་རྒྱན་གྱིས་སྤྲས་ཤིང་སྐུ་གསུང་ཐུགས་ཀྱི་རྟེན་བཀྲམས་པའི་མདུན་དུ། སྟེགས་བུ་བང་རིམ་དང་ལྡན་པའི་དབུས་སུ་རས་བྲིས་ཀྱི་དཀྱིལ་འཁོར་བཀོད། དེ་སྟེང་མཉྫི་ལྟ་བུའི་ཁྲིའུ་ལྔའི་དབུས་སུ་བུམ་པ་མགུལ་ཆིངས་མཐིང་ག་ཅན་ལ་ནང་བཅུད་སྨན་ལྔ། ཤར་བུམ་དཀར་པོ་དང་འབྲུ་ལྔ། ལྷོ་བུམ་སེར་པོ་དང་རིན་ཆེན་ལྔ། ནུབ་བུམ་དམར་པོ་དང་དྲི་ལྔ། བྱང་བུམ་ལྗང་གུ་དང་སྙིང་པོ་ལྔ། ཐམས་ཅད་དྲི་བཟང་གི་ཆུས་སུམ་ཆ་བཀང་ཞིང་ཁ་རྒྱན་གཟུངས་རྡོར་བཅས་པའི་མདུན་དུ་དུང་ཞལ། དབུས་བུམ་སྟེང་འཕྲུལ་སྟེགས་ལ་དཔལ་གཏོར་རི་རབ་མར་གྲགས་པའམ། གཞུང་གསལ་གཏོར་མ་ཟླུམ་པོ་པདྨ་འདབ་བརྒྱད་གྱིས་བསྐོར་ཞིང་རྩེར་རྡོ་རྗེ་ཕྱེད་པ། གཡས་གཡོན་དུ་ཉི་ཟླས་བརྒྱན་ཅིང་དཀར་ཐིག་དམར་གུར་གྱིས་སྤྲས་པ་ལ་སྐུ་ཙཀ་དར་གདུག །ཁ་ཟས་བཟང་དགུ་དང་བཅས་པ་བཀོད། དབུས་བུམ་མདུན་དུ་ལྷ་དབང་ཙཀླི་ཚང་བ། གཞན་ཡང་གནས་སྤར་དབང་ཙཀ་དབུ་རྒྱན། རྡོ་རྗེ། དྲིལ་བུ། མིང་དབང་། གསང་ཐོད་བདུད་རྩི་མངར་གསུམ་ཆོས་སྨན་སྦྱར་བ། རིག་ཙཀཤེལ་རྡོ། མེ་ལོང་། རྨ་བྱའི་མདོངས་ཐིག་ངོ་སྤྲོད་ཆས། རྒྱལ་སྲིད་རྟགས་བརྒྱད་རྣམས་ཀྱང་ཕྱག་ལེན་བཞིན་ཕྱོགས་ཕྱོགས་སུ་བཀོད། བྱང་ཤར་དུ་ལས་བུམ་མགུལ་ཆིངས་དཀར་པོ་ཅན་དྲི་བཟང་དང་ཉེར་ལྔའི་བཅུད་ལྡན། མདུན་ངོས་དམ་ཅན་སྡེ་བདུན་གཏོར་འབུལ་དང་། སྨན་རག་གཏོར་གསུམ། ཆུ་གཉིས་ཉེར་སྤྱོད་གཡས་བསྐོར་དུ་སྐོར་བཤམས། མཐའ་བསྐོར་དུ་འབྱོར་པས་ལྕོགས་ན་སྨན་རག་གཏོར་གསུམ་དང་། ཕྱི་མཆོད་རྣམ་བདུན་རེ་རེ་བཞིན་བརྒྱ་རྩ་བརྒྱད་རེ། མ་ལྕོགས་ན་སྨན་རཀ་གཏོར་གསུམ། མར་མེ་བཅས་བརྒྱ་རྩ་གལ་ཆེ་བས་བང་རིམ་རྣམས་ལ་བཀོད། ཕུར་པ། རལ་གྲི། རྒྱལ་མཚན་སོགས་རྒྱན་རྫས་རྣམས་ཀྱང་ཕྱོགས་ཕྱོགས་བཀྲམ། སྤྲོས་པ་བསྡུ་ཞིང་འབྱོར་པ་དང་ལོངས་ཁྱབ་དམན་ན་བུམ་པ་ལྔ་པོ་གཅིག་ལ་བསྡུ་བ་དང། བརྒྱ་རྩ་རྣམས་མི་བཤམ་པའི་ཕྱག་ལེན་ཀྱང་སྣང་། གང་ལྟར་སྔོན་གཏོར་དཀར་བགེགས། ཚོགས་ཀྱི་ཡོ་བྱད། བསྐུལ་གཏོར། ཆད་བསྟན། གུལ་ཡུངས། སྤོས་རོལ་སོགས་དགོས་པའི་ཡོ་བྱད་མ་ཚང་བ་མེད་པ་ཉེར་བསྡོགས་སུ་བྱའོ། །གཉིས་པ་ནི། ཚིག་བདུན་གསོལ་འདེབས། བརྒྱུད་འདེབས། སྐྱབས་སེམས། རྡོར་དྲིལ་བསང་ཆུ་སོགས་བྱིན་བརླབ། དཀར་བགེགས་བསྔོ་བ་རྣམས་སྤྱི་ལྟར་བྱས་ནས། ལས་བྱང་ཆེ་ཆུང་གང་ཡང་རུང་བའི་མཚམས་གཅོད་ནས་བརྩམས་ཏེ་རིམ་པར་བཏང་། བསྐྱེད་རིམ་དངོས་གཞི་བདག་མདུན་དབྱེར་མེད་སྣང་སྲིད་གཞིར་བཞེངས་དག་པ་རབ་འབྱམས་སུ་བསྒོམ། བཟླས་པའི་སྐབས་མདུན་དཀྱིལ་གྱི་གོ་སར་ཛ྄བ་ཁང་ཕྱེས་ལ། བདག་མདུན་གཉིས་ཀར་ཏིང་ངེ་འཛིན་གྱི་འཕྲོ་འདུ་བཅས་ཛ྄བ་བསྙེན་རྒྱས་པའམ། སྤྱི་དྲིལ་བོ་དྷི་ཙིཏྟ་ཅི་ནུས་བཟླས་གྲུབ་ནས་བུམ་པ་ལྔ་ཡོད་ན་ཕྱོགས་སོ་སོར་རིགས་ལྔ་སོ་སོའི་ཞི་ཁྲོའི་ཚོམ་བུ་གསལ་གདབ་སྟེ། བུམ་པ་རང་བྱུང་གི་གཞལ་ཡས་ཁང་དུ་ལྷ་རྣམས་དྭངས་པའི་མཚོ་ལ་གཟའ་སྐར་ཤར་བ་བཞིན་སྐད་ཅིག་གིས་གསལ་བར་གྱུར། རང་སྲོག་སྔགས་ཀྱི་འོད་ཟེར་གཟུངས་ཐག་ལ། །འཁྲིལ་ཏེ་བུམ་པའི་ལྷ་ཚོགས་ཐུགས་ཀར་ཞུགས། །དེ་དག་སྐུ་ལས་བྱང་སེམས་བདུད་རྩིའི་རྒྱུན། །བབས་པས་བུམ་ཆུར་དབྱེར་མེད་རོ་གཅིག་གྱུར། །ཅེས་གཟུངས་ཐག་བླངས་ལ་བུམ་བཟླས་སྤྱི་དྲིལ་ཅི་ནུས་བྱ། མཐར་དབྱངས་གསལ་ཡིག་བརྒྱ་རྟེན་སྙིང་ལན་གསུམ་གྱིས་ཁ་སྐོང་དང་མཆོད་བསྟོད་ཕུལ། རྟོགས་པ་དམན་ན་ཛ྄བ་ཁང་སྐབས་འདིར་མི་བསྡུ་བར་མདུན་དཀྱིལ་དབང་ལེན་པའི་རྟེན་དུ་འཇོག །དུང་ཞལ་གྱི་ཆུ་བུམ་པར་ཕུལ་ལ། ༀ་ཨཱཿཧཱུྃ། བུམ་པའི་ལྷ་རྣམས་འོད་དུ་ཞུ་ནས་བུམ་ཆུ་དང་དབྱེར་མེད་དུ་འདྲེས་པ་རྡོ་རྗེ་བདུད་རྩིའི་རང་བཞིན་དུ་གྱུར། ལས་བུམ་བསངས་སྦྱངས། སྟོང་པའི་ངང་ལས་ལས་ཀྱི་བུམ་པ་མཚན་ཉིད་ཕུན་སུམ་ཚོགས་པའི་དབུས་སུ་པད་ཟླའི་གདན་ལ་ཧཱུྃ་ལས་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ་རྡོ་རྗེ་དང་དྲིལ་བུ་འཛིན་པ། དར་དང་རིན་པོ་ཆེས་བརྒྱན་ཅིང་། ཞབས་རྡོ་རྗེའི་སྐྱིལ་ཀྲུང་དུ་བཞུགས་པའི་གནས་གསུམ་ལས་འོད་འཕྲོས། ཡེ་ཤེས་པ་སྤྱན་དྲངས། ༀ་བཛྲ་ས་མཱ་ཡ་ཛཿཛཿཧཱུྃ་བཾ་ཧོཿ གཉིས་སུ་མེད་པར་གྱུར། སླར་ཡང་ཐུགས་ཀའི་འོད་ཀྱིས་རིགས་ལྔ་འཁོར་བཅས་སྤྱན་དྲངས་དེ་རྣམས་ཀྱིས་བདུད་རྩིའི་བུམ་པས་དབང་བསྐུར། སྐུ་གང་དྲི་མ་དག །ཆུའི་ལྷག་མ་ཡར་ལུད་པ་ལས་མི་བསྐྱོད་པ་གཙོ་བོར་གྱུར་པའི་རིགས་ལྔས་དབུ་བརྒྱན་པར་གྱུར། ཐུགས་ཀར་ཟླ་བའི་སྟེང་དུ་ཧཱུྃ་ལ་ཡི་གེ་བརྒྱ་པས་བསྐོར་བ་ལས་བདུད་རྩིའི་ཆུ་རྒྱུན་བྱུང་བས་བུམ་པ་གང་བར་གྱུར། ཡིག་བརྒྱ་ཉེར་གཅིག་ཙམ་བཟླས་རྗེསཨརྒྷཾ༴ནས། ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ། རྡོ་རྗེ་སེམས་དཔའ་སེམས་དཔའ་ཆེ། །རྡོ་རྗེ་དེ་བཞིན་གཤེགས་པ་ཀུན། །རྡོ་རྗེ་དང་པོ་ཀུན་ཏུ་བཟང་། །ཕྱག་མཚན་རྡོ་རྗེ་སེམས་དཔའ་ལའོ། །ཞེས་མཆོད་བསྟོད་བྱ། ལྷ་འོད་དུ་ཞུ་བ་ལས་བྱུང་བའི་བདུད་རྩིའི་ཆུས་བུམ་པ་གང་བར་གྱུར། དེ་ནས་བཀའ་སྲུང་སྡེ་བདུན་ལས་བྱང་དང་གཏོར་འབུལ་བསྡུས་པ་གང་འགྲུབ་བྱ། ཆོ་ག་རྒྱས་པའི་སྐབས་བརྒྱ་ཕྱག །ཡིག་བརྒྱའི་བསྒོམ་བཟླས་ཀློང་བཤགས་བཅས་བཏང་། བསྡུ་ན་ཡེ་ཤེས་སྐུ་མཆོག་ཙམ་བརྗོད། དེ་ནས་སྐོང་ཆོག་རྒྱས་བསྡུས་གང་རུང་ཕྱག་རྒྱུན་ལྟར་སྦྱར་ལ་ཚོགས་བྱིན་བརླབ་ནས་བསྒྲལ་བསྟབ་བར་བཏང་། སྤྱི་རྒྱུག་རིག་པའི་མེ་ཏོག་དོར་བའམ། ཀུན་བཟང་དགོངས་འདུས་ལས་འབྱུང་བའི་ཞི་ཁྲོའི་བདག་དབང་བླང་བ་གང་རུང་དང་སློབ་མ་འཇུག་པར་གནང་བ་ཞུ་བ་རྣམས་བྱའོ། །གཉིས་པ་དངོས་གཞི་དབང་གི་རིམ་པ་ལ་ལྔ། འཇུག་པའི་ཆོ་ག །སྔོན་འགྲོ་སྣོད་རུང་གི་དབང་། དངོས་གཞི་སྤྲོས་བཅས་བུམ་དབང་ཆེན་མོ། མཆོག་དབང་གོང་མ། མཐའ་རྟེན་གཏོར་དབང་ལ་སོགས་པའོ། །དང་པོ་ནི། ཐོག་མར་ལས་ཀྱི་སློབ་དཔོན་གྱིས་ལས་བུམ་ཐོགས་སློབ་མ་རྣམས་སྒོའི་ཕྱི་རོལ་དུ་འཁོད་ལ་ཁྲུས་བྱ་ཞིང་། ཧཱུྃཿརྒྱུ་དྲུག་ནད་གདོན་སྒྲིབ་སྦྱོང་ཕྱིར༔ བུམ་ཆུ་བཀྲ་ཤིས་ཆུ་རྒྱུན་གྱིས༔ སྐལ་ལྡན་བུ་ཡི་སྒོ་གསུམ་བཀྲུ༔ མི་མཐུན་ཞི་ནས་སྣོད་རུང་ཤོག༔ ༀ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊ༔ སྡིག་པ་དང་སྒྲིབ་པ་ཐམས་ཅད་སརྦ་པཱ་པཾ་ད་ཧ་ན་ཤཱནྟི་ཾཀུ་རུ་ཡེ་སྭཱ་ཧཱ༔ ཞེས་བཀྲུའོ། །གླུད་གཏོར་བྲན་ལ་ལས་བྱང་གི་སྔོན་འགྲོའི་སྐབས་ལྟར་བྱིན་བརླབས་ནས་བསྔོ། ནང་དུ་ཞུགས་ནས་སློབ་དཔོན་ཀྱིས་ལས་བྱང་ལྟར་བགེགས་བསྐྲད་འདོན། གུ་གུལ་བདུག །ཡུངས་ཐུན་རོལ་མོ་སོགས་ཀྱིས་བགེགས་བསྐྲད་ལ་སྲུང་འཁོར་འདོན་བསྒོམ་བྱ། ཕྱག་བྱས་གྲལ་དུ་འཁོད་ནས་མེ་ཏོག་བཀྱེ་བསྡུ་བྱས་ལ། འོ་སྐལ་པ་དང་ལྡན་པའི་མཆེད་ལྕམ་རྣམས་གསོན་ཅིག །འདི་ལྟར་ནམ་མཁའི་ཁམས་ལ་ཚད་དང་མཐའ་མེད་པ་བཞིན་དུ་སེམས་ཅན་གྱི་ཁམས་ཀྱང་དེ་དང་འདྲ། དེ་ཐམས་ཅད་རང་གི་ཕ་མར་མ་གྱུར་པ་ནི་གཅིག་ཀྱང་མེད་ལ། ཐམས་ཅད་ཀྱང་འཁོར་བའི་རྒྱ་མཚོ་གཏིང་མཐའ་མེད་པར་སྡུག་བསྔལ་གྱི་རྒྱུ་འབྲས་ཤ་སྟག་ལ་འཁོར་མོ་ཡུག་ཏུ་སྤྱོད་ཅིང་ཐར་བའི་དུས་མེད་པ་ལ་མི་བཟོད་པའི་བྱམས་པ་དང་སྙིང་རྗེ་ཆེན་པོའི་སེམས་སྔོན་དུ་འགྲོ་བས། དེ་རྣམས་བདག་ཁོ་ནས་འཁོར་བ་དང་ངན་སོང་ལས་བསྒྲལ་ཏེ་ཐར་པ་བླ་ན་མེད་པ་ཁྱབ་བདག་གདོད་མའི་མགོན་པོའི་གོ་འཕང་ལ་དགོད་པར་བྱ། དེའི་ཆེད་དུ་ཞི་ཁྲོ་དགོངས་པ་རང་གྲོལ་གྱི་སྨིན་བྱེད་ཟབ་མོ་ནོད་པར་བགྱིའོ་སྙམ་པའི་སེམས་བསྐྱེད་གསལ་བཏབ་ནས་དབང་བསྐུར་ཞུ་བའི་ཡོན་དུ་དམིགས་ཏེ་ཐོག་མར་མཎྜལ་འབུལ་བར་ཞུ། ཞེས་མཎྜལ་འབུལ་གཞུག །ཇི་སྐད་དུ། གང་གིས་གསོལ་བ་མ་བཏབ་པར། །དེ་ཡི་རིགས་སུ་སྐྱེ་བ་མེད། །ཅེས་གསུངས་པས། ཁྱེད་རང་རྣམས་སྙིམ་པ་མེ་ཏོག་དང་བཅས་པའི་ཐལ་མོ་སྦྱོར་ལ་གུས་པའི་ཡིད་རྩེ་གཅིག་པས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཨེ་མ་མགོན་པོ་ཐུགས་རྗེ་ཅན༔ རིགས་དྲུག་གནས་སུ་ལྟུང་བ་ཡི༔ སྐྱབས་བྲལ་མགོན་མེད་སེམས་ཅན་ལ༔ ཐུགས་རྗེའི་ལྕགས་ཀྱུས་བཟུང་དུ་གསོལ༔ ལན་གསུམ།

སྐབས་འདིར་ཤེས་ཤིང་སྤྲོ་ན་གཞུང་ལས་དངོས་སུ་གསུངས་པ་ལྟར་དལ་འབྱོར་རྙེད་དཀའ། ཆོས་ཀྱི་ཆེ་བ་སོགས་དྲང་དོན་ངེས་དོན་གྱི་ཆོས་བཤད་ཅི་རིགས་བྱ། མདོར་བསྡུ་ན། དེའང་རྣམ་པ་ཐམས་ཅད་མཁྱེན་པ་སངས་རྒྱས་ཀྱི་གོ་འཕང་སྒྲུབ་པ་ལ་དལ་འབྱོར་དང་ལྡན་པའི་མི་ལུས་རིན་པོ་ཆེ་འདི་ལ་མ་བརྟེན་པར་ཐབས་གཞན་གྱིས་བསྒྲུབ་མི་ནུས་ཤིང་། ལུས་རྟེན་འདིའང་རྙེད་པར་དཀའ། འཇིག་པར་སླ། དམ་པའི་ཆོས་དང་འཕྲད་པ་ནི་དེ་བས་ཀྱང་དཀའ་ཞིང་། ཁྱད་པར་གསང་སྔགས་རྡོ་རྗེ་ཐེག་པ་དང་མཇལ་བ་ནི་ཨུ་དུམ་ཝ་རའི་མེ་ཏོག་ལྟར་ཆེས་རྙེད་པར་དཀའ་བ་ཡིན། ད་རེས་ངེས་པའི་ཐེག་པ་གསང་ཆེན་བླ་ན་མེད་པ་འདི་ལྟ་བུའི་སྒོར་ཞུགས་སུ་ཡོད་པ་ནི་སྐལ་བ་ཤིན་ཏུ་བཟང་བ་ཡིན་པས་དགའ་སྤྲོ་དད་གུས་ཚད་མེད་པ་བསྐྱེད་ལ་རྩེ་གཅིག་པའི་ཡིད་ཀྱིས་གསན་འཚལ། གསན་བྱའི་ཆོས་གསང་སྔགས་སྔ་འགྱུར་བའི་རང་སྐད་ཐེག་དགུའི་རྩེ་རྒྱལ་ཡོ་ག་རྣམ་པ་གསུམ་དུ་གྲགས་པ་ལས། འདིར་རྒྱུད་ལུང་མན་ངག་གསུམ་ཀའི་དགོངས་བཅུད་གཅིག་ཏུ་དྲིལ་བ་རྒྱལ་བ་ཞི་ཁྲོ་རབ་འབྱམས་ཀྱི་དཀྱིལ་འཁོར་དུ་བསྐྱེད་རྫོགས་རྣམ་པ་གསུམ་གྱི་སྒོར་ཞུགས་པའི་རྣལ་འབྱོར་པ་རྣམས་ཀྱི་ཉམས་ཆག་སྐོང་ཞིང་རྟོག་སྒྲིབ་སྦྱོང་བ་དང་། སེམས་ཅན་ཐམས་ཅད་ངན་སོང་གི་སྡུག་བསྔལ་ལས་དྲངས་ནས་བླ་ན་མེད་པའི་དངོས་གྲུབ་ཀྱི་སྐལ་བ་ཅན་དུ་བྱེད་པའི་ཐབས་མཆོག་རྨད་དུ་བྱུང་བ་རྣལ་འབྱོར་སྤྱི་ཁྲུས་ན་རཀ་དོང་སྤྲུགས་མཚམས་མེད་ལྔ་སྦྱོང་གི་དབང་བསྐུར་བ་སྐབས་སུ་བབས་པ་ཡིན་དེའང་འགྱོད་ཚངས་ཀྱི་རྒྱལ་པོ་འདི་ཉིད་ཇི་ལྟར་བྱུང་བའི་ཚུལ་ནི། སྔོན་འདོད་ཁམས་ཀྱི་གནས་འདི་ན་བྲམ་ཟེ་དུང་གི་ཕྲེང་བ་ཅན་ཞེས་བྱ་བ་རིག་པའི་གནས་ལྔ་ལ་བྱང་བ་ཞིག་ལ། སློབ་མ་རྒྱལ་པོའི་བུ་ཞིག་ཡོད་པ་དེས་སློབ་སྦྱོང་རྣམས་མཐར་ཕྱིན་པ་ན། ད་ནི་ངའི་གོང་ན་རིག་པ་སྨྲ་བ་སློབ་དཔོན་འདི་ཙམ་དུ་ཟད་པས། འདི་ཉིད་གོང་དུ་མི་གཏོང་ངོ་སྙམ་དུ་བསམ་ནས། སློབ་དཔོན་ལ་མི་འཚམས་པའི་ལས་རྔམས་པོ་ཆེས་ཐོ་བརྩམས་ཤིང་། སློབ་དཔོན་གྱིས་ཀྱང་རང་གི་སློབ་མ་རྒྱལ་པོའི་ཕྲུ་གུ་དེས་ཕྲག་དོག་གི་སྦྱོར་བ་བྱས་པར་ཤེས་ཏེ། ཞེ་སྡང་གིས་དམོད་བོར་བའི་ལས་དེས་གཉིས་ཀ་ངན་སོང་དུ་ལྟུང་ནས་སྡུག་བསྔལ་དྲག་པོས་ཉམ་ཐག་པར་གྱུར་ཏོ། །དེའི་ཚེ་རྒྱལ་བ་རྣམས་ཀྱིས་དེ་ཉིད་འདུལ་བའི་དུས་ལ་བབས་པར་དགོངས་ཏེ། ཀུན་ཏུ་བཟང་པོའི་བྱིན་རླབས་ལས་དཔལ་རྡོ་རྗེ་སེམས་དཔར་སྤྲུལ་ནས་དེ་ལ་འགྱོད་ཚངས་ཀྱི་བཤགས་པ་དང་། ཡི་གེ་བརྒྱ་པའི་སྔགས་བསྟན་པས་སྔོན་གྱི་བག་ཆགས་དང་རྣམ་སྨིན་དྲན་ཏེ་འགྱོད་པ་དྲག་པོ་སྐྱེས་པ་ལ། རྣམ་པར་སྣང་མཛད་ཀྱི་བྱིན་རླབས་ཀྱིས་བཅོམ་ལྡན་འདས་གསང་བའི་བདག་པོར་མངོན་པར་སྤྲུལ་ནས་ཕྱི་ནང་གསང་བའི་དབང་བསྐུར་བས། བྲམ་ཟེ་དང་རྒྱལ་བུ་དེའི་བྱང་ཆུབ་ཀྱི་མྱུ་གུ་སྔོ་སྐམ་དུ་གྱུར་པ་སླར་ཡང་གསོས་ནས། ཀུན་གཞི་བྱང་ཆུབ་ཀྱི་སེམས་དང་འཕྲད་དེ་འབད་པས་རིག་འཛིན་གྱི་ས་ལ་རིམ་གྱིས་གནས་པར་གྱུར་ཏོ། །ཆོས་ཚུལ་ཟབ་མོ་དེ་ཉིད་མིའི་ཡུལ་དུ་བྱུང་བའི་ཚུལ་ནི། ཐུབ་པའི་དབང་པོ་མྱ་ངན་ལས་འདས་ནས་ལོ་ཉི་ཤུ་རྩ་བརྒྱད་ན་གསང་བདག་གིས་རི་མ་ལ་ཡའི་རྩེར་རིགས་ཅན་དྲྭ་མ་ལྔ་ལ་ཆོས་འཁོར་བསྐོར་བའི་བྱིན་རླབས་ཀྱིས་རྒྱལ་པོ་ཛཿལ་རྨི་ལྟས་བདུན་མངོན་དུ་སྣང་བ་ལས། དངོས་སུ་ཏནྟྲ་སྡེ་བཅོ་བརྒྱད་དང་། ཀལྤ་དུམ་བུའི་རྒྱུད་སོགས་ཀྱི་གླེགས་བམ་ཆར་དུ་བབས། དེས་ཀུ་ཀུ་རཱ་ཛ་སོགས་ལ་བཤད་ཅིང་རིམ་པར་བརྒྱུད་པ་དང་། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་དགའ་རབ་རྡོ་རྗེ་ལ་ཨ་ཏི་ཡོ་གའི་སྐོར་རྣམས་གནང་། དེས་ཤྲཱི་སེང་ཧ་ལ་བརྒྱུད། སྔ་ཕྱི་ཐམས་ཅད་སངས་རྒྱས་སྣང་བ་མཐའ་ཡས་ཀྱི་སྤྲུལ་པའི་སྐུ་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་ལ་བཀའ་བབས། དེ་ཉིད་གདོང་མར་བོད་ཀྱི་མགོན་དུ་བྱོན་ནས་གསང་ཆེན་ཐེག་པའི་ཆོས་འཁོར་དཔག་ཏུ་མེད་པ་བསྐོར་བའི་ཚེ་སྐལ་ལྡན་རྗེ་འབངས་རྣམས་ལ་སོ་སོའི་སྐལ་བ་དང་མཚམས་པའི་ཞི་ཁྲོའི་བསྐྱེད་རྫོགས་མང་དུ་བསྟན་ཅིང་། ཕལ་ཆེར་མ་འོངས་པའི་དོན་དུ་ཟབ་མོའི་གཏེར་དུ་སྦས་པ་ལས། འདི་ནི་བོད་ཡུལ་ལ་སྐུ་དངོས་ཀྱིས་འདུལ་བའི་མཛད་པ་མཐར་ཕྱིན་དུ་ཉེ་བའི་སྐབས་ཤིག །མངའ་བདག་ཡབ་སྲས་དང་། ལོ་ཙཱ་བ་ཅོག་རོ་ཀླུའི་རྒྱལ་མཚན་སོགས་ཀྱི་གསེར་གཡུའི་མཎྜལ་ཕུལ་ནས་ཁྱེད་ཀྱི་ཐུགས་རྗེའི་བཀའ་དྲིན་ལ་དུས་སྐབས་མ་མཆིས་ཤིང་། སྔོན་ཆད་ཀྱང་ཐེག་པ་ཕྱི་ནང་གི་ཆོས་ཀྱི་སྒྲོན་མེ་དཔག་ཏུ་མེད་པ་ཐུགས་ལ་བཏགས་མོད་ཀྱང་། ད་དུང་ཡང་བདག་ཅག་རྗེ་བློན་གྲོགས་འབངས་རྣམས་དང་། མ་འོངས་སྙིགས་དུས་འགྲོ་བ་རྣམས་ཀྱི་དོན་དུ་ཐེག་པ་ཕྱི་ནང་གི་ཆོས་ཐམས་ཅད་ཀྱི་འགག་དོན་གཅིག་ཏུ་དྲིལ་ནས་ཚེ་གཅིག་ལ་སངས་རྒྱས་པའི་ཆོས། ཡུན་རིང་པོར་དཀའ་སྤྱད་སྙིང་རུས་ཀྱི་འབད་རྩོལ་ལ་མ་ལྟོས་པར། ཐོས་པ་ཙམ་གྱིས་གྲོལ་བའི་ཆོས་ཟབ་ཅིང་ཉུང་ལ་དོན་འདུས་པ་ཞིག་བཀའ་སྩལ་དུ་གསོལ། ཞེས་གདུང་ཤུགས་དྲག་པོས་གསོལ་བ་བཏབ་པས། སློབ་དཔོན་ཆེན་པོས། ཀྱེ་མ་མངའ་བདག་རྒྱལ་པོ་ཡབ་སྲས་རྗེ་བློན་རྣམས་ཀྱི་ཐུགས་བཞེད་ལྟར་དཔལ་ཀུན་ཏུ་བཟང་པོའི་དགོངས་པ་མངོན་དུ་ཕྱུང་བ་རྫོགས་པ་ཆེན་པོའི་རྒྱུད་འབུམ་ཕྲག་དྲུག་ཅུ་རྩ་བཞིའི་གནད་འགག་གཅིག་ཏུ་དྲིལ་ནས། ཐོས་པ་ཙམ་གྱིས་ངན་སོང་གི་སྐྱེ་སྒོ་གཅོད་པ། གོ་བ་ཙམ་གྱིས་བདེ་ཆེན་གྱི་ས་ལ་གཤེགས་པ། དོན་ཡིད་ལ་བྱེད་པ་རྣམས་ནི་ལྷུན་གྱིས་གྲུབ་པའི་རིག་འཛིན་ཕྱིར་མི་ལྡོག་པའི་ས་ལ་གཤེགས་པར་བྱེད་པ། གང་འབྲེལ་ཐམས་ཅད་དོན་ཆེན་དང་ལྡན་པའི་ཆོས་དེ་ལྟ་བུ་ཞིག་བདག་ལ་ཡོད་ཀྱང་། གདུལ་བྱ་བློ་ཆུང་ཐེག་དམན་གྱི་རིགས་སྐལ་མེད་ལོག་ལྟ་ཐེ་ཚོམ་ཅན་གྱི་བློར་མི་ཤོང་ནས། སླར་སྐུར་པ་འདེབས་པས་ངན་སོང་དུ་འཕེན་པས་ན། ཁྱེད་རྣམས་ཀྱིས་རླུང་ཕྱོགས་ཙམ་ཡང་གཞན་ལ་མ་བསྒྲགས་ཤིག །མ་འོངས་སྙིགས་དུས་ཀྱི་དོན་དུ་གཏེར་ལ་སྦ་བར་བྱའོ་ཞེས་གསུངས་ནས། ཆོས་ཐམས་ཅད་ཀྱི་མདོ་འགག་དྲིལ་ནས་ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་ཞེས་བྱ་བར་མཚན་གསོལ་ཏེ་ལོ་ཙཱ་བ་ཀླུའི་རྒྱལ་མཚན་གྱི་སྐལ་བར་གནང་། མ་འོངས་སྙིགས་དུས་ཀྱི་འགྲོ་བ་བསོད་ནམས་དམན་པ་རྣམས་ལ་དགོངས་ཏེ། དྭགས་ལ་སྒམ་པོའི་རི་ལྷ་བྲན་གར་བྱེད་པ་འདྲ་བའི་གནས་སུ་གཏེར་དུ་སྦས་པ། ཕྱིས་དུས་ལ་བབས་པའི་ཚེ་ལོ་ཙཱ་བ་ཉིད་ཀྱི་སྐྱེ་མཐའ་གཏེར་སྟོན་གྲུབ་ཐོབ་ཆེན་པོ་ཀརྨ་གླིང་པས་ཐུགས་རྗེ་ཆེན་པོ་པད་མ་ཞི་ཁྲོའི་ཆོས་སྐོར་དང་ལྷན་ཅིག་སྤྱན་དྲང་ཏེ། སྐུའི་སྲས་ཉི་ཟླ་ཆོས་རྗེ་སོགས་ལུང་ཟིན་གྱི་གཏེར་སློབ་བཅུ་བཞི་ལ་པད་མ་ཞི་ཁྲོའི་སྐོར་དང་ཐུན་མོང་གི་རྫོགས་རིམ་བར་དོ་ཁྲིད་དྲུག་སོགས་གནང་། ཞི་ཁྲོ་དགོངས་པ་རང་གྲོལ་གྱི་ཆོས་སྐོར་རྣམས་བཀའ་རྒྱ་དམ་པས་སྲས་ཁོ་ན་ལ་བཀའ་ཕལ་ཆེར་ཚང་བ་དང་། ལུང་ཟིན་གྱི་སློབ་མ་མཆོག་གྱུར་གྲུབ་ཐོབ་དངོས་གྲུབ་རྒྱ་མཚོ་ལ་དབང་བཞི་ཡོངས་རྫོགས། འོག་སྒོ་བདེ་ཆེན་རང་གྲོལ་རྫོགས་པར་གནང་། གཉིས་ཀ་བརྒྱུད་པ་གསུམ་གྱི་བར་དུ་གཅིག་བརྒྱུད་ལས་མི་སྤེལ་བའི་བཀའ་རྒྱས་བཏབ། ཉི་ཟླ་ཆོས་རྗེས་རྩི་དཀར་དྲུང་པ་མཁས་གྲུབ་ཉི་ཟླ་འོད་ཟེར་ལ་གནང། དེས་ལྷ་ལྕམ་གང་འབུམ་གྱི་སྐྱེ་བ་རྒྱ་ར་བ་ནམ་མཁའ་ཆོས་ཀྱི་རྒྱ་མཚོ་ལ་གནང་། ཕྱིས་གྲུབ་ཐོབ་དངོས་གྲུབ་རྒྱ་མཚོ་ཆོས་སྒོ་སྐྱེལ་དུ་ཕེབས་ནས་དབང་བཞི་ཡོངས་རྫོགས་དང་འོག་སྒོ་བདེ་ཆེན་སྐོར་གནང་བས་ཁོང་ལ་ཆོས་བཀའ་འདིའི་བཀའ་བབས་ཤིང་། བརྒྱུད་པ་གསུམ་པ་ཡིན་པས་ཀུན་ལ་སྤེལ་བའི་བྱེད་པོར་ལུང་བསྟན་པ་ལྟར། སྐུ་ཚེའི་སྟོད་ལ་གཏོར་དབང་དང་ཆོ་གའི་ཕྱག་ལེན་བསྡུས་པ་སྤེལ་བ་རཏྣ་གླིང་པའི་གཏེར་སློབ་དགོངས་འདུས་པ་ཆོས་ཀྱི་རྒྱལ་མཚན་ནས་བྱ་བཏང་བློ་གྲོས་རྒྱ་མཚོ་ལ་བརྒྱུད་དེ་ཟུར་མང་ལུགས་བྱུང་། བར་དུ་དབང་དང་ཕྱག་ལེན་འབྲིང་པོ་མཛད་པའི་རྒྱུན་རིག་འཛིན་སངས་རྒྱས་བཀྲ་ཤིས་ནས་བརྒྱུད་དེ་སྤྲུལ་སྐུ་བཀྲ་ཤིས་རྒྱ་མཚོ་དང་ཧེ་པ་ཆོས་འབྱུང་སོགས་ཀྱི་བཀའ་སྲོལ་ཀཿཐོག་ལུགས་བྱུང་། སྐུ་ཚེའི་སྨད་ལ་ཆོས་བཀའ་ཡོངས་རྫོགས་གསན་པས་དབང་བཞི་ཁྲིད་དང་སྦྲེལ་ཞིང་ཆོ་གའི་ཕྱག་ལེན་རྒྱས་པ་མཛད་པ་ཉིད་ཀྱི་གདན་ས་བ་སྤྲུལ་སྐུ་ཐུགས་རྗེ་འོད་ཟེར་ནས་བརྒྱུད་དེ། མཁས་གྲུབ་ཀརྨ་ཆགས་མེད་ཀྱི་བཀའ་སྲོལ་གནས་མདོ་ལུགས་བྱུང་ཞིང་། བརྒྱུད་པ་དེ་གསུམ་ཀའང་ལུགས་སྲོལ་འདིར་འདུ་བ་ལགས། ཟབ་ཆོས་འདིའི་གདམས་སྐོར་ལ་བསྐྱེད་རྫོགས་རྫོགས་པ་ཆེན་པོའི་སྐོར་གྲོལ་བ་བཞི་ལྡན་གྱི་ཆ་ལག་དང་བཅས་ཟབ་ཅིང་རྒྱ་ཆེ་བར་བཞུགས་པ་ལས། བསྐྱེད་པའི་ཕྱོགས་རྣམས་ཡོ་ག་རྣམ་པ་གསུམ་ཀའི་དགོངས་བཅུད་དྲིལ་བའི་ཆོས་སྐད་གསལ་བར་བཞུགས་ཀྱང་། གཙོ་བོ་རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲ་བའི་རྒྱུད་ལ་ཀལྤ་དུམ་བུར་བཀོལ་བ་དྲི་མེད་བཤགས་པའི་རྒྱུད་ཀྱིས་ཁ་བསྐངས་ཏེ། ཞི་ཁྲོ་རབ་འབྱམས་ན་རཀ་དོང་སྤྲུགས་ཀྱི་དཀྱིལ་འཁོར་ཨ་ཏི་འམ་མ་ཧཱ་ལྟར་ཉམས་སུ་ལེན་པ་དང་། ལུས་དཀྱིལ་དང་བདེ་ཆེན་རང་གྲོལ་གྱི་ཆོས་སྐོར་རྣམས་ལུང་ཨ་ནུ་ཡོ་ག །བར་དོ་དྲུག་དང་སྒྲོན་མ་དྲུག་གི་ཁྲིད་ཡན་ལག་དང་བཅས་པ་ཨ་ཏི་ཡོ་གའི་རྒྱུད་ལུང་མན་ངག་རྣམས་ཀྱི་ཟབ་དོན་དྲིལ་བ་སྟེ། དེ་ཐམས་ཅད་ཀྱང་བླ་མ་བརྒྱུད་པའི་ཟམ་མ་ཆད་ཅིང་། བྱིན་རླབས་ཀྱི་སྤྲིན་ཕུང་ལ་དམ་སེལ་རླུང་གིས་མ་གཏོར་བ། བཀའ་རྟགས་ཕྱག་རྒྱ་མ་ཞིག་པ། ཟབ་དོན་གྱི་གནད་མ་འཆུག་པ། ཕྱི་བཤད་པའི་ཁོག་ཚང་བ། ནང་ལག་ལེན་གྱི་གཞུང་ཚུགས་པ། གསང་བ་དོན་ཐོག་ཏུ་ཕེབས་པ། དེ་ཁོ་ན་ཉིད་འགགས་དོན་ཟིན་པ། ཐོས་པ་ཙམ་གྱིས་ངན་སོང་གི་སྐྱེ་སྒོ་ཆོད་པ། གོ་བ་ཙམ་གྱིས་བདེ་ཆེན་གྱི་ས་ལ་གཤེགས་པ། ཉམས་སུ་བླངས་པ་རྣམས་རིག་འཛིན་གྱི་ས་ལ་འགོད་པ། འབྲེལ་ཚད་དོན་དང་ལྡན་པ། ཐོས་ཚད་སྡུག་བསྔལ་ལས་གྲོལ་བ། རེག་ཚད་འབད་མེད་དུ་གྲོལ་བ། མཐོང་ཚད་རྩོལ་མེད་དུ་གྲོལ་བ། དཀར་པོ་ཆིག་ཐུབ་ཀྱི་གདམས་པ། གཞན་ལ་མ་ལྟོས་པ། མང་ཉུང་རན་པ། གོ་བདེ་བ། གབ་སྦས་མེད་པར་ཞལ་གསལ་བ། བསྒྲུབ་ན་འགྲུབ་མྱུར་ཞིང་ཞེ་བློ་བདེ་བ། བཅངས་པ་ཙམ་གྱིས་གྲོལ་བ་མཚན་ཐོས་པ་ཙམ་གྱིས་གུས་པ་སྐྱེ་བ་སྟེ། དེ་ལྟ་བུའི་ཟབ་ཆོས་ཁྱད་པར་དུ་འཕགས་པ་འདིའི་སྨིན་གྲོལ་གྱི་རིམ་པ་གཉིས་ལས། འདིར་སྨིན་བྱེད་ཀྱི་དབང་བསྐུར་བའི་སྐབས་ཡིན། དེ་ལའང་རྒྱས་པ་འཕྲད་ཚད་རང་གྲོལ། འབྲིང་པོ་འགྲོ་དྲུག་རང་གྲོལ། བསྡུས་པ་གཏོར་དབང་རེག་པ་དོན་ལྡན་དང་གསུམ་དུ་བཞུགས་པ་ལས། འདིར་དབང་བསྐུར་འབྲིང་པོ་ཁ་སྐོང་ཅན་མཐའ་རྟེན་གཏོར་དབང་དང་བཅས་བསྒྲུབ་པར་བགྱི་བ་ལ་སློབ་དཔོན་དང་སློབ་མའི་བྱ་བ་གཉིས་ལས། བདག་ཉིད་ཀྱིས་བགྱི་བར་འོས་པ་རྣམས་ལེགས་པར་གྲུབ་པ་ལགས་པས། ཁྱེད་རང་སློབ་མ་རྣམས་ཀྱིས་བྱ་བའི་ཐོག་མ་གསོལ་བ་གདབ་དགོས་པས། རང་རེ་རྣམས་གནས་པའི་གནས་ཁང་འདིའང་ཐ་མལ་པ་མ་ཡིན་པར་འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་དངོས་ཡིན་སྙམ་པ་དང་། སློབ་དཔོན་ཀྱང་ཐ་མལ་པའི་ལུས་ཅན་མ་ཡིན་པར་ཁྱབ་བདག་གདོད་མའི་མགོན་པོ་དངོས་ཡིན་སྙམ་དུ་མོས་གུས་བསྐྱེད་ལ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཨེ་མ་མགོན་པོ་ཐུགས་རྗེ་ཅན༔ བདག་སོགས་འགྲོ་བ་མ་ལུས་པ༔ ལོག་པའི་ལམ་དུ་ཞུགས་པ་རྣམས༔ བདེ་ཆེན་ཐར་པའི་ལམ་སྟོན་འཚལ༔ ལན་གསུམ། དེ་ལྟར་གསོལ་བ་བཏབ་པས་ཐུགས་རྗེས་བཟུང་སྟེ་གནང་བ་སྦྱིན་པར་མོས་ཤིག །ཨེ་མ་འདིར་འདུས་སྐལ་ལྡན་ལས་ཅན་རྣམས༔ སྔོན་ཆད་མ་རིག་རྨོངས་པའི་ལས་དབང་གིས༔ དུག་གསུམ་གྱིས་བཅིངས་ངན་སོང་གསུམ་དུ་མནར༔ དེང་ནས་བརྩམས་ཏེ་རྒྱལ་བའི་ཐུགས་རྗེ་ཡི༔ ཕོ་ཉས་བཟུང་ནས་དཀྱིལ་འཁོར་གྲལ་དུ་འཁོད༔ དོན་འབྲས་འདོད་ཕྱིར་དད་པའི་ཤུགས་བསྐྱེད་ལ༔ སྐུ་གསུམ་ཞིང་ཁམས་ཕོ་བྲང་འདིར་ཤོག་ཅིག༔ བླ་མེད་དོན་གྱི་སྙིང་པོ་སྦྱིན་པར་བགྱི༔ ཞེས་གནང་བ་སྩལ་ལ་ཆས་སུ་འཇུག་པ་ནི། སྔོན་ཆད་མ་རིག་པས་རིག་པ་ཡེ་ཤེས་མིག་ལྡོངས་ཤིང་སྒྲིབ་པ་བཅས་པ་མཚོན་པའི་བརྡར་རས་ཡུག་ཁ་ཚར་མ་ཉམས་པས་གདོང་གཡོགས་འཚལ། ༀ་ཨ་ཁཾ་བཱི་ར་ཧཱུྃཿཞེས་མིག་དར་སྦྱིན། སླད་ནས་དཀྱིལ་འཁོར་ཆེན་པོ་མཇལ་བའི་ཚེ་ཕྱག་སྟོང་པར་མཇལ་དུ་མི་བཏུབ་པས་ཕྱག་རྟེན་དུ་ཨུ་དུམ་ཝ་ར་ལ་སོགས་པ་མཆོག་གི་མེ་ཏོག་རྣམ་པ་ལྔའི་ཆུན་པོ་ཡང་ཞིང་མ་ཉམས་པ་རེ་ཐོགས་པར་མོས་ཤིག །ༀ་ཨཱཿཧཱུྃ། ཞེས་མེ་ཏོག་གཏད། རྡོ་རྗེ་ཐེག་པའི་དཀྱིལ་འཁོར་དུ་འཇུག་པ་ལ་རྒྱུད་སྡོམ་པ་དང་ལྡན་པ་ཞིག་དགོས་ཤིང་། དེའང་ཇི་སྐད་དུ། སྡོམ་པ་ཀུན་ལ་ཡོད་མོད་ཀྱང་། །སྐྱབས་སུ་མ་སོང་བ་ལ་མེད། །ཅེས་པ་ལྟར་ཐོག་མར་སྡོམ་པ་ཐམས་ཅད་ཀྱི་གཞི་རྟེན་གསུམ་ལ་སྐྱབས་སུ་འགྲོ་དགོས་པས། དེའི་སླད་དུ་མདུན་གྱི་ནམ་མཁར་དཀོན་མཆོག་གསུམ་དང་ཞི་ཁྲོ་རབ་འབྱམས་ཀྱི་ལྷ་ཚོགས་རྣམས་མངོན་སུམ་དུ་བཞུགས་པ་ལ། བདག་གཞན་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་དེང་ནས་བྱང་ཆུབ་མ་ཐོབ་ཀྱི་བར་དུ་སྐྱབས་སུ་མཆིའོ་སྙམ་པའི་འདུན་པ་རྩེ་གཅིག་པས་འདིའི་རྗེས་ཟློས། ཨེ་མ་ཕྱོགས་བཅུའི་སངས་རྒྱས་བྱང་སེམས་དང་༔ བླ་མ་ཡི་དམ་མཁའ་འགྲོ་དགོངས༔ རྐང་གཉིས་གཙོ་བོ་སངས་རྒྱས་དང་༔ ཞི་བ་ཆགས་བྲལ་དམ་པའི་ཆོས༔ ཚོགས་མཆོག་འཕགས་པའི་དགེ་འདུན་ལ༔ བདག་ནི་གུས་པས་སྐྱབས་སུ་མཆི༔ ཀུན་བཟང་ཞི་ཁྲོའི་ལྷ་ཚོགས་དང་༔ དམ་པ་རིགས་བརྒྱའི་ལྷ་ཚོགས་ལ༔ དེང་བཟུང་བླ་མེད་བྱང་ཆུབ་བར༔ གུས་པས་སྐྱབས་སུ་ཉེ་བར་མཆི༔ ལན་གསུམ་བྱ། དེ་ནས་སྡོམ་གསུམ་རིམ་པར་བཟུང་བའི་དང་པོ་ཕྱི་སོ་སོར་ཐར་པའི་སྡོམ་པ་བླངས་ལ་གཞན་གནོད་གཞི་དང་བཅས་པ་སྤང་བར་བགྱིའོ་སྙམ་པས་འདིའི་རྗེས་ཟློས། བླ་མ་ཀུན་བཟང་སྤྱན་སྔ་རུ༔ ལུས་ངག་ཡིད་ཀྱིས་གཞན་རྣམས་ལ༔ གནོད་པའི་ལས་བཟློག་དགེ་བ་བསྒྲུབ༔ དགེ་བསྙེན་དགེ་ཚུལ་དགེ་སློང་སོགས༔ སོ་སོར་ཐར་པའི་སྡོམ་པ་ལ༔ རྒྱུན་དུ་གནས་ཤིང་དགེ་བ་བསྒོམ༔ སྡོམ་པ་ཡོངས་སུ་བཟུང་བར་བགྱི༔ ལན་གསུམ། མ་གྱུར་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་བསྒྲུབ་པར་བྱ་སྙམ་དུ་སྨོན་པ་བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་པ་འདིའི་རྗེས་ཟློས། ཀྱེ་ཧོ༔ བླ་མ་དགོངས་སུ་གསོལ༔ འདི་བཟུང་བྱང་ཆུབ་མ་ཐོབ་པར༔ འགྲོ་དྲུག་སེམས་ཅན་ཐམས་ཅད་ལ༔ མ་དང་བུ་ཡི་འདུ་ཤེས་ཀྱིས༔ མ་རྒལ་བ་རྣམས་བསྒྲལ་བ་དང་༔ མ་གྲོལ་བ་རྣམས་དགྲོལ་བ་དང་༔ དབུགས་མ་ཕྱུང་རྣམས་དབུགས་དབྱུང་ཕྱིར༔ སྨོན་པའི་བྱང་ཆུབ་སེམས་བསྐྱེད་དོ༔ ལན་གསུམ། ནང་བྱང་ཆུབ་སེམས་ཀྱི་བསླབ་པ་བླངས་ལ་གཞན་ཕན་གཞི་དང་བཅས་པ་བསྒྲུབ་པར་བགྱིའོ་སྙམ་དུ་འཇུག་པ་བྱང་ཆུབ་ཏུ་སེམས་བསྐྱེད་པ་འདིའི་རྗེས་ཟློས། ཧོ༔ སྔོན་གྱི་རྒྱལ་བ་ཐམས་ཅད་ཀྱང་༔ སྡོམ་པ་ལ་ནི་གནས་པ་ལྟར༔ འདི་བཟུང་འཁོར་བ་མ་སྟོངས་པར༔ བླ་མེད་འཇུག་པའི་བྱང་ཆུབ་སེམས༔ དེ་བཞིན་བདག་གིས་བསྐྱེད་པར་བགྱི༔ ཕར་ཕྱིན་དྲུག་ལ་བསླབ་ཅིང་བསྒྲུབ༔ བརྩོན་འགྲུས་དག་གིས་ཐམས་ཅད་བསྒྲལ༔ ཀུན་དོན་ཚུལ་ཁྲིམས་གསུམ་ཡང་བཟུང་༔ བདག་གིས་སེམས་བསྐྱེད་སྡོམ་པ་བཟུང་༔ མ་གྲོལ་དགྲོལ་དང་མ་བརྒལ་བསྒྲལ༔ དབུགས་དབྱུངས་མྱ་ངན་འདས་ལ་འགོད༔ ལན་གསུམ། རིགས་ལྔའི་དམ་ཚིག་ཐུན་མོང་དང་ཐུན་མོང་མ་ཡིན་པ་ལ་སོགས་པ་སྤྱི་དང་ཁྱད་པར་ལྷག་པས་བསྡུས་པའི་མཆོག་གསང་བླ་ན་མེད་པ་རྡོ་རྗེ་ཐེག་པའི་དམ་ཚིག་རྣམས་བཟུང་བར་བགྱིའོ་སྙམ་པའི་བློས་འདིའི་རྗེས་ཟློས། དཀོན་མཆོག་གསུམ་ནི་མི་སྤང་ངོ་༔ རྡོ་རྗེ་རིགས་ཀྱི་དམ་ཚིག་ཏུ༔ རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་དང་༔ བྱང་ཆུབ་སེམས་ནི་སྤང་མི་བྱ༔ རིན་ཆེན་རིགས་ཀྱི་དམ་ཚིག་ཏུ༔ སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན༔ པདྨ་རིགས་ཀྱི་དམ་ཚིག་ཏུ༔ ཐེག་པ་གསུམ་གྱི་ཆོས་རྣམས་བཤད༔ ལས་ཀྱི་རིགས་ཀྱི་དམ་ཚིག་ཏུ༔ འགྲོ་བའི་དོན་ལ་བརྩོན་པར་བྱ༔ དེ་བཞིན་རིགས་ཀྱི་དམ་ཚིག་ཏུ༔ དཀྱིལ་འཁོར་གསུམ་དང་འབྲལ་མི་བྱ༔ རྩ་བ་ཡན་ལག་དམ་ཚིག་ཀུན༔ མ་ལུས་བདག་གིས་ཡོངས་སུ་བཟུང་༔ ཞེས་ལན་གསུམ་གྱིས་སྡོམ་པ་བཟུང་དེ་ནས་དམ་ཚིག་རྡོ་རྗེ་མགོར་བཞག་སྟེ། ཧཱུྃཿའདི་ནི་དམ་ཚིག་རྡོ་རྗེ་སྟེ༔ སྐུ་ཡི་དམ་ཚིག་ལུས་ཀྱིས་བསྲུང་༔ ཉམས་ན་ན་རཀ་དམྱལ་བར་ལྟུང་༔ བསྲུང་ན་སྤྲུལ་སྐུའི་འགྲོ་དོན་ནུས༔ དམ་ཚིག་བདུད་རྩི་དང་ཆོས་སྨན་སྦྱར་བ་ལྕེ་ལ་བཞག་སྟེ༔ ཧཱུྃ༔ དམ་ཚིག་བདུད་རྩིའི་ཆུ་འདི་ཉིད༔ ཁྱོད་ཀྱི་ངག་ཏུ་བླུད་པར་བྱ༔ གསུང་གི་དམ་ཚིག་ངག་གིས་བསྲུང་༔ ཉམས་ན་བྱོལ་སོང་གནས་སུ་སྐྱེ༔ བསྲུང་ན་ཆོས་སྨྲའི་རྒྱལ་པོར་སྐྱེ༔ གཙོ་བོའི་སྐུ་མེ་ལོང་དུ་བསྟན་པ་སྙིང་གར་བཞག་ལ༔ ཧཱུྃ༔ འདི་ནི་ཡེ་ཤེས་སེམས་དཔའ་སྟེ༔ ཐུགས་ཀྱི་དམ་ཚིག་སེམས་ཀྱིས་བསྲུང་༔ ཉམས་ན་སྨྱོ་འབོགས་ཅན་དུ་སྐྱེ༔ བསྲུང་ན་ཆོས་སྐུ་གཉིས་ལྡན་འཐོབ༔ འོ། སྐུ་གསུང་ཐུགས་ཀྱི་དམ་ཚིག་ལུས་ངག་ཡིད་གསུམ་གྱིས་སྲུངས་ཤིག །རྡོ་རྗེ་སློབ་དཔོན་ལ་སྲོག་གི་དྭངས་མར་ལྟོས་ཤིག །ཡི་དམ་གྱི་ལྷ་བསྒོམ་པ་དང་། སྔགས་བཟླ་བ་དང་། རྫོགས་པའི་རིམ་པ་རྣམས་དང་མ་བྲལ་བར་གྱིས་ཤིག །ཅེས་བསྒོ།

དེ་ནས་དཀྱིལ་འཁོར་ཆེན་པོའི་ཤར་སྒོ་ནས་རིམ་པར་གཡས་བསྐོར་དུ་ཕྱིན་ཏེ་སྒོ་སྲུང་རྣམས་ལ་གསོལ་བ་གདབ་ཅིང་། རྒྱལ་བ་ཞི་ཁྲོ་རབ་འབྱམས་ཀྱི་ལྷ་ཚོགས་ལ་ཕྱག་འཚལ་བར་མོས་ཤིག །གོ་སྐབས་ཡངས་ཤིང་མི་ཚོགས་ཉུང་ན་སློབ་བུ་དཀྱིལ་འཁོར་གྱི་ཕྱོགས་བཞིར་ཚིག་དང་བསྟུན། ལས་རྡོར་གྱིས་རིམ་པར་ཁྲིད་ལ་སློབ་དཔོན་གྱི་རྗེས་སུ་ཟློས་ཏེ་དངོས་སུ་ཕྱག་བྱར་གཞུག །མི་འགྲུབ་ན་སློབ་བུ་རྣམས་ཐལ་མོ་སྦྱར་ལ་ཕྱག་སོགས་མོས་པས་ཆོག །གང་ལྟར་སློབ་དཔོན་གྱིས། ཧཱུྃཿདཀྱིལ་འཁོར་ཆེན་པོའི་ཤར་གྱི་སྒོ༔ ཞེ་སྡང་སྒྲིབ་པས་བཅད་ལགས་ན༔ སྙིང་རྗེའི་སྒོ་མ་རྟ་གདོང་མ༔ སྒོ་བ་ཁྲོ་བོ་རྣམ་པར་རྒྱལ༔ སྒོ་མ་ཁྲོ་མོ་ལྕགས་ཀྱུ་མ༔ ཐབས་ཤེས་ལྕགས་ཀྱུའི་ཕྱག་རྒྱ་ཡིས༔ མེ་ལོང་ཡེ་ཤེས་ཤར་སྒོ་ཕྱེས༔ བདག་ཅག་དད་པས་འཇུག་པར་བགྱི༔ ཀུན་བཟང་ཞི་ཁྲོའི་ལྷ་ཚོགས་ལ༔ བདག་ཅག་གུས་པས་ཕྱག་འཚལ་ལོ༔ ཡི་དམ་ལྷ་དང་མཇལ་བར་ཤོག༔ བྷྲཱུཾ་པྲ་བེ་ཤ་ཡ་ཕཊཿཧཱུྃ༔ དཀྱིལ་འཁོར་ཆེན་པོའི་ལྷོ་ཡི་སྒོ༔ ང་རྒྱལ་སྒྲིབ་པས་བཅད་ལགས་ན༔ བྱམས་པའི་སྒོ་མ་ཕག་གདོང་མ༔ སྒོ་བ་ཁྲོ་བོ་གཤིན་རྗེའི་གཤེད༔ སྒོ་མ་ཁྲོ་མོ་ཞགས་པ་མ༔ ཐབས་ཤེས་ཞགས་པའི་ཕྱག་རྒྱ་ཡིས༔ མཉམ་ཉིད་ཡེ་ཤེས་ལྷོ་སྒོ་ཕྱེས༔ བདག་ཅག་དད་པས་འཇུག་པར་བགྱི༔ ཀུན་བཟང་ཞི་ཁྲོའི་ལྷ་ཚོགས་ལ༔ བདག་ཅག་གུས་པས་ཕྱག་འཚལ་ལོ༔ ཡི་དམ་ལྷ་དང་མཇལ་བར་ཤོག༔ བྷྲཱུཾ་པྲ་བེ་ཤ་ཡ་ཕཊཿཧཱུྃ༔ དཀྱིལ་འཁོར་ཆེན་པོའི་ནུབ་ཀྱི་སྒོ༔ འདོད་ཆགས་སྒྲིབ་པས་བཅད་ལགས་ན༔ དགའ་བའི་སྒོ་མ་སེང་གདོང་མ༔ སྒོ་བ་ཁྲོ་བོ་རྟ་མགྲིན་རྒྱལ༔ སྒོ་མ་ཁྲོ་མོ་ལྕགས་སྒྲོག་མ༔ ཐབས་ཤེས་ལྕགས་སྒྲོག་ཕྱག་རྒྱ་ཡིས༔ སོར་རྟོག་ཡེ་ཤེས་ནུབ་སྒོ་ཕྱེས༔ བདག་ཅག་དད་པས་འཇུག་པར་བགྱི༔ ཀུན་བཟང་ཞི་ཁྲོའི་ལྷ་ཚོགས་ལ༔ བདག་ཅག་གུས་པས་ཕྱག་འཚལ་ལོ༔ ཡི་དམ་ལྷ་དང་མཇལ་བར་ཤོག༔ བྷྲཱུཾ་པྲ་བེ་ཤ་ཡ་ཕཊཿཧཱུྃ༔ དཀྱིལ་འཁོར་ཆེན་པོའི་བྱང་གི་སྒོ༔ ཕྲག་དོག་སྒྲིབ་པས་བཅད་ལགས་ན༔ བཏང་སྙོམས་སྒོ་མ་སྦྲུལ་གདོང་མ༔ སྒོ་བ་ཁྲོ་བོ་བདུད་རྩི་འཁྱིལ༔ སྒོ་མ་ཁྲོ་མོ་དྲིལ་བུ་མ༔ ཐབས་ཤེས་དྲིལ་བུའི་ཕྱག་རྒྱ་ཡིས༔ བྱ་གྲུབ་ཡེ་ཤེས་བྱང་སྒོ་ཕྱེས༔ བདག་ཅག་དད་པས་འཇུག་པར་བགྱི༔ ཀུན་བཟང་ཞི་ཁྲོའི་ལྷ་ཚོགས་ལ༔ བདག་ཅག་གུས་པས་ཕྱག་འཚལ་ལོ༔ ཡི་དམ་ལྷ་དང་མཇལ་བར་ཤོག༔ བྷྲཱུཾ་པྲ་བེ་ཤ་ཡ་ཕཊ༔ ཅེས་བརྗོད། དེ་ལྟར་གསོལ་བ་བཏབ་པས་དཀྱིལ་འཁོར་གྱི་སྒོ་བཞི་ཕྱེས་ནས། སླར་ཤར་གྱི་སྒོ་དྲུང་དུ་འཁོད་དེ། སྔར་བྱིན་པའི་མེ་ཏོག་དེ་ཉིད་རང་རང་གི་ཚེ་རབས་སྔོན་ནས་འབྲེལ་ཞིང་ལས་ཀྱི་འཕྲོ་གང་ལ་ཡོད་པའི་ལྷ་དེ་ལ་ཕོག་པར་ཤོག་ཅིག་སྙམ་དུ་མེ་ཏོག་འདོར་བ་དང་ལྷན་ཅིག་ཚིག་འདིའི་རྗེས་ཟློས། ཀྱེ། ཚེ་རབས་ཐོག་མེད་དུས་ཉིད་ནས༔ ཐ་མ་ད་ལ་ཐུག་གི་བར༔ བསྙེན་སྒྲུབ་བསྒོམས་པའི་ཡི་དམ་ལྷ༔ གང་ཡིན་དེ་ལ་མེ་ཏོག་ཕོག༔ པུཥྤེ་པྲ་ཏཱིཙྪ་ཧོ༔ ཞེས་དཀྱིལ་འཁོར་དངོས་སམ། མི་བདེ་ན་ཚོམ་བུའམ་རིགས་ལྔའི་ཕྱག་མཚན་གྱིི་དཀྱིལ་འཁོར་དུ་འདོར་གཞུག །དབུས་སུ་བབས་ན་དུ་མ་རང་གྲོལ། ཆོས་དབྱིངས་རང་གྲོལ། དྲི་མེད་ཀུན་ཁྱབ། རྒྱལ་བ་སྤྱི་བླུགས། རིག་པ་ཡེ་ཤེས། ཐིག་ལེ་འགྱུར་མེད། ཀུན་བཟང་རྒྱལ་པོ་ལ་སོགས་པ་དང་། ཤར་དུ་བབས་ན། གདོད་མའི་རང་མདངསརྡོ་རྗེ་རང་གྲོལ། རྡོ་རྗེ་སེམས་དཔའ། འགྱུར་མེད་རྡོ་རྗེ། རྡོ་རྗེ་སྙིང་པོ། འོད་གསལ་རྡོ་རྗེ་ལ་སོགས་པ་དང་། ལྷོར་བབས་ན། རིན་ཆེན་རྒྱལ་པོ། རིན་ཆེན་འབྱུང་གནས། གཉིས་མེད་ལྷུན་གྲུབ། འདོད་ཡོན་རང་གྲོལ། ཚོགས་གཉིས་རྒྱལ་པོ། ཡིད་བཞིན་རྩེ་མོ། ཡེ་ཤེས་རང་གསལ། ཡོན་ཏན་རྒྱལ་པོ་ལ་སོགས་པ་དང་། ནུབ་ཏུ་བབས་ན། པདྨ་ཀུན་འབྱུང་། པདྨ་དྲི་མེད། པདྨ་འོད་གསལ། པདྨ་ཀློང་ཆེན། བདེ་ཆེན་རྒྱལ་པོ། བདེ་ཆེན་ལྷུན་གྲུབ། ཀློང་གསལ་དྲི་མེད་ལ་སོགས་པ་དང་། བྱང་དུ་བབས་ན། ཚོགས་དྲུག་རང་གྲོལ། ཀརྨ་དོན་གྲུབ། ཕྲིན་ལས་ཐོགས་མེད། གང་ཤར་ལྷུན་གྲུབ། བདག་གཞན་དོན་གྲུབ། སྣ་ཚོགས་རང་གྲོལ་ལ་སོགས་པ་ལྷའི་རིགས་དང་མཐུན་པར་ཕོ་མོ་གང་འོས་སུ་བཏགས། སློབ་དཔོན་གྱི་ཐུགས་ཀ་ནས་ཡེ་ཤེས་ཀྱི་འོད་ཟེར་གསེར་གྱི་ཐུར་མ་ལྟ་བུ་བྱུང་ནས་ཁྱེད་རང་རྣམས་ཀྱི་མ་རིག་པའི་སྒྲིབ་པ་དང་མིག་དར་ལྷན་ཅིག་བསལ་བར་མོས་ཤིག །གསེར་ཐུར་ཐོགས་ལ། ཇི་ལྟར་མིག་མཁན་རྒྱལ་པོ་ཡིས༔ རབ་རིབ་ལིང་ཐོག་བསལ་བ་ལྟར༔ དེ་བཞིན་བུ་ཁྱོད་མ་རིག་པའི༔ ཉོན་མོངས་དྲུག་གིས་སྒྲིབ་པ་ཡི༔ མ་རིག་ལིང་ཐོག་བསལ་བར་བྱ༔ ན་ར་ཀ༔ པྲེ་ཏ་ཀ༔ ཏིར་ཡ་ཀ༔ དྷེ་ཝ་ཨ་ལི༔ དྷེ་ཝ་མ་ནུ་ཤ་ཙཀྵུ་པྲ་བེ་ཤ་ཡ་ཕཊཿཅེས་གདོང་གཡོགས་བསལ། སྔར་ཕུལ་བའི་མེ་ཏོག་དེ་ཉིད་དབང་རྟགས་ཅོད་པན་གྱི་ཚུལ་དུ་སླར་ཡང་ཁྱེད་རང་རྣམས་ཀྱི་སྤྱི་བོར་བཅིངས་པར་མོས་མཛོད། ཅོད་པན་སྤྱི་བོར་གདགས་ལ། ཧོ༔ བདག་ནི་མ་རིག་མིག་འབྱེད་ཡིན༔ དཀྱིལ་འཁོར་བཟང་པོ་འདི་ལ་ལྟོས༔ དེང་ནས་དཀྱིལ་འཁོར་འདི་མཐོང་རྟགས༔ ཅོད་པན་བཟང་པོ་འདི་ཡང་ཐོགས༔ གསང་མཚན་གང་ཡིན་མ་བརྗེད་ཅིག༔ ཅེས་བརྗོད་ལ། འོ། རིགས་ཀྱི་བུ་དང་བུ་མོ་ཆེ་གེ་མོ་ཁྱེད་རྣམས་མེ་ཏོག་ཅོད་པན་ཕྱོགས་བཞི་དབུས་དང་ལྔ་གང་དུ་ཕོག་པའི་ཕྱག་མཚན༔ དབུས་སུ་འཁོར་ལོ༔ ཤར་དུ་རྡོ་རྗེ༔ ལྷོར་རིན་པོ་ཆེ༔ ནུབ་ཏུ་པདྨ༔ བྱང་དུ་རྒྱ་གྲམ༔ ལྷ་མདོག་ཀྱང་དབུས་མཐིང་ག༔ ཤར་དཀར་པོ༔ ལྷོ་སེར་པོ༔ ནུབ་དམར་པོ༔ བྱང་ལྗང་གུ༔ རིགས་བུདྷ༔ རྡོ་རྗེ༔ རིན་ཆེན༔ པདྨ༔ ལས་ཀྱི་རིགས་གང་རུང་ལས་མ་གཡོས་པས་ཕྱོགས་དང་མཐུན་པའི་ལྷ་གང་ཡིན་བསྒོམ༔ སྙིང་པོ་ཡང་ཐ་དད་དམ༔ ཞི་ཁྲོ་རིགས་འདུས་བྷོ་དྷི་ཙིཏྟ་འམ༔ ཡི་གེ་བརྒྱ་པ༔ ཧཱུྃ་བསྒྲུབ་ལྟ་བུ་ཟློས་ཤིག༔ འདི་ནས་གལ་ཏེ་ཚེ་འཕོས་ན་ཡང་༔ དབུས་སྟུག་པོ་བཀོད་པ༔ ཤར་མངོན་པར་དགའ་བ༔ ལྷོ་དཔལ་དང་ལྡན་པ༔ ནུབ་བདེ་བ་ཅན༔ བྱང་ལས་རབ་བཀོད་པ་ཞེས་བྱ་བ་རིགས་དང་མཐུན་པའི་ཞིང་ཁམས་རྣམ་པར་དག་པ་ན་སངས་རྒྱས་ནས༔ འཁོར་བ་མ་སྟོངས་ཀྱི་བར་དུ་འགྲོ་བ་སེམས་ཅན་རྣམས་ཀྱི་དོན་འབད་མེད་ལྷུན་གྲུབ་ཏུ་འབྱུང་བར་འགྱུར་རོ༔ ཞེས་ལུང་བསྟན་བརྗོད་དོ། །སྐབས་འདིར་སྤྲོ་ཞིང་ནུས་ན་དཀྱིལ་འཁོར་རྣམ་དག་མཐོང་བ་རང་གྲོལ་ལྟར་རྟེན་བརྟེན་པ་རྒྱན་བཀོད་དང་བཅས་པ་བསྟན་ཅིང་བརྡ་དོན་རྒྱས་པར་ངོ་སྤྲད། མི་ལྕོགས་ན་གཞུང་ལས། རྒྱས་བསྡུས་འགྲོ་བའི་བློ་དང་སྦྱར༔ ཅེས་གསུངས་པས་མདོར་བསྡུ་བ་ནི། དེ་ལྟར་ཡེ་ཤེས་ཀྱི་མིག་ཐོབ་པས་རྒྱལ་བ་ཞི་ཁྲོ་རབ་འབྱམས་ཀྱི་དཀྱིལ་འཁོར་ཆེན་པོ་རྟེན་དང་བརྟེན་པར་བཅས་པ་མངོན་སུམ་དུ་མཇལ་བར་མོས་མཛོད། དེའང་འོག་གཞི་འབྱུང་བ་རིམ་བརྩེགས་རི་རབ་སྣ་ཚོགས་པདྨ་རྒྱ་གྲམ་དང་བཅས་པའི་ལྟེ་བར་ཕྱི་རིན་པོ་ཆེ་ལས་གྲུབ་ཅིང་། ནང་དུར་ཁྲོད་ཀྱི་ཆས་རྣམས་ཀྱིས་འཇིགས་པར་བྱས་པའི་ཐར་པ་ཆེན་པོའི་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་སྒོ་ཁང་རྟ་བབས་ཐོག་ཕུབ་མཆོད་རྟེན་གྱི་དབྱིབས་ཅན་རྒྱན་དང་བཀོད་པ་ཚད་མེད་པ་དང་ལྡན་པའི་ཕྱི་རོལ་དུར་ཁྲོད་ཆེན་པོ་བརྒྱད་རྡོ་རྭ་མེ་རི་དང་བཅས་པས་བསྐོར་བ། གཞི་ལམ་འབྲས་བུའི་སྐུ་གསུམ་གྱི་ཡོན་ཏན་དང་ཡེ་ཤེས་ཀྱི་རོལ་པ་རྣམ་པར་ཐར་པའི་ཆོས་རྣམས་མཚོན་པའི་ནང་རོལ་དུ། སོ་སོའི་གདན་ལ་ཡིད་ཆོས་གནས་སུ་དག་པ་ཁྱབ་བདག་ཀུན་བཟང་ཡབ་ཡུམ། ཕུང་ལྔ་ཁམས་ལྔ་དག་པ་རིགས་ལྔ་ཡབ་ཡུམ་བཅུ། ཚོགས་བརྒྱད་ཡུལ་བརྒྱད་དག་པ་སེམས་དཔའ་སེམས་མ་བཅུ་དྲུག །ཉོན་མོངས་དྲུག་དག་པ་ཐུབ་པ་ཆེན་པོ་དྲུག །རྟག་ཆད་མུ་བཞི་དག་པ་སྒོ་བ་ཡབ་ཡུམ་བརྒྱད་དེ། བདེ་གཤེགས་ཞི་བ་བཞི་བཅུ་རྩ་གཉིས། བདག་འཛིན་མ་རིག་པའི་ངོ་བོ་གནས་གྱུར་པ་ཁྱབ་བྱེད་གཙོ་བོ་ཆེ་མཆོག་ཡབ་ཡུམ། དུག་ལྔ་ཡུལ་ལྔ་གནས་གྱུར་པ་ཧེ་རུ་ཀ་ཡབ་ཡུམ་བཅུ། ཚོགས་བརྒྱད་ཡུལ་བརྒྱད་གནས་གྱུར་པ་ཀོ་རཱི་མ་བརྒྱད་དང་སིང་ཧ་མ་བརྒྱད་སྐྱེ་གནས་བཞི་གནས་གྱུར་པ་རྟ་གདོང་སྒོ་མ་བཞི། ཉོན་མོངས་པའི་རྟོག་ཚོགས་གནས་གྱུར་པ་དབང་ཕྱུག་མ་ཉི་ཤུ་རྩ་བརྒྱད་དེ། ཁྲག་འཐུང་ཁྲོ་བོ་ལྔ་བཅུ་རྩ་བརྒྱད་དང་། གཞན་ཡང་བར་ཁྱམས་སུ་གཙོ་བོ་ཡབ་ཡུམ་དང་ཐུབ་དྲུག་ཁྲོས་པའི་སྤོར་བྱེད་ཆེན་མོ་བརྒྱད། ལྔ་ཚན་གྱི་ཆོས་རྣམ་པར་དག་པ་རིག་འཛིན་ཡབ་ཡུམ་བཅུའི་ཚོམ་བུ་སྟེ། ཐམས་ཅད་ཀྱང་སྣང་སྟོང་ཟུང་འཇུག་སྒྱུ་མ་ཆུ་ཟླ་འཇའ་ཚོན་གྱི་ཚུལ་ཅན། ཡེ་ཤེས་ཀྱི་རྒྱན་དང་བཀོད་པའི་གཟི་བྱིན་ཚད་མེད་པ་དང་ལྡན་པ། རང་བྱུང་སྣང་སྲིད་གཞིར་བཞེངས་ཀྱི་དཀྱིལ་འཁོར་འཇའ་འོད་ཟེར་ཐག་ཐིག་ལེ་ཐིག་ཕྲན་མེར་མེར་ཤིག་ཤིག་ཏུ་གཡོ་ཞིང་། སྒྱུ་འཕྲུལ་དྲྭ་བ་ཆེན་པོའི་རྣམ་འགྱུར་བསམ་གྱིས་མི་ཁྱབ་པ་དང་ལྡན་པའོ། །བུམ་པ་ལ་སོགས་པའི་རྒྱན་དང་བཀོད་པ་ཐམས་ཅད་ཀྱང་ལམ་དང་འབྲས་བུའི་ཆོས་རྣམས་ཀྱི་བརྡ་དོན་རྟགས་གསུམ་མཚོན་པར་བྱེད་པ་ཡིན་ནོ། །འོ། ཁྱོད་རྣམས་དེ་སྔ་ཕན་ཆད་དཀྱིལ་འཁོར་འདི་འདྲ་མ་མཐོང་བས་ཁམས་གསུམ་དུ་འཁོར་ཞིང་རིགས་དྲུག་ཏུ་འཁྱམས་པ་ཡིན་གྱི་ཁ་སང་ཕན་ཆད་ཤིན་ཏུ་ཅོལ་ཆུང་༔ མི་ཚེ་སྟོང་ཟད་བྱས་པ་དོན་མེད་དེ་ཙམ་བྱས༔ ད་ནི་དཀྱིལ་འཁོར་འདི་ལྟ་བུར་ཚུད་ཅིང་མཇལ་བས༔ ད་ལྟ་ཤི་ཡང་བདེ་བ་ཆེན་པོར་འཚང་རྒྱ་བ་ཡིན་པས༔ སྤྲོ་བ་སྒོམས་ཤིག༔ ཅེས་པ་ཙམ་བརྗོད།

གཉིས་པ་ནི། དེ་ནས་སྔགས་ཀྱི་སྣོད་དུ་རུང་བར་བྱ་བའི་ཕྱིར༔ ཉོན་མོངས་ཀྱི་རྒྱུ་དྲུག་སྦྱངས་ནས་རིགས་དྲུག་གི་གནས་ནས་སྤར་ཏེ༔ རིག་འཛིན་གྱི་གྲལ་དུ་འཁོད་པར་བྱ་བའི་དབང་བསྐུར་ཞུ་བའི་ཡོན་དུ་མཎྜལ་ཕུལ་འཚལ༔ ཅེས་མཎྜལ་འབུལ་དུ་གཞུག །དེ་ལ་དང་པོ་ན་རཀ་དམྱལ་བའི་གནས་ནས་སྤར་བའི་དབང་བསྐུར་ཞུ་བའི་དོན་དུ་ཐལ་མོ་སྦྱོར་ལ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཨེ་མ་མགོན་པོ་ཐུགས་རྗེ་ཅནཿབདག་སོགས་འཁོར་བའི་སྡུག་བསྔལ་ལས༔ བསྐྱབ་ཕྱིར་བརྩེ་བས་རབ་བཟུང་ནས༔ དབང་དང་བྱིན་རླབས་རྩལ་དུ་གསོལ༔ ལན་གསུམ། བླ་མས་དཀྱིལ་འཁོར་དབུས་ཀྱི་བུམ་པ་ཐོགས་ལ། འོ། རིགས་ཀྱི་བུ་དཀྱིལ་འཁོར་དབུས་ཀྱི་བུམ་པ་འདི་ནི་སྨན་ལྔའི་བུམ་པ་ཡིན་ཏེ༔ སངས་རྒྱས་རྡོ་རྗེ་རིགས་ཀྱི་གཙོ་འཁོར་ལྷ་ཚོགས་བཞུགས་པས་ཁྱོད་ལ་དབང་བསྐུར་བ་ཙམ་གྱིས་ཞེ་སྡང་དམྱལ་བའི་གནས་ནས་ཐར་ཏེ༔ ཐུགས་རྡོ་རྗེ་རིགས་ཀྱི་དབང་ཐོབ་པ་ཡིན་སྙམ་དུ་མོས་པ་དུང་དུང་མཛོད་ཅིག །ཧཱུྃཿཀུན་བཟང་ཡབ་ཡུམ་བུམ་པ་ན༔ རྒྱལ་བ་ཞི་ཁྲོའི་ལྷ་ཚོགས་བཞུགས༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་བས༔ དམྱལ་བའི་སྐྱེ་སྒོ་བཅད་ནས་ནི༔ ན་རཀ་སྡུག་སྔལ་བྲལ་བར་ཤོག༔ བུམ་པ་མགོར་བཞག །མེ་ཆུའི་ཙཀླི་ལག་ཏུ་གཏད་ལ། ཧཱུྃ༔ ཚ་གྲང་སྐྱོབ་བྱེད་མེ་ཆུ་བསིལ་དྲོད་ལྡན༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ དམྱལ་བ་ཚ་གྲང་སྡུག་བསྔལ་ལས་གྲོལ་ནས༔ ན་ར་ཀ་ཡི་སྡུག་བསྔལ་བྲལ་བར་ཤོག༔ དུ་ད་ཧ་ད་ཧ་སརྦ་ན་ར་ཀ་ག་ཏེ་ཧེ་ཏུན་ཧཱུྃ་ཕཊཿབུམ་ཆུ་བླུད་ལ། ཧཱུྃ་བཛྲ་ས་ཏྭ་ས་མ་ཡ༴ཞེས་སོགས་རྡོ་རྗེ་སེམས་དཔའི་ཡིག་བརྒྱ་བཟླས་པའི་མཐར། ཧཱུྃ་བཛྲ་ཨ་བྷི་ཥིཉྩ་ཨཱཿསྐལ་ལྡན་ཁྱོད་ལ་སྨན་ལྔའི་བུམ་པ་དང་༔ མེ་ཆུས་དབང་བསྐུར་བས་ཉོན་མོངས་པ་ཞེ་སྡང་གིས་ཀུན་ནས་བསླང་བའི་སྡིག་སྒྲིབ་ལས་ཀྱི་ས་བོན་བག་ཆགས་དང་བཅས་པ་ཐམས་ཅད་བྱང་ཞིང་དག་ནས༔ སེམས་ཅན་དམྱལ་བ་ཆེན་པོར་སྐྱེ་བའི་སྒོ་བཅད་དེ་ནད་ལྔའི་ཉེས་པ་ལས་གྲོལ་ནས༔ དབུས་ཕྱོགས་འཐུག་པོ་བཀོད་པའི་ཞིང་ཁམས་ཀྱི་སྒོ་ཕྱེས་ནས་ཐུགས་རྡོ་རྗེ་སེམས་དཔའ་རིགས་ལྔའི་དབང་ཐོབ་སྟེ༔ སངས་རྒྱས་རྡོ་རྗེ་རིགས་ཀྱི་ཞིང་ཁམས་ལ་དབང་བསྒྱུར་ཏེ༔ སེམས་ཅན་གྱི་དོན་ཐོགས་པ་མེད་པར་འབྱུང་བར་གྱུར་ཅིག༔ ཧཱུྃ༔ ལྷུན་གྲུབ་གཞལ་ཡས་ཆེན་པོ་ཡི༔ ཤར་ལྷོ་ནུབ་བྱང་སྒོ་བཞི་ནས༔ ཡེ་ཤེས་ཆེན་པོའི་སྒོ་ཕྱེས་ཤིག༔ བྷྲཱུཾ་པྲ་བེ་ཤ་ཡ་ཕཊཿཅེས་སྒོ་དབྱེ་ཞིང་རྡོ་རྗེ་ལག་ཏུ་གཏད། ཧཱུྃ༔ དབུས་ནས་བཀྲ་ཤིས་གང་ལགས་པ༔ རྡོ་རྗེ་སེམས་དཔའ་བཀྲ་ཤིས་ལྷ༔ ཞི་བ་གྲུབ་པའི་བཀྲ་ཤིས་དེ༔ འདིར་འཚོགས་རྣམས་ལ་བཀྲ་ཤིས་ཤོག༔ ཅེས་ཤིས་པ་བརྗོད་ཅིང་མེ་ཏོག་འཐོར་ལ་རོལ་མོ་བསྒྲགས་པ་འོག་མ་རྣམས་ལའང་འགྲེའོ། །

གཉིས་པ་ཡི་དྭགས་ཀྱི་གནས་ནས་སྤར་བའི་དབང་བསྐུར་ཞུ་བའི་དོན་དུ༴སོགས་གོང་ལྟར། ཀྱེ་མ་ཀྱི་ཧུད་མགོན་པོ་ཡིས༔ ཐུགས་རྗེས་ཟུངས་ལ་བདག་སྐྱོབས་ཤིག༔ བདག་ལུས་སྒྲོལ་ལ་བདེ་ལ་འཁོད༔ མགོན་པོས་མྱུར་དུ་བསྐྱབས་ཏུ་གསོལ༔ ལན་གསུམ། ནུབ་ཀྱི་བུམ་པ་ཐོགས་ལ། འོ། རིགས་ཀྱི་བུ་ནུབ་ཀྱི་བུམ་པ་འདི་ནི་དྲི་ལྔའི་བུམ་པ་ཡིན་ཏེ༔ སངས་རྒྱས་སྣང་བ་མཐའ་ཡས་རིགས་ལྔའི་ལྷ་ཚོགས་བཞུགས་པས༔ ཁྱོད་ལ་དབང་བསྐུར་བ་ཙམ་གྱིས་འདོད་ཆགས་ཡི་དྭགས་ཀྱི་གནས་ནས་ཐར་ཏེ༔ གསུང་པདྨ་རིགས་ཀྱི་དབང་ཐོབ་པ་ཡིན་སྙམ་དུ་མོས་པ་དུང་དུང་མཛོད་ཅིག༔ ཧཱུྃ༔ བདུད་རྩི་དྲི་ལྔའི་བུམ་པ་འདིར༔ བདེ་གཤེགས་གསུང་གི་ལྷ་ཚོགས་བཞུགས༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ ཡི་དྭགས་སྐྱེ་སྒོ་བཅད་ནས་ནི༔ བདེ་བ་ཅན་དུ་སྐྱེ་བར་ཤོག༔ བུམ་པ་མགོར་བཞག །རིན་ཆེན་སྒྲོམ་བུ་ལག་ཏུ་གཏད་ལ། ཨཱཿརིན་ཆེན་སྒྲོམ་གྱི་བུམ་པ་ན༔ རྒྱལ་བ་ཞི་ཁྲོའི་ལྷ་ཚོགས་བཞུགས༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ ཡི་དྭགས་སྐྱེ་སྒོ་བཅད་ནས་ནི༔ བདེ་བ་ཅན་དུ་སྐྱེ་བར་ཤོག༔ པྲེ་པ་ཙ་པ་ཙ་སརྦ་པྲེ་ཏ་ཀ་ག་ཏེ་ཧེ་ཏུན་ཧཱུྃ་ཕཊཿབུམ་ཆུ་སྦྱིན། ཨཱཾ་པདྨ་ས་ཏྭ་ས་མ་ཡ་༴སོགས། པདྨ་མཱ་མེ་མུཉྩ་པདྨཱི་བྷ་ཝ་མ་ཧཱ་ས་མ་ཡ་ས་ཏཱ་ཨཱཿཨཱཾ་པདྨ་ཨ་བྷི་ཥིཉྩ་ཨཱཿསྐལ་ལྡན་ཁྱོད་ལ་དྲི་ལྔའི་བུམ་པ་དང་རིན་པོ་ཆེའི་སྒྲོམ་བུའི་དབང་བསྐུར་བས༔ ཉོན་མོངས་པ་འདོད་ཆགས་ཀྱིས་ཀུན་ནས་བསླང་བའི་སྡིག་སྒྲིབ་ལས་ཀྱི་ས་བོན་བག་ཆགས་དང་བཅས་པ་ཐམས་ཅད་བྱང་ཞིང་དག་ནས་ཡི་དྭགས་སུ་སྐྱེ་བའི་སྒོ་བཅད་དེ༔ དུག་ལྔའི་ཉེས་པ་ལས་གྲོལ་ནས་ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་ཀྱི་སྒོ་ཕྱེས་ནས༔ སྣང་བ་མཐའ་ཡས་རིགས་ལྔའི་དབང་ཐོབ་སྟེ༔ སངས་རྒྱས་གསུང་པདྨ་རིགས་ཀྱི་ཞིང་ཁམས་ལ་དབང་བསྒྱུར་ནསཿསེམས་ཅན་གྱི་དོན་ཐོགས་པ་མེད་པར་འབྱུང་བར་གྱུར་ཅིག༔ ཧཱུྃ༔ ནུབ་ཕྱོགས་མ་འདྲེས་གསལ་བ་ཡི༔ སོར་རྟོག་ཡེ་ཤེས་སྒོ་ཕྱེས་ཤིག༔ བྷྲཱུཾ་པྲ་བེ་ཤ་ཡ་ཕཊཿཅེས་སྒོ་དབྱེ་ཞིང་ལག་ཏུ་པདྨ་གཏད། ཧཱུྃཿནུབ་ནས་བཀྲ་ཤིས་གང་ལགས་པ༔ སྣང་བ་མཐའ་ཡས་བཀྲ་ཤིས་ལྷ༔ དབང་སྡུད་གྲུབ་པའི་བཀྲ་ཤིས་དེ༔ འདིར་འཚོགས་རྣམས་ལ་བཀྲ་ཤིས་ཤོག༔ གསུམ་པ་དུད་འགྲོའི་གནས་ནས་སྤར་བའི་དབང་བསྐུར་ཞུ་བའི་དོན་དུ་སོགས། ཀྱེ་མ་ཀྱི་ཧུད་བདག་འདྲ་སོགས༔ ལས་ཀྱི་རྣམ་སྨིན་རང་ལ་སྨིན༔ མགོན་པོ་ཐུགས་རྗེ་ཆེན་པོ་ཡིས༔ གནས་ངན་འདི་ལས་བདག་སྒྲོལ་ཅིག༔ ལན་གསུམ། ཤར་གྱི་བུམ་པ་ཐོགས་ལ། འོ། རིགས་ཀྱི་བུ་ཤར་ཀྱི་བུམ་པ་འདི་ནི་འབྲུ་ལྔའི་བུམ་པ་ཡིན་ཏེ༔ སངས་རྒྱས་རྣམ་པར་སྣང་མཛད་རིགས་ལྔའི་ལྷ་ཚོགས་བཞུགས་པས༔ ཁྱོད་ལ་དབང་བསྐུར་བ་ཙམ་གྱིས་གཏི་མུག་དུད་འགྲོའི་གནས་ལས་ཐར་ནས༔ སྐུ་བདེ་གཤེགས་རིགས་ཀྱི་དབང་ཐོབ་པ་ཡིན་སྙམ་དུ་མོས་པ་དུང་དུང་མཛོད་ཅིག༔ ཧཱུྃ༔ རིན་ཆེན་འབྲུ་ལྔའི་བུམ་པ་འདིར༔ བདེ་གཤེགས་སྐུ་ཡི་ལྷ་ཚོགས་བཞུགས༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ དུད་འགྲོའི་སྐྱེ་སྒོ་བཅད་ནས་ནི༔ མངོན་དགའི་ཞིང་དུ་སྐྱེ་བར་ཤོག༔ བུམ་པ་མགོར་བཞག །པུསྟི་ལག་ཏུ་གཏད་ལ། ༀཿཤེས་རབ་རིག་པའི་པོ་ཏི་འདི༔ དུས་གསུམ་སངས་རྒྱས་ཞི་ཁྲོའི་གསུང་༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ ཏིཪྱ་ཀ་ཡི་སྡུག་སྔལ་བྲལ་བར་ཤོག༔ སུ་མ་ཐ་མ་ཐ་སརྦ་ཏིཪྱ་ཀ་ག་ཏེ་ཧེ་ཏུན་ཧཱུྃ་ཕཊཿབུམ་ཆུ་སྦྱིན། ༀ་བུདྡྷ་ས་ཏྭ་ས་མ་ཡ་སོགས༴བུདྡྷ་མ་མེ་མུཉྩ་བུདྡྷི་བྷ་ཝཿམ་ཧཱ་ས་མ་ཡ་ས་ཏྭ་ཨཱཿༀ་བུདྡྷ་ཨ་བྷི་ཥིཉྩ་ཨཱཿསྐལ་ལྡན་ཁྱོད་ལ་འབྲུ་ལྔའི་བུམ་པ་དང་། པོ་ཏིའི་དབང་བསྐུར་བས༔ ཉོན་མོངས་པ་གཏི་མུག་གིས་ཀུན་ནས་བསླང་བའི་སྡིག་སྒྲིབ་ལས་ཀྱི་ས་བོན་བག་ཆགས་དང་བཅས་པ་ཐམས་ཅད་བྱང་ཞིང་དག་ནས༔ དུད་འགྲོའི་གནས་སུ་སྐྱེ་བའི་སྒོ་བཅད་དེ༔ ཉོན་མོངས་པ་ལྔའི་ཉེས་པ་ལས་གྲོལ་ནས༔ ཤར་ཕྱོགས་མངོན་པར་དགའ་བའི་ཞིང་ཁམས་ཀྱི་སྒོ་ཕྱེས་ནས་སྐུ་རྣམ་པར་སྣང་མཛད་རིགས་ལྔའི་དབང་ཐོབ་སྟེ༔ སངས་རྒྱས་བདེ་གཤེགས་རིགས་ཀྱི་ཞིང་ཁམས་ལ་དབང་བསྒྱུར་ནས༔ སེམས་ཅན་གྱི་དོན་ཐོགས་པ་མེད་པར་འབྱུང་བར་གྱུར་ཅིག༔ ཧཱུྃ༔ ཤར་ཕྱོགས་རིག་པ་རང་གསལ་གྱི༔ མེ་ལོང་ལྟ་བུའི་སྒོ་ཕྱེས་ཤིག༔ བྷྲཱུཾ་པྲ་བེ་ཤ་ཡ་ཕཊཿཅེས་སྒོ་དབྱེ་ཞིང་འཁོར་ལོ་ལག་ཏུ་གཏད། ཧཱུྃཿཤར་ནས་བཀྲ་ཤིས་གང་ལགས་པ༔ རྣམ་པར་སྣང་མཛད་བཀྲ་ཤིས་ལྷ༔ ལྷུན་གྱིས་གྲུབ་པའི་བཀྲ་ཤིས་དེ༔ འདིར་འཚོགས་རྣམས་ལ་བཀྲ་ཤིས་ཤོག༔ བཞི་པ་ལྷ་མིན་གྱི་གནས་ནས་སྤར་བའི་དབང་བསྐུར་ཞུ་བའི་དོན་དུ༴སོགས། ཀྱེ་མ་བདག་འདྲའི་སེམས་ཅན་རྣམས༔ སྔོན་གྱི་ལས་ངན་དབང་གྱུར་པས༔ ཀྱེ་མ་ཀྱེ་ཧུད་མགོན་པོ་ཡིས༔ བདག་ལུས་ངན་པ་བསྒྲལ་དུ་གསོལ༔ ལན་གསུམ། བྱང་གི་བུམ་པ་ཐོགས་ལ། འོ། རིགས་ཀྱི་བུ་བྱང་གི་བུམ་པ་འདི་ནི་སྙིང་པོ་ལྔའི་བུམ་པ་ཡིན་ཏེ༔ སངས་རྒྱས་དོན་ཡོད་གྲུབ་པ་རིགས་ལྔའི་ལྷ་ཚོགས་བཞུགས་པས༔ ཁྱོད་ལ་དབང་བསྐུར་བ་ཙམ་གྱིས་ཕྲག་དོག་ལྷ་མིན་གྱི་གནས་ལས་ཐར་ནས༔ ཕྲིན་ལས་ཀརྨ་རིགས་ཀྱི་དབང་ཐོབ་པ་ཡིན་སྙམ་དུ་མོས་པ་དུང་དུང་མཛོད་ཅིག །ཧཱུྃ༔ སྙིང་པོ་ལྔ་ཡི་བུམ་པ་འདིར༔ བདེ་གཤེགས་ཕྲིན་ལས་ལྷ་ཚོགས་བཞུགས༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ ལྷ་མིན་སྐྱེ་སྒོ་བཅད་ནས་ནི༔ ལས་རབ་ཞིང་དུ་སྐྱེ་བར་ཤོག༔ བུམ་པ་མགོར་བཞག །གོ་མཚོན་ལག་ཏུ་གཏད་ལ། ཧཱ༔ ཤེས་རབ་དོན་མཚོན་རལ་གྲི་དང་༔ བདུད་ཀྱི་མཚོན་སྲུང་གོ་ཆ་འདི༔ དུས་གསུམ་རྒྱལ་བའི་སྦྱོར་སྒྲོལ་ཏེ༔ ཞི་ཁྲོ་རྒྱལ་བའི་ཕྱག་མཚན་འདིས༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ ཧེ་ས་ཀ་ཡི་སྡུག་སྔལ་བྲལ་བར་ཤོག༔ ཏྲི་སརྦ་དུ་ལ་སརྦ་ཀརྨ་པྲ་བེ་ཤ་ཡ་ཧཱུྃ་ཕཊཿབུམ་ཆུ་སྦྱིན་ལ། ཧཱ་ཀརྨ་ས་ཏྭ་ས་མ་ཡ༴སོགས། ཀརྨ་མཱ་མེ་མུཉྩ༔ ཀརྨཱི་བྷ་ཝ་མ་ཧཱ་ས་མ་ཡ་ས་ཏྭ་ཨཱཿཧཱ་ཀརྨ་ཨ་བྷི་ཥིཉྩ་ཨཱཿསྐལ་ལྡན་ཁྱོད་ལ་སྙིང་པོ་ལྔའི་བུམ་པ་དང་གོ་མཚོན་གྱིས་དབང་བསྐུར་བས༔ ཉོན་མོངས་པ་ཕྲག་དོག་གིས་ཀུན་ནས་བསླང་བའི་སྡིག་སྒྲིབ་ལས་ཀྱི་ས་བོན་བག་ཆགས་དང་བཅས་པ་ཐམས་ཅད་བྱང་ཞིང་དག་ནས༔ ལྷ་མིན་དུ་སྐྱེ་བའི་སྒོ་བཅད་དེ༔ ཕུང་པོ་ལྔའི་ཉེས་པ་ལས་གྲོལ་ནས་བྱང་ཕྱོགས་ལས་རབ་རྫོགས་པའི་ཞིང་ཁམས་ཀྱི་སྒོ་ཕྱེས་ཤིང་༔ དོན་ཡོད་གྲུབ་པ་རིགས་ལྔའི་དབང་ཐོབ་སྟེ༔ སངས་རྒྱས་ཕྲིན་ལས་རིགས་ཀྱི་ཞིང་ཁམས་ལ་དབང་བསྒྱུར་ནས༔ སེམས་ཅན་གྱི་དོན་ཐོགས་པ་མེད་པ་འབྱུང་བར་གྱུར་ཅིག །ཧཱུྃ༔ བྱང་ཕྱོགས་ལས་རབ་གྲུབ་པ་ཡི༔ ནན་ཏན་ཡེ་ཤེས་སྒོ་ཕྱེས་ཤིག༔ བྷྲཱུཾ་པྲ་བེ་ཤ་ཡ་ཕཊཿཅེས་སྒོ་དབྱེ་ཞིང་ལག་ཏུ་རྒྱ་གྲམ་གཏད། ཧཱུྃཿབྱང་ནས་བཀྲ་ཤིས་གང་ལགས་པ༔ དོན་ཡོད་གྲུབ་པ་བཀྲ་ཤིས་ལྷ༔ དགྲ་བགེགས་ཚར་གཅོད་བཀྲ་ཤིས་དེ༔ འདིར་འཚོགས་རྣམས་ལ་བཀྲ་ཤིས་ཤོག༔ ལྔ་པ་ལྷའི་གནས་ནས་སྤར་བའི་དབང་བསྐུར་ཞུ་བའི་དོན་དུ༴སོགས། ཀྱེ་མ་ཀྱི་ཧུད་ཐུགས་རྗེ་ཅན༔ བདག་འདྲ་རྨོངས་པའི་འཛིན་པ་ཅན༔ དམ་ཚིག་རྩ་བ་ཉམས་པའི་སྐྱོན༔ ངན་སོང་མཐོ་རིས་གནས་ན་འཁོར༔ མི་འཆབ་མཐོལ་བཤགས་མེ་ཏོག་བཞེས༔ དབང་བསྐུར་ལྷ་ཡི་གནས་ནས་དྲོངས༔ ལན་གསུམ། ལྷོ་ཡི་བུམ་པ་ཐོགས་ལ། འོ། རིགས་ཀྱི་བུ་ལྷོའི་བུམ་པ་འདི་ནི་རིན་ཆེན་ལྔའི་བུམ་པ་ཡིན་ཏེ༔ སངས་རྒྱས་རིན་ཆེན་འབྱུང་ལྡན་རིགས་ལྔའི་ལྷ་ཚོགས་བཞུགས་པས༔ ཁྱོད་ལ་དབང་བསྐུར་བ་ཙམ་གྱིས་ང་རྒྱལ་ལྷའི་གནས་ནས་ཐར་ཏེ༔ ཡོན་ཏན་རིན་ཆེན་རིགས་ཀྱི་དབང་ཐོབ་པ་ཡིན་སྙམ་དུ་མོས་པ་དུང་དུང་མཛོད་ཅིག༔ ཧཱུྃ༔ རིན་ཆེན་ལྔ་ཡི་བུམ་པ་འདིར༔ བདེ་གཤེགས་ཡོན་ཏན་ལྷ་ཚོགས་བཞུགས༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ ལྷ་ཡི་སྐྱེ་སྒོ་བཅད་ནས་ནི༔ རིན་ཆེན་ཞིང་དུ་སྐྱེ་བར་ཤོག༔ བུམ་པ་མགོར་བཞག །པི་ཝཾ་ལག་ཏུ་གཏད་ལ། སྭཱཿལོངས་སྤྱོད་བདུད་ཀྱི་གཡེངས་འཇོམས་པའི༔ པི་ཝཾ་སྙན་པའི་དོན་བྱེད་འདིས༔ དེང་འདིར་ཁྱོད་ལ་དབང་བསྐུར་བས༔ སྐྱེ་བ་གཅིག་གིས་ལས་རྫོགས་ཤོག༔ ཨཱཿསརྦ་ཏ་ཐཱ་ག་ཏ་བྷི་དན་ཁདྒ་ཚིནྡྷ་ཚིནྡྷ་ཧཱུྃ་ཕཊཿབུམ་ཆུ་སྦྱིན། སྭཱ་རཏྣ་ས་ཏྭ་ས་མ་ཡ༴སོགས། རཏྣ་མ་མེ་མུཉྩ་། རཏྣཱི་བྷ་ཝ་མ་ཧཱ་ས་མ་ཡ་ས་ཏྭ་ཨཱཿསྭ་རཏྣ་ཨ་བྷི་ཥིཉྩ་ཨཿསྐལ་ལྡན་ཁྱོད་ལ་རིན་ཆེན་ལྔའི་བུམ་པ་དང་༔ པི་ཝཾ་གིས་དབང་བསྐུར་བས༔ ཉོན་མོངས་པ་ང་རྒྱལ་གྱིས་ཀུན་ནས་བསླང་བའི་སྡིག་སྒྲིབ་ལས་ཀྱི་ས་བོན་བག་ཆགས་དང་བཅས་པ་ཐམས་ཅད་བྱང་ཞིང་དག་ནས་ལྷའི་གནས་སུ་སྐྱེ་བའི་སྒོ་བཅད་དེ༔ འདོད་ཡོན་ལྔའི་ཉེས་པ་ལས་གྲོལ་ནས་ལྷོ་ཕྱོགས་དཔལ་ལྡན་རིན་ཆེན་བཀོད་པའི་ཞིང་ཁམས་ཀྱི་སྒོ་ཕྱེས་ནས༔ བྱམས་པ་ལྔ་རྒྱུད་ལ་སྐྱེས༔ ཞིང་ཁམས་ལྔ་ལ་དབང་བསྒྱུར༔ རིན་ཆེན་འབྱུང་ལྡན་རིགས་ལྔའི་དབང་ཐོབ་སྟེ༔ སངས་རྒྱས་རིན་ཆེན་རིགས་ཀྱི་ཞིང་ཁམས་ལ་དབང་བསྒྱུར་ནས༔ སེམས་ཅན་གྱི་དོན་ཐོགས་པ་མེད་པ་འབྱུང་བར་གྱུར་ཅིག༔ ཧཱུྃ༔ ལྷོ་ཕྱོགས་དགོངས་པ་མཉམ་ཉིད་ཀྱི༔ ཡེ་ཤེས་ཆེན་པོའི་སྒོ་ཕྱེས་ཤིགཿབྷྲཱུཾ་པྲ་བེ་ཤ་ཡ་ཕཊཿཅེས་སྒོ་དབྱེ་ཞིང་ལག་ཏུ་རིན་པོ་ཆེ་གཏད། ཧཱུྃཿལྷོ་ནས་བཀྲ་ཤིས་གང་ལགས་པ༔ རིན་ཆེན་འབྱུང་ལྡན་བཀྲ་ཤིས་ལྷ༔ ཡོན་ཏན་འགྲུབ་པའི་བཀྲ་ཤིས་དེ༔ འདིར་འཚོགས་རྣམས་ལ་བཀྲ་ཤིས་ཤོག༔

དྲུག་པ་མིའི་གནས་ནས་སྤར་ཞིང་ཉམས་ཆག་སྐོང་བའི་དབང་བསྐུར་ཞུ་བའི་དོན་དུ་སོགས། ཀྱེ་མ་བླ་མ་རྡོ་རྗེ་འཛིན༔ བདག་ཅག་རིགས་དྲུག་གནས་སུ་འཁྱམས༔ དམ་ཚིགས་ཉམས་ཆགས་དཔག་མེད་བསགས༔ འགྲོ་མགོན་ཐུགས་རྗེ་ཅན་ཁྱོད་ཀྱིས༔ ཉམས་ཆག་སྐོངས་ལ་དངོས་གྲུབ་རྩོལ༔ དབང་མཆོག་རྣམ་ཀུན་དུས་འདིར་སྐུར༔ ལན་གསུམ། ཁྱེད་རང་རྣམས་ཀྱིས་ཐོག་མ་མེད་པ་ནས་བསགས་པའི་སྡིག་ལྟུང་ཉམས་ཆག་ཐམས་ཅད་སྦྱོང་ཞིང་གསོ་བའི་སླད་དུ་མདུན་བསྐྱེད་རྒྱལ་བ་ཞི་ཁྲོའི་ལྷ་ཚོགས་བླ་མ་བརྒྱུད་པ་དང་བཅས་པའི་སྤྱན་སྔར་བདག་གཞན་སེམས་ཅན་ཐམས་ཅད་ཀྱིས་ལུས་རྡུལ་སྙེད་དུ་སྤྲུལ་ནས་གནོང་འགྱོད་དྲག་པོ་དང་བཅས་སྒོ་གསུམ་གུས་པས་ཕྱག་འཚལ་བར་མོས་ལ་འདིའི་རྗེས་ཟློས་མཛོད། བླ་མ་མཉམ་མེད་སངས་རྒྱས་རིན་པོ་ཆེ། །དུས་གསུམ་བདེ་གཤེགས་མ་ལུས་ཐམས་ཅད་ཀྱིས། །སྐུ་གསུང་ཐུགས་ཀྱི་རང་བཞིན་བྱིན་བརླབས་པ། །བཀའ་དྲིན་ཆེན་པོའི་ཞབས་ལ་ཕྱག་འཚལ་ལོ། །སྟོན་པ་བླ་མེད་སངས་རྒྱས་རིན་པོ་ཆེ། །སྐྱོབ་པ་བླ་མེད་དམ་ཆོས་རིན་པོ་ཆེ། །འདྲེན་པ་བླ་མེད་དགེ་འདུན་རིན་པོ་ཆེ། །བླ་མེད་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །བརྗོད་མེད་ཤེས་རབ་མི་གཡོ་ཆོས་ཀྱི་སྐུ༔ བདེ་ཆེན་ལོངས་སྤྱོད་རྫོགས་སྐུ་རིགས་ལྔའི་གཙོ༔ ཐུགས་རྗེ་ཐབས་མཁས་རྒྱ་ཆེ་སྤྲུལ་པའི་སྐུ༔ ཞི་ཁྲོ་སྐུ་གསུམ་ལྷ་ལ་ཕྱག་འཚལ་ལོ༔ དམིགས་མེད་ཆོས་ཀྱི་སྐུ་ལ་ཕྱག་འཚལ་ལོ༔ ལོངས་སྤྱོད་རྫོགས་པའི་སྐུ་ལ་ཕྱག་འཚལ་ལོ༔ ཅིར་ཡང་སྤྲུལ་པའི་སྐུ་ལ་ཕྱག་འཚལ་ལོ༔ མི་འགྱུར་རྡོ་རྗེའི་སྐུ་ལ་ཕྱག་འཚལ་ལོ༔ མངོན་པར་བྱང་ཆུབ་སྐུ་ལ་ཕྱག་འཚལ་ལོ༔ དུས་གསུམ་རྒྱལ་བ་རྣམས་ཀྱིས་བསྒྲུབས་པ་ཡི༔ ཚོགས་གཉིས་རྫོགས་ཤིང་ཡོན་ཏན་མཐར་ཕྱིན་པའི༔ སྐུ་དང་ཡེ་ཤེས་ཚོགས་ལ་ཕྱག་འཚལ་ལོ༔ ཕྱག་བྱར་འོས་པ༴སོགས་བརྗོད་ལ། ཉུང་ན་དངོས་སུ་ཕྱག་འཚལ་དུ་གཞུག །ཁྱེད་རང་རྣམས་ཀྱི་སྤྱི་བོར་པད་ཟླའི་གདན་ལ་བླ་མ་དང་གཉིས་སུ་མེད་པའི་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ་རྡོ་རྗེ་དང་དྲིལ་བུ་འཛིན་ཅིང་ལོངས་སྤྱོད་རྫོགས་པའི་ཆས་ཅན་ཞབས་སེམས་སྐྱིལ་གྱིས་བཞུགས་པའི་ཐུགས་ཀར་ཟླ་སྟེང་ཧཱུྃ་མཐར་ཡིག་བརྒྱའི་བསྐོར་བ་ལ་མོས་གུས་བྱས་པས་ས་བོན་སྔགས་འཁོར་དང་བཅས་པ་ལས་བདུད་རྩིའི་རྒྱུན་བྱུང་། སྐུ་ལུས་ཀྱི་ནང་གང་། ཞབས་གཡས་པའི་མཐེ་བོང་ནས་བརྡོལ་ཏེ་ཁྱེད་རང་རྣམས་ཀྱི་སྤྱི་བོ་ནས་ཞུགས། ཐོག་མེད་ནས་བསགས་པའི་སྡིག་སྒྲིབ་ཉེས་ལྟུང་བག་ཆགས་དང་བཅས་པ་དག་པར་མོས་ལ་ཡིག་བརྒྱ་དང་ཡང་སྙིང་བཟླ་བར་ཞུ། ཞེས་བརྡ་སྦྱར་ལ། ཡིག་བརྒྱ་དང་ཡང་སྙིང་ཅི་འགྲུབ་བཟླས་པའི་མཐར། མགོན་པོ་བདག་ནི་༴སོགས་རྗེས་ཟློས་བྱར་གཞུག །དེ་ལྟར་གསོལ་བ་བཏབ་པས་སྡིག་སྒྲིབ་དག་པའི་གནང་བ་སྩལ་ཏེ། དགྱེས་པ་ཆེན་པོས་འོད་དུ་ཞུ་ནས་ཁྱེད་རང་རྣམས་ལ་ཐིམ་པས་རྡོ་རྗེ་སེམས་དཔའི་གསང་བ་གསུམ་དང་དབྱེར་མེད་དུ་གྱུར་པའི་ངེས་ཤེས་བསྐྱེད་ལ་འོད་གསལ་རྣམ་པར་མི་རྟོག་པའི་ངང་དུ་མཉམ་པར་འཇོག་པར་ཞུ། ཞེས་དར་ཅིག་དགོངས་པ་བསྐྱང་། དེ་ནས་ཕྱོགས་བཞིའི་བུམ་པ་གཙོ་བུམ་དུ་བསྡུས་པ་ཐོགས་ཏེ། འོ། རིགས་ཀྱི་བུ་རྣམས་བུམ་པ་འདི་སྤྱི་བོར་བཞག་ནས་བྱུང་བའི་དུས་སུ༔ རྫའམ་ཤིང་གི་རང་བཞིན་དུ་མ་བསྒོམ་པར༔ ཕྱི་རིན་པོ་ཆེའི་བུམ་པའི་དབྱིབས་ལ༔ ནང་རིན་པོ་ཆེའི་གཞལ་ཡས་ཁང་གི་ནང་དུ༔ རྒྱལ་བ་ཞི་ཁྲོ་རབ་འབྱམས་ཀྱི་ལྷ་ཚོགས་ཁྲ་དཔུང་ངེ༔ འོད་ཐིབས་སེ་བྱོན་པ་ཙམ་གྱིས་ལུས་ཀྱི་སྒྲིབ་པ་དག༔ སྐུའི་དམ་ཚིག་ཉམས་ཆགས་བསྐངས་ཤིང་༔ བུམ་པ་ལྷའི་དབང་ཐོབ་པ་ཡིན་ཨང་སྙམ་པའི་མོས་པ་དུང་དུང་མཛོད་ཅིག༔ ཧཱུྃ༔ རིན་ཆེན་བུམ་པ་གཞལ་ཡས་ཁང་༔ རྒྱལ་བ་ཞི་ཁྲོའི་ལྷ་ཚོགས་བཞུགས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ ལྷ་དབང་ལུས་ལ་ཐོབ་པར་ཤོག༔ ཧཱུྃ་བཛྲ་ཨ་བྷི་ཥིཉྩ་ཨ་ཨཱ༔ ༀ་བུདྡྷ་ཨ་བྷི་ཥིཉྩ་ཨ་ཨཱཿསྭཱ་རཏྣ་ཨ་བྷི་ཥིཉྩ་ཨ་ཨཱཿཨཱཾཿཔདྨ་ཨ་བྷི་ཥིཉྩ་ཨ་ཨཱཿཧཱ་ཀརྨ་ཨ་བྷི་ཥིཉྩ་ཨ་ཨཱཿཞེས་མགོ་བོའི་གནས་ལྔར་བསྐུར་ཞིང་བུམ་ཆུ་བླུད། དེ་ནས་པར་བུ་གསེག་ཤང་ལག་ཏུ་གཏད་ལ། ཧཱུྃ༔ རིན་ཆེན་པར་བུ་ལྷུང་བཟེད་ན༔ རྒྱལ་བ་ཞི་ཁྲོའི་ལྷ་ཚོགས་བཞུགས༔ གསེག་ཤང་དྲང་སྲོང་སྒྲ་སྒྲོགས་འདི༔ ཐུགས་རྟགས་ཞི་ཁྲོ་ལྷ་ཡི་བརྡ༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ ཨ་ཝ་དྷུ་ཏིའི་དབང་ཐོབ་ཤོགཿནྲྀ་ཚིནྡྷ་ཚིནྡྷ་སརྦ་ཨ་བ་ར་ཎ་ནི་ཧཱུྃ་ཕཊཿདེ་ནས་རིགས་ལྔའི་ཕྱག་མཚན་དང་དྲིལ་བུ་མགོ་ཐོག་ཏུ་བཞག་ལག་ཏུ་གཏད་ལ། ཧཱུྃ༔ རྡོ་རྗེ་འཁོར་ལོ་རིན་པོ་ཆེ༔ པདྨ་རྒྱ་གྲམ་ཐུགས་ཀྱི་རྟགས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ འཁོར་ལོ་ལྔ་ལ་དབང་རྫོགས་ཤོག༔ བཛྲ་ཙཀྲ་རཏྣ་པདྨ་ཀརྨ་ཁདྒ་ཨ་བྷི་ཥིཉྩ་ཨཱཿ འོ། རིགས་ཀྱི་བུ་རྣམས་ལ་ཐོག་མར་ལུས་སྨིན་པར་བྱེད་པ་བུམ་པ་ལྷའི་དབང་བསྐུར་བས༔ བུམ་པ་འདིའི་ནང་ན་སྨན་ལྔའི་དབང་བསྐུར་བས་ནད་ལྔ་ལས་གྲོལ༔ སྙིང་རྗེ་ལྔ་རྒྱུད་ལ་སྐྱེ༔ ཞིང་ཁམས་ལྔ་ལ་དབང་བསྒྱུར༔ སྒྲིབ་པ་ལྔ་དག༔ རྡོ་རྗེ་སེམས་དཔའ་སྐུ་ལྔའི་དབང་ཐོབ༔ འབྲུ་ལྔའི་དབང་བསྐུར་བས༔ དུག་ལྔའི་ཉེས་པ་ལས་གྲོལ༔ བཏང་སྙོམས་ལྔ་རྒྱུད་ལ་སྐྱེ༔ ཞིང་ཁམས་ལྔ་མཐོང་༔ སྒྲིབ་པ་ལྔ་དག༔ རྣམ་པར་སྣང་མཛད་རིགས་ལྔའི་དབང་ཐོབ༔ རིན་པོ་ཆེ་ལྔའི་དབང་བསྐུར་བས༔ ཞིང་ཁམས་ལྔ་མཐོང་༔ སྒྲིབ་པ་ལྔ་དག༔ བྱམས་པ་ལྔ་རྒྱུད་ལ་སྐྱེ༔ རིན་ཆེན་འབྱུང་ལྡན་སྐུ་ལྔའི་དབང་ཐོབ༔ དྲི་ལྔའི་དབང་བསྐུར་བས༔ དུག་ལྔའི་ཉེས་པ་སེལ༔ དགའ་བ་ལྔ་རྒྱུད་ལ་སྐྱེ༔ ཞིང་ཁམས་ལྔ་མཐོང་༔ སྒྲིབ་པ་ལྔ་དག༔ སྣང་བ་མཐའ་ཡས་སྐུ་ལྔའི་དབང་ཐོབ༔ སྙིང་པོ་ལྔའི་དབང་བསྐུར་བས༔ ཕུང་པོ་ལྔ་དག༔ གཏེར་ལྔ་ཐོབ༔ ཞིང་ཁམས་ལྔ་མཐོང་༔ དོན་ཡོད་གྲུབ་པ་སྐུ་ལྔའི་དབང་ཐོབ་པའི་དགོས་པ་ཡོད་དོ༔ དེ་དག་ནི་ཉོན་མོངས་པ་རྒྱུད་དྲུག་སྦྱངས་ཤིང་རིགས་དྲུག་གི་གནས་ནས་སྤར་ཏེ་གསང་སྔགས་ཀྱི་སྣོད་རུང་དུ་བྱ་བའི་དབང་ངོ༔

གསུམ་པ་ནི། གཞུང་ལས། ཞིབ་པར་དབང་བཞི་འཕྲད་ཚད་རང་གྲོལ་ལྟར་ཤེས་པར་བྱའོ༔ ཞེས་གསུངས་པ་ལྟར་དེའི་སྤྲོས་བཅས་བུམ་དབང་ཆེན་མོ་དང་ལྷ་དབང་སོགས་མདོར་བསྡུས་ཏེ་བསྐུར་བ་ཕྱག་ལེན་དུ་མཛད་ཅིང་། འགྲོ་དྲུག་རང་གྲོལ་དབུའི་ས་བཅད་ལས་སྔོན་འགྲོ་དངོས་གཞི་རྗེས་གསུམ་དུ་གསུངས་པའི་དངོས་གཞིའང་འདི་ཡིན་ལ། དེའི་གོ་རིམ་གནས་འདྲེན་དབང་གི་ཐོ་ཡིག་ལས། ཐོག་མར་སྐུ་གསུང་ཐུགས་ཀྱི་དབང་གསུམ་བསྐུར༔ དེ་རྗེས་ཆུ་དང་དབུ་རྒྱན་རྡོར་དྲིལ་མིང་༔ ཞེས་སོགས་འབྱུང་བའི་སྐུ་གསུང་ཐུགས་དབང་ནི་གཙོ་བུམ་ལ་ངོས་འཛིན་པ་ལེགས་ཏེ་དངོས་བསྟན་གྱི་ཚིག་དོན་དང་འབྱོར་པའི་ཕྱིར་རོ། །དེས་ན་དེ་ལྟར་བསྒྲུབ་པའི་ཐོག་མར་ཆོ་ག་གཞན་གྱི་འགྲོས་ལྟར་ཡེ་ཤེས་པ་དབབ་པའང་ཕྱག་ལེན་དུ་འབྱུང་བས། དེ་ནས་དབང་གི་གཞི་འགོད་པའི་སླད་དུ་ཡེ་ཤེས་པ་དབབ་པ་ལ་སྒོ་གསུམ་གྱི་གནད་གཅུན་ཏེ་དམིགས་པ་འདི་ལྟར་དུ་མཛོད་ཅིག །ལས་ཆུ་འཐོར་ཞིང་། ༀ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཨུ་ཙ་ཏ་ཡ་ཧཱུྃ་ཕཊཿༀ་སྭ་བྷ་ཝ༴སོགས་བརྗོད་ལ་བསང་སྦྱང་། སློབ་དཔོན་གྱི་ཐུགས་ཀའི་འོད་ཟེར་གྱིས་ཁྱེད་རང་རྣམས་ཀྱི་གདོས་བཅས་ཤ་ཁྲག་གིས་མཚོན་མ་དག་པའི་སྣང་བ་ཐམས་ཅད་མི་དམིགས་པ་སྟོང་པ་ཉིད་དུ་སྦྱངས། སྟོང་པའི་ངང་ལས་རིན་ཆེན་ཁྲི་རྐང་པདྨ་ཉི་ཟླའི་སྟེང་དུ་ཁྱེད་རང་རྣམས་རྡོ་རྗེ་སེམས་དཔའ་དཀར་གསལ་ཞལ་གཅིག་འཛུམ་བཅས་བཞད་པ། ཕྱག་གཉིས་ཀྱི་གཡས་རིག་སྟོང་རྡོ་རྗེ་ཐུགས་ཀར་འཛིན་ཅིང་། གཡོན་སྣང་སྟོང་དྲིལ་བུ་དཀུ་ལ་བརྟེན་པ། རིགས་ལྔའི་དབུ་རྒྱན་སོགས་ལོངས་སྤྱོད་རྫོགས་པའི་སྐུ་དར་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། ཞབས་གཉིས་གཡས་བརྐྱང་གཡོན་བསྐུམ་རོལ་པའི་སྟབས་ཀྱིས་བཞུགས་པའི། ཐུགས་ཆོས་དབྱིངས་ཁྱབ་བརྡལ་གྱི་ཀློང་དུ་རང་སེམས་ཀ་དག་གི་རིག་མདངས་ཞལ་ཕྱག་གི་རྣམ་པ་ཀུན་བཟང་ཡབ་ཡུམ་ལ། འཁོར་ཡེ་ཤེས་ལྔའི་རང་འོད་རིགས་ལྔ་ཡབ་ཡུམ་བཅུ། སེམས་དཔའ་བརྒྱད། སེམས་མ་བརྒྱད། ཐུབ་པ་དྲུག །སྒོ་བ་ཡབ་ཡུམ་བརྒྱད་དང་བཅས་པའི་རྩལ་མདངས་ལས། ཀླད་པ་དུང་ཁང་འབར་བའི་གཞལ་ཡས་འཇའ་འོད་མེ་དཔུང་ཐིག་ལེའི་ཀློང་དུ་ཆེ་མཆོག་ཡབ་ཡུམ་ལ་ཁྲག་འཐུང་ཁྲོ་བོ་ཡབ་ཡུམ་བཅུ། ཀེའུ་རི་མ་བརྒྱད། སི་ཾཧ་མ་བརྒྱད། སྒོ་མ་བཞི། དབང་ཕྱུག་ཉི་ཤུ་རྩ་བརྒྱད་ལ་སོགས་ཞི་ཁྲོ་དམ་པ་རིགས་བརྒྱ་དང་། མགྲིན་པར་རིག་འཛིན་དཔའ་བོ་ཡབ་ཡུམ་བཅུ་རྣམས་གསལ་བའི་སྐུའི་གནས་གསུམ་དུ་ༀ་ཨཱཿཧཱུྃ་གསུམ་དང་རང་རང་གི་ཐུགས་སྲོག་ས་བོན་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་པས། རང་བཞིན་གྱི་གནས་ནས་དུས་གསུམ་གྱི་རྒྱལ་བ་ཞི་ཁྲོ་རབ་འབྱམས་དཀོན་མཆོག་རྩ་གསུམ་ཐམས་ཅད་ཆར་སྤྲིན་གཏིབ་པ་ལྟར་བྱོན་ནས་ཁྱོད་རང་རྣམས་ལ་སིབ་སིབ་ཐིམ་པའི་མོས་པ་མཛོད་ཅིག །སྤོས་དང་གུ་གུལ་ཚིལ་ཆེན་སོགས་འབེབ་རྫས་བསྲེག །རོལ་མོ་དབྱང་དང་བཅས། ཧཱུྃཿཕྱི་ནང་སྣོད་བཅུད་གཟུང་འཛིན་ནི༔ རྟོག་ཚོགས་རང་གྲོལ་བྱིན་ཕོབ་ཅིག༔ ཉོན་མོངས་ཡུལ་དྲུག་འཛིན་པ་ལ༔ གཞི་མེད་རྩ་བྲལ་བྱིན་ཕོབ་ཅིག༔ སྐུ་ལྔ་ཡེ་ཤེས་རིག་རྩལ་ལ༔ སྣང་སྟོང་དག་པས་བྱིན་ཕོབ་ཅིག༔ དབྱིངས་རིག་ངར་འཛིན་དང་བ་ལ༔ རྟོག་གསུམ་བྲལ་བས་བྱིན་ཕོབ་ཅིག༔ སྐུ་གསུམ་དག་པའི་སྣང་བ་ལ༔ རིག་པ་ལུག་རྒྱུད་བྱིན་ཕོབ་ཅིག༔ ཐབས་ཤེས་རང་རྩལ་རོལ་པ་ལས༔ མ་འགགས་ཤུགས་འབྱུང་བྱིན་ཕོབ་ཅིག༔ བདག་གཞན་རྟོག་པའི་ལྟ་སྒོམ་ལ༔ གནས་ལུགས་རང་བབས་བྱིན་ཕོབ་ཅིག༔ མ་འགགས་སྣ་ཚོགས་ཆོ་འཕྲུལ་འདི༔ རིག་རྩལ་རང་གྲོལ་དབང་ཐོབ་ཤོག༔ ༀ་ཨཱཿཧཱུྃ་བྷོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཛྙ་ན་དྷཱ་ཏུ་ཨཱཿༀ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཨ་བེ་ཤ་ཡ་སྟྭཾ་བྷ་ཡ༔ ར་རཱ༔ ར་རཱ༔ ཙ་ལ་ཡ་ཧཱུྃཿཨ་ཛྷཻཾཨེ་ཨ་རལླི་ཧྲིཾ་ཧྲིཾ་ཕེཾ་ཕེཾ༔ ཞེས་དྲག་ཏུ་བརྗོད་ལ་དབབ་པས་སྒོ་གསུམ་ལ་ཉམས་གསུམ་སྐྱེས་པ་དང་། ཁྱེད་རང་རྣམས་ཀྱི་སེམས་མ་བཅོས་པར་རང་ལུགས་སུ་ཀློད་ལ་ངོ་བོ་རྗེན་པའི་སྟེང་དུ་ཞོག་ལ་ཡེ་ཤེས་པའི་བྱིན་རླབས་ཀྱི་རྒྱུན་བྱང་ཆུབ་མ་ཐོབ་བར་དུ་སྒོ་གསུམ་ལ་བརྟན་པར་བྱས་པར་མོས་མཛོད། རྡོ་རྗེ་དྲིལ་བུ་གནས་གསུམ་དུ་བཞག་ལ། ཛྙཱ་ན་ས་ཏྭ་ཏིཥྛ་བཛྲཿཞེས་བརྟན་པར་བྱའོ། །དེ་ནས་སྨིན་བྱེད་ཀྱི་དངོས་གཞི་སྤྲོས་བཅས་བུམ་དབང་ཆེན་མོ་ཞུ་བའི་ཡོན་དུ་མཎྜལ་ཕུལ། གསོལ་བ་གདབ་པ་འདིའི་རྗེས་ཟློས། ཀྱེ་ཧོ༔ བླ་མ་རྡོ་རྗེ་འཛིན་པ་ཆེ༔ བདག་ཅག་སྐལ་ལྡན་སློབ་བུ་ལ༔ རྒྱལ་བ་ཞི་ཁྲོ་རབ་འབྱམས་ཀྱི༔ བུམ་པའི་དབང་མཆོག་བསྐུར་དུ་གསོལ༔ ལན་གསུམ། སློབ་དཔོན་གྱི་ཐུགས་ཀ་ནས་འཕྲོས་པའི་འོད་ཟེར་གྱིས་གདན་གསུམ་ཚང་བའི་དབང་གི་ལྷ་ནམ་མཁའ་གང་བར་སྤྱན་དྲངས་པ་རྣམས་ཀྱིས་སོ་སོའི་ཕྲིན་ལས་ཚུལ་བཞིན་དུ་མཛད་དེ་རྣམ་རྒྱལ་བུམ་པའི་དབང་བསྐུར་སྩལ་བར་མོས་ཤིག །རྣམ་བུམ་ཐོགས་ལ། ཧཱུྃཿབུམ་པ་འདི་ནི་གཞལ་ཡས་ཁང་༔ ནང་ན་ཞི་ཁྲོའི་ལྷ་ཚོགས་བཞུགས༔ ཕྱི་ནང་གསང་བའི་དཀྱིལ་འཁོར་ནས༔ སྐུ་གསུང་ཐུགས་ཀྱི་དབང་མཆོག་རྣམས༔ སློབ་བུ་ཁྱོད་ལ་ཕབ་པ་ཡིས༔ ཕུང་ཁམས་ལྷ་དང་ལྷ་མོར་གྱུར༔ བསྐྱེད་རིམ་ལྷ་དབང་ཐོབ་པར་ཤོག༔ ༀ་ཨཱཿཧཱུྃ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩ་ཧཱུྃཿༀ་ཨཱཿཧཱུྃ་ཧྲཱིཿསྭཱ་ཧཱཿཞེས་མགོར་བཞག་ལ། བུམ་ཆུ་འཐོར་འཐུང་བྱ། འོཿ རིགས་ཀྱི་བུ་ཁྱེད་རྣམས་ལ་བུམ་པ་འདིའི་དབང་བསྐུར་བས༔ ཕྱི་སྣོད་ཐམས་ཅད་གཞལ་ཡས་ཁང་དུ་ཤེས་པའི་དབང་དམ་པ་ཐོབ་པར་གྱུར་ཅིག༔ བུམ་ཆུའི་དབང་བསྐུར་བས༔ ནང་བཅུད་ཀྱི་སེམས་ཅན་ཐམས་ཅད་ལྷ་དང་ལྷ་མོར་ཤེས་པའི་དབང་དམ་པ་ཐོབ་པར་གྱུར་ཅིག༔ ཕྱག་མཚན་ལྔས་དབང་བསྐུར་བས༔ བདུད་བཞི་ཟིལ་གྱིས་གནོན་པའི་དབང་དམ་པ་ཐོབ་པར་གྱུར་ཅིག༔ ཁ་རྒྱན་གྱིས་དབང་བསྐུར་བས༔ འབྲས་བུ་མྱུར་དུ་སྨིན་པའི་དབང་དམ་པ་ཐོབ་པར་གྱུར་ཅིག༔ མགུལ་ཆིངས་ཀྱིས་དབང་བསྐུར་བས༔ གཞན་དོན་འབད་མེད་འགྲུབ་པའི་དབང་དམ་པ་ཐོབ་པར་གྱུར་ཅིག༔ གཟུངས་ཐག་རྡོ་རྗེས་དབང་བསྐུར་བས༔ སྡོམ་པ་གསུམ་དང་དམ་ཚིག་མཐར་ཕྱིན་པའི་དབང་དམ་པ་ཐོབ་པར་གྱུར་ཅིག༔ བུམ་ཆུས་དབང་བསྐུར་བས༔ རྩ་ཐིག་རླུང་གསུམ་གྱི་ཁམས་དག་ནས་བསྐྱེད་རྫོགས་ཟུང་དུ་འབྲེལ་བའི་དབང་དམ་པ་ཐོབ་པར་གྱུར་ཅིག༔ འོ་མ་བུམ་རྫས་དང་བཅས་པས་དབང་བསྐུར་བས༔ རང་དོན་མཐར་ཕྱིན་ནས་གཟུགས་སྐུ་རྣམ་གཉིས་ཀྱིས་བསྐལ་པ་མ་སྟོངས་ཀྱི་བར་དུ་འགྲོ་བ་སེམས་ཅན་ཐམས་ཅད་འདྲེན་པའི་དཔལ་མགོན་དམ་པར་གྱུར་ཅིག༔ གཟུངས་ཐག་རྣམ་ལྔས་དབང་བསྐུར་བས༔ སེམས་ཅན་ཐམས་ཅད་ཉོན་མོངས་པའི་སྡུག་བསྔལ་ལས་སྐྱོབ་པར་གྱུར་ཅིག༔ བུམ་ཆུ་གཙང་མས་དབང་བསྐུར་བས་ཐུགས་རྗེས་འཛིན་པའི་ཆུ་རྒྱུན་མི་ཆད་ཅིང་༔ སྟོང་ཉིད་སྙིང་རྗེ་དང་འབྲེལ་བའི་དབང་དམ་པ་ཐོབ་པར་གྱུར་ཅིག༔ བུམ་པ་རྒྱན་བཀོད་པ་གཟི་བྱིན་ཅན༔ བླ་མ་ཡབ་ཡུམ་རོལ་མོ་རྒྱན་དང་བཅས་པས་དབང་བསྐུར་བ་ལ་བརྟེན་ནས༔ ཞི་རྒྱས་དབང་དྲག་བཞིའི་ཕྲིན་ལས་རྣམ་བཞི་མཐར་ཕྱིན་པའི་དབང་དང་དངོས་གྲུབ་དམ་པ་ཐོབ་པར་གྱུར་ཅིག༔ དབང་བར་གྱུར་ཅིག༔ གསལ་བར་གྱུར་ཅིག༔ མཆེད་པར་གྱུར་ཅིག༔ འབར་བར་གྱུར་ཅིག༔ རྒྱས་པར་གྱུར་ཅིག༔ དབང་དུ་གྱུར་ཅིག༔ སྨིན་གྲོལ་རེག་ཅིང་རྟོགས་པར་གྱུར་ཅིག༔ བརྟན་པར་གྱུར་ཅིག༔ གྲོལ་བར་གྱུར་ཅིག༔ མེ་ཏོག་གང་ལ་ཕོག་པའི་ལྷ་གང་ཡིན་པ་དང་དབྱེར་མེད་དུ་སངས་རྒྱས་པར་གྱུར་ཅིག༔ ཅེས་སྨོན་ལམ་དང་བཀྲ་ཤིས་བརྗོད། མེ་ཏོག་འཐོར་རོ། །

དེ་ནས་ཐུན་མོང་རིག་པའི་དབང་ལྔ་ལས་དང་པོ་མི་བསྐྱོད་པའི་ངོ་བོ་ཆུའི་དབང་བསྐུར་བར་མོས། བུམ་པ་གཙུག་ཏུ་བཞག་ལ། བུམ་ཆུ་སྤྱི་བོར་གཏིགས་ཤིང་། ཧཱུྃ༔ སྐུ་གསུམ་དམ་ཚིག་ལས་བྱུང་བའི༔ ཉོན་མོངས་ཞེ་སྡང་འཇོམས་མཛད་པ༔ ལྷ་ཡི་བདུད་རྩི་དག་པ་ཡིས༔ མི་བསྐྱོད་པ་རུ་དབང་བསྐུར་རོ༔ ༀ་བཛྲ་ཨཱ་དཪྴ་ཛྙཱ་ན་ཨ་བྷི་ཥིཉྩ་མཱཾ༔ གཉིས་པ་རིན་ཆེན་འབྱུང་ལྡན་གྱི་ངོ་བོ་དབུ་རྒྱན་སྤྱི་བོར་བཅིངས་པར་མོས་ཤིག༔ དབུ་རྒྱན་བསྐོན། རྣ་ལྟག་གཡས་སུ་བུམ་པ་བཞག་ལ། ཧཱུྃཿསངས་རྒྱས་ཀུན་གྱི་རྒྱལ་སྲིད་དེ༔ ང་རྒྱལ་རྟོག་པ་རྣམ་པར་འཇོམས༔ ཆགས་མེད་སྦྱིན་པའི་དབུ་རྒྱན་འདིས༔ རྫོགས་སངས་རྒྱས་སུ་དབང་བསྐུར་རོ༔ སྭཱ་རཏྣ་ས་མ་ཏཱ་ཛྙ་ན་སྭ་བྷ་བ་ཨ་བྷི་ཥིཉྩ་མཾཿགསུམ་པ་སྣང་བ་མཐའ་ཡས་ཀྱི་ངོ་བོ་རྡོ་རྗེ་མགོར་བཞག་ཅིང་ལག་གཡས་སུ་སྦྱིན་པར་མོས་ཤིག །རྡོ་རྗེ་སྦྱིན། བུམ་པ་ལྟག་པར་བཞག་ལ། ཧཱུྃ༔ སངས་རྒྱས་ཀུན་གྱི་རྡོ་རྗེའི་དབང་༔ མི་ཕྱེད་རྡོ་རྗེ་གསང་བ་ལས༔ འདོད་ཆགས་རྟོག་པ་རྣམ་པར་འཇོམས༔ རྡོ་རྗེ་ཆོས་ཀྱི་དབང་བསྐུར་རོ༔ ཨཱཾ་པདྨ་པྲ་ཛྙཱ་ཨ་བྷི་ཥིཉྩ་མཱཾ༔ བཞི་པ་དོན་ཡོད་གྲུབ་པའི་ངོ་བོ་དྲིལ་བུ་གསིལ་ཞིང་ལག་གཡོན་དུ་གཏད་པར་མོས་ཤིག །དྲིལ་བུ་གཏད། བུམ་པ་རྣ་ལྟག་གཡོན་དུ་བཞག་ལ། ཧཱུྃ༔ ཐབས་དང་ཤེས་རབ་ལྡན་པ་ཡི༔ འགྲོ་དོན་མཉམ་མེད་དྲིལ་བུ་འདིསཿཕྲག་དོག་རྟོག་པ་རྣམ་པར་འཇོམས༔ གཉིས་སུ་མེད་པར་དབང་བསྐུར་རོ༔ ཧཱ་ཏིཥྛ་ཨ་ནུ་ཏེ་ཛྙ་ན་པ་ཏི་བཛྲ་ཀརྨ་ཨ་བྷི་ཥིཉྩ་མཱཾ༔ ལྔ་པ་རྣམ་པར་སྣང་མཛད་ཀྱི་ངོ་བོ་རྡོ་རྗེའི་མིང་གིས་མངོན་པར་དབང་བསྐུར་བར་མོས་ལ་སྔར་བཏགས་པའི་གསང་མཚན་ཡིད་ལ་གྱིས་ཤིག །རྣམ་སྣང་གི་སྐུ་བསྟན། བུམ་པ་དཔྲལ་བར་བཞག་ལ། ཧཱུྃ༔ རྡོ་རྗེ་མིང་གིས་དབང་བསྐུར་བས༔ གཏི་མུག་རྟོག་པ་རྣམ་པར་འཇོམས༔ ཅིས་ཀྱང་མི་ཆོད་མི་ཤིགས་པ༔ རྡོ་རྗེའི་མིང་དུ་རབ་གྲགས་སོ༔ ༀ་ཏྲཻ་ཙཀྲ་མ་ཏི་ཨ་མི་ཛྙཱ་ན་བཛྲ་ཨ་བྷི་ཥིཉྩ་མཱཾ༔ ཞེས་དབང་བསྐུར་ཞིང་། འོ༔ རིགས་ཀྱི་བུ་དང་བུ་མོ་སྐལ་པ་དང་ལྡན་པ་ཁྱེད་རྣམས་ལ་འདི་ལྟར་ཐུན་མོང་རིག་པའི་དབང་ལྔ་བསྐུར་བས༔ ཉོན་མོངས་པ་དུག་ལྔ་དང་༔ ཕུང་པོ་ལྔ་པོ་གཏན་ནས་དག་ནས་ཡེ་ཤེས་ལྔ་དང་སྐུ་ལྔ་ལྷུན་གྱིས་གྲུབ་སྟེ༔ ཞིང་ཁམས་ལྔ་ལ་དབང་བསྒྱུར་ནས༔ སེམས་ཅན་ཐམས་ཅད་ལ་འགྲོ་དོན་ཐོགས་པ་མེད་པར་བྱེད་ནུས་པའི་དབང་དམ་པ་ཐོབ་པར་གྱུར་ཅིག༔ ཅེས་སྨོན་ལམ་གདབ། དེ་ནས་ཞི་ཁྲོའི་ལྷ་དབང་ཆེན་མོ་ཞུ་བའི་དོན་དུ་གསོལ་བ་གདབ་པ་འདིའི་རྗེས་ཟློས། ཀྱེ་ཧོ༔ བླ་མ་རྡོ་རྗེ་འཛིན་པ་ཆེ༔ བདག་ཅག་སྐལ་ལྡན་བུ་རྣམས་ལ༔ རྒྱལ་བ་ཞི་ཁྲོ་རབ་འབྱམས་ཀྱི༔ ལྷ་དབང་ཡོངས་རྫོགས་བསྐུར་དུ་གསོལ༔ ལན་གསུམ། དཀྱིལ་འཁོར་དུ་བཞུགས་པའི་ཞི་བ་བཞི་བཅུ་རྩ་གཉིས་ལས་ཡེ་ཤེས་ཀྱི་སྐུ་གཉིས་པ་འཕྲོས་ཏེ་ཁྱོད་རང་རྣམས་ཀྱི་སྙིང་ག་དྭངས་མ་ལྔ་འདུས་འོད་ཀྱི་ཐིག་ལེའི་ཀློང་དུ་བཞུགས་པ་དང་༔ ཁྲག་འཐུང་ལྔ་བཅུ་རྩ་བརྒྱད་ལས་གཉིས་པ་འཕྲོས་ཏེ་ཀླད་པ་དུང་ཁང་འཇའ་ཟེར་མེ་ཕུང་གི་ཀློང་ན་བཞུགས་པར་གྱུར་པའི་མོས་པ་མཛོད་ཅིག །ཙཀླི་རྣམས་གོ་རིམ་ལྟར་སྤྱི་བོར་བཞག་སྟེ། གཙོ་བོ་ཡབ་ཡུམ་ནི། ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་རྣམས་ལ༔ ཀུན་བཟང་ཡབ་ཡུམ་དབང་བསྐུར་བས༔ ཡིད་ཆོས་རྣམ་པར་དག་པ་ཡི༔ ཆོས་སྐུ་རབ་འབྱམས་དབང་ཐོབ་ཤོག༔ དྷརྨ་ཀཱ་ཡ་ཨ་བྷི་ཥིཉྩ་ༀ་ཨཱཿཧཱུྃ་ཧྲཱི༔ དེ་ནས་སྨོན་ལམ་ནི། སྐལ་ལྡན་རིགས་ཀྱི་བུ་རྣམས་ལ་ཀུན་བཟང་ཡབ་ཡུམ་གྱི་དབང་བསྐུར་བས༔ ཡིད་ཆོས་ཀྱི་ཁམས་རྣམ་པར་དག་སྟེ་ཆོས་སྐུ་རབ་འབྱམས་ཀྱི་དབང་དམ་པ་ཐོབ་པར་གྱུར་ཅིག༔ དེ་ནས་ངོ་སྤྲོད་ནི། འོ། སྐལ་ལྡན་རིགས་ཀྱི་བུ་རྣམས༔ ཀུན་བཟང་ཡབ་ཡུམ་ཞེས་བྱ་བ་དེའང་གཞན་ཞིག་ཡིན་སྙམ་དུ་མ་སེམས་ཤིག༔ རང་གི་ཀུན་གཞི་བྱང་ཆུབ་ཀྱི་སེམས༔ ཡིད་བྱེད་པ་པོ་ད་ལྟའི་ཤེས་རིག་མ་འགགས་པར་ས་ལེ་ཧྲིག་གེ་བ་འདི་ཀ་ཆོས་སྐུ་ཀུན་ཏུ་བཟང་པོའམ། ཐོག་མའི་མགོན་པོ་འོད་མི་འགྱུར་བ་ཞེས་བྱ་བ་དེ་འདི་ཉིད་ཡིན་ནོ༔ རང་གི་ཤེས་རིག་དངོས་པོ་གདོས་ཅན་དུ་གྲུབ་པ་མེད་པ༔ ཅིའི་ངོ་བོར་ཡང་མ་གྲུབ་པའི་སྟོང་སང་ངེ་བ་འདི་ཀ་ཡུམ་ཀུན་ཏུ་བཟང་མོ་ཡིན་ནོཿའདིའི་རང་རྩལ་འགགས་མེད་དུ་ཆོས་བྱེད་པ་པོ་སྣ་ཚོགས་སུ་ཤར་བ་འདི་ཉིད་ཀྱང་ཡབ་ཀུན་ཏུ་བཟང་པོའི་རང་བཞིན་ཡིན་པར་ངོ་ཤེས་པར་གྱིས་ཤིག༔ ཅེས་བརྗོད། དེས་འགྲེས་ཏེ་རིགས་ལྔ་ཡབ་ལྔ་ནི། ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་རྣམས་ལ༔ རིགས་ལྔ་ཡབ་ལྔའི་དབང་བསྐུར་བས༔ ཕུང་པོ་ལྔ་པོ་གནས་དག་ནསཿལོངས་སྐུ་རབ་འབྱམས་དབང་ཐོབ་ཤོགཿༀ་ཧཱུྃ་སྭཱ་ཨཱཾ་ཧཱཿསཾ་བྷོ་ཀཱ་ཡ་ཨ་བྷི་ཥིཉྩ་ཨཱཿསྐལ་ལྡན་རྣམས་ལ་རྒྱལ་བ་རིགས་ལྔའི་དབང་བསྐུར་བས༔ ཕུང་པོ་ལྔ་གནས་སུ་དག་ནས་ལོངས་སྐུ་རབ་འབྱམས་ཀྱི་དབང་དམ་པ་ཐོབ་པར་གྱུར་ཅིག༔ འོ། སྐལ་ལྡན་རིགས་ཀྱི་བུ་རྣམས༔ རྒྱལ་བ་རིགས་ལྔ་ཞེས་བྱ་བ་དེ་གཞན་ཞིག་ཡིན་སྙམ་དུ་མ་སེམས་ཤིག༔ རང་གི་ཕུང་པོ་ལྔ་མ་སྤངས་གནས་སུ་དག་པ་དེ་ཉིད་རྒྱལ་བ་རིགས་ལྔར་སྣང་བ་སྟེ༔ དེ་ཡང་གཟུགས་མ་འགགས་པར་གསལ་བ་འདི་ཀ་རྣམ་པར་སྣང་མཛད་དོ༔ ཚོར་བ་འགགས་མེད་དུ་གསལ་བ་འདི་ཀ་རིན་ཆེན་འབྱུང་ལྡན་ནོ༔ འདུ་ཤེས་དུང་ངེ་བ་འདི་ཀ་སྣང་བ་མཐའ་ཡས་སོ༔ འདུ་བྱེད་ཁྱུག་གེ་བ་འདི་ཀ་དོན་ཡོད་གྲུབ་པའོ༔ རྣམ་པར་ཤེས་པ་འགགས་མེད་དུ་གསལ་བ་འདི་ཀ་རྡོ་རྗེ་སེམས་དཔའ་ཉིད་ཀྱི་རང་བཞིན་ཡིན་པས་ངོ་ཤེས་པར་གྱིས་ཤིག༔ ཡུམ་ལྔ་ནི། ཧཱུྃཿསྐལ་ལྡན་རིགས་ཀྱི་བུ་རྣམས་ལ༔ བདེ་གཤེགས་ཡུམ་ལྔས་དབང་བསྐུར་བས༔ འབྱུང་ལྔ་མ་སྤངས་གནས་དག་ནས༔ རིགས་ལྔ་ཡུམ་ལྔའི་དབང་ཐོབ་ཤོག༔ མཱུྂ་ལཱྂ་མཱྂ་པཱྂ་ཏཱྂ༔ ཨ་བྷི་ཥིཉྩ་ཨཱཿ སྐལ་ལྡན་རྣམས་ལ་ཡུམ་ལྔའི་དབང་བསྐུར་བས༔ འབྱུང་བ་ལྔ་པོ་གནས་སུ་དག་ནས༔ རྒྱལ་བ་ཐམས་ཅད་སྐྱེད་པའི་དབང་ཐོབ་པར་གྱུར་ཅིག༔ འོ༔ སྐལ་ལྡན་རིགས་ཀྱི་བུ་རྣམས༔ ཡུམ་ལྔ་ཞེས་བྱ་བ་ནི་གཞན་ན་མེད་དེ༔ ཕྱི་ནང་གི་འབྱུང་བ་ལྔ་མ་འགགས་པར་སྣང་བ་འདི་ཀ་ཡུམ་ལྔའི་རང་བཞིན་ཡིན་ནོ༔ དེ་ཡང་སར་སྣང་བ་ནི་སངས་རྒྱས་སྤྱན་མའོ༔ ཆུར་སྣང་བ་ནི་མཱ་མ་ཀིའོ༔ མེར་སྣང་བ་ནི་གོས་དཀར་མོའོ༔ རླུང་དུ་སྣང་བ་ནི་དམ་ཚིག་སྒྲོལ་མའོ༔ ནམ་མཁར་སྣང་བ་ནི་དབྱིངས་ཕྱུག་མའི་རང་བཞིན་ཡིན་པས་ངོ་ཤེས་པར་མཛོད་ཅིག༔ སེམས་དཔའ་བརྒྱད་ནི། ཧཱུྃཿསྐལ་ལྡན་རིགས་ཀྱི་བུ་རྣམས་ལ༔ སེམས་དཔའ་བརྒྱད་ཀྱི་དབང་བསྐུར་བས༔ ཚོགས་བརྒྱད་མ་སྤངས་གནས་དག་ནས༔ སེམས་དཔའ་རབ་འབྱམས་དབང་ཐོབ་ཤོག༔ བོ་དྷི་ས་ཏྭ་ཨ་བྷི་ཥིཉྩ་ཨཱཿསྐལ་ལྡན་རྣམས་ལ་སེམས་དཔའ་བརྒྱད་ཀྱི་དབང་བསྐུར་བས༔ རྣམ་པར་ཤེས་པ་ཚོགས་བརྒྱད་གནས་སུ་དག་ནས༔ བྱང་ཆུབ་སེམས་དཔའི་ཚུལ་གྱིས་འགྲོ་བའི་དོན་རྒྱ་ཆེན་པོ་བྱེད་པའི་དབང་དམ་པ་ཐོབ་པར་གྱུར་ཅིག༔ འོ༔ སྐལ་ལྡན་རིགས་ཀྱི་བུ་རྣམས༔ སེམས་དཔའ་བརྒྱད་ཀྱང་གཞན་ན་མེད་དེ༔ རང་གི་རྣམ་པར་ཤེས་པ་ཚོགས་བརྒྱད་འགགས་མེད་དུ་གསལ་བ་འདི་ཀ་ཡིན་ནོ༔ མིག་གི་རྣམ་པར་ཤེས་པ་གཟུགས་འགགས་མེད་དུ་མཐོང་མཁན་གྱི་ཤེས་པ་འདི་ནི་སའི་སྙིང་པོའོ༔ རྣ་བའི་རྣམ་པར་ཤེས་པ་སྒྲ་འགགས་མེད་དུ་ཚོར་མཁན་གྱི་ཤེས་པ་འདི་ནི་ནམ་མཁའི་སྙིང་པོའོ༔ སྣའི་རྣམ་པར་ཤེས་པ་དྲི་འགགས་མེད་དུ་ཚོར་མཁན་གྱི་ཤེས་པ་འདི་ནི་སྤྱན་རས་གཟིགས་སོ༔ ལྕེའི་རྣམ་པར་ཤེས་པ་རོ་འགགས་མེད་དུ་མྱོང་མཁན་གྱི་ཤེས་པ་འདི་ནི་ཕྱག་ན་རྡོ་རྗེའོ༔ ལུས་ཀྱི་རྣམ་པར་ཤེས་པ་རེག་བྱ་འགགས་མེད་དུ་ཚོར་མཁན་གྱི་ཤེས་པ་འདི་ཀ་བྱམས་པའོ༔ ཡིད་ཀྱི་རྣམ་པར་ཤེས་པ་ཀུན་ཏུ་ཐོགས་མེད་དུ་གསལ་བའི་ཡིད་ཤེས་འདི་ཀ་སྒྲིབ་པ་རྣམ་སེལ་ལོ༔ ཉོན་མོངས་པའི་ཡིད་ཅན་ངར་འཛིན་གྱི་ཤེས་པ་ཧུ་རེ་བ་འདི་ཀ་སེམས་དཔའ་ཀུན་ཏུ་བཟང་པོ་ཡིན་ནོ༔ ཀུན་གཞིའི་རྣམ་པར་ཤེས་པ་ཁྱབ་བརྡལ་དུ་གསལ་བ་འདི་ཀ་འཇམ་དཔལ་གྱི་རང་བཞིན་ཡིན་པས་ངོ་ཤེས་པར་གྱིས་ཤིག༔ སེམས་མ་བརྒྱད་ནི། ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་རྣམས་ལ༔ སེམས་མ་བརྒྱད་ཀྱི་དབང་བསྐུར་བས༔ ཡུལ་བརྒྱད་མ་སྤངས་གནས་དག་ནས༔ སེམས་མ་རབ་འབྱམས་དབང་ཐོབ་ཤོག༔ ཨ་ཨ་བྷི་ཥིཉྩ་ཨཱཿསྐལ་ལྡན་རྣམས་ལ་སེམས་མ་བརྒྱད་ཀྱི་དབང་བསྐུར་བས༔ ཡུལ་བརྒྱད་མ་སྤངས་གནས་སུ་དག་ནས༔ བྱང་ཆུབ་སེམས་མའི་ཚུལ་གྱིས་འགྲོ་བའི་དོན་བྱེད་པར་གྱུར་ཅིག༔ འོ༔ སྐལ་ལྡན་རིགས་ཀྱི་བུ་རྣམས༔ བྱང་ཆུབ་སེམས་མ་བརྒྱད་ཀྱང་གཞན་ན་མེད་དེ༔ ཕྱི་ཡུལ་བརྒྱད་ཀྱི་རྟོག་པ་རང་སར་དག་པ་ཉིད་བྱང་ཆུབ་སེམས་མ་བརྒྱད་དོ༔ དེ་ཡང་མིག་གི་ཡུལ་དུ་གཟུགས་སུ་སྣང་བ་རྣམ་པར་དག་པ་ཉིད་སེམས་མ་ལཱ་སེ་དཀར་མོའོ༔ དེ་བཞིན་དུ་རྣ་བའི་ཡུལ་དུ་སྒྲ་རྣམ་པར་དག་པ་མཱ་ལེ་སེར་མོའོ༔ སྣའི་ཡུལ་དུ་དྲི་རྣམ་པར་དག་པ་གཱིརྟི་དམར་མོའོ༔ ལྕེའི་ཡུལ་དུ་རོ་བྲོ་བ་གནས་སུ་དག་པ་ནཱིརྟི་ལྗང་གུའོ༔ འདས་པའི་རྟོག་པ་གནས་སུ་དག་པ་པུཥྤེེ་དཀར་མོའོ༔ ད་ལྟར་གྱི་རྟོག་པ་གནས་སུ་དག་པ་དྷུ་པེ་སེར་མོའོ༔ མ་འོངས་པའི་རྟོག་པ་གནས་སུ་དག་པ་ཨ་ལོ་ཀེ་དམར་མོའོ༔ འབྱུང་བ་མ་ངེས་པ་དང་ཆོས་ཅན་གྱི་རྟོག་པ་གནས་སུ་དག་པ་ལྷ་མོ་གནྡྷེ་ལྗང་མོའི་རང་བཞིན་ཡིན་པས་ངོ་ཤེས་པར་གྱིས་ཤིག༔ ཐུབ་པ་དྲུག་ནི། ཧཱུྃཿསྐལ་ལྡན་རིགས་ཀྱི་བུ་རྣམས་ལ༔ ཐུབ་ཆེན་དྲུག་གི་དབང་བསྐུར་བས༔ ཉོན་མོངས་དྲུག་པོ་གནས་དག་ནས༔ སྤྲུལ་སྐུ་རབ་འབྱམས་དབང་ཐོབ་ཤོག༔ ནིརྨ་ཀཱ་ཡ་ཨ་བྷི་ཥིཉྩ་ཨཱཿསྐལ་ལྡན་རྣམས་ལ་སྤྲུལ་སྐུ་ཐུབ་པ་དྲུག་གི་དབང་བསྐུར་བས༔ དུག་ལྔ་སེར་སྣ་དང་དྲུག་གནས་སུ་དག་ནས༔ སྤྲུལ་སྐུ་རབ་འབྱམས་ཀྱིས་རིགས་དྲུག་འདུལ་བའི་དབང་ཐོབ་པར་གྱུར་ཅིག༔ འོ༔ སྐལ་ལྡན་རིགས་ཀྱི་བུ་རྣམས༔ ཐུབ་པ་དྲུག་ཀྱང་གུད་ན་མེད་དེ༔ ང་རྒྱལ་རྣམ་པར་དག་པ་ལྷའི་ཐུབ་པ་དབང་པོ་བརྒྱ་བྱིན༔ ཕྲག་དོག་རྣམ་པར་དག་པ་ལྷ་མ་ཡིན་གྱི་ཐུབ་པ་ཐགས་བཟང་རིས༔ འདོད་ཆགས་རྣམ་པར་དག་པ་མིའི་ཐུབ་པ་ཤཱཀྱ་ཐུབ་པ༔ གཏི་མུག་རྣམ་པར་དག་པ་བྱོལ་སོང་གི་ཐུབ་པ་སེང་གེ་རབ་བརྟན༔ སེར་སྣ་རྣམ་པར་དག་པ་ཡི་དྭགས་ཀྱི་ཐུབ་པ་ཁ་འབར་མ༔ ཞེ་སྡང་རྣམ་པར་དག་པ་དམྱལ་བའི་ཐུབ་པ་ཆོས་ཀྱི་རྒྱལ་པོའི་རང་བཞིན་ཡིན་པས་ངོ་ཤེས་པར་གྱིས་ཤིག༔ སྒོ་བ་བཞི་ནི། ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་རྣམས་ལ༔ སྒོ་བ་བཞི་ཡི་དབང་བསྐུར་བས༔ རྟག་ཆད་མུ་བཞི་གནས་དག་ནས༔ ཕྲིན་ལས་རབ་འབྱམས་དབང་ཐོབ་ཤོག༔ ཤཱནྟི་ཾཔུཥྚི་ཾཝ་ཤཾ་མཱ་ར་ཡ་ཨ་བྷི་ཥིཉྩ་ཨཱཿསྐལ་ལྡན་རྣམས་ལ་སྒོ་བ་བཞིའི་དབང་བསྐུར་བས༔ རྟག་ཆད་མུ་བཞི་གནས་སུ་དག་ནས་ཕྲིན་ལས་རྣམ་པ་བཞིས་འགྲོ་བའི་དོན་ཐོགས་པ་མེད་པ་བྱེད་ནུས་པར་གྱུར་ཅིག༔ འོ༔ སྐལ་ལྡན་རིགས་ཀྱི་བུ་རྣམས༔ སྒོ་བ་བཞི་ཡང་གུད་ན་མེད་དེ༔ རྟག་པར་ལྟ་བ་གནས་སུ་དག་པ་རྣམ་པར་རྒྱལ་བ༔ ཆད་པར་ལྟ་བ་གནས་སུ་དག་པ་གཤིན་རྗེ་གཤེད་པོ༔ བདག་ཏུ་ལྟ་བ་གནས་སུ་དག་པ་རྟ་མགྲིན༔ མཚན་མར་ལྟ་བ་གནས་སུ་དག་པ་སྒོ་བ་བདུད་རྩི་འཁྱིལ་བའི་རང་བཞིན་ཡིན་པས་ངོ་ཤེས་པར་མཛོད་ཅིག༔ སྒོ་མ་བཞི་ནི། ཧཱུྃཿསྐལ་ལྡན་རིགས་ཀྱི་བུ་རྣམས་ལ༔ སྒོ་མ་བཞི་ཡི་དབང་བསྐུར་བས༔ སྐྱེ་གནས་བཞི་པོ་གནས་དག་ནས༔ ཕྲིན་ལས་བཞི་ཡི་དབང་ཐོབ་ཤོག༔ བཛྲ་ཨཾ་ཀུ་ཤ་ཛ༔ པ་ཤཾ༔ སྤོ་ཊ༔ གཎྜེ་ཨ་བྷི་ཥིཉྩ་ཨཱཿསྐལ་ལྡན་རྣམས་ལ་སྒོ་མ་བཞིའི་དབང་བསྐུར་བས༔ སྐྱེ་བ་རྣམ་བཞིའི་སྒོ་བཅད་དེ༔ ཚད་མེད་རྣམ་བཞི་རྒྱུད་ལ་སྐྱེས་ནས༔ ཕྲིན་ལས་རྣམ་བཞིས་སེམས་ཅན་གྱི་དོན་ཐོགས་པ་མེད་པ་བྱེད་ནུས་པར་གྱུར་ཅིག༔ འོ༔ སྐལ་ལྡན་རིགས་ཀྱི་བུ་རྣམས༔ སྒོ་མ་བཞི་ཡང་གུད་ན་མེད་དེ༔ སྐྱེ་གནས་ཀྱི་རྟོག་པ་བཞི་གནས་སུ་དག་པ་སྒོ་མ་བཞིའི་རང་བཞིན་ཏེ༔ བརྫུས་སྐྱེས་ཀྱི་རྟོག་པ་གནས་སུ་དག་པ་ལྕགས་ཀྱུ་མ༔ མངལ་སྐྱེས་ཀྱི་རྟོག་པ་གནས་སུ་དག་པ་ཞགས་པ་མ༔ སྒོང་སྐྱེས་ཀྱི་རྟོག་པ་གནས་སུ་དག་པ་ལྕགས་སྒྲོག་མ༔ དྲོད་གཤེར་ལས་སྐྱེས་པའི་རྟོག་པ་གནས་སུ་དག་པ་ནི་སྒོ་མ་དྲིལ་བུ་མའི་རང་བཞིན་ཡེ་ནས་ཀྱང་ཡིན་ཏེ༔ སྐལ་ལྡན་རྣམས་ཀྱིས་ཀྱང་ཡིན་པ་ལ་ཡིན་པར་ཤེས་པའི་ངེས་ཤེས་དང་ལྡན་པར་མཛོད་ཅིག །ཁྲོ་བོ་ཆེ་མཆོག་ཡབ་ཡུམ་ནི། ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་རྣམས་ལ༔ ཆེ་མཆོག་ཡབ་ཡུམ་དབང་བསྐུར་བས༔ ཉོན་མོངས་མ་སྤངས་གནས་དག་ནས༔ ཁྲག་འཐུང་རབ་འབྱམས་དབང་ཐོབ་ཤོག༔ མ་ཧཱ་ཤྲཱི་ཧེ་རུ་ཀ༔ མ་ཧཱ་ཀྲོ་དྷི་ཤྭ་རི་ཨ་བྷི་ཥིཉྩ་ཧཱུྃ༔ སྐལ་ལྡན་རྣམས་ལ་ཆེ་མཆོག་ཡབ་ཡུམ་གྱི་དབང་སྐུར་བས༔ ཉོན་མོངས་པ་མ་སྤངས་རང་སར་དག་ནས༔ ཁྲག་འཐུང་ཆེ་མཆོག་ཧེ་རུ་ཀ་ཡབ་ཡུམ་གྱི་གོ་འཕང་ཐོབ་ནས༔ ལོག་པར་རྟོག་པ་ཐམས་ཅད་འདུལ་བའི་དབང་ཐོབ་པར་གྱུར་ཅིག༔ ཁྲག་འཐུང་ཡབ་ལྔ་ནི། ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་རྣམས་ལ༔ ཁྲག་འཐུང་ཡབ་ལྔའི་དབང་བསྐུར་བས༔ དུག་ལྔ་མ་སྤངས་གནས་དག་ནས༔ ཁྲག་འཐུང་ཡབ་ལྔའི་དབང་ཐོབ་ཤོག༔ བཛྲ་རཏྣ་པདྨ་ཀརྨ་བུདྡྷ་ཨ་བྷི་ཥིཉྩ་ཧཱུྃ༔ འོ༔ སྐལ་ལྡན་རྣམས་ལ་ཁྲག་འཐུང་ཡབ་ལྔའི་དབང་བསྐུར་བས༔ དུག་ལྔ་མ་སྤང་གནས་སུ་དག་ནས༔ ཧེ་རུ་ཀ་སྐུ་ལྔའི་དབང་དང་དངོས་གྲུབ་ཐོབ་པར་གྱུར་ཅིག༔ ཡུམ་ལྔ་ནི། ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་རྣམས་ལ༔ དབྱིངས་ཕྱུག་ཡུམ་ལྔའི་དབང་བསྐུར་བས༔ ཡུལ་ལྔའི་རྟོག་པ་རང་གྲོལ་ནས༔ ཀྲོ་དྷི་ཡུམ་ལྔའི་དབང་ཐོབ་ཤོག༔ ཀྲོ་དྷཱི་ཤཱ་རི་པཉྩ་ཨ་བྷི་ཥིཉྩ་ཧཱུྃ༔ འོ༔ སྐལ་ལྡན་རྣམས་ལ་དབྱིངས་ཕྱུག་ཡུམ་ལྔའི་དབང་བསྐུར་བས༔ ཡུལ་ལྔའི་རྟོག་པ་མ་སྤངས་གནས་སུ་དག་ནས༔ ཀྲོ་དྷཱི་ཡུམ་ལྔའི་དབང་དང་དངོས་གྲུབ་ཐོབ་པར་གྱུར་ཅིག༔ མ་མོ་བརྒྱད་ནི། ཧཱུྃཿསྐལ་ལྡན་རིགས་ཀྱི་བུ་རྣམས་ལ༔ ཀཽ་རཱི་བརྒྱད་ཀྱི་དབང་བསྐུར་བས༔ ཚོགས་བརྒྱད་མ་སྤངས་གནས་དག་ནས༔ མ་མོ་རབ་འབྱམས་དབང་ཐོབ་ཤོག༔ ཧ་ཨ་བྷི་ཥིཉྩ་ཧཱུྃ༔ འོ༔ སྐལ་ལྡན་རྣམས་ལ་མ་མོ་ཀཽ་རཱི་བརྒྱད་ཀྱི་དབང་བསྐུར་བས༔ ཚོགས་བརྒྱད་ཀྱི་རྟོག་པ་མ་སྤངས་གནས་སུ་དག་ནས༔ མཁའ་འགྲོ་མ་མོ་རབ་འབྱམས་དབང་འདུས་པར་གྱུར་ཅིག༔ ཕྲ་མེན་བརྒྱད་ནི། ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་རྣམས་ལ༔ སེང་ཧ་བརྒྱད་ཀྱི་དབང་བསྐུར་བས༔ ཡུལ་བརྒྱད་མ་སྤངས་གནས་དག་ནས༔ ཕྲ་མེན་རབ་འབྱམས་དབང་ཐོབ་ཤོགཿཧེ་ཨ་བྷི་ཥིཉྩ་ཧཱུྃཿའོ༔ སྐལ་ལྡན་རྣམས་ལ་ཕྲ་མེན་སེང་ཧ་བརྒྱད་ཀྱི་དབང་བསྐུར་བསཿཡུལ་བརྒྱད་ཀྱི་རྟོག་པ་མ་སྤངས་གནས་སུ་དག་ནས༔ ཕྲ་མེན་རབ་འབྱམས་དབང་དུ་འདུས་པར་གྱུར་ཅིག༔ སྒོ་མ་བཞི་ནི། ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་རྣམས་ལ༔ སྒོ་མ་བཞི་ཡི་དབང་བསྐུར་བས༔ སྐྱེ་གནས་བཞི་པོ་གནས་དག་ནས༔ ཕྲིན་ལས་བཞི་ཡི་དབང་ཐོབ་ཤོག༔ ཛཿཧཱུྃ་བཾ་ཧོ༔ ཨ་བྷི་ཥིཉྩ་ཧཱུྃ༔ འོ༔ སྐལ་ལྡན་རྣམས་ལ་རྟ་གདོང་སྒོ་མ་བཞིའི་དབང་བསྐུར་བས༔ སྐྱེ་གནས་བཞི་པོ་གནས་སུ་དག་ནས་ཕྲིན་ལས་རྣམ་པ་བཞིས་སེམས་ཅན་གྱི་དོན་བྱེད་པར་གྱུར་ཅིག༔ དབང་ཕྱུག་ནི། ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་རྣམས་ལ༔ དབང་ཕྱུག་ཉེར་བརྒྱད་དབང་བསྐུར་བས༔ ཉོན་མོངས་རྟོག་ཚོགས་གནས་དག་ནས༔ མ་མོ་རབ་འབྱམས་དབང་ཐོབ་ཤོག༔ བྷྱོ༔ ཨ་བྷི་ཥིཉྩ་ཧཱུྃ༔ འོ༔ སྐལ་ལྡན་རྣམས་ལ་དབང་ཕྱུག་མ་ཉི་ཤུ་རྩ་བརྒྱད་ཀྱི་དབང་བསྐུར་བས༔ ཉོན་མོངས་པའི་རྟོག་ཚོགས་ཐམས་ཅད་མ་སྤངས་གནས་སུ་དག་ནས༔ མ་མོ་དང་དམ་ཅན་ཐམས་ཅད་ཀྱི་སྲོག་ལ་དབང་ཐོབ་པར་གྱུར་ཅིག༔ ཐུན་མོང་དུ་ངོ་སྤྲད་པ་ནི། འོ༔ སྐལ་ལྡན་རིགས་ཀྱི་བུ་རྣམས༔ ཁྲག་འཐུང་དྲུག་ཅུའི་ལྷ་ཚོགས་དེ་རྣམས་ཀྱང་གུད་ན་མི་དམིགས་ཏེ༔ རང་གི་ཉོན་མོངས་པའི་རྟོག་ཚོགས་མ་སྤངས་གནས་སུ་དག་ནས༔ རང་བཞིན་མེད་པར་ཤེས་པ་ཉིད་ཁྲག་འཐུང་དྲུག་ཅུའི་སྐུར་སྣང་བ་ཡིན༔ དེ་མཚོན་པའི་བརྡར༔ རང་གི་ཀླད་པ་དུང་ཁང་གི་གཞལ་ཡས་ཁང་ན་ཁྲག་འཐུང་གི་ལྷ་ཚོགས་ཐམས་ཅད་འོད་ཀྱི་སྐུ་ཚོམ་བུ་ཤིགས་སེ་དངོས་སུ་བཞུགས་ནས་ཡོད་དོ༔ ཞི་བ་བཞི་བཅུ་རྩ་གཉིས་ཀྱི་ལྷ་ཚོགས་ཐམས་ཅད་སྙིང་ག་ཆོས་ཀྱི་འཁོར་ལོ་ན་འོད་ཀྱི་སྐུ་ཚོམ་བུའི་ཚུལ་དུ་དངོས་སུ་བཞུགས་ནས་ཡོད་དོ༔ གཞན་ཡང་རྩ་ཐམས་ཅད་ནི་དཔའ་བོའི་རང་བཞིན་དུ་གནས་སོ༔ རླུང་ཐམས་ཅད་ནི་དཔའ་མོའི་རང་བཞིན་དུ་གནས་སོ༔ ཐིག་ལེ་དཀར་ཆ་ཐམས་ཅད་ལོངས་སྐུ་ཞི་ཁྲོ་རབ་འབྱམས་ཡབ་ཀྱི་ཚུལ་དུ་གནས་སོ༔ རཀྟ་དམར་ཆ་ཐམས་ཅད་ལོངས་སྐུ་ཞི་ཁྲོ་རབ་འབྱམས་ཡུམ་གྱི་ཚུལ་དུ་གནས་སོ༔ བ་སྤུ་བྱེ་བ་ས་ཡ་ནི་མཁའ་འགྲོ་མ་བྱེ་བ་ས་ཡའི་རང་བཞིན་དུ་གནས་སོ༔ དེས་ན་རང་གི་ལུས་འདི་ཉིད་རྒྱལ་བ་ཞི་ཁྲོ་རབ་འབྱམ་ཀྱི་དཀྱིལ་འཁོར་གྱི་རང་བཞིན་ཡིན་པས༔ འདི་ལ་བརྙས་པ་དང་༔ བསད་པ་དང་༔ བརྡུང་བ་དང་༔ དཀའ་ཐུབ་ལ་སོགས་པས་རྒུད་དུ་མ་བཅུག་པར་བཟའ་བཏུང་ཐམས་ཅད་ཚོགས་འཁོར་གྱི་ཚུལ་དུ་མཆོད་ཅིག༔ རྒྱན་དང་གོས་ཀྱི་རྣམ་པ་མཛེས་ཤིང་ཡིད་དུ་འོང་བ་རྣམས་ཀྱང་ཞེན་པ་མེད་པའི་ཚུལ་གྱིས་མཆོད་པ་རྒྱུན་མི་ཆད་པར་གྱིས་ཤིག༔ དེ་ནས་རང་ཉིད་འཆི་བའི་ཚེ་ན་ཞི་ཁྲོའི་ལྷ་ཚོགས་ཐམས་ཅད་རང་གི་ལུས་ནས་ཐོན་ཏེ༔ ནམ་མཁའ་གང་བར་བར་དོར་འཆར་བར་འགྱུར་རོ༔ དེའི་དུས་སུ་སྒྲ་འོད་ཟེར་གསུམ་ལ་མ་འཇིགས༔ མ་སྔངས༔ མ་སྐྲག་པར་ད་ལྟ་དབང་བསྐུར་བའི་ཡི་དམ་གྱི་ལྷ་འདི་རྣམས་ཡིན་པར་ངོ་ཤེས་པར་གྱིས་ཤིག༔ དེ་དུས་ངོ་ཤེས་པ་དང་གྲོལ་བ་དུས་མཉམ་དུ་འོང་ངོ༔ ཞེས་ངོ་སྤྲད་དོ༔

དེ་ལྟར་ཕྱི་རས་བྲིས་ཀྱི་དཀྱིལ་འཁོར་དུ་བུམ་པའི་དབང་ཐོབ། ལུས་ཀྱི་སྒྲིབ་པ་དག །ལམ་བསྐྱེད་རིམ་བསྒོམ་པ་ལ་དབང་། ཕྲིན་ལས་ཞི་བ་འགྲུབ། ས་བརྒྱད་པ་མན་ཆད་ནོན། འབྲས་བུ་སྤྲུལ་པའི་སྐུ་འགྲུབ་པའི་སྐལ་བ་ཅན་དུ་བྱས་པ་ཡིན་ནོ། །ཤིས་བརྗོད་གང་རུང་བྱ། ཁྲོམ་དབང་ལྟ་བུ་ལ་མཆོག་དབང་གསུམ་པོ་བསྐུར་དུ་མི་རུང་བས་འདི་འཕྲོས་འོག་གི་གཏོར་དབང་དང་མཐའ་རྟེན་སྦྱར་རོ། །བཞི་པ་ནི། དེ་ནས་དབང་གོང་མ་གསུམ་ཞུ་བའི་ཡོན་དུ་དམིགས་ཏེ་མཎྜལ་ཕུལ། བྷནྡྷའི་གཞལ་ཡས་ཁང་དུ་ཀུན་བཟང་ཞི་བ་རིགས་ལྔ། ཆེ་མཆོག་ཁྲག་འཐུང་རིགས་དྲུག་མཉམ་པར་སྦྱོར་བའི་བྱང་ཆུབ་ཀྱི་སེམས་བདུད་རྩི་དཀར་དམར་གྱི་རང་བཞིན་དེ་ཁྱེད་རང་གི་སྤྱི་བོར་བཞག་པས་ཐོད་པའི་ཚངས་བུག་ནས་ཞུགས། ལུས་ཀྱི་རྩ་འཁོར་ལྔ་གང་བས་བདེ་སྟོང་གཉིས་སུ་མེད་པའི་ཡེ་ཤེས་མངོན་སུམ་བསྐྱེད་པར་སྒོམས་ཤིག །ཧོཿཐོད་པ་མཚན་ལྡན་ཀ་པཱ་ལ༔ ཡེ་ཤེས་བདུད་རྩི་ལྔ་ལྡན་བཅུད༔ སྐལ་ལྡན་བུ་ཡི་ངག་ཏུ་བླུད༔ རྩ་གསུམ་འཁོར་ལོ་ལྔ་ལྡན་ནས༔ ཐིག་ལེ་རང་དབང་ཐོབ་པ་དང་༔ ཐོགས་མེད་བདེ་ཆེན་མཐར་ཕྱིན་ཤོག༔ བྷོ་དྷི་ཙིཏྟ་ཨ་མྲྀ་ཏ་ཨ་བྷི་ཥིཉྩ་ཨཱཾ༔ ཐོད་པ་སྤྱི་བོར་བཞག །བདུད་རྩི་ངག་ཏུ་བླུད། དེ་ལྟར་ནང་ལུས་ཀྱི་དཀྱིལ་འཁོར་དུ་གསང་བའི་དབང་ཐོབ། ངག་གི་སྒྲིབ་པ་དག །ལམ་རང་ལུས་ཐབས་ལྡན་བསྒོམ་པ་ལ་དབང་། དབང་གི་ཕྲིན་ལས་འགྲུབ། ས་དགུ་པ་མན་ཆད་ནོན། འབྲས་བུ་ལོངས་སྐུ་འགྲུབ་པའི་སྐལ་བ་ཅན་དུ་བྱས་པའོ། །

མཚན་ཉིད་དང་ལྡན་པའི་རིག་མ་སྦྱིན་པར་མོས་ཤིག །རིག་ཙཀ་གཏད་ལ། ཧོཿབདེ་ལ་སེམས་ཟུང་སྟོང་པ་སྐྱོང་༔ འབེབས་འདྲེན་བཀྲམ་བཟློག་བཞི་ཡིས་ཟླུམ༔ འདི་ཉིད་བདེ་གཤེགས་བླ་མེད་མཆོག༔ ཕྲིན་ལས་འབྲས་བུ་ཨ་ལ་ལ༔ ཁྱེད་རང་རྣམས་སྐད་ཅིག་གིས་རྟ་ཕག་ཡབ་ཡུམ་དུ་གྱུར་པ་འཁྲིལ་ཞིང་སྦྱོར་བས་སྤྱི་བོའི་ཧཾ་ལས་བྱང་ཆུབ་སེམས་བབས་པས་རྩ་འཁོར་ལོ་བཞི་རིམ་པར་གང་སྟེ། སྤྱི་བོ་དང་མགྲིན་པར་བབས་པས་དགའ་བ། སྙིང་གར་མཆོག་དགའ། ལྟེ་བར་དགའ་བྲལ། གསང་བར་ལྷན་ཅིག་སྐྱེས་པའི་དགའ་བ་སྐྱེས། གྱེན་དུ་བཟློག་ནས་ལུས་ཀུན་ཁྱབ་པས་བདེ་སྟོང་གཉིས་སུ་མེད་པའི་ཡེ་ཤེས་རྟོགས་པར་སྒོམས་ཤིག །དེས་གསང་བ་བྷ་གའི་དཀྱིལ་འཁོར་དུ་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཡིད་ཀྱི་སྒྲིབ་པ་དག །ལམ་གཞན་ལུས་ཕོ་ཉ་བསྟེན་པ་ལ་དབང་། ཕྲིན་ལས་རྒྱས་པ་འགྲུབ། ས་བཅུ་པ་ནོན། འབྲས་བུ་ཆོས་སྐུ་ཐོབ་པའི་སྐལ་བ་ཅན་དུ་བྱས་པ་ཡིན་ནོ། །དེ་ནས་ཁྱེད་རང་ལུས་རྣམ་སྣང་གི་ཆོས་བདུན་དང་ལྡན་པར་བྱས་ལ། རྡོ་རྗེ་སེམས་དཔའི་མེ་ལོང་ལ་མིག་གཏད་དེ་ངོ་སྤྲད་པའི་དོན་ལ་མཉམ་པར་ཞོག་ཅིག །ཤེལ་རྡོ་ཕྱར་ལ། བུ་ཁྱོད་ཐེག་པ་ཆེན་པོའི་སྣོད༔ འཁོར་བའི་མཚོ་ལས་སྒྲོལ་བའི་ཕྱིར༔ ཡང་དག་དོན་ལ་ད་ཞུགས་ཤིག༔ རིགས་ཀྱི་བུ་ཁྱོད་ཉོན་ཅིག༔ ཁྱོད་ལུས་བྱ་བ་དང་བྲལ་ལོ༔ ངག་བརྗོད་པ་དང་བྲལ་ལོ༔ སེམས་རྟོག་པ་དང་བྲལ་ལོ༔ རང་གི་རིག་པའི་གཤིས་ཀྱི་འདུག་ཚུལ་འདི་ཤེལ་འདི་དང་འདྲ་སྟེ༔ ཤེལ་ཕྱི་ནང་མ་བསྒྲིབས་པ་ལྟར་སེམས་ཉིད་ངོ་བོ་སྟོང་པ་ཉིད་དོ༔ ཤེལ་གདན་གང་བཞག་གི་ཁ་དོག་ཏུ་འགྱུར་བ་ལྟར༔ སེམས་ལ་ཅིར་ཡང་འཆར་རོ༔ ཤེལ་ཁ་དོག་སྣ་ཚོགས་སུ་འགྱུར་ཡང་ཤེལ་དང་དབྱེར་མེད་པ་ལྟར༔ སེམས་ལ་ཅི་ཤར་ཡང་སྟོང་པ་ཉིད་དང་དབྱེར་མེད་དོ༔ ཤེལ་འདི་རྡོ་རྗེ་སེམས་དཔའི་ཐུགས་རྗེའི་འོད་ཟེར་གྱི་བྱིན་བརླབས་ལས་བྱུང་བའི་ལོ་རྒྱུས་ལྟར༔ སེམས་ཉིད་འདི་ཡེ་ནས་ཆོས་སྐུའི་ངོ་བོར་གནས་སོ༔ རང་གི་སེམས་ཉིད་མ་ཡེངས་ཙམ་དུ་མ་བཅོས་རང་བབས་སུ་བཞག་པ་ནི་རྫོགས་པ་ཆེན་པོ་གཞི་ཁྲེགས་ཆོད་ཀྱི་ཉམས་ལེན་ཡིན་པས༔ དེང་ཕྱིན་ཆད་དེ་ལྟར་བསྒོམ་དུ་མེད་པའི་ངང་ལ་སྒོམས་ཤིག༔ ཤེལ་སྤྱི་བོར་བཞག །ད་ཁྱེད་རང་རྣམས་ལུས་གནད་ཙོག་པུར་སྡོད་ཅིག །སློབ་དཔོན་གྱིས་ཤར་ཕྱོགས་ཀྱི་དཀྱིལ་འཁོར་ནས་རྡོ་རྗེ་ལུ་གུ་རྒྱུད་བྲིས་པ་བསྟན༔ ལྷོ་ནས་དབྱིངས་རྣམ་པར་དག་པའི་སྒྲོན་མེའི་དཔེ་རྨ་བྱའི་མདོངས་བསྟན༔ ནུབ་ནས་མེ་ལོང་ལ་དཀྱིལ་འཁོར་འཆར་བ་བསྟན་པ་ལྷ་སྐུར་འཆར་བའི་དཔེ༔ བྱང་ནས་གཟུགས་སྒྲ་དྲི་རོ་རེག་བྱ་ཆོས་ལྔའི་གཟུགས་བརྙན་བསྟན་པས་རྫོགས་པ་ཆེན་པོའི་དོན་རྟོགས་པའི་མོས་པ་མཛོད༔ ཅེས་བྱས་ལ། དེ་དག་དངོས་སམ་བྲིས་པའི་ཙཀ་ལི་དུས་གཅིག་བསྟན་ལ། ཧོ༔ རྨ་བྱ་ལུག་རྒྱུད་ལག་ཏུ་ཕྱར༔ དཀྱིལ་འཁོར་ལྷ་ཚོགས་སྣང་བ་གཏད༔ ཤེལ་མིག་སྦྱར་བ་འདི་ལ་ལྟོས༔ ཀ་དག་རྩལ་དབང་ཐོབ་པར་ཤོག༔ བོ་དྷིའི་མཐར། དྷརྨ་ཀ་ཡ་ཨ་བྷི་ཥིཉྩ་མཱཾ༔ འོ་རིགས་ཀྱི་བུ་དག༔ ཙིཏྟ་ཤའི་སྒྲོན་མ་ན་ཞི་བའི་ལྷ་ཚོགས་བཞུགས་པའི་འོད༔ དཀར་འཇམ་རྩའི་སྒྲོན་མ་ནས་བརྒྱུད་དེ༔ རྒྱང་ཞགས་ཆུའི་སྒྲོན་མ་ལ་བྱུང་ནས༔ དབྱིངས་རྣམ་པར་དག་པའི་སྒྲོན་མ་ནམ་མཁའ་ལ་གསལ་ཞིང་༔ དེ་ལས་ཐིག་ལེ་སྟོང་པའི་སྒྲོན་མ་ཉམས་སུ་བླངས་ན་རིག་པ་རྡོ་རྗེ་ལུ་གུ་རྒྱུད་ཞི་ཁྲོའི་ལྷ་ཚོགས་དངོས་སུ་འཆར་བར་འགྱུར་རོ༔ དེ་ལྟར་ཡང་གསང་སྣང་སྲིད་རྫོགས་པ་ཆེན་པོའི་དཀྱིལ་འཁོར་དུ་རིག་པ་རྩལ་གྱི་དབང་ཐོབ། ལྷན་སྐྱེས་ཀྱི་སྒྲིབ་པ་དག །ལམ་ཁྲེགས་ཆོད་དང་ཐོད་རྒལ་སྒོམ་པ་ལ་དབང་། ཕྲིན་ལས་བཞི་ཀ་འགྲུབ། བཅུ་དྲུག་ཡེ་ཤེས་བླ་མའི་ས་ནོན། རྫོགས་ཆེན་རང་སྣང་རིས་མེད་ཀྱི་དགོངས་པ་རྟོགས་ཤིང་སྣང་བ་བཞི་མཐར་ཕྱིན་ནས་གཞོན་ནུ་བུམ་སྐུའི་ཀློང་དུ་འཚང་རྒྱ་བར་འགྱུར་རོ། །

ལྔ་པ་ནི། གཏོར་ཆེན་བཏེགས་ལ། འོ་སྐལ་ལྡན་རིགས་ཀྱི་བུ༔ དད་པ་དང་དམ་ཚིག་ལྡན་པ་རྣམས་ཉོན་ཅིག༔ གཏོར་མའི་སྣོད་གཞལ་ཡས་ཁང་སུམ་ཐོག་གི་ནང་དུ༔ རྩེ་མོ་ན་བླ་མ་རྣམས་བཞུགས་པ༔ བར་མ་ན་ཡི་དམ་ལྷ་ཚོགས་རྣམས་བཞུགས་པ༔ འོག་མ་ན་མ་དང་མཁའ་འགྲོ་རྣམས་བཞུགས་པ༔ འདབ་འཁོར་ན་ཆོས་སྐྱོང་རྣམས་ཁྲོམ་འཚོགས་པ་བཞིན་དུ་བཞུགས་པར་བསམ༔ ལྷ་ཚོགས་དེ་རྣམས་ཀྱི་སྐུ་གསུང་ཐུགས་ལས་བདུད་རྩི་འོད་ཟེར་དང་བཅས་པ་བྱུང་ནས༔ ཁྱེད་རང་རྣམས་ཀྱི་སྤྱི་བོར་མར་ལན་གསུམ་བབས་པས༔ དང་པོས་སྡིག་སྒྲིབ་རྣམས་དག༔ གཉིས་པས་ལུས་ཁེངས༔ གསུམ་པས་གནས་གསུམ་དུ་འབྲུ་གསུམ་གྱིས་མཚན་པར་བསྒོམ་ལ༔ མོས་གུས་དྲག་པོ་བསྐྱེད་ཅིག༔ ༀ་ཨཱཿཧཱུྃ༔ སྐྱེ་མེད་དབྱིངས་ཀྱི་གཏོར་སྣོད་དུ༔ འགགས་མེད་སྣང་བའི་གཏོར་ཆེན་བཤམས༔ རོལ་རྩལ་སྣ་ཚོགས་རྒྱན་གྱིས་སྤྲས༔ རྩ་བ་གསུམ་གྱི་ལྷ་ཚོགས་ཀྱི༔ དབང་འདི་ཁྱོད་ལ་བསྐུར་བར་བྱ༔ དབང་མཆོག་འདི་ཡི་བྱིན་རླབས་ཀྱིས༔ སྐྱེ་གནས་བར་དོར་གྲོལ་བར་ཤོག༔ རྨི་ལམ་བར་དོར་ངོ་ཤེས་ཤོག༔ བསམ་གཏན་བར་དོར་གདེང་ཐོབ་ཤོག༔ འཆི་ཁ་བར་དོར་རང་གྲོལ་ཤོག༔ ཆོས་ཉིད་བར་དོར་འོད་གསལ་ཤོག༔ སྲིད་པ་བར་དོར་དབུགས་དབྱུངས་ཤོག༔ གཞན་དོན་དཔག་མེད་འགྲུབ་པ་དང་༔ སྐུ་གསུམ་ལྷུན་གྱིས་གྲུབ་པར་ཤོག༔ འདིར་སྤྲོ་ན་གཞན་དུ་གསལ་བ་ལྟར་བླ་མ་བརྒྱུད་པ་དང་། དམ་པ་རིགས་བརྒྱའི་མཚན་ནས་བརྗོད་དེ་བར་དོ་དྲུག་གི་སྨོན་ལམ་སྦྱར་བའི་ཕྱག་སྲོལ་ཡོད་ཀྱང་། བསྡུ་ན། ཆོས་སྐུ་ཀུན་ཏུ་བཟང་པོ། དྲུག་པ་རྡོ་རྗེ་འཆང་ཆེན། སྟོན་པ་རྡོ་རྗེ་སེམས་དཔའ། རིག་འཛིན་དགའ་རབ་རྡོ་རྗེ། མཁས་པ་ཤྲཱི་སེང་ཧ། འཆི་མེད་པདྨ་འབྱུང་གནས། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ། རྗེ་འབངས་ཉི་ཤུ་རྩ་ལྔ། གཏེར་སྟོན་གྲུབ་ཐོབ་ཡབ་སྲས། རིག་འཛིན་བརྒྱུད་པའི་བླ་མ། ཞི་བ་བཞི་བཅུ་རྩ་གཉིས། ཁྲག་འཐུང་ལྔ་བཅུ་རྩ་བརྒྱད། དག་པ་རིག་འཛིན་ལྷ་ཚོགས། བཀའ་སྲུང་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་ཀྱིས་སློབ་མ་འདི་རྣམས་ལ་དབང་བསྐུར་ཞིང་བྱིན་གྱིས་བརླབ་པར་མཛད་དུ་གསོལ། ཉམས་ཆགས་དང་རྟོག་སྒྲིབ་ཐམས་ཅད་དག་པར་མཛད་དུ་གསོལ། ནད་གདོན་བར་ཆད་ཞི་བར་མཛད་དུ་གསོལ། ཚེ་བསོད་དཔལ་འབྱོར་ཐམས་ཅད་རྒྱས་པར་མཛད་དུ་གསོལ། ཉམས་རྟོགས་ཡོན་ཏན་ཐམས་ཅད་འཕེལ་བར་མཛད་དུ་གསོལ། འགྲོ་བ་རིགས་དྲུག་གི་སྐྱེ་སྒོ་ཆོད་ནས་འཁོར་བ་དོང་ནས་སྤྲུགས་པར་མཛད་དུ་གསོལ། ཚེ་འདིར་སྣང་བ་བཞི་མཐར་ཕྱིན་ནས་གདོད་མའི་གྲོལ་སར་ཕྱིན་པར་མཛད་དུ་གསོལ། འཆི་བ་ཆོས་ཀྱི་སྐུར་འཚང་རྒྱ་བར་མཛད་དུ་གསོལ། བར་དོ་ལོངས་སྤྱོད་རྫོགས་པའི་སྐུར་གྲོལ་བར་མཛད་དུ་གསོལ། སྐྱེ་བ་སྤྲུལ་པའི་སྐུ་ཐོབ་ནས་དོན་གཉིས་ལྷུན་གྱིས་གྲུབ་པར་མཛད་དུ་གསོལ། ཞེས་གཏོར་མ་སྤྱི་བོ་སོགས་གནས་གསུམ་དུ་བཞག་ལ། ༀ་གུ་རུ་དྷེ་བ་དྷཱ་ཀི་ནཱི་སིདྷི་ཕ་ལ་ཨ་བྷི་ཥིཉྩ༔ ༀ་ཨཱཿཧཱུྃ་ཧྲཱི༔ མཐར་གཏོར་མའི་ལྷ་འོད་དུ་ཞུ་ནས་དངོས་གྲུབ་བདུད་རྩིའི་བཅུད་དུ་འཁྱིལ་བ་དེ་ཉིད། ཁྱེད་རང་ལུས་ཡི་དམ། མགྲིན་པར་བླ་མ། ལྟེ་བར་མཁའ་འགྲོའི་ཚོགས་རྣམས་གསལ་བཏབ་སྟེ་རོལ་པས་མཆོག་དང་ཐུན་མོང་གི་དངོས་གྲུབ་སྟན་ཐོག་གཅིག་ཏུ་ཐོབ་པར་མོས་ཤིག །ལག་གཡས་སུ་གཏོར་ཟན། གཡོན་དུ་བདུད་རྩི་སྦྱིན་ལ། ཀཱ་ཡ་སིདྡྷི་ༀཿཝཱཀྐ་སིདྡྷི་ཨཱཿཙིཏྟ་སིདྡྷི་ཧཱུྃཿསརྦ་སིདྡྷི་ཧྲཱིཞེས་བརྗོད། དེ་ལྟར་དབང་རྫོགས་པར་ཐོབ་པའི་མཐའ་རྟེན་དུ་རྒྱལ་སྲིད་རིན་པོ་ཆེ་རྣམ་པ་བདུན་དང་བཀྲ་ཤིས་པའི་རྟགས་བརྒྱད་རེ་རེ་ནས་ཕུལ་ཏེ་མངའ་གསོལ་བར་མོས་ཤིག །རྒྱལ་སྲིད་རྣམས་ལག་ཏུ་གཏད་ལ། ཧཱུྃ༔ འཁོར་ལོ་རིན་ཆེན་རྣམ་བཅུ་ལྡན༔ འཁོར་བའི་འཁོར་ཚོགས་རྒྱུན་བཅད་ནས༔ ཆོས་ཀྱི་འཁོར་ལོ་སྐོར་བྱེད་པ༔ སྐལ་ལྡན་ཁྱོད་ཀྱིས་ཐོབ་པར་ཤོག༔ ༀ་ཙཀྲ་རཏྣ་ཨ་བྷི་ཥིཉྩ་ཨཱཿཧཱུྃ༔ བཙུན་མོ་རིན་ཆེན་བསོད་ནམས་གཏེར༔ ཕ་རོལ་ཕྱིན་བཅུ་གཟུགས་དང་ལྡན༔ ཚེ་དང་བསོད་ནམས་རྒྱས་པ་དང་༔ ཡིད་བཞིན་དཔལ་འབྱོར་དབང་ཐོབ་ཤོག༔ ༀ་པྲཛྙ་པཱ་ར་མི་ཏ་ཨ་བྷི་ཥིཉྩ་ཨཱཿཧཱུྃ༔ ནོར་བུ་རིན་ཆེན་མཆོག་གསུམ་ལྡན༔ བསོད་ནམས་ཚོགས་གཉིས་མྱུར་རྫོགས་ཤིང་༔ དགོས་འདོད་ཡིད་བཞིན་ཆར་ལྟར་འབེབས༔ ལྷན་ཅིག་ནོར་བདུན་ཕྱུག་པར་ཤོག༔ ༀ་མ་ཧཱ་ཏཱ་རཏྣ་ཨ་བྷི་ཥིཉྩ་ཨཱཿཧཱུྃ༔ ཁྱིམ་བདག་རིན་ཆེན་སྣ་བདུན་ལྡན༔ གང་ལ་ཅི་འདོད་དཔག་བསམ་འདྲ༔ གཞན་དོན་ཚོགས་གཉིས་མྱུར་རྫོགས་བྱེད༔ ཤེས་བྱ་ཐོགས་མེད་དབང་ཐོབ་ཤོག༔ ༀ་མ་ཧཱ་མ་ཎི་རཏྣ་ཨ་བྷི་ཥིཉྩ་ཨཱཿཧཱུྃ༔ བློན་པོ་རིན་ཆེན་དམག་དཔོན་མཆོག༔ བརྩོན་འགྲུས་གོ་གྱོན་འཁོར་བ་འཇོམས༔ ཐབས་ལྡན་སྐྱབས་མཆོག་དབང་ཐོབ་ནས༔ འཇིགས་ཚོགས་ལྟ་བ་འཇོམས་པར་ཤོག༔ ༀ་མ་ཏི་རཏྣ་ཨ་བྷི་ཥིཉྩ་ཨཱཿཧཱུྃ༔ རྟ་མཆོག་རིན་ཆེན་ས་ལམ་བགྲོད༔ འཁོར་བའི་རྒྱ་མཚོ་སྤྲིན་ཤུགས་འཆང་༔ བདེ་ཆེན་ཐར་ལམ་ཞིང་དུ་ཕྱིན༔ རྫུ་འཕྲུལ་རྐང་པའི་དབང་ཐོབ་ཤོག༔ ༀ་ཀ་ལ་ཤ་ཨ་བྷི་ཥིཉྩ་ཨཱཿཧཱུྃ༔ གླང་པོ་རིན་ཆེན་ཐེག་པ་ཆེ༔ བདུད་སྡེ་འཇོམས་པ་གཅིག་ཏུ་ལྡན༔ སྟོབས་བཅུས་བདག་གཞན་དོན་བྱེད་ཅིང་༔ ཡང་དག་སྙིང་པོའི་དོན་རྟོགས་ཤོག༔ ༀ་ཧསྟི་རཏྣ་ཨ་བྷི་ཥིཉྩ་ཨཱཿའོ༔ རིགས་ཀྱི་བུ་རྣམས་ལ་རྒྱལ་སྲིད་སྣ་བདུན་གྱི་དབང་བསྐུར་བས༔ བདེ་ལེགས་ཕུན་སུམ་ཚོགས་པ་དང་༔ འཕགས་པའི་ནོར་བདུན་དང་ལྡན་ནས༔ གཞན་དོན་དཔག་མེད་འགྲུབ་པའི་དབང་དམ་པ་ཐོབ་པར་གྱུར་ཅིག༔ རྟགས་བརྒྱད་རྒྱས་པ་རང་གཞུང་ལྟར་ལ། བསྡུ་ན་ཞི་ཁྲོ་ངེས་དོན་སྙིང་པོ་ལས་འབྱུང་བ་ནི། ཧཱུྃ༔ སྐྱོབ་པ་གསེར་གདུགས་བླ་ན་མེད༔ འགྲོ་དྲུག་ཚ་གདུང་སེལ་བར་ཤོག༔ ཧཱུྃ༔ གསེར་ཉ་ཤེས་རབ་མིག་དང་ལྡན༔ འཁོར་འདས་ཆོས་རྣམས་འབྱེད་པར་ཤོག༔ ཧཱུྃ༔ དུང་དཀར་གསུང་དབྱངས་ང་རོ་ལྡནཿཆོས་ཀྱི་སྒྲ་ཡིས་ཀུན་ཁྱབ་ཤོག༔ ཧཱུྃ༔ པདྨ་དྲི་མེད་མདངས་དང་ལྡན༔ ཆོས་རྣམས་ཀུན་གྱི་ཆར་འབེབས་ཤོག༔ ཧཱུྃ༔ བུམ་པ་དགོས་འདོད་ཀུན་འབྱུང་བས༔ སེམས་ཅན་སྨིན་ཅིང་གྲོལ་བར་ཤོག༔ ཧཱུྃ༔ དཔལ་བེའུ་ཇི་ལྟ་ཇི་སྙེད་མཁྱེན༔ ཐོས་བསམ་སྒོམ་གསུམ་མཐར་ཕྱིན་ཤོག༔ ཧཱུྃ༔ རྒྱལ་མཚན་ཐེག་ཆེན་རྩེ་མོ་སྟོན༔ བསྟན་པ་མི་ནུབ་དབང་ཐོབ་ཤོག༔ ཧཱུྃ༔ འཁོར་ལོ་འགྲོ་དྲུག་སྡུག་བསྔལ་སྐྱོབ༔ འཁོར་བ་དོང་སྤྲུགས་དབང་ཐོབ་ཤོག༔ འོ༔ རིགས་ཀྱི་བུ་ཁྱེད་རྣམས་ལ་བཀྲ་ཤིས་རྟགས་བརྒྱད་ཀྱི་དབང་བསྐུར་བས༔ རྒྱལ་བུ་རྒྱལ་སར་བཏོན་པས་རྒྱལ་ཕྲན་འབངས་འཁོར་རྣམས་མངའ་འོག་ཏུ་ཚུད་པ་ལྟར༔ དབང་བཞི་ཡོངས་རྫོགས་ཐོབ་པས༔ གཞན་དོན་དཔག་ཏུ་མེད་པ་འགྲུབ་པའི་དབང་དམ་པ་ཐོབ་པར་གྱུར་ཅིག༔ ཤིས་པ་བརྗོད་པ་ནི། བླ་མ་དཀྱིལ་འཁོར་པའི་ལྷ་ཚོགས་ནམ་མཁའི་དབྱིངས་གང་བའི་རྒྱལ་བ་སྲས་དང་བཅས་པ་རྣམས་ཀྱིས་བཀྲ་ཤིས་པའི་བདེན་ཚིག་བརྗོད་ཅིང་། དགེ་ལེགས་ཀྱི་མེ་ཏོག་སིལ་མ་ཆར་དུ་བསྙིལ་བས་དབང་གི་ཡེ་ཤེས་སྔར་མ་སྐྱེས་པ་སྐྱེས་། སྐྱེས་པ་གོང་ནས་གོང་དུ་འཕེལ་རྒྱས་བརྟན་པར་གྱུར་པར་མོས་མཛོད། ཅེས་བྱས་ལ། ལས་བྱང་ཆེ་ཆུང་གང་ཡིན་གྱི་བཀྲ་ཤིས་དང་། གཞན་ཡང་སྐབས་དང་བསྟུན་པའི་ཤིས་བརྗོད་དབྱངས་དང་བཅས་པ་བྱས་ལ། འབྲུ་འཐོར་ཞིང་རོལ་མོ་རྒྱ་ཆེར་བསྒྲག་གོ། གསུམ་པ་རྗེས་ཀྱི་བྱ་བ་ལ་དབང་དང་དཀྱིལ་འཁོར་གཉིས་ལས། དང་པོ་ནི། དེ་ལྟར་ན་དེ་དག་རྣམས་ཀྱི་སྒོ་ནས་མཆོག་གི་གླིང་པ་ལྔའི་ཡ་གྱལ། གཏེར་སྟོན་གྲུབ་ཐོབ་ཆེན་པོ་ཀརྨ་གླིང་པའི་ཟབ་གཏེར་ལས་བྱོན་པའི་ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་གྱི་དབང་བསྐུར་འབྲིང་པོ་འགྲོ་དྲུག་རང་གྲོལ་ལ་བརྒྱུད་པའི་ཕྱག་བཞེས་ཀྱིས་ཁ་བསྐངས་ཏེ། དབང་བཞི་ཡོངས་རྫོགས་མཐའ་རྟེན་གཏོར་དབང་དང་བཅས་ལེགས་པར་གྲུབ་པ་ཡིན་པས། དེ་དག་གི་སྐབས་སུ་ཐོབ་ཅིང་ཁས་བླངས་པའི་དམ་ཚིག་དང་སྡོམ་པ་མཐའ་དག་བསྲུང་སྡོམ་ཚུལ་བཞིན་དུ་བགྱི་ཞིང་འདི་ཉིད་ཡི་དམ་དུ་གཟུང་བར་བགྱིའོ་སྙམ་པས་འདིའི་རྗེས་ཟློས། ཞེས་སོགས་མཚམས་སྦྱོར་སྤྱི་འགྲེ་བྱས་ལ། གཙོ་བོས་ཇི་ལྟར༴གཏང་རག་མཎྜལ། ལུས་ལོངས་སྤྱོད་འབུལ་བ། དགེ་བསྔོ་རྣམས་བྱས་ནས་སློབ་མ་གྱེས། གཉིས་པ་ནི། ཚོགས་ལ་རོལ་ཞིང་ལྷག་མ་བཏང་བ་སོགས་ལས་བྱང་ཆེ་ཆུང་གང་ཡིན་ལྟར་མཐར་དབྱུང་བ་ལས། རྟ་བྲོའི་རྗེས་སུ་དཀྱིལ་འཁོར་ལ་དམིགས་ཏེ་མཆོད་བསྟོད་མདོར་བསྡུས་པ་དང་། ནོངས་བཤགས་ཡིག་བརྒྱ་བརྗོད་པ་གྲུབ་ནས་བཀྲ་ཤིས་ལ་འཇུག །རས་བྲིས་ཀྱི་དཀྱིལ་འཁོར་ཡིན་ན་ཡེ་ཤེས་པ་བསྟན་བཞུགས་དང་ཚོམ་བུ་ལ་གཤེགས་གསོལ་བྱ་ཞིང་དེས་སྐུ་གསུང་ཐུགས་རྟེན་ཡོད་ན་དེ་ལ་དམིགས་ཏེ་སླར་བརྟན་བཞུགས་བྱ། དམ་ཚིགས་པ་བསྡུ་ལྡང་དགེ་བསྔོ་སོགས་མཐའ་རྒྱས་སུ་བྱའོ། །ལུང་བརྟན་ཇི་བཞིན་ཕྱོགས་འདིར་ཟབ་ཆོས་འདི། །དར་ཡང་ཕལ་ཆེར་གྲོང་ཆོག་དོན་གཉེར་ཙམ། །དེ་ཡང་རང་འདོད་དུ་མས་ཕྱོགས་བསླད་པས། །གཞུང་དོན་ཚུལ་བཞིན་སྐྱོང་བ་དཀོན་མཐོང་ནས། །སྤྲིན་བྲལ་ཟླ་ལྟར་དཀར་བའི་ལྷག་བསམ་གྱིས། །འདི་བྱས་དགེ་བས་འདི་བསྟན་མི་ནུབ་རྒྱས། །འབྲེལ་ཚད་འགྲོ་ཀུན་འཁོར་བ་དོང་ནས་སྤྲུགས། །གདོད་མའི་གྲོལ་སར་མངོན་བྱང་ཆུབ་པར་ཤོག །ཅེས་ལུགས་འདིའི་ཡིག་རྙིང་རིགས་ཅུང་ཉོག་ཅིང་ཕྱག་ལེན་ལ་ལྟོས་དགོས་པས་མི་གསལ་བ་དང་། མཁས་པ་རྣམས་ཀྱིས་བྱ་སླའི་གནས་སུ་དོར་བས། རང་འདྲའི་དཔེ་ཆོག་མཁན་རྣམས་ལ་ཕན་དུ་རེ་ནས། སངས་རྒྱས་པདྨའི་སྣང་བརྙན་གྱིས་རྗེས་སུ་བཟུང་བའི་དུས་ཞབས་ཀྱི་རྣལ་འབྱོར་པ་པདྨ་གར་དབང་བློ་གྲོས་མཐའ་ཡས་པའི་སྡེས། དཔལ་དེ་ཝཱིའི་ཀོ་ཊིའི་ཡང་ཁྲོད་ཙཱ་འདྲ་རིན་ཆེན་བྲག་གི་སྒྲུབ་གནས་སུ་སྦྱར་བ་དགེ་ལེགས་འཕེལ།

དབང་བཞི་འཕྲད་ཚད་རང་གྲོལ་གྱི་རྗེས་ཀྱི་རིམ་པ་གསལ་བའི་མེ་ཏོག

༁ྃ༔ ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་ལས་དབང་བཞི་འཕྲད་ཚད་རང་གྲོལ་གྱི་རྗེས་ཀྱི་རིམ་པ་གསལ་བའི་མེ་ཏོག་ཅེས་བྱ་བ་བཞུགས་སོ༔

༁ྃ༔ དབང་ལྡན་ཞི་ཁྲོའི་ལྷ་ལ་ཕྱག་འཚལ་ལོ༔ བདག་འདྲ་ཡེ་ཤེས་འཚོ་རྒྱལ་གྱིས༔ དབང་ཆོག་ཀུན་གྱི་རྗེས་བསྟན་པ༔ འདི་བཞིན་སྤྱོད་ཅིག་ཕྱི་རབས་རྣམས༔ ནོར་འཁྲུལ་རང་བཟོ་སྤངས་པ་གཅེས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ལྟར་དབང་བཞི་བསྐུར་བའི་མཇུག་ཏུའམ༔ སྤྲོས་བཅས་བུམ་དབང་ཆེན་མོ་བསྐུར་པའི་རྗེས་སུ༔ གཞན་དོན་དཔག་མེད་ནུས་པར་བྱེད་པའི༔ རྒྱལ་སྲིད་སྣ་བདུན་གྱི་དབང་བསྐུར་བ་ནི༔ ཧཱུྃ༔ འཁོར་ལོ་རིན་ཆེན་རྣམ་བཅུ་ལྡན༔ འཁོར་བའི་འཁོར་ཚོགས་རྒྱུན་བཅད་ནས༔ ཆོས་ཀྱི་འཁོར་ལོ་སྐོར་བྱེད་པ༔ སྐལ་ལྡན་ཁྱོད་ཀྱིས་ཐོབ་པར་ཤོག༔ ༀ་ཙཀྲ་རཏྣ་ཨ་བྷི་ཥིཉྩ་ཨཱ༔ ཧཱུྃ༔ བཙུན་མོ་རིན་ཆེན་བསོད་ནམས་གཏེར༔ ཕ་རོལ་ཕྱིན་བཅུ་གཟུགས་དང་ལྡན༔ ཚེ་དང་ལོངས་སྤྱོད་རྒྱས་པ་དང་༔ ཡིད་བཞིན་དཔལ་འབྱོར་དབང་ཐོབ་ཤོག༔ ༀ་པྲ་ཛྙཱ་པ་ར་མི་ཏ་རཏྣ་ཨ་བྷི་ཥིཉྩ་ཨཱ༔ ཧཱུྃ༔ ནོར་བུ་རིན་ཆེན་མཆོག་གསུམ་ལྡན༔ བསོད་ནམས་ཚོགས་གཉིས་མྱུར་རྫོགས་ཤིང་༔ དགོས་འདོད་ཡིད་བཞིན་ཆར་ལྟར་འབེབས༔ ལྷན་ཅིག་ནོར་བདུན་ཕྱུག་པར་ཤོག༔ ༀ་མ་ཎི་རཏྣ་ཨ་བྷི་ཥིཉྩ་ཨཱ༔ ཧཱུྃ༔ ཁྱིམ་བདག་རིན་ཆེན་སྣ་བདུན་ལྡན༔ གང་ལ་ཅི་འདོད་དཔག་བསམ་འདྲ༔ གཞན་དོན་ཚོགས་གཉིས་མྱུར་རྫོགས་བྱེད༔ ཤེས་བྱ་ཐོགས་མེད་དབང་ཐོབ་ཤོག༔ ༀ་མ་ཧཱ་ཏཱ་རཏྣ་ཨ་བྷི་ཥིཉྩ་ཨཱ༔ ཧཱུྃ༔ བློན་པོ་རིན་ཆེན་དམག་དཔོན་མཆོག༔ བརྩོན་འགྲུས་གོ་གྱོན་འཁོར་བ་འཇོམས༔ ཐབས་ལྡན་སྐྱབས་མཆོག་དབང་ཐོབ་ནས༔ འཇིགས་ཚོགས་ལྟ་བ་འཇོམས་པར་ཤོག༔ ༀ་མ་ཏི་རཏྣ་ཨ་བྷི་ཥིཉྩ་ཨཱ༔ ཧཱུྃ༔ རྟ་མཆོག་རིན་ཆེན་ས་ལམ་བགྲོད༔ འཁོར་བའི་རྒྱ་མཚོ་སྤྲིན་ཤུགས་འཆང་༔ བདེ་ཆེན་ཐར་ལམ་ཞིང་དུ་ཕྱིན༔ རྫུ་འཕྲུལ་རྐང་པའི་དབང་ཐོབ་ཤོག༔ ༀ་ཀ་ལ་ཤ་རཏྣ་ཨ་བྷི་ཥིཉྩ་ཨཱ༔ ཧཱུྃ༔ གླང་པོ་རིན་ཆེན་ཐེག་པ་ཆེ༔ བདུད་སྡེ་འཇོམས་པ་གཅིག་ཏུ་ལྡན༔ སྟོབས་བཅུས་བདག་གཞན་དོན་བྱེད་ཅིང་༔ ཡང་དག་སྙིང་པོའི་དོན་རྟོགས་ཤོག༔ ༀ་ཧ་སྟི་རཏྣ་ཨ་བྷི་ཥིཉྩ་ཨཱ༔ འོ་རིགས་ཀྱི་བུ་རྣམས་ལ་རྒྱལ་སྲིད་སྣ་བདུན་གྱི་དབང་བསྐུར་བས༔ བདེ་ལེགས་ཕུན་སུམ་ཚོགས་པ་དང་༔ འབྲས་བུ་འཕགས་བའི་ནོར་བདུན་དང་ལྡན་ནས༔ གཞན་དོན་དཔག་མེད་འགྲུབ་པའི་དབང་དམ་པ་ཐོབ་པར་གྱུར་ཅིག༔

༈ དེ་ནས་བཀྲ་ཤིས་རྫས་བརྒྱད་ཀྱི་དབང་བསྐུར་བ་ནི༔ མེ་ཏོག་གི་ཆར་ཕབ༔ རོལ་མོ་རྣམས་འཇམ་པར་དཀྲོལ༔ ཧཱུྃ༔ སྐྱོབ་པ་གསེར་གདུགས་བླ་ན་མེད༔ འགྲོ་དྲུག་ཚ་གདུང་སེལ་བར་ཤོག༔ ཧཱུྃ༔ གསེར་ཉ་ཤེས་རབ་མིག་དང་ལྡན༔ འཁོར་འདས་ཆོས་རྣམས་འབྱེད་པར་ཤོག༔ ཧཱུྃ༔ དུང་དཀར་གསུང་དབྱངས་ང་རོ་ལྡན༔ ཆོས་ཀྱི་སྒྲ་ཡིས་ཀུན་ཁྱབ་ཤོག༔ ཧཱུྃ༔ པདྨ་དྲི་མེད་མདངས་དང་ལྡན༔ ཆོས་རྣམས་ཀུན་གྱི་ཆར་འབེབས་ཤོག༔ ཧཱུྃ༔ བུམ་པ་དགོས་འདོད་ཀུན་འབྱུང་བས༔ སེམས་ཅན་སྨིན་ཅིང་གྲོལ་བར་ཤོག༔ ཧཱུྃ༔ དཔལ་བེའུ་ཇི་ལྟ་ཇི་སྙེད་མཁྱེན༔ ཐོས་བསམ་སྒོམ་གསུམ་མཐར་ཕྱིན་ཤོག༔ ཧཱུྃ༔ རྒྱལ་མཚན་ཐེག་ཆེན་རྩེ་མོ་སྟོན༔ བསྟན་པ་མི་ནུབ་དབང་ཐོབ་ཤོག༔ ཧཱུྃ༔ འཁོར་ལོས་འགྲོ་དྲུག་སྡུག་བསྔལ་སྐྱོབ༔ འཁོར་བ་དོང་སྤྲུགས་དབང་ཐོབ་ཤོག༔ འོ་རིགས་ཀྱི་བུ་ཁྱོད་རྣམས་ལ༔ བཀྲ་ཤིས་རྫས་བརྒྱད་ཀྱི་དབང་བསྐུར་བས༔ རྒྱལ་བུ་རྒྱལ་སར་བཏོན་པས༔ རྒྱལ་ཕྲན་འབངས་འཁོར་རྣམས་མངའ་འོག་ཏུ་ཚུད་པ་ལྟར༔ དབང་བཞི་ཡོངས་རྫོགས་ཐོབ་པས༔ གཞན་དོན་དཔག་ཏུ་མེད་པའི་དབང་དམ་པ་ཐོབ་པ་ཡིན་ནོ༔ ཞེས་ཐོབ་པའི་གནས་རྣམས་སུ་གཏུག་ཅིང་༔ མེ་ཏོག་གཏོར༔ རོལ་མོ་སྦིར་རོ༔ ཨྠྀི༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དགེའོ།། །།

དོན་དབང་བསྡུས་པ་རང་སྣང་རང་གྲོལ།

ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་ལས་དོན་དབང་བསྡུས་པ་རང་སྣང་རང་གྲོལ་ཞེས་བྱ་བ་བཞུགས་སོཿ

ཀུན་བཟང་རང་རིག་ལྷ་ལ་ཕྱག་འཚལ་ལོཿའདིར་ཞི་ཁྲོའི་དོན་དབང་བསྡུས་པ་མགྱོགས་དབང་དུ་བསྐུར་བ་འདི་ལཿསྔོན་འགྲོ་དངོས་གཞི་རྗེས་གསུམ་མོཿདང་པོ་སྔོན་འགྲོ་ནིཿརང་གཞུང་ནས་བྱུང་བ་ལྟར་རྒྱས་བསྡུས་ལོངས་སྐབས་དང་བསྟུན་ལ་གསོན་གཤིན་གང་ཡིན་གྱི་ལུགས་དབང་གཞུང་དང་གནས་འདྲེན་ནས་བྱུང་བ་ལྟར་ཐུན་མོངས་རིག་པའི་དབང་ལྔ་ཡན་ཆད་བུམ་དབང་རྫོགས་པར་བསྐུར་བའམཿདེ་ཙམ་མ་གྲུབ་ཀྱང་བུམ་དབང་གཅིག་ལ་བསྡུས་ཀྱང་རུང་བས་གང་འཚམས་བྱས་ལཿགཉིས་པ་དངོས་གཞི་ནིཿད་ལྟ་ལྷ་དབང་གི་སྐབས་སུ་འདི་ལྟར་བསྡུས་ཏེ་བསྐུར་བ་ལཿགསོན་དབང་གཤིན་དབང་གཉིས་ལསཿདང་པོ་ལའང་རབ་འབྲིང་མཐའ་མ་གསུམ་སྟེཿདང་པོ་རབ་ལ་རང་བབས་གཤིས་ལུགས་སུ་ངོ་སྤྲད་དེ་དབང་བསྐུར་བ་ནིཿརོལ་མོ་དབྱངས་དང་བཅས་ལཿༀ་ཨཱཿཧཱུྃཿརང་བྱུང་སྐྱེ་མེད་ཆོས་སྐུ་ཀུན་ཏུ་བཟང་ཿརང་སྣང་འགག་མེད་ལོངས་སྐུ་ཞི་ཁྲོའི་ལྷཿརང་ཤར་རྩོལ་མེད་སྤྲུལ་སྐུ་འགྲོ་བ་འདུལཿརང་རིག་དབྱེར་མེད་སྐུ་གསུམ་ལྷུན་གྲུབ་དབང་ཿརང་ལུགས་བཅོས་མེད་ངང་དུ་བསྐུར་བ་ཡིསཿརང་ངོ་ཡུལ་མེད་རང་གིས་ཤེས་གྱུར་ནསཿརང་དབང་འབད་མེད་ཡེ་གྲོལ་རྟོགས་པ་དང་ཿརང་གཤིས་གཡོ་མེད་ལྟ་བའི་གདིང་ཐོབ་ཅིང་ཿརང་བབས་ཡེངས་མེད་སྒོམ་པ་ཀློང་དུ་གྱུརཿརང་གྲོལ་འཛིན་མེད་སྤྱོད་པ་ཤུག་འབྱུང་ནསཿ རང་གནས་འགྱུར་མེད་འབྲས་བུ་ཆོས་ཀྱི་སྐུཿརང་བཞིན་དབྱེར་མེད་ཆེན་པོར་ལྷུན་གྲུབ་ནསཿརང་གཞན་གཉིས་མེད་དོན་གཉིས་ལྷུན་གྲུབ་ཤོགཿདྷརྨཱ་ཀཱ་ཡ་ཨཱ་བྷི་ཥིཉྩ་ༀཿསཾ་བྷོ་ཀཱ་ཡ་ཨ་བྷི་ཥིཉྩ་ཨཱཿནིརྨྨ་ཀཱ་ཡཱ་ཨ་བྷི་ཥིཉྩ་ཧཱུྃཿཞེས་བརྡ་དོན་སྤྲད་ཅིང་དབང་རྫས་དང་ཙཀྐ་ལི་གཏོར་མ་རྣམས་འགྲིམ་ཀྱང་རུང་ངོ་ཿའདི་ནི་ཤིན་ཏུ་སྤྲོས་མེད་ཚིག་དབང་གི་སྐབས་སུ་ཡང་འདི་ཉིད་སྦྱར་ན་ལེགས་སོཿགཉིས་པ་འབྲིང་པོ་ལཿའདི་སྐད་རོལ་མོ་དབྱངས་དང་བཅས་པསཿༀ་ཨཱཿཧཱུྃཿགཞིར་སྣང་དབྱིངས་ནས་ཀུན་བཟང་ཆོས་ཀྱི་སྐུཿ རང་སྣང་ཞི་བ་ལོངས་སྐུ་སུམ་ཅུ་གཉིསཿགཞན་སྣང་འགྲོ་འདུལ་སྤྲུལ་སྐུ་ཐུབ་པ་དྲུགཿརྩལ་སྣང་རོལ་པ་ཁྲག་འཐུང་ལྔ་བཅུ་བརྒྱདཿགཉིས་སྣང་རང་གྲོལ་ཀློང་ནས་སྐུར་བཞེངས་ལཿལྟར་སྣང་འགྲོ་ལ་དབང་བསྐུར་བྱིན་གྱིས་རློབསཿ དངོས་སྣང་སྐྱེ་གནས་བར་དོར་ངོ་འཕྲོད་ནསཿའཁྲུལ་སྣང་རྨི་ལམ་བར་དོར་ཟིན་པར་ཤོགཿལམ་སྣང་བསམ་གཏན་བར་དོར་གདིང་ཐོབ་ཅིང་ཿསྡུག་སྣང་འཆི་ཁའི་བར་དོར་གྲོལ་བར་ཤོགཿདག་སྣང་ཆོས་ཉིད་བར་དོ་ངོ་ཤེས་ནསཿཡུལ་སྣང་འཛིན་མེད་ལོངས་སྐུ་གྲོལ་བར་ཤོགཿལས་སྣང་སྲིད་པ་བར་དོ་དབུགས་དབྱུང་ནསཿཀུན་སྣང་སྤྲུལ་སྐུའི་འགྲོ་དོན་བྱེད་པར་ཤོགཿༀ་ཨཱཿ་ཧཱུྃཿདྷརྨཱ་ཀ་ཡཱ༴སམྦྷོ་ཀ་ཡཱ༴ནིརྨྨ་ཀ་ཡཱ༴ཞེས་ཙཀྐ་ལི་དབང་རྫས་གཏོར་མ་རྣམས་བསྡོམ་ནས་བསྐུར་བར་བྱའོཿགསུམ་པ་ཐ་མལ་སྐྱེ་བོ་སོགས་ལ་འདི་ལྟར་རོལ་མོ་དབྱངས་དང་བཅས་པསཿༀ་ཨཱཿ་ཧཱུྃཿཀུན་བཟང་ཆོས་སྐུའི་དབྱིངས་ལས་མ་གཡོས་ཀྱང་ཿཀུན་སྣང་ལོངས་སྐུ་ཞི་ཁྲོ་རབ་འབྱམས་ལྷཿཀུན་མཁྱེན་ཐུགས་རྗེ་སྤྲུལ་སྐུའི་ཕྲིན་ལས་ཀྱིསཿཀུན་རྫོབ་འགྲོ་ལ་དབང་བསྐུར་བྱིན་གྱིས་རློབསཿཀུན་ཀྱང་སྐྱེ་གནས་བར་དོ་མི་དགེ་སྤངསཿཀུན་མཁྱེན་ཆོས་ལ་དད་ཅིང་ཆོས་སྤྱོད་ནསཿཀུན་གྱིས་ཐར་བའི་ལམ་སྣ་ཟིན་པར་ཤོགཿཀུན་ནས་མི་རྟག་འཆི་བའི་དུས་བྱུང་ཚེཿཀུན་ལ་མ་ཆགས་སྒྱུ་མར་རྟོགས་པ་དང་ཿཀུན་འདུས་ངོ་བོ་བླ་མ་དྲན་པར་ཤོགཿཀུན་བསྡུད་འབྱུང་བ་སོ་སོར་ཐིམས་པ་དང་ཿཀུན་གཞིའི་ངང་དུ་དར་ཅིག་གནས་པའི་ཚེཿཀུན་བྱེད་རྒྱལ་པོ་རང་ངོ་ཤེས་པར་ཤོགཿཀུན་གསལ་ལྷུན་གྲུབ་སྣང་བ་ཤར་བའི་ཚེཿཀུན་སྣང་ཐམས་ཅད་རང་སྣང་ངོ་ཤེས་ནསཿཀུན་མཉམ་ལོངས་སྐུའི་ཞིང་དུ་གྲོལ་བར་ཤོགཿཀུན་འབྱུང་སྲིད་པ་བར་དོ་མཐོང་བའི་ཚེཿཀུན་སློང་ཆགས་སྡང་མིག་སེར་མི་སྐྱེ་ཞིང་ཿཀུན་སྤྱོད་བཟང་པོ་ལས་ཀྱི་འཕྲོ་མཐུད་ནསཿཀུན་གྲོལ་བདེ་ཆེན་ཞིང་དུ་དབུགས་དབྱུང་ཤོགཿༀ་ཨཱཿཧཱུྃཿདྷརྨ་ཀཱ་ཡཱ༴སམྦྷོཀཱ་ཡ༴ནིརྨྨ་ཀཱ་ཡ༴ཞེས་ཙཀྐ་ལི་དབང་རྫས་གཏོར་མ་ཐམས་ཅད་བསྡོམས་ནས་བསྐུར་རོཿགཉིས་པ་ཚེ་འདས་གཤིན་པོ་ལ་དབང་བསྐུར་བ་ནིཿརོལ་མོ་དབྱངས་དང་བཅས་པས་འདི་སྐད་དོཿༀ་ཨཱཿཧཱུྃཿརང་རིག་ཀ་དག་ཆོས་སྐུའི་རང་མདངས་ལསཿརང་གསལ་ལྷུན་གྲུབ་ཞི་ཁྲོའི་སྐུར་བཞེངས་ནསཿརང་ལ་ད་ལྟར་སྣང་བའི་ཡི་དམ་ལྷཿརང་འོད་ཐུགས་རྗེའི་ཟེར་གྱིས་དབང་བསྐུར་བསཿརང་སྒྲ་རང་འོད་རང་ཟེར་རང་བྱུང་དུཿརང་སྣང་རང་ངོ་ཤེས་པར་བྱིན་གྱིས་རློབསཿརང་བྱུང་མ་བཅོས་ཀ་དག་ཀློང་ཡངས་སུཿརང་སྣང་དབྱེར་མེད་ལོངས་སྐུར་གྲོལ་གྱུར་ནསཿརང་ཤུགས་སྩོལ་མེད་འགྲོ་དོན་ལྷུན་གྲུབ་ཤོགཿལས་སྣང་སྲིད་པའི་བར་དོ་ཤར་ཙམ་ནཿལས་དཀར་དགེ་བ་བསོད་ནམས་རྗེས་འབྲང་ནསཿལས་ངན་འཁྲུལ་བའི་འཇིགས་སྐྲག་མི་འབྱུང་ཤོགཿལས་དབང་དྲག་པོའི་སྡུག་བསྔལ་མྱོང་ཙམ་ནཿལས་ཀྱི་སྒྲིབ་པ་སྐད་ཅིག་ཉིད་བྱང་ནསཿལས་སྨོན་འབྲེལ་བའི་ལྷ་དང་མཇལ་བར་ཤོགཿལས་རླུང་ཁ་ཆར་མུན་པས་དེད་པའི་ཚེཿལས་བཟང་འཕྲོ་འཐུད་ལྷ་མིག་དང་ལྡན་པཿལས་སྒྲིབ་མུན་པ་སྐད་ཅིག་སེལ་བར་ཤོགཿལས་དང་བག་ཆགས་རིགས་དྲུག་སྣང་བ་དང་ཿལས་གཤིན་སྲིན་པོའི་འཇིགས་གཟུགས་མཐོང་བའི་ཚེཿལས་འབྲེལ་མཐུན་པའི་གྲོགས་སུ་ཤར་བར་ཤོགཿལས་རྣམས་རྟོགས་ན་ངོ་བོ་ངོས་བཟུང་བྲལཿལས་ཀྱང་སྒྱུ་མ་ལྟ་བུའི་དོན་རྟོགས་ནསཿལས་འཁྲུལ་མ་དག་སྐྱེ་སྒོ་ཆོད་པར་ཤོགཿལས་དག་མངོན་དགའ་དཔལ་ལྡན་པདྨ་བརྩེགསཿལས་རབ་གྲུབ་པའི་ཞིང་དུ་བརྫུས་སྐྱེས་ནསཿལས་འབྲས་སྟོན་པའི་སྤྲུལ་སྐུའི་དོན་བྱེད་ཤོགཿༀ་ཨཱཿཧཱུྃཿདྷརྨ་ཀཱ་ཡ༴སམྦྷོ་ཀཱ་ཡ༴ནིརྨྨ་ཀཱ་ཡ༴ཞེས་དབང་རྫས་ཙཀྐ་ལི་དང་གཏོར་མ་སོགས་མགོར་བཞག་ཅིང་ཿཆོས་ཉིད་བར་དོའི་ངོ་སྤྲོད་རྣམས་གསལ་བར་གདབ་བོཿརྩ་ཚིག་ལྟར་བར་དོའི་སྨོན་ལམ་རྣམས་ཀྱང་ལོངས་སྐབས་དང་བསྡུན་ལ་བཏབ་བོཿདམ་ཚིག་ཏུ་སྲོག་གཅོད་ཀྱི་མཆོད་སྦྱིན་སོགས་སྡིག་དང་མ་འདྲེས་པའི་དགེ་བ་ཅི་འགྲུབ་ལ་འབད་དོཿགསུམ་པ་རྗེས་ཀྱི་རིམ་པ་ལའང་ལོངས་སྐབས་བསྟུན་ཏེ་རྒྱས་བསྡུས་རང་གཞུང་ལྟར་རོཿདེ་ལྟར་དབང་དོན་བསྡུས་པ་འདི་ཉིད་ནིཿསྦྱིན་བདག་འབྱོར་ཆུང་སློབ་དཔོན་སྤྲོས་མེད་དང་ཿཡང་ན་སློབ་དཔོན་ལོངས་མེད་དུསཿཤིན་ཏུ་སྤྲོས་མེད་སྐབས་སུ་བསྐུར་བ་ལཿདཔོན་སློབ་གཉིས་ཀ་སྤྲོས་བཅས་འབྱོར་པ་དང་ཿལོངས་སྐབས་དལ་དུས་གཞུང་ལྟར་རྒྱས་པར་བསྐུརཿདབང་དོན་ངོ་སྤྲད་ནོར་འཁྲུལ་མེད་པར་བསྐུརཿསློབ་དཔོན་བརྩེ་ལྡན་སློབ་མ་དད་ལྡན་དང་ཿདབང་ཆོག་འདི་ལྡན་བར་དོ་རྣམས་གསུམ་དུཿསྐད་ཅིག་གྲོལ་འགྱུར་ཟབ་ལམ་འདི་ཁོ་ནཿཡིན་ཕྱིར་འདི་ཉིད་པདྨ་མ་ཏི་ཡིསཿངེས་ཤེས་ཡོད་ཕྱིར་དོན་དབང་འདི་བྲིས་པསཿདོན་དང་མི་ལྡན་ནོར་འཁྲུལ་བྱུང་གྱུར་ནཿདོན་དམ་སྐྱེ་མེད་ངང་དུ་བཟོད་པར་གསོལཿདོན་ལྡན་མ་འཁྲུལ་དགེ་བ་གང་ལགས་པཿདོན་འགྱུར་འགྲོ་ཀུན་འཁོར་བ་དོང་སྤྲུག་ཤོགཿདགེའོཿ

དཀྱིལ་འཁོར་དང་ལྷའི་རྣམ་དག་མཐོང་བ་རང་གྲོལ།

ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་ལས་དཀྱིལ་འཁོར་དང་ལྷའི་རྣམ་དག་མཐོང་བ་རང་གྲོལ་ཞེས་བྱ་བ་བཞུགས་སོ། །

འོ་རིགས་ཀྱི་བུ་དད་པ་དང་ལྡན་པ་རྣམས་དཀྱིལ་འཁོར་འདི་ལ་ལྟོས་ལ་ཉོན་ཅིག །སེམས་ཅན་དང་སངས་རྒྱས་རྒྱུ་ུགཅིག་པའི་རྟགས་སུ་དཀྱིལ་འཁོར་འཇམ་ཞིང་སྲུབ་མེད་པའོ། །ཆོས་སྐུ་འགྱུར་བ་མེད་པའི་རྟགས་སུ། དཀྱིལ་འཁོར་ཀྱི་གཞི་མཐིང་ནག་ཏུ་ཡོད་པའོ། །ལོངས་སྐུ་གསལ་ལ་མ་འགགས་པའི་རྟགས་སུ། དཀྱིལ་འཁོར་ཁྲ་བོར་འདུག་པའོ། །ཐུགས་རྗེ་སྤྲུལ་སྐུས་འགྲོ་དོན་མཛད་པའི་རྟགས་སུ། ཁ་དོག་མ་འདྲེས་སོ་སོར་གསལ་ཞིང་ཤར་བའོ། །ཡེ་ཤེས་ལྔ་ལྷུན་གྱིས་གྲུབ་པའི་རྟགས་སུ། དབུས་སུ་ཐིག་ལེ་མུ་ཁྱུད་ལྔ་ལྡན་དུ་ཡོད་པའོ། །ཤར་ཕྱོགས་ཐམས་ཅད་དཀར་པོར་འདུག་པ་ནི། ཀ་རི་ཀ་ཤེལ་ལས་གྲུབ་པའི་རྟགས་སོ། །ལྷོ་ཕྱོགས་ཐམས་ཅད་སེར་པོར་འདུག་པ་ནི། རིན་པོ་ཆེ་གསེར་ལས་གྲུབ་པའི་རྟགས་སོ། །ནུབ་ཕྱོགས་ཐམས་ཅད་དམར་པོར་འདུག་པ་ནི། པདྨ་རཱ་ག་ལས་གྲུབ་པའི་རྟགས་སོ། །བྱང་ཕྱོགས་ཐམས་ཅད་ལྗང་གུར་འདུག་པ་ནི། ཨིནྡྲ་ནི་ལ་ལས་གྲུབ་པའི་རྟགས་སོ། །དབུས་ཕྱོགས་ཐམས་ཅད་མཐིང་ཀར་འདུག་པ་ནི། བཻཌཱུཪྻ་ལས་གྲུབ་པའི་རྟགས་སོ། །པདྨ་མུ་ཁྱུད་གསུམ་ལྡན་གྱིས་བསྐོར་བ་ནི། སྐུ་གསུམ་འདུ་འབྲལ་མེད་པའི་རྟགས་སོ། །ཚད་མེད་བཞི་དང་ལྡན་པའི་རྟགས་སུ་གྲུ་ཆད་བཞིར་འདུག་པའོ། །ཆོས་སྐུ་སྐྱེ་བ་མེད་པའི་ཕོ་བྲང་དུ་འགྲོ་བའི་རྟགས་སུ། རྣམ་པར་ཐར་པའི་སྒོ་བཞི་རུ་འདུག་པའོ། །ཡབ་ཡུམ་གཉིས་སུ་མེད་པའི་རྟགས་སུ་གྲུ་ཆད་མཛེས་ཚོན་དུ་འདུག་པའོ། །ཞི་ཁྲོ་རིགས་ལྔའི་ཞིང་ཁམས་སོ་སོར་ཡོད་པའི་རྟགས་སུ་སྒོ་བཞི་ཕྱོགས་ཚོན་དུ་འདུག་པའོ། །རིགས་ལྔའི་དགོངས་པ་ལམ་དུ་ཁྱེར་པའི་རྟགས་སུ། པདྨ་རཱ་གའི་རྩིག་པ་ལྔ་རུ་འདུག་པའོ། །རྣམ་ཤེས་ཚོགས་བརྒྱད་གནས་སུ་དག་པའི་རྟགས་སུ། ལྷ་ཆེན་བརྒྱད་ཀྱི་ཀ་བ་བརྒྱད་དུ་འདུག་པའོ། །རྣམ་ཤེས་ཡུལ་བརྒྱད་གཟུང་འཛིན་དང་བྲལ་བའི་རྟགས་སུ། རུ་སྦལ་བརྒྱད་ཀྱི་ཀ་གདན་ཡོད་པའོ། །འཇིག་རྟེན་ཆོས་བརྒྱད་གནས་ཡུལ་དང་བྲལ་བའི་རྟགས་སུ། ཆུ་སྲིན་གྱི་ཁ་རུ་རྡོ་རྗེ་འབྱུང་བའོ། །བཀྲ་ཤིས་ཡོན་ཏན་གྱི་རྟགས་བརྒྱད་དང་ལྡན་པའི་རྟགས་སུ། གཟའ་ཆེན་བརྒྱད་ཀྱི་ཀ་ཞུར་འདུག་པའོ། །རྣམ་ཐར་ཆེན་པོ་བརྒྱད་དང་ལྡན་པའི་རྟགས་སུ། ཀ་རྒྱན་རྣམ་པ་བརྒྱད་དུ་ཡོད་པའོ། །འབྱུང་བ་ཆེན་པོ་བཞི་གནས་སུ་དག་པའི་རྟགས་སུ། ལྷ་ཚངས་པའི་གདུང་མ་བཞི་རུ་འདུག་པའོ། །ཉི་ཤུ་ཉེ་བའི་ཉོན་མོངས་པ་ཐམས་ཅད་གནས་ཡུལ་གཉིས་མེད་དུ་དག་པའི་རྟགས་སུ། ལྷ་དང་ལྷ་བྲན་གྱི་དྲལ་ཕྱམ་བྱས་པའོ། །ཡོན་ཏན་ཐམས་ཅད་རང་བཞིན་ལྷུན་གྱིས་གྲུབ་པའི་རྟགས་སུ། རིམ་པ་ལྔའི་ཐོག་ཕུབ་ནས་ཡོད་པའོ། །ཐུགས་རྗེས་སེམས་ཅན་ལ་རྒྱུན་དུ་གཟིགས་པའི་རྟགས་སུ། ཉི་ཟླའི་མཐོངས་ཁུང་བཞིར་ཡོད་པའོ། །ཐུགས་གཡོ་འགུལ་མེད་པའི་རྟགས་སུ་བདུད་རྩི་དཀར་སྦྱིན་གྱིས་སྦྱར་ནས་ཡོད་པའོ། །འགྱུར་མེད་དོན་གྱི་དགོངས་པ་མཐའ་རུ་ཕྱིན་པའི་རྟགས་སུ། གནས་ལྕགས་ཁྲོ་ཆུའི་འཛེར་གྱིས་གདབ་ནས་ཡོད་པའོ། །འདོད་པའི་ཡོན་ཏན་ལྔ་མི་སྤང་བའི་རྟགས་སུ། འདོད་ཡོན་གྱི་ལྷ་སྣམ་དམར་པོར་འདུག་པའོ། །ཆེ་བའི་ཡོན་ཏན་དུ་མ་དང་ལྡན་པའི་རྟགས་སུ། རིན་པོ་ཆེའི་ཕ་གུ་སེར་པོར་འདུག་པའོ། །སྐྱོན་བྲལ་ཡོན་ཏན་ལྔ་དང་ལྡན་པའི་རྟགས་སུ། ད་རུ་ཀད་དམར་ལྗང་དུ་ཡོད་པའོ། །བྱང་ཆུབ་ཀྱི་ཆོས་རྣམས་རྣམ་པར་དག་པའི་རྟགས་སུ། དྲྭ་བ་དང་དྲྭ་ཕྱེད་ཀྱིས་བརྒྱན་པའོ། །མཚན་དང་དཔེ་བྱད་བརྒྱ་རྩ་བརྒྱད་དང་ལྡན་པའི་རྟགས་སུ། མཆོད་རྟེན་བརྒྱ་རྩ་བརྒྱད་ཀྱིས་བསྐོར་བའོ། །དམ་པའི་ཆོས་མི་ནུབ་པའི་རྟགས་སུ་རྒྱལ་མཚན་བརྒྱད་དང་ལྡན་པའོ། །ཉོན་མོངས་པའི་རྣམ་རྟོག་ལས་དབེན་པའི་རྟགས་སུ་རི་དྭགས་གཉིས་གཉིས་ཀྱིས་བརྒྱན་པའོ། །སེམས་ཅན་ལ་ཆོས་སྟོན་པའི་རྟགས་སུ། ཆོས་ཀྱི་འཁོར་ལོ་བཞིས་མཚན་པའོ། །བྱམས་པ་ཆེན་པོ་དང་ལྡན་པའི་རྟགས་སུ། རིན་པོ་ཆེའི་གདུགས་ཕུབ་ནས་ཡོད་པའོ། །ཐབས་དང་ཤེས་རབ་འདུ་འབྲལ་མེད་པའི་རྟགས་སུ། དར་གྱི་ཆུན་འཕྱང་ཟུར་བཞིར་བརྒྱན་པའོ། །རྣམ་རྟོག་འགྱུ་བ་དྲན་རིག་དང་བྲལ་བའི་རྟགས་སུ་རླུང་རྡོ་རྗེ་རྒྱ་གྲམ་ཕྱོགས་བཞིར་གསལ་བའོ། །རྣམ་པར་ཤེས་པ་བརྒྱད་རང་སར་དག་པའི་རྟགས་སུ་དུར་ཁྲོད་ཆེན་པོ་བརྒྱད་ཀྱིས་བསྐོར་བའོ། །འགྲོ་བ་ཀུན་གྱི་དོན་བྱེད་ཅིང་བག་ཆགས་དྲི་མ་དང་བྲལ་བའི་རྟགས་སུ་སྣ་ཚོགས་པདྨས་བསྐོར་བའོ། །ཆོས་ཉིད་སྐྱེ་འཇིག་དང་བྲལ་བའི་རྟགས་སུ་ཕྱི་རིམ་རྡོ་རྗེའི་ར་བས་བསྐོར་བའོ། །ཕྱིན་ཅི་ལོག་པའི་རྣམ་རྟོག་ཐམས་ཅད་བསྲེག་པའི་རྟགས་སུ་སྣ་ཚོགས་མེ་རིས་བསྐོར་བའོ། །དེའི་རྗེས་སུ་ལྷའི་རྣམ་དག་ངོ་སྤྲད་པ་ནི། དབུས་སུ་ཀུན་བཟང་ཡབ་ཡུམ་གཉིས་སུ་སྣང་བ་འདིའང་ཀ་དག་ལྷུན་གྲུབ་གཉིས་སུ་མེད་པས་ཐབས་དང་ཤེས་རབ་སྣང་སྟོང་ལ། ཡིད་ཆོས་གཉིས་རྣམ་པར་དག་པའི་རྟགས་སོ། །རིགས་ཀྱི་ཡབ་ལྔར་སྣང་བ་འདི་ཡང་ཕུང་པོ་ལྔ་རྣམ་པར་དག་པའི་རྟགས་སོ། །རིགས་ཀྱི་ཡུམ་ལྔར་སྣང་བ་འདི་ཡང་འབྱུང་བ་ལྔ་རྣམ་པར་དག་པའི་རྟགས་སོ། །ཟུང་སྦྱོར་དུ་སྣང་བ་འདི་ཡང་འཁོར་བ་ཟིལ་གྱིས་མནན་ཞིང་སྐྱོན་ཀྱིས་མ་གོས་བའི་བདེ་བ་ཆེན་པོར་རོ་གཅིག་པའི་རྟགས་སོ། །སེམས་དཔའ་བརྒྱད་དུ་སྣང་བ་འདི་ཡང་། རྣམ་ཤེས་ཚོགས་བརྒྱད་གནས་སུ་དག་པའི་རྟགས་སོ། །སེམས་མ་བརྒྱད་དུ་སྣང་བ་འདི་ཡང་ཡུལ་བརྒྱད་རྣམ་པར་དག་པའི་རྟགས་སོ། །ཐུབ་པ་དྲུག་ཏུ་སྣང་བ་འདི་ཡང་འགྲོ་དྲུག་དབྱིངས་སུ་འདྲེན་ཞིང་ཉོན་མོངས་པ་དྲུག་རྣམ་པར་དག་པའི་རྟགས་སོ། །སྒོ་བ་ཡབ་ཡུམ་བརྒྱད་ཟུང་སྦྱོར་དུ་སྣང་བ་འདི་ཡང་རྟག་ཆད་མུ་བཞི་རྣམ་པར་དག་ཅིང་ཚད་མེད་པ་བཞིས་འགྲོ་བའི་དོན་མཛད་པའི་རྟགས་སོ། །དེ་དག་སོ་སོའི་སྐུ་མདོག་ལྔར་སྣང་བ་འདི་ཡང་ཉོན་མོངས་པ་ལྔ་མ་སྤངས་གནས་སུ་དག་ཅིང་། ཡེ་ཤེས་ལྔ་ལྡན་ལྷུན་གྱིས་གྲུབ་པ་ལ། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་དགོངས་པ་འདུས་པའི་རྟགས་སོ། །ཐམས་ཅད་སྐྱིལ་ཀྲུང་མཛད་པ་འདི་ཡང་བདུད་ཀྱིས་དཔའ་མི་འཕྲོག་ཅིང་དུས་གསུམ་འཕོ་འགྱུར་མེད་པའི་དགོངས་པ་ལ་བཞུགས་པའི་རྟགས་སོ། །རྒྱན་སྣ་ཚོགས་པས་བརྒྱན་པ་འདི་ཡང་ཡོན་ཏན་ཕུན་སུམ་ཚོགས་པའི་རྟགས་སོ། །རིག་སྟོང། གསལ་སྟོང་། ཤར་སྟོང་། བདེ་སྟོང་། སྣང་སྟོང་ཟུང་འཇུག་གི་རྟགས་སུ་རིགས་ལྔའི་ཕྱག་མཚན་སོ་སོར་མཛེས་པའོ། །སྣང་སྲིད་སྣ་ཚོགས་ཡེ་སྟོང་རྩ་བ་དང་བྲལ་བའི་རྟགས་སུ། འཁོར་རྣམས་ཀྱི་ཕྱག་མཚན་སྣ་ཚོགས་འཛིན་པའོ། །རིག་འཛིན་ཡབ་ཡུམ་བཅུ་ཟུང་སྦྱོར་དུ་སྣང་བ་འདིའང་། བག་ཆགས་དབྱིངས་སུ་དག་པའི་རྟགས་སོ། །སྐུ་མདོག་ལྔ་ལྡན་དཀར་སེར་དམར་ལྗང་དུ་སྣང་བ་འདི་ཡང་། ལྷན་ཅིག་སྐྱེས་པའི་ཡེ་ཤེས་འོད་ཁ་དོག་ལྔ་དང་ལྡན་པའི་རྟགས་སོ། །ཞལ་གཅིག་ནི་དུ་མ་རོ་གཅིག་གོ། སྤྱན་གསུམ་ནི་སྐུ་གསུམ་མོ། ཕྱག་གཉིས་ནི་ཐབས་དང་ཤེས་རབ་བོ། །ཞབས་གཉིས་ནི་བདེན་གཉིས་ཟུང་འཇུག་གོ། བརྐྱངས་བསྐུམ་ནི་སྲིད་ཞིའི་མཐའ་ལ་མི་གནས་པའོ། །གྲི་ཁུག་དང་ཐོད་ཁྲག་ནི་ཤེས་རབ་དང་སྙིང་རྗེའི་རྟགས་སོ། །ཆེ་མཆོག་ཧེ་རུ་ཀ་ཡབ་ཡུམ་གཉིས་སུ་སྣང་བ་འདི་ཡང་། མ་རིག་པ་དང་ཉོན་མོངས་མ་སྤངས་གནས་སུ་དག་པའི་རྟགས་སོ། །ཁྲག་འཐུང་ཁྲོ་བོ་ཡབ་ཡུམ་བཅུ་རུ་སྣང་བ་འདི་ཡང་། ཉོན་མོངས་དུག་ལྔའི་ཡུལ་ཡུལ་ཅན་མ་སྤངས་གནས་སུ་དག་པའི་རྟགས་སོ། །ཀོའུ་རི་བརྒྱད་དུ་སྣང་བ་འདི་ཡང་། རྣམ་ཤེས་ཚོགས་བརྒྱད་མ་སྤངས་གནས་སུ་དག་པའི་རྟགས་སོ། །སེང་ཧ་བརྒྱད་དུ་སྣང་བ་འདི་ཡང་། ཡུལ་བརྒྱད་མ་སྤངས་གནས་སུ་དག་པའི་རྟགས་སོ། །སྒོ་མ་བཞི་རུ་སྣང་བ་འདི་ཡང་། སྐྱེ་གནས་བཞི་མ་སྤངས་གནས་སུ་དག་པའི་རྟགས་སོ། །དབང་ཕྱུག་མ་ཉི་ཤུ་རྩ་བརྒྱད་དུ་སྣང་བ་འདི་ཡང་། ཉོན་མོངས་རྟོག་ཚོགས་ཉི་ཤུ་རྩ་བརྒྱད་མ་སྤངས་གནས་སུ་དག་པའི་རྟགས་སོ། །ཁྲག་འཐུང་ཁྲོ་བོ་འཇིགས་པའི་སྐུ་རུ་སྣང་བ་འདི་ཡང་། གདུལ་བྱ་ཞི་བས་མི་འདུལ་བའི་བདུད་དང་དགྲ་བགེགས་རྣམས་འདུལ་བའི་རྟགས་སོ། །གར་གྱི་ཉམས་དགུའི་མཛད་པ་འདི་ཡང་། ཐེག་པ་རིམ་དགུ་ཡོངས་སུ་རྫོགས་པའི་རྟགས་སོ། །དུར་ཁྲོད་ཀྱི་ཆས་བརྒྱད་གསོལ་བ་འདི་ཡང་། བདུད་དང་མུ་སྟེགས་ལོག་ལྟ་གདུག་ཅན་རྣམས་འཇོམས་པའི་རྟགས་སོ། །མགོ་བརྙན་སྣ་ཚོགས་སུ་སྣང་བ་འདི་ཡང་། སྤྲུལ་སྐུའི་མཛད་པ་ཅིར་ཡང་མ་ངེས་པར་སྟོན་པའི་རྟགས་སོ། །དེ་དག་ཕྱི་ལྟར་ན་ཞི་བའི་ལྷ་ཚོགས་བཞི་བཅུ་རྩ་གཉིས་སུ་ཡོད། ནང་ལྟར་ན་ཁྲག་འཐུང་གི་ལྷ་ཚོགས་ལྔ་བཅུ་རྩ་བརྒྱད་དུ་ཡོད། གསང་བ་ལྟར་ན་མཁའ་འགྲོ་སྡེ་ལྔའི་ལྷ་ཚོགས་སུ་ཡོད། ཡང་གསང་ལྟར་ན་ལྷུན་གྲུབ་རྫོགས་ལྡན་གྱི་ལྷ་ཚོགས་སུ་ཡོད། བླ་མེད་ལྟར་ན་རིག་པ་ཐིག་ལེ་ཉག་གཅིག་གི་སྐུ་རུ་ཡོད། ངོ་བོ་འགྱུར་བ་མེད་པ་ཆོས་ཀྱི་སྐུ་རུ་ཡོད། རང་བཞིན་ངང་གིས་གསལ་བ་ལོངས་སྤྱོད་རྫོགས་པའི་སྐུ་རུ་ཡོད། ཐུགས་རྗེ་རང་གྲོལ་དུ་ཡོད་པས་སྤྲུལ་པའི་སྐུ་རུ་ཡོད། ལྟ་སྒོམ་ཡིད་ཡུལ་དུ་གསལ་བས་གཟུགས་ཀྱི་སྐུ་རུ་ཡོད་དོ། །དེ་ནས་བུམ་པ་དང་རྒྱན་ངོ་སྤྲད་པ་ནི། འོ། རིགས་ཀྱི་བུ་དད་པ་དང་ལྡན་པ་རྣམས་ཉོན་ཅིག །ཆོས་སྐུ་སྤྲོས་པ་དང་བྲལ་བའི་རྟགས་སུ། དབང་གི་བུམ་པ་ལྔ་ཟླུམ་པོར་འདུག་པའོ། །ལོངས་སྐུ་ཡེ་ཤེས་ལྔ་དང་ལྡན་པའི་རྟགས་སུ། བུམ་པ་ཁ་དོག་ལྔ་ལྡན་དུ་འདུག་པའོ། །ཐུགས་རྗེའི་སྤྲུལ་སྐུ་འོད་ཟེར་ཞི་ཁྲོའི་ཚུལ་དུ་ཡོད་པའི་རྟགས་སུ། བུམ་པའི་ཁ་རྒྱན་དཔག་བསམ་ཤིང་ལས་བྱས་པའོ། །རང་གི་རིག་པ་ལ་འགྱུར་བ་མེད་པའི་རྟགས་སུ། །གཟུངས་ཐག་གི་སྣེ་ལ་རྡོ་རྗེ་བཏགས་པའོ། །ཉོན་མོངས་པ་ལྔ་དང་སྣང་ཡུལ་དག་པའི་རྟགས་སུ། མགུལ་ཆིངས་ཁ་དོག་ལྔ་ལྡན་དུ་འདུག་པའོ། །ཐུགས་རྗེས་འཁོར་བ་འདྲེན་པའི་རྟགས་སུ། གཟུངས་ཐག་ལྔ་སྒྲིལ་དུ་ཡོད་པའོ། །རང་རིག་པའི་ཡེ་ཤེས་ལ་དྲི་མ་མེད་པའི་རྟགས་སུ། ཤེལ་དཀར་དང་མེ་ལོང་གཉིས་ཀྱིས་བརྒྱན་པའོ། །སྟོང་གསལ་མི་འགྱུར་བའི་མདངས་ལྔ་དང་ལྡན་པའི་རྟགས་སུ། རིན་པོ་ཆེ་ལྔ་བུམ་སྙིང་དུ་ཡོད་པའོ། །སྒྲོན་བཞི་མིག་ཡུལ་དུ་གསལ་བའི་རྟགས་སུ། རྨ་བྱའི་ཕོད་མདོངས་གཟུགས་པའོ། །རིག་པ་ལུ་གུ་རྒྱུད་དུ་གནས་པའི་རྟགས་སུ། རྒྱན་དྲ་བ་རིས་སུ་བྲེས་ནས་ཡོད་པའོ། །སངས་རྒྱས་ཀྱི་བསྟན་པ་མི་ནུབ་པའི་རྟགས་སུ། རྒྱལ་མཚན་དང་བ་དན་འཕྱར་བའོ། །བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་མཉེས་པར་བྱ་བའི་རྟགས་སུ། མཆོད་གཏོར་དང་ཚོགས་འཁོར་བཤམས་པའོ། །རྒྱབ་རྟེན་དཀོན་མཆོག་གསུམ་དང་མི་འབྲལ་བའི་རྟགས་སུ། ཡོལ་བ་དང་བླ་བྲེ་གཉིས་ཀྱིས་བརྒྱན་པའོ། །བདུད་བཞི་ཟིལ་གྱིས་གནོན་པའི་རྟགས་སུ། གདན་ཁྲི་བཀོད་པ་དང་ལྡན་པས་བརྩེགས་པའོ། །ཉོན་མོངས་པའི་བག་ཆགས་དྲི་མས་མ་གོས་པའི་རྟགས་སུ་སྤར་གཡོབ་དང་རྡུལ་ཁག་གིས་གཡོགས་ནས་ཡོད་པའོ། །ཆོས་ཀྱིི་སྒྲ་ཕྱོགས་བཅུར་སྒྲོགས་པའི་རྟགས་སུ། ལྷ་ཆ་རོལ་མོ་སྣ་ཚོགས་སུ་ཡོད་པའོ། །ཐེག་པ་ཆེན་པོའི་ཆོས་རྒྱུན་མི་ཆད་པའི་རྟགས་སུ། སྨན་ཕུད་དང་རཀྟས་བྲན་ཞིང་གཏམས་པའོ། །དབང་བསྐུར་བ་ལ་ཕུན་སུམ་ཚོགས་པ་ལྔ་དང་ལྡན་པའི་རྟགས་སུ། མཆོད་པའི་བྱེ་བྲག་བསམ་གྱིས་མི་ཁྱབ་པ་དང་ལྡན་པའོ། །དབང་བསྐུར་བྱིན་བརླབས་ཕེབས་པའི་རྟགས་སུ། རྡོ་རྗེ་སློབ་དཔོན་ཁྲི་ལ་བཞུགས་པའོ། །ཞེས་གསེར་ཐུར་གྱིས་དཀྱིལ་འཁོར་དང་ལྷ་དང་རྒྱན་རྣམས་ངོ་སྤྲད་དོ། མངྒལཾ།། །།

ཡེ་ཤེས་དབབ་པའི་ཟུར་འདེབས།

ཡེ་ཤེས་དབབ་པའི་ཟུར་འདེབས་བཞུགས༔

རྒྱུད་ལས༔ མཎྜལ་ཕུལ་ལ་ཡེ་ཤེས་དབབ༔ ཅེས་པས༔ མཎྜལ་འགྲིམ་སྡུད་བྱས་པ་ཕུལ༔ བདུད་རྩི་བཟང་པོ་ཨ་མྲྀ་ཏའི་ཁ་ཚར་བཏབ་པ་སྦྱིན༔ རྒྱན་དྲུག་ལ་སོགས་ཆས་བཟང་པོའི་རྒྱན་འདོགས༔ ཡེ་ཤེས་ཕེབས་པའི་རྫས་དང་དྲི་ཞིམ་པོའི་སྤོས་ཀྱིས་བདུག༔ ཏིང་ངེ་འཛིན་དང་རོལ་མོ་སྣ་ཚོགས་དང་༔ ཕྱག་རྒྱ་སྤྱོད་ལམ་ངོ་མཚར་ཅན་གྱིས་ཡེ་ཤེས་དབབ་པ་ནི༔ བླ་མས་དམིགས་པ་གསལ་ཞིང་༔ སློབ་བུ་རྣམས་ཡར་ལངས་ལ་ལག་པ་སྙིང་གར་ཐལ་མོ་སྦྱར་ཞིང་མིག་བཙུམས་ཏེ༔ སྐད་ཅིག་གིས་ཡུམ་རྡོ་རྗེ་ཕག་མོ་མཐིང་ནག་བུ་མོ་ལོ་བཅུ་དྲུག་ལོན་པའི་ཚད་ཙམ༔ ནུ་ུམ་དང་བྷ་ག་རྒྱས་པ༔ དབུ་སྒྲ་ལྕང་ལོ་ནག་སི་ལེ་བ༔ རུས་པའི་རྒྱན་དྲུག་གིས་སྤྲས་པ༔ གཡས་ཅང་ཏེའུ་གཡོན་དྲིལ་བུ་འཛིན་པ༔ སྐུ་གར་སྟབས་ཁྱུག་ཁྱུག་མཛད་པ་ཞིག་ཏུ་བསྒོམ་པའི་སྙིང་གི་ནང་དུ་གཡུང་དྲུང་དགའ་བ་འཁྱིལ་པ་དམར་པོའི་ལྟེ་བར་ཟླ་བ་ཉ་གང་བའི་སྟེང་དུ་ཡཾཿགིས་མཚན་པ༔ གཡུང་དྲུང་གི་ཡན་ལག་བཞི་ལ་ཧ་རི་ནི་ས་བཞི་བསྐྱེད་དེ༔ ཡཾ་ལས་རླུང་གིས་བསྐྱོད་པས་གཡུང་དྲུང་སྙིང་དང་བཅས་པ་གཡོན་དུ་ཀྱི་ལི་ལི་འཁོར་བར་བསམ་ཞིང་མ་གཡོས་པར་གྱིས་ཤིག༔ གཞན་ཡང་མདུན་གྱི་ནམ་མཁའ་ལ་རྩ་བ་གསུམ་གྱི་ལྷ་ཚོགས་རྣམས་དང་༔ ཁྱད་པར་དུ་ཡང་ཡི་དམ་ཞི་ཁྲོའི་ལྷ་ཚོགས་དཔག་ཏུ་མེད་པ་རྣམས་མཚོ་ལ་ཁ་བ་བབ་པ་ལྟར་སིབ་སིབ་ཐིམ་པར་བསྒོམ་ལ༔ ལུས་ཀྱི་རྒྱན་དང་གོས་ཕུད༔ གཅེར་བུར་ཕྱུངས༔ ངོ་ཚ་དང་གཅེས་འཛིན་ཕྲོལ༔ ངག་ཏུ༔ ༀ་ཨཱཿཧཱུྃ་གུ་རུ་དྷེ་ཝ་དྷཱ་ཀི་ནི་སིདྡྷི་ཧཱུྃ༔ ཞེས་དང་༔ བྷོ་དྷི་ཙིཏྟའི་འཛབ་བཟླའོ༔ དམིགས་པ་གཏད་མེད་དུ་སྤར༔ རོལ་མོ་སྦིར༔ དྲི་ཞིམ་སྤོས་ཀྱིས་བདུག༔ བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་བསྐུལ༔ ཨ་ཙ་ར་དང་པཎྜི་ཏ༔ གིང་ཕོ་གིང་མོ་ལ་སོགས་ཆ་ལུགས་བསམ་ཀྱིས་མི་ཁྱབ་པ་སྤྲོས་པས༔ ཉམ་གསུམ་ནི༔ ལུས་འདར་བ༔ འཕར་བ༔ འཁྲབ་པ༔ ངག་འགྱུར་དང་༔ གླུ་དབྱངས་ལེན་པ༔ སེམས་ལ་བདེ་གསལ་མི་རྟོག་པ་ལ་སོགས་པའི་ཉམས་ཡེ་ཤེས་ཕེབས་རྟགས་མ་ངེས་པ་མང་པོ་འབྱུང་ངོ་༔ དབང་གི་དངོས་གཞི་ཡང་འདི་ཡིན་པས༔ འདི་ལ་བྱིན་མ་ཕེབས་ཀྱི་བར་དུ་བསྐྱར་ཞིང་དབབ༔ དེ་ལྟར་ཡང་རྒྱུད་ལས༔ བདུད་རྩི་བྱིན་ལ་དམིགས་པ་སྤར༔ རྒྱན་ཆ་ལ་སོགས་ཆས་དག་དང་༔ ཏིང་འཛིན་འཛབ་དང་རོལ་མོ་སོགས༔ ཕྱག་རྒྱའི་སྦྱོད་ལམ་ངོ་མཚར་གྱིས༔ ཡེ་ཤེས་མ་ཕེབས་བར་དུ་བསྐྱར༔ རྟགས་གསུམ་ཤར་ནས་ཀློད་ལ་བཞག༔ ཅེས་གསུངས་པས༔ དེའི་རྗེས་སུ་སེམས་མ་བཅོས་པར་རང་ལུགས་སུ་ལྷོད་ཀྱིས་ཀློད་ལ་ངོ་བོ་རྗེན་པའི་སྟེང་དུ་ཞོག་ཅིག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔

༈ དེ་ནས་མཆེད་ལྕམ་རྣམས་ལ་སྐུ་དང་ཡེ་ཤེས་ཀྱི་བྱིན་དབབ་པ་ནི༔ དབྱངས་ཀྱིས༔ ཧཱུྃ༔ ཕྱི་ནང་སྣོད་བཅུད་གཟུང་འཛིན་ནི༔ རྟོག་ཚོགས་རང་གྲོལ་བྱིན་ཕོབ་ཅིག༔ ཉོན་མོངས་ཡུལ་དྲུག་འཛིན་པ་ལ༔ གཞི་མེད་རྩ་བྲལ་བྱིན་ཕོབ་ཅིག༔ སྐུ་དང་ཡེ་ཤེས་རིག་རྩལ་ལ༔ སྣང་སྟོང་དག་པའི་བྱིན་ཕོབ་ཅིག༔ དབྱིངས་རིག་ངར་འཛིན་དྭངས་པ་ལ༔ རྟོག་གསུམ་བྲལ་བའི་བྱིན་ཕོབ་ཅིག༔ སྐུ་གསུམ་དག་པའི་སྣང་བ་ལ༔ རིག་པ་ལུག་རྒྱུད་བྱིན་ཕོབ་ཅིག༔ ཐབས་ཤེས་རང་རྩལ་རོལ་པ་ལ༔ མ་འགགས་ཤུགས་འབྱུང་བྱིན་ཕོབ་ཅིག༔ བདག་གཞན་རྟོག་པའི་ལྟ་བསྒོམ་ལ༔ གནས་ལུགས་རང་བབས་བྱིན་ཕོབ་ཅིག༔ མ་འགགས་སྣ་ཚོགས་ཆོ་འཕྲུལ་འདི༔ རིག་རྩལ་རོལ་པའི་དབང་ཐོབ་ཤོག༔ ༀ་ཨཱཿཧཱུྃ་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཛྙཱ་ན་དྷཱ་ཏུ་ཨཱཿༀ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཨཱ་ཝེ་ཤ་ཡ་སྟཾ་བྷ་ཡ༔ ར་རཱ༔ ར་རཱ༔ ཙ་ལ་ཡ་ཧཱུྃ༔ ཨ་ཛྷེ་ཾཨེ་ཨ་རལླི་ཧྲཱིང་ཧྲཱིང་ཕེཾ་ཕེཾ༔ ཞེས་དྲག་ཏུ་བརྗོད་དོ༔ མེ་ཏོག་གཏོར་བ་ཙམ་གྱིས་སྔགས་ལས་འོད་ཟེར་འཕྲོས༔ རིགས་ལྔ་ལ་སོགས་པའི་ཕྱོགས་བཅུའི་སངས་རྒྱས་བྱང་ཆུབ་སེམས་དཔའ་བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་རང་བཞིན་གྱི་གནས་ནས་བྱིན་ཐིབས་ཐིབས་བྱོན་ཞིང་སློབ་བུའི་སྙིང་གར་སིབ་སིབ་ཐིམ་ནས་གར་བྱེད་པར་བསམ་ལ༔ ལན་གསུམ་བསྐྱར་རོ༔ དེ་ཉིད་དུ་སློབ་དཔོན་གྱིས་རྡོ་རྗེ་དྲིལ་བུ་དང་བཅས་པས༔ སློབ་མའི་གནས་གསུམ་དུ་རེག་པས༔ རྩ་སྔགས་ཤམ་དུ༔ ཛྙཱ་ན་ས་ཏྭ་ཏིཥྛ་བཛྲ༔ ཞེས་པས་བརྟན་པར་བྱའོ༔ དྷ་ཐིམ༔

༁ྃ༔ ཧཱུྃ༔ ལྷུན་གྲུབ་གཞལ་ཡས་ཆེན་པོ་ཡི༔ ཤར་ལྷོ་ནུབ་བྱང་སྒོ་བཞི་ནས༔ ཡེ་ཤེས་ཆེན་པོའི་སྒོ་ཕྱེས་ཤིག༔ བྷྲཱུཾ་པྲ་ཝེ་ཤ་ཡ་ཕཊ༔ ཧཱུྃ༔ དབུས་ནས་བཀྲ་ཤིས་གང་ལགས་པ༔ རྡོ་རྗེ་སེམས་དཔའ་བཀྲ་ཤིས་ལྷ༔ ཞི་བ་འགྲུབ་པའི་བཀྲ་ཤིས་དེས༔ འདིར་འཚོགས་རྣམས་ལ་བཀྲ་ཤིས་ཤོག༔ ཅེས་བརྗོད་ཅིང་མེ་ཏོག་འཐོར༔ རོལ་མོ་སྦིར་བ་ལ་སོགས་ཀུན་ལ་བྱའོ༔

ནུབ་ཕྱོགས་མ་འདྲེས་གསལ་བ་ཡི༔ སོར་རྟོག་ཡེ་ཤེས་སྒོ་ཕྱེས་ཤིག༔ བྷྲཱུཾ་པྲ་ཝེ་ཤ་ཡ་ཕཊ༔ ཧཱུྃ༔ ནུབ་ནས་བཀྲ་ཤིས་གང་ལགས་པ༔ སྣང་བ་མཐའ་ཡས་བཀྲ་ཤིས་ལྷ༔ དབང་སྡུད་འགྲུབ་པའི་བཀྲ་ཤིས་དེས༔ འདིར་འཚོགས་རྣམས་ལ་བཀྲ་ཤིས་ཤོག༔ ཤར་ཕྱོགས་རིག་པ་རང་གསལ་གྱི༔ མེ་ལོང་ལྟ་བུའི་སྒོ་ཕྱེས་ཤིག༔ བྷྲཱུཾ་པྲ་ཝེ་ཤ་ཡ་ཕཊ༔ ཧཱུྃ༔ ཤར་ནས་བཀྲ་ཤིས་གང་ལགས་པ༔ རྣམ་པར་སྣང་མཛད་བཀྲ་ཤིས་ལྷ༔ ལྷུན་གྱིས་གྲུབ་པའི་བཀྲ་ཤིས་དེས༔ འདིར་འཚོགས་རྣམས་ལ་བཀྲ་ཤིས་ཤོག༔ ཧཱུྃ༔ བྱང་ཕྱོགས་ལས་རབ་གྲུབ་པ་ཡིས༔ ནན་ཏན་ཡེ་ཤེས་སྒོ་ཕྱེས་ཤིག༔ བྷྲཱུཾ་པྲ་ཝེ་ཤ་ཡ་ཕཊ༔ ཧཱུྃ༔ བྱང་ནས་བཀྲ་ཤིས་གང་ལགས་པ༔ དོན་ཡོད་གྲུབ་པ་བཀྲ་ཤིས་ལྷ༔ དགྲ་བགེགས་ཚར་གཅོད་བཀྲ་ཤིས་དེས༔ འདིར་འཚོགས་རྣམས་ལ་བཀྲ་ཤིས་ཤོག༔ ཧཱུྃ༔ ལྷོ་ཕྱོགས་དགོངས་པ་མཉམ་ཉིད་ཀྱི༔ ཡེ་ཤེས་ཆེན་པོའི་སྒོ་ཕྱེས་ཤིག༔ བྷྲཱུཾ་པྲ་ཝེ་ཤ་ཡ་ཕཊ༔ ཧཱུྃ༔ ལྷོ་ནས་བཀྲ་ཤིས་གང་ལགས་པ༔ རིན་ཆེན་འབྱུང་ལྡན་བཀྲ་ཤིས་ལྷ༔ ཡོན་ཏན་འགྲུབ་པའི་བཀྲ་ཤིས་དེས༔ འདིར་འཚོགས་རྣམས་ལ་བཀྲ་ཤིས་ཤོག༔ མེ་ཏོག་འཐོར༔ རོལ་མོ་སྦིར་རོ༔ ཧཱུྃ༔ ཤར་ཕྱོགས་སྒོ་མ་རྟ་གདོང་མ༔ སྙིང་རྗེ་ཚད་མེད་ལྕག་ཀྱུ་ཡིས༔ མེ་ལོང་ཡེ་ཤེས་ཤར་སྒོ་ཕྱེས༔ ཉོན་མོངས་འཁོར་བའི་སྒོ་ཆོད་ལ༔ དག་པའི་ཞིང་ཁམས་བསྟན་དུ་གསོལ༔ འགྲེའོ༔

གསང་དབང་ཤེས་རབ་ཚིག་དབང་བསྐུ།

༈ དེ་ནས་གསང་དབང་ཤེས་རབ་ཚིག་དབང་བསྐུར་ཅེས་བྱུང་བས་འདོན་བྱ་ནི། ཧཱུྃ་ཐོད་པ་མཚན་ལྡན་ཀཱ་པ་ལ། །ཡེ་ཤེས་བདུད་རྩི་ལྔ་ལྡན་བཅུད། །སྐལ་ལྡན་ཁྱོད་ཀྱི་ངག་ཏུ་བླུད། །རྩ་གསུམ་འཁོར་ལོ་ལྔ་ལྡན་ནས། །ཐིག་ལེ་རང་དབང་ཐོབ་པ་དང་། །ཐོག་མེད་བདེ་ཆེན་མཐར་ཕྱིན་ཤོག །བྷོ་དྷི་ཙིཏྟ་ཨ་མྲྀ་ཏ་ཨ་བྷི་ཥིཉྩ་ༀ། ཧཱུྃ་སློབ་མ་རྡོར་སེམས་ཡུམ་བཅས་བསྒོམ། །དབབ་བཟུང་འགྲེམ་བཀྲམ་ཚོད་སྦྱར་ལ། །དགའ་བ་བཞི་པོ་ངོ་ཡིས་བཟུང་། །ཤེས་རབ་ཡེ་ཤེས་དབང་ཐོབ་ཤོག །པྲ་ཛྙཱ་ཛྙཱ་ན་ཨ་བྷི་ཥིཉྩ་མཱཾ། ཧཱུྃ་རྨ་བྱ་ལུག་རྒྱུད་ལག་ཏུ་ཕྱར། །དཀྱིལ་འཁོར་ལ་སོགས་སྣང་བ་གཏད། །ཤེལ་མིག་སྦྱར་བ་འདི་ལ་ལྟོས། །འོད་ལྔ་ཡེ་ཤེས་རྣམ་ལྔ་སྟེ། །སྣང་སྲིད་སེམས་སུ་མ་གྱུར་མེད། །ཀ་དག་ཚིག་དབང་ཐོབ་པར་ཤོག །དྷརྨཱ་ཀཱ་ཡ་ཨ་བྷི་ཥིཉྩ་མཾ། དེ་རྗེས་ཞི་ཁྲོའི་མངའ་གསོལ་རྟགས་ཀྱི་དབང་། ཞེས་བྱུང་བས། ཞི་བའི་མངའ་གསོལ་རྒྱན་དྲུག་དང་། ཁྲོ་བོའི་མངའ་གསོལ་དུར་ཁྲོད་ཆས་བརྒྱད་རྣམས་ཀྱིས་དབང་བསྐུར་གསུངས་པས། ཞི་བའི་མངའ་གསོལ་ནི། ཧཱུྃ་རྣལ་འབྱོར་འབྲས་བུ་ལམ་ཞུགས་ཕྱིར། །རྟགས་ནི་ཕྱག་རྒྱ་འདི་ལྟར་གསོལ། །དབུ་རྒྱན་ཅོད་པཎ་ཕྲེང་བ་དང་། །དོ་ཤལ་དཔུང་རྒྱན་སེ་མོ་དོ། །སྟོད་གཡོག་སྨད་དཀྲིས་ཤམ་བུར་ལྡན། །ཕྱག་གདུབ་ཞབས་གདུབ་རབ་ཏུ་སྤྲས། །རིན་ཆེན་རུས་པའི་རྒྱན་དྲུག་རྣམས། །འདོད་ཡོན་མ་སྤངས་རྒྱན་དུ་བཞེས། །ཞེས་གསོལ་ལོ། །ཁྲོ་བོའི་མངའ་གསོལ་ནི། ཧཱུྃ་འགྲོ་དྲུག་འཁོར་བའི་སེམས་ཅན་རྣམས། །ཡེ་ཤེས་དྲུག་དུ་སྦྱོར་ཞིང་སྤོར། །སྟག་ཤམ་རུས་རྒྱན་སྙིང་ཕྲེང་འདི། །སློབ་མ་ཁྱོད་ཀྱི་སྐུ་ལ་གསོལ། །ཧཱུྃ་ཧེ་རུ་ཀ་ཡི་གནས་བཅུ་དང་། །དུར་ཁྲོད་ཆེན་པོའི་གནས་བརྒྱད་ནས། །དབང་ཆེན་ཡབ་ཡུམ་བྱིན་རླབས་ཕྱིར། །དཔལ་ཆེན་མཁའ་འགྲོ་གིང་གསུམ་དང་། །རྣམ་དག་གཅིག་ཏུ་བསྲེ་བའི་ཕྱིར། །ཞུན་ཆེན་རཀྟ་ཐལ་བའི་མཚན། །སྔོན་གྱི་ཐ་ཚིག་རྟགས་ཀྱི་རྒྱ། །ༀ་སརྦ་ན་ལ་ཀ་ཨ་བྷི་ཥིཉྩ་ཧཱུྃ། །དེ་རྗེས་རྒྱལ་སྲིད་སྣ་བདུན་བཀྲ་ཤིས་རྟགས་བརྒྱད་རྣམས་གཞུང་ལྟར་བསྐུར་རོ། །འདི་ལྟར་ཁ་འཕངས་ཐམས་ཅད་མ་ཚུད་ན་ཆད་དབང་དུ་འགྲོ་བས། འདི་ལྟར་གྱིས་ཤིག་རཏྣ་སྤྲུལ་སྐུའི་བསྐུལ་ཕྱིར། དཔལ་རི་རྩེར་བཀྲ་ཤིས་ཚེ་བརྟན་གྱིས་བྲིས་པའི་ཡི་གེ་པའང་བསྐུལ་བ་པའོ། །

བཏགས་གྲོལ་གྱི་དབང་རེག་ཚད་རང་གྲོལ།

༁ྃ༔ ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་ལས་བཏགས་གྲོལ་གྱི་དབང་རེག་ཚད་རང་གྲོལ་ཞེས་བྱ་བ་བཞུགས་སོ༔

༁ྃ༔ ཞི་ཁྲོ་རང་རིག་ལྷ་ལ་ཕྱག་འཚལ་ལོ༔ བཏགས་གྲོལ་རབ་གནས་དང་དབང་བསྐུར་བྱ་ཐབས་འདི་ལྟ་སྟེ༔ དེ་ཡང་རབ་ཏུ་གནས་པའི་རིམ་པ་ནི༔ རྒྱུད་ལས༔ རབ་གནས་མཆོད་བསྟོད་ཚོགས་འཁོར་བསྐོར༔ ཅེས་གསུངས་པས༔ དབེན་པའི་གནས་ཉིད་ཉམས་དགའི་སར་མཎྜལ་དྲི་བཟང་བྱུགས་པ་མུ་ཁྱུད་ལྔའི་ནང་དུ་ཚོམ་བུ་ལྔ་ལྡན་རིགས་ལྔའི་ཁ་དོག་ལྟ་བུ༔ དེའི་དབུས་སུ་མཉྫིའི་ཁར་རྣམ་རྒྱལ་བུམ་པ་སྤྱི་ལྟར་བཤམས་བུམ་པའི་སྟེང་དུ་རིན་པོ་ཆེའི་སྣོད་འབྲུས་བཀང་བའི་ནང་དུ་དར་སྣ་ལྔའི་ནབ་བཟའི་དབུས་སུ་བསྟན་པའི་རྒྱལ་འཁོར་ལོ་གླེགས་བམ་གང་ཡིན་མཚན་གཞུག་ཅིང་༔ མཎྜལ་གྱི་མཐའ་བསྐོར་དུ་ཕྱི་ནང་གི་མཆོད་པ་དང་ཚོགས་ཀྱི་ཡོ་བྱད་བཤམས་ལ༔ རང་ཉིད་རྒྱུའི་ཀུན་བཟང་དུ་གསལ་བའི་ང་རྒྱལ་གྱིས་བགེགས་བསྐྲད༔ སྐྱབས་འགྲོ་སེམས་བསྐྱེད་ལ་སོགས་གཞུང་བཞིན་བྱས་པའི་ངང་ནས༔ བཏགས་གྲོལ་ཉིད་ཞི་ཁྲོའི་ལྷ་ཞི་ཁྲོ་ཡོངས་རྫོགས་ཀྱི་ཚོགས་སུ་ཁྲ་ལམ་མེར་བསྒོམས་ལ༔ ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པ་བཀུག་ལ་བསྟིམ༔ ཕྱིི་ནང་གི་མཆོད་པ་རྒྱ་ཆེན་འབུལ༔ འབྲུ་གསུམ་མམ་རྩ་བ་གསུམ་གྱི་སྙིང་པོ་བཟླས་ལ་མེ་ཏོག་དོར༔ མཐོང་བ་དང་༔ ཐོས་པ་དང༔ རེག་པ་ཐམས་ཅད་བླ་ན་མེད་པའི་བྱང་ཆུབ་ལས་ཕྱིར་ནི་ལྡོག་པར་མཛད་དུ་གསོལ༔ ལ་སོགས་པས་གསོལ་བ་གདབ༔ གཞུང་བཞིན་དུ་གྷ་ཎ་ཙཀྲ་བསྐོར༔ བརྒྱུད་པའི་བླ་མ་ལ་གསོལ་བ་གདབ་བོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔

དེ་ནས་དབང་བསྐུར་བ་ནི༔ རྒྱུད་ལས༔ དབང་བསྐུར་རྒྱུད་བཀླག་བུ་ལ་བཏགས༔ ཆོས་ཉིད་བར་དོར་གྲོལ་བར་ངེས༔ ཞེས་གསུངས་པས༔ རང་གི་ཡིན་ན་ཕྱག་འཚལ་ལོ༔ གོང་མ་རྣམས་བསམས་ལ་མཎྜལ་ཕུལ༔ ཚོགས་འཁོར་ལག་ལེན་ལྟར་རོ༔ སློབ་མ་ཡིན་ན་བླ་མ་ལ་ཕྱག་འཚལ་ལོ༔ མཎྜལ་ཕུལ༔ སྡོམ་པ་དང་དམ་ཚིག་བཟུང་བ་ནི༔ ཐམས་ཅད་ལག་པ་ཐལ་མོ་སྦྱར་ལ་མགྲིན་གཅིག་ཏུ༔ ཧོ༔ བླ་མ་ཡི་དམ་མཁའ་འགྲོ་དང་༔ ཆོས་སྐྱོང་དམ་ཅན་བདག་ལ་དགོངས༔ དེང་ནས་བྱང་ཆུབ་སྙིང་པོའི་བར༔ མཆོག་གསུམ་རྩ་གསུམ་སྐུ་གསུམ་དགོངས༔ སྐྱབས་ཀྱི་དམ་པ་བདག་གིས་ཁུར༔ སྔར་གྱི་སྡིག་བཤགས་རྗེས་སུ་བསྡམ༔ གཞན་སྤྱོད་དགེ་ལ་རྗེས་ཡི་རང་༔ སྨོན་འཇུག་གཉིས་ཀྱི་སེམས་བསྐྱེད་ནས༔ བྱང་ཆུབ་སེམས་དཔའི་སྤྱོད་པ་སྤྱད༔ གནས་གསུམ་རྫས་གསུམ་དུས་གསུམ་གྱི༔ ཆོས་དང་ཟང་ཟིང་སྐྱབས་ཀྱི་སྦྱིན༔ དགེ་བའི་ཆོས་སྡུད་སྡོམ་པའི་ཁྲིམས༔ སེམས་ཅན་དོན་བྱེད་ཚུལ་ཁྲིམས་བསྲུང་༔ བཟོད་པ་གསུམ་གྱི་གོ་གོན་ཞིང་༔ གོ་ཆ་ཆོ་ག་ཆོག་མི་འཛིན༔ བརྩོན་འགྲུས་ཕ་རོལ་ཕྱིན་པ་སྤྱད༔ མཐོང་ཐོས་མི་གཡོ་མངོན་ཤེས་བསྒྲུབ༔ སེམས་ཅན་དོན་ལ་བསམ་གཏན་བསྒོམ༔ བདག་དོན་གཞན་དོན་གཉིས་མེད་དོན༔ ཤེས་རབ་གསུམ་ལ་རྟག་ཏུ་སྤྱད༔ བསྔོ་བ་མཁས་ཤིང་གཡུལ་ལ་བཟློག༔ སེམས་ཅན་དོན་བྱེད་ཐབས་མཆོག་སྤྱད༔ མི་ཞུམ་པ་དང་མི་སྨིན་པ༔ འགྲོ་དོན་བྱེད་པའི་སྨོན་ལམ་གདབ༔ བདུད་བཞི་འདུལ་ཞིང་སྒྲིབ་གཉིས་སྦྱང་༔ ཚོགས་གཉིས་རྫོགས་པའི་སྟོབས་མཆོག་བླངས༔ ཆོས་དང་གང་ཟག་བདག་མེད་ཅིང་༔ རྣམ་པར་མི་རྟོག་ཡེ་ཤེས་སྤྱད༔ ཚད་མེད་བཞི་དང་བསྡུ་བ་བཞི༔ སེམས་ཅན་མགོན་དུ་ཅི་འགྱུར་བྱ༔ བདེ་གཤེགས་བཀའ་དང་མི་འགལ་བར༔ ཆགས་མེད་དགེ་བ་ཅི་ནུས་སྤྱད༔ གཞན་དོན་ཆེན་པོར་གྱུར་པ་ན༔ རང་གི་སྲོག་ཀྱང་བཏང་བར་བྱ༔ འོན་ཏེ་མཚམས་མེད་མི་དགེ་བཅུ༔ རང་འདོད་བྲལ་བ་བདག་གིས་བསྒྲུབ༔ གཞན་དོན་མཛད་པའི་གང་ཟག་གིས༔ ཅི་འདྲར་སྤྱད་ཀྱང་མི་སྨད་དོ༔ ཧོ༔ ཉིན་མཚན་དུས་བཞིར་གཞན་དོན་མི་བཏང་ཞིང་༔ བདག་ལ་བརྟེན་ནམ་གཉེན་རིགས་སྲིང་གྲོགས་ཀྱང་༔ ཐབས་ཀྱིས་བློ་བྲིད་ཐེག་ཆེན་དོན་ལ་གཞུག༔ ཁ་ཟས་ལ་སོགས་དབང་པོའི་ལོངས་སྤྱོད་ཀྱང་༔ མ་ཆགས་རོལ་པས་འཛིན་མེད་གཞན་དོན་སྤྱད༔ དགེ་ལ་འགྱོད་དང་གཞན་ལ་གནོད་པའི་སེམས༔ གཉིད་དང་རྨུག་པ་རང་འདོད་ཆེན་པོ་དང་༔ དགེ་ལ་ཐེ་ཚོམ་སྒྲིབ་པ་ལྔ་པོ་འདི༔ དགེ་འཇོམས་དགྲ་རྐུན་ཡིན་པས་བདག་གིས་སྤང་༔ ཉམས་འོག་གང་ཆུད་ཐེག་ཆེན་སྤྱོད་བྱ་ཞིང་༔ ཐེག་པ་གཞན་དག་བདག་གིས་མི་སྨད་དོ༔ ཡི་དམ་ལྷ་ལ་སྤང་བླང་མི་བྱེད་དོ༔ འཛབ་བསྙེན་སྒྲུབ་པ་དུས་ལ་མི་སྤང་ངོ་༔ ཉ་སྟོང་བརྒྱད་སོགས་ཚོགས་མཆོད་མི་བཅག་གོ༔ ཤེས་རབ་སྙིང་རྗེ་གཉིས་ཀྱིས་གཞི་བཟུང་ནས༔ བུ་གཅིག་མ་གདུང་ལྟ་བུར་གཞན་དོན་བྱེད༔ གསང་སྔགས་ཟབ་མོ་ཟོང་དུ་མི་བཙོང་ཞིང་༔ དད་ཅན་ནོར་ཟས་ཆུད་ཟོས་མི་བཏང་ངོ༔ གལ་ཏེ་རྟོགས་པ་མངོན་དུ་གྱུར་པ་ཡིས༔ གཞན་དོན་འགྱུར་ན་མ་བྱིན་བླངས་པ་དང་༔ མི་གཙང་སྤྱོད་པ་ལ་སོགས་པ་ཡང་སྤྱོད༔ ཐེག་དགུ་བརྒྱུད་བཞིའི་རང་རང་དམ་བསྲུང་ཞིང་༔ རྡོ་རྗེ་སློབ་དཔོན་མིག་འབྲས་ལྟ་བུར་བཙའ༔ ཉི་ཤུ་རྩ་ལྔ་སྐུ་གསུང་ཐུགས་ལ་སོགས༔ གྲངས་དང་གྲངས་མེད་རྣམ་དབྱེ་ཤེས་པར་བྱ༔ ལུས་སྲོག་བསྐྱེད་པའི་དུས་གསུམ་ཕ་མ་ལ༔ སྲོག་ལས་ཕོངས་པར་བསྐུར་ཞིང་དྲིན་ལེན་འཇལ༔ རྗེ་ཡིས་འབྲེལ་བའི་གྲོགས་མཆེད་སྤུན་སྲིང་ལ༔ ཟུར་ཡང་མི་སྨད་མཐོང་དྲན་ཡིད་ཕྱག་འཚལ༔ རྡོ་རྗེ་དྲིལ་བུ་དབང་རྟགས་ཕྱག་རྒྱ་རྣམས༔ ལུས་དང་གྲིབ་བཞིན་རྟག་ཏུ་བརྟེན་པར་བྱ༔ གསུམ་པའི་དམ་རྫས་མུ་དྲ་མཚན་ལྡན་ལ༔ གུས་པས་མཆོད་ཅིང་དགའ་བཞིའི་ཐིག་ལེ་སྦྱང་༔ དབབ་བཟུང་བཟློག་བཀྲམ་ཤེས་རབ་དྲང་ཤིང་བསྲེ༔ པདྨའི་རིགས་གྱུར་ཀུན་ལ་མི་སྨད་དོ༔ དམ་ཉམས་མི་དང་ཁ་རླངས་མི་བསྲེ་ཞིང་༔ དམ་ཚིག་མི་བསྲུང་ལུང་གཅིག་ཆུ་མི་འཐུང་༔ སྣོད་མེད་མི་ལ་གསང་སྔགས་མི་བསྟན་ནོ༔ དྲང་དོན་ཆོས་ཀྱིས་སྐྱེ་བོའི་བློ་བསྒྱུར་ཞིང་༔ སྣ་ཚོགས་གཡོ་སྒྱུས་དགེ་ལ་བདག་གིས་གཟུད༔ གསང་སྔགས་དམ་པ་དབེན་པར་ཉམས་བླངས་ཤིང་༔ སྣོད་དང་ལྡན་པ་ཀུན་ཀྱང་སྨིན་པར་བྱ༔ བླ་མེད་ཡང་གསང་རླུང་གིས་མི་འཕྲིགས་པར༔ རང་ཉམ་བླངས་ཤིང་གདིང་དང་ལྡན་པར་བྱ༔ བསྟན་པའི་བཙས་སུ་གཏེར་དུ་སྦས་པ་ཡི༔ རྒྱལ་བས་གནང་བའི་བུ་ལ་རྒྱས་གདབ་སྟེ༔ ལྷག་མ་མེད་པར་རྒྱལ་ཚབ་དབང་བསྐུར་རོ༔ རིག་གནས་ལྔ་ལ་མཁས་གྱུར་དབང་ཐོབ་ཀྱང་༔ ཆོས་བརྒྱད་ང་རྒྱལ་རྡུལ་ཙམ་བདག་གིས་སྤང་༔ ཆོས་ཀྱི་རྩ་བ་རང་རྒྱུད་དུལ་བར་བྱ༔ ཧོ༔ དམ་ཚིག་ས་གཞི་ལྟ་བུར་སོ་ནམ་བྱ༔ ཐེག་པ་གང་སྤྱོད་འབྲས་བུ་ལས་འབྱུང་བསལ༔ དམ་ཚིག་སོ་མཁར་འདྲ་བ་བདག་གིས་བསྲུང་༔ ངན་སོང་འཇིགས་པ་ཀུན་ལས་བསྐྱབ་ཏུ་གསོལ༔ དམ་ཚིག་ནོར་བུ་འདྲ་བར་གསོལ་བ་འདེབས༔ དབང་པོ་གང་འཚམས་རེ་འདོད་ཁེངས་པར་མཛོད༔ དམ་ཚིག་གྲུ་རྫིང་བཞིན་དུ་བདག་གིས་བརྟེན༔ སྐྱེ་བཞིའི་ཆུ་བོ་འདི་ལ་བསྒྲལ་དུ་གསོལ༔ དཀྱིལ་འཁོར་གཙོ་བོ་རྡོ་རྗེ་སློབ་དཔོན་གྱིས༔ མཆེད་ལྕམ་ཐམས་ཅད་སྨིན་གྲོལ་བཀོད་དུ་གསོལ༔ ས་མ་ཡ་མུ་དྲ་སྟྭཾ༔ ཞེས་ཐུན་མོང་གི་དམ་ཚིག་བཟུང་ངོ་༔ དེ་ནས་ཐུན་མོང་མ་ཡིན་པའི་དམ་ཚིག་དམ་སྡོམ་པ་བཟུང་བ་ནི༔ ཀྱེ་འགྲོ་བའི་དཔལ་མགོན་ལྷུན་མཉམ་ཆེ༔ ཡང་དག་གདོད་མའི་བྱང་ཆུབ་སེམས༔ སྐུ་གསུམ་བཞི་རྫོགས་ཡེ་ཤེས་ལུས༔ ལམ་མཆོག་འདི་བཟུང་མི་བཏང་ངོ་༔ ཆོས་ཀྱི་སྐུ་ཡི་དམ་ཚིག་ཏུ༔ དབྱིངས་དང་རིག་པ་འབྲལ་མི་བྱ༔ ལོངས་སྤྱོད་རྫོགས་སྐུའི་དམ་ཚིག་ཏུ༔ སྒྲོན་མ་བཞི་ལྡན་ལུག་རྒྱུད་བརྟན༔ སྤྲུལ་པ་སྐུ་ཡི་དམ་ཚིག་ཏུ༔ འགྲོ་བའི་དོན་ལ་བརྩོན་པར་བྱ༔ ཆོས་དབྱིངས་ཡེ་ཤེས་དམ་ཚིག་ཏུ༔ ཕྲ་རགས་རྟོག་པ་དབྱིངས་སུ་སྡུད༔ མེ་ལོང་ཡེ་ཤེས་དམ་ཚིག་ཏུ༔ དངོས་པོའི་ཆོས་ལ་བདག་མི་གནས༔ མཉམ་ཉིད་ཡེ་ཤེས་དམ་ཚིག་ཏུ༔ སྣང་བ་བཞི་དང་འབྲལ་མི་བྱ༔ སོར་རྟོག་ཡེ་ཤེས་དམ་ཚིག་ཏུ༔ མཚན་ལྡན་བདེ་སྟོང་རང་ངོར་བཞག༔ འཁོར་འདས་གཉིས་ཀྱི་དམ་ཚིག་ཏུ༔ འཛིན་པའི་རྣམ་གཡེང་རང་སར་བཞག༔ འདི་བཟུང་ནམ་ཡང་མི་བཏང་ངོ་༔ ཧོ༔ སེམས་རིག་འཕྲད་གྱེས་གནད་ཤེས་པས༔ གཏིང་གསལ་གཡོ་མེད་ངང་གནས་ཤིང་༔ ཡེ་བསྲུང་ཆེན་པོའི་དམ་ཚིག་དང་༔ ལྷུན་གྱིས་གྲུབ་པའི་དམ་ཚིག་དང་༔ བསྲུང་མཚམས་བྲལ་བའི་དམ་ཚིག་གསུམ༔ ཀ་དག་གཞི་ལ་བསྐྱལ་ཕྱིར་བསྲུང་༔ འཛིན་མེད་ཆོས་ཀྱི་ཕྱག་རྒྱ་ནི༔ དམ་ཚིག་བཞི་ལྡན་ཉིད་དུ་བཟུང་༔ ཡེ་ཤེས་རོལ་པའི་ཕྱག་རྒྱ་ནི༔ སྣང་བ་བཞི་ལྡན་ཡུལ་དུ་བཟུང་༔ མཚན་ཉིད་བཀའ་ཡི་ཕྱག་རྒྱ་ནི༔ འགྲོ་དྲུག་རྣམས་ཀྱི་དོན་དུ་བཟུང་༔ རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་ནི༔ དབྱིངས་རིག་ཐབས་ཤེས་མཚོན་ཕྱིར་བཟུང་༔ མི་འགུལ་གཟེར་གསུམ་སྒོ་གནད་གསུམ༔ ཆོས་ཟད་གདོད་མ་དགྲོལ་ཕྱིར་བཟུང་༔ ཞེས་པས་སྡོམ་པ་ལན་གསུམ་འཛིན་དུ་གཞུག༔

དེ་ནས་བསྟན་པའི་སྙིང་པོ་ལ་ཕྱག་འཚལ་དུ་གཞུག༔ རྩ་གསུམ་དུ་མོས་ལ་གསེར་ལ་སོགས་པའི་མཎྜལ་ལྔ་ཚན་འབུལ་དུ་གཞུག༔ འདས་རྗེས་དང་བཅས་པ་ཚར་གཅིག་སྒྲོོག་ལ་སློབ་བུའི་སྤྱི་བོར་བཞག༔ ཡི་གེ་རང་གཞན་དུ་སྐུ་གསུམ་གྱི་དཀྱིལ་འཁོར་དུ་ལྷམ་མེ་བ་ལས་འོད་བྱུང་༔ སྣང་སྲིད་ཐམས་ཅད་ལ་ཁྱབ༔ སྒྲིབ་པ་ཐམས་ཅད་དག་ཅིང་དངོས་གྲུབ་ཐོབ་པར་དམིགས་ལ༔ བུམ་ཆུ་བླུད༔ ཁྲུས་བྱ༔ ཧོ་ཐོག་མའི་མགོན་པོ་གཞོན་ནུ་བུམ་པ་སྐུའི་རང་བཞིན་སངས་རྒྱས་ཐམས་ཅད་ཀྱི་སྲས་གཅིག་པུས༔ རིགས་ཀྱི་བུའམ༔ རིགས་ཀྱི་བུ་མོ་ཞེས་བྱ་བའི་ལུས་བྱིན་གྱིས་བརླབ་པར་མཛད་དུ་གསོལ༔ སྨིན་པར་མཛད་དུ་གསོལ༔ གྲོལ་བར་མཛད་དུ་གསོལ༔ རྒྱས་པར་མཛད་དུ་གསོལ༔ གང་བར་མཛད་དུ་གསོལ༔ ཆེར་འཕེལ་བར་མཛད་དུ་གསོལ༔ སངས་རྒྱས་ཐམས་ཅད་ཀྱིས་སྐུ་རྡོ་རྗེ་དང་གཉིས་སུ་མེད་པར་མཛད་དུ་གསོལ༔ ལུས་མཐོང་བ་དང་༔ ཐོས་པ་དང་༔ རེག་པ་ཐམས་ཅད་ཀྱང་གདོད་མ་བྱང་ཆུབ་ཀྱི་གླིང་ལ་བསྐྱལ་དུ་གསོལ༔ ༀ་ཨཱཿཧཱུྃ་ག་ཛ་ཀཱ་ཡ་ཨ་བྷི་ཥིཉྩ་ༀ༔ ཞེས་བརྗོད་དོ༔ ཡང་བུམ་པ་རྒྱུད་བཅས་མགྲིན་པར་བཞག༔ ཁྲུས་བྱ༔ ཧོ༔ ཐོག་མའི་མགོན་པོ་གཞོན་ནུ་བུམ་པ་གསུང་གི་རང་བཞིན་སངས་རྒྱས་ཐམས་ཅད་ཀྱི་སྲས་གཅིག་པུས༔ རིགས་ཀྱི་བུ་ཆེ་གེ་མོའི་ངག་བྱིན་གྱིས་བརླབ་པར་མཛད་དུ་གསོལ༔ སྨིན་པར་མཛད་དུ་གསོལ༔ གྲོལ་བར་མཛད་དུ་གསོལ༔ རྒྱས་པར་མཛད་དུ་གསོལ༔ གང་བར་མཛད་དུ་གསོལ༔ ཆེར་འཕེལ་བར་མཛད་དུ་གསོལ༔ སངས་རྒྱས་ཐམས་ཅད་ཀྱི་གསུང་རྡོ་རྗེ་དང་གཉིས་སུ་མེད་པར་མཛད་དུ་གསོལ༔ ཆེ་གེ་མོའི་ངག་མཐོང་བ་དང་༔ ཐོས་པ་དང་༔ རེག་པ་ཐམས་ཅད་ཀྱང་གདོད་མ་བྱང་ཆུབ་ཀྱི་གླིང་ལ་བསྒྲལ་དུ་གསོལ༔ ༀ་ཨཱཿཧཱུྃ་དྷརྨ་ཀཱ་ཡ་ཨ་བྷི་ཥིཉྩ་ཨཱཿཞེས་བརྗོད༔ ཡང་དེ་ལྟར་སྙིང་གར་བཞག་ལ༔ ཁྲུས་བྱ༔ ཧོ༔ ཐོག་མའི་མགོན་པོ་གཞོན་ནུ་བུམ་པ་ཐུགས་ཀྱི་རང་བཞིན་སངས་རྒྱས་ཐམས་ཅད་ཀྱི་སྲས་གཅིག་པུས་རིགས་ཀྱི་བུ་ཆེ་གེ་མོའི་ལུས་ངག་ཡིད་གསུམ་བྱིན་གྱིས་བརླབ་པར་མཛད་དུ་གསོལ༔ སྨིན་པར་མཛད་དུ་གསོལ༔ གྲོལ་བར་མཛད་དུ་གསོལ༔ རྒྱས་པར་མཛད་དུ་གསོལ༔ གང་བར་མཛད་དུ་གསོལ༔ ཆེར་འཕེལ་བར་མཛད་དུ་གསོལ༔ སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ལྟ་བུས་ཆེ་གེ་མོའི་ལུས་ངག་ཡིད་གསུམ་ལ་ཡོན་ཏན་ཕྲིན་ལས་དང་བཅས་པའི་དབང་བསྐུར་བར་མཛད་དུ་གསོལ༔ མཐོང་བ་དང་༔ ཐོས་པ་དང་༔ རེག་པ་དང་༔ བསམ་པ་ཐམས་ཅད་གདོད་མ་བྱང་ཆུབ་ཀྱི་དབྱིངས་སུ་བསྐྱལ་དུ་གསོལ༔ ༀ་ཨཱཿཧཱུྃ་ཀཱ་ཡ་ཝཱ་ཀ་ཙིཏཱ་གུ་ཎ་ཀརྨ་ཨ་བྷི་ཥིཉྩ་སྭཱ་ཧཱ༔ བར་འདིར་རོལ་མོ་སྦིིར༔ བཀྲ་ཤིས་བརྗོད་པར་བྱ༔ ཡང་ཕྱག་འཚལ་ལ་མཎྜལ་ཕུལ༔ བསྟན་པའི་རྒྱལ་ཚབས་པོ་ཏི་དང་བཅས་པ་སློབ་བུའི་ལག་མཐིལ་དུ་བཞག་ལ༔ ཚིག་འདི་ལན་གསུམ་བརྗོད་པར་བྱའོ༔ ཧོ༔ ཕྱོགས་བཅུའི་སངས་རྒྱས་སྲས་དང་བཅས༔ བླ་མ་རྡོ་རྗེ་སྤུན་གྲོགས་དགོངས༔ བདག་གིས་སེམས་ཅན་དོན་གྱི་ཕྱིར༔ ལུས་ངག་ཡིད་གསུམ་སྡོམ་བཟུང་ནས༔ བཏགས་གྲོལ་འདི་ཉིད་བཅང་བར་བགྱི༔ དེ་ཡི་མཐུ་དང་བྱིན་རླབས་ཀྱིས༔ བདག་མཐོང་ཐོས་དྲན་རེག་པ་དང་༔ མཆོད་དམ་བསྟོད་དམ་སྨྲའང་རུང་༔ འབྱུང་བཞིའི་རྐྱེན་གྱིས་རེག་ཙམ་ཀྱང་༔ ཚེ་གཅིག་སྣང་བཞིའི་གདིང་ལོན་ཅིང་༔ མངོན་པར་སངས་རྒྱས་མྱུར་ཐོབ་ཤོག༔ ཅེས་སྨོན་ལམ་གདབ་བོ༔

དེ་ནས་བླ་མས་རིག་པའི་རྩལ་དབང་བསྐུར་ཏེ༔ སློབ་བུས་སྙིང་ཀར་སྦ་ལྕག་གཅིག་བཙུགས་ལ༔ ཧོ༔ རིགས་ཀྱི་བུ་དབང་ལ་ཅི་ཟེར་ན་བཏགས་གྲོལ་རང་རིག་གི་དབང་ཟེར་ཏེ༔ ཕྱི་སྣང་བ་སྣོད་བཅུད་ལ་རྟོགས་དང་༔ ནང་རིག་པ་རང་སྣང་༔ སྣང་བཞིན་མ་གྲུབ་པ༔ སེམས་ཀྱི་རྣམ་འཕྲུལ་སྒྱུ་མའི་དཔེ་བརྒྱད་འདྲ་བ་ཞིག་ཡིན་ཏེ༔ དུས་རྟག་ཏུ་རྟོགས་དང་གསལ་སྟོང་དབྱིངས་ཀྱི་ཀློང་དུ་གྲོལ་བ་ངོ་མཚར༔ ནང་སེམས་འགྱུ་རྟོག་དང་བཅས་པ་ལ་རྟོགས་དང་༔ མེད་བཞིན་དུ་ལམ་གྱིས་ཤར་ཡང་དངོས་པོར་མ་གྲུབ་པ་ཆུ་ནང་གི་ཟླ་བའམ་ནམ་མཁའ་ལྟར་གྲོལ་ཏེ༔ སྐྱེ་འགགས་བློ་བྲལ་གྱི་ངོ་བོ༔ གསལ་སྟོང་ཞི་ལྷག་དབྱེར་མེད་གདོད་མའི་ཀློང་དུ་ཀ་དག་རང་གྲོལ་བ་འདི་ངོ་མཚར༔ གསང་བ་རིག་པའི་ངོ་བོ་ལ་རྟོགས་དང་༔ སྟོང་པའི་ཆ་ནས་འཁོར་འདས་མ་གྲུབ་ཀྱང་༔ སྣང་བའི་ཆ་ནས་ཐམས་ཅད་གསལ་ཏེ༔ རྟག་ཆད་མཐའ་བྲལ་གྱི་རང་བྱུང་ཡེ་ཤེས་གསུམ་ལྡན་གྱི་མགོན་པོ་རིག་སྟོང་དབྱེར་མེད༔ ཁ་དོག་ལྔ་ལྡན་གྱི་ཚོམ་བུ༔ དབྱིངས་རིག་འབྲལ་མེད་ཀྱི་གཟེར་ཐེབས་པས༔ འཁོར་འདས་གཉིས་ཆོས་ཀྱི་འགྱུ་རླུང་རང་གྲོལ་ཏེ༔ རེ་དོགས་ཀྱི་གདིང་ཆོད་པ་འདི་ངོ་མཚར༔ དེ་ལྟ་བུའི་དོན་ཤེས་ན་བཏགས་གྲོལ་དུ་མ་གྱུར་བ་མེད་དེ༔ ཅི་སྣང་ཅི་ཤར་ཇི་སྲིད་ཐམས་ཅད་རིག་པའི་རྩལ་དུ་རང་ཤར་བས༔ དགག་སྒྲུབ་ཀྱི་མཐའ་ལས་རང་གྲོལ་བའོ༔ དེ་ལྟ་བུའི་དབང་མ་ཐོབ་པར༔ རྡུལ་ཚོན་གྱི་དཀྱིལ་འཁོར་བྲི༔ བུམ་ཁྲུས་ཀྱི་དབང་བསྐུར༔ ཅོད་པན་གྱི་ཐེམས་སུ་བཅུག༔ ཚོགས་འཁོར་གྱི་འདམ་དུ་བརྫབས་ཀྱང་༔ སངས་རྒྱ་བ་ལ་སྔ་དྲོ་གཅིག་གིས་ཉེར་མི་འགྲོ༔ དེའི་ཕྱིར་བཏགས་གྲོལ་བླ་ན་མེད་པའི་དབང་འདི་ཐོབ་དགོས་པ་ཡིན་ནོ༔ སྤྲོ་བ་སོམས་ཤིག༔ བཏགས་གྲོལ་དབང་ཐོབ་རང་རིག་རྩལ་གྱི་བུ༔ ཡར་ལ་ལོངས་ལ་འགྲོ་བའི་དོན་གྱིས་ཤིག༔ ཅེས་གནང་བ་སྦྱིན་ནོ༔ དེ་ནས་བླ་མ་ཡོན་གྱིས་མཉེས་པར་བྱ་ཞིང་༔ མཆེད་ལྕམ་དགའ་སྟོན་གྱིས་མཉེས་པར་བྱའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ལྟར་བཏགས་གྲོལ་རབ་གནས་དབང་བསྐུར་དང་བཅས་པ་འདི་ནི༔ རྫོགས་ཆེན་ལྟ་བ་ཀློང་ཡངས་ཀྱི་དབང་ནས་བྱུང་བ་ལྟར་ཡིན་པས༔ སྡོམ་བཟུང་ཅུང་ཞིག་བསྡུས་ནས་འཇུག་བདེར་བཀོད་པ་ལགས་སོ༔ ཤུབྷམ༔

ཞི་ཁྲོ་དབང་བཤད་མདོར་བསྡུས་ཨུཏྤལ་དམར་པོའི་ཕྲེང་བ།

ཞི་ཁྲོ་དབང་བཤད་མདོར་བསྡུས་སུ་བཀོད་པ་ཨུཏྤལ་དམར་པོའི་ཕྲེང་བ་ཞེས་བྱ་བ་བཞུགས་སོ། །

དེ་ནས་གཉིས་པ་དངོས་གཞི་གསང་ཆེན་ལམ་གྱི་འཇུག་སྒོ་ཡོན་ཏན་ཡར་འཕེལ་གྱི་དབང་བསྐུར་བའི་སྐབས་སུ་བབས་པ་ལས། དང་པོ་རྡོ་རྗེ་སློབ་དཔོན་གྱི་བགྱི་འོས་དཀྱིལ་འཁོར་བཞེངས་པ། བསྒྲུབ་ཅིང་མཆོད་པ། སྐོང་ཆེན་བཞིའི་ཆོ་ག །བདག་ཉིད་དཀྱིལ་འཁོར་དུ་འཇུག་ཅིང་དབང་བླང་བ་སོགས། བླ་མ་དམ་པའི་ཕྱག་བཞེས་ལས་ཇི་ལྟར་བྱུང་བ་བཞིན་ལྷག་ཆད་མེད་པ་སྔོན་དུ་སོང་གྲུབ། ད་ཁྱེད་རྣམས་ཀྱི་ངོ་སྐལ་དུ་གྱུར་པའི་བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་དབྱེར་མེད་པའི་དྲུང་དུ་སྨིན་བྱེད་རྩ་བའི་དབང་བསྐུར་ཟབ་མོ་ཞུ་བའི་ཡོན་དུ་མཎྜལ་ཕུལ། ས་གཞི་སྤོས་ཆུས་བྱུག་སོགས། དེ་ལྟར་མུཎྜལ་ཕུལ་བ་སོང་ནས་དཀྱིལ་འཁོར་དུ་འཇུག་པའི་ཆས་སུ་གཞུགས་པ་ནི། སྔོན་ཆད་མ་རིག་གཉིས་འཛིན་གྱི་ཞེན་རྟོག་འཐུག་པོས་ལྡོང་སྟེ་འཁོར་བའི་རྒྱུ་འབྲས་ལ་ཡིད་ཆགས་རང་བྱུང་གི་ཡེ་ཤེས་རྒྱལ་བའི་དཀྱིལ་འཁོར་ལྷུན་གྲུབ་ཏུ་བཞུགས་པའི་རང་ཞལ་མ་མཇལ་བའི་མཚོན་བྱེད་དུ་རས་ཡུག་དམར་པོ་རེས་གདོང་བཅིང་བའི་མོས་པ་མཛོད། ༀ་ཨ་ཙཱཀྱུ་བྷནྡྷ་ཝ་ར་མ་ན་ཡེ་སྭཱ་ཧཱ། དེ་ཡང་ཆོས་ཐམས་ཅད་རྟེན་ཅིང་འབྲེལ་འབྱུང་ལ་རག་ལས་པས་སྐལ་ལྡན་རྣམས་ཡི་དམ་ལྷག་པའི་ལྷ་དང་མཇལ་བ་ལ། ཕྱག་སྟོང་པར་མཇལ་དུ་མི་རུང་བས་དབང་དང་དངོས་གྲུབ་ཞུ་བའི་ཕྱག་རྟེན་གྱི་སླད་དུ་མེ་ཏོག་གི་ཕྲེང་བ་རེ་སྦྱིན་པའི་མོས་པ་མཛོད། ༀ་ཨ་ཁཾ་ཝི་ར་ཧཱུྃ། དེ་ནས་ཕྱི་འཇུག་གི་ཐོག་མར་གསོལ་བ་གདབ་པའི་སླད་དུ་དམིགས་པ་འདི་བཞིན་མཛོད། ས་ཕྱོགས་འདི་ཉིད་དག་པ་རབ་འབྱམས་ཡེ་ཤེས་ཀྱི་དཀྱིལ་འཁོར་ཆེན་པོར་གྱུར་པའི་ནང་དུ་སློབ་དཔོན་ཉིད་ཀུན་བཟང་རྡོ་རྗེ་སེམས་དཔའ་ཞི་ཁྲོ་འདུས་པའི་ངོ་བོར་བཞུགས་པ་ལ་མི་ཕྱེད་དད་པས་གདུང་ཤུགས་དྲག་པོའི་སྙིམ་པ་མེ་ཏོག་དང་བཅས་ཏེ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཨེ་མ་མགོན་པོ་ཐུགས་རྗེ་ཅན་སོགས། སྤྲོ་བའི་སེམས་ཀྱིས་ལེགས་པར་ཉོན། དེ་ནས་མདུན་གྱི་ནམ་མཁར་རྒྱལ་བ་ཞི་ཁྲོ་རབ་འབྱམས་ཀྱི་ལྷ་ཚོགས་བཞུགས་པ་ལ། ཐུན་མོང་དང་ཁྱད་པར་གྱི་སྐྱབས་སུ་འགྲོ་བ། སོ་སོར་ཐར་པའི་སྡོམ་པ་བཟུང་བ། སྨོན་པ་འཇུག་པའི་སེམས་བསྐྱེད་བླངས་བ། སྤྱི་དང་ཁྱད་པར་གྱི་དམ་ཚིག་དང་སྡོམ་པ་བསྲུང་བར་བྱའོ་སྙམ་པས་འདིའི་རྗེས་ཟློས་མཛོད་ཅིག །ཕྱོགས་བཅུའི་སངས་རྒྱས་བྱང་སེམས་རྣམས། །སོགས། ཨུ་ཙ་ཏ་ཡ་ཕཊ། ཁྱོད་རང་གི་སྤྱི་བོར་བླ་མ་དང་དཔལ་རྡོ་རྗེ་སེམས་དཔའ་གསལ་བའི་ཐུགས་ཀར་ཧཱུྃ་ཡིག་དཀར་པོའི་མཐར་སྔགས་ཕྲེང་གིས་བསྐོར་བ་ལས་བདུད་རྩིའི་ཆུ་རྒྱུན་གྱིས་ཐོགས་མེད་ནས་བསགས་པའི་སྡིག་སྒྲིབ་དང་ཉམས་ཆགས་ཐམས་ཅད་སྦྱངས་བར་བསམ་ལ་ཡི་གེ་བརྒྱ་པ་ལན་གསུམ་གསུང་བར་ཞུ། ༀ་བཛྲ་ས་ཏྭ་ས་མ་ཡ༴སོགས། ཨ། ཁྱེད་རང་གི་སླར་ཡང་དཔལ་རྡོ་རྗེ་སེམས་དཔའ་ལ་གསོལ་བ་གདབ་པར་མོས་ལ། བདག་ནི་མི་ཤེས་གཏི་མུག་རྨོངས་པ་ཡིས། །སོགས། མཛད་དུ་གསོལ། ཞེས་གསོལ་བ་བཏབ་པས་རྡོ་རྗེ་སེམས་དཔའ་འོད་དུ་ཞུ་ནས་ཁྱོད་རང་ལ་ཐིམ་པའི་མོས་པ་མཛོད། དེ་ནས་ནང་འཇུག་གི་དངོས་གཞི་ཡེ་ཤེས་པ་དབབ་པའི་སླད་དུ་དམིགས་པ་འདི་བཞིན་དུ་མཛོད། ༀ་མ་ཧཱ་ཤུ་ནྱ་ཏ་ཛྙཱ་ན་སོགས། ཁྱེད་རང་རྣམས་ཀྱི་ཕུང་ཁམས་སྐྱེ་མཆེད་ཀྱིས་མཚོན་པའི་མ་དག་པའི་སྣང་བ་ཐམས་ཅད་མི་དམིགས་པ་སྟོང་པ་ཉིད་དུ་སྦྱངས། སྟོང་པའི་ངང་ལས་སྣོད་རྣམ་པར་དག་པ་འོག་མིན་མངོན་པར་དགའ་བའི་ཞིང་ཁམས་ཆེན་པོར་རྫོགས་པའི་དབུས་སུ། བཅུད་རྣམ་པར་དག་པ་སྣང་སྲིད་ལྷའི་ཕྱག་རྒྱར་བསྒྲུབ་པའི་སླད་དུ་གླང་པོ་ཆེའི་མཚན་པའི་རིན་པོ་ཆེའི་ཁྲི་སྣ་ཚོགས་པདྨ་དང་ཟླ་བའི་སྟེང་དུ་ཁྱེད་རང་རྣམས་སྐད་ཅིག་གིས་བླ་མ་དང་གཉིས་སུ་མེད་པའི་དཔལ་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་གསལ་ཞལ་གཅིག་ཕྱག་གཉིས་རྡོ་རྗེ་དང་དྲིལ་བུ་འཛིན་པས་ཡུམ་རྡོ་རྗེ་སྙེམ་མ་དཀར་མོ་གྲི་ཐོད་འཛིན་པ་དང་མཉམ་པར་སྦྱོར་བ། ཞི་ཚུལ་དགུ་དང་རྒྱན་ཆས་བཅུ་གསུམ་གྱིས་མཛེས་ཤིང་ཞབས་གཉིས་རྡོ་རྗེ་དང་པདྨའི་སྐྱིལ་མོ་ཀྲུང་གིས་སྣང་སྟོང་འཇའ་ཟེར་ཐིག་ལེའི་ཀློང་ན་བཞུགས་པའི་ཐུགས་ཆོས་དབྱིངས་ཁྱབ་བརྡལ་གྱི་ཀློང་དུ་བདེ་གཤེགས་ཞི་བ་བཞི་བཅུ་རྩ་གཉིས་དང་། དེའི་རང་རྩལ་སྤྱི་བོ་བདེ་ཆེན་གྱི་འཁོར་ལོའི་དབུས་སུ་ཁྲག་འཐུང་ལྔ་བཅུ་རྩ་བརྒྱད་ཀྱི་ཚོམ་བུར་བཞུགས་ཤིང་། གཞན་ཡང་ཕུང་ཁམས་སྐྱེ་མཆེད་ཐམས་ཅད་རྣམ་པར་དག་པ་ཞི་ཁྲོ་རབ་འབྱམས་རྒྱལ་ཀུན་འདུས་པའི་སྤྱི་གཟུགས་ཆེན་པོར་ལམ་གྱིས་གསལ་བའི་གནས་གསུམ་དུ་ༀ་ཨཱཿཧཱུྃ་གིས་མོས་ནས་རྒྱུད་རྣམ་པར་དག་པ་ཡེ་ཤེས་ཀྱི་གཟི་བྱིན་དབབ་པའི་སླད་དུ་ཐུགས་སྲོག་ས་བོན་ལས་བྱུང་བའི་འོད་ཟེར་གྱིས་ནམ་མཁའ་གང་བའི་དེ་བཞིན་གཤེགས་པ་སྲས་དང་བཅས་པ་ཐམས་ཅད་སྤྱན་དྲངས་ནས་སིབ་སིབ་ཐིམ་པས་རྡོ་རྗེའི་ཡེ་ཤེས་མངོན་དུ་གྱུར་པའི་མོས་པ་མཛོད་ཅིག །ཧཱུྃ་ཆོས་དབྱིངས་ཀ་དག་ཕོ་བྲང་ནས། །སོགས། ཨ་ཝེ་ཤ་ཡ་ཨཱ་ཨཱ། དེ་ལྟར་བྱིན་དབབ་པའི་ཡེ་ཤེས་པ་རྣམས་ཁྱེད་རང་ཇི་སྲིད་བྱང་ཆུབ་སྙིང་པོ་མ་ཐོབ་ཀྱི་བར་དུ་བརྟན་པར་བཞུགས་པའི་མོས་པ་མཛོད། ༀ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ། དེ་ནས་དཀྱིལ་འཁོར་དུ་འཇུག་པ་ནི་བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་ཐ་མི་དད་པའི་ཐུགས་ཀ་ནས་རང་འདྲ་གཉིས་པ་ཞིག་ཆད་དེ་ཁྱོད་རང་གི་ལག་པ་ནས་བཟུང་སྟེ་ཁྲིད་ནས་ཤར་སྒོ་ནས་རིམ་པ་བཞིན་རིགས་སོ་སོ་ལ་མི་ཕྱེད་པའི་དད་པས་ཕྱག་དང་བསྐོར་བ་བྱེད་པའི་མོས་པ་མཛོད་ཅིག །ཧཱུྃ་དཀྱིལ་འཁོར་ཆེན་པོ་ཤར་གྱི་སོགས། པྲ་ཝེ་ཤ་ཡ་ཕཊ། དེ་ནས་རང་གི་ལྷག་པའི་ལྷ་ངོས་བཟུང་བའི་ཕྱིར་མེ་ཏོག་དོར་བ་ནི། དེ་ཡང་དཀྱིལ་འཁོར་གྱི་ལྷ་ཐམས་ཅད་ཡེ་ཤེས་གཅིག་གི་རོལ་པ་ལས་གདུལ་བྱ་འདུལ་ཕྱིར་གཙོ་འཁོར་གྱི་རྣམ་པར་ཤར་བ་མ་གཏོགས། དོན་ལ་བཟང་ངན་མེད་མོད་ཀྱང་། འོན་ཀྱང་གང་ཟག་རང་གི་ལས་འབྲེལ་ཡོད་པའི་ཚེ་རབས་ཀྱི་ལྷ་དེ་ལ་བབས་པར་ཤོག་ཅིག་སྙམ་དུ་མེ་ཏོག་གི་ར་བ་ལྟོས་པ་མེད་པར་དོར་མཛོད། །ཧཱུྃ་བདག་ཅག་རིག་པའི་མེ་ཏོག་འདི་སོགས། པྲ་ཏིཙྪ་ཧོ། སྔར་ཕུལ་བའི་མེ་ཏོག་གི་ཕྲེང་བ་དེ་ཉིད་རང་རང་གི་ལྷག་པའི་ལྷ་དེའི་དར་སྣའི་ཅོད་པཎ་དུ་བྱིན་གྱིས་བརླབས་ནས་དབང་རྟགས་སུ་ཁྱོད་རང་གི་སྤྱི་བོར་བཅིངས་པའི་མོས་པ་མཛོད། ༀ་པྲ་ཏི་གྷྲི་ཧ་ན་ར་ན་ཨི་མཾ་ས་ཏྭ་མ་ཧཱ་བ་ལ་ཏིཥྛ། དེ་ནས་ཁྱེད་རང་གི་མ་རིག་པའི་ལོང་ཏོག་མཚོན་པའི་མིག་དར་དེ་ཉིད་སློབ་དཔོན་གྱི་ཕྱག་གི་རྡོ་རྗེ་གསེར་གྱི་ཐུར་མས་བསལ་བའི་མོས་པ་མཛོད། ཀུན་བཟང་རིགས་ལྔ་རྡོ་རྗེ་སེམས་སོགས། ཤ་ཡ་ཕཊ། ཡེ་ཤེས་ཀྱི་མིག་གསར་དུ་ཐོབ་པ་དེ་ལ་དཀྱིལ་འཁོར་གྱི་མཐོང་བ་སྟོན་པ་ནི། ཀྱེ་མ་སྐལ་ལྡན་རིགས་ཀྱི་བུ་སོགས། བརྩོན་པར་གྱིས། ཀྱེ་སྐལ་བ་དང་ལྡན་པའི་རིགས་ཀྱི་བུ་རྣམས་ཉོན་ཅིག །འདི་ལྟ་བུའི་དཀྱིལ་འཁོར་གྱི་ཞལ་མཐོང་བ་ནི་བསྐལ་བ་དཔག་ཏུ་མེད་པ་ནས་ཚོགས་བསགས་པ་ལས་བྱུང་བ་ཡིན་པས་དེའི་ཕྱིར་མིག་གི་དབང་པོ་མ་ཡེངས་པར་དཀྱིལ་འཁོར་ལ་ལྟོས་ཤིག །རྣ་བའི་དབང་པོ་མ་ཡེངས་པར་ལེགས་པར་ཉོན་ཅིག །དེ་ཡང་དཀྱིལ་འཁོར་གྱི་དབྱིབས་གྲུ་བཞི་པར་བྱུང་བ་ནི་ཚད་མེད་བཞིའི་འགྲོ་དོན་མཛད་པའི་བརྡ་རྟགས་སུ་མཚོན་པའོ། །ཁ་དོག་ལྔ་ལྡན་དུ་བྱུང་བ་ནི་ཡེ་ཤེས་རྣམ་པ་ལྔའི་རང་བཞིན་དུ་མཚོན་པའི་བརྡའོ། །དེ་བཞིན་དུ་ཕྲིན་ལས་རྣམ་པ་བཞི་མཚོན་པའི་སྒོ་བཞི། འདོད་ཡོན་ལྷུན་གྲུབ་འབྱུང་བའི་འདོད་སྣམ། སྐུ་ལྔ་ཡོངས་སུ་རྫོགས་པའི་རྩིགས་པ་ལྔ་རིམ་དངོས་གྲུབ་ཟད་མི་ཤེས་པའི་རིན་པོ་ཆེའི་ཕ་གུ། མཚན་དཔེ་ཡོན་ཏན་གྱིས་མཛེས་པའི་དྲ་བ་དྲྭ་ཕྱེད། མ་རིག་མུན་པ་སེལ་ཞིང་འགྲོ་དོན་ཆགས་ཐོག་མེད་པའི་ཤར་བུ་དང་མདའ་ཡབ། འཕགས་ལམ་ཡན་ལག་བརྒྱད་ཀྱི་ཀ་བ། རྫུ་འཕྲུལ་རྐང་པ་བཞིའི་ཐེམ་རྐས། དྲན་པ་ཉེ་བར་བཞག་པ་བཞིའི་རྟ་བབས། ས་ལམ་རིམ་པ་བཅུ་གསུམ་རྫོགས་པའི་ཆོས་འཁོར་བཅུ་གསུམ། ཉོན་མོངས་པའི་གདུང་བ་ལས་སྐྱོབས་པའི་ཆར་ཁེབ་བསྐྱོན་པ། ཐེག་པ་ཀུན་གྱི་རྩེ་རྒྱལ་དུ་གྱུར་པའི་དབུས་སུ་བྱུར་བུ་རིན་པོ་ཆེའི་ཏོག་གིས་མཚོན་པ། ཆོས་ཉིད་འགྱུར་བ་མེད་པའི་འོག་གཞི་སྣ་ཚོགས་རྡོ་རྗེ། འཁོར་བའི་སྐྱོན་གྱིས་མ་གོས་པའི་པདྨའི་དྲྭ་བ། བདུད་ཀྱི་དཔུང་འཇོམས་པའི་རྡོ་རྗེའི་རྭ་བ་རྣམ་ཤེས་ཚོགས་བརྒྱད་རང་སར་དག་པའི་བརྡ་རྟགས་སུ་དུར་ཁྲོད་ཆེན་པོ་བརྒྱད། ཉོན་མོངས་པའི་ཚང་ཚིང་བསྲེག་ཅིང་མ་རིག་པའི་མུན་པ་སེལ་བའི་ཡེ་ཤེས་ཀྱི་མེ་དཔུང་འབར་བའི་གུར་ཁང་འཁྲིགས་པ་དང་བཅས་པ་ནི་སྣོད་རྣམ་པར་དག་པ་གཞལ་ཡས་ཁང་གི་དག་སྦྱོར་ཡིན་ལ། དེའི་ནང་དུ་བཅུད་རྣམ་པར་དག་པ་ཡེ་ཤེས་ཀྱི་ལྷ་ཚོགས་བཞུགས་ཚུལ་ནི། བཅོམ་ལྡན་འདས་རྒྱལ་བ་ཞི་ཁྲོ་རབ་འབྱམས་ཀྱི་སྐུ་སྣང་ལ་རང་བཞིན་མེད་པ་མཚན་དང་དཔེ་བྱད་ཀྱི་དཔལ་དུ་འབར་ཞིང་རྒྱན་དང་ཆ་ལུགས་ཡོངས་སུ་རྫོགས་པ་གསལ་སྟོང་འཇའ་འོད་འཁྱིལ་བར་བཞུགས་པ་རྣམས། མངོན་སུམ་དུ་མཇལ་བའི་མོས་པ་དང་སྤྲོ་བ་རྒྱ་ཆེན་པོ་མཛད་པར་ཞུ། དེ་དག་ནི་དཀྱིལ་འཁོར་དུ་འཇུག་པའི་རིམ་པའོ། །

དབང་དངོས་ནི། དེ་ནས་བུམ་དབང་གི་སྔོན་འགྲོ་ཐུན་མོང་རིག་པའི་དབང་ལྔ་ཞུ་བའི་དོན་དུ་གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། ཀྱེ་མ་བླ་མ་རྡོ་རྗེ་འཛིན། །སོགས། དུས་འདིར་སྩོལ། །ཞེས་གསལ་བཏབ་པས་ནམ་མཁར་བཞུགས་པའི་དེ་བཞིན་གཤེགས་པ་རྣམས་དབང་གི་བྱ་བ་ལ་དགྱེས་ཤིང་མཆོད་པའི་རྣམ་རོལ་དུ་མ་དང་བཅས་ཏེ་དབང་བསྐུར་བར་གྱུར། ནམ་མཁར་བཞུགས་པའི་དེ་བཞིན་གཤེགས་པ་རྣམས་ཀྱིས་མི་བསྐྱོད་པའི་ངོ་བོ་བུམ་ཆུས་དབང་བསྐུར་བར་བསམ་ལ། ཧཱུྃ་སྐུ་གསུམ་དམ་ཚིག་ལས༴སོགས། ཕྱོགས་བཅུའི་སངས་རྒྱས་སྲས་དང་བཅས་པ་ཐམས་ཅད་མི་བསྐྱོད་པའི་ངོ་བོར་གྱུར་ནས་ཁྱེད་རང་ལ་གཉིས་སུ་མེད་པར་གྱུར། དེ་ལྟར་བུམ་པའི་ཆུའི་དབང་བསྐུར་བས་རྣམ་པར་ཤེས་པའི་ཕུང་པོ་གནས་སུ་དག་ཅིང་། ཞེ་སྡང་ཡིད་ཀྱི་སྒྲིབ་པ་ཐམས་ཅད་དག །ཐུགས་ཀྱི་དབང་ཐོབ། རྣམ་པར་ཤེས་པ་མི་བསྐྱོད་པ་དང་། ཆུའི་ཁམ་མ་མ་ཀིར་སངས་རྒྱས་ཞེ་སྡང་ཆོས་དབྱིངས་ཡེ་ཤེས་སུ་གྲོལ་ཏེ། སངས་རྒྱས་རྡོ་རྗེ་རིགས་ཀྱི་ཐུགས་འཁྲུལ་བ་མེད་པའི་སེམས་ཅན་གྱི་དོན་བྱེད་པར་འགྱུར་རོ། །ནམ་མཁར་བཞུགས་པའི་དེ་བཞིན་གཤེགས་པ་རྣམས་ཀྱིས་རིན་འབྱུང་གི་ངོ་བོ་དབུ་རྒྱན་གྱི་དབང་བསྐུར་བར་གྱུར། ཧཱུྃ་སངས་རྒྱས་ཀུན་གྱི་རྒྱལ་སྲིད་༴སོགས། ཕྱོགས་བཅུའི་སངས་རྒྱས་སྲས་དང་བཅས་པ་ཐམས་ཅད་རིན་འབྱུང་གི་ངོ་བོར་གྱུར་ནས་ཁྱོད་རང་ལ་གཉིས་སུ་མེད་པར་གྱུར། དེ་ལྟར་དབུ་རྒྱན་གྱི་དབང་བསྐུར་བས་ཚོར་བའི་ཕུང་པོ་གནས་སུ་དག་ཅིང་། ང་རྒྱལ་དང་ཤེས་བྱའི་སྒྲིབ་པ་དག །ཡོན་ཏན་གྱི་དབང་ཐོབ། ཚོར་བའི་ཕུང་པོ་རིན་ཆེན་འབྱུང་ལྡན་དང་སའི་ཁམས་སངས་རྒྱས་སྤྱན་དུ་དག །ང་རྒྱལ་མཉམ་ཉིད་ཡེ་ཤེས་སུ་གྲོལ་ཏེ། སངས་རྒྱས་རིན་ཆེན་རིགས་ཀྱི་ཡོན་ཏན་ཐམས་ཅད་རྟོགས་ནས་སེམས་ཅན་ཐམས་ཅད་ཀྱི་དོན་བྱེད་པར་འགྱུར་རོ། །ནམ་མཁར་བཞུགས་པའི་དེ་བཞིན་གཤེགས་པ་རྣམས་ཀྱིས་སྣང་མཐའི་ངོ་བོ་རྡོ་རྗེའི་དབང་བསྐུར་བར་གྱུར། ཧཱུྃ་སངས་རྒྱས་ཀུན་གྱི་རྡོ་རྗེའི། སོགས། ཕྱོགས་བཅུའི་སངས་རྒྱས་སྲས་དང་བཅས་པ་ཐམས་ཅད་སྣང་མཐའི་ངོ་བོར་གྱུར་ནས་ཁྱོད་རང་ལ་གཉིས་སུ་མེད་པར་གྱུར། དེ་ལྟར་རྡོ་རྗེའི་དབང་བསྐུར་བས། འདུ་ཤེས་ཀྱི་ཕུང་པོ་གནས་སུ་དག་ཅིང་། འདོད་ཆགས་དང་ངག་སྒྲིབ་དག །གསུང་གི་དབང་ཐོབ། འདུ་ཤེས་ཀྱི་ཕུང་པོ་སྣང་བ་མཐའ་ཡས་དང་། མེ་ཁམས་གོས་དཀར་མོར་སངས་རྒྱས། འདོད་ཆགས་སོར་རྟོགས་ཡེ་ཤེས་སུ་གྲོལ། སངས་རྒྱས་པདྨ་རིགས་ཀྱི་གསུང་འགགས་པ་མེད་པའི་ཆོས་ཀྱི་སྒྲ་དབྱངས་ཀྱིས་འགྲོ་བའི་དོན་བྱེད་པར་འགྱུར་རོ། །ནམ་མཁར་བཞུགས་པའི་དེ་བཞིན་གཤེགས་པ་རྣམས་ཀྱིས་དོན་ཡོད་གྲུབ་པའི་ངོ་བོ་དྲིལ་བུའི་དབང་བསྐུར་བར་གྱུར། ཧཱུྃ་ཐབས་དང་ཤེས་རབ་༴སོགས། ཕྱོགས་བཅུའི་སངས་རྒྱས་སྲས་དང་བཅས་པ་ཐམས་ཅད་དོན་ཡོད་གྲུབ་པའི་ངོ་བོར་གྱུར་ནས་ཁྱོད་རང་ལ་གཉིས་སུ་མེད་པར་གྱུར། དེ་ལྟར་དྲིལ་བུའི་དབང་བསྐུར་བས། འདུ་བྱེད་ཀྱི་ཕུང་པོ་གནས་སུ་དག་ཅིང་། ཕྲག་དོག་དང་ཀུན་གཞིའི་སྒྲིབ་པ་དག །ཕྲིན་ལས་ཀྱི་དབང་ཐོབ། འདུ་བྱེད་ཀྱི་ཕུང་པོ་དོན་ཡོད་གྲུབ་པ་དང་། རླུང་གི་ཁམ་དམ་ཚིག་སྒྲོལ་མར་སངས་རྒྱས། ཕྲག་དོག་བྱ་གྲུབ་ཡེ་ཤེས་སུ་གྲོལ་ཏེ། སངས་རྒྱས་ལས་ཀྱི་རིགས་ཀྱི་ཕྲིན་ལས་ཐོག་པ་མེད་པར་འགྲུབ་ནས་འགྲོ་བའི་དོན་བྱེད་པར་འགྱུར་རོ། །ནམ་མཁར་བཞུགས་པའི་དེ་བཞིན་གཤེགས་པ་རྣམས་ཀྱིས་རྣམ་སྣང་གི་ངོ་བོར་མིང་གི་དབང་བསྐུར་བར་གྱུར། ཧཱུྃ་རྡོ་རྗེ་མིང་གི་དབང་༴སོགས། ཀྱེ་རིགས་ཀྱི་བུ་བུདྡྷ་འདུས་པ་རྩལ་ཞེས་བྱ་བའི་དེ་བཞིན་གཤེགས་པའོ། །ཕྱོགས་བཅུའི་སངས་རྒྱས་སྲས་དང་བཅས་པ་ཐམས་ཅད་རྣམ་སྣང་གི་ངོ་བོར་གྱུར་ནས་ཁྱོད་རང་ལ་གཉིས་སུ་མེད་པར་གྱུར། དེ་ལྟར་མིང་གི་དབང་བསྐུར་བས་གཟུགས་ཀྱི་ཕུང་པོ་གནས་སུ་དག་ཅིང་གཏི་མུག་དང་ལུས་ཀྱི་སྒྲིབ་པ་དག །སྐུའི་དབང་ཐོབ། གཟུགས་ཀྱི་ཕུང་པོ་རྣམ་པར་སྣང་མཛད་དང་། ནམ་མཁའི་ཁམ་དབྱིངས་ཕྱུག་མར་སངས་རྒྱས། གཏི་མུག་མེ་ལོང་ཡེ་ཤེས་སུ་གྲོལ་ཏེ། སངས་རྒྱས་དེ་བཞིན་རིགས་ཀྱི་སྐུ་འགྱུར་བ་མེད་པ་ཐོབ་ནས་འགྲོ་བའི་དོན་བྱེད་པར་འགྱུར་རོ། །འོ་དེ་ལྟར་ཐུན་མོང་རིག་པའི་དབང་ལྔ་སོགས། དེ་ནས་སྤྲོས་བཅས་བུམ་དབང་ཆེན་མོ་ཞུ་བའི་དོན་དུ་གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། ཀྱེ་ཧོ་བླ་མ་རྡོ་རྗེ་འཛིན་པ་སོགས། དེ་ནས་ཁྱེད་རང་རྣམས་དཀྱིལ་འཁོར་གྱི་ཤར་ཕྱོགས་སུ་དབང་རྟགས་ཀྱི་ཁྲི་པད་ཟླའི་གདན་ལ་རྡོ་རྗེ་སེམས་དཔའི་རྣམ་པར་འཁོད་པའི་མོས་པ་མཛོད། སྙིང་གའི་ས་བོན་ལས་འོད་ཟེར་འཕྲོས་པས་གདན་གསུམ་ཚངས་པའི་དབང་གི་ལྷ་ཚོགས་ཐམས་ཅད་མདུན་གྱི་ནམ་མཁར་བཛྲ་ས་མ་ཛ༔ དེ་ལ་སློབ་དཔོན་གྱིས་མཆོད་ཅིང་གསོལ་བ་གདབ་པའི་མོས་པ་མཛོད། ༀ་བཛྲ་ཨརྒྷཾ་སོགས། པྲ་ཏིཙྪ་ཡེ་སྭཱ་ཧཱ༔ བར་དུ་མཆོད་དེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་འདི་ལ་དབང་བསྐུར་ཏུ་གསོལ། ཞེས་གསོལ་བ་བཏབ་པས། དེ་བཞིན་གཤེགས་པ་ཡབ་རྣམས་ཀྱིས་དབང་བསྐུར་བའི་དགོངས་པ་མཛད། ཡུམ་རྣམས་ཀྱིས་བུམ་པའི་ཆུ་རྒྱུན་གྱིས་དབང་བསྐུར། འཁོར་གྱི་སེམས་དཔའ་སེམས་མ་རྣམས་ཀྱིས་ཤིས་པ་བརྗོད། ཁྲོ་བོ་ཁྲོ་མོ་རྣམས་ཀྱིས་བགེགས་བསྐྲད། དེ་ཀུན་ཀྱང་དབང་གི་བྱ་བ་ལ་དགྱེས་ཞིང་མཆོད་པའི་རྣམ་རོལ་དུ་མ་དང་བཅས་ཏེ་དབང་བསྐུར་བར་གྱུར། ཧཱུྃ་རིན་ཆེན་བུམ་པ་གཞལ་ཡས་ཁང་སོགས། ཥིཉྩ་ཧཱུྃ༔ དེ་ལྟར་བུམ་པའི་ཆུའི་དབང་བསྐུར་བས་བདེ་བ་ཆེན་པོའི་བདུད་རྩིས་ལུས་ཀྱི་ནང་ཐམས་ཅད་གང་། ཐ་མལ་སྣང་ཞེན་གྱི་དྲི་མ་བག་ཆགས་དང་བཅས་པ་སྦྱངས། ཕུང་ཁམས་སྐྱེ་མཆེད་ཡོངས་གྲུབ་གདན་གསུམ་ཚངས་པའི་དཀྱིལ་འཁོར་གྱི་འཁོར་ལོ་སྨིན་པར་བྱས། ཆུའི་ལྷག་མ་སྤྱི་བོར་འཁྱིལ་བ་ལས་དེ་བཞིན་གཤེགས་པ་རིགས་ལྔས་དབུ་བརྒྱན་པར་གྱུར། དེ་ལྟར་ན་རིགས་ཀྱི་བུ་ཁྱོད་ལ་བུམ་པའི་དབང་བསྐུར་བས་ཁམས་གསུམ་ཆོས་ཀྱི་རྒྱལ་པོར་མངའ་གསོལ་ནས་ཐུགས་རྗེས་སློབ་མ་རྣམས་རྗེས་སུ་འཛིན་པའི་ཕྲིན་ལས་ལ་དབང་འབྱོར་བའི་ཕྱིར་དེ་བཞིན་གཤེགས་པ་ལྔའི་ཕྱག་མཚན་ལག་ཏུ་གཏད་པར་མོས་ལ། ཧཱུྃ་རྡོ་རྗེ་འཁོར་ལོ་རིན་པོ་ཆེ་སོགས། དེ་ནས་བུམ་དབང་གི་རྗེས་འབྲེལ་དུ་ནང་ལུས་དཀྱིལ་འཁོར་གྱི་བསྐྱེད་རིམ་ལ་དབང་བའི་ཕྱིར་སྐུའི་རྗེས་གནང་ཞུ་བའི་དོན་དུ་གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། ཀྱཻ་ཧོ་བླ་མ་རྡོ་རྗེ་འཛིན་པ་ཆེ་སོགས། ཞེས་གསོལ་བ་བཏབ་པས་ཁྱེད་རང་རྣམས་དཔལ་རྡོ་རྗེ་སེམས་དཔར་གསལ་བ་ལས། སློབ་དཔོན་གྱི་ལུས་དཀྱིལ་དང་། མདུན་བསྐྱེད་དཀྱིལ་འཁོར་སྟེང་འོག་ནས་ཞི་ཁྲོ་དམ་པ་རིགས་བརྒྱ་ཚིག་རས་དང་མཐུན་པར་མར་མེ་གཅིག་ལས་གཉིས་མཆེད་ཀྱི་ཚུལ་དུ་བྱོན་པ་སྙིང་གར་ཞི་བ་བཞི་བཅུ་རྩ་གཉིས་དང་། སྤྱི་བོར་ཁྲག་འཐུང་ལྔ་བཅུ་རྩ་བརྒྱད་སོགས་སོ་སོའི་གདན་དང་བཅས་པ་གསལ་བར་བཞུགས་པའི་མོས་པ་མཛོད། ཧཱུྃ་སྐལ་ལྡན་རིགས་ཀྱི་སོགས། ལྷ་དབང་ཡོངས་རྫོགས་མཇུག་ཏུ། དེ་ལྟར་ཕྱི་མཚན་མའི་དཀྱིལ་འཁོར་དུ་བུམ་དབང་རྗེས་འབྲེལ་དང་བཅས་པ་ཐོབ་པས་ལུས་ཀྱི་སྒྲིབ་པ་དག །ཡུལ་སྣང་སྟོང་ཟུང་འཇུག་ཏུ་རྟོགས། ལམ་བསྐྱེད་རིམ་བསྒོམ་པ་ལ་དབང་། ཚོགས་ལམ་ནས་ས་བརྒྱད་པ་མན་ཆད་ཀྱི་ནུས་པ་རྒྱུད་ལ་བཞག །འབྲས་བུ་སྐུ་རྡོ་རྗེ་སྤྲུལ་པའི་སྐུ་ཐོབ་པའི་སྐལ་བ་ཅན་དུ་བྱས་པ་ཡིན་ནོ། །གསང་དབང་ནི་སློབ་དཔོན་དཔལ་རྡོ་རྗེ་སེམས་དཔའ་རང་སྣང་གི་རིག་མ་དང་སྙོམས་པར་ཞུགས་པས་ཀུནྡ་བྱང་ཆུབ་ཀྱི་སེམས་ལྷན་ཅིག་སྐྱེས་པའི་རྟེན་དུ་གྱུར་པ་ཐོད་པའི་བདུད་རྩི་དང་རོ་གཅིག་ཏུ་འདྲེས་པ་སློབ་མའི་ལྕེ་ཐོག་ཏུ་བཞག་པར་གྱུར། ཧཱུྃ་གསང་བ་ཡེ་ཤེས་བདུད་རྩི་སོགས། དེ་ལྟར་བླ་མ་ཡབ་ཡུམ་ཡི་གེ་ཆོས་འབྱུང་གི་དཀྱིལ་འཁོར་ལ་བརྟེན་ནས་གསང་བའི་དབང་ཐོབ། ངག་གི་དྲི་མ་དག །སེམས་གསལ་སྟོང་དབྱེར་མེད་དུ་རྟོགས། ལམ་རྩ་རླུང་བསྒོམ་པ་དང་། སྔགས་བཟླ་བ་ལ་དབང་། བསྒོམ་ལམ་ས་དགུའི་ནུས་པ་རྒྱུད་ལ་བཞག །འབྲས་བུ་གསུང་རྡོ་རྗེ་ལོངས་སྤྱོད་རྫོགས་སྐུའི་སྐལ་བ་ཅན་དུ་བྱས་པ་ཡིན་ནོ། །དེ་ནས་བླ་མའི་ཤེས་རིག་མཚོན་བྱེད་མེ་ལོང་མན་ཤེལ་བཅས་ཤེར་དབང་དོད་དུ་སྙིང་གར་བཞག་པས་རང་རིག་ཡེ་ཤེས་བདེ་སྟོང་སྤྲོས་པ་དང་བྲལ་བའི་ངང་ལ་ཞོག་ཅིག །ཧཱུྃ་མེ་ལོང་སྤྲོས་བྲལ་ཆོས་སྐུ་སོགས། དེ་ལྟར་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་མཆོན་བྱེད་མན་ཤེལ་མེ་ལོང་གི་དཀྱིལ་འཁོར་དུ་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ་ཡིད་ཀྱི་སྒྲིབ་པ་དག །རང་རིག་བདེ་སྟོང་བརྗོད་བྲལ་དུ་རྟོགས། ལམ་ཐིག་ལེ་བསྒོམ་པ་ལ་དབང་། མཐར་ལམ་རྒྱུན་མཐའི་ཡེ་ཤེས་ཀྱི་ས་ཐོབ་པའི་ནུས་པ་རྒྱུད་ལ་བཞག །འབྲས་བུ་ཐུགས་རྡོ་རྗེ་ཆོས་ཀྱི་སྐུ་ཐོབ་པའི་སྐལ་བ་ཅན་དུ་བྱས་པ་ཡིན་ནོ། །དེ་ནས་དབང་བཞི་པ་དཔེས་མཚོན་དུ་མེད་པའི་ཕྱིར་ཡེ་ཤེས་ཉིད་ཚིག་གི་བརྡས་ངོ་སྤྲད་དེ། དེ་ཡང་གཤིས་ལུག་གང་དུའང་མ་གྲུབ་པའི་ཀ་དག་གདོད་མའི་རང་མདངས་ལ། རྩལ་སྣང་འགགས་པ་མེད་པ་ཡེ་ནས་ལྷུན་གྲུབ་ཆེན་པོར་རྫོགས་པའི་གནས་ལུགས་དེའི་ངང་ལ་མཉམ་པར་ཞོག་ཅིག །ཧྲཱི༔ ངོ་བོ་ཉིད་ནི་ཀ་སོགས། དེ་ལྟར་དོན་དམ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་དབང་བཞི་པ་ཐོབ། སྒོ་གསུམ་གྱི་དྲི་མ་བག་ཆགས་དང་བཅས་པ་དག །བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་སྤྲོས་བྲལ་དུ་རྟོགས། ལམ་རྫོགས་པ་ཆེན་པོ་བསྒོམ་པ་ལ་དབང་། བཅུ་གསུམ་ཡེ་ཤེས་བླ་མའི་ས་ཐོབ་པའི་སྐལ་བ་ཅན་དུ་བྱས་པ་ཡིན་ནོ། །

དེ་ལྟར་སྒྱུ་འཕྲུལ་ཞི་ཁྲོ་རབ་འབྱམས་ཀྱི་དབང་རྣམས་ལེགས་པར་ཐོབ་པའི་གནས་སྐབས་སུ་ཁས་བླང་བའི་དམ་ཚིག་དང་སྡོམ་པ་རྣམས་ཚུལ་བཞིན་བསྲུང་བར་བགྱི་སྙམ་པས་འདིའི་རྗེས་ཟློས་མཛོད། གཙོ་བོས་ཇི་ལྟར་བཀའ་སོགས། སྒྱུ་འཕྲུལ་ཞི་ཁྲོ་རབ་འབྱམས་ཀྱི་དབང་རྣམས་ཡོངས་རྫོགས་སུ་ཐོབ་པའི་བཀའ་དྲིན་གསོ་བའི་གཏང་རག་ཏུ་མཎྜལ་ཕུལ། ས་གཞི་སྤོས་ཆུའི་བྱུག་སོགས། སླར་ཡང་ལུས་ལོངས་སྤྱོད་དགེ་ཚོགས་རྒྱ་མཚོ་དང་བཅས་པས་འཁོར་ལོས་བསྒྱུར་བའི་རྒྱལ་པོའི་རྒྱལ་སྲིད་ཀྱི་འབྱོར་བ་ལྟར་སྤྲུལ་ནས་འབུལ་ན་ཆ་ཤས་ནས་ལོངས་སྤྱད་དུ་གསོལ་སྙམ་པ་འདིའི་རྗེས་ཟློས་མཛོད། དེང་ནས་བརྩམས་ཏེ་བདག་སོགས། དེ་ལྟར་དབང་བསྐུར་ལེགས་པར་ཐོབ་པའི་དགེ་ཚོགས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བསྔོ་བར་བགྱིའོ། །བསོད་ནམས་འདི་ཡི་ཐམས་ཅད་སོགས་བསྔོ་བར་བྱའོ།། །།

དབང་བསྐུར་ཚུལ་གྱི་མཚམས་སྦྱོར་ཉུང་བསྡུས།

ཞི་ཁྲོ་དགོངས་པ་རང་གྲོལ་སྔགས་གསོའི་ཆོ་གའི་སྒོ་ནས་གཞན་ལ་དབང་བསྐུར་ཚུལ་གྱི་མཚམས་སྦྱོར་ཉུང་གསལ་ཁྱེར་བདེར་བཀོད་པ་གྲུབ་པ་མཆོག་གི་ཞལ་ལུང་ཞེས་བྱ་བ་བཞུགས་སོ། །

ཞི་ཁྲོ་ཡོངས་རྫོགས་ལྷ་ལ་ཕྱག་འཚལ་ལོ། །དེ་ལ་འདིར་ཞི་ཁྲོའི་སྔགས་གསོ་ཀུན་བཟང་དགོངས་རྒྱན་དང་འབྲེལ་བར་གཞན་ལ་དབང་བསྐུར་ན། སྦྱོར་བ་ཡོ་བྱད་ཀྱི་བཅས་གཤོམ་དང་། དངོས་གཞི་བདག་མདུན་མཆོད་བསྟོད་ཛ྄བ་ཀྱི་མཐར་ཐུག་པའི་བར་སྔགས་གསོའི་ཆོ་གའི་གཞུང་བཞིན་སོང་ནས་རིག་པའི་མེ་ཏོག་དོར་ཏེ་སློབ་མ་འཇུག་པར་གནང་བ་ནོད། དེ་ནས་སློབ་མ་ལ་ཁྲུས་དང་བགེགས་བསྐྲད། བསྲུང་འཁོར་བསྒོམ་པ། མེ་ཏོག་བཀྱེ་བ་བཅས་བྱས་ལ།

འོ། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་ཅི་ནས་ཀྱང་ཐོབ་པར་བྱ། དེའི་ཆེད་དུ་ཞི་ཁྲོའི་དབང་བསྐུར་ཟབ་མོ་གསན་ནས་དོན་ཉམས་སུ་བླངས་ཏེ་སེམས་ཅན་ཐམས་ཅད་དཔལ་ཀུན་བཟང་གདོད་མའི་མགོན་པོའི་གོ་འཕང་མཆོག་ལ་འགོད་པར་བྱའོ་སྙམ་དུ་སེམས་བསྐྱེད་པ་གསལ་བཏབ་སྟེ་གསན་པར་ཞུ། དེ་ཡང་སྟོན་པ་ཐབས་མཁས་ལ་ཐུགས་རྗེ་ཚད་མེད་པ་མངའ་བ་དེ་ཉིད་ཀྱིས་གདུལ་བྱའི་བསམ་པ་དང་། དབང་པོ་དང་། སྐལ་བའི་ཁྱད་པར་དང་རྗེས་སུ་མཐུན་པའི་ཆོས་ཀྱི་བདུད་རྩི་བསམ་གྱིས་མི་ཁྱབ་པ་བསྟན་པ་ཐམས་ཅད་ཀྱང་བསྡུ་ན་ཐེག་པ་རིམ་དགུར་འདུས་ཤིང་། དེ་ལ་ཡང་ཐེག་པ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་བདེན་གཉིས་ལ་བཟང་ངན་བླང་དོར་དུ་བལྟ་བ་ལས། འདིས་ཀུན་རྫོབ་ཏུའང་ཆོས་རྣམས་ལ་མི་གཉིས་པའི་བསམ་སྤྱོད་དང་ལྡན་པས་འབྲས་བུའི་ངོ་བོ་སྣང་སྟོང་ཟུང་འཇུག་གི་ཆོས་སྐུར་རྟོགས་པར་བྱས་ལ། ཏིང་ངེ་འཛིན་གྱིས་གོམས་པར་བྱེད་པའི་ཕྱིར་འབྲས་བུ་ལམ་བྱེད་ཀྱི་ཁྱད་པར་དུ་འཕགས་པ་གསང་སྔགས་རྡོ་རྗེ་ཐེག་པ་ཡིན། དེ་ལྟར་ཡང་སློབ་དཔོན་སངས་རྒྱས་གསང་བས། ཐབས་ཀྱི་ཐེག་པ་ཆེན་པོ་ནི། །རྣམ་པར་བྱང་དང་སྡུག་བསྔལ་དག །ཀུན་རྫོབ་ཏུའང་དབྱེར་མེད་དེ། །ལྟ་བ་མཐོ་དམན་དེ་ཙམ་མོ། །ཞེས་གསུངས་སོ། །དེ་ལ་ཡང་སྔགས་གསར་རྙིང་གཉིས་ལས། འདིར་ཆེ་བ་དྲུག་ལྡན་གྱིས་ཁྱད་པར་དུ་འཕགས་པ་གསང་སྔགས་རྙིང་མ་ཡིན། དེ་ལའང་ཕྱི་ཐུབ་པ་རྒྱུད་ཀྱི་ཐེག་པ་དང་། ནང་པ་ཐབས་ཀྱི་རྒྱུད་ཀྱི་ཐེག་པ་གཉིས་ལས། ཕྱི་མ་དེ་ལའང་རྒྱུད་སྡེ་དང་སྒྲུབ་སྡེ་གཉིས་ཀྱི་འདིར་ལྷའི་ངོ་བོ་གསང་ཆེན་དམ་པ་རིགས་བརྒྱ་དང་བརྒྱུད་པའི་བབས་སོའི་དབང་གིས་དེ་གཉིས་ཀའི་རྩ་བར་གྱུར་པ་ཡིན། སྤྱིར་སྔ་འགྱུར་བ་ལ་བཀའ་གཏེར་དག་སྣང་གི་བབས་སོ་གསུམ་དུ་བཞུགས་པ་ལས། འདི་ནི་བཀའ་མ་ལས་ཀྱང་བཀའ་བབས་ལུང་བསྟན། སྨོན་ལམ་དབང་བསྐུར། མཁའ་འགྲོ་གཏད་རྒྱ་སྟེ་ཁྱད་པར་གྱི་བརྒྱུད་པ་གསུམ་དང་ལྡན་ཞིང་། གཙོ་བོ་བརྒྱུད་ཐག་ཉེ་ཞིང་གཏེར་ཡིག་གི་དཔེ་དཔང་མངའ་བས་ཁུངས་བཙུན་པ་དང་། གང་ལ་གང་འདུལ་གྱི་དུས་དང་འཚམས་པར་མངོན་དུ་སྣང་བའི་ཕྱིར་ཟབ་ལམ་ནམ་ཡང་མི་ནུབ་པས་ཁྱད་དུ་འཕགས་པ་གཏེར་གྱི་ཕྱོགས་སུ་གཏོགས་པ་ཡིན། དེ་ལའང་འཁྲུལ་མེད་གླིང་པ་ལྔའི་ནང་གསེས་གཏེར་ཆེན་ཀརྨ་གླིང་པ་ཞེས་རྩོད་པ་དང་བྲལ་བ་ཡོངས་སུ་གྲགས་པ་དེ་ཉིད་ཀྱི་གཏེར་ཁ་ལས་བྱོན་པ་སྟེ། འོ་སྐོལ་དུས་སྙིགས་མར་སྐྱེས་པའི་གང་ཟག་ལས་ངན་གྱི་བྱ་བས་གཡེངས་ནས་ཚུལ་བཞིན་ཉམས་སུ་ལེན་མ་ནུས་ན་ཡང་། ལན་ཅིག་རྣ་བར་ཐོས་པ་ཙམ་གྱིས་བར་དོའི་འཁྲུལ་སྣང་འཇིགས་སྐྲག་སྡུག་བསྔལ་ཐམས་ཅད་ལས་གྲོལ་ནུས་པའི་ཆོས་ཟབ་མོ་བར་དོའི་ཐོས་གྲོལ་ཆེན་མོའི་དབང་བསྐུར་བ་ཡིན། དེ་ཡང་སྔོན་བྲམ་ཟེ་དུང་གི་ཕྲེང་བ་ཅན་ཞེས་བྱ་བའི་སློབ་དཔོན་མཁས་པ་ཞིག་ལ། སློབ་བུ་ལས་ངན་ཕྲག་དོག་ཅན་གྱིས་རང་གི་སློབ་དཔོན་ལ་ཆད་པ་དུ་མ་བཅད་ནས་བཀྲོངས། དེའི་རྣམ་སྨིན་གྱིས་སློབ་བུ་དེ་ཉིད་སེམས་ཅན་ལུས་སྲུལ་པོ་ཅན་ཞེས་བྱ་བ་རིགས་དྲུག་གི་སྡུག་བསྔལ་དུས་གཅིག་ལ་མྱོང་བ་ཞིག་ཏུ་སྐྱེས་པ་དེ་ཐར་པའི་ཐབས་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོས་ཞི་ཁྲོ་ན་རག་དོང་སྤྲུགས་ཀྱི་རྒྱུད་གསུངས་ཤིང་སེམས་ཅན་དེའི་རྣ་བར་ཞི་ཁྲོའི་མཚན་དང་སྔགས་བསྒྲགས་ཤིང་དབང་བསྐུར་ན་ཐར་བར་གསུངས་ནས་བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེས་དེ་བཞིན་མཛད་པ་ལ་བརྟེན་ནས་སེམས་ཅན་ལུས་སྲུལ་པོ་དམྱལ་བ་ལས་ཐར་ཏེ་ལྷའི་གནས་སུ་རིག་འཛིན་མིའི་ཐོད་པ་ཅན་ཞེས་བྱ་བར་སྐྱེས་སོ། །དེ་ནས་ཆོས་འདི་ཆོས་སྐུ་ཀུན་ཏུ་བཟང་པོས་དྲུག་པ་རྡོ་རྗེ་འཆང་ལ། དེས་སྟོན་པ་རྡོ་རྗེ་སེམས་དཔའ་ལ་དགོངས་པས་བྱིན་གྱིས་བརླབས་པས་རྒྱལ་བ་དགོངས་པའི་བརྒྱུད་པ་ཞེས་བྱའོ། དེས་རྒྱ་གར་གྱི་རིག་འཛིན་དགའ་རབ་རྡོ་རྗེ། དེས་རྒྱ་ནག་གི་རིག་འཛིན་ཤྲཱི་སེང་ཧ། དེས་ཨོ་རྒྱན་གྱི་རིག་འཛིན་པདྨ་འབྱུང་གནས་ལ་བརྡ་ཡི་སྒོ་ནས་བསྟན་པས་རིག་འཛིན་བརྡ་ཡི་བརྒྱུད་པ་ཞེས་བྱའོ། །དེ་ནས་ཨོ་རྒྱན་རིན་པོ་ཆེ་བོད་དུ་བྱོན་ནས་ལོ་ཙཱ་ཀླུ་ཡི་རྒྱལ་མཚན་ལ་སོགས་རྗེ་འབངས་རྣམས་ལ་ཆོས་ཀྱི་སྙན་བརྒྱུད་དུ་གནང། དེའི་ཚེ་སྡིག་བློན་ཤནྟི་ཞེས་བྱ་བས་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ཆོས་བྲོས་བྱོན་ནས་གནས་ལ་མ་སོང་བ་ལ་ཆད་པ་མང་དུ་བཅད་པའི་རྣམ་སྨིན་གྱིས་བློན་པོ་དམྱལ་བ་མནར་མེད་དུ་སྐྱེས་པ་དེ་འདྲེན་པའི་ཕྱིར་མཚོ་རྒྱལ་ཉིད་དམྱལ་གནས་སུ་བྱོན་པས་ཇི་ལྟར་བྱས་ཀྱང་འདྲེན་མ་ཐུབ་ནས། འདི་ཇི་ལྟར་བྱས་ན་ཐར་པའི་ཐབས་ཡོད་ཅེས་གཤིན་རྗེ་ལས་མཁན་རྣམས་ལ་དྲིས་པས་ཞིི་ཁྲོའི་དཀྱིལ་འཁོར་ཞལ་ཕྱེས་ན་ཐར། གཞན་ཐར་པའི་ཐབས་གང་ཡང་མ་མཆིས་ཟེར་བ་ལ། མཚོ་རྒྱལ་གྱིས་ཞི་ཁྲོའི་དཀྱིལ་འཁོར་ཞལ་ཕྱེས་པ་ཙམ་གྱིས་ལྕགས་སྲེག་གི་ཁང་པ་ཡང་ཞིག །ལྕགས་སྲེག་གི་ས་གཞི་ཡང་བསིལ་བར་གྱུར་ནས་བདུད་བློན་ཤཏྣིའི་གཙོས་པའི་དམྱལ་བའི་སེམས་ཅན་འབུམ་ཕྲག་ལྔ་དྲངས་སོ། །དེ་ནས་ཆོས་འདི་ཤིན་ཏུ་ཟབ་པས་ནུབ་ཀྱིས་དོགས་ནས་ཞི་ཁྲོ་བཀའ་མ་ཡང་དར་བར་མཛད། ཨོ་རྒྱན་ཡབ་ཡུམ་གྱིས་བཀའ་བགྲོས་ནས་མ་འོངས་བའི་དོན་དུ་གཏེར་ཁ་མང་དུ་སྦས་པ་ལས་འདི་ནི་མངའ་བདག་ཡབ་སྲས་དང་ལོ་ཙཱ་བ་ཅོག་རོ་ཀླུའི་རྒྱལ་མཚན་སོགས་ཀྱིས་གསེར་གཡུའི་མཎྜལ་ཕུལ་ནས། ཁྱེད་ཀྱི་ཐུགས་རྗེའི་བཀའ་དྲིན་ལས་སྔོན་ཆད་ཀྱི་ཐེག་པ་ཕྱི་ནང་གི་ཆོས་ཀྱི་སྒྲོན་མེ་དཔག་ཏུ་མེད་པ་ཐུགས་ལ་བཏགས་མོད་ཀྱང་ད་དུང་ཡང་བདག་ཅག་རྗེ་འབངས་རྣམས་དང་མ་འོངས་སྙིགས་དུས་འགྲོ་བ་རྣམས་ཀྱི་དོན་དུ་ཐེག་པ་ཕྱི་ནང་གི་ཆོས་ཐམས་ཅད་ཀྱི་འགག་དོན་གཅིག་ཏུ་དྲིལ་ནས་ཚེ་གཅིག་ལ་སངས་རྒྱས་པའི་ཆོས་ཡུན་རིང་པོར་དཀའ་སྤྱད་སྙིང་རུས་ཀྱི་འབད་རྩོལ་ལ་མ་ལྟོས་པར་ཐོས་པ་ཙམ་གྱིས་གྲོལ་བའི་ཆོས་ཟབ་ཅིང་ཉུང་ལ་དོན་འདུས་པ་ཞིག་བཀའ་སྩལ་ཏུ་གསོལ། ཞེས་གདུང་ཤུགས་དྲག་པོས་གསོལ་བ་བཏབ་པས། སློབ་དཔོན་ཆེན་པོས། ཀྱེ་མ་མངའ་བདག་རྒྱལ་པོ་ཡབ་སྲས་རྗེ་འབངས་རྣམས་ཀྱི་ཐུགས་བཞེད་ལྟར། དཔལ་ཀུན་ཏུ་བཟང་པོའི་དགོངས་པ་མངོན་དུ་ཕྱུང་བ་རྫོགས་པ་ཆེན་པོའི་རྒྱུད་འབུམ་ཕྲག་དྲུག་ཅུ་རྩ་བཞིའི་གནད་འགག་གཅིག་ཏུ་དྲིལ་ནས་ཐོས་པ་ཙམ་གྱིས་ངན་སོང་གི་སྐྱེ་སྒོ་གཅོད་། གོ་བ་ཙམ་གྱིས་བདེ་ཆེན་གྱི་ས་ལ་གཤེགས་པ། དོན་ཡིད་ལ་བྱེད་པ་རྣམས་ནི་ལྷུན་གྱིས་གྲུབ་པའི་རིག་འཛིན་ཕྱིར་མི་ལྡོག་པའི་ས་ལ་གཤེགས་པར་བྱེད་པ། གང་འབྲེལ་ཐམས་ཅད་དོན་ཆེན་པོ་དང་ལྡན་པའི་ཆོས་དེ་ལྟ་བུ་ཞིག་བདག་ལ་ཡོད་ཀྱང་གདུལ་བྱ་བློ་ཆུང་ཐེག་དམན་གྱི་རིགས་སྐལ་མེད་ལོག་ལྟ་ཐེ་ཚོམ་ཅན་གྱི་བློར་མི་ཤོངས་ནས་སླར་སྐུར་པ་འདེབས་པས་ངན་སོང་དུ་འཕེན་པས་ན་ཁྱེད་རྣམས་ཀྱིས་རླུང་ཕྱོགས་ཙམ་ཡང་གཞན་ལ་མ་བསྒྲགས་ཤིག །མ་འོངས་སྙིགས་དུས་ཀྱི་དོན་དུ་གཏེར་ལ་སྦ་བར་བྱའོ་ཞེས་གསུངས་ནས་ཆོས་ཐམས་ཅད་ཀྱི་མདོ་འགག་གཅིག་ཏུ་དྲིལ་ནས་ཟབ་ཆོས་ཞི་ཁྲོ་དགོང་པ་རང་གྲོལ་ཞེས་བྱ་བར་མཚན་གསོལ་ཏེ་ལོ་ཙཱ་བ་ཀླུའི་རྒྱལ་མཚན་གྱི་སྐལ་བར་གནང་། མ་འོངས་སྙིགས་དུས་ཀྱི་འགྲོ་བ་བསོད་ནམས་དམན་པ་རྣམས་ལ་དགོངས་ཏེ་དྭགས་ལྷ་སྒམ་པོའི་རི་ལྷ་བྲན་གར་བྱེད་པ་འདྲ་བའི་གནས་སུ་ུགཏེར་དུ་སྦས་པ་ཕྱིས་དུས་ལ་བབས་པའི་ཚེ་ལོ་ཙཱ་ཉིད་ཀྱི་སྐྱེས་མཐའ་གཏེར་སྟོན་གྲུབ་ཐོབ་ཆེན་པོ་ཀརྨ་གླིང་པས་སྤྱན་དྲངས་ཏེ་བཀའ་རྒྱ་དམ་པས་སྐུའི་སྲས་ཉི་ཟླ་ཆོས་རྗེ་ཁོ་ན་ལ་བཀའ་ཕལ་ཆེར་ཚང་བ་དང་། ལུང་ཟིན་གྱི་སློབ་མ་མཆོག་གྱུར་གྲུབ་ཐོབ་དངོས་གྲུབ་རྒྱ་མཚོ་ལ་དབང་བཞི་ཡོངས་རྫོགས་གནང་ནས་བརྒྱུད་པ་གསུམ་གྱི་བར་དུ་གཅིག་བརྒྱུད་ལས་མ་སྤེལ་བའི་བཀའ་རྒྱ་བཏབ་སྟེ་མི་རབས་གསུམ་དུ་གཅིག་བརྒྱུད་དུ་མཛད། དེ་ནས་ཨོ་རྒྱན་ཆེན་པོས་ལུང་བསྟན་ལྟར་བརྒྱུད་པ་གསུམ་པ་བཀའ་བབས་རྒྱ་ར་བ་ནམ་མཁའ་ཆོས་ཀྱི་རྒྱལ་མཚོ་ནས་རྒྱ་གྲོལ་ཏེ་རིམ་པར་སྤེལ་བ་ལས་བརྒྱུད་པའི་བཀའ་སྲོལ་མང་དུ་གྱེས་ཏེ་བོད་ཁམས་ཕལ་ཆེར་ཟབ་ཆོས་འདིའི་ཕྲིན་ལས་ཀྱིས་ཁྱབ་པར་གྱུར་པ་ཡིན་ལ། དེང་སང་ཟུར་མང་ལུགས། ཀཿཐོག་ལུགས། གནས་མདོ་ལུགས་ཏེ་བརྒྱུད་ཚུལ་དང་ཕྱག་ལེན་མི་འདྲ་བ་གསུམ་བྱུང་བ་རྣམས་འདིར་གཅིག་ཏུ་འདུ་བ་ཙམ་དུ་མ་ཟད་བཀའ་མའི་ཞི་ཁྲོ་དོང་སྤྲུགས་ཀྱང་འདིར་བཀའ་གཏེར་ཆུ་བོ་གཅིག་འདྲེས་སུ་དོན་གྱི་སོང་བ་ཡིན་པས་ན་རག་དོང་སྤྲུགས་མཚམས་མེད་ལྔ་སྦྱོང་གི་རྣམ་འབྱོར་སྤྱི་ཁྲུས་ཟབ་མོ་འདི་ཉིད་ཨོ་རྒྱན་ཆེན་པོའི་རྡོ་རྗེའི་གསུང་ལས། ཐོས་གྲོལ་འདི་ནི་བསྒོམ་མི་དགོས་པར་སངས་རྒྱས་པའི་ཆོས༔ ཐོས་པ་ཙམ་གྱིས་གྲོལ་བ་ཐོབ་པའི་ཆོས༔ མཚན་མེད་པ་ལྔ་བསགས་པའི་མིའི་རྣ་ལམ་དུ་ཐོས་ན་ཡང་ངེས་པར་གྲོལ་བར་འགྱུར་རོ༔ འཆི་ཁར་འཚང་རྒྱ་བའི་མན་ངག་དུས་གསུམ་གྱི་སངས་རྒྱས་ཀྱིས་བཙལ་ཡང་འདི་ལས་ལྷག་པའི་ཆོས་རྙེད་པར་མི་འགྱུར༔ ཞེས་གསུངས། དེ་ལྟར་ཟབ་ཆོས་ཁྱད་པར་དུ་འཕགས་པ་འདིའི་སྨིན་གྲོལ་གྱི་རིམ་པ་གཉིས་ལས། འདིར་སྨིན་བྱེད་ཀྱི་དབང་བསྐུར་བའི་སྐབས་ཡིན། དེ་ལའང་རྒྱས་པ་འཕྲད་ཚད་རང་གྲོལ། འབྲིང་པོ་འགྲོ་དྲུག་རང་གྲོལ། བསྡུས་པ་གཏོར་དབང་རེག་པ་དོན་ལྡན་དང་གསུམ་དུ་བཞུགས་པ་ལས། སློབ་དཔོན་ཆེན་པོའི་མན་ངག་ཞལ་གདམས་ལས་ཇི་ལྟར་བསྟན་པ་བཞིན་ལམ་ལ་ཞུགས་པའི་རྣལ་འབྱོར་པ་རྣམས་ཀྱི་དམ་ཚིག་ཉམས་ཆག་ཐམས་ཅད་སྦྱོང་ཞིང་དབང་བཞིའི་ཡེ་ཤེས་ཀྱི་རྒྱུན་འཕོ་བར་བྱེད་པ་སྔགས་ཀྱི་གསོ་སྦྱོང་གི་ཆོ་ག་དང་འབྲེལ་བར་འདིར་དབང་བསྐུར་འབྲིང་པོ་མཐའ་རྟེན་གཏོར་དབང་དང་བཅས་པ་བསྒྲུབ་པར་བགྱི་བ་ལ། སློབ་དཔོན་དང་སློབ་མའི་བྱ་བ་གཉིས་ལས། བདག་ཉིད་ཀྱིས་བགྱིས་བར་འོས་པ་རྣམས་ལེགས་པར་གྲུབ་པ་ལགས། ཁྱེད་རང་སློབ་མ་རྣམས་ཀྱི་བྱ་བའི་རིམ་པ་ལ་ལྔ་སྟེ། བཤགས་པའི་གཞི་དགོད་པ། མཎྜལ་ཕུལ་ཞིང་གསོལ་བ་གདབ་པ། ལྟུང་བ་བཤགས་པ། སྡོམ་པ་བཟུང་བ། དམ་ལ་བཞག་པའོ། །དང་པོ་བཤགས་པའི་གཞི་འགོད་པ་ལ་རང་རེ་གནས་པའི་གནས་ཁང་འདི་ཡང་ཐ་མལ་གྱི་གནས་ཁང་མ་ཡིན་པར་འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་ཕྲང་དངོས་ཡིན་སྙམ་པ་དང་། སློབ་དཔོན་ཀྱང་ཐ་མལ་གྱི་ལུས་ཅན་མ་ཡིན་པར་ཁྱབ་བདག་གདོད་མའི་མགོན་པོ་དངོས་ཡིན་སྙམ་དུ་མོས་གུས་བསྐྱེད་ལ་ཉམས་ཆགས་སྦྱོང་ཞིང་དབང་ལེན་པའི་ཡུལ་དུ་དམིགས་ནས་ཐོག་མར་བརྗོད་མེད་དོན་བཤགས་ལྷན་གཅིག་ཏུ་གསུང་བར་ཞུ། ཞེས་བརྡ་སྦྱར་ལ། ༀ་ཡེ་ཤེས་སྐུ་མཆོག་སོགས་ནས། རབ་གནོང་བཟོད་པར་གསོལ། བར་དང་།

གཉིས་པ་སྦྱོར་བ་སྔོན་འགྲོའི་ཆོས་རྣམས་ཞུ་བའི་ཡོན་དུ་མཎྜལ་འབུལ་བར་ཞུ། ཞེས་མཎྜལ་འབུལ་དུ་གཞུག །གསོལ་པ་གདབ་པ་འདིའི་རྗེས་ཟློས་མཛོད། ཀྱེ་མ་བླ་མ་སོགས་ནས། དུས་འདིར་བསྐུར༔ བར་ལན་གསུམ། གསུམ་པ་ལྟུང་བ་བཤགས་པ་ནི། སྡོམ་པ་གསུམ་དང་འགལ་བའི་ཉེས་ལྟུང་རྣམས་ལ་གནོང་ཞིང་འགྱོད་གདུང་དྲག་པོས་བཤགས་ཚིག་འདི་ལྷན་ཅིག་ཏུ་གསུང་བར་ཞུ། དུས་གསུམ་སངས་རྒྱས་སོགས་ནས། ཚངས་པར་སྩལ་དུ་གསོལ། བར་དང་། བཞི་པ་སྡོམ་པ་བཟུང་བ་འདིའི་རྗེས་ཟློས་མཛོད། ཨེ་མ། ཕྱོགས་བཅུའི་སོགས་སྤྱི་དང་ཁྱད་པར་གྱི་སྐྱབས་འགྲོ། སོ་ཐར། བྱང་སེམས། སྔགས་སྡོམ་བླང་བ་རྣམས་ལན་གསུམ་རེ་རྗེས་ཟློས་བྱར་གཞུག །

ལྔ་པ་དམ་ལ་བཞག་པ་འདི་ལ་གསན་པས་ཁྱབ་སྟེ། ཧཱུྃ། འདི་ནི་དམ་ཚིག་སོགས་སྐུ་གསུང་ཐུགས་ཀྱི་དམ་བཞག་བྱའོ། །ད་ནི་གཉིས་པ་དངོས་གཞི་ལ་གསུམ་སྟེ། ཉམ་ཆག་སྦྱོང་བ་ཁྲུས་ཀྱི་ལུང་དང་། ཡོན་ཏན་སྤེལ་བ་བཤགས་སྐོང་ཚོགས་མཆོད། ཡེ་ཤེས་གསོ་བ་དབང་གི་ཆོ་གའོ། །དང་པོ་རིགས་དྲུག་གནས་སྦྱོང་གི་རིམ་པ་ལ་དམིགས་པ་འདི་བཞིན་དུ་མཛོད་ཅིག །སློབ་བུས་སོགས་དམྱལ་བ་ནས་མིའི་བར་དང་། གཉིས་པ་སྒོ་གསུམ་གྱི་སྒྲིབ་སྦྱོང་ལ་གསུམ་ལས། དང་པོ་ལུས་སྒྲིབ་སྦྱོང་བ་ལ་ཡང་བཤགས་པ་དང་ཁྲུས་དབང་གཉིས་ལས། དང་པོ་ལུས་ཀྱི་སྒོ་ནས་ཕྱག་གི་བཤགས་པ་ནི། རང་རང་རྣམས་ཀྱི་སོགས་ནས། སངས་སངས་དག་པར་མོས་ལ་ཕྱག་འཚལ་གྱི་རིམ་པ་ལྷན་ཅིག་ཏུ་གསུང་བཞིན་རྐྱང་ཕྱག་འཚོལ་ཅིག །བླ་མ་མཉམ་མེད་སོགས་ནས་དམ་ཅན་རྒྱ་མཚོའི་ཚོགས་ལ་ཕྱག་འཚལ་ལོ། །བར་དང་། སློབ་དཔོན་གྱིས། ཨ་ལ་ལ་ཧོཿསོགས། དབུགས་དབྱུང་དང་ཁྲུས་དབང་སོང་ནས། ད་ནི་གཉིས་པ་ངག་སྒྲིབ་སྦྱོང་བ་ལ་གཉིས་ཡོད་པ་ལས། དང་པོ་ངག་གསང་སྔགས་བཟླས་པའི་སྒོ་ནས་བཤགས་པ་འདི་ཚིག་ཕྱིར་སེམས་གཞོལ་བས་ལྷན་ཅིག་ཏུ་གསུང་བར་ཞུ། སྤྱི་གཙུག་པད་ཟླའི་སོགས་ནས། མྱུར་དུ་དྲང་དུ་གསོལ། བར། སློབ་དཔོན་གྱིས། བླ་མ་རྡོ་རྗེ་སེམས་དཔའི་སོགས་ནས། ཐིམ་པར་མོས་ཤིག །ཅེས་དང་། ཁྲུས་དབང་བཅས་སོང་ནས།

ད་གསུམ་པ་ཡིད་སྒྲིབ་སྦྱོང་བ་ལའང་གཉིས་ཀྱི། དང་པོ་ཡིད་སྒྲིབ་བྱ་སྒྲིབ་བྱེད་ལས་འདས་པ་མ་བཅོས་གཉུག་མའི་ཀ་དག་གི་ངང་དུ་མཉམ་པར་བཞག་བཞིན་པས་ལྟ་བའི་ཀློང་བཤགས་འདི་ལྟར་ལྷན་ཅིག་ཏུ་གསུང་བར་ཞུ། ༀ། ཆོས་ཀྱི་དབྱིངས་ཉིད་སོགས་ནས། མཐོལ་ལོ་བཤགས། བར། ཁྲུས་དབང་བཅས་བྱའོ། །

ད་ནི་རྩ་བའི་གཉིས་པ་ཡོན་ཏན་སྤེལ་བ་བཤགས་སྐོང་ཚོགས་མཆོད་ཀྱི་རིམ་པ་རྣམས་དཔོན་སློབ་ལྷན་དུ་གསུང་བར་ཞུ་ཞེས་བརྡ་སྦྱར་ལ། ༀ། དང་པོ་བདག་དང་སོགས་ཐེག་པ་ལམ་ཞུགས་ཀྱི་བཤགས་པ། དག་གྱུར་གྱི་སྐོང་བ། ཚོགས་རྫས་ལ་བགེགས་བསྐྲད་པ། བྱིན་རླབས། ཚོགས་ཞིང་སྤྱན་འདྲེན། ཕྱི་ནང་གི་ཚོགས་མཆོད། བར་བཤགས་བསྒྲལ་སྟོབས་རྣམས་མཐར་ཆགས་སུ་བཏང་ངོ་། །

ད་ནི་གསུམ་པ་ཡེ་ཤེས་གསོ་བ་དབང་གི་ཆོ་ག་ལ། དཀྱིལ་འཁོར་དུ་འཇུག་པ་དང་། ཞུགས་ནས་དབང་བསྐུར་བ་གཉིས་ལས། དང་པོ་ལ་ལྔ་སྟེ། གསོལ་བ་གདབ་པ། བྱིན་དབབ་པ། མེ་ཏོག་དོར་བ། མིག་དབྱེ་བ། མཐོང་བ་བསྟན་པའོ། །དང་པོ། དཀྱིལ་འཁོར་དུ་འཇུག་པའི་ཆོས་རྣམས་ཞུ་བའི་ཡོན་དུ་མཎྜལ་འབུལ་བར་ཞུ། ཞེས་མཎྜལ་འབུལ་དུ་གཞུག །མཚམས་སྦྱོར་དང་བཅས་མིག་དར་དང་མེ་ཏོག་གཏད། གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། ཨེ་མ་མགོན་པོ་སོགས་ལན་གསུམ། གཉིས་པ་ཡེ་ཤེས་དབབ་པ་ལ་དམིགས་པ་འདི་བཞིན་མཛོད། སློབ་མ་སེང་གེས་སོགས་ནས། བརྟན་པར་བྱ་ཞིང་རྗེས་ཟློས་དང་བཅས་མེ་ཏོག་དོར་གཞུག །མིག་དབྱེ་དང་མཐོང་བ་བསྟན་པ་རྣམས་དལ་ལ་ལྷོད་ཆགས་པ་བྱའོ། །ད་ནི་གཉིས་པ་དབང་བསྐུར་བ་ལ་ཡང་། བུམ་དབང་། གསང་དབང་། ཤེར་དབང་། ཚིག་དབང་། བྱིན་རླབས་གཏོར་དབང་དང་ལྔ་ཡོད་པ་ལས། དང་པོ་བུམ་པའི་དབང་ལ་ཐོག་མར་བུམ་དབང་གི་ལམ་བསྐྱེད་རིམ་དབྱིབས་ཀྱི་རྣལ་འབྱོར་དང་འགལ་བའི་དམ་ཚིག་ཉམས་ཆག་ཐམས་ཅད་བཤགས་ཤིང་སྐོང་བའི་ཆོ་ག་འདི་ལྷན་ཅིག་ཏུ་གསུང་བར་ཞུ། ༀ། བདག་ལུས་གཞལ་ཡས་སོགས་དང་། གཏོར་མའི་སྐོང་བ་བཅས་བྱ། ད་བུམ་དབང་དངོས་ལ། ཕྱི་ཕན་པའི་དབང་དང་། ནང་ནུས་པའི་དབང་གཉིས་ལས། དང་པོའི་དོན་དུ་གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། ཀྱེ་ཧོ༔ བླ་མ་རྡོ་རྗེ་སོགས་ལན་གསུམ། ཞེས་གསོལ་བ་བཏབ་པས་གདན་གསུམ་ཚང་བའི་སོགས་ནས་རིག་པའི་དབང་ལྔ་ཀ་རྫོགས་མཐར། དེ་དག་གིས་མ་རིག་པ་ལྔ་སྦྱོང་ནས་རིག་པའི་ཡེ་ཤེས་ལྔ་ཐོབ་བྱེད་ཡིན་ལ། དེ་བརྟན་པར་བྱ་བའི་སླད་དུ་སླར་ཡང་རྣམ་རྒྱལ་བུམ་པའི་དབང་བསྐུར་བ་ནི། ཧཱུྃ། བུམ་པ་འདི་ནི་སོགས་ནས། རྗེས་འབྲེལ་ཕྱག་མཚན་ལྔ་གཏད་པ་བཅས་བྱ།

ད་ནི་གཉིས་པ་ནང་ནུས་པ་འཇུག་པ་ལྷ་སྐུ་ཕྱག་རྒྱའི་དབང་བསྐུར་ཞུ་བའི་སླད་དུ་གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། ཀྱེ་ཧོ༔ བླ་མ་སོགས་ལན་གསུམ། ཁྱེད་རང་རྣམས་སེང་གེས་བཏེགས་པའི་སོགས་སྤྲོས་བཅས་ལྷ་དབང་ཡོངས་རྫོགས་དབང་ཕྱུག་ཉེར་བརྒྱད་ཀྱི་མཐར་ཐུག་པར་བསྐུར། སྲོག་ལ་དབང་ཐོབ་པར་གྱུར་ཅིག །བར་དང་། འདི་ལྟར་སྣང་བའི་སོགས་ངོ་སྤྲོད་ཅིང་རྟོགས་པ་བསྐྱེད། གཉིས་པ་གསང་བའི་དབང་ལ། ཐོག་མར་གསང་དབང་གི་ལམ་རང་བྱིན་གྱིས་བརླབས་པ་རྩ་རླུང་གི་རྣལ་འབྱོར་དང་འགལ་བའི་དམ་ཚིག་ཉམས་ཆག་ཐམས་ཅད་བཤགས་ཤིང་སྐོང་བའི་ཆོ་ག་འདི་ལྷན་ཅིག་ཏུ་གསུང་བར་ཞུ། ཨཿལུས་གནས་ཡི་གེ་སོགས་དང་། རཀྟའི་སྐོང་བ། གསང་དབང་དངོས་དང་རྗེས་འབྲེལ་ཟླས་ལུང་སྐབས། བོ་དྷི་ཙིཏྟ་དང་ཡིག་བརྒྱ་ལན་གསུམ་རེ་རྗེས་ཟློས་བྱར་གཞུག་ཅིང་རྟོགས་པ་བསྐྱེད། གསུམ་པ་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བ་ལ་ཐོག་མར་ཤེར་དབང་དང་འབྲེལ་བའི་ལམ་རྗེས་ཆགས་ཐིག་ལེའི་རྣལ་འབྱོར་དང་འགལ་བའི་དམ་ཚིག་ཉམས་ཆག་ཐམས་ཅད་བཤགས་ཤིང་སྐོང་བའི་ཆོ་ག་འདི་ལྷན་ཅིག་ཏུ་གསུང་བར་ཞུ། ཧཱུྃ། ལུས་ཁམས་བདུད་རྩི་སོགས་དང་། བདུད་རྩི་སྨན་གྱི་སྐོང་བ། ཤེར་དབང་དངོས་དང་། རྟོགས་པ་བསྐྱེད་པའི་བར་བྱའོ། །

བཞི་པ་ཚིག་དབང་རིན་པོ་ཆེ་བསྐུར་བ་ལ་ཐོག་མར་ཚིག་དབང་དང་འབྲེལ་བའི་ལམ་དེ་བཞིན་ཉིད་ཀྱི་རྣལ་འབྱོར་ལས་འདས་པའི་དམ་ཚིག་ཉམས་ཆག་ཐམས་ཅད་བཤགས་ཤིང་སྐོང་བའི་ཆོ་ག་འདི་ལྷན་ཅིག་ཏུ་གསུང་བར་ཞུ། ཧྲཱི༔ ཐབས་དང་ཤེས་རབ་སོགས་དང་། མར་མེའི་སྐོང་བ། ཚིག་དབང་དངོས་དང་རྟོགས་པ་བསྐྱེད་པ་བཅས་སོང་ནས། ད་ལྔ་པ་བྱིན་རླབས་གཏོར་མའི་དབང་བསྐུར་བ་ལ་ཐོག་མར་རྡོ་རྗེ་ཐེག་པའི་དམ་ཚིག་གི་གནད་ཐམས་ཅད་བསྡུས་ཏེ་བཤགས་ཤིང་ཆོས་ཉིད་དོན་དེ་རྟོགས་པའི་སྐོང་བ་འདི་དག་ལྷན་ཅིག་ཏུ་གསུང་པར་ཞུ། དུས་གསུམ་བདེ་གཤེགས་སོགས་དང་། ཆོས་ཉིད་དོན་སྐོང་། གཏོར་དབང་དངོས། མཐའ་རྟེན་བཀྲ་ཤིས་རྫས་རྟགས་རྒྱལ་སྲིད་སྣ་བདུན་བཅས་སྤྱི་འགྲེས་ཟུར་གསལ་ལྟར་སོང་ནས།

སྤྱི་དོན་གསུམ་པ་རྗེས་བརྟན་ཅིང་མཐའ་རྒྱས་པར་བྱེད་པ་ལ་གསུམ་སྟེ། དམ་ཚིག་ཁས་བླང་བ། དགའ་སྟོན་བྱ་བ། སྨོན་ལམ་གདབ་པ་རྣམས་ལས། དང་པོ་གསང་སྔགས་རྡོ་རྗེ་ཐེག་པའི་དབང་གི་སྲོག་རྩ་སྤྱི་དང་ཁྱད་པར་གྱི་སྡོམ་པས་དམ་ཚིག་མཐའ་དག་ཚུལ་བཞིན་བཟུང་བར་བགྱིའོ་སྙམ་པས་དམ་བཅའ་ཉེར་བརྒྱད་པ་འདི་ལྷན་ཅིག་ཏུ་གསུང་བར་ཞུ། ༀ། རྣལ་འབྱོར་དབང་པོ་སོགས་ནས། སྩལ་ཏུ་གསོལ། །བར་དང་། སླར་ཡང་བསྡུས་ཏེ་ཁས་བླངས་པ་འདིའི་རྗེས་ཟློས་མཛོད། གཅོ་བོས་ཇི་ལྟར་སོགས་ལན་གསུམ་གྱིས་དམ་ཚིག་ཁས་བླངས་དང་ལུས་ལོངས་སྤྱོད་འབུལ་ཞིང་།

དེ་ལྟར་དབང་བསྐུར་ལེགས་པར་ཐོབ་པའི་གཏང་རག་ཏུ་མཎྜལ་ཕུལ་མཛོད། ཅེས་མཎྜལ་ཕུལ། གཉིས་པ་དགའ་སྟོན་ཚོགས་ལ་རོལ་པ་ནི། ཧོ༔ ཚོགས་ཀྱི་མཆོད་པ་རྒྱན་དུ་རོལ༔ ཨ་ལ་ལ་ཧོ༔ ཞེས་བརྡ་དང་བརྡའི་འབུལ་ལེན་གྱིས་དཔོན་སློབ་ཐབས་ཅད་ཚོགས་ཀྱི་འཁོར་ལོའི་དགའ་སྟོན་ཚིིམ་པ་དྲུག་ལྡན་དུ་རོལ། ཚོགས་གླུ་ལེན་པར་སྤྲོ་ན་ཅང་ཏེའུ་སོགས་ཀྱི་སྒྲ་དང་བཅས་ལེན།

གསུམ་པ་གསང་སྔགས་ཟབ་མོའི་ལམ་འདིར་བརྟེན་ནས་བྱས་བསགས་ཀྱི་དགེ་ཚོགས་ཆུད་མི་ཟ་ཞིང་འདོད་པའི་དངོས་གྲུབ་དོན་གཉིས་ཀྱི་འབྲས་བུ་མྱུར་དུ་འགྲུབ་ཕྱིར་བརྡ་དོན་རྟགས་ཀྱི་རྟེན་འབྲེལ་དགོས་པ་ཁྱད་འཕགས་སྣང་གསལ་མར་མེའི་སྨོན་ལམ་འདི་ཉིད་འདུན་པ་རྩེ་གཅིག་པས་གསུང་བར་ཞུ། ཧཱུྃ་བླ་མེད་གསང་བ་སོགས་ནས། འགྲུབ་པར་ཤོག །བར་དང་། གཞན་ཡང་སྤྲོ་ན་སྨོན་ལམ་ཇི་ལྟར་རིགས་པ་བྱས་ལ་སློབ་མ་རྣམས་རང་གནས་སུ་གཏང་། སློབ་དཔོན་གྱིས་ཆོ་གའི་རྗེས་རིམ་རྣམས་དཀྱུས་སུ་བསྟན་པ་བཞིན་མཐར་དབྱུང་བས་གྲུབ་བོ། །ཞེས་པ་འདི་ཡང་སྦས་ཡུལ་ཀརྨ་རོང་དུ་གྲུབ་རིགས་ཀྱི་མྱུ་གུར་འཁྲུངས་ཤིང་ལམ་འདིར་མོས་པའི་སྔགས་ཀྱི་རྣལ་འབྱོར་པ་པདྨ་ཆེ་མཆོག་རྡོ་རྗེས་དོན་གཉེར་ཆེན་པོས་བསྐུལ་བའི་ངོར། རྒྱལ་ཁམས་པ་སངས་རྒྱས་རྡོ་རྗེས་སྒྲུབ་སྡེ་ཀུན་གྲོལ་འོད་གསལ་རྩེའི་བསམ་གཏན་ཁང་བུར་བྲིས་པ་འདིས་ཀྱང་ལམ་ཞུགས་རྣམས་ཀྱི་རྒྱུད་སྨིན་ཅིང་གྲོལ་བའི་རྒྱུར་གྱུར་ཅིག །སླར་ཡང་མཚམས་སྦྱོར་ཚིག་སྣ་ཅུང་ཟད་བསྲིང་ཤིང་ཞུས་དག་པར་བགྱིད་པ་པོ་ནི་འཇིགས་བྲལ་ཡེ་ཤེས་རྡོ་རྗེའོ།། །།


previousབར་དོ་ཐོས་གྲོལ་ཆེན་མོའི་རྩ་གཞུང་སྨིན་བྱེད་དབང་གི་རིམ་པའི་སྐོར་ཆ་ཚང་། next