Nitartha Digital Library
Tibetan
 
previousཞི་ཁྲོ་འདུས་པའི་ལས་བྱང་ཚོར་བ་རང་གྲོལ་གྱི་འབྲུ་འགྲེལ་ཀུན་ཏུ་བཟང་པོའི་དགོངས་རྒྱན།next

ཞི་ཁྲོ་འདུས་པའི་ལས་བྱང་ཚོར་བ་རང་གྲོལ་གྱི་འབྲུ་འགྲེལ་ཀུན་ཏུ་བཟང་པོའི་དགོངས་རྒྱན།

ཞི་ཁྲོ་འདུས་པའི་ལས་བྱང་ཚོར་བ་རང་གྲོལ་གྱི་འབྲུ་འགྲེལ་ཀུན་ཏུ་བཟང་པོའི་དགོངས་རྒྱན་ཞེས་བྱ་བ་བཞུགས་སོ། །

བརྟན་དང་གཡོ་བ་ཀུན་ལ་ཁྱབ་ཀྱང་ཀུན་ལ་མི་གནས་སྨྲ་བསམ་བརྗོད་བྲལ་རྫོག༵ས་པ་ཆེ། །སྲིད་དང་ཞི་ཞིང་༼བ༽རྣམ་པར་མི་རྟོག་རྣམ་པ་དུ་མ་སྐུ་དང་ཡེ་ཤེས་གཏེར༵་ཆེ༵ན་པོ། །ངོ་མཚར་པ༵ད་མ༵་སྒྱུ་འཕྲུལ་རོལ་པར་འཆར་ཀུ༵ན་སྒྱུ་མ་རང་གྲོ༵ལ་འཁོར་འདས་ཀུན་གྱི་མགོན། །ཀུན་ཏུ་བཟང་པོ་ལྷ་ཡི་ཚོགས་ཀྱི་ལྷར་གྱུར་ཕྱོགས་ལས་རྣམ༵་པར་རྒྱ༵ལ་བ་གང་དེར་འདུད། །གང་གི་ངོ་བོ་ཀ་ནས་དག་པས་རྟག་པའི་མཐའ་ལས་རྣམ་པར་གྲོལ། །རང་གདངས་མ་འགགས་ལྷུན་གྱིས་གྲུབ་པས་ཆད་པར་ལྟ་བ་རྣམ་པར་འཇིག །ཐུགས་རྗེའི་ཉི་མ་སྟོང་བདལ་སྐུ་དང་ཡེ་ཤེས་འོད་གསལ་འབྱམས་སུ་ཀླས། །ཞི་ཁྲོ་རིགས་བརྒྱའི་དཀྱིལ་འཁོར་ཡོངས་ཤར་འདུ་འབྲལ་མེད་པ་ཕྱག་གིས་མཆོད། །ཁྱབ་བདག་སྟོན་པ་གདོད་མའི་མགོན་པོ་འཁོར་འདས་སྤྱི་དཔལ་ཆོས་ཀྱི་སྐུ། །དྲུག་པའི་བདག་ཉིད་རྡོ་རྗེ་འཆང་དབང་ཁ་སྦྱོར་བདུན་ལྡན་རྡོ་རྗེ་སེམས། །གསང་ཆེན་མངའ་བདག་དགའ་རབ་དཔའ་བོ་དཔལ་གྱི་སེང་གེ་ཞེས་སུ་གྲགས། །དགོངས་པ་བརྡའ་བརྒྱུད་ཚོགས་ཀུན་བདེ་ཆེན་འཁོར་ལོའི་རྒྱན་དུ་འབྲལ་མེད་མཆོད། །ཕྱོགས་བཅུ་དུས་བཞིར་སྐུ་གསུམ་ཞིང་ཁམས་རྒྱ་མཚོའི་བདག །མཆོག་གསུམ་རྩ་གསུམ་སྐུ་གསུམ་རིག་འཛིན་བརྒྱུད་པར་བཅས། །འགྲོ་ཁམས་ཇི་སྙེད་གང་འདུལ་དེར་སྤྲུལ་ཀུན་འདུས་རྗེ། །མཚོ་སྐྱེས་རྡོ་རྗེས་རྟག་ཏུ་སྐྱོངས་ལ་ཤིས་པ་

སྩོལ། །རྒྱལ་བ་ཀུན་ཡུམ་རྡོ་རྗེ་རྣལ་འབྱོར་མ། །གསང་ཆེན་བཀའ་ཡི་སྡུད་པོ་མཚོ་རྒྱལ་དང་། །འཇིག་རྟེན་མིག་གཅིག་སྤྲུལ་པའི་རིག་པ་འཛིན། །ཅོག་རོ་ཀླུ་ཡི་རྒྱལ་མཚན་མགོས་ཕྱག་འཚལ། །བརྒྱུད་པའི་མན་ངག་ཟབ་དོན་སྙིང་པོར་དྲིལ། །གཞོམ་མེད་རྡོ་རྗེའི་སྒྲོམ་བུར་རྒྱས་བཏབ་པ། །གངས་ལྗོངས་འགྲོ་ལ་སྤེལ་མཁས་ཀརྨ་གླིང་། །ཉི་ཟླ་ནམ་མཁའ་རྒྱ་མཚོ་བརྒྱུད་བཅས་མཆོད། །དེ་ལས་བྱུང་བའི་གདམས་པ་ཟབ་མོའི་ཕུལ། །ཟབ་ལམ་རྡོ་རྗེ་གསུམ་གྱི་རྣལ་འབྱོར་མཆོག །མངོན་དུ་བྱེད་པའི་ཐབས་མཆོག་རྨད་བྱུང་བ། །ཐོས་གྲོལ་ཚོར་བ་རང་གྲོལ་ཞེས་བྱ་བའམ། །ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་གྱི། །ལས་བྱང་ཚོར་བ་རང་གྲོལ་འབྲུ་འགྲེལ་ནི། །ཀུན་ཏུ་བཟང་པོའི་དགོངས་རྒྱན་འདི་བསྟན་པས། །མཁའ་འགྲོ་དམ་ཅན་བཀའ་ཡིས་གནང་བ་སྩོལ། །ཞེས་མཆོད་པར་བརྗོད་པ་དང་བརྩམ་པར་དམ་བཅའ་བ་སྔོན་དུ་སོང་ནས་འདིར་གང་བརྗོད་པར་བྱ་བའི་དོན་ནི། སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་བར་དོ་རྣམ་པ་དྲུག་ཏུ་གཏན་ལ་ཕབ་ནས་ཟབ་ཆོས་ཀུན་གྱི་སྙིང་པོའི་ཡང་ཞུན་དུ་བཀོད་པ་ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་ལས། ཞི་ཁྲོ་འདུས་པའི་ལས་བྱང་ཚོར་བ་རང་གྲོལ་གྱི་འབྲུ་འགྲེལ་ཀུན་ཏུ་བཟང་པོའི་དགོངས་རྒྱན་ཞེས་བྱ་བ་འཆད་པ་ཡིན་ལ། དེ་ཡང་སྔོན་གྱི་དུས་སུ་རྒྱལ་བ་ཐམས་ཅད་ཀྱི་སྤྱི་གཟུགས་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱི་དྲུང་དུ། ཆོས་རྒྱལ་ཚངས་པ་ལྷའི་མེ་ཏོག་ཡབ་སྲས་དང་ལོ་ཙྪ་བ་ཅོག་རོ་ཀླུའི་རྒྱལ་མཚན། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ལ་སོགས་པ་ལས་ཅན་དག་པའི་འཁོར་རྣམས་ཀྱིས་གསེར་གཡུ་སོགས་རིན་པོ་ཆེའི་མཎྜལ་ཕུལ་ནས་ཞུས་པ་སྟེ། འདི་ཉིད་ཀྱི་བླ་མ་བརྒྱུད་པའི་ལོ་རྒྱུས་

ཆོས་འབྱུང་ནོར་བུའི་ཕྲེང་བ་ལས། ཀྱཻ་སློབ་དཔོན་ཆེན་པོ་ལགས། ཁྱེད་ཀྱི་ཐུགས་རྗེའི་བཀའ་དྲིན་ལ་སྐབས་(ཚད)མ་མཆིས་ཤིང་། སྔོན་ཆད་ཀྱང་ཐེག་པ་ཕྱི་ནང་གི་ཆོས་ཀྱི་སྒྲོན་མེ་དཔག་ཏུ་མེད་པ་ཐུགས་ལ་བཏགས་མོད་ཀྱང་ད་དུང་ཡང་བདག་ཅག་རྗེ་བློན་གྲོགས་འབངས་རྣམས་དང་། མ་འོངས་སྙིགས་དུས་ཀྱི་འགྲོ་བ་རྣམས་ཀྱི་དོན་དུ་ཐེག་པ་ཕྱི་ནང་གི་ཆོས་ཐམས་ཅད་ཀྱི་འགག་དོན་གཅིག་ཏུ་དྲིལ་ནས་ཚེ་གཅིག་ལ་སངས་རྒྱས་པའི་ཆོས་ཡུན་རིང་པོར་དཀའ་སྤྱད་སྙིང་རུས་ཀྱི་འབད་རྩོལ་ལ་མ་ལྟོས་པར། ཐོས་པ་ཙམ་གྱིས་གྲོལ་བའི་ཆོས་ཟབ་ཅིང་ཉུང་ལ་དོན་འདུས་པ་ཞིག་བཀའ་སྩལ་ཏུ་ུགསོལ་ཞེས་གདུང་ཤུགས་དྲག་པོས་མཆི་མ་བླག་ཅིང་ཞུས་པས། སློབ་དཔོན་ཆེན་པོ་དར་ཅིག་དགོངས་པ་ལ་བཞུགས་ནས་བཀའ་སྩལ་པ། ཀྱཻ་མངའ་བདག་རྒྱལ་པོ་ཡབ་སྲས་རྗེ་བློན་རྣམས་ཀྱི་ཐུགས་བཞེད་ལྟར་དཔལ་ཀུན་ཏུ་བཟང་པོའི་དགོངས་པ་མངོན་དུ་ཕྱུང་བ་རྫོགས་པ་ཆེན་པོའི་རྒྱུད་འབུམ་ཕྲག་དྲུག་ཅུ་རྩ་བཞིའི་གནད་འགག་གཅིག་ཏུ་དྲིལ་ནས་ཐོས་པ་ཙམ་གྱིས་ངན་སོང་གི་སྐྱེ་སྒོ་གཅོད་པ། གོ་བ་ཙམ་གྱིས་བདེ་ཆེན་ས་ལ་གཤེགས་པ། དོན་ཡིད་ལ་བྱེད་པ་རྣམས་ནི་ལྷུན་གྱིས་གྲུབ་པའི་རིག་འཛིན་ཕྱིར་མི་ལྡོག་པའི་ས་ལ་གཤེགས་པར་བྱེད་པ། གང་འབྲེལ་ཐམས་ཅད་དོན་ཆེན་དང་ལྡན་པའི་ཆོས་དེ་ལྟ་བུ་ཞིག་བདག་ལ་ཡོད་ཀྱང་། གདུལ་བྱ་བློ་ཆུང་ཐེག་དམན་གྱི་རིགས་སྐལ་མེད་ལོག་ལྟ་ཐེ་ཚོམ་ཅན་གྱི་བློར་མི་ཤོང་ནས་སླར་སྐུར་བ་འདེབས་པས་ངན་སོང་དུ་འཕེན་པས་ན་ཁྱེད་རྣམས་ཀྱིས་རླུང་ཕྱོགས་ཙམ་ཡང་གཞན་སུ་ལ་མ་བསྒྲགས་ཤིག །མ་འོངས་སྙིགས་དུས་ཀྱི་འགྲོ་རྣམས་ཀྱི་དོན་དུ་གཏེར་དུ་སྦ་བར་བྱའོ། །ཞེས་གསུངས་ནས། ཆོས་ཐམས་ཅད་མདོ་འགག་གཅིག་ཏུ་དྲིལ་ནས་ཟབ་ཆོས་ཞི་

ཁྲོ་དགོངས་པ་རང་གྲོལ་ཞེས་བྱ་བར་མཚན་གསོལ་ཏོ། །མ་འོངས་སྙིགས་དུས་ཀྱི་འགྲོ་བ་བསོད་ནམས་དམན་པ་རྣམས་ལ་དགོངས་ཏེ། དྭགས་ལ་སྒམ་པོའི་རི་ལྷ་བྲན་གར་བྱེད་འདྲ་བའི་གནས་སུ་གཏེར་དུ་སྦས་ནས། སྐལ་ལྡན་ལས་འཕྲོ་ཅན་ལ་སྨོན་ལམ་བཏབ་པ་ནི། དེ་ཉིད་ཀྱི་བདེ་ཆེན་རང་གྲོལ་ལས། ཨེ་མ་ཆོས་རྣམས་ཀུན་ཀྱི་མཐར་ཐུག་པ༔ ཡང་གསང་བླ་མེད་ཀུན་གྱི་སྙིང་པོ་མཆོག༔ སྡུག་བསྔལ་བདེ་བ་ཆེན་པོར་གྲོལ་བའི་ཐབས༔ ད་ལྟ་མངོན་པར་སངས་རྒྱས་རང་ཐོབ་ཡིན༔ དུས་གསུམ་རྒྱལ་བའི་དགོངས་པ་སྙིང་པོའི་དོན༔ བཅུད་བསྡུས་མར་གྱི་སྙིང་པོའི་ཡང་ཞུན་འདི༔ བདག་འདྲ་ཨོ་རྒྱན་པདྨ་འབྱུང་གནས་ཀྱིས༔ ཕྱི་རབས་འགྲོ་བ་རྣམས་ཀྱི་དོན་དུ་བཀོད༔ སུ་ལ་མ་སྤེལ་རིན་ཆེན་གཏེར་དུ་སྦོས༔ མ་འོངས་སྙིགས་མའི་དུས་ཀྱི་ཐ་མ་ལ༔ ལྔ་བཅུ་ཁ་རལ་དུས་ཀྱི་ཐ་མའི་དུས༔ དེ་དུས་འདི་འདྲའི་གདམས་པ་མེད་པ་ཀུན༔ ངན་སོང་གནས་སུ་འགྲོ་བར་ཐེ་ཚོམ་མེད༔ དེ་ཕྱིར་སྙིགས་མའི་སེམས་ཅན་ལ་ཕན་ཕྱིར༔ ཡི་གེར་བཏབ་ནས་སྒམ་པོའི་རི་ལ་སྦས༔ དེ་དུས་སྙིང་གི་བུ་མཆོག་སྐལ་ལྡན་ཅིག༔ ཕ་ལ་གྲུབ་ཐོབ་ཉི་ཟླའི་མིང་ཅན་འབྱུང་༔ ཀརྨ་གླིང་པ་ཞེས་བྱའི་སྙིང་སྟོབས་ཅན༔ བརླ་གཡས་སྨེ་བ་ཡེ་ཤེས་སྤྱན་འདྲས་མཚན༔ འབྲུག་སྦྲུལ་ལོ་པ་ལས་ཀྱི་དཔའ་བོའི་རིགས༔ སྐལ་ལྡན་སྐྱེས་བུ་དེ་དང་འདི་འཕྲད་ཤོག༔ ཅེས་གསུངས་པ་དེ་ལྟ་བུ་འཆད་པ་ལ་དོན་གསུམ་སྟེ། མཚན་གྱི་དོན་བསྟན་པ། དོན་གྱི་ཁོག་ཕུབ་པ། ཇི་ལྟར་བྱུང་ཁུངས་སྨོས་པའོ། །དང་པོ་ནི། གམྦྷི་རའི་སྒྲ་ལས་ཟ༷བ་པ་སྟེ་ཐེག་པ་ཐམས་ཅད་ཀྱི་རྩེ་མོ། ནང་རྒྱུད་ཡོ་ག་གསུམ་གྱི་ཡང་སྙིང་། མན་ངག་ཐམས་ཅད་ཀྱི་གནད་འགག་གཅིག་ཏུ་དྲིལ་བ་ཟབ་པ་ལས་ཀྱང་ཆེས་ཟབ་པའི་གདམས་པ་བླ་ན་མེད་པ་སྟེ། འཇམ་དཔལ་སྒྱུ་

དྲྭ་ལས། དོན་ཟབ་དོན་ནི་རྒྱ་ཆེ་བ། །དོན་ཆེན་མཚུངས་མེད་རབ་ཞི་བ། །ཐོག་མ་བར་དང་མཐར་དགེ་བ། །ཞེས་པ་ལྟ་བུའོ། །དེ་ཉིད་ཀྱང་སྣོད་མིན་ལ་ཤིན་ཏུ་གསང་བར་བྱ་བའི་ཆོ༷ས་ཏེ། རྡོ་རྗེ་ཕྲེང་བ་ལས། ཆོས་རྣམས་དབུས་ནས་གནས་པའི་ཁམས། །ཁྱབ་ཅིང་སྤྱོད་ཡུལ་མ་ཡིན་ཏེ། །ཞེས་སོ། །ལྷ་ཞི༷་བ་དང་ཁྲོ༷་བོ་སྒྲུབ་པའི་ཐབས་ཆོས་ཐམས་ཅད་ཆོས་ཉིད་ཀུན་ཏུ་བཟང་པོའི་དགོ༷ངས་པ༷་ར༷ང་བཞིན་དུ་གྲོ༷ལ་བའི་རིམ་གཉིས་ཀྱིས་བསྡུས་པའི་རྒྱབ་ཆོས་མང་དུ་ཡོད་པ་ལས་ཞི་བ་དང་ཁྲོ་བོ་མ་ལུས་ཐམས་ཅད་འདུས་པའི་ཕྲིན་ལ༷ས་ཀྱི་བྱང༷་བུ་སྟེ། དེ་ཡང་འགྲོ་བ་གང་གིས་ཐོས་པའམ་ཚོར༷་བ༷་ཙམ་གྱིས་ཀྱང་དཔལ་ཀུན་ཏུ་བཟང་པོའི་དགོངས་པ་ར༷ང་བཞིན་གྱིས་གྲོ༷ལ་བར་བྱེད་པ་ཞེས་བྱ་བའི་སྒྲུབ་ཐབས་བཞུ༷གས་ཞེས་ཏེ། དེ་ཡང་བསྟན་པ་བུ་གཅིག་ལས། བཀླགས་པས་ཐོས་ཚད་འཚང་རྒྱ་བས༔ དེ་ཕྱིར་ཐོས་གྲོལ་ཞེས་བྱའོ༔ དབུགས་ལ་སླེབས་ཚད་འཚང་རྒྱ་བ༔ དེ་ཕྱིར་ཚོར་གྲོལ་ཞེས་བྱའོ༔ ཞེས་སོ། །གཉིས་པ་ལ་གསུམ་སྟེ། དོན་ལ་འཇུག་པའི་ཡན་ལག །འཇུག་བྱ་གཞུང་གི་དོན། རྗེས་ཀྱི་བྱ་བ་དང་གསུམ། དང་པོ་ལའང་གཉིས་ཏེ། མཆོད་པར་བརྗོད་པ་དང་། དམ་བཅའ་བའོ། །དང་པོ་ནི། མཁའ་འགྲོའི་བརྡ་ཡི་ཡི་གེས་ཐོག་དྲངས་ཏེ། ཇི་སྐད་དུ་ལུང་བསྟན་ལས། གཏེར་གྱི་ཆོས་འདི་ཤིན་ཏུ་གཉན༔ རིན་ཆེན་སྦྱོར་བའི་བཅུད་ལེན་ནི༔ རྙེད་པར་དཀའ་ཞིང་འཇུ་བའང་དཀའ༔ ཞེས་དང་། གནམ་ལྕགས་བྲག་གི་གཏེར་བྱང་ལས། མ་འོངས་སྐྱེ་བོ་བྱོལ་ཉོག་པས༔ གཟུ་ལུམས་རས་ཆོད་དར་བའི་ཚེ༔ ཟབ་ཆོས་ཕལ་གྱི་ནུས་མཐུ་ཡལ༔ བསྒྲུབས་ཀྱང་དོན་མེད་ངལ་བའི་ལས༔ བརྩེ་ཆེན་འགྲོ་ལ་ཕན་བཞེད་ནས༔ ཟབ་མོའི་

གདམས་པ་ཇི་སྙེད་པ༔ བཀའ་རྒྱས་བཏབ་ནས་གཏེར་དུ་སྦས༔ ཞེས་གསུངས་པ་དང་ཚུལ་མཐུན་པར་སྤྲུལ་བའི་གཏེར་སྟོན་རྣམས་ཀྱིས་ཀྱང་། དཔེར་ན་རྒྱལ་པོའི་བཀའ་རྟགས་མི་འགྱུར་བའི་ཕྱག་རྒྱས་བཏབ་པ་བཞིན་དུ། བཀའ་རྟགས་ཀྱི་ཕྱག་རྒྱ་མ་ཞིག་པ་དང་། ཟབ་དོན་གྱི་གནད་མི་འཆུགས་པའི་ཕྱིར་དུ་ཐོག་མཐའ་བར་གསུམ་མཁའ་འགྲོའི་བརྡའི་ཕྱག་རྒྱས་བཏབ་པའོ། །རྒྱལ་བ་ཐམས་ཅད་ཀྱི་སྤྱི་མྱེས་དཔལ་ཀུ༷ན་ཏུ་བཟ༷ང་པོ་དང་། ཁྲོ་བོ་ཐམས་ཅད་ཀྱི་ཆེ༷་བཙུན་དཔལ་ཁྲོ་མཆོ༷ག་ཧེ་རུ་ཀ་ལ་སོགས་པ་ཞི་༷བ་དང་ཁྲོ༷་བོའི་སྤྲིན་རབ་འབྱམས་ཀྱི་ལྷ༷་ཚོགས་ཐམས་ཅད་དང༷་། དོན་དམ༷་པར༷་དེ་དག་ཐམས་ཅད་ཞི་ཁྲོ་རི༷གས་བརྒྱ༷་འདུ༷ས་པ༷འི་དཀྱིལ་འཁོར་གྱི་ལྷ༷་ཚོ༷གས་ལ༷་རྫོགས་ཤིང་འདུས་པས་ན། ཧེ་བཛྲ་ལས། རིགས་གཅིག་ལས་ནི་དེ་བཞིན་གཤེགས་པའི་ཚོགས། །རིགས་ཀྱི་ཚོགས་ལས་རིག་འཛིན་རྣམ་པ་བརྒྱ། །ཞེས་སོ། །དེ་ཡང་ཀུན་བཟང་ཉིད་སངས་རྒྱས་ཐམས་ཅད་ཀྱི་སྤྱི་དཔལ་ཡིན་བཞིན་མཉམ་ཉིད་ལྟ་བའི་ཕྱག་སྟེ། ཀླུ་སྒྲུབ་ཀྱིས། ཇི་ལྟར་ཆུ་ལ་ཆུ་བཞག་དང་། །ཇི་ལྟར་མར་ལ་མར་བཞག་ལྟར། །རང་གི་རང་རིག་ཡེ་ཤེས་ནི། །ལེགས་མཐོང་གང་ཡིན་འདིར་ཕྱག་ཡིན། །ཞེས་དང་། སེམས་ཅན་ཐམས་ཅད་ཀྱིས་སྒོ་གསུམ་གུས༷་པ༷་ཆེན་པོས་ཕྱ༷ག་འཚལ་བའི་དགོངས་པ་མཛད་དེ། ཇི་སྐད་དུ། ཕྱག་བྱར་འོས་པ་ཐམས་ཅད་ལ། །ཞིང་རྡུལ་ཀུན་གྱི་གྲངས་སྙེད་ཀྱིས། །ལུས་བཏུད་པས་ནི་རྣམ་ཀུན་ཏུ། །མཆོག་ཏུ་དང་བས་ཕྱག་འཚལ་ལོ། །ཞེས་ཀུན་རྫོབ་དང་དོན་དམ་གྱི་ཕྱག་མཛད་པའི་མཐུས། ཐམས་ཅད་པོ་ར༷ང་རི༷ག་རང་སར་གྲོལ༷་ནས༷་དེ་དག་ཀྱང༷་འགྲོ༷་བ་རིགས་དྲུག་གི་ཁམས་སུ་ཁ་མི་འཁོར་བར། ཀུན༷་ཀྱང་ངོ་བོ་ཆོས་སྐུ། རང་བཞིན་ལོངས་སྐུ།

ཐུགས་རྗེ་སྤྲུལ་སྐུ་སྟེ། སྐུ༷་གསུ༷མ་གྱི་དོན་ཟབ་མོ་རྟོགས་ཏེ་བླ་ན་མེད་པའི་གོ་འཕང་ལ༷་གན༷ས་པར་གྱུ༷ར་ཅི༷ག །ཅེས་སྨོན་ལམ་དང་བཅས་མཛད་པའོ། །གཉིས་པ་ནི། བད༷ག་འ༷དྲ་བའི་ཨོ༷་རྒྱ༷ན་གྱི་མཁན་པོ་པདྨ༷་འབྱུ༷ང་གན༷ས་སུ་གྲགས་པ་ང༷ས། ཟབ་ལམ་སྟོན་པའི་སྣོད་དུ་རུང་བའི་སྐ༷ལ་བ་ལྡ༷ན་པའི་སྐྱེ༷ས་བུ༷་དམ་པ་ལས༷་ཀྱི་འཕྲོ་ཅ༷ན་རྣ༷མས་ཀྱི༷་དོ༷ན་དུ་{བདེ་བར་}བདེ༷་བར་གཤེ༷གས་པ་ཞི༷་བ་དང་། ཁྲོ༷་བོ་ཐམས་ཅད་འདུ༷ས་པའི༷་ཕྲིན་ལ༷ས་ཀྱི་བྱང༷་བུ་བསྟ༷ན་པར་བྱ་བ་ཡིན་པས། འདི༷་ན་ཇི་ལྟར༷་བཤད་པ་བཞིན་དུ་ཉམ༷ས་སུ༷་ལོང༷ས་སྤྱོད་པར་གྱིས་ཤི༷ག་ཀྱཻ་རི༷གས་ཀྱི༷་བུ༷་རྣམས་ཞེས་པའོ། །དགོས་པ་ཅི་ཞིག་གཟིགས་ནས་ཤེ་ན། ཐབས་འདིས་ཚེ་འདི་ལ་རྡོ་རྗེ་འཆང་གི་གོ་འཕང་དཀའ་བ་མེད་པར་འགྲུབ་པར་བྱེད་པ་ལ་མི་བསླུ་བར་གཟིགས་ནས་ཏེ། རྡོ་རྗེ་གསང་བའི་རྒྱུད་ལས། ཤིན་ཏུ་བརྩོན་པས་གང་བསྒྲུབ་པ། །ཚེ་འདི་ཉིད་ལ་སངས་རྒྱས་ཏེ། །གདུལ་བྱའི་ཞིང་དུ་མཛད་པ་སྟོན། །གྲངས་མེད་རྡོ་རྗེ་འཆང་རྣམས་ཀྱི། །ཟབ་མོའི་ཉེ་ལམ་མཐར་ཐུག་པའོ། །ཞེས་པ་ལྟར་རོ། །གཉིས་པ་གཞུང་དོན་དངོས་ལའང་གསུམ་སྟེ། སྤྱིའི་ཆིངས། སྔོན་འགྲོའི་ས་བཅད། དངོས་གཞིའི་དོན་དང་གསུམ་མོ། དང་པོ་ནི། འདི༷་ལ༷་སྤྱི༷་དོ༷ན་རྣ༷མ་པ༷་བཅོ༷་བརྒྱ༷ད་བསྟ༷ན༔ བཀ༷འ་བསྒོ་༷མཚ༷མས་བཅ༷ད་ཕྱ༷ག་རྒྱ༷་བཟུ༷ང་༔ སྔོན༷་འགྲོ༷་ཡ༷ན་ལ༷ག་བཅུ༷་པ༷་དང༷་༔ སྨན༷་ར༷ཀ་གཏོ༷ར་གསུ༷མ་བྱི༷ན་གྱི༷ས་བརླ༷བ༔ གཞ༷ལ་ཡ༷ས་ཁོ༷ག་དབུ ༷བ་ལྷ༷་བསྐྱེ༷ད་དང༷་༔ སྤྱ༷ན་འདྲེ༷ན་བཞུག༷ས་གསོ༷ལ་ཕྱ༷ག་འཚ༷ལ་ཞིང༷་༔ མཆོ༷ད་གཏོ༵ར་བསྟོ༷ད་བཤ༷གས་ཚོ༷གས་ལ༷ས་བྱ༷༔ བསྐུ༷ལ་དང༷་ཆ༷ད་མ༷དོ་སྒོ༷་དབྱེ༷་དང༷་༔ གཏོར༷་སྐྱོ༷ང་བྲོ༷་དང༷་སྨོ༷ན་ལ༷མ་གད༷བ༔ ལེ༷འུ་བཅོ༷་བརྒྱ༷ད་ལ༷ས་བྱ༷ང་གྲ༷ངས༔ སྐལ༷་ལྡན༷་རྣམ༷ས་ཀྱི༷ས་ཉམ༷ས་སུ་ལོ༷ངས༔ ཞེས་པའི་གོ་རིམ་ལྟར་གོ་

སླ་བའོ། །གཉིས་པ་ལའང་ལྔ་སྟེ། དང༷་པོ༷་བགེ༷གས་ལ༷་བཀ༷འ་བསྒོ༷་བ༷་ནི༷། ཡི་གེ་ཧཱུ༷ྃ་ཞེས་པས་མགོ་དྲ༷ངས་ཏེ། རྡོ་རྗེ་རྩེ་མོ་ལས། ཡི་གེ་ཧཱུྃ་ནི་ཅི་ཞིག་བརྗོད། །སྡུག་བསྔལ་འཆོས་ཤིང་འཇོམས་བྱེད་པ། །སྲིད་པའི་འཇིགས་པ་འཇོམས་པར་བྱེད། །གདུག་པ་བསྔངས་ཤིང་གསོད་བྱེད་དཔལ། །ཧཱུྃ་ནི་མཆོག་ཏུ་དྲན་པར་བྱ། །ཞེས་པ་ལས་འདིར་གདུག་པ་ཅན་སྔངས་བར་བྱེད་པའི་དོན་དུའོ། །ང༷་ཉི༷ད་ཅེས་པ་སྤྲོ་བའི་གཞི་འགོད་པའི་ཆེད་དུ་ལྷ༷་ཡི༷་ང་༷རྒྱ༷ལ་འཛིན་པ་སྟེ། དེ་ཡང་རང་རིག་གཉུག་མ་མི་ཤིགས་པའི་ངོ་བོ་དེ་ཉིད་དེ་བཞིན་གཤེགས་པ་ཀུན་གྱི༷་ཐུགས་རྡོ་རྗེའི་རང་བཞིན་དཔལ་རྡོ་རྗེ་སེམས་དཔའ་གསལ་བའི་ཐུགས་ཀ་ནས་སྙིང་རྗེ་ཆེན་པོའི་རང་རྩལ་ཡེ་ཤེས་ལྔ་ཡི་འོ༷ད་དང༷་འོ༷ད་ཟེ༷ར་ཕྱོ༷གས་བཅུ༷ར་འཕྲོ༷་བ་དང་བཅས་པས༷། སྟེང༷་དང་འོ༷ག་དང་། ཕྱོག༷ས་བཞི་དང་། མཚ༷མས་བཞི་སྟེ་ཐམ༷ས་ཅ༷ད་མ་ལུས་ཀུན༷་ཏུ་ར༷ང་གི་རི༷ག་པ་སྟོང༷་གས༷ལ་འགག་པ་མེད་པའི་རི༷ག་པ༷འི་མད༷ངས་ཀྱི་རོལ་བ་ཙམ་དུ། ཀུན༷་ཏུ་བཟ༷ང་པོ་དང་། རྣམ་སྣང་དང་། རིན་འབྱུང་དང་། སྣང་མཐའ་དང་། དོན་གྲུབ་སྟེ་རྒྱལ་བ་རི༷གས་ལྔ༷་ལ་སོགས་པ་ཞི་བ་རྡོ་རྗེ་དབྱིངས་ཀྱི་ལྷ་ཚོགས་དང་། གང་དག་གདུག་པ་ཅན་རྣམས་ཀྱི་དོན་དུ་རྡོ༷་རྗེ༷་སེམ༷ས་དཔའི་ཐུགས་རྗེ་དྲག་པོའི་རྩལ་སྣང་ལས་རང་བྱུང་བ་རབ༷་ཏུ་འཇི༷གས་པ་ཁྲ༷ག་འཐུ༷ང་ཆེ་མཆོག་ཧེ་རུ་ཀ་ལ་སོགས་པ་སྤྲུལ་པ་ཡང་སྤྲུ༷ལ་དང་བཅས་པའི༷་ཚོ༷གས་ཆེན་པོའི་རྣམ་པར་ཤར་བ་ནི་སྣང༷་ལ༷་རང༷་བཞི༷ན་མེ༷ད་པ༷་མེ་ལོང་གི་གཟུགས་བརྙན་དང་། སྟོང་ལ་འགག་པ་མེད་པ་ནམ་མཁའ་ཡི༷་འཇའ་འོད་དང་གློག་ལྟ་བུ། གཉིས་སུ་མེད་པའི་ཡེ་ཤེས་ཀྱི་རོལ་བ་ཆེན་པོས༷། རབ༷་ཏུ༷་ག༷ང་ནས༷། དེ་དག་ལས་ཀྱང་ཆོ་

འཕྲུལ་ཆེན་པོའི་རང་འོ༷ད་ཆེར་འཕྲོ༷ས་འཁྲུགས་༼འཁྲིགས་༽པས༷། ལུས༷་དང་ང༷ག་དང་སེམ༷ས་ལ༷་གནོ༷ད་འཚེ་བར་ཆད་བྱེ༷ད་ཅི༷ང་མཆོ༷ད་པ༷འི་མད༷ངས་འཕྲོ༷ག་པར་བྱེད་པའི་རིགས་ཐམས་ཅད་མ༷་རི༷ག་པའི་འཁྲུལ་ངོར་ཤར་བ་ཙམ་ལས་བགེ༷གས་ཞེས་བྱ་བ་ལོགས་ན་མེད་དེ། དེ་དག་ཀྱང་ཀུན་ནས་སློང་བར་བྱེད་པའི་རྐྱེན་ཉོ༷ན༷་མོ༷ངས་པ་དུག་ལྔ་དང་། དེ་ཡང་དོན་དུ་མ༷་རི༷ག་པ༷འི་རྒྱུ༷་ལ༷ས་བྱུ༷ང་བ་ཁོ་ན་ཡིན་པས། དེང་ནས་རྒྱུ༷་མ་རིག་པ་དང་རྐྱེན་ཉོན་མོངས་པ་དུག་ལྔ་སེར་སྣ་དང་དྲུ༷ག་པོ་འདི་དག་ཁམས་གསུམ་གྱི་འཁོ༷ར་བ༷འི་ལམ༷་རྣམ་པར་དག༷ག་པའི་ཕྱི༷ར་དུ་གཉིས་སྣང་གི་གནས་སྐབས་འདི༷་རུ་༷མ༷་འདུ༷ག་པར་གཉིས་མེད་ཡེ་ཤེས་ཀྱི་ཀློང་ཆེན་པོའི་གནས་གཞ༷ན་དུ་དེ༷ངས་ཤི༷ག །ཅེས་དང་། སྡུག་བསྔལ་ཐམས་ཅད་འཆོས་ཤིང་འཇོམས་པས་ན་ཧཱུ༷ྃ། སྲིད་པའི་འཇིགས་པ་ཐམས་ཅད་འཇོམས་པའི་ཕྱིར་ཧཱུ༷ྃ། བྱེར་ཅིག་ཅེས་པས་ཨུ༷་ཙ་༷ཏ༷་ཡ༷། གདུག་པ་ཅན་འཇོམས་པར་བྱེད་པས་ཕཊ༔ ཅེས་ཏེ་རྩེ་མོ་ལས། ཡི་གེ་ཕཊ་ནི་ཅི་ཞིག་བརྗོད། །གདུག་དང་སྡུག་བསྔལ་འཇོམས་བྱེད་ཅིང་། །བདེ་བ་དག་ནི་འགུགས་པར་བྱེད། །ཕཊ་ནི་འཇོམས་བྱེད་སྒྲ་ཡིན་ཏེ། །གྲོགས་དང་བཅས་པ་འཇོམས་པར་བྱེད། །ཅེས་དང་། དེ་ཡང་སྒྱུ་འཕྲུལ་མེ་ལོང་ལས། ཀུན་རྟོག་འདུ་ུཤེས་ཀུན་སྤངས་ན། །བགེགས་ཀྱི་སྦྱོར་བ་ཡོང་མི་འགྱུར། །དེ་བས་རྣམ་རྟོག་བགེགས་ཡིན་པར། །ཡང་དག་རིག་པ་ཉིད་ཀྱིས་གསུངས། །ཞེས་དང་། གསང་འགྲེལ་ལས། མཚམས་ཀྱི་རྒྱལ་པོ་མི་རྟོག་ཡེ་ཤེས་ཀྱིས། །བགེགས་ཀྱི་རྒྱལ་པོ་རྣམ་རྟོག་མནན་པར་བྱ། །ཞེས་སོ། །དགོས་པ་ནི། རྒྱུ་མ་རིག་པའི་ཆོ་འཕྲུལ་ལས་བྱུང་བའི་རེ་དོགས་མ་སྤངས་དབྱིངས་སུ་དག །སངས་རྒྱས་པའི་ཚེ་བདུད་བཞི་ངང་གིས་ཐུལ་བའི་རྟེན་འབྲེལ་རྫོགས། རྫོགས་

རིམ་གྱི་ཚེ་རྩ་ཐིག་རླུང་གི་གེགས་རྣམས་རང་སར་ཞི་བའི་ནུས་པ་མ་བྱས་ལྷུན་གྲུབ་ཏུ་སྨིན་པའོ། །གཉི༷ས་པ་མཚ༷མས་གཅོ༷ད་པ༷་ནི༷། ཧཱུ༷ྃ་སྔར་བཞིན། རང༷་{རིག་}རི༷ག་པའི་ངོ་བོ་དཔལ་རྡོ༷་རྗེ༷་སེམ༷ས་དཔ༷འ་གསལ་བ་སྟེ༷། དེ་ཡང་འདས་དང་མ་འོངས་པ་ད་ལྟ་བ་སྟེ། དུས༷་གསུ༷མ་གྱི་སང༷ས་རྒྱ༷ས་སྲས་དང་བཅས་པ་འདུས༷་པའི༷་བདག་ཉིད་སྐུའི༷་གཟི༷་བརྗི༷ད་ཉི་མ་འབུམ་ལས་ཆེས་ལྷག་པ་དང་ལྡ༷ན་པ༷འི་ཐུ༷གས་ཀ༷་དེ་རུ༷། པདྨ་དང་ཉི་མ་ལ་གནས་པའི་ཐུགས་རྗེ་དྲ༷ག་པོའི༷་བྱི༷ན་གྱིས་བརླ༷བས་པའི་ཆོ་འཕྲུལ་རི༷ག་པའི་རང་མདངས་རྩལ༷་འགག་པ་མེད་པ་ལ༷ས་བྱུང་བའི་བདེ་བར་གཤེགས་པ་ཐམས་ཅད་ཀྱི་ཐུགས་གས༷ང་བའི༷་བད༷ག་པོ༷་རྡོ༷་རྗེ༷་འཛི༷ན་པ་མཐིང་ནག་རྡོ་རྗེ་དང་སྡིགས་མཛུབ་མཛད་པ་གསལ་བའོ། །དེ་ཡང་ཕྱོགས་བཅུ་དུས་གསུམ་གྱི་སང༷ས་རྒྱ༷ས་སྲས་དང་བཅས་པ་ཀུན༷་གྱི༷ས་དབ༷ང་བསྐུ༷ར་ཅི༷ང་བྱིན་གྱིས་བརླབས་པ། གང་དག་ཞི་བས་མི་ཐུལ་བའི་གདུ༷ག་པ༷་ཅ༷ན་འདུ༷ལ་བ༷ར་བྱེད་པ་སོགས་རབ༷་ཏུ་བསྔ༷གས་པར་བྱས་པ༷ས་ན་ཁྲོ་བོ་ཆེན་པོའི་ཐུ༷གས་ཀྱི༷་སྤྲུ༷ལ་པ༷ས་སྟོང༷་གསུ༷མ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཁྱ༷བ་པ་ནི། ཧེ་རུ་ཀ་གལ་པོ་ལས། ཁྲོ་བོའི་ཚུལ་ཅན་ཁྲོས་པས་ཀྱང་། །འཇིག་རྟེན་གསུམ་པོ་སྲེག་བྱེད་ན། །སངས་རྒྱས་ཐམས་ཅད་ཁྲོས་པ་ཡིས། །ཁམས་གསུམ་མ་ལུས་སྨོས་ཅི་དགོས། །ཞེས་པའོ། །དེ༷་ལྟ་བུ་ལ༷ས་འཕྲོ༷ས་པ༷འི་འོ༷ད་དང་ཟེ༷ར་ཐམས་ཅད་ཚུར༷་འདུས་པ་ལས་སླར་ཡང་གཟི་བྱིན་མཆོག་ཏུ་འབར་བ་དང་། ཐུགས་ཀ་ནས་ཐུགས་ཀྱི་ས་བོན་ཧཱུ༷ྃ་མཐིང་ག་འཕྲོ༷ས་ཏེ་ཤ༷ར་གྱི་ཕྱོ༷གས་ནས་བརྩམས་སྟེང་། འོག་ཕྱོགས་མཚམས་ཐམས་ཅད་རྡོ༷་རྗེ་༷སྔོན་པོ་འབར་བས་གཏ༷མས་པ་དང་། དེ་བཞིན་དུ་ཡོན་ཏན་གྱི་

ས་བོན་ཏྲ༷ྃ་སེར་པོ་འཕྲོ༷ས་ཏེ་ལྷོ༷་ཡི་ཕྱོ༷གས་ནས་བརྩམས་སྟེང་འོག་ཕྱོགས་མཚམས་ཐམས་ཅད་རི༷ན་ཆེ༷ན་སེར་པོ་འབར་བས་གཏ༷མས་པ་དང་། གསུང་གི་ས་བོན་ཧྲཱི༷ཿདམར་པོ་འཕྲོ༷ས་ཏེ་ནུ༷བ་ཀྱི་ཕྱོ༷གས་ནས་བརྩམས་སྟེང་འོག་ཕྱོགས་མཚམས་ཐམས་ཅད་པདྨ༷་དམར་པོ་འབར་བས་གཏ༷མས་པ་དང་། ཕྲིན་ལས་ཀྱི་ས་བོན་ཨཱ༷ཿལྗང་གུ་འཕྲོ༷ས་ཏེ་བྱ༷ང་གི་ཕྱོ༷གས་ནས་བརྩམས་སྟེང་འོག་ཕྱོ༷གས་མཚ༷མས་ཐམས་ཅད་རྒྱ༷་གྲ༷མ་སྣ་ཚོགས་མདོག་འབར་བས་གཏ༷མས་པ་དང་། སྐུའི་ས་བོན་ༀ༷་དཀར་པོ་འཕྲོ༷ས་ཏེ་སྟེ༷ང་གི་ཕྱོ༷གས་ནས་བརྩམས་སྟེང་འོག་ཕྱོགས་མཚམས་ཐམས་ཅད་འཁོ༷ར་ལོ༷་དཀར་པོ་འབར་བས་གཏ༷མས་པ་དང་། འབར་བའི་ས་བོན་ར༷ྃ་དམར་པོ་འཕྲོ༷ས་ཏེ་ཕྱི༷་ནས་རི༷མ་པ་བཞིན་དུ་སྟེང་འོག་ཕྱོགས་མཚམས་ཐམས་ཅད་མེ༷་དཔུ༷ང་མཐའ་མེད་དུ་འབ༷ར་བ་དང་བཅས་པ། དེ་དག་ཀྱང་ནང་ནས་ཕྱིར་རིམ་པ་བཞིན་དུ་རྡོ༷་རྗེ༷་དང་། རི༷ན་ཆེ༷ན་དང་། པ༷དྨ༷་དང༷་། རྒྱ༷་གྲ༷མ་དང་། འཁོ༷ར་ལོ༷་སྟེ་ཐམས་ཅད་ཀྱང་གྱེན་འགྲེང་དང་ཐུར་རྒྱུག་སྤེལ་མར་བྱས་པའི་གུར་ཁང་དང་། རྡོ་རྗེ་སོགས་ཆེ་བ་རྣམས་ཀྱི་བར་མཚམས་ཐམས་ཅད་ཆུང་བ་རྣམས་ཀྱིས་གང་བས་ཞུན་བཏབ་པ་ལྟ་བུའོ། །རྭ་གུར་གཉིས་ཀྱི་མཚམས་ནས་རྡོ་རྗེ་རྒྱ་གྲམ་ཀུན་ཏུ་སྦྲེལ་ཞིང་རིན་པོ་ཆེ་སོགས་ཀྱིས་ཀྱང་གཏམས་པའི་བླ་བྲེ་དང་། རྡོ་རྗེ་སོགས་ཀྱི་རྭ་གུར་གྱི་ཕྱི་ནས་རང་རང་གི་ཐག་པས་རྒྱ་གྲམ་གྱི་རྣམ་པར་བཅིངས་པའི་དྲ་བ་དང་། རྡོ་རྗེ་སོགས་ཀྱི་མཚམས་ནས་སྐྱེས་པའི་རྡོ་རྗེ་ཁ་ཊཱཾ་དབྱུག་ཏོ་རལ་གྲི་འཁོར་ལོ་མདའ་མདུང་སོགས་མཚོན་ཆ་སྣ་ཚོགས་རྩེ་མོ་ཕྱིར་སྟོན་འཁྲུགས་པའི་དྲྭ་བ་དང་། དེ་དག་ལས་བསྐལ་པ་འཇིག་དུས་ལྟར་མེ༷་རི༷་དང་མེ་དཔུང་མཐའ་མེད་དུ་འབར་བའི་གུ༷ར་ཁང་སྟེ། རིམ༷་པ་ཆེན་པོ་དྲུ༷ག་གི༷་ཚུ༷ལ་དུ༷་

བསྐོ༷ར་བས་བསྐ༷ལ་པ༷་ཆེན་པོ་མེ་ཆུ་རླུང་གིས་སྟོ༷ང་ཀྱ༷ང་ཅིས་ཀྱང་མི༷་འཇི༷ག་པ་རྡོ་རྗེའི་ཆོས་བདུན་གྱི་རང་བཞིན་དུ་གནས་ཤི༷ང་། འཁྲུལ་ངོར་ཤར་བའི་བགེགས་ཚོགས་འབྱུ༷ང་པོ༷འི་ཚོགས་ཐམས་ཅད་ཀྱི་གནོ༷ད་པ༷ས་ག་ལ་ཚུ༷གས་ཏེ་བལྟ་བ་ཙམ་ཡང་ནུས་པར་མི༷་འགྱུ༷ར་རོ། །གུར་ཁང་དེ་དག་རྣམས་ཀྱི་རྩེ་མོར་རྡོ་རྗེ་སོགས་རང་རང་གི་ཏོག་དང་དྲྭ་མིག་རྣམས་སུ་ཁྲོ༷་ཆུང་གི་ཚོ༷གས་སྤྲུལ༷་པ༷་ཡང་སྤྲུལ་དཔ༷ག་ཏུ་མེ༷ད་པ་རྣམས་ཀྱི༷ས་ར༷བ་ཏུ༷་གཏམས་པར་བྱས་ཤི༷ང་སྲུང་བའི་མཚ༷མས་བཅ༷ད་པར་བྱའོ༷། །དེ་ཡང་རྒྱས་པ་ལས། རྡོོ་རྗེའི་རང་བཞིན་སྒྲིབ་པ་ཀུན། །འཇོམས་ཤིང་ཅིས་ཀྱང་མི་ཚུགས་ལ། །ཞེས་སོ། །དེ་ལྟར་སྲུང་བའི་བྱ་བྱེད་ལས་གསུམ་ཀ་མི་དམིགས་པའི་ཤེས་རབ་ཀྱིས་ཟིན་ན་བསྲུང་བ་ཀུན་གྱི་མཆོག་སྟེ། བཀའ་བརྒྱད་བདེར་འདུས་ལས། ཐམས་ཅད་སྐུ་དང་ཡེ་ཤེས་ངང་༔ བགེགས་སུ་རྟོག་པ་གང་ཡང་མེད༔ བསྲུང་བར་བྱ་དང་སྲུང་བྱེད་མེད༔ ཅེས་སོ། །ༀ༷་ཧཱུ༷ྃ་ཏྲཱ༷ྃ་ཧྲཱི༷ཿཨཱཿ༷ཕྱག་མཚན་ལྔ། ར༷ྃ་གྱིས་མེ་དཔུང་། ཧཱུ༷ྃ་གིས་ཁྲོ་ཚོགས། བྷྲཱུཾ་བསྲུང་བའི་གུར། ངྷི༷་ལྷག་པར། ར༷ྂ་འབར་བ། བཛྲ༷་རྡོ་རྗེ། ཙཀྲ་༷འཁོར་ལོ། རཀྵ༷་སྲུངས། ཧཱུྂ་༷གསོད་བྱེད་དོ། །ཕཊ་འཇོམས་བྱེད་དེ། དེ་ལ་སྤྱིར་གསང་སྔགས་ལུང་གི་སྒོ་བཞི་སྟེ། ཇི་སྐད་དུ། དོན་དམ་གསལ་འདེབས་བརྗོད་པ་ཚིག་གི་སྒོ། །ཐུགས་དམ་གནད་བསྐུལ་གསང་བ་སྔགས་ཀྱི་སྒོ། །དམིགས་པ་རྩེ་གཅིག་ཏིང་འཛིན་ཡིད་ཀྱི་སྒོ། །མཚོན་པ་བརྡ་རྟགས་ཕྱག་རྒྱ་གར་གྱི་སྒོ། །ཞེས་པ་ལས། སྔགས་ཚིག་ཏིང་འཛིན་གསུམ་གཞན་དུའང་དྲན་པར་བྱའོ། །དགོས་ཆེད་ནི། འདིས་དེང་ནས་བྱང་ཆུབ་ཀྱི་བར་བགེགས་ཚོགས་མེད་པར་རྡོ་རྗེའི་རང་བཞིན་དུ་མ་སྤངས་གནས་སུ་དག །རྡོ་རྗེའི་དབྱིངས་ནས་གཉིས་སྣང་

བྲལ་བའི་རྟེན་འབྲེལ་མ་བཙལ་ངང་གིས་རྫོགས། རྫོགས་རིམ་གྱི་ཚེ་འདོད་དོན་གེགས་མེད་མ་བྱས་ལྷུན་གྲུབ་ཏུ་སྨིན་པའོ། །གསུ༷མ་པ༷་ཕྱ༷ག་རྒྱ༷་བཟུ༷ང་བ༷་ནི༷༔ རྡོ༷་རྗེ༷་གཡ༷ས་ལ༷་དྲི༷ལ་བུ༷་གཡོ༷ན། ལ༷ག་ཏུ༷་ཐོ༷གས་ལ༷་འདི༷་སྐ༷ད་དོ༷། །ཧཱུ༷ྂ་སྔར་བཞིན། སྣང་རིག་གདོད་མའི་ཆོ༷ས་ཉི༷ད་ཡེ་ནས་སྐྱེ༷་བ༷་མེ༷ད་པ༷་དེ་ལ༷ས་མ༷་འག༷གས་ཡེ་ཤེས་ཀྱི་རྩལ་སྣང་ཐ༷བས་དང་ཤེས༷་རབ་ཀྱི་བརྡ༷་མཚོ༷ན་པའི་ཕྱི༷ར་དུ་བདེ་བ་ཆེན་པོའི་རང་བཞིན་རྡོ༷་རྗེ༷་བསོ༷ར་ཞིང༷་སྟོང་པ་ཉིད་ཀྱི་རང་བཞིན་དྲི༷ལ་བུ༷་དཀྲོ༷ལ་བས། བདེ་སྟོང་ཟུང་འཇུག་གི་སྒྲས་འགྲོ༷་བ༷་དྲུག་གིས་བསྡུས་པའི་སེམ༷ས་ཅ༷ན་ཐམ༷ས་ཅ༷ད་འདི་ཀུ༷ན་མ་རིག་པའི་གཉིད་ལས་ས༷ད་ན༷ས་ཞི་བདེ་ས༷ངས་རྒྱ༷ས་ཀྱི་སར་འཇུ༷ག་པ༷འི་ཕྱི༷ར་དུ། ཡ་བྲལ་ཕྱོགས་ལྷུང་དང་བྲལ་བའི་ལྟ་བ་ཡ༷ང་ད༷ག་པ་ཉི༷ད་དུ༷་བརྡ༷་འདིས་མཚོ༷ན་པ་ཡིན་ནོ༷། །བདེ་སྟོང་ཟུང༷་འཇུ༷ག་གི་ལ༷མ་འདི༷་ལ༷་མ༷་བརྟེ༷ན་པ༷ར་མཐ༷ར་ཕྱི༷ན་པའི་འབྲ༷ས་བུ༷་ཐོབ་པ་མི༷་སྲི༷ད་པའི་ཕྱིར་ན། ཐ༷བས་དང་ཤེ༷ས་རབ་ཟུང་དུ་འཇུག་པའི་ལམ་ཡང༷་དག༷་པ་ཉི༷ད་ལ༷་འཇུ༷ག་པར་བྱའོ། །འཕྲོས་དོན་དུ། ༀ་ཞེས་པ་སྤྱིར་བཤད་ན་སྒྲ་མདོ་དབྱངས་ཅན་མའི་དགོངས་པ་ལྟར་བསྒྲུབས་ན། ཨབ྄་བསྲུངས་བ་ལ་སྟེ་སྐྱོང་བ་ལའོ་ཞེས་པའི་བྱིངས་བཞག །བྱིངས་མཐའི་ཨ་དབྱིའོ། །བ྄འི་སྲོག་གི་ཨ་ཕྱིས། ཨུ་ཎ་ལ་སོགས་པ་ནི་རྟག་ཏུའོ་ཞེས་རྐྱེན་མུཀ྄་བྱིན། ཀ་འགྲོ་བ་འོས་དེ་སཾ་པྲ་པཱ་ར་ཎས་ཨུར་བསྒྱུར། ཀ་དེའི་དོན་ཡིན་པས་ཕྱིས། ཨུ་བརྗོད་དོན། ཨ་ཨུ་ལ་ཨོ། མ་ང་རོ་བྱས་པས་ༀ་འགྲུབ་པ་ནི། རྡོ་རྗེ་རྩེ་མོ་ལས། ཨོཾ་ནི་ཅི་ཞིག་ཡིན་པར་བཤད། །མཆོག་དང་ནོར་སྟེར་དཔལ་དང་གཡང་། །སྐལ་བཟང་རྣམ་པ་དང་ལྡན་ཞིང་། །དམ་བཅའ་བ་དང་བཀྲ་ཤིས་

དོན། །ནོར་བུ་འཛིན་པའི་སྙིང་པོ་ཡིན། །ཞེས་གསུངས་སོ། །བྱེ་བྲག་གསང་ཆེན་ཐུགས་རྗེ་ཆེན་པོ་ཡང་སྙིང་འདུས་པ་ལས། དེ་ནས་ལྔ་ལྡན་ཡེ་ཤེས་བཤད༔ འབྲུ་གསུམ་སྭཱ་ཧཱ་ཧྲཱིཿལ་སོགས༔ ཕལ་ཆེར་ཡེ་ཤེས་ལྔ་ལྡན་ལ༔ དེང་སང་མཚན་ཉིད་མ་ཚང་སྟེ༔ རྒྱ་དཔེའི་ༀ་ལ་རིང་ཆ་མེད༔ ༀ་ལ་ཡེ་ཤེས་ལྔ་ལྡན་མེད༔ རྒྱུད་ཀྱི་རྗེས་སུ་མ་འབྲངས་པར༔ རྒྱ་དཔེའི་ༀ་ལ་ཡིད་བརྟན་མེད༔ ༀ་ལ་སྐུ་ལྔ་ཡེ་ཤེས་ལྔ༔ ཡུམ་ལྔ་འབྱུང་ལྔ་རིགས་ལྔ་སྟེ༔ ཡེ་ཤེས་ཡི་གེ་ཨཱོཾ་ལ་རྫོགས༔ ཞེས་དང་། ཞི་ཁྲོ་སྤྱི་རྒྱུད་སོགས་ལས་ཀྱང་དེ་ལྟར་གསུངས་པས་རིགས་ལྔའི་ས་བོན་སོགས་སྐབས་སོ་སོར་སྦྱར་ཤེས་དགོས་པ་དང་། ཁྱད་པར་སྐབས་འདིའི་ༀ༷་ནི་ཡེ་ཤེས་ལྔའི་རང་བཞིན། བ༷ཛྲ༷་ཐབས་ཀྱི་རྡོ་རྗེ། ག༷ཎྚེ༷་ངྷ༷རྨཱ༷་ཆོས་ཁམས་སྟོང་པ་ཉིད་ཀྱི་དྲིལ་བུ། ཧཱུྃ་ཨཱ༷ཿ་ས་བོན་ནམ་ཟུང་དུ་འཇུག་པའོ། །ཞེས་གཉིས་སུ་མེད་པའི་དགོངས་པ་ལ་མ་གཡོས་བཞིན་དུ་གསོར་དཀྲོལ་དང་འཁྱུད་རྒྱ་བྱ། དེ་དག་ཀྱང་སྡུད་པ་ལས། དེ་ཡང་ཐབས་དང་ཤེས་རབ་མཆོག་གིས་ཡོངས་ཟིན་ན། །མི་ཉམས་དེ་བཞིན་གཤེགས་ཀྱི་བྱང་ཆུབ་རེག་པར་འགྱུར། །ཞེས་སོ། །དགོས་པ་ནི། འདིས་ཐབས་ཤེས་ཡ་བྲལ་གྱི་ལྟ་བ་ངན་པའི་བག་ཆགས་མ་སྤངས་གནས་སུ་དག །ཟུང་འཇུག་དབྱེར་མེད་བདེ་བ་ཆེན་པོའི་རྟེན་འབྲེལ་མ་བཙལ་ངང་གིས་རྫོགས། རྫོགས་རིམ་བདེ་སྟོང་གཉིས་སུ་མེད་པའི་ཡེ་ཤེས་མ་བྱས་ལྷུན་གྲུབ་ཏུ་སྨིན་པའོ། །བཞི༷་པ༷་ཡ༷ན་ལ༷ག་བཅུ༷་པ༷་ནི༷༔ ཚོ༷གས་ཞིང༷་ན༷མ་མཁ༷ར་དམི༷གས་བྱས༷་ལ༷༔ ཞེས་པའི་དོན། མདུན་གྱི་ནམ་མཁའི་གནས་སུ་ཡེ་ཤེས་ལྔའི་རང་མདངས་དག་གསལ་སྒྲིབ་པ་མེད་པའི་འོད་ཟེར་སྣ་ཚོགས་འཁྲིགས་པའི་ཀློང་དུ་མི་འཇིགས་པ་སེང་

གེའི་ཁྲི་རིན་པོ་ཆེ་སྣ་ཚོགས་ཀྱིས་སྤྲས་པའི་སྟེང་དུ་པདྨ་ཉི་ཟླའི་གདན་ལ་རྩ་བའི་བླ་མ་ཆོས་སྐུ་ཀུན་ཏུ་བཟང་པོ་ཡབ་ཡུམ་ལོངས་སྤྱོད་རྫོགས་སྐུའི་ཆ་ལུགས་ཅན་ལ་བརྒྱུད་པའི་བླ་མས་བསྐོར་བ། མདུན་དུ་ཞི་ཁྲོ་རབ་འབྱམས། གཡས་སུ་སངས་རྒྱས་ཐམས་ཅད། རྒྱབ་ཏུ་དམ་པའི་ཆོས་གླེགས་བམ་གྱི་རྣམ་པ། གཡོན་དུ་དགེ་འདུན་འཕགས་པའི་ཚོགས། མཐའ་བསྐོར་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས་དང་བཅས་པས་བསྐོར་བ་མཁའ་ཁྱབ་ཀྱི་འཁོར་ལོར་སད་པར་བལྟས་ལ། ༀ༷་ཨཱ༷ཿཧཱུྃ་༷ནི་སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས། ནམ༷་མཁ༷འི་ཕ་མཐ༷ར་ཐུ༷ག་པའི་ཕྱོགས་བཅུ་དུས་གསུམ་གྱི་ཞིང༷་ཁམ༷ས་རབ༷་འབྱ༷མས་རྒྱ་མཚོ་མུ་མེད་པ་རྣམས་ན༷། ཞི་བདེ༷་མྱ་ངན་ལས་འདས་པའི་སར་གཤེ༷གས་པའི་རྒྱལ་བ་རྒྱ༷་མཚོ༷་ཞི༷་བ་དང་ཁྲོ༷་བོའི་ལྷ་ཚོགས་ར༷བ་འབྱ༷མས་རྒྱ་མཚོ་རྣམས་དང༷་། སྐུ་གསུམ་གྱིས་བསྡུས་པའི་སངས་རྒྱས་དཀོན་མཆོག་དང་། ལུང་རྟོགས་ཀྱིས་བསྡུས་པའི་ཆོས་དཀོན་མཆོག་དང་། རིག་གྲོལ་གྱིས་བསྡུས་པའི་དགེ་འདུན་དཀོན་མཆོག །་སྟེ། ཕྱིའི་དཀོ༷ན་མཆོ༷ག་རི༷ན་ཆེ༷ན་རྣམ་པ་གསུ༷མ་གྱི་ཚོགས་ད༷ང་། བྱིན་རླབས་ཀྱི་རྩ་བ་བླ་མ་དཀོན་མཆོག་ཀུན་འདུས། དངོས་གྲུབ་ཀྱི་རྩ་བ་ཡི༷་དམ༷་དཀོན་མཆོག་གི་ལྷ༷་ཚོ༷གས། ཕྲིན་ལས་ཀྱི་རྩ་བ་མ་སྲིང་མཁ༷འ་འགྲོ༷་རྒྱ༷་མཚོ༷་དམ༷་ཅ༷ན་ཆོས་སྐྱོང་སྲུང་མའི་ཚོ༷གས་དང་བཅ༷ས་པ་ནང་གི་དཀོན་མཆོག་གསུམ་སྟེ། དེ་རྣམས་ལ༷་དུས་དེ༷ང་ནས༷་བཟུ༷ང་སྟེ་༷བྱང༷་ཆུ༷བ་ཀྱི་སྙིང་པོའི་གོ་འཕང་མ༷་ཐོ༷བ་ཀྱི་བ༷ར་དུ་སྐད་ཅིག་ཙམ་ཡང་འབྲ༷ལ་བ༷་མེ༷ད་པ༷ར་སྒོ་གསུམ་གུས༷་པ་ཆེན་པོ༷ས་སྐྱ༷བས་སུ༷་མཆི༷་བར་བགྱིའོ། །དེ་ཡང་ཇོ་བོས། སྡོམ་པ་ཀུན་ལ་སྐྱེ་མོད་ཀྱང་། །སྐྱབས་སུ་མ་སོང་བ་ལ་མིན། །གང་ཞིག་གསུམ་ལ་སྐྱབས་འགྲོ་བ། །དེ་ཡིས་མྱུར་དུ་སངས་རྒྱས་ཐོབ། །

ཅེས་སོ། །སྐྱ༷བས་སུ༷་འགྲོ༷་བ༷འི་ཡ༷ན་ལ༷ག་གོ༷༔ ཆོས༷་ཉི༷ད་འོད་གསལ་གྱི་མཁའ་དབྱི༷ངས་ཕྱོགས་ཀྱི༷་མཐའ་ཀླས་ཤིང་རབ༷་ཏུ་འབྱ༷མས་པའི་ཀློ༷ང་ཆེན་པོ་ཡ༷ངས་དོག་མེད་པ་དེ་ན༷ས། སྟོང་པ་ཆེན་པོ་ཤེ༷ས་ར༷བ་དང་། ཐབ༷ས་སྙིང་རྗེ་ཆེན་པོ་དང༷་། དེ་གཉིས་དབྱེར་མེད་ཟུང་འཇུག་གི་ཐུག༷ས་རྗེེ༷་འགག་པ་མེད་པའི་རོལ་རྩལ་གང་འདུལ་གྱི་སྐུ༷་བསམ་གྱིས་མི་ཁྱབ་པ་སྤྲུ༷ལ་པ༷་ནི། ཕྱོ༷གས་བཅུ་༷དུས༷་གསུམ་དུས་མེད་བཞི༷འི་ཞི༷་ཁྲོ༷་ར༷བ་འབྱ༷མས་ཀྱི་ལྷ་ཚོགས་མ་ལུས་པ་རྣམ༷ས་བསོད་ནམས་ཆེན་པོའི་གན༷ས་འདི༷ར་འགྲོ༷་བ་མ་ལུས་པ༷འི་དོན༷་དུ༷་གཤེ༷གས་སུ༷་གསོ༷ལ། དེ་ཡང་མདོ་ལས། གང་ཞིག་སངས་རྒྱས་ཡིད་བྱེད་པ། །དེ་ཡི་དྲུང་ན་རྒྱལ་བ་འབྱོན། །དབང་བསྐུར་བྱིན་གྱིས་བརླབ་པར་འགྱུར། །ཞེས་སོ། །སྤྱ༷ན་འདྲེ༷ན་པ༷འི་ཡ༷ན་ལ༷ག་གོ༷༔ སྣང༷་སྲི༷ད་ཐམས་ཅད་རྣམ༷་པར་ད༷ག་པ་ཡེ་ཤེས་ཀྱི་རང་བཞིན་དཀྱི༷ལ་འཁོ༷ར་ཆེན་པོ་འདི༷ར། རང་ཤར་བའི་ཚུལ་དུ་རི༷ན་ཆེ༷ན་གྱི་ཁྲི་མིག་གི་དབུས་སུ་སེ༷ང་གེ༷་ལ༷་སོ༷གས་པས་མཛེས་པར་བྱས་པའི་ཁྲི༷་རྣམས་ཀྱི་སྟེང༷་དུ༷་ཐ༷བས་དང་ཤེས༷་རབ་དྲི༷་མ་མེ༷ད་པ་ཞེས་སྐྱོན་གྱིས་མ་གོས་པའི་ཕྱིར་ཉི༷་མ་ཟླ༷་བ་དང་པདྨ༷འི་གདན་ཆེན་པོའི་སྟེང༷་དུ་ཐུགས་ཟ༷ག་པ་མེ༷ད་པའི་ཡེ་ཤེས་དགྱེ༷ས་པ༷་ཆེ༷ན་པོ༷ས་རྗེས་སུ་ཆགས་པའི་ཚུལ་གྱིས་བཞུ༷གས་སུ༷་གསོ༷ལ། །བཞུ༷གས་སུ༷་གསོ༷ལ་བ༷འི་ཡ༷ན་ལ༷ག་གོ༔ ཆོས་བྱ་བ་མོ་ཀུ༷ན་ཏུ༷་བཟ༷ང་མོ༷འི་གས༷ང་བ༷འི་བྷ༷་ག༷འམ་མཁའ་ཀློང་དེ་རུ༷། ཆོས་བྱེད་པ་པོ་ཀུ༷ན་ཏུ༷་བཟ༷ང་པོ༷་ཟ༷ག་པ༷་མེ༷ད་པ༷འི་དགའ་བཞིར་རོལ་བ་ལས་བདེ༷་སྟོང་གིས་རོ༷ལ་པའི༷་ཡེ༷་ཤེ༷ས་རྒྱ༷ལ་བ༷་ཞི༷་ཁྲོ༷འི་ཚོ༷གས། ཡབ་༷ཡུ༷མ་སྲ༷ས་འཁོར་སྤྲུལ་པ་དང་༷བཅ༷ས་པ་ལ༷་ཕྱ༷ག་འཚ༷ལ་ལོ༷། །ཞེས་ང་རྒྱལ་གྱི་གཉེན་པོ་ཕྱ༷ག་འཚ༷ལ་བ༷འི་ཡ༷ན་ལ༷ག་གོ༷༔ བདེ༷་བར་གཤེ༷གས་པ་ཞི༷་ཁྲོ༷་རྒྱ༷ལ་བ༷་རྒྱ༷་མཚོ༷་མ་ལུས་པ་རྣམས་ལ༷་ཕྱི༷་

འདོད་ཡོན་ལྔ་ཡི་མཆོད་པ། ནང༷་གཟུགས་སྒྲ་དྲི་རོ་རེག་ཆོས་ཀྱི་མཆོད་པ། གས༷ང་བ༷་ལྷ་མོ་ལྔའི་མཆོ༷ད་པ༷འི་ཚོགས་དཔ༷ག་ཏུ་མེ༷ད་པ་རྣམ༷ས་ཀྱང་། ཇི་ལྟ་བ་དངོ༷ས་སུ༷་འབྱོ༷ར་བ་དང༷་། ཇི་སྙེད་པ་ཡི༷ད་ཀྱི༷ས་རྣམ༷་པར་སྤྲུལ༷་ཏེ༷། ཀུན་བཟང་མཆོད་པའི་སྤྲིན་ཕུང་གི་རྣམ་རོལ་ཟད་མི་ཤེས་པ་འདི་དག་འགྲོ༷་བ༷་མ་ལུས་པའི་དོ༷ན་དུ༷་འབུ༷ལ་གྱི༷ས་ཐུགས་བརྩེ་བ་ཆེན་པོས་བཞེ༷ས་སུ༷་གསོ༷ལ་ཅིག །ཅེས་འདོད་ཆགས་ཀྱི་གཉེན་པོ་མཆོ༷ད་པ༷་འབུ༷ལ་བ༷འི་ཡ༷ན་ལ༷ག་གོ༷༔ ཚེ་རབས་འཁོར་བ་ཐོ༷ག་མ་མེ༷ད་པའི་དུས༷་ན༷ས་ད་ལྟ་ལ་ཐུག་གི་བར་དུ། ཉོན་མོངས་པ་འདོད་ཆགས་དང་ཞེ་སྡང་གཏི་མུག་སྟེ་དུག༷་གསུ༷མ་གྱི་དབ༷ང་དུ་གྱུར༷་ཏེ༷། ལུས་ངག་ཡིད་ཀྱི་སྒོ༷་གསུ༷མ་གྱི་སྡི༷ག་པ་དང་སྒྲིབ༷་པ་བ༷ག་ཆ༷གས་དང་བཅ༷ས་པ༷་མ་ལུས་པ་རྣམ༷ས་དང་། མདོར་ན་ང༷ན་སོ༷ང་འཁོ༷ར་བའི༷་རྒྱུ༷་ཅི་བས༷གས་པ་ཐམ༷ས་ཅ༷ད་མི་འཆབ་པ་དང་། མི་སྦེད་པ་དང་། དེ་ཀུན༷་ར༷བ་ཏུ༷་གནོ༷ང་ཞིང༷་འགྱོ༷ད་པ༷་དྲག་པོ་དང་བཅས་པས༷་མཐོ༷ལ་ལོ༷་བཤ༷གས་པར་བགྱི་བ་ནི་ཞེ་སྡང་གི་གཉེན་པོ་སྡི༷ག་པ༷་བཤ༷གས་པ༷འི་ཡ༷ན་ལ༷ག་གོ༷༔ རབ་འབྱམས་ཆོ༷ས་ཀྱི་དབྱི༷ངས་འཁོར་འདས་མ་ལུས་པ་ཀུན༷་ཏུ་ཁྱབ༷་པས་ན། སྣང༷་ཞིང་སྲིད༷་པ་ཐམས་ཅད་བདེ༷་བ་ཆེ༷ན་པོའི་ཞིང༷་ཁམས་ནམ་མཁའི་མཐའ་ཀླས་པའི་དབྱིངས་སུ་འགྲོ༷་བའི་དོན༷་མཛ༷ད་པ་དང༷་། བསོ༷ད་ནམ༷ས་ཀྱི་ཚོགས་བསགས་པ་དང་། བྱང༷་ཆུབ༷་མཆོག་ཏུ་སེམ༷ས་བསྐྱེད་པ་སོགས། བསོ༷ད་ན༷མས་དང་ཡེ༷་ཤེས༷་ཀྱི་ཚོགས་ཆེན་པོས་འགྲོ་བ་སེམས་ཅན་ཀུན་གྱི་དོན༷་ཐོགས་མེད་དུ་འབྱུ༷ང་བ་ཐ༷མས་ཅ༷ད་པ་རྣམས་ལ༷། དག༷འ་བ༷་ཆེ༷ན་པོ༷ས་རྗེ༷ས་སུ་༷ཡི༷་ར༷ང་ངོ༷་། །ཞེས་ཕྲག་དོག་གི་གཉེན་པོ་རྗེས༷་སུ༷་ཡི༷་ར༷ང་བ༷འི་ཡ༷ན་ལ༷ག་གོ༷༔ ཕྱོ༷གས་བཅུ༷འི་ཞི༷ང་གི༷་ཁམས་རྡུ༷ལ་ཇི་སྙེ༷ད་ཀྱི་གྲངས་དང་མཉམ་པའི་སྟོ༷ན་པ༷་མ་ལུས་པ་རྣམ༷ས།

སེམ༷ས་ཅ༷ན་ཐམས་ཅད་ཀྱི༷་དོ༷ན་དུ་༷ཐུ༷གས་ད༷མ་གྱི་རྒྱུ༷ད་བསྐུ༷ལ་ཏེ༷། དེ་དག་རྣམས་ཀྱིས་ཀྱང་ནམ༷་མཁ༷འི་ཕ༷་མཐ༷ར་ཐུ༷ག་པར་དབྱ༷ངས་ཀྱི༷ས་ར༷བ་ཏུ་ག༷ང་བ༷འི། ཆོ༷ས་ཀྱི༷་འཁོ༷ར་ལོ༷་དམ༷་པ༷་རབ་ཏུ་བསྐོ༷ར་བ༷ར་བསྐུ༷ལ་བ་ནི་གཏི་མུག་གི་གཉེན་པོ། ཆོས༷་ཀྱི༷་འཁོ༷ར་ལོ༷་དམ༷་པ༷་བསྐོར༷་བ༷ར་བསྐུ༷ལ་བའི༷་ཡ༷ན་ལ༷ག་གོ༷༔ ཇི༷་སྲི༷ད་འཁོ༷ར་བ༷འི་འཇི༷ག་རྟེན༷་མ༷་སྟོངས༷་ཀྱི་བ༷ར་དུ་དེ༷་སྲི༷ད་འགྲོ༷་བ༷་སེམས་ཅན་རྒྱ༷་ཆེ༷ན་གྱི༷་དོ༷ན་མཛ༷ད་ཅི༷ང་། མཐ༷འ་ཡ༷ས་པའི་སང༷ས་རྒྱ༷ས་ཀྱི་ལམ་སྟོ༷ན་པ༷་པོ་མ༷་ལུས༷་པ་ཀུན༷། སྐུ་མྱ༷་ང༷ན་ལས་མི༷་འད༷འ་བར་དུས་རྟག་ཏུ་བཞུ༷གས་སུ༷་གསོ༷ལ་བ༷་འདེ༷བས་པ་ནི་ལོག་ལྟའི་གཉེན་པོ། མྱ༷་ང༷ན་ལ༷ས་མི༷་འད༷འ་བ༷ར་བཞུགས་པར་གསོ༷ལ་བ༷་འདེ༷བས་པ༷འི་ཡ༷ན་ལ༷ག་གོ༷༔ བདག༷་གི༷ས་ཚེ་སྔ་མ་རྣམས་དང་། ཕྱི་མ་རྣམས་དང་། ད་ལྟ་བ་སྟེ་དུས༷་གསུ༷མ་དུ་དགེ༷་བ༷འི་རྩ་བ་ཅི༷་བས༷གས་པ༷་དེ་དག་གི་མཐུས་ནམ༷་མཁ༷འི་ཕ་མཐ༷ར་ཐུ༷ག་པར་གྱུར༷་པ༷འི་སེམ༷ས་ཅ༷ན་ཐམས་ཅད་པོ་ཀུན༷་བླ༷་ན་མེ༷ད་པའི་ཐེ༷ག་པ༷་ཆེ༷ན་པོ༷འི་སྣོ༷ད་དུ་གྱུ༷ར་ན༷ས། ཞི༷་ཁྲོ༷་རབ༷་འབྱ༷མས་ཀྱི་གོ༷་འཕ༷ང་མྱུ༷ར་དུ་ཐོ༷བ་པར་ཤོག༷་ཅིག་ཅེས་པ་ནི་ཐེ་ཚོམ་གྱི་གཉེན་པོ། བླ༷་མེ༷ད་ཐེ༷ག་པ༷་ཆེ༷ན་པོ༷ར་བསྔོ༷་བ༷འི་ཡ༷ན་ལ༷ག་གོ༷༔ དེ་དག་ཀུན་ཀྱང་བྱ་བྱེད་ཀུན་བྲལ་གྱི་ལྟ་བས་རྒྱས་འདེབས་པ་ནི་དོན་དམ་ཡན་ལག་གོ །དེ་ཡང་དཔལ་གྱིས་ཞུས་པའི་མདོར། གང་ཞིག་ཕྱོགས་བཅུའི་སངས་རྒྱས་ལ། །དམིགས་ནས་ཐལ་མོ་སྦྱར་བྱས་ཏེ། །ཕྱག་འཚལ་དེ་བཞིན་མཆོད་བྱེད་དང་། །བསོད་ནམས་དག་ལ་ཡི་རང་ཞིང་། །སྡིག་པ་དག་ཀྱང་འཆགས་པར་བགྱི། །བསྐུལ་དང་གསོལ་བ་འདེབས་གྱུར་པ། །དེ་ཡི་བསོད་ནམས་ཕུང་པོ་ནི། །ནམ་མཁའ་གང་བར་རྟག་ཏུ་འབྱུང་། །ཞེས་དང་། གྲུབ་ཆེན་ཏེ་ལོ་པས། ཚོགས་གཉིས་ཤིང་རྟའི་འཁོར་ལོ་དང་། །འབྲལ་བར་མ་བྱེད་ནཱ་རོ་པ། །ཞེས་

སོ། །དགོས་པ་ནི། ཐོག་མེད་ནས་བསགས་པའི་སྡིག་སྒྲིབ་མ་སྤང་གནས་སུ་དག །གཟུགས་སྐུའི་འགྲོ་དོན་འབད་མེད་དུ་འབྱུང་བའི་ཡོན་ཏན་མ་བཙལ་ངང་གིས་རྫོགས། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསམ་གྱིས་མི་ཁྱབ་པ་རྒྱུད་ལ་མ་བྱས་ལྷུན་གྲུབ་ཏུ་སྨིན་པའོ། །ལྔ༷་པ༷་མཆོ༷ད་རྫས༷་བྱི༷ན་གྱི༷ས་བརླ༷བ་པ་ལ་ལྔ་སྟེ། དང་པོ་སྤྱིར་སྦྱངས་ཤིང་བརླབ་པ་ནི༷། གྱེར༷་བསྒོ༷མ་དལ༷་བ༷ས་འདི༷་སྐད༷་དོ༷༔ ཧཱུྃ་༷རང་རིག་གི་གནས་ལུགས་ཆོས་ཉིད་བས༷མ་བརྗོ༷ད་དང་བྲ༷ལ་བའི༷་ང༷ང་ཉི༷ད་ལ༷ས། འཁོར་འདས་ཀྱི་ཆོས་ཐམ༷ས་ཅ༷ད་སྟོང༷་པ༷་ཆེན་པོའི་རང༷་བཞི༷ན་ཉི༷ད་དུ་གྱུར་ཏེ། ཁྱད་པར་སྨ༷ན་ར༷ཀ་གཏོ༷ར་མ་སོགས་མཆོ༷ད་པའི་ཡོ་བྱད་ཐམས་ཅད་ཀྱི་དངོ༷ས་པོ༷་མ་ལུས་པ་རྣམ༷ས་སྟོང༷་ཉི༷ད་བདག༷་ཏུ་ལྟ་བའི་འཛི༷ན་པ་དང་བྲ༷ལ་བ༷འི་རང་བཞིན་ཉིད་དུ་གྱུར་པ༷་ལ༷ས། ར༷ྃ་འཕྲོས་པ་ལས་སོར་རྟོག་ཡེ་ཤེས་ཀྱི་མེས་བདག་འཛིན་གྱི་དྲི་མ་བསྲེགས། ཡ༷ྃ་ལས་བྱ་གྲུབ་ཡེ་ཤེས་ཀྱི་རླུང་གིས་གཏོར། ཁ༷ྃ་ལས་མཉམ་ཉིིད་ཡེ་ཤེས་ཀྱི་ཆུས་བཀྲུས་པ་དང་གསུ༷མ་སྟེ་ཡེ་ཤེས་ཀྱི་མེ༷་རླུང་༷ཆུས༷། བདག༷་ཏུ་འཛི༷ན་པའི་རྟོ༷ག་པ༷འི་དྲི༷་མ༷་ཐམས་ཅད་དག་པར་སྦྱང༷ས་ནས། ཡེ་ཤེས་ཀྱི་མེ༷་རླུང༷་ཆུ་༷ཡ༷ང་འོ༷ད་དུ༷་ུཞུ་༷བ་ལས་བྱུང་བའི་སྨ༷ན་ར༷ཀ་གཏོ༷ར་མ་དང་མཆོ༷ད་པ༷འི་དངོ༷ས་པོ༷་རྣམ༷ས་དྭངས་ཤིང་ཐོགས་པ་མེད་པར་གྱུར་ཏེ། དེ་ཡང་གཟུང་བ་དང་འཛིན་པའི་རྟོ༷ག་པ་གཉི༷ས་ད༷ག་ན༷ས་སྣོད༷་བཅུ༷ད་མ་ལུས་པ་རྣམ༷ས། འདོ༷ད་རྒུ་མི་ཟད་པའི༷་ཡོན་ཏན་དང་ལྡན་པ་དུ༷་མ༷་སྟེ་བསམ་གྱིས་མི་ཁྱབ་པ༷ར་གྱུར༷་པར་བལྟས། གཉིས་པ་བདུ༷ད་རྩི༷་བྱི༷ན་གྱིས༷་བརླ༷བ་པ༷་ནི༷། ཧཱུྃ་སྣོད་རང་བྱུང་གི་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་བཅུད་ཤ་ལྔ་བདུད་རྩི་ལྔ་རྣམས་ཏེ། དབུས་སུ་སེང་ཤ་བྱང་སེམས། ཤར་དུ་གླང་ཤ་དྲི་ཆེན།

ལྷོར་རྟ་ཤ་ཤ་ཆེན། ནུབ་ཏུ་རྨ་བྱ་པད་རཀབྱང་དུ་ཁྱུང་ཤ་དྲི་ཆུ་རྣམས་ལ་དཔ༷འ་བོ༷་སྟེ་རྒྱལ་བ་རིགས་ལྔ། དེ་ཡང་ས་བོན་གྱི་ཡིག་འབྲུ༷་ༀ་ཧཱུྃ་ཏྲཱྃ་ཧྲཱིཿཨཱ་ལྔས༷་རྒྱུ༷་བྱས༷་ཤིང༷་། རྣམ་སྣང་གཙོ་བོར་བཏོན་པའི་རིགས་ལྔ་ཡབ་ལྔ་དང་། དཔ༷འ་མོ༷་སྟེ་རྒྱལ་བ་ཡུམ་ལྔ། དེ་ཡང་ས་བོན་གྱི་ཡིག་འབྲུ༷་མཱུྃ་ལཱྃ་མཱྃ་པཱྃ་ཏཱྃ་ལྔ༷་ལ༷ས་རྐྱེན༷་བྱས༷་ཏེ༷། རིགས་ཀྱི་དབྱིངས་ཕྱུག་མ་གཙོ་བོར་བཏོན་པའི་རིགས་ལྔ་ཡུམ་རྣམས་ཡོངས་སུ་གྱུར་ཏེ། ཡབ་ཡུམ་རྣམས་སྙོམས་འཇུག་གི་རོལ་པས་ཐབ༷ས་དང་ཤེ༷ས་རབ་གཉི༷ས་སུ་མེད༷་པའི་དམ་ཚིག་གི་བདུ༷ད་རྩིའི༷་ཆུ༷་རྒྱུན་གྱིས་ཞལ་བུ་གང་བ་ལ། ལྷ་ཚོགས་རྣམས་བདེ་སྟོང་གི་ངོ་བོར་ཞུ་བས་རྒྱལ་བ་ཐམས་ཅད་ཀྱི་སྐུ༷་གསུ༷ང་ཐུ༷གས་དང་མཉམ༷་པར་སྦྱོར༷་བ༷འི་ཡེ་ཤེས་ཀྱི་རང་བཞིན་དཀ༷ར་དམ༷ར་མཐི༷ང་གསུ༷མ་གྱི་བདུ༷ད་རྩི༷་རོ་བརྒྱ་དང་ལྡན་པ་ཟེགས་མ་ལས་འདོད་ཡོན་གྱི་ལྷ་མོའི་སྤྲིན་འཕྲོ་བར་གྱུ༷ར་པར་བལྟས་ལ། ༀ་༷ཨཱ༷ཿཧཱུ༷ྃ་གིས་སྐུ་གསུང་ཐུགས། ས༷རྦ༷་པཉྩ༷་ཨ༷་མྲྀ༷་ཏ༷་ནི་བདུད་རྩི་ལྔ་ཐམས་ཅད། ཧཱུྃ་༷ཡེ་ཤེས་ལྔ་དང་། ཧྲི༷ཿཡེ་ཤེས་ཀྱི་བདུད་རྩི་འགུགས་པའི་སྙིང་པོ། ཋ༷་ནི་ཀུན་འདུས་ལས། ཋ་ནི་རྟེན་དང་བྲལ་བའི་སྒོ། །གནས་པ་མེད་པ་ཐམས་ཅད་གྲོལ། །ཞེས་སོ། །ༀ༷་ཧཱུ༷ྃ་ཏྲ༷ྃ་ཧྲི༷ཿཨཱ༷ཿམཱུ༷ྃ་ལཱ༷ྃ་མཱ༷ྃ་པཱ༷ྃ་ཏཱ༷ྃ་རྣམས་ས་བོན་ནམ་སྙིང་པོ། ཨཱཿ༷ས་གཉིས་འཛིན་གྱི་རྣམ་རྟོག་སྦྱོང་། ཧཱུ༷ྃ་གིས་ཡེ་ཤེས་ཀྱི་བདུད་རྩིར་རྟོགས། ཧྲཱི༷ཿས་དེ་ཉིད་རྒྱས་པར་སྦར་བའོ། །དེ་ཡང་སྤྱིར་བདུད་རྩི་ཞེས་པའི་དོན་ཡང་། དཔལ་ཆེན་འདུས་པའི་བདུད་རྩི་སྨན་སྒྲུབ་ཀྱི་སྐབས་སུ། རྩ་བརྒྱད་སྟོང་ལ་སྦྱར་བའི་བདུད༔ རྒྱུད་དྲུག་སྡུག་བསྔལ་འཇོམས་པའི་རྩི༔ ཞེས་དང་། གཉིས་སུ་འཛིན་པའི་རྣམ་རྟོག་བདུད༔ ཡེ་ཤེས་མེ་(རྩི་)ཡིས་འཇོམས་པའི་ཐབས༔ ཞེས་སོ། །

གསུམ་པ་རཀྟ་༷བྱི༷ན་གྱི༷ས་བརླ༷བ་པ༷་ནི༷། ཧཱུ༷ྃ་སྣོད་བྷནྡྷ་ལྕང་ལོ་ཅན་གྱི་ནང་དུ་ཡབ་ཀྱི་སྣ་གཡས་པའི་ཁྲག །ཡུམ་གྱི་པདྨ་རཀྟ། སྲིད་པ་ཆགས་པའི་ལྟེ་ཁྲག །གཡུལ་དུ་བསད་པའི་ཙིཏྟའི་ཁྲག་སོགས་གཏར་གཞུར་གྱི་ཁྲག་གིས་གཏམས་པས་མཚོན་འཁོར་བའི་རྒྱུ་འདོ༷ད་ཆ༷གས་དང་ཞེ་༷སྡང༷་དང་གཏི༷་མུ༷ག་སྟེ༷་མ་རིག་པ་ལས་བྱུང་བའི་དུ༷ག་གསུ༷མ་གྱི་རྟོག་པ་ཐམས་ཅད་སྟོང༷་གས༷ལ་མ༷་འག༷གས་ཡེ་ཤེས་ཆེན་པོ་དེའི་ང༷ང་དུ་གཏན་ལ་ཕབ་པས་རྒྱུ༷་མ་རིག་པ་དང་རྐྱེན༷་ཚོགས་དྲུག་གིས་བསྡུས་པའི་ཆར་གཏོགས་ཐམས་ཅད་རྣམ༷་པར་ད༷ག་པ། ཟུང་འཇུག་ཆགས་པ་ཆེན་པོའི་རང་བཞིན་གྱི་རཀྟ༷འི་རྒྱ་མཚོ་རྦ་རླབས་མཁའ་ལ་འཕྱོ་བའི་རྩེར་རཀྟའི་ལྷ་མོའི་སྤྲིན་འཕྲོ་བའི་རང་བཞིན་གཅིག་ཏུ་འཁྱི༷ལ་བར་བསམ། ༀ༷་ཨཱ༷ཿཧཱུ༷ྃ་ནི་སྐུ་གསུང་ཐུགས། མ༷་ཧཱ༷་རཀྟ༷་ཛྭ༷་ལ༷་མཎྜལ༷་ནི་ཁྲག་ཆེན་འབར་བའི་དཀྱིལ་འཁོར། ཧཱུ༷ྃ་གིས་འཁོར་བའི་བག་ཆགས་སྦྱོང་། ཧྲཱི་ཡིས་ཟུང་འཇུག་གི་ངོ་བོ་རྟོགས། ཋཿས་རྒྱས་པར་སྦར་བའོ། །འདིར་ཁྲག་གི་སྐད་དོད་རུ་ངྷི་ར་སོགས་མ་ཡིན་པར་རཀྟ་ཞེས་པ་རཉྫ་ཚོས་ལའོ་ཞེས་པའི་བྱིངས་ལས་ཆགས་པ་དང་དམར་པོ་སོགས་ལ་འཇུག་པས་འདོད་ཆགས་ཆེན་པོའི་དོན་ཉིད་དོ། །བཞི་པ་གཏོ༷ར་མ༷་བྱི༷ན་གྱི༷ས་བརླ༷བ་པ༷་ནི༷། ཧཱུ༷ྃ་གཏོར་སྣོད་བྷཉྫ་འབར་བའི་གཞལ་ཡས་ཁང་གི་ནང་། གཏོར་རྫས་ཉོན་མོངས་པ་དུ༷ག་ལྔ༷་རྣམ༷་པ༷ར་ད༷ག་པ་ཡེ༷་ཤེས༷་ལྔའི༷་རང་བཞིན་དུ་བསྒྲ༷ལ་བའི༷་ཕྱིར་དུ་སེང་གེ་དང་གླང་ཆེན་དང་རྟ་དང་རྨ་བྱ་དང་མི་ལ་སོགས་ཀྱི་ཤ༷་ཆེ༷ན་པོ་རྣམ་པ་ལྔ༷་ཡི༷་བརྡ༷་བསྟ༷ན་ཏེ། རྨད་དུ་བྱུང་བའི་གཏོར༷་མ་ཆེ༷ན་པོ༷་ཡེ༷་ཤེ༷ས་སྒྱུ་མའི་རྣམ་རོལ་དུག་ལྔའི་ཆར་གཏོགས་ཐམས་ཅད་ཡེ་ཤེས་ལྔ༷འི་ར༷ང་བཞི༷ན་རྣམ༷་པ༷ར་ད༷ག་པ་འདོད་ཡོན་མཆོད་པའི་ལྷ་མོ་མཁའ་ཁྱབ་ཏུ་

འཕྲོ་བ་དང་བཅས་ཏེ། ༀ༷་ཨཱ༷ཿཧཱུ༷ྃ་སྐུ་གསུང་ཐུགས། མ༷་ཧཱ་༷བྷ༷་ལི༷ངྟ་ཏེ༷་ཛྭ༷་བྷ༷་ལི༷ངྟ་ནི་གཟི་བརྗིད་ཀྱི་གཏོར་མ་ཆེན་པོ། བྷ༷་ལ༷་བྷ༷་ཏེ༷་སྟོབས་ལྡན། གུ༷་ཧྱ༷་ས༷་མ༷་ཡ༷་གསང་བའི་དམ་ཚིག །ཧཱུ༷ྃ་གིས་དུག་ལྔ་སྦྱོང་། ཧྲཱི༷ཿས་ཡེ་ཤེས་ཀྱི་རང་བཞིན་དུ་རྟོགས། ཋ༷ཿས་རྒྱས་པར་སྦར་བའོ། །དེ་ཡང་སྤྱིར་གཏོར་མ་ཞེས་པའི་དོན་ནི། སློབ་དཔོན་ཆེན་པོས་གཏོར་ཞེས་བྱ་བ་ཆགས་འཛིན་དང་བྲལ་བ་ལ་འཇུག་ཅིང་། མ་ཞེས་བྱ་བ་ནི་ལས་རབ་འབྱམས་ཐམས་ཅད་ཀྱི་གཞི་གཏོར་མ་ལ་བརྟེན་དགོས་པས་སོ། །ཞེས་གསུངས་སོ། །འདིར་གཏེར་གཞུང་རྣམས་སུ་བྷ་ལི་ཾཞེས་པ་པ་སྡེའི་བཞི་པ་བྲིས་པ་ནི། ཀློག་ཚུལ་དགོངས་པ་སྟེ། གུ་རུ་ལ་གྷུ་རུ་དང་། དེ་བ་ལ་ངྷེ་བ། བ་ལ་དང་བ་ལིང་ལ་བྷ་ལ་བྷ་ལིང་སོགས་སུ་རྒྱ་གར་བས་ཀློག་གིན་ཡོད་པ་ལྟར་དང་། གསང་དོན་ཡང་། ཡེ་ཤེས་ཐིག་ལེ་ལས། སེམས་ཅན་ཐམས་ཅད་བསྲུང་དོན་དུ། །འབད་པ་ཡིས་ནི་གཏོར་མ་བྱིན། །བྷ་ཡི་ཡིག་འབྲུར་བྷ་གར་བརྗོད། །ལིང་གི་ཡིག་འབྲུ་ལིངྒར་བསྟན། །ཞེས་སོ། །ཡང་བྷ་ལིནྟ་ཞེས་པ་ནི། མཚམས་སྦྱོར་ལས། སྡེ་པ་ལ་དའི་སྡེ་བས་ལྔ་པར་ཞེས་པས་དང་ཡང་ན་ནའོ། །ཞེས་པས་བྷ་ལིནྟའོ། །ལྔ་པ་ཕྱི༷་མཆོ༷ད་འདོ༷ད་ཡོ༷ན་རྣམ༷་ལྔར༷་བྱི༷ན་གྱིས༷་བརླ༷བ་པ་ནི༷། ༀ༷་གྱིས་རིན་པོ་ཆེའི་སྣོད་དང་འབག་བཙོག་སྦྱོང་། ཨཱཿ༷ས་གནས་ཡུལ་རྣམ་པར་དག་པའི་མཆོད་པར་རྟོགས། ཧཱུ༷ྃ་གིས་མཁའ་དབྱིངས་ཁྱབ་པར་སྦར་བའོ། །འདི་ལྟར་གཟུ༷གས་སུ་སྣང་བ་དང་། སྒྲ༷་རུ་གྲགས་པ་དང་། དྲི༷་རུ་བསྣོམ་པ་དང་། རོ༷་རུ་མྱོང་བ་དང་། རེ༷ག་བྱར་ཚོར་བ་དང་། ཆོས༷་སུ་སྣང་བ་ལ༷་སོ༷གས་པས་བསྡུས་པའི་ནང་དང་གསང་བའི་མཆོད་པ་རྣམས་ཀྱང་། དེ་ལྟར་རྣམ་པར་སེམས་པའི་དབང་པོ་རྣམས་

གན༷ས་སུ༷་ད༷ག་པའི་ཕྱིར། ཕྱི་གཟུང་ཡུལ༷་དུ་སྣང༷་བ་ཐམས་ཅད་རྣམ་པར་དག་པས་ན། མེ༷་ཏོག༷་དང་། བདུ༷ག་སྤོས༷་དང་། མ༷ར་མེ༷་དང་། དྲི༷་ཆ༷བ་དང་། བཤོ༷ས་བུ༷་ལ་སོགས་ཕྱི་མཆོད་དུ་སྣང་བ་ཐམས་ཅད་ཀྱང་རྣམ་པར་དག་སྟེ། མདོར་ན་སྲིད་པ་༼པའི་༽རྒྱ་མཚོར་སྣང་བའི་འཛིན་པ་པོ་སེམས་དང་། འཛིན་བྱེད་དབང་པོའི་གན༷ས་དང་། གཟུང་ཡུ༷ལ་གྱི་སྣང་བ་ཐམས་ཅད་རྣམ༷་པར་ད༷ག་པའི་མཆོ༷ད་པ༷་ཡེ་ཤེས་ཆེ༷ན་པོ༷འི་ངོ་བོར་བྱིན་གྱིས་བརླབས་པས་ཀུན་བཟང་མཆོད་པའི་སྤྲིན་ཕུང་ཟད་མི་ཤེས་པའོ༷། །ཇི་ལྟར་ན། ཧེ་རུ་ཀ་གལྤོ་ལས། མི་དམིགས་ཆོས་ལ་བློ་བཏང་ཞིང་། །ཡེ་ཤེས་ཅན་གྱིས་སྦྱིན་སྟོབས་ཀྱིས། །ཐམས་ཅད་ཚུལ་བཞིན་བྱིན་གྱིས་བརླབས། །ཞེས་སོ། །དེ་ལྟར་རྣམ་པར་དག་པའི་རང་མདངས་སྟོང་ཉིད་རྡོ་རྗེའི་ལྷ་མོ་བཅུ་དྲུག་གི་རྣམ་རོལ་མཐའ་ཡས་པས་དགའ་བ་བཅུ་དྲུག་གི་ཡེ་ཤེས་མཆོད་རྫས་སོ་སོའི་རྣམ་པ་ཐོག་པ་དེ་དག་རེ་རེ་ལས་ཀྱང་ཐམས་ཅད་འཆར་བའི་རང་བཞིན་དུ་དམིགས་ལ། ༀ༷་ནི་ཡེ་ཤེས་རིན་པོ་ཆེའི་སྣོད། བཛྲ་ནི་རྡོ་རྗེ་སྟེ་དོན་དམ་པའི་སྟོང་ཉིད་དོ། །རྩེ་མོ་ལས། དེ་ཡི་རྡོ་རྗེ་ཇི་ལྟ་བུ། །རྟོག་པ་ཐམས་ཅད་དང་བྲལ་ཞིང་། །ཆོས་སུ་འཛིན་པ་རྣམས་སྤངས་པ། །ཆོས་རྣམས་ཀུན་གྱི་དེ་བཞིན་ཉིད། །སྟོང་པ་ཉིད་ནི་རྡོ་རྗེར་བརྗོད། །ཅེས་པ་ལྟར་རོ། པུ༷ཥྤེ༷་ནི་མེ་ཏོག །ཨཱ༷ཿས་ངོ་བོ་ཟག་མེད། ཧཱུ༷ྃ་གིས་མཆོད་པ་དང་དེའི་རང་བཞིན་རྒྱས་པར་སྤེལ་བ། ༀ༷་དང་བཛྲ་འགྲེས། ངྷུ༷པྤེ༷་ནི་སྤོས། ཨཱཿདང་ཧཱུྃ་འགྲེས། ༀ༷་དང་བཛྲ༷་འགྲེས། ཨཱཿལོ་ཀེ་སྣང་གསལ། ཨཱ༷ཿ་དང་ཧཱུྃ་འགྲེས། ༀ༷་དང་བཛྲ༷་འགྲེས། གྷནྡྷེ་དྲི་ཆབ། ཨཱཿདང་ཧཱུྃ་འགྲེས། ༀ་དང་བཛྲ་འགྲེས། ནཻ༷་ཝི༷ཏྱ༷་ཞལ་ཟས། ཨཱ༷ཿདང་ཧཱུྃ་འགྲེས། ༀ༷་དང་བཛྲ༷་འགྲེས། ཤབྟ་རོལ་

མོ། ཨ༷་དང་ཧཱུྃ་འགྲེས། ཞེས༷་པ༷ས་གྱེ༷ར་བསྒོ༷མ་དལ༷་བ༷ར་བྱ༷འོ༔ མཆོད་པའི་རིག་མ་བཅུ་དྲུག་ཐམས་ཅད་ཀྱང་མཆོད་པ་འདིར་འདུ་བས་ན་ནང་གསེས་ཀྱི་དབྱེ་བ་འདིར་མ་མཛད་པའོ། །དགོས་པ་ནི་གཟུང་འཛིན་གྱིས་བསྡུས་པའི་གནས་ཡོའི་ཞེན་ཆགས་མ་སྤངས་གནས་སུ་དག །ཡེ་ཤེས་ཀྱི་རྣམ་རོལ་ཀུན་བཟང་མཆོད་པའི་སྤྲིན་ཕུང་མི་ཟད་པའི་རྟེན་འབྲེལ་མ་བཙལ་ངང་གིས་རྫོགས། རྫོགས་རིམ་བདེ་སྟོང་གི་ཡེ་ཤེས་དགའ་བ་བཅུ་དྲུག་གི་ཆར་མ་བྱས་ལྷུན་གྲུབ་ཏུ་སྨིན་པའོ། །ཞི༷་ཁྲོ་༷འདུ༷ས་པ༷འི་ལ༷ས་བྱང༷་ཚོར༷་བ༷་རང༷་གྲོལ༷་གྱི༷་སྔོན༷་དུ༷་འགྲོ༷་བ༷འི་རི༷མ་པ༷༔ ས༷་མ༷་ཡ༷༔ རྒྱ༷༷་རྒྱ༷་རྒྱ༷༔ ཞི༷་ཁྲོ༷་འདུས་པའི༷་ལྷ༷་ལ༷་ཕྱ༷ག་འཚ༷ལ་ལོ༷༔ དྲུག༷་པ༷་ཞི་༷ཁྲོ༷འི་བསྒོ༷མ་ཁོ༷ག་ལ༷་ཡང༷་གཉི༷ས༔ གོ་དོན་སྤྱི་ལྟར་བཤད་པ་དང་། ཆོ་ག་བྱེ་བྲག་ཏུ་བཤད་པ་གཉིས་ཏེ། དང་པོ་ལ་ཡང་ཐུན་མོང་དང་ཐུན་མོང་མ་ཡིན་པ་གཉིས་ཀྱི། དང་པོ་ནི། སྦྱང་གཞི་ཆོས་ཉིད་དེ་བཞིན་ཉིད་འཆིང་གྲོལ་ཐམས་ཅད་དང་བྲལ་བའི་གནས་ལུགས་ཡེ་ནས་རྣམ་དག་ལྷུན་གྲུབ་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་གྱི་བདག་ཉིད་སྐུ་གསུམ་རང་ཆས་སུ་བཞུགས་པ་ནི། ཐུགས་ཏིག་ལས། གཞི་གནས་རིག་པ་ངོ་བོ་རང་བཞིན་དང་༔ ཐུགས་རྗེ་གསུམ་སྟེ་རྒྱལ་བའི་སྙིང་པོ་ལ༔ སྐུ་གསུམ་རང་ཆས་བཞུགས་པར་བཤད་པ་ཡིན༔ ཞེས་དང་། མུ་ཏིག་ཕྲེང་བ་ལས། གནས་ལུགས་རྣམ་པ་མང་བཤད་ཀྱང་། །ཡེ་ཤེས་རྣམ་པ་གསུམ་ཡིན་ནོ། །ཞེས་སོ། །རིག་པའི་ཡེ་ཤེས་དེ་ཉིད་རང་ངོ་མ་ཤེས་པས་གཉིས་འཛིན་དུ་འཁྲུལ་ནས་འཁོར་བའི་བག་ཆགས་སྣ་ཚོགས་པའི་རང་བཞིན་དུ་གྱུར་པ་ནི། སྒྲ་ཐལ་འགྱུར་ལས། རྒྱུ་གཅིག་རྩ་བ་དབྱེར་མེད་དེ། །རང་ངོ་ཡིན་པར་མ་ཤེས་པས། །འདི་ནི་འཁོར་བའི་ཐོག་

མའོ། །ཞེས་སོ། །ཀུན་གསལ་ལས། གཞི་ཉིད་རང་ངོ་མ་ཤེས་པས། །གཟུང་འཛིན་སྐྱེས་པའི་དུས་ན་འཁྲུལ། །སྣོད་བཅུད་སྲིད་པ་རིམ་བཞིན་ཆགས། །ཞེས་སོ། །དེས་ན་བརྟན་གཡོ་འཁོར་འདས་ཐམས་ཅད་ལ་ཁྱབ་ཆོས་སུ་གནས་ཏེ། བརྟག་གཉིས་ལས། འདི་ཉིད་ཡེ་ཤེས་ཆེན་པོ་སྟེ། །ཐམས་ཅད་ལུས་ལ་རྟག་ཏུ་གནས། །དངོས་དང་དངོས་མེད་བདག་ཉིད་གཙོ། །གཉིས་དང་གཉིས་སུ་མེད་པའི་ཚུལ། །བརྟན་དང་གཡོ་བ་ཁྱབ་ནས་གནས། །ཞེས་དང་། རྒྱུད་བླ་མར། ཇི་ལྟར་སྔར་བཞིན་ཕྱིས་དེ་བཞིན། །འགྱུར་བ་མེད་པའི་ཆོས་ཉིད་དོ། །ཞེས་དཔེར་ན་འདམ་རྫབ་ཀྱིས་བཏུམ་པའི་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལྟ་བུའོ། །སྦྱང་བྱ་ནི། གང་གིས་གནས་ལུགས་དེ་ཉིད་སྒྲིབ་བྱེད་ཀྱི་མེད་སྣང་གློ་བུར་བའི་དྲི་མ་ཕྲ་རགས་རྣམས་ཏེ། རྒྱུད་བླ་མ་ལས། ཉོན་མོངས་ཤེས་བྱ་སྙོམས་འཇུག་གི། སྒྲིབ་གསུམ་ལས་ནི་ངེས་གྲོལ་ཏེ། །ཞེས་དང་། མུ་ཏིག་ཕྲེང་བ་ལས། ཆ་མེད་རྡུལ་དང་བཅས་པའི་ཕྱིར། །འོད་གསལ་གཉིས་(ཉིད་)ཀྱང་བག་ལ་ཞ། །ཞེས་སོ། །དཔེར་ན་ནོར་བུའི་ཕྱི་རོལ་གྱི་འདམ་རྫབ་བཞིན་ནོ། །སྦྱོང་བྱེད་ནི། རིམ་གཉིས་ཀྱིས་བསྡུས་པའི་ཐབས་ཤེས་ཟུང་འཇུག་གི་བྱེད་རྩོལ་དང་བཅས་ཏེ། སྙིང་པོའི་རྩ་རྒྱུད་ལས། ཤེས་འཇུག་མཚན་ཉིད་འབྱོར་བའི་གཟུངས། །འབྲས་བུ་སྨིན་བྱེད་རྒྱུ་དང་རྐྱེན། །ནུས་མཐུ་ཅན་དུ་གང་གྱུར་པ། །རིག་འཛིན་རྒྱལ་བའི་ཞིང་དུ་གྲགས། །ཞེས་དང་། དེའི་རྒྱུད་ཕྱི་མ་ལས། འཇིག་རྟེན་པ་ཡི་དངོས་གྲུབ་ནི། །བསྐྱེད་པའི་རིམ་པ་སྦྱོར་བས་ཐོབ། །འཇིག་རྟེན་འདས་པའི་དངོས་གྲུབ་ནི། །རྫོགས་པའི་རིམ་པ་སྦྱོར་བས་ཐོབ། །ཅེས་སོ། །དཔེར་ན་ནོར་བུའི་སྟེང་གི་འདམ་རྫབ་སྦྱོང་བའི་བྱེད་རྩོལ་

བཞིན་ནོ། །སྦྱངས་འབྲས་ནི། དེའི་སྟེང་གི་དྲི་མ་རྣམ་དག་ཏུ་གྱུར་ཏེ་ཚོགས་སྦྱོར་ལ་སོགས་པའི་རྟོགས་པ་རྣམས་གནས་སྐབས་ཀྱི་འབྲས་བུ་དང་། ནམ་ཞིག་རང་གི་ཡེ་ཤེས་མངོན་དུ་གྱུར་པ་ནི་མཐར་ཐུག་གི་འབྲས་བུ་སྟེ། རྒྱུད་བླ་མར། ཆུ་མཚོ་སོགས་བཞིན་འདོད་ཆགས་སོགས། །གློ་བུར་ཉོན་མོངས་དག་པ་ནི། །མདོར་ན་མི་རྟོག་ཡེ་ཤེས་ཀྱི། །འབྲས་བུ་ཡིན་པར་རབ་ཏུ་བརྗོད། །རྣམ་པ་ཀུན་གྱི་མཆོག་ལྡན་པའི། །སངས་རྒྱས་སྐུ་ནི་ངེས་ཐོབ་པ། །དེ་ནི་རྗེས་ལ་ཐོབ་པ་ཡི། །ཡེ་ཤེས་འབྲས་བུ་ཡིན་པར་བསྟན། །ཅེས་སོ། །དཔེར་ན་ནོར་བུའི་སྟེང་གི་འདམ་རྫབ་མཐའ་དག་སྦྱངས་ཏེ་ནོར་བུའི་ཡོན་ཏན་མངོན་དུ་གྱུར་པ་ལྟ་བུའོ། །དེ་ལྟར་བསྒྲུབ་གཞི་ངོས་མ་ཟིན་ན་སྒྲུབ་བྱེད་ཀྱང་ངལ་བ་དོན་མེད་ལྟ་བུ་སྟེ། བཅོས་མ་གློ་བུར་བའི་འཁྲུལ་སྣང་ལྷར་བསྒོམ་པ་ནི་བསྐྱེད་རིམ་ཡང་དག་ཏུ་མི་འགྱུར་བར། ས་པཎ་གྱིས། བརྒྱ་ལ་བསྐྱེད་རིམ་བསྒོམ་ན་ཡང་། །སྦྱང་གཞི་སྦྱོང་བྱེད་སྦྱང་བྱ་དང་། །སྦྱངས་འབྲས་ངོ་མ་འཕྲོད་པ་རུ། །རང་བཟོའི་དཀྲོང་བསྐྱེད་བསྒོམ་པར་ཟད། །ཅེས་དང་། རྡོ་རྗེ་སྙིང་འགྲེལ་ལས། རྒྱུ་འདྲར་དེ་ལས་སྐྱེ་བ་ཡི། །འབྲས་བུ་ཐམས་ཅད་དུ་མཐོང་གི། ཀོ་ཊ་པ་ཡི་ས་བོན་ལས། །སཱ་ལུའི་འབྲས་བུ་འབྱུང་བ་མེད། །ཅེས་སོ། །བསྒྲུབ་གཞི་ངོས་བཟུང་བ་དེ་ལ་མིང་གི་སྒོ་ནས་ལྷ་ཞེས་ཇི་ལྟར་གྲུབ་ན། ཨ་བྷི་ངྷ་ན་ལས། མི་འཆི་བ་དང་ལྷག་པར་བརྟན། །འདོད་དོན་སྟེར་དང་ཞི་བ་དང་། །ལུས་གནས་ཕན་པར་སྒྲུབ་པ་དང་། །བཀུར་བར་འོས་ཕྱིར་ལྷ་ཞེས་བྱ། །ཞེས་པ་གང་དང་སྦྱར་ཀྱང་འབྲེལ་ཆགས་པའོ། །གཉིས་པ་ཐུན་མོང་མ་ཡིན་པ་ལ། ཕྱི་ལྟར་རང་གི་ཕུང་ཁམས་སྐྱེ་མཆེད་ཀྱིས་བསྡུས་པའི་འཁོར་འདས་ཀྱི་ཆོས་ཐམས་ཅད་ཡེ་ནས་སངས་རྒྱས་སུ་ལྷུན་གྱིས་གྲུབ་པ་ཡིན་ཏེ། སེང་གེ་རྩལ་

རྫོགས་ལས། ཕུང་པོ་ལྔ་ལ་སངས་རྒྱས་ལྔ། །འབྱུང་བ་ལྔ་ལ་ཡུམ་ལྔར་རྟོགས། །ཉོན་མོངས་ལྔ་ལ་ཡེ་ཤེས་ལྔ། །ཡུལ་ལྔ་ལ་ནི་འོད་ལྔའི་སྐུ། །སྲིད་པ་གསུམ་ཉིད་སངས་རྒྱས་ཞིང་། །གཉིས་མེད་ལྟ་བའི་རང་ལུས་ཡིན། །ཞེས་སོ། །ནང་ལྟར་སྙིང་ཁར་ཞི་བའི་ལྷ་ཚོགས་དང་། དེ་ཡི་རང་གདངས་དུང་ཁང་དུ་ཁྲོ་བོའི་ལྷ་ཚོགས་ཏེ། མདོར་ན་རྡོ་རྗེའི་ལུས་ཐམས་ཅད་ཞི་ཁྲོ་རབ་འབྱམས་ཀྱི་རང་བཞིན་གནས་པ་ནི། ནོར་བུ་ཕྲ་བཀོད་ལས། ཨེ་མ་རིག་པའི་གནས་ལུགས་འདི། །རང་རང་ཙིཏྟའི་དཀྱིལ་ན་གནས། །ཡབ་དང་ཡུམ་གྱི་ཚུལ་དུ་གནས། །ཡབ་ཀྱི་ཆ་འཛིན་ཐབས་ཀྱི་སྐུ། །ཡུམ་གྱི་ཆ་འཛིན་ཤེས་རབ་སྐུ། །འོད་དང་འོད་ཟེར་ཚུལ་དུ་གནས། །དབྱིངས་དང་རིག་པ་རབ་བརྒྱན་ཏེ། །ལྷུན་རྫོགས་ཐིག་ལེ་ཆེན་པོར་གནས། །དེ་ནི་ཞི་བའི་བཞུགས་ཚུལ་ལོ། །རང་རང་མགོ་ལ་ཁྲོ་བོར་གནས། །ཡབ་དང་ཡུམ་དུ་མངོན་པར་སྣང་། །ཁྲོ་དང་ཁྲོ་མོའི་གཟུགས་འཆང་ཞིང་། །ཡེ་ཤེས་ལྔ་ལྔ་དག་དང་ལྡན། །སྐུ་ཡི་ཡེ་ཤེས་རེ་རེ་ལ། །དབུ་ཡི་ཡེ་ཤེས་ལྔ་ལྔའོ། །རང་བཞིན་འོད་ཀྱི་ཐིག་ལེ་ཡི། །རྩ་ནང་ཐིག་ལེའི་སྐུ་ལྟར་གནས། །ཆེ་བ་ནམ་མཁའི་ཁམས་དང་མཉམ། །ཆུང་ཚད་རྟ་རྔ་བཅུ་གཤག་ཙམ། །གསལ་ཚད་ཉི་ཟླའི་དཀྱིལ་འཁོར་འདྲ། །དེ་ཡང་གསལ་འཚེར་གཟི་བརྗིད་ལྡན། །འགྲོ་དང་འོང་དུ་གནས་པའོ། །ཞེས་སོ། །གསང་བར་དེ་དག་ཀུན་ཀྱང་རང་རིག་མཐའ་བྲལ་སྟོང་གསལ་དབྱེར་མེད་རང་བྱུང་གི་ཡེ་ཤེས་གཅིག་གི་རོལ་པར་སེམས་དང་ཡེ་ཤེས་རང་སྣང་བ་ཙམ་དུ་ཟད་དེ། དཔལ་མདའ་བསྣུན་ཞབས་ཀྱིས། སེམས་ཉིད་གཅིག་པུ་ཀུན་གྱི་ས་བོན་ཏེ། །གང་ལ་སྲིད་དང་མྱ་ངན་འདས་འཕྲོ་བ། །འདོད་པའི་དངོས་གྲུབ་སྟེར་བར་བྱེད་པ་

ཡི། །ཡིད་བཞིན་ནོར་འདྲའི་སེམས་ལ་ཕྱག་འཚལ་ལོ། །ཞེས་དང་། སྒྱུ་འཕྲུལ་ལམ་རིམ་ལས། གཞལ་ཡས་ཁང་དང་དཀྱིལ་འཁོར་དང་། །འཕྲོ་ཚོགས་འདུ་འཕྲོ་མང་པོ་ཡང་། །སེམས་ཀྱི་ཆོ་འཕྲུལ་ཆེན་པོ་ཡིན། །དེ་བས་རྣམ་བདུན་རིག་པའི་ངང་། །ཞེས་སོ། །དེ་ལྟར་གདོད་མ་ནས་སངས་རྒྱས་སུ་གྲུབ་ན་ལམ་གྱི་ཆོས་རྣམས་ཀྱི་དགོས་པ་དོར་རོ་ཞེ་ན། དཔེར་ན་གསེར་དངུལ་གྱི་རྡོ་རྣམས་རིན་པོ་ཆེའི་ཁམས་སུ་གྲུབ་ཀྱང་བཞུ་བཏུལ་མ་བྱས་པར་གསེར་དངུལ་དུ་མི་འགྱུར་བ་བཞིན་དུ། འདིར་ཡང་ཡེ་ནས་ཡེ་ཤེས་སུ་གྲུབ་པ་ཡིན་ལ་ཡིན་བཞིན་དུ་མུན་ཁང་གི་ལྷ་ལ་སྒྲོན་མེ་བཏེག་པ་ལྟར་གསལ་བཏབ་པས་འཁོར་བའི་ཀུན་རྟོག་ཡེ་ཤེས་སུ་གྲོལ་བ་ཆབ་རོམ་ཆུར་ཞུ་བ་ལྟ་བུ་ལས། སྦྱང་གཞི་དང་སྦྱོང་བྱེད་ཐ་དད་དང་གནས་འགྱུར་བ་སྣམ་བུ་ཚོས་ཀྱིས་བསྒྱུར་བའམ། ལྕགས་གསེར་དུ་བསྒྱུར་བ་ལྟ་བུ་ནི་མི་འདོད་དེ། སྒྱུ་འཕྲུལ་གསང་སྙིང་ལས། འདི་ནི་གསང་ཆེན་ངེས་པ་ཡི། །འབྲས་བུ་ལམ་དུ་གྱུར་པ་ཡིན། །རྒྱལ་བའི་དཀྱིལ་འཁོར་མ་ལུས་ལ། །འདི་ལས་གསང་བའི་ངེས་དོན་མེད། །བཙལ་ཀྱང་རྒྱལ་བས་མི་བརྙེས་སོ། །ཞེས་སོ། །གཉིས་པ་ཆོ་ག་བྱེ་བྲག་ཏུ་བཤད་པ་ལ་ཡང་གཉིས་ཏེ། ཐོག་མར་ཏིང་ངེ་འཛིན་རྣམ་པ་གསུམ་གྱིས་ཁོག་ཕུབ་པ། འབྲས་བུ་རྟེན་དང་བརྟེན་པའི་དཀྱིལ་འཁོར་བསྐྱེད་པ་དང་གཉིས་ལས། དང་པོ་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་བསྒོམ་པ་ནི། སྦྱང་བྱ་ལུས་ཅན་རྣམས་འཆི་བའི་ཚེ་ཐིམ་རིམ་རྫོགས་མཐར་གསལ་སྟོང་མི་རྟོག་པའི་རྣམ་པ་ཅན་དུ་དར་གཅིག་གནས་པ་སྟེ། ཐལ་བ་ལས། འགྲོ་བ་མ་ལུས་ཐམས་ཅད་དག །གནས་པའི་སྟོབས་ནི་ཟད་པ་ན། །འདུས་པ་ལྔ་ཡི་རིམ་པ་ཡིས། །

བག་ཆགས་སྙིགས་མ་རང་ཟད་ནས། །འོད་གསལ་སྟོང་པར་སྣང་བ་ལ། །རེ་དོགས་མེད་པ་ནམ་མཁའ་བཞིན། །ཞེས་སོ། །སྦྱངས་འབྲས་སངས་རྒྱས་ཆོས་ཀྱི་སྐུ་སྤྲོས་པ་ཐམས་ཅད་དང་བྲལ་བའི་ཡེ་ཤེས་ཡིན་ཞིང་། སྦྱོང་བྱེད་ནི་ཆོས་ཐམས་ཅད་སྟོང་ཞིང་བདག་མེད་པ་བསྒོམ་པ་སྟེ། གྱེར༷་བསྒོ༷མ་ལྡན༷་པ༷ས་འདི༷་སྐད༷་དོ༷། །ༀ༷་ཞེས་པ་ལ་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་དང་། འབྲས་བུ་ཆོས་ཀྱི་སྐུ་མཚོན་པའི་ཡི་གེས་མགོ་དྲངས་པའོ། །འདི་དག་མ་དག་པ་འཁོར་བ་དང་། དག་པ་སངས་རྒྱས་ཀྱི་སས་བསྡུས་པའི་ཆོས་སོ་ཅོག་ཐམས་ཅད་སེམས་ལས་གཞན་དུ་མེད་ཅིང་། སེམས་དེ་ཡང་འདས་པའི་རྣམ་པར་རྟོག་པ་དང་མ་འོངས་པའི་རྣམ་པར་རྟོག་པ་དང་། ད་ལྟར་གྱི་རྣ༷མ་པར༷་རྟོ༷ག་པ་གསུ༷མ་བྲ༷ལ་བ༷། གདོད་མ་ནས་སུས་ཀྱང་མ་བྱས་པའི་སྟོང་ཉིད་དེ་ཡི༷་ངང་ལ་བཞག་པས། གཅིག་དང་དུ་མ་མཐའ་དང་དབུས་སོགས་མཚན་མའི་སྤྲོས་པ་དང་། དམི༷གས་པ་གང་ཡང་མེ༷ད་ཅིང་བརྗོ༷ད་པར་བྱ་བའི་ཡུལ་ཐམས་ཅད་བྲ༷ལ་བ་ཙམ་དུ་རྫོགས་པའི་དེ༷་བཞི༷ན་ཉི༷ད། དེ་བཞིན་ཀུན་རྫོབ་རང་གི་ངོ་བོས་སྟོང་པར་འདོད་པས་ན་རང་སྟོང་སྟེ། བཀའ་འཁོར་ལོ་བར་བ་དང་། དཔལ་མགོན་ཀླུ་སྒྲུབ་ཀྱིས་དབུ་མ་རིགས་ཚོགས་སུ་གསུངས་པ་ལྟར་སྤྲོས་བྲལ་མེད་དགག་གི་སྟོང་གཟུགས་ཙམ་དུ་བསྟན་ནས། མ༷་ཧཱ༷་ཆེན་པོ། ཤཱུ༷་ནྱ༷་ཏ༷་སྟོང་པ། ཛྙཱ༷་ན༷་ཡེ་ཤེས། ས༷་མ༷་ཏི༷་ཏིང་ངེ་འཛིན། ཨ༷ཿནི་སྐྱེ་མེད་ཀྱི་དོན་ཏེ། སྟོང་པ་ཆེན་པོ་ཡེ་ཤེས་ཀྱི་ཏིང་ངེ་འཛིན་སྐྱེ་བ་མེད་པའམ། སྟོང་པ་ཉིད་ཀྱི་ཡེ་ཤེས་སྐྱེ་མེད་ཏིང་ངེ་འཛིན་ཆེན་པོ་ཞེས་པ་ལྟ་བུ་སྟེ་དེ་ཡང་འཁོར་འདས་ཀྱི་བསྡུས་པའི་ཆོས་རྣམས་ཀུན་བཏགས་གཞན་དབང་ཡོངས་གྲུབ་གསུམ་གྱི་དབྱེ་བ་བྱས་ཏེ་མཐའ་དབུས་སོགས་ཀུན་བརྟགས་ཀྱི་ཆོས་རྣམས་ཀུན་རྫོབ་

ཙམ་དུའང་མེད་ལ། གཟུགས་སྒྲ་སོགས་འཁྲུལ་བའི་གཞན་དབང་ཀུན་རྫོབ་ཏུ་ཡོད་ཀྱང་དོན་དམ་དུ་མེད་ཅིང་། ཡོངས་གྲུབ་གཟུང་འཛིན་གཉིས་སྟོང་གི་ཡེ་ཤེས་ནི་ཀུན་རྫོབ་ཏུ་མེད་ཀྱང་དོན་དམ་དུ་ཡོད་པས་ན་གཞན་སྟོང་དུ་གྲགས་པ་སྟེ། བཀའ་འཁོར་ལོ་ཐ་མ་དང་། གསང་སྔགས་དང་བྱམས་ཆོས་སོགས་སྙིང་པོའི་གཞུང་ལུགས་སྟོན་པའི་བཀའ་ལུང་གི་དགོངས་པ་ལྟར་རྣམ་པར་མི་རྟོག་པའི་དབྱིངས་རང་བཞིན་གྱིས་འོད་གསལ་བའི་ངང་དེར་བཞག་པ་ཉིད་དོ། །ཇི་སྐད་དུ། དངོས་རྣམས་ཉིད་དང་དངོས་མེད་པ། །རྟོག་པའི་སྨྲ་བསམ་ཡུལ་ལས་འདས། །དེ་བཞིན་ཉིད་དབྱིངས་ཡེ་ཤེས་ཏེ། །དེ་ཕྱིར་དངོས་དང་དངོས་མེད་པའོ། །ཞེས་གསུངས་སོ། །རྗེས་དེ་མ་ཐག་ཏུ་འཆི་སྲིད་དག་པ་ཆོས་ཀྱི་སྐུའོ་སྙམ་པའི་ང་རྒྱལ་གྱིས་གཞི་འབྲས་སྦྲེལ་བར་བྱ། དགོས་པ་ནི་འཁོར་བའི་འཆི་སྲིད་ཀྱི་བག་ཆགས་དང་སྣང་བ་ཕྱོགས་རེ་བའི་རྟོག་པ་མ་སྤངས་གནས་སུ་དག །ཆོས་ཀྱི་སྐུ་མངོན་དུ་འགྱུར་རུང་གི་ས་བོན་མ་བཙལ་ངང་གིས་རྫོགས། རྫོགས་རིམ་གྱི་འོད་གསལ་རྒྱུད་ལ་སྐྱེ་བའི་གཞི་མ་བྱས་ལྷུན་གྲུབ་ཏུ་སྨིན་པའོ། །དེ་ལྟ་བུའི་ཤུ་ནྱ་ཏའི་སྔགས་འདིས་བསྟན་པའི་ཡོངས་གྲུབ་དེ་བཞིན་ཉིད་དེ་ལ། ཆོས་ཀྱི་དབྱིངས་དང་བདེ་གཤེགས་སྙིང་པོ་སོགས་སུ་ངེས་དོན་གྱི་གཞུང་རྣམས་ལས་མཚན་དུ་མས་བསྟན་ཅིང་། འབྲས་བུ་གསང་སྔགས་ཀྱི་སྐབས་སུ་རྒྱུ་ཡི་རྒྱུད་དང་། རྒྱུའི་ཏིང་ངེ་འཛིན་དང་། སྣང་སྲིད་ཀྱི་གཞི་དང་། གཉུག་མ་དེ་བཞིན་ཉིད་དང་། རང་བྱུང་བདེ་བ་ཆེན་པོའི་དབྱིངས་དང་། དང་པོའི་མགོན་པོ་དང་། རྡོ་རྗེ་སེམས་དཔའ་དང་། བསྒྲུབ་གཞིའི་ལྷ་ཞེས་གོང་དུ་སྨྲོས་པའི་དོན་དེ་རྣམས་ཡིན་ཅིང་། སྐབས་འདིར་མ་ཟད་རྣམ་པར་མི་རྟོག་པའི་དོན་འདི་མ་ཤེས་པར་ཤུ་ནྱ་ཏ་དང་། སྭ་བྷཱ་ཝ་དང་།

སྟོང་པ་ཉིད་དང་། སྟོང་པའི་ངང་ལས་ཞེས་འདོན་པ་རྣམས་ཚིག་རྣམས་བརྗོད་པ་ཙམ་དུ་ཟད་དོ། །གཉིས་པ་ཀུན་ཏུ་སྣང་བའི་ཏིང་ངེ་འཛིན་ནི། སྦྱང་བྱ་བར་དོའི་ལུས་དབང་པོ་ཀུན་ཚང་རྨི་ལམ་ལྟར་ཡད་ཡུད་དུ་སྣང་བས་ཏེ། ཐལ་རྒྱུད་ལས། བར་མར་སྒྱུ་མའི་ལུས་ཐོབ་པས། །མ་སྤངས་ལོངས་སྤྱོད་རྫོགས་པར་ཤར། །ཞེས་སོ། །སྦྱངས་འབྲས་ལོངས་སྐུ་སྒྱུ་མ་ལྟ་བུ་ཡེ་ཤེས་ཀྱི་སྐུ་ཅན་ཡིན་ཞིང་། སྦྱོང་བྱེད་དེ་བཞིན་ཉིད་མ་རྟོགས་འགྲོ་ལ་སྒྱུ་མ་ལྟ་བུའི་སྙིང་རྗེ་མཁའ་ཁྱབ་ཏུ་བསྒོམ་པ་སྟེ། ཨཱ༷ཿཞེས་ལམ་ཀུན་སྣང་གི་ཏིང་ངེ་འཛིན་དང་། འབྲས་བུ་ལོངས་སྐུ་མཚོན་པའི་ཡི་གེས་དྲངས་པའོ། །རྟོག༷་བྲ༷ལ་དེ་བཞིན་ཉིད་ཀྱི་ངང༷་ལས༷་དེ་ལྟར་མ་རྟོགས་པའི་སེམས་ཅན་ཀུན་ལ་མ་བཅོས་རང༷་བྱུ༷ང་གི་རྩ༷ལ་སྣང་འགག་པ་མེད་པར་སྟོང་༷ཉིད༷་དང་སྙིང༷་རྗེ༷་དབྱེར་མེད་པའི་ཀུན༷་ཏུ༷་སྣང༷་བའི་ཏིང་ངེ་འཛིན་སྒྱུ་མ་ལྟར་ཤར་བ་ནི་མཁའ་ལ་སྤྲིན་དེང་བ་ལྟ་བུའོ། །བ༷ཛྲ༷་རྡོ་རྗེ། མ༷་ཧཱ༷་ཆེན་པོ། ཀ༷་རུ༷་ཎི་༷ཀ༷་སྙིང་རྗེ། ས༷་མ༷་ཏི༷་ཏིང་ངེ་འཛིན། ཨ༷ཿསྐྱེ་མེད། རྡོ་རྗེ་སྙིིང་རྗེ་ཆེན་པོའི་ཏིང་ངེ་འཛིན་སྐྱེ་བ་མེད་ཅིང་འགག་པ་མེད་པ་ལྟ་བུའོ། །སྐབས་འདིར་སེམས་ཅན་ལ་དམིགས་པའི་སྙིང་རྗེ་ནི་འགྲོ་དྲུག་གི་སྡུག་བསྔལ་ལ་སེམས་པ། ཆོས་ལ་དམིགས་པའི་སྙིང་རྗེ་ནི་གོང་ལྟར་དེ་བཞིན་ཉིད་མ་རྟོགས་པའི་འགྲོ་ལ་སྟེ་ཀུན་རྫོབ་དང་། དེ་གཉིས་ལ་དམིགས་ཏེ་དེ་བཞིན་ཉིད་ལ་མཉམ་པར་འཇོག་པ་ནི་དོན་དམ་སེམས་བསྐྱེད་ཡིན་ཏེ། རྔམ་གློག་ལས། གཉིས་པ་ཀུན་སྣང་ནམ་མཁའི་ངང་། །སྙིང་རྗེ་གསུམ་གྱིས་ཁྱབ་པའི་ཕྱིར། །ཁྱབ་གདལ་ཆེན་པོའི་ཏིང་འཛིན་བསྒོམ། །ཞེས་སོ། །རྗེས་དེར་བར་དོ་ལོངས་སྤྱོད་རྫོགས་པའི་སྐུའོ་སྙམ་པའི་ང་རྒྱལ་བྱེད། དགོས་པ་ནི་

འཁོར་བའི་དྲི་མ་བར་དོའི་བག་ཆགས་དང་སྟོང་པ་ཕྱོགས་རེ་བའི་རྟོག་པ་མ་སྤངས་གནས་སུ་དག །ལོངས་སྐུ་མངོན་དུ་འགྱུར་རུང་གི་རྟེན་འབྲེལ་མ་བཙལ་ངང་གིས་རྫོགས། འོད་གསལ་ལས་ཡེ་ཤེས་ཀྱི་ལྷ་སྐུ་ལྡང་བར་མ་བྱས་ལྷུན་གྲུབ་ཏུ་སྨིན་པའོ། །གསུ༷མ་པ༷་རྒྱུ༷་ཡི༷་ཏིང༷་ངེ༷་འཛི༷ན་ནི༷༔ སྦྱང་བྱ་སྐྱེ་གནས་སུ་འཇུག་ཀ་མའི་བར་དོའི་རླུང་སེམས་སྲེད་པ་ཕྱི་མའི་ས་བོན་བྱེད་པ་སྟེ། གལྤོ་ལས། བར་དོ་རང་རིག་བདེ་བའི་ཆ། །ཡི་གེ་ཧཱུྃ་དུ་གནས་པ་ཡིན། །ཞེས་སོ། །སྦྱངས་འབྲས་སྤྲུལ་པའི་སྐུ་གང་འདུལ་གྱི་རྣམ་རོལ་སྣ་ཚོགས་སྟོན་པ་ཡིན་ཞིང་། སྦྱོང་བྱེད་སྟོང་ཉིད་དང་སྙིང་རྗེ་ཟུང་འཇུག་གི་རོལ་པ་ས་བོན་གྱི་རྣམ་པར་ཤར་བ་སྟེ་ཧཱུ༷ྃ་ཞེས་ལམ་རྒྱུ་ཡི་ཏིང་ངེ་འཛིན་དང་། འབྲས་བུ་སྤྲུལ་སྐུ་མཚོན་པའི་ཡི་གེས་མགོ་དྲངས་པའོ། །རང་བྱུང་གི་ཡེ་ཤེས་གསལ༷་ལ་འགག་པ་མེད་པའི་སྤྲོས་པ་ཀུན་བྲལ་གྱི་སྟོང༷་ཉིད་དེ་བཞིན་ཉིད་དང་། སྒྱུ་མ་ལྟ་བུའི་ཀུན་སྣང་གི་སྙིང༷་རྗེ༷་ཆེན་པོ་ཁྱབ་གདལ་དུ་རང་གསལ་བ་དེ་གཉིས་ཟུང་འཇུག་འཁོར་འདས་དབྱེར་མེད་པ་རྡོ་རྗེ་ལྟར་མི་ཕྱེད་པའི༷་ངང༷་དེ༷་ཉིད༷་ལས༷། རང༷་གི་སེ༷མས་ཀྱི་རྟེན་དུ་གྱུར་པ་དྭངས་མའི་སྲོག་ཆེན་པོ་ཉིད་དྭངས་གསལ་འགྱུར་མེད་རི༷ག་རྩ༷ལ་འག༷ག་པ་མེད་པ་ཅིར་ཡང་འཆར་དུ་རུང་བ་འདིི༷། ངོ་བོ་མི་ཤིགས་པ་མཚོན་པའི་ཁ་དོག་མཐི༷ང་ཁ༷་རུ་གྱུར་པའི་རྒྱུ༷་ཡི༷་ས་བོན་ནམ་རྡོ་རྗེ་འཛིན་པའི་ཡི༷་གེ༷་ཨ༷་ཐུང་གི་གཟུགས་མཁའ་ལ་ཟླ་བ་ལྟར་གནས་པ་ནི། འཇམ་དཔལ་སྒྱུ་འཕྲུལ་དྲ་བ་ལས། རྫོགས་པའི་སངས་རྒྱས་ཨ་ལས་བྱུང་། །ཨ་ནི་ཡིག་འབྲུ་ཀུན་གྱི་མཆོག །དོན་ཆེན་ཡི་གེ་དམ་པ་ཡིན། །ཁོང་ནས་འབྱུང་བ་སྐྱེ་བ་མེད། །ཚིག་ཏུ་བརྗོད་པ་སྤངས་པ་སྟེ། །བརྗོད་པ་ཀུན་གྱི་རྒྱུ་ཡི་མཆོག །ཚིག་

ཀུན་རབ་ཏུ་གསལ་བར་བྱེད། །ཅེས་སོ། །བ༷ཛྲ༷་རྡོ་རྗེ། ཙི༷ཏྟ༷་ཐུགས། ཧཱུ༷ྃ་འགག་མེད། ཨ༷་སྐྱེ་མེད། སྐྱེ་འགག་གཉིས་མེད་ཀྱི་ཐུགས་རྡོ་རྗེ་ལྟ་བུའོ། །རྗེས་དེར་སྐྱེ་སྲིད་དག་པ་སྤྲུལ་བའི་སྐུའོ་སྙམ་པའི་ང་རྒྱལ་བྱེད། དགོས་པ་ནི། སྐྱེ་གནས་རྣམས་ཀྱི་བག་ཆགས་དང་སྣང་སྟོང་ཐ་དད་དུ་ཞེན་པ་མ་སྤངས་གནས་སུ་དག །སྤྲུལ་པའི་སྐུ་མངོན་འགྱུར་གྱི་ས་བོན་མ་བཙལ་ངང་གིས་རྫོགས། བདེ་རླུང་སེམས་ལས་བྱུང་བའི་ཡེ་ཤེས་ཀྱི་སྐུ་མངོན་དུ་ལྡང་བ་ཉིད་མ་བྱས་ལྷུན་གྲུབ་ཏུ་སྨིན་པའོ། །དེ་ལྟར་ཏིང་འཛིན་རྣམ་གསུམ་དེས་ཕྱི་ཡི་བསྐལ་བ་ཆགས་འཇིག་གནས་སྟོངས་བཞི། ནང་གི་སྐྱེ་རྒ་ན་འཆི་བཞི་ཡི་བག་ཆགས་ལྷན་ཅིག་ཏུ་དག་པ་ཡིན་ཏེ། ཐལ་འགྱུར་ལས། དོན་ནི་འཇིག་དང་ཆགས་པ་དང་། །གནས་པ་ཉིད་དང་སྟོངས་པ་དང་། །སྐྱེ་དང་རྒ་དང་ན་དང་འཆི། །སྲིད་པའི་འཁྲུལ་འཁོར་ཉིད་དུའོ། །ཞེས་སོ། །དོན་དུ་བསྐལ་པ་ཆགས་འཇིག་སྟོངས་གསུམ་དང་། ལུས་ཀྱང་སྐྱེ་འཆི་བར་གསུམ་དུ་འདུ་བའི་ཕྱིར་རོ། །བཞི་པ་ཇི་ལྟར་བསྒོམ་པའི་ཚུལ་དང་། སྒོམ་པའི་རིམ་པ་དངོས་སོ། །དང་པོ་ནི། ཐབས་བསྐྱེད་རིམ་གཙོར་སྟོན་རྒྱུད་མ་ཧཱ་ཡོ་ག་ལྟར་འབྲུ་བསྐྱེད་དུ་ལས་བྱང་ཚོར་ཆེན་དང་། ཐོལ་བསྐྱེད་དུ་ཚོར་ཆུང་བཞིན་བསྒོམ་པ་དང་། ཤེས་རབ་རྫོགས་པའི་རིམ་པ་གཙོར་སྟོན་ལུང་ཨ་ནུ་ཡོ་ག་ལྟར་རྡོ་རྗེའི་ལུས་ལ་རྩ་ཐིག་རླུང་གི་ངོ་བོར་མ་བསྐྱེད་རྫོགས་པའི་ཚུལ་དུ་སྟོན་པ་ཆོས་སྤྱོད་བག་ཆགས་རང་གྲོལ་བཞིན་བསྒོམ་པ་དང་། གཉིས་མེད་མན་ངག་རྫོགས་པ་ཆེན་པོ་ལྟར་འཁོར་བའི་རྟོག་ཚོགས་ཐམས་ཅད་མ་སྤངས་གནས་དག་གི་ཚུལ་དུ་བསྒོམ་བྱ་སྒོམ་བྱེད་གཉིས་མེད་ལྷ་སྐུ་རིག་རྩལ་དུ་ཤེས་པའི་ངང་ལས་མི་འདའ་བར་བྱའོ། །དོན་དུ་ན་དེ་གསུམ་སོ་

སོར་མ་དམིགས་ཏེ་རེ་རེ་ལའང་གསུམ་ཀ་ཚང་བ་སྟེ། དཔེར་ན་དབྱིངས་ལས་ས་བོན་ཤར་བ་རྣལ་འབྱོར་ཆེན་པོ། དབྱིངས་དང་གཉིས་སུ་མེད་པ་རྗེས་སུ་རྣལ་འབྱོར། དེ་ཡང་རིག་རྩལ་དུ་ཤེས་པ་ཤིན་ཏུ་རྣལ་འབྱོར་རོ། །རིག་པ་དེའི་འགྲེས་སུ་ཤེས་པས་རྒྱུད་ལུང་མན་ངག་གསུམ་གྱི་ཡང་ཞུན་གཅིག་དྲིལ་ཞེས་པའི་དོན་ཡང་དེ་ལྟར་གོ་དགོས་སོ། །གཉིས༷་པ༷་འབྱུ༷ང་བ༷་རིམ༷་བརྩེ༷གས་བསྒོ༷མ་པ༷་ནི༷༔ སྦྱང་བྱ་འཁྲུལ་ངོར་སྣང་བའི་འབྱུང་བཞི་རི་རབ་བརྟེན་པར་བཅས་པའི་རྒྱལ་ཁམས་ནི་རང་གི་སེམས་ལས་སྣང་སྟེ། དཔལ་ལྡན་ཟླ་བས། སེམས་ཉིད་ཀྱིས་ནི་སེམས་ཅན་འཇིག་རྟེན་དང་། །སྣོད་ཀྱི་འཇིག་རྟེན་སྣ་ཚོགས་ཤིན་ཏུ་འགོད། །འགྲོ་བ་མ་ལུས་ལས་ལས་སྐྱེ་བར་གསུངས། །སེམས་སྤངས་ནས་ནི་ལས་ཀྱང་ཡོད་མ་ཡིན། །ཞེས་སོ། །སྦྱངས་འབྲས་ནི། ཆོས་ཉིད་དོན་དམ་ཡེ་ཤེས་ཀྱི་རང་སྣང་རྡོ་རྗེའི་འབྱུང་རིམ་ལྷུན་པོ་དང་བཅས་པ་རྡོ་རྗེའི་གཞལ་ཡས་ཁང་ལྷ་དང་བཅས་པ་ནི། དོན་དམ་ཡེ་ཤེས་ཀྱི་རྒྱལ་ཁམས་རྡོ་རྗེ་བཙུན་མོའི་བྷ་ག་ཉིད་ཡིན་ཞིང་། སྦྱོང་བྱེད་ནི། རྡོ་རྗེ་སྲུང་བའི་གུར་ཁང་གི་ནང་དུ་ནམ་མཁར་གནས་པའི་རྒྱུའི་ས་བོན་ལས་འབྱུང་ལྔ་རི་རབ་གཞལ་མེད་ཁང་དང་བཅས་པ་གསལ་བཏབ་པའོ། །དེ་ཡང་སྟོ༷ང་གས༷ལ་འགག་མེད་ཡེ་ཤེས་ཀྱི་རང༷་བཞིན་ནམ་བབ༷ས་ལས་གྲུབ་པའི་ཨ་ཡིག་དེ་ཉིད་ཀྱང་། གདོ༷ས་བཅ༷ས་མཚན་མ་དང་བྲལ༷་བ་ཆུ་ཟླ་ལྟ་བུ། སྣ༷ང་ལ༷་ར༷ང་བཞི༷ན་མ༷་གྲུ༷བ་པར༷༔ མེ་ལོང་ནང་གི་གཟུགས་བརྙན་ལྟ་བུ་རི་རབ་ཀྱི་ཁ་དོག་དང་རྒྱ་མཚོའི་འོད་སྣང་འདྲེས་པའི་རང་མདངས་ལས་ནམ༷་མཁ༷འ་ཞེས་སྒྲོ་བཏགས་པའི༷་གཟུ༷གས་དང་ཁ་དོག་ཅན༷་ཏེ་མཐིང་ནག་འོ༷ད་ཟེ༷ར་འཕྲོ༷་བའོ། །ཨ༷་ཡིག་དེ་ལ༷ས་འབྱུང་བཞིའི་ས་བོན་རིམ་པར་ཆད་པས་འབྱུང་ལྔ་གང་ཡིན་དེ་དང་། དེར་

འཛིན་གྱི་རྟོག་པ་དང་བྲལ་བའི་རང་བཞིན་འབྱུང་བའི་དྭངས་མ་ཡེ་ཤེས་ལྔའི་ཡོན་ཏན་བསྡུས་ཏེ་ཡི་གེ་རྣམས་འོད་དུ་ཞུ་བ་ལས་འབྱུང་དཀྱིལ་རྣམས་རིམ་པར་བརྩེགས་ཏེ། ཆོས་དབྱིངས་སྟོང་བའི་རྩལ་སྣང་གི་འོད༷་ཟེ༷ར་མཐིང་ཀ་ཨེ༷་རུ་ཆད༷་པས་ཨེ༷་དེ་ལས༷་ནམ་མཁའི་དཀྱིལ་འཁོར་ཆོས༷་འབྱུ༷ང་བསྣོལ་བ་རྩ་བ་ཕྲ་བ་གཉིས་ཐུར་དང་། གདེངས་ཀ་རྒྱས་པའི་ཟུ༷ར་དྲུ༷ག་ཕྱོགས་སུ་གྱེས་པ་དང་ལྡ༷ན་པ་རྒྱ་ཁྱོན་ཆོས་ཀྱི་དབྱིངས་དང་བསམ་གྱིས་མི་ཁྱབ་པའི་རང་བཞིན་དུ་བསམ། དེ་ཡང་ཆོས་འབྱུང་འོག་མ་ཤེས་རབ་ཀྱི་རང་བཞིན་ཟུར་གསུམ་ནི་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། འོག་གི་ཟུར་འདུས་མ་བྱས་པ་སྟེ་རྣམ་ཐར་བཞི་དང་། སྟེང་མ་ཐབས་སྙིང་རྗེའི་རང་བཞིན་དང་། ཟུར་གསུམ་ནི་སེམས་ཅན་ལ་དམིགས་པ་དང་། ཆོས་ལ་དམིགས་པ་དང་། དམིགས་མེད་དང་། འོག་གི་ཟུར་བདེ་ཆེན་གྱི་སྙིང་རྗེ་སྟེ་སྙིང་རྗེ་བཞི། སྟོང་ཉིད་དང་སྙིང་རྗེ་དབྱེར་མེད་པའི་ཡེ་ཤེས་ཀྱི་རང་བཞིན་ཟུར་དྲུག་གི་རྣམ་པར་འཆར་བའོ། །དེའི་༷སྟེང༷་དུ་ཨ༷་དེ་ལས༷་ཐུགས་རྗེ་འགག་པ་མེད་པའི་རྩལ་སྣང་ཡ༷ྃ་ལྗང་གུ་ཞིག་འཕྲོས༷་པས༷་ཡེ༷་ཤེ༷ས་ལྔ༷་དང་ལྡན༷་པའི་རླུང་གི་དཀྱིལ་འཁོར་སྣ་ཚོགས་རྡོ་རྗེ་རྒྱ༷་གྲམ༷་གྱི་དབྱིབས་སུ་ཆགས་པ། རྒྱ་ཁྱོན་མཁའ་དཀྱིལ་དང་མཉམ་པ། རླུ༷ང་དེ་ཡང་ཡེ་ཤེས་ལྔའི་རང་བཞིན་དཀར༷་སེར༷་དམ༷ར་ལྗ༷ང་དབུས་མཐི༷ང་ག༷འི་མདོ༷ག་ཏུ་གནས་པ། ཆོ༷ས་སྐུ༷་སྟོང་པའི༷་རང༷་རྩལ༷་ལས་འདེགས་བསྲུབ་ཆགས་སྡུད་ཀྱི་ཤུག༷ས་ཆེན་པོ་དང་ལྡ༷ན་པར་གནས༷་པ༷འོ། །དེ༷འི་སྟེང༷་དུ་ཨ ༷་དེ་ལས༷་ཐུགས་རྗེ་གསལ་དག་གི་རྩལ་སྣང་བ༷ྃ་འཕྲོ༷ས་པ༷ས། བ༷ྃ་དེ་ལས༷་ཡེ༷་ཤེ༷ས་ཀྱི་འབྱུང༷་བ༷་ཆུ་ཡི་དཀྱིལ་འཁོར་ཟླུམ་པོ་ཀུན་ཏུ་འཁྱིལ་བ། རྒྱ་ཁྱོན་རླུང་དཀྱིལ་དང་མཉམ་པ། དེ་ཡང་ཡེ་ཤེས་རྣམ་པ་

ལྔའི་རང་བཞིན་གྱི་རོ་བཅུ༷ད་ཕུན་སུམ་ཚོགས་ཤིང་ཁྱབ་དང་འཛིན་སྨིན་གྱི་ནུས་དང་ལྡན༷་པ། ཆོས་ཉིད་ཆགས་སྡང་དང་བྲལ་བའི་ཡེ་ཤེས་ཀྱི་རང་བཞིན་ཤི༷ན་ཏུ༷་གཟུ༷གས་མཛེ༷ས་ཏེ་ལྟ་ན་སྡུག་པ༷། ཡེ་ཤེས་ཀྱི་ཀློང་གཅིག་ཏུ་འཁྱིལ་བའི་རང་བཞིན་ཁ༷་དོག༷་མ༷་ངེས༷་པའི་རྒྱ༷་མཚོ༷་ཟླུམ་པོར༷་འཁྱིལ༷་བའོ། །ཐུགས་རྗེ་མཉམ་པ་ཆེན་པོའི་ཡེ་ཤེས་ཀྱི་རྩལ་ལས་ལ༷༷ྃ་སེར་པོ་ཞིག་འཕྲོ༷ས་པ༷ས་རིན༷་ཆེན༷་སྣ་ཚོགས་པའི་ས་༷གཞི་༷ཟུར་བཞི་པ་རྒྱ་ཁྱོན་ཆུ་དཀྱིལ་དང་མཉམ་པ། དེ་ཡང་ཆོས་ཉིད་བརྡ༷ལ་བ་ཆེན་པོའི་ཡེ་ཤེས་ཀྱི་རང་བཞིན་ཁོད་སྙོམས་པ། ཡེ་ཤེས་བཞི་ཡི་རང་བཞིན་གྱི་ཀུན་ཏུ་གྲུ་བཞི་པ། ཆོས་ཐམས་ཅད་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་རང་བཞིན་ས་གཞིའི་རྒྱུ་སོ་སོར་དབྱེ་རུ་མེད་པའོ། །ས་དཀྱིལ་དེའི་དབུས་སུ་པདྨ་ལས་ཟེའུ་འབྲུ་འབུར་བའི་ཚུལ་དུ། ཐུགས་རྗེ་རང་བྱུང་གི་ཡེ་ཤེས་ཀྱི་རང་བཞིན་གསེ༷ར་གཡུ༷་མུ༷་ཏིག༷་ཟང༷ས་ལྕག༷ས་ཀྱི་ཚོག༷ས་ལས་གྲུབ་པའི་རི་རབ་ནི། ཆུ་མཚམས་ཡན་ཕྱེད་མར་བཅད་པའི་སྨད་ཆར་ཡེ་ཤེས་བཞིའི་རང་བཞིན་གྱི་ཟུ༷ར་བཞི༷། མཐའ་བརྒྱད་བྲལ་བའི་ཡེ་ཤེས་ཀྱི་རང་བཞིན་ལོ༷གས་བརྒྱ༷ད་དང་ལྡན་པའི་ཁྲི༷་རྐང༷་དང༷་། ཆོས་ཉིད་གཡོ་བ་མེད་པའི་ཡེ་ཤེས་ཀྱི་རང་བཞིན་གྱི་རིན༷་ཆེན༷་ལྔ༷་ཡི༷་རི༷་རབ༷་བང་རིམ་ལྔ་བརྩེ༷གས་པའི་ལྷུན་པོ་གྲུ་བཞི་པའི་རྣམ་པ་བརྗིད་ཆགས་པའོ། །རྗེས་དེར་འབྱུང་ལྔ་རྣམ་པར་དག་པ་རིགས་ཀྱི་ཡུམ་ལྔའོ་ཞེས་གཞི་འབྲས་སྦྲེལ། འདིར་མེ་དཀྱིལ་མ་བཤད་པས་ཆད་སྐྱོན་དུ་མི་བལྟ་སྟེ། གོང་དུ་སྲུང་འཁོར་སྐབས་རིགས་ལྔའི་ཐུགས་རྗེའི་རང་རྩལ་ཕྱག་མཚན་ལྔའི་གུར་ཁང་ཅིས་ཀྱང་མི་ཚུགས་པ་གོས་དཀར་མོའི་མཁའ་ཀློང་གིས་རྒྱས་འདེབས་པའི་ཚུལ་དུ་མེ་གུར་ཏེ། དེ་ཡང་ཆོས་བཞིའི་རང་བཞིན་གྱི་འབར་བ་དང་། འཚེད་པ་དང་།

ཚ་བ་དང་། མྱུར་བ་དང་། ཆོས་ཉིད་སྟོང་པ་གཅིག་གི་རང་བཞིན་གྱི་བར་མཚམས་མེད་པ་དེས་ཀྱང་འཐུས། ཡང་ན་སླད་ནས་སྟེང་ཕྱོགས་མེ་རུ་འབར་བར་ཁྲོ་བོའི་དཀྱིལ་འཁོར་འབྱུང་རུང་གི་དོན་དུ་སེམས་ཀྱང་ཆོག །སྤྱིར་དག་བྱ་འབྱུང་བ་ལྔ་པོ་རེ་རེ་ལའང་དོན་དུ་ལྔ་ལྔ་ཚང་བ་སྟེ། དཔེར་ན་ས་ཡི་དཀྱིལ་ལ་ཁྱབ་པ་ཆུས། སྨིན་པ་མེས། ཕྲ་རབ་རླུང་གིས། བརྟན་པ་སས། གོ་འབྱེད་ནམ་མཁའི་བྱེད་ལས་སུ་གྲུབ་པ་དང་། དག་འབྲས་ཡུམ་ལྔ་ཡང་དོན་དུ་སྟོང་པ་ཉིད་ལས་མི་འདའ་བས་ན་མཐའ་གཅིག་ཏུ་མ་ངེས་པའོ། །དེས་ན་ཡ་བྲལ་ཕྱོགས་ལྷུང་དག་པའི་ཡེ་ཤེས་ཀྱི་རང་བཞིན་འབྱུང་བ་ལྔ་འདྲ་འདྲེས་སུ་བསྟན་པའོ། །དགོས་པ་ནི་འདི་རྣམས་ཀྱིས་ཕྱི་ནང་གི་འབྱུང་ལྔའིི་བག་ཆགས་མ་སྤངས་གནས་སུ་དག་ནས། ཡུམ་ལྔའི་མཁའ་ཀློང་རྣམ་པར་དག་པའི་རྟེན་འབྲེལ་མ་བཙལ་ངང་གིས་རྫོགས། རྩ་གསུམ་འཁོར་ལོ་ལྔ་རྣམས་མཉེན་ཅིང་དུལ་བ་མ་བྱས་ལྷུན་གྲུབ་ཏུ་སྨིན་པའོ། །སྒྱུ་འཕྲུལ་བཤད་རྒྱུད་ཆེན་པོ་ལས། ཕྱི་རོལ་འབྱུང་སོགས་ཡུལ་རྣམས་ཀུན། །ཐབས་དང་ཤེས་རབ་གཉིས་མེད་པའི། །སྲ་བརྟན་རྡོ་རྗེ་སྤྱན་མ་སྟེ། །གཤེར་བ་ལྷ་མོ་མཱ་མ་ཀཱི། །སྨིན་བྱེད་སྲེག་མཛད་གོས་དཀར་མོ། །ཡངས་ཤིང་གཡོ་བ་སྒྲོལ་མའི་མཁའ། །སྟོང་གསལ་ནམ་མཁའ་ཀུན་བཟང་མོ། །ཞེས་སོ། །རྫོགས་རིམ་གྱི་ཚེ་འབྱུང་ལྔ་རི་རབ་བཅས་པ་རྩ་འཁོར་དང་དབུ་མ། པད་ཉི་རྒྱ་གྲམ་ནི་རླུང་ཐིག་གིས་མཚོན་པའོ། །རི་རབ་དེའི་དབུས་སུ་འཁོར་བའི་སྐྱོན་དང་བྲལ་བས་སྣ་ཚོགས་པདྨ་འདབ་མ་ལྔ་བཅུ་རྩ་དྲུག་གེ་སར་ཟེ་ཕོར་དང་བཅས་པའི་ལྟེ་བར་ཡོན་ཏན་ལྷུན་གྱིས་གྲུབ་པའི་ཉི་མའི་དཀྱིལ་འཁོར་བཀྲག་ལ་འཚེར་བའི་སྟེང་དུ། མི་འགྱུར་བའི་སྣ་ཚོགས་རྡོ་རྗེ་རྒྱ་གྲམ་གྱི་ལྟེ་བ་མཐིང་ག་གྲུ་བཞི་ཆགས་

པ། རྟེན་འབྲེལ་ཡན་ལག་བཅུ་གཉིས་དག་པའི་རྭ་བཅུ་གཉིས་དང་ལྡན་པ་དེ་ཡང་མཐའ་རྭ་རྣམས་རྟག་ཆད་མཐའ་བརྒྱད་དང་བྲལ་བའི་ཆུ་སྲིན་གྱི་ཁ་ནས་ཐོན་པ། དབུས་གྲུ་བཞི་པའི་སྟེང་དུ་ལུས་ཚོར་སེམས་ཆོས་ཀྱི་དྲན་པ་ཉེར་བཞིའི་འདོད་སྣམ་དུམ་བུ་བཞི་པ། འདོད་ཡོན་མ་སྤངས་པས་ཁ་དོག་དམར་པོ་ཅན་ལ་གཟུགས་སྒྲ་སོགས་ཀྱི་ལྷ་མོ་རྣམས་ཀྱིས་མཆོད་རྫས་དུ་མ་ཐོག་པས་མཛེས་པའི་དབུས་ན། རྒྱུའི་ཨ༷་ཡིག་ལས༷་ཆོས་དབྱིངས་ཡེ་ཤེས་ཀྱི་རྩལ་བྷྲཱུ༷༷ྃ་ཞེས་འཕྲོ༷ས་པས་ཐར་བ་ཆེན་པོའི་གཞ༷ལ་ཡ༷ས་ཁ༷ང་། ངོ་བོ་རྣམ་སྣང་ངམ་གཙུག་ཏོར་འཁོར་ལོས་བསྒྱུར་བའི་ཁོག་པ། རྣམ་པ་སངས་རྒྱས་ཀྱི་ཡེ་ཤེས་ཀྱིས་གདུལ་བྱའི་རེ་བ་སྐོང་བས་རི༷ན་པོ༷་ཆེ༷་སྣ་ལྔ༷་ལས༷་གྲུ༷བ་པ༷འི་རྩིགས་པ་ནང་ནས་རིམ་པ་བཞིན་དུ། དད་བརྩོན་དྲན་དང་ཏིང་ངེ་འཛིན་ཤེས་རབ་ཀྱི་དབང་པོ་ལྔའི་མཐིང་དཀར་སེར་དམར་ལྗང་བའི་ཁ་དོག་ལྔ་དང་ལྡན་པ་སྟེ། ཧེ་རུ་ཀ་འདུས་པ་ལས། སྔོ་དང་དཀར་དང་སེར་དང་དམར། །ཀུན་གྱི་མཐའ་མ་ལྗང་གུ་སྟེ། །ཞེས་དང་། བདེ་འདུས་ལས། རྩིགས་པ་རིགས་ཀྱི་དབང་གིས་དབྱེ། །ཞེས་གསུངས་པའི་ཕྱིར་རོ། །ཆོས་ཀྱི་དབྱིངས་ཀུན་ཏུ་མི་མཉམ་པ་མེད་པའི་ཟུ༷ར་བཞི༷། ཕྲིན་ལས་བཞི་ལྷུན་གྱིས་གྲུབ་པའི་ལོ༷གས་བཞི༷། ཚད་མེད་བཞིས་བདེ་ཆེན་ཕོ་བྲང་དུ་འདྲེན་པའི་སྒོ༷་བཞི༷ར་ལྡ༷ན་པ། སྒོ་ནང་གི་འགྲམ་གཡས་གཡོན་རྣམས་སུ་རྣམ་ཤེས་ཚོགས་བརྒྱད་དག་པས་ལྷ༷་ཆེ༷ན་བརྒྱ༷ད་ཀྱི༷་ཀ༷་བ་བརྒྱད་འཛུགས་པ། འཇིག་རྟེན་ཆོས་བརྒྱད་དག་པས་ཀླུ་བརྒྱད་གདུང་མ་མིག་མང་རིས་སུ་བྲིས་པ་བཞིའི་སྣེ་བརྒྱད་ཀ་ཐོག་ཏུ་ཁེལ་བ་དང་། གདུ༷ང་བཞི་གྲུ་བཞིར་བྱ༷ས་ནས། བྲེ་ཕུལ་གྱིས་བཏེག་པ་བཅས་གདུང་བརྒྱད། ཉེ་བའི་ཉོན་མོངས་པ་དག་པས་ལྷ༷་བྲ༷ན་རྣམས་ཀྱི་དྲལ༷་དང་།

སྟོང་ཉིད་བཅོ་བརྒྱད་དང་ཕར་ཕྱིན་བཅུས་ལྷ་ཕལ་བ་རྣམས་ཀྱི་ཕྱམ༷་ཉེར་བརྒྱད་ཀྱིས་དབུས་མ་གཏོགས་གཞན་བརྒྱད་པོ་ཕིབས་པ། བསམ་གྱིས་མི་ཁྱབ་པའི་ཡོན་ཏན་གྱིས་རིན༷་པོ༷་ཆེ༷་སྣ་ཚོགས་པ་ཐོག །་གི་ཚུལ་དུ་གཅལ་དུ་བཀྲམ་པའོ། །རྣམ་ཤེས་ཡུལ་བརྒྱད་དག་པས་རུ༷ས་སྦ༷ལ་དང་། ཆུ༷་སྲིན༷་གྱི་ཀ༷་བའི༷་གདན༷་དུ་བྱས་པ། ཕ་གུའི་སྟེང་གི་ནམ་མཁར་བྲེ་ཕུལ་གྱི་ངོགས་ལ་གསེར་གྱི་སྐ་རགས་བཞི་དཀྲིས་པའི་ཕྱི་ནས། ནང་གི་ཕྱམ་སྣེ་ཕྱིར་འཕྱར་བ་ལ་ཙི་པ་ཏྲའི་ཁ་ནས་འཕྱང་བའི་བྱང་ཆུབ་ཡན་ལག་བདུན་ལས་དྲན་པ་མཚོན་པའི་མུ༷་ཏིག༷་རིན་པོ་ཆེ་འོ༷ད་འབར་བའི་ཕྲེ༷ང་བའི་དྲྭ་བ་དང་། ཆོས་རྣམ་པར་འབྱེད་པའི་མུ་ཏིག་གི་དྲྭ་བ་ཕྱེད་པ་རྣམས་བྱང་ཕྱོགས་ཀྱི་ཆོས་རི༷ན་པོ་ཆེ༷་སྣ་ཚོགས་པའི་རྒྱ༷ན་གྱིས་བརྒྱན༷་པ། གཞན་ཡང་བརྩོན་འགྲུས་ཀྱི་མེ་ཏོག་གི་ཕྲེང་བ་དང་། ཤིན་ཏུ་སྦྱངས་པའི་དར་དཔྱངས། ཏིང་ངེ་འཛིན་གྱི་མེ་ལོང་། དགའ་བ་ཟླ་བ་རླུང་གིས་བསྐྱོད་པ། བཏང་སྙོམས་ཀྱི་རྔ་ཡབ་ནོར་བུའི་ཡུ་བ་ཅན་སོགས་ཀྱིས་བརྒྱན་པ་སྟེ། ཡེ་ཤེས་རྔམ་པ་ལས། ཉི་ཟླ་ནོར་བུ་རིན་ཆེན་འབར། །དར་དང་དོ་ཤལ་མེ་ཏོག་ཕྲེང་། །དྲིལ་བུ་དང་ནི་རྔ་ཡབ་སོགས། །ཞེས་པ་ལྟར་རོ། །རྣམ་པར་ཐར་པ་བརྒྱད་ཀྱི་གཟ༷འ་བརྒྱ༷ད་ཀྱིས་ཀ༷་ཞུ༷་བྱས་ཤིང་། བརྩོན་འགྲུས་ཀྱི་སྟོབས་ཀྱི་རྒྱུ༷་སྐ༷ར་ཉེར་བརྒྱད་ཀྱི་བྲེ་ཕུལ་ལམ་གདུང་འདེ༷གས་ཉི་ཤུ་བརྒྱད་ཀྱི་འོག་ཏུ་ཆེ་བའི་ཡོན་ཏན་དུ་མ་དང་ལྡན་པའི་ཕ༷་གུ༷་སེར་པོ་རྩིགས་སྟེང་ཡོངས་སུ་འཁོར་བ་ཁ་བད་ཀྱི་ཚུལ་དུ་ཕྱིར་འཕྱང་བ་ལས་དད་པའི་སྟོབས་ཀྱི་རི༷ན་པོ་ཆེ༷་སྣ་ཚོགས་པའི་ཕྲ་མི༷ག་དང་ཟ་ར་ཚ༷ག་པ་ལྟ་བུའི་ཕྲེང༷་བ་བསྒྲིགས་པ། དྲན་པའི་སྟོབས་ཀྱི་མདའ་ཡབ་འཁོར་མོ་ཡུག་ཏུ་གྱུར་པ་ནི། སྐྱོན་བྲལ་ཡོན་ཏན་ལྔ་རྫོགས་

པའི་ཁ་དོག་དམར་ལྗང་དུ་ཡོད་པ། ད་རུ་ཀ་དེ་ལས་དཔྱངས་པའི་ཏིང་ངེ་འཛིན་གྱི་སྟོབས་མཚོན་པས་ཤར་བུའི་ཕྲེང་བ་དང་། ཤེས་རབ་ཀྱི་སྟོབས་ཀྱིས་དབུས་ཕྱུར་བུའི་རྩེ་མོ་ནས་སྙིང་རྗེའི་གསེར་གྱི་ཐི་གུས་མདའ་ཡབ་ཀྱི་བ་དན་ལ་དཀྲིས་ཤིང་སྒོ་ཁང་གི་སྟེང་གི་གདུགས་ཀྱི་བར་དུ་འཐེན་པ་ལ་སྟོང་ཉིད་གསེར་གྱི་དྲི༷ལ་བུ༷་རྔ་ཡབ་ཉི་ཟླ་རླུང་བསྐྱོད་ཅན་ཚར་དུ་སྦྲེང་བ་ཕྱོགས་རེར་ཉི་ཤུ་རྩ་བདུན་རེ་བཏགས་པའི་བརྒྱ་རྩ༷་བརྒྱ༷ད་ཀྱིས་ཐེག་ཆེན་ཆོས་ཀྱི་སྒྲ་དབྱངས་སྒྲོགས་པ་སྟེ། གློག་གི་འཁོར་ལོ་ལས། རྟ་བབས་རྣམས་ཀྱི་རྩེ་མོ་ན། །གསེར་གྱི་དྲིལ་བུ་འབར་བ་དག །དཀོན་མཆོག་གསུམ་གྱི་སྒྲ་ཡང་སྒྲོགས། །ཞེས་སོ། །མཚན་དཔེ་བརྒྱ་བཅས་མཚོན་པ་དྲི་མེད་ཤེལ་གྱི་མཆོ༷ད་རྟེ༷ན་བརྒྱ་རྩས་མདའ་ཡབ་ཀྱི་སྟེང་འཁོར་མོར་བསྐོ༷ར་བའོ། །འདིར་མཆོད་རྟེན་ཞེས་པ་པུ་ཤུ་རྟ་རྐང་རིས་སམ་མཆོད་རྟེན་རིས་ཞེས་པ་ལ་ཟེར་བ་ཡིན་ནོ། །གཞལ་ཡས་ཁང་དེའི་ཕྱོགས་བཞིར་འདུན་པ་དང་སེམས་པ་དང་དཔྱོད་པ་དང་ཏིང་ངེ་འཛིན་ཡང་དག་སྟེ་རྫུ་འཕྲུལ་གྱི་རྐང་བ་བཞིའི་སྒོ་ཁང་གི་རྣམ་པ་ནི། རྩིགས་པའི་ཧར་ནས་མདུན་དུ་སོང་བ་སྒོ་ཁྱུད། དེ་ལས་ངོས་སུ་བསྐྱེད་པ་སྒོ་འགྲམ། དེ་ལས་མདུན་དུ་འཐེན་པ་སྒོ་ལོགས། སྒོ་ལོགས་ཀྱི་ནང་ཐམས་ཅད་རྣམས་སུ། ཡང་དག་པའི་ལྟ་བ་དང་རྟོག་པ་དང་ངག་དང་ལས་ཀྱི་མཐའ་དང་འཚོ་བ་དང་རྩོལ་བ་དང་དྲན་པ་དང་ཏིང་ངེ་འཛིན་འཕགས་པའི་ལམ་ཡན་ལག་བརྒྱད་ཀྱི་ཕྱོགས་རེར་ཀ་བ་གཉིས་གཉིས་ཀྱིས་བཏེག་པའི་གདུང་ལ་ཀ་ཐོག་ཀ་བཞག་གི་ཀ་བ་གཉིས་དང་། དེའི་སྟེང་གི་གདུང་མ་ལ་ཡ་ཕུབ་ཀྱིས་རྩིགས་པ་འཁོར་བ། གཞན་ཡང་རྟ་བབས་ཀྱི་སྐོར་འདིར་ཀ་བ་བརྒྱད་ཚན་རྣམས་ཀྱི་དག་པ་སྔར་བཞིན་སྦྱར་རོ། །གདུང་གཉིས་དང་ཀ་བ་རྣམས་

ཀྱི་བར་མཚམས་སུ་དབུས་ན་ལྔ། གཡས་གཡོན་སྣ་ཕན་ཚུན་དུ་གསུམ་གསུམ་སྟེ། ཡེ་ཤེས་ཀྱི་མཐོངས་ཁང་གསལ་བས་བཅུ་གཅིག་རྡོ་རྗེའི་དྲྭ་མིག་བྱས་པ་སྟེ། ཆོས་དོན་ལས། སྒོ་ཁང་སྒོ་སྲུང་ཁང་པ་སྟེ། །སྟེང་གི་མ་རིག་མུན་པ་ལ། །ཡེ་ཤེས་མཐོང་ཁུང་དབྱེ་བའི་ཕྱིར། །བཅུ་གཅིག་རྡོ་རྗེ་དྲྭ་མིག་བྱ། །ཞེས་པའི་དོན་ནོ། །གཞལ་ཡས་ཁང་དབུས་ཀྱི་མཐོངས་ཁ་གྲུ་བཞི་པ་ལ་གནས་པའི་ཆོས་དང་ཚིག་དང་སྐད་དང་སྤོབས་པ་སྟེ་སོ་སོ་ཡང་དག་པ་རིག་པ་བཞིའི་བང་རིམ་བཞི་དང་། སངས་རྒྱས་ཀྱི་དཀྱིལ་འཁོར་ཐམས་ཅད་རང་རིག་ཡེ་ཤེས་ཀྱི་ཀློང་གཅིག་ཏུ་འཁྱིལ་བར་པདྨ་དང་བུམ་པ་བྲེ་སོགས་ཀྱི་དབྱིབས་རྟ་བབས་ཀྱི་རྩེ་ནོར་བུ་རིན་པོ་ཆེའི་ཏོག་ལ་རྡོ་རྗེས་མཚན་པའོ། །དེ་ཡང་སྙིང་རྗེ་རོལ་བ་ཆེན་པོའི་རྒྱུད་ལས། རྩེ་མོ་ནོར་བུ་འབར་བ་ལས། །རིགས་ཀྱི་མཚན་མ་རྒྱན་དུ་བྱས། །ཞེས་སོ། །སྒོ་ཁྱུད་དང་རྩ་ཐིག་འཕྲད་མཚམས་རྣམས་སུ་རྣམ་ཐར་བཞིའི་སྒོ་བཞི་ལ། ཚད་མེད་བཞི་ལྷུན་གྱིས་གྲུབ་པའི་ཡ་ཐེམ་དང་། མ་ཐེམ་དང་། སྒོ་སྐྱེས་དང་། སྒོ་གཉིས་རིམ་གྱི་ཚུལ་དུ་འཛུག་པ་ནི། རྡོ་རྗེ་གསང་བ་ལས། སྟོང་སྨོན་མཚན་མེད་འོད་གསལ་འཇུག །དེ་ཕྱིར་ཡེ་ཤེས་སྒོ་བཞིར་བཤད། །ཅེས་སོ། །སྒོ་གཡབ་དང་སྒོ་ཕུག་གི་མཚམས་དང་། སྒོ་དངོས་དང་ཁྱམས་གྱི་མཚམས་རྣམས་སུ་ཐེག་པ་བརྒྱད་ཀྱི་ལམ་མཚོན་པས་རྒྱུའི་རྟ་བབས་ཐེམ་སྐས་བཞི་བཞིས་མཚན་པ་ནི། ངྷརྨཱརྠ་ལས། ལམ་སྟེགས་བརྒྱད་ནི་འཕགས་ལམ་དང་། །ཐེག་པ་བརྒྱད་དང་རྣམ་ཐར་བརྒྱད། །ཅེས་སོ། །སྒོ་ཁང་དེ་དག་གི་ཕྱི་ངོས་རྣམས་སུ་མི་དགེ་བ་མ་སྐྱེས་པ་མི་བསྐྱེད་པའི་འབད་པ། སྐྱེས་པ་སྤངས་པའི་འཚོལ་༼རྩོལ་༽བ། དགེ་བ་མ་སྐྱེས་པ་བསྐྱེད་པའི་བརྩོན་འགྲུས། སྐྱེས་པ་སྤེལ་བའི་སེམས་འཛིན་ཏེ་ཡང་དག་པར་སྤོང་བ་བཞིའི་

ཀ་བ་བཞི་བཞི་ལ། གཟུགས་ཅན་ལ་ལྟ་བ། གཟུགས་ཅན་མ་ཡིན་པ་ལ་ལྟ་བ། ཐམས་ཅད་སྟོང་པ་ཉིད་ལ་ལྟ་བ། སྐྱེ་མཆེད་མུ་བཞི་ལ་ལྟ་བ། འགོག་པ་ལ་ལྟ་བའི་རྣམ་ཐར་ཏེ་རྣམ་ཐར་བརྒྱད་ཀྱི་ཀ་རྒྱན་གླང་པོའི་སྟེང་དུ་སེང་གེའི་ལག་གཅིག་གིས་གླང་པོའི་སྤྱི་བོ་མནན་ཅིང་། ལག་གཅིག་གིས་གདུང་བཏེག་པའི་ཚུལ་ཏེ། ཤོ་ངྷ་ནའི་རྒྱུད་ལས། སེང་གེ་བ་གླང་རྣམས་ཀྱིས་བརྒྱན། །ཅེས་དང་ཚུལ་མཐུན་པར་བླ་མ་དགོངས་འདུས་སོགས་ནས་ཀྱང་གསུངས་སོ། །ཡང་དག་པར་རྫོགས་པའི་སངས་རྒྱས་པ་དང་། ཟག་པ་ཟད་པ་དང་། བར་ཆད་ཀྱི་ཆོས་རྣམས་དག་པ་དང་། སྡུག་བསྔལ་ཟད་པ་སྟེ་དེ་བཞི་དམ་བཅས་པ་ལ་བརྟེན་ནས་ལྷ་དང་མིའི་ནང་དུ་ཕྱིར་རྒོལ་བས་མི་འཇིགས་པར་ཆོས་ཀྱི་འཁོར་ལོ་བསྐོར་བ་སྟེ། མི་འཇིགས་པ་བཞིའི་གདུང་མ་གྲུ་བཞི་ལ་གནས་པའི་སྟེང་དུ། ཐེག་པ་བརྒྱད་དམ་བཞིའི་ཡོན་ཏན་རྫོགས་པའི་རྟ་བབས་སྣམ་བུ་བརྒྱད་མའམ་བཞི་མ་གང་རུང་། བཞི་མ་ལྟར་ན་བང་རིམ་གཉིས་པ་དང་། སྒོ་ཁང་ཐོག་མཉམ་དུ་ཕུབ་པ། སྒོ་ཁང་དང་རྟ་བབས་ཀྱི་ནང་ངོས་མ་རེག་པའི་བར་གྱི་ཁོར་ཡུག་ནི་དབྱིངས་རིག་གཉིས་སུ་མེད་པའི་མུན་པ་ས་༼པ༽ཏིའོ། །བང་རིམ་གསུམ་བཞིའི་ནང་ཁང་ནི་བསིལ་བའི་ཁང་པ་གྱུར་ཏེ། རྟ་བབས་ཀྱི་མདུན་ངོས་རྣམས་སུ་གླང་རྒྱབ་མིག་གསུམ་ཐད་ཀར་ཆད་པའི་མིག་དབུས་མ་རྣམས་ལ་ཆུ་སྲིན་གྱི་ཁ་ནས་དྲ་བ་དྲྭ་ཕྱེད་བྱས་པ། སྒོ་ཕིབས་ཀྱི་མདུན་རྣམས་སུ་ཆོས་ཉིད་རྣམ་པར་དག་པའི་བླ་རེ་བྲེས་ཤིང་། སྒོ་ཁང་གི་ས་གཞི་དང་བསིལ་ཁང་གི་ནང་རྟ་བབས་འདེགས་བྱེད་ཀྱི་ཀ་གདུང་དང་བཅས་པ་རྣམས་ནི། ཡེ་ཤེས་བཞི་ཡི་ཕྱོགས་ཀྱི་དེ་བཞིན་གཤེགས་པའི་ཁ་དོག་ཅན་དུའོ། །བསིལ་ཁང་གི་ནང་དུ་ངེས་དོན་གྱི་ཅོང་

འདོགས་ཤིང་། དྲང་དོན་གྱི་གཎྜི་དང་། ཐབས་ཤེས་ཀྱི་རྡོར་དྲིལ་ཡང་བཞག་པ། མདའ་ཡབ་ཀྱི་སྟེང་དུ་བཞི་དང་། རྟ་བབས་ཀྱི་ཟུར་བཞིར་བཞི། སྣམ་བུ་གཉིས་པའི་མཐའ་གཉིས་རྣམས་སུ་རེ་རེ་སྟེ་བུམ་པ་ལ་གནས་པའི་བདུད་ལས་རྣམ་པར་རྒྱལ་ཞིང་ཆོས་མི༷་ནུབ༷་པའི་རྒྱ༷ལ་མཚན༷་ཏོག་གི་གདན་ཟླུམ་པོ་སྟེང་འོག་ཏུ་བང་རིམ་ཅི་རིགས་པ་དང་བཅས་ཤིང་རྡོ་རྗེ་རིན་པོ་ཆེའི་ཏོག་གི་མཛེས་པ། ཏོག་གི་གདན་དང་ཡུ་བའི་མཚམས་ནས་དྲིལ་བུ་དང་བཅས་པའི་དར་དཔྱངས་སུམ་འཁྱོགས་སུ་ལྡིང་བ་ཕྱོགས་རེར་བཅུ༷་རེ་ཡི༷ས་བརྒྱན༷་པ། ཐུགས་རྗེའི་རང་རྩལ་འཁོར་གྱི་བརྡས་གསེར་གྱི་ཁ་དོག་གི་རི༷་དྭག༷ས་ཕོ་མོའི་གཟུགས་ཀྱིས་མཛེས་པ་སྟེ། ཕོ་ནི་རྭ་དང་ལྡན་ཞིང་མོ་ནི་རྭ་མེད་པ་གདུགས་ཏོག་གི་རྩེར་ལྟ་ཞིང་དྲིལ་བུའི་ཆོ༷ས་སྒྲ་ལ་ཉན༷་པ་གཉིས་བསིལ་ཁང་སྟེང་གི་བུམ་པའི་གཡས་གཡོན་དུ་འདུག་པ། དེའི་བར་དུ་ཆགས་པ་ཐམས་ཅད་དང་བྲལ་བའི་པདྨ་ལ་གནས་པའི་ཆོས་སྐུ་མཐའ་བརྒྱད་རང་དག་གི་བུམ་པ་ཟུར་བརྒྱད་པའི་རྣམ་པ་ཅན། དེ་ཡང་འགྱུར་བ་མེད་པའི་བྲེས་མཛེས་པ། དེའི་སྟེང་དུ་ས་ལམ་ཡོངས་སུ་རྫོགས་ཤིང་གཙོ་བོའི་བརྡས་ཆོ༷ས་འཁོ༷ར་བཅུ་གསུམ་ཟར་ཚགས་དང་བཅས་པའི་དབུས་སུ། ཀུན་བཟང་ཐེག་པའི་ཡང་རྩེའི་གདུགས་ཏོག་དང་ལྡ༷ན་པའོ། །དེ་ཡང་ཆོས་དོན་ལས། ཆོས་ཀྱི་འཁོར་ལོ་གཙོ་བོའི་བརྡ། །རི་དྭགས་འཁོར་གྱི་བརྡ་ཡིན་ཏེ། །ཅོང་ནི་ངེས་དོན་བརྡ་སྒྲ་ཡིན། །གྷཎྜི་དྲང་དོན་བརྡ་ཡིན་ཏེ། །རྡོར་དྲིལ་ཐབས་དང་ཤེས་རབ་བརྡ། །ཞེས་སོ། །གཞན་ཡང་མདའ་ཡབ་ཀྱི་ཟུར་བཞི་དང་སྒོའི་བསིལ་ཁང་གི་སྟེང་མཐའ་ཕན་ཚུན་དུ། ཐུགས་རྗེ་ཆེན་པོས་འགྲོ་བ་སྐྱོབ་པའི་དར་གྱི་ཤམ་བུ་དང་བཅས་པའི་གདུ༷གས་དཀར་པོ་རྡོ་རྗེ་རིན་པོ་ཆེའི་ཏོག་ཅན་ད༷ང་། པུ་ཤུའི་ཁོར་

ཡུག་དང་རྟ་བབས་ཀྱི་ཟུར་བཞི་སྣམ་བུ་གཉིས་པའི་མཐའ་རྣམས་སུ་བུམ་པ་ལ་གནས་པའི་སྙིང་རྗེ་ཆེན་པོའི་བ་དན་ཏོག་མེད་ཀྱི་མགུལ་ནས་དྲིལ་བུ་དང་བཅས་པའི་དར༷་དཔྱང༷ས་རླུང་གིས་འཕུར་བ། ཕྱི་རོལ་སྒོ་ཁང་གི་གཡས་གཡོན་རྣམས་སུ་དཔག་བསམ་གྱི་ཤིང་ལ་གནས་པའི་བཀྲ་ཤིས་པའི་རྟགས་བརྒྱད། བཀྲ་ཤིས་པའི་རྫས་བརྒྱད་དང་། རིན་ཆེན་སྣ་བདུན། ཏཱ་ལའི་ལྗོན་པ། ཁྲུས་ཀྱི་རྫིང་བུ། མེ་ཏོག་སྐྱེད་ཚལ་ན་ལྷ་དང་ལྷ་མོ་དུ་མ་རྩེ་ཞིང་གནས་པ། ཤིང་དེ་དག་ཀྱང་གསེར་གྱི་ཐི་གུས་བྲེས་ཤིང་དྲིལ་གཡེར་གྱི་སྒྲ་དང་ལྡན་པ། ཤིང་རྩེ་རྣམས་ན་ཁུ་བྱུག་སོགས་བྱ་ཚོགས་སྐད་སྙན་སྒྲོགས་པས་མཛེས་པ་སོགས་ཡོན་ཏན་ཐམས་ཅད་མ་བཙལ་ལྷུན་གྲུབ་ཏུ་རྫོགས་པ། ཀུན་ཏུ་བཟང་པོའི་རྣམ་རོལ་ངོ་མཚར་གྱི་བཀོད་པ་བསམ་གྱིས་མི་ཁྱབ་པས་བརྒྱན་པ་སྟེ། ཡེ་ཤེས་རྔམ་པ་གློག་གི་འཁོར་ལོ་ལས། སྒོ་དྲུང་དེ་དག་རེ་རེ་ན། །ཏཱ་ལའི་ལྗོན་ཤིང་ཙོང་ཙོང་སྦྲེལ། །དྲི་དང་གཟུགས་སོགས་འོད་དང་ལྡན། །ཏཱ་ལའི་སྐྱེ་ཤིང་དེ་དག་ལ། །ཁུ་བྱུག་ལ་སོགས་བཀྲ་ཤིས་པའི། །བྱ་རྣམས་སྙན་པའི་སྒྲ་སྐད་ཚོགས། །སྒོ་དྲུང་དེ་དག་རེ་རེ་ན། །ཁྲུས་ཀྱི་རྫིང་བུ་དབྱིབས་ལེགས་པ། །བྲོ་མཆོག་ཡན་ལག་བརྒྱད་ལྡན་ཆུ། །གྲངས་མེད་དེ་དག་རེ་རེ་ན། །ལྷ་དང་ལྷ་མོ་བསམ་མི་ཁྱབ། །ཅེས་སོ། །གཞལ་ཡས་ཁང་དེའི་ཕྱི་ན་ཆགས་མེད་པདྨའི་འདབ་མ་སུམ་ཅུ་རྩ་གཉིས་ཀྱིས་ཡོངས་སུ་བསྐོར་བའི་གཞལ་ཡས་ཀྱི་ཁང་པ་སྒོ་བཞི་ལྡན་ཏེ། ཁྱུད་འགྲམ་ལོགས་གསུམ་སྤངས་པའི་སྒོ་ཙམ་ཡིན་ལ། ཚུལ་ཇི་ལྟར་ཞེ་ན། པདྨའི་གདན་ལ་སུམ་ཆ་གདན་དང་སུམ་གཉིས་གྱེན་ལངས་ཀྱི་རྣམ་པའི་ཕྲེང་བས་བསྐོར་བའོ། །དེ་ལ་གཞལ་ཡས་ཁང་དང་སྒོ་བཞིའི་ཐ་སྙད་དུ་བྱེད་པ་ནི། བཱི་མཱ་ན་བསྒྱུར་བ་གཞལ་

ཡས་ཁང་དང་། ཁྱད་པར་ཚད་ཅིག་ལྷ་དང་ཁང་པ་མཉམ་པོར་འགྲོ་བའི་དོན་དུ་འགྲེལ་པ་འདོད་འཇོར་བཤད་པས་ཀུན་ཏུ་གྲུ་བཞི་པའི་རྣམ་པ་སོགས་མ་ངེས་སོ། །དེར་མ་ཟད་པདྨའི་གཞལ་ཡས་ཁང་ནི་མཁའ་འགྲོ་རྒྱ་མཚོའི་ལེའུ་ལྔ་བཅུ་པ་དང་། ཕལ་པོ་ཆེའི་འོག་མིན་གྱི་བཀོད་པ་དང་། ལང་ཀར་གཤེགས་པ་སོགས་ལས་མཚོན་མང་བའི་ཕྱིར་འདིར་ཡང་དེ་ལྟར་རོ། །སྒོ་བཞི་ནི་རྩ་བའི་གཞལ་ཡས་ཀྱི་སྒོ་ཐད་ཕྱོགས་བཞིར་པད་འདབ་གཉིས་གཉིས་དང་། མཚམས་བཞིའི་ཟུར་ཐིག་ནས་ཟུར་ཐིག་བར་གསུམ་གསུམ་སྟེ། ཕྱོགས་རེར་འདབ་མ་དྲུག་དྲུག་ཡོད་པའི་ཉི་ཤུ་རྩ་བརྒྱད་ལ་དབང་མོ་ཉེར་བརྒྱད་གནས་པའི་དོན་ནོ། །དེའི་ཕྱི༷་རིམ༷་དུ་རྣམ་ཤེས་ཚོགས་བརྒྱད་ཀྱི་རྟོག་པ་དང་བྲལ་བའི་དུར༷་ཁྲོད༷་ཀྱི་གནས༷་ཆེན་བརྒྱ༷ད་ཀྱིས་ཡོངས་སུ་བསྐོར་བ་དང༷་། དེ་དག་ན་ཡང་ཚོགས་བརྒྱད་དེས་བསྐྱེད་པའི་ཆོས་སྣ་ཚོགས་དག་པའི་ཤིང་ཆེན་པོ་བརྒྱད་དང་། སོ་སོའི་རྩ་བ་ན་ཕྱོགས་སྐྱོང་རྣམས་རང་རང་གི་བཞོན་པ་ལ་གནས་ཤིང་ཆུང་མས་གཡོན་ནས་བརྟེན་པ། དེ་དག་གི་བཞོན་པའི་གདོང་ཅན་ལག་ན་ཐོད་ཁྲག་ཐོག་པའི་ཞིང་སྐྱོང་རྣམས་ཡལ་ག་ཤིང་ལོའི་ཁྲོད་ནས་ལུས་ཕྱེད་འཐོན་པ། དེ་བཞིན་དུ་ཆུ་དང་། དེ་དག་གི་དབུས་ན་ཀླུ་རྣམས་ལུས་ཕྱེད་སྟེང་དུ་འཐོན་ཅིང་། སྟེང་གི་ནམ་མཁའ་ལ་སྤྲིན་ཆེན་པོ་གནས་པ་ལས་ཆར་འབེབས་པ། རི་ཆེན་པོ་རྣམས་ལ་བརྟེན་པའི་མཆོད་རྟེན་དང་། མེ་དང་། གྲུབ་པ་དང་། རིག་འཛིན་དཔའ་བོ་རྣལ་འབྱོར་མའི་ཚོགས་དང་། ཤ་ཟ་དང་འབྱུང་པོ་བྱ་གཅན་གཏུམ་པོ་མང་པོས་གང་བ། རོ་རེངས་པོ་དང་དུམ་བུ་ཀེང་རུས་ལ་སོགས་པ་བཀྲམ་པས་འཇིགས་པར་བྱས་པའོ། །དེ་དག་ཀྱང་སྒྱུ་མ་ཆེན་པོའི་དཔེ་བརྒྱད་མཚོན་པའི་དུར་ཁྲོད་ཀྱི་ཆོས་རྣམས་ཕལ་ཆེར་གྲངས་བརྒྱད་ཚན་

དུ་ངེས་པའོ། །དེའི་ཕྱི་རོལ་དུ་ཆོས་ཉིད་འགྱུར་བ་མེད་པའི་རྡོ་རྗེ་སྔོན་པོའི་ར་བ་དང་། ལྷུན་གྱིས་གྲུབ་པའི་རིན་པོ་ཆེ་དང་། སྐྱོན་གྱི་མི་བརྫི་བའི་པདྨ་དང་། ཐོགས་པ་མེད་པའི་རྒྱ་གྲམ་དང་། ཀུན་ལ་དབང་བསྒྱུར་བའི་འཁོར་ལོ་སྟེ་མཚོ༷ན་ཆ༷་རྣམས་ཀྱི་ར་བ་དང་། དེའི་ཕྱི་རོལ་དུ་བག་ཆགས་ཐམས་ཅད་སྲེག་པའི་ཡེ་ཤེས་ཀྱི་མེ༷་རིས༷་བསྐོ༷ར་བ་ཐམས་ཅད་ཀྱང་ཡེ་ཤེས་ཟང་ཐལ་གྱི་རང་བཞིན་མཚོན་པས་སྟེང་ཧད་པོར་ཡོད་མེད་སྐབས་དང་བསྟུན་པའོ། །འདི་དག་རྣམས་ཀྱང་སྒོམ་པའི་སྐབས་ངེས་པར་དགོས་ལ་བྲི་བའི་ཚེ་རྡོ་རྗེ་མེ་གཉིས་སུ་བསྡུས་ཀྱང་རུང་སྟེ། སྒྱུ་འཕྲུལ་ཞི་ཁྲོ་ལའང་བསྡུ་བར་མཛད་དོ། །འདི་དག་སྲུང་འཁོར་གྱི་གུར་དང་གཅིག་མི་གཅིག་གི་སྨྲ་བ་མང་ཡང་དོན་ལ་གཅིག་ན་དགོས་པ་གཞན་མེད་ཅིང་། འོན་ཀྱང་ཐུན་མོང་དང་ཐུན་མོང་མ་ཡིན་པ་གཉིས་སུ་འཇུག་པ་བདེ་ཕྱིར་བཞེད་དེ། འདིར་བདག་མདུན་ཐ་དད་བྱེད་པ་ལ་ངེས་པར་དགོས་ཤིང་། དབྱེར་མེད་དུ་བྱེད་པ་ལ་ནི་མི་དགོས་པར་དངོས་སྟོབས་ཀྱི་རིགས་པས་གྲུབ་པ་ཉིད་དོ། །དེ་ལྟ་བུའི་རྟེན་གཞལ་ཡས་ཁང་དེ་དག་སྐྱེ་མེད་སྟོ༷ང་པའི༷་དབྱི༷ངས་སུ་འགག་མེད་ཡེ་ཤེས་ཀྱི་རྩལ་འཇའ༷་ལྟར༷་དུ་ཤ༷ར་ཞིང་ཕྱི༷་དང༷་ནང་མེད༷་པ་ཡེ་ཤེས་ཟང༷་ཐལ༷་གྱི་རང་བཞིན་སྟོ༷ང་གས༷ལ་གཉིས་སུ་མེད་པ་རྒྱན་དང་བཀོད་པ་ཕུན་སུམ་ཚོགས་ཤིང་ཡི༷ད་དུ་འོ༷ང་བ་ངོ་མཚར་བའི་མཛེས་རྒུ་དུ་མ་དང་ལྡ༷ན་པའི་གཞལ༷་ཡ༷ས་ཁང༷་པ་ཀུན་ཏུ་བཟང་པོའི་རྣམ་འཕྲུལ་ལས་བྱུང་བ་དེ་དག་ནི་རྒྱ༷ལ་བ༷་ཞི༷་ཁྲོ༷འི་ལྷ་ཚོགས་བཞུ༷གས་པའི་གན༷ས་རང་སྣང་ཡེ་ཤེས་ཀྱི་གཞལ་ཡས་སོ༷་ཞེས་པའི་དོན་དང་། སྔགས་དོན་ནི་བྷྲཱུྃ་ཞེས་གཞལ་ཡས་ཁང་གི་ས་བོན། བི༷་ཤྭ༷་སྣ་ཚོགས། བི༷་ཤུ༷དྡྷེ་རྣམ་པར་དག་པ། ཛྙཱ༷་ན༷་ཡེ་ཤེས། ཙ༷ཀྲ༷་འཁོར་ལོ། མ༷ཎྜལ༷་

དཀྱིལ་འཁོར། བྷྲཱུྃ་༷གྱིས་བརྟན་པར་བྱེད་པའི་ངོ་བོ་བརྗོད་པ། ཨ༷་ཐུགས་སྲོག །ཨེ༷ཿཡཾ༷ཿབཾ༷ཿལ༷ཾཿབྷྲཱུྃྃཿ༷འབྱུང་རིམ་གཞལ་ཡས་ཀྱི་ས་བོན། བི༷་ཤྭ༷་བྷི༷་ཤུ༷དྡྷེ་ཨ༷་སྣ་ཚོགས་རྣམ་པར་དག་པ་སྐྱེ་བ་མེད་པ། བྷྲཱྃ་ཧཱུྃ་གིས་འགག་མེད་དུ་རྣམ་པར་གསལ་གདབ་པ། བྷྲཱུྃ་ཧཱུྃ་གིས་དེ་ཉིད་བརྟན་པར་བྱེད་པ། ཧཱུ༷ྃ་ཐུགས་ཏིང་ངེ་འཛིན་གྱི་རང་བཞིན་ནོ། །གཞལ་ཡས་ཁང་གི་སྐབས་འདིར་གཟུགས་ཕུང་དང་ས་ཁམས་དག་པའི་རྩ་བའི་གཞལ་ཡས་ཁང་དང་། འདུ་ཤེས་དང་ཆུ་ཁམས་དག་པའི་པདྨའི་གཞལ་ཡས་ཁང་། འདུ་བྱེད་དང་རླུང་ཁམས་དག་པའི་དུར་ཁྲོད། རྣམ་ཤེས་དང་ནམ་མཁའ་དག་པའི་རྡོ་ར། ཚོར་བ་དང་མེ་ཁམས་དག་པའི་མེ་གུར་བར། དེ་ལས་འཕྲོས་པས་སྤྲོས་ཀྱང་ཆོག་སྟེ་འདི་ནི་སྤྱི་ཁྱབ་ཏུ་བཀོད་པའོ། །དེ་ཡང་དོན་དུ་ན་སྣོད་ཀྱི་འཇིག་རྟེན་འོག་མིན་ལྷུན་གྱིས་གྲུབ་པའི་ཞིང་དང་གཞལ་ཡས་སུ་གདོད་ནས་གྲུབ་པ་ལས། མ་དག་པའི་ཞིང་སྤངས་པའི་ཕ་རོལ་ན་འོག་མིན་ཞེས་བཙལ་དུ་ག་ལ་སྟེ། སྒྱུ་འཕྲུལ་རྒྱས་པ་ལས། ཡང་དག་ཤེས་པའི་དེ་ཉིད་བློ་མེད་ན། །བདེ་གཤེགས་ཞིང་ཡང་ངན་སོང་གནས་སུ་མཐོང་། །ཐེག་མཆོག་མཉམ་པའི་དོན་ཉིད་རྟོགས་པ་ན། །ངན་སོང་གནས་ཀྱང་འོག་མིན་དགའ་ལྡན་གནས། །ཞེས་སོ། །དགོས་པ་ནི། དེ་དག་གིས་ཕྱི་ནང་གི་རྟེན་རི་རབ་ཁང་ཁྱིམ་ཕུང་ཁམས་སོགས་ཀྱི་གནས་མ་སྤངས་གནས་སུ་དག །སངས་རྒྱས་རང་སྣང་གི་ཞིང་དང་གཞལ་ཡས་ཁང་གི་རྟེན་འབྲེལ་མ་བཙལ་ངང་གིས་རྫོགས། རྩ་རླུང་ཐིག་ལེ་རྣམས་མཉེན་ཅིང་དུལ་བས་སེམས་སྟོང་གསལ་བདེ་བའི་རང་བཞིན་མ་བྱས་ལྷུན་གྲུབ་ཏུ་སྨིན་པའོ། །༈སྐབས་འདིར་འཕྲོས་དོན་ནི། ཞི་ཁྲོ་གཉིས་ལ་གཞལ་ཡས་ཁང་ཉིས་བརྩེགས་སོགས་བཤད་པ་ནི་ལུགས་གཞན་ལས་འདིར་ནི་

དགོངས་གཞི་དང་དགོངས་པ་སོ་སོར་ཡིན་པས་མི་འཐད་དོ། །གང་ཞེ་ན། གཞི་དུས་སུ་རྡོ་རྗེའི་ལུས་གཅིག་ལ་སྙིང་གར་ཞི་བ་དང་། དུང་ཁང་དུ་ཁྲག་འཐུང་ཁྲོ་བོའི་ལྷ་ཚོགས་བཞུགས་པ་དང་། ལམ་གྱི་དུས་སུ་ཡང་རྣམ་པ་དེ་ལྟར་དུ་ལྷུན་འགྲུབ་ལུས་དཀྱིལ་ལྟར་རམ། གཞལ་ཡས་ཁང་མཚན་ཉིད་ཡོངས་རྫོགས་གཅིག་གི་ནང་དུ་འོག་ན་ཞི་བ་དང་། དེའི་རང་མདངས་ལ་སྟེང་དུ་ཁྲོ་དཀྱིལ་ཉི་མ་དང་ཟེར་ལྟར་མ་བསྐྱེད་རྫོགས་པའི་ཚུལ་དུ་ཉམས་སུ་བསྟར་བས། འབྲས་བུའི་དུས་སུ་ཕྱིའི་ཕུང་ཁམས་སྐྱེ་མཆེད་ཐམས་ཅད་མ་སྤངས་གནས་སུ་དག་པས་ཞི་བ་དང་། ནང་གི་ཉོན་མོངས་པའི་རྟོག་ཚོགས་ཐམས་ཅད་མ་སྤངས་གནས་གྱུར་གྱི་ཚུལ་ཁྲག་འཐུང་གི་སྐུར་སྨིན་པ་གཏེར་གཞུང་དུ་རྡོ་རྗེའི་ཚིག་གིས་བསྟན་པ་ནི། བླ་མ་དགོངས་འདུས་ལས། ཁམས་དང་སྐྱེ་མཆེད་གནས་དག་པ༔ ཞི་བའི་ལྷ་ཚོགས་ཐུགས་དམ་བསྐང་༔ ཉོན་མོངས་རྟོག་ཚོགས་གནས་གྱུར་པའི༔ ཁྲོ་བོའི་ལྷ་ཚོགས་ཐུགས་དམ་བསྐང་༔ ཞེས་གསུངས་པས་མཚོན་ནོ། །རྣལ་འབྱོར་པ་རང་བཞིན་སྤྲུལ་སྐུའི་ཞིང་དུ་དབུགས་དབྱུང་བའི་ཚེ་ཡང་འོག་ཏུ་ཞི་བ་རྡོ་རྗེ་དབྱིངས་དང་། སྟེང་དུ་ཁྲག་འཐུང་ཁྲོ་བོའི་ཞིང་ཁམས་མཐོང་ནས་མཐར་ཐུག་གི་གོ་འཕང་བརྙེས་པ་རྣམས་གསང་ཆེན་ངེས་པའི་རྒྱུད་བཅུ་བདུན་དང་། གསང་ཆེན་རྙིང་མའི་སྐྱེས་ཆེན་དུ་མའི་ཞལ་གྱིས་བདུད་རྩི་རྒྱབ་བརྟེན་དུ་བཞུགས་པ་ཡིན་ཏེ། སེང་གེ་རྩལ་རྫོགས་ཆེན་པོའི་རྒྱུད་ལས། གསང་འདུས་རིན་ཆེན་ཟུར་བརྒྱད་མཛོད། །རིག་པ་ཡེ་ཤེས་ཡབ་ཡུམ་ཚུལ། །དོན་འཁྱིལ་བྷནྡྷའི་གཞལ་ཡས་མཛོད། །རིག་པ་ཡེ་ཤེས་ཁྲོ་སྐུར་བསྟན། །ཅེས་དང་། ཕྱི་དཀྱིལ་ལ་ཡང་སྟེང་འོག་འདོད་པ་ནི། རིག་པ་རང་གསལ་ཆེན་པོའི་རྒྱུད་ལས། འོག་ཏུ་ཞི་བའི་དཀྱིལ་འཁོར་འདོད། །སྟེང་དུ་

ཁྲོ་བོའི་དཀྱིལ་འཁོར་འདོད། །ཅེས་དང་། ཀུན་མཁྱེན་ཆེན་པོ་དྲི་མེད་འོད་ཟེར་གྱིས། ཞི་བའི་མདངས་ལས་སྟེང་དུ་ཁྲོ་བོའི་ལྷ་ཚོགས་མར་མེ་མདངས་ཀྱི་ཚུལ། ཅེས་དང་། ཡང་། ཞི་བ་ལ་ཁྲོ་བོ་འོད་ཟེར་དུ་ཡོད་པས་བུམ་པ་དང་ཁ་རྒྱན། ཞེས་གསུངས་པ་དང་། གྲུབ་ཆེན་མེ་ལོང་རྡོ་རྗེས། འོག་ཏུ་ཞི་བའི་མདངས་ལས་སྟེང་དུ་ཁྲོ་བོའི་ལྷ་ཚོགས་མར་མེ་དང་མདངས་ལྟར། ཞེས་དང་། གྲུབ་ཆེན་ཉི་ཟླ་འོད་ཟེར་གྱིས། འོག་ཏུ་ཞི་བའི་དཀྱིལ་འཁོར་སྟེང་དུ་ཁྲོ་བོའི་དཀྱིལ་འཁོར་སྐད་ཅིག་གིས་བྱོན་ཏེ་བཞུགས་པར་བསམ། ཞེས་སོ། །ཚུལ་དེས་ནི་གཞལ་ཡས་ཁང་གཉིས་བརྩེགས་འདོད་པ་དང་། གཞལ་ཡས་ཁང་གཅིག་ཏུ་ལྷ་ཞི་ཁྲོ་འདྲེས་མར་འདོད་པ་དང་། ཞི་བ་སྟེང་དུ་བཏེགས་ནས་འོག་ཏུ་ཁྲོ་དཀྱིལ་འགོད་པར་འདོད་པ་རྣམས་སྐབས་འདིར་ཁེགས་པ་ཡིན་ནོ། །ཡང་གལ་ཏེ་ཞི་བ་འོག་དང་ཁྲོ་བོ་སྟེང་དུ་འདོད་པ་གོང་གི་ལུང་དེས་གྲུབ་ཀྱང་། ཞི་ཁྲོ་གཉིས་གཞལ་ཡས་གཅིག་ཏུ་འདོད་པ་མ་གྲུབ་ཅིང་། ཁྱེད་ཅག་གིས་ཀྱང་བརྟེན་པ་ལྷ་དང་གདན་བཅས་ཞི་བའི་རང་མདངས་སུ་ཤར་བ་འོག་ཏུ་བཤད་ལ། རྟེན་གཞལ་ཡས་ཁང་རང་མདངས་ལས་ཤར་མི་རུང་བ་ཅི་ཞེ་ན། མ་ཡིན་ཏེ། ལྷ་དང་གདན་རང་རྩལ་ཏུ་ཤར་བ་དངོས་ཤུགས་ཅི་རིགས་པར་བསྟན་ལ། གཞལ་ཡས་ཁང་རང་འོད་དང་ཉིས་བརྩེགས་ཤར་བ་མ་བསྟན་ཅིང་ཞི་དྲག་འདྲེས་པའི་རྒྱན་བཀོད་གསལ་བར་བསྟན་པའི་ཕྱིར་རོ། །དེ་ལྟར་མིན་ན་དྲག་པོ་ལོགས་སུ་ཤར་བཞིན། ད་དུང་གཞལ་ཡས་ཁང་ལ་དྲག་པོའི་རྒྱན་བཀོད་དགོས་པའི་ཤེས་བྱེད་ཅི་ཡོད་པར་སྟོན་དགོས་སོ། །འཇིག་རྟེན་ཁང་པ་ལྟ་བུའི་ཀ་རིང་ནི་མི་སྲིད་ལ་ཁྲོ་བོའི་གཞལ་ཡས་ཁང་ཤུགས་ཀྱིས་བསྟན་པ་ཡིན་ཞེ་ན་ནི་མ་ཡིན་ཏེ། སྟེང་ན་ལྷ་བྲན་གྱི་དྲལ་ཕྱམ་ནས་འོག་ན་རུས་

སྦལ་དང་ཆུ་སྲིན་གྱི་ཀ་གདན་བར་དངོས་སུ་བསྟན་ཕྱིར་ལྗགས་ཐུང་ངུར་བཞུགས་དགོས་པ་ཡིན་ནོ། །ཡང་འགྲེལ་བ་མཆིས་པ་འགའ་རེ་ནི་ཨོ་རྒྱན་མཁན་པོའི་བཀའ་ཐོ་མེད་དུ་བཞག་ནས། རང་གིས་བྱས་པའི་བསྒོམ་ཁོག་ལ་མཚན་དང་ཚིགས་རྣམས་སྐབས་འགའ་དེ་༼རེ༽སྦྱར་བའི་ཚུལ་དུ་གཞལ་ཡས་ཁང་གཅིག་ཏུ་འདོད་པའི་ཕྱོགས་ལའང་། ཕྱི་རིན་པོ་ཆེ་སྣ་ལྔ་ལ་ནང་ཐོད་པ་སྐམ་རྙིད་རློན་གསུམ་གྱིས་བྱས་པ། དེ་ཡང་བར་ཁྱམས་ཀྱིས་ཆོད་པ་དང་མ་ཆོད་པ་སྦྱར་མ་འདོད་པ་སོགས་སྣང་ཞིང་གང་ལྟར་ཡང་རྫོགས་ཆེན་གཞན་ལ་དེ་ལྟར་མཆིས་པས་མི་འགལ་ཡང་། འདིར་གོང་སྨྲོས་ལྟར་གཏེར་གཞུང་ཞི་བའི་གཞལ་ཡས་ཁང་ལ་ཁྲོ་བོའི་ཀ་གདུང་སོགས་ལས་མ་བསྟན་པས་སངས་རྒྱས་རང་སྣང་གི་གཞལ་ཡས་ལ་གདུལ་བྱའི་དབང་གིས་བཀོད་པ་ཇི་ལྟར་དགོས་པ་དེ་ལྟར་གྲུབ་པའི་ཕྱིར་བརྡ་སྟོན་༼དོན་༽དུ་ཨི་ཡིན་སྙམ་སྟེ་མཐའ་གཅིག་ཏུ་ངེས་མི་དགོས་པས་མ་བྱས་ཏེ། དཔེར་ན་ཆུ་གཅིག་ལ་འགྲོ་བ་དྲུག་གི་མཐོང་སྣང་དྲུག་[དང་།] གྲུབ་པས་མཱ་མ་ཀཱི་ལ་སོགས་པར་སྣང་བ་དང་། སངས་རྒྱས་དང་སེམས་ཅན་གྱི་ཁྱད་པར་ཡང་རང་སྣང་བ་ཙམ་དུ་ཟད་པའི་ཕྱིར་རོ། །དེ་ནི་རང་ལུགས་ཀྱི་སྒྲུབ་བྱེད་རྒྱས་པར་སྤྲོས་པའོ། །གཞན་ཡང་། ༀ་སྭ་སྟི། ཞི་ཁྲོ་དགོངས་པ་རང་གྲོལ་ལྷ་བསྐྱེད་ལུགས་སྲོལ་ཇི་སྙེད་མཆིས་པ་ལས། ཞི་དཀྱིལ་འོག་དང་ཁྲོ་དཀྱིལ་སྟེང་དུ་བཀོད་པ་ནི། རྣལ་འབྱོར་པ་རང་བཞིན་སྤྲུལ་སྐུའི་ཞིང་བགྲོད་ཚུལ་གྱི་དབང་དང་། ཞི་དཀྱིལ་སྟེང་དུ་འགོད་པ་ནི་རང་སྣང་ལོངས་སྐུའི་ཞིང་གི་བཀོད་པ་ལྟར་ཡིན་པས། སྤྱིར་གསང་སྔགས་འབྲས་བུ་ལམ་དུ་བྱེད་པའི་ཕྱིར་ཅེས་འཐད་པ་ཡིན་ལ། དང་པོ་ཞི་དཀྱིལ་བསྐྱེད་ནས་ༀ་ཨཱཿཧཱུྃ་གིས་ཇེ་མཐོར་སྟེང་དུ་བཏེག་པ་ནི། ཡང་ཏིག་རྩལ་དབང་

ལས། ཉི་མའི་དཀྱིལ་འཁོར་ལྔ་ཇེ་མཐོར་སོང་བས་རིག་པ་གཏོད་གསུངས་པ་ལྟར། རྒྱུན་མཐའ་ནས་སངས་རྒྱས་ཀྱི་སར་ཇེ་མཐོར་ས་ནས་སར་འཕར་བའི་དོན་དང་། དེ་སླར་ཡང་རཱུ་ཏྲ་སོགས་གདུལ་བྱ་གདུལ་དཀའ་འདུལ་ཕྱིར་ཞི་བའི་དབྱིིངས་ལས་རྩལ་གྱི་ཁྲོ་བོའི་དཀྱིལ་འཁོར་བཀོད་པ་དང་། མཐར། གཟུགས་སྣང་ཐམས་ཅད་ཞི་ཁྲོའི་ལྷ་ཚོགས་ལ༔ ལྷ་ཚོགས་ནམ་མཁའི་འཇའ་ཚོན་ཡལ་བ་ལྟར༔ སོགས་ཆོས་སྐུའི་དབྱིངས་སུ་ཐིམ་ཚུལ་བཅས་སྒོམ་ཚུལ་ཤིན་ཏུ་ལེགས་པ་ཡིན། ཞི་ཁྲོ་ཁྲོམ་དཀྲུགས་ཀྱང་བཀའ་མའི་དོང་སྤྲུག་ལྟར་མཛད་པ་ནི། བཀའ་མས་གཞུང་བསྲང་གཏེར་མའི་མན་ངག་གིས་ཟུར་བརྒྱན་ཅེས་སྔ་འགྱུར་བ་ལ་རླུང་ལྟར་གྲགས་པའོ། །ཞེས་གསུངས་པ་ལྟར་ཏེ། བསྐྱེད་ཚུལ་དེ་རྣམས་གཅིག་འཐད་ལ་གཅིག་མི་འཐད་པ་ལྟ་བུ་མ་ཡིན་པས་གང་ལྟར་བསྒོམས་ཀྱང་འགལ་བ་མེད་པ་ཁོ་ནའོ། །ཞེས་པའང་སྒོ་ཙམ་སྨྲས་པ་སྟེ་རྒྱས་པར་སྤྲོས་པས་ཆོག་གོ །ལྔ༷་པ༷་ལྷ༷་ཚོ༷གས་འཁོ༷ར་བཅ༷ས་བསྐྱེ༷ད་པ༷་ནི༷༔ ཞེས་པ་ལ་ཞི་བ་དང་ཁྲོ་བོ་གཉིས་ཏེ། དང་པོ་ཞི་བ་ལ་ཡང་ནང་གི་གཞི་དང་། གདན་དང་། ལྷ་བསྐྱེད་པ་གསུམ་གྱི། དང་པོ་ནི། གཞལ་ཡས་ཀྱི་ནང་གི་ས་གཞི་ཐམས་ཅད་ཆོས་སྐུ་འགྱུར་བ་མེད་པས་བཻཌཱུཪྱ་ཞུན་མ་ལས་གྲུབ་པ་ལྟར་མཐིང་ལ་གསལ་བ་རྐང་པས་མནན་ན་ནེམ་ལ་བཏེག་ན་འཕར་བ་བྱེད་སྙམ་པའི་དབུས་སུ། ལོངས་སྐུ་གསལ་ལ་འགག་པ་མེད་པས་པདྨ་གེ་སར་གྱི་ཟེའུ་འབྲུས་རབ་ཏུ་མཛེས་ཤིང་འབུར་བའི་ཕྱི་རིམ་ན། དང་པོའི་ཆ་ལ་འདབ་མ་བཞི། དེའི་ཕྱི་ལ་འདབ་མ་དྲུག་རྣམས་སྤྲུལ་སྐུ་ཐུགས་རྗེ་སྣ་ཚོགས་སུ་འཆར་བས་ཁ་དོག་ལྷའི་རང་མདོག་ལྟར་བཀྲ་བ། སྐུ་གསུམ་འདུ་

འབྲལ་མེད་པས་པདྨ་མུ་ཁྱུད་གསུམ་དང་ལྡན་པ། ཡེ་ཤེས་ལྔ་ལྷུན་གྱིས་གྲུབ་པའི་དབུས་མཐའི་མུ་ཁྱུད་ཁ་དོག་ལྔ་ལྡན་དུ་ཡོད་པ་སྟེ། ཚུལ་འདི་ནི་རྒྱུད་ཡེ་ཤེས་རྔམ་པ་ལས། རང་བཞིན་ཀུན་རྫོབ་ཅི་འདྲ་བ། །ཏིང་འཛིན་དཀྱིལ་འཁོར་དེ་འདྲ་བར། །བརྙན་མ་ཡང་ནི་དེ་འདྲར་བྲི། །ཞེས་གསུངས་པ་དང་། རིག་པ་རང་གྲོལ་ཆེན་པོའི་རྒྱུད་ལས། དེ་ནས་ཞི་བའི་དཀྱིལ་འཁོར་ནི། ནང་དུ་པདྨའི་འདབ་མ་ནི། །རིགས་ཀྱི་ཁ་དོག་ལྔ་དང་ལྡན། །ཞེས་པ་ནས། ལྔ་ལྡན་ཚོམ་བུའི་དཀྱིལ་འཁོར་རྫོགས། །ཞེས་པའི་བར་དུ་གསུངས་པའི་ཕྱིར་དང་། རང་ལུགས་གཏེར་གཞུང་གི་བབས་ལྔ་ཚོམ་གསུངས་པ་དང་ཡང་འབྱོར་ཞིང་། སྐྱབས་མགོན་རྫོགས་ཆེན་པ་ཡབ་སྲས་ཀྱིས་ཕྱག་བཞེས་སུ་གནང་བས་དེ་ལྟར་དུ་བྱས་པ་ཡིན་ལ། གཞན་ཡང་འགའ་ཞིག་གིས་པད་འདབ་བཅུ་དྲུག་ལ་སེམས་མ་བཀོད་པ་ནི་རང་གཞུང་གི་ལྔ་ཚོམ་དང་འགལ་ཞིང་ཁོག་ཕུབ་ཏུ་དཀྱིལ་འཁོར་བྲི་བའི་སྐབས་བླ་མའི་ཕྱག་བཞེས་ལྟར་བྲི་ཞེས་པའི་མཐར་ཞི་ཁྲོ་འདྲ་འདྲེས་སུ་བཀོད་པ་རྣམས་ནི་ལུང་རིགས་དང་མི་འབྲེལ་ཞིང་། ང་འདྲ་ལྷུན་གྲུབ་རྡོ་རྗེས་ཀྱང་འདི་སྐབས་བླ་མ་གཞན་ཞིག་གིས་བྱས་པར་མངོན་གསུངས་པ་ལྟར་ཉི་ཟླ་འོད་ཟེར་གྱིས་བཞེད་པ་ནི་མིན་ངེས་སུ་འདུག་སྟེ། ཅིས་ཤེས་ཞེ་ན། དེ་གའི་བྲི་ཐབས་ལྟར་ལྷ་བསྒོམ་དགོས་ན་ནི་གཏེར་གཞུང་དང་འགལ་བ་ལྟག་སྤྲོད་དུ་གྱུར། ཞི་བའི་རང་མདངས་ལས་ཁྲག་འཐུང་བསྒོམ་པ་ནི་ལྷ་རང་མདངས་ལ་ཤར་བས་ལྷ་གནས་རང་མདངས་ལས་ཤར་མི་རུང་བའི་རྒྱུ་མཚན་ཅི་ཞིག་སྨྲ། དེར་མ་ཟད་ཁོག་དབུབ་ཀྱི་སྨད་ཆར་དྲུང་རིན་པོ་ཆེའི་གསུངས་ལ་ཁ་གཡར་ཏེ་མི་ཤེས་བཞིན་དུ་སྨྲ་བ་རྣམས་ཀྱིས་བསླད་ཅི་རིགས་བཅུག་ཡོད་པ་འདྲ། གཞན་ཡང་ཞི་ཁྲོ་དཀྲུགས་པའི་བྲི་

ཐབས་དང་བསྒོམ་རིམ་བྱས་པ་རྣམས་ཀྱང་སྔ་མ་དེའི་རྗེས་འབྲང་སོགས་ཡིན་པས་སྔར་སྨྲོས་པ་ལྟར་སྐབས་འདིར་འབྲེལ་བ་མ་ཡིན་ནོ། །གཉིས་པ་ནི་རྩ་ཚིག་ཏུ་ལྷ་བསྐྱེད་པ་དང་ཆབ་ཅིག་ཏུ་གསུངས་པ་ལྟར། འདིར་ཡང་དེ་ལྟར་བཀྲལ་ལ། འོན་ཀྱང་དེའི་དོན་ནི་སེམས་ཅན་རྣམས་གང་དུ་སྐྱེས་པའི་གནས་མའི་པདྨ་དང་ཕ་མའི་ཁུ་ཁྲག་དྲོད་གཤེར་ལ་སོགས་པའི་ཞེན་རྟོག་མ་སྤངས་གནས་སུ་དག །སངས་རྒྱས་སྤྲུལ་པའི་སྐུས་འཁོར་བའི་གནས་སུ་གང་འདུལ་གྱི་རྣམ་འཕྲུལ་སྤྱོད་ཀྱང་ཉེས་པས་མ་གོས་པར་ཐུགས་རང་བཞིན་གྱིས་རྣམ་པར་དག་པས་ཐབས་ཤེས་ཟུང་འཇུག་གི་ཡེ་ཤེས་མཐར་ཕྱིན་པ་ཉིད་མ་བཙལ་ངང་གིས་རྫོགས། པདྨ་དྷཱུ་ཏིའི་ཡས་མས་ན་ཟླ་ཉིའི་ཁམས་གནས་པ་འབར་འཛག་གི་ཞུ་བདེ་དགའ་བ་བཅུ་དྲུག་གི་རང་བཞིན་ནམ། ཕྱག་རྒྱའི་པདྨ་ལ་ཉི་མ་བྱང་ཆུབ་ཀྱི་སེམས་གནས་པ་ལ་ཡབ་ཀྱི་ཐིག་ལེ་བརྟན་པའི་རིམ་པས་པད་ཉི་ཟླ་བ་སྟེ། དེ་བསྒོམས་པས་རྫོགས་རིམ་གྱི་དུས་སུ་ཙཎྚ་ལཱི་དང་མུ་དྲའི་ལམ་ལ་བརྟེན་ནས་མི་འགྱུར་བའི་བདེ་ཆེན་ཐོབ་པའི་གཞི་མ་བྱས་ལྷུན་གྲུབ་ཏུ་སྨིན་པའོ། །གསུམ་པ་ལྷ་བསྐྱེད་པ་ལ་ལྔ་སྟེ། སྤྱིའི་གཙོ་བོ། རིགས་ཀྱི་གཙོ་བོ། རྒྱལ་སྲས་སེམས་དཔའི་འཁོར། འགྲོ་འདུལ་སྤྲུལ་པའི་འཁོར། འཇོམས་བྱེད་ཁྲོ་བོའི་འཁོར་རོ། །དང་པོ་ནི། ཧཱུྃ་༷ཞེས་ཏིང་ངེ་འཛིན་གྱི་སྙིང་པོ་བརྗོད་པའི་སྒྲས་བ༷དག་ཉིད༷་ཐ༷་མ༷ལ་གྱི་ར༷ང་སེམ༷ས་འདི༵་ཉིད་བཅོས་མ་གློ་བུར་བའི་རྟོག༷་པ༷ས་བར་དུ་མ༷་ཆོ༷ད་པར་སོ༷་མ༷འམ་ཟང་ཀ༷འི་ང༵ང་སྟེ། སེམས་བས༷མ་བློས་བྱས་ཀྱི་ཆོས་དང་བྲ༷ལ་བའི་ང༷ང་དེ་ལ༵ས། རང་གི་ཀུན་གཞི་བྱང་ཆུབ་ཀྱི་སེ༷མས་ཡི༷ད་ལ་བྱེད་པ་པོ་འདི༵་ཉིད་ཕྱག་མཚན་དང་ཡིག་འབྲུ་ལས་སྐུར་གྱུར་པ་སྟེ། ཆོ་ག་གསུམ་བསྐྱེད་དོ། །དེ་

ཡང་སེམས་དག་པས་རྡོ༷་རྗེ༷་རྩེ་ལྔ་པ་དང་། ཆོས་ཉིད་མི་འགྱུར་བའི་མདོག་མཐི༷ང་ན༷ག །ཡིད་དག་པའི་ཨ༷་ཐུང་མཐིང་གའི་རྣམ་པ་ནི་ཡི༷་གེས༷་མཚ༷ན་པ་རྡོ༷་རྗེ༷་དང་ཨ༷འི་ཡི་གེ༷ར་བཅ༷ས་པ་ལས་འོད་ཟེ༷ར་འཕྲོ༵ས་ཡ༷ར་སངས་རྒྱས་ཀྱི་ཞིང་དང་མ༷ར་སེམས་ཅན་གྱི་ཁམས་ཐམས་ཅད་ཁྱབ་པར་འཕྲོ༷་བའི་བྱེད་ལས་ཀྱིས། རྒྱལ་བ་སྲས་དང་བཅས་པའི་ཐུགས་རྒྱུད་བསྐུལ་ཏེ་བྱིན་རླབས་ཚུར་འདུ༷ས་པས་བདག་དོན་དང་། སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱངས་ཏེ་བདེ་བ་ལ་བཀོད་པས་གཞན་དོན་དང་། དོ༷ན་གཉིས༷་བྱས༵་ཏེ་སླར་ཚུ༷ར་འདུ༷ས་ཀུན་གཞི་སྐྱེ་མེད་ཀྱི་དབྱིངས་སུ་སྟོང་པའི་ཚུལ་གྱིས་རྡོ༷་རྗེ༷་ཨ༷འི་ཡི་གེ༷ར་བཅ༵ས་པ༷་འོ༷ད་དུ་ཞུ༷་བ་ལས་རྒྱུའི་ས་བོན་མ༷་རི༷ག་པའི་ཉོ༷ན་མོ༷ངས་པ་རིག་པའི་ཆོས་སྐུར་སྦྱང༷ས་ཏེ། དཔེ་རི༷ན་ཆེ༷ན་གྱི་གཟུ༷གས་སྐུ༷་བླུ༷གས་པ༷་ལྟ༷ར་དུ། དཔེ་ཅན་བད༷ག་གམ་རང་གི་སེམས་ཉི༷ད་སྣང་བའི་ངོ་བོ་འདི་སྐ༷ད་ཅི༷ག་དྲ༷ན་རྫོ༷གས་སུ༵། རྒྱལ་བ་ཀུ༷ན་ཏུ༷་བཟ༷ང་པོ་ཆོས་དབྱིངས་འགྱུར་བ་མེད་པའི་སྐུ༷་མདོ༷ག་མཐི༷ང་ལ་ནམ་མཁའི་མདོག་ལྟར་གསལ་བའི་པང་དུ། ཆོ༷ས་ཉི༷ད་སྟོང་པའི་རང་བཞིན་ཡུམ་ཀུན་ཏུ་བཟ༷ང་མོ༷། །འཁོར་འདས་ཀྱི་ཆོས་ཐམས་ཅད་ཀ་ནས་དག་པའི་སྐུ༷་མདོ༷ག་ཟླ་བ་ཆུ་ཤེལ་གྱི་མདོག་ལྟར་དཀ༵ར་ལ་འཚེར་བ་སྣང་སྟོང་གཉིས་སུ་མེད་པའི་ཕྱག་གཉིས་ཡབ་ཀྱི་མགུལ་ནས་འཁྱུད་ཅིང་། བདེ་སྟོང་གཉིས་སུ་མེད་པའི་ཞབས་གཉིས་ཡབ་ཀྱི་སྐེད་ལ་འཁྲིལ་བ། ཡེ་སྟོང་ཐིག་ལེ་ཉག་གཅིག་གིས་གཉིས་ཀའང་ཞལ་གཅིག་རང་མདོག་འཚེར་བ། ཐབས་ཤེས་གཉིས་སུ་མེད་པས་ཡབ་ཀྱི་ཕྱག་གཉིས་མཉ༷མ་བཞ༷ག་དང་། སྲིད་ཞི་མཉམ་པ་ཆེན་པོའི་ཞབས་གཉིས་རྫོགས་པའི་སྐྱི༷ལ་ཀྲུ༷ང་དུ་བཅས་པ། ཀ་དག་དང་ལྷུན་གྲུབ་གཉི༷ས་སུ་མེ༷ད་པས་ཡབ་ཡུམ་དབྱེར་མེད་ཟུང་

འཇུག་གི་རང་བཞིན་དུ་འཁྲི༵ལ་སྦྱོར་མཛད་པ། འཁོར་འདས་ཀྱི་རྟོག་ཚོགས་དག་པས་ཡེ༷་ཤེ༷ས་ཀྱི་རང་བཞིན་རི༷ན་ཆེ༷ན་སྣ༷་ཚོ༷གས་པའི་ཁྲི་རྐང་དང༷་། འབྲས་བུའི་ཆོས་རྣམས་ཐུགས་སུ་ཆུད་པས་མི་འཇིགས་པ་བཞིའི་སེང་གེ་ཆེན་པོ་བརྒྱད་ཀྱིས་ཁྲི་མིག་མཛེ༷ས་པ༷། གསལ་སྟོང་གཉིས་སུ་མེད་པས་ཉི༷་མ་དང་ཟླ༷་བའི་དཀྱིལ་འཁོར་བཀྲག་ལ་འཚེར་བ། ཆོས་ཉིད་ཆགས་པ་བྲལ་བས་པ༷དྨ༷་འདབ་མ་སྟོང་དུ་བརྡལ་བ། འཁོར་འདས་གཉིས་སུ་མེད་པས་གེ་སར་གྱི་ཟེའུ་འབྲུ་མཐོན་པོར་མཛེས་པ་དེ་ལྟ་བུ༷འི་གད༷ན་ལ༷། དབྱིངས་རིག་གཉིས་སུ་མེད་པས་ཡེ་ཤེས་ལྔའི་འཇའ་འོད་འཁྲིགས་པའི་གུར་ཁང་གི་ཀློང་ན་བཞུ༷གས་པ། རང་རིག་མ་ཡེངས་ལྷང་ངེར་གསལ་བའི་རང་མདངས་སུ་ཤར་བ་བསྐྱེད་དོ། །སྔགས་དོན་ནི། ཧཱུ༷ྃ་འགག་པ་མེད་པ། བ༷ཛྲ༷་ཙི༷ཏྟ༷་རྡོ་རྗེ་ཐུགས། ཨ༷་སྐྱེ་མེད་ཡབ་ཀྱི་ས་བོན་ཏེ་སྐྱེ་འགག་མེད་པའི་ཐུགས་མི་ཤིགས་པ་ཀུན་ཏུ་བཟང་པོའོ། །བ༷ཛྲ༷་ས༷་མ༷ནྟ༷་བྷ༷་དྲ༷་རྡོ་རྗེ་ཀུན་ཏུ་བཟང་མོའོ། །ༀ༷་ཡེ་ཤེས་ལྔའི་རང་བཞིན་ཡུམ་གྱི་ས་བོན་ཡེ་ཤེས་ལྔ་དབྱེར་མི་ཕྱེད་པའི་ཀུན་ཏུ་བཟང་མོའོ། །གསང་སྙིང་ན་ༀ་ཡབ་དང་ཨ་ཡུམ་གྱི་ས་བོན་དུ་གསུངས་ཀྱང་། འདིར་གཏེར་གཞུང་ལྟར་བྱས་སོ། །སྟོང་ཉིད་དང་སྙིང་རྗེ་དབྱེར་མི་ཕྱེད་པའི་དོན་གྱིས་གཉིས་ཀ་འདྲ་སྙམ་མོ། །འདི་ནས་བརྩམ་ཏེ་ས་བོན་ཐམས་ཅད་རྒྱུ་མ་ནོར་བར་རྩ་བའི་སྔགས་དང་། རང་སྔགས་ཐམས་ཅད་བསྐྱེད་པ་རྐྱེན་གྱི་སྔགས། དེ་གཉིས་སྦྲེལ་བར་བཟླས་པ་ལས་ཀྱི་སྔགས་ཡིན་པར་འགྲེས་སོ། །འདིར་གཏེར་གཞུང་དུ་མ་གསལ་བཞིན་ཀུན་བཟང་ལ་སེང་ཁྲི་བྱེད་པ་ཅི་ཞིག་སྙམ་ན། ཀུན་མཁྱེན་ཆེན་པོས། ཐེག་པ་འོག་མས་ཉམ་མི་ང་ཞིང་མི་འཇིགས་པ་བཞི་མཚོན་པའི་ཕྱིར་དབུས་སུ་སེང་གེ་རིན་པོ་ཆེའི་ཁྲི་དང་ལྡན་པ་

ཞེས་དང་། སྒྱུ་འཕྲུལ་ཐལ་རྒྱུད་ལས། འཁོར་ལོའི་ལྟེ་བར་མི་འཇིགས་སྟེང་། །བདག་པོ་ཀུན་བཟང་འཁོར་རྣམས་ལ། །ཀུན་བཟང་སྒྱུ་འཕྲུལ་སྟོན་པའི་ཚེ། །མི་བསྐྱོད་རྒྱལ་པོ་མདུན་ན་གནས། །ཞེས་གསུངས་པའི་ཕྱིར་རོ། །འོན་ཀྱང་བདག་བསྐྱེད་ལ་རྣམ་སྣང་གི་སྤྱི་བོར་ཀུན་བཟང་བསྒོམས་པས་ལོགས་སུ་སེང་ཁྲི་མི་དགོས་ཏེ། ཆོས་སྤྱོད་ལས། གསལ་སྟོང་པདྨ་ཉི་ཟླའི་གདན་ལ་བཞུགས༔ ཞེས་པའི་ལུང་གིས་ཀྱང་གྲུབ་པར་རིགས་སོ། །ཡང་སྐོང་བཤགས་དང་དབང་ཞུས་སོགས་ཀྱི་ཚེ། དོང་སྤྲུག་གཙོར་སྟོན་གྱི་དབང་དུ་རྣམ་སྣང་དང་རྡོར་སེམས་གོ་འཕོ་ཚུལ་ནི་གཏེར་གཞུང་ལས་ཀྱང་དངོས་སུ་བསྟན་པ་ལྟར་གོང་དུ་ཐལ་རྒྱུད་ཀྱི་ལུང་གིས་གྲུབ་མོད། དེའི་ཚེ་ཡུམ་མི་འཕོ་བར་གནས་འདྲེན་སོགས་ཀྱིས་གསལ་ལ། གདན་མི་འཕོ་བར་དབང་བསྐུར་རྒྱལ་བའི་རྒྱུད་ལས་གསུངས་ཏེ། ཐུགས་ནི་མི་འཇིགས་བཞི་ཡིས་བདུད་བཞི་འཇོམས། །དེ་གྲུབ་རྟགས་སུ་སེང་གེའི་ཁྲི་ལ་བཞུགས། །ཞེས་གསུངས་སོ། །ཡང་ལ་ལ་དག་འདི་ལྟར་སེམས་པ་དག་ཀྱང་མཆིས་མོད། དཀྱིལ་འཁོར་གྱི་གཙོ་བོ་ནི་ཀུན་བཟང་ཡིན་པ་རྒྱུ་༼རྒྱུད་༽དང་། རིགས་ཀྱི་གཙོ་བོ་ནི་བསྒོམ་ཁོག་རྣམས་སུ་རྣམ་སྣང་དང་། ངན་སོང་གནས་འདྲེན་གྱི་སྐབས་རྣམས་སུ་རྡོར་སེམས་སུ་འདུག །ཅི་ཞིག་གིས་འགྱུར་ལྡོག་དགོས་པ་བྱུང་ངམ་སྙམ་ན། སངས་རྒྱས་སྐུ་གསུམ་གྱི་རོལ་པ་བསྟན་ཚུལ་ལས་བཟང་ངན་ལྟ་བུའི་དབང་གིས་མ་ཡིན་ཏེ། དཔལ་སངས་རྒྱས་མཉམ་སྦྱོར་ལས། སེམས་དཔའ་སངས་རྒྱས་ཀུན་གྱི་དངོས། །རྡོ་རྗེ་སེམས་དཔའ་བདེ་བའི་མཆོག །གསང་བ་མཆོག་གི་དགྱེས་པ་ན། །ཐམས་ཅད་བདག་ཉིད་རྟག་ཏུ་བཞུགས། །ཞེས་གསུངས་པའི་ཕྱིར། ཆོས་སྐུའི་གནས་

སྐབས་ན་ཀུན་ཏུ་བཟང་པོ་དང་། ལོངས་སྐུའི་གནས་སྐབས་ན་རིགས་ལྔའི་གཙོ་བོ་རྣམ་སྣང་དང་། སྤྲུལ་སྐུའི་གནས་སྐབས་ན་འགྲོ་དོན་ལ་རྡོ་རྗེ་སེམས་དཔའ་ཉིད་བསྔགས་པར་གསུངས་ཏེ། སློབ་དཔོན་ཆེན་པོ་བི་མ་ལས། མི་གནས་ཆོས་དབྱིངས་དཀྱིལ་འཁོར་ན། །ཀུན་བཟང་ཡབ་ཡུམ་ཞེས་བྱའོ། །དེ་ལས་ལོངས་སྐུར་བཞེངས་པ་ན། །རིགས་ལྔའི་སངས་རྒྱས་ཡིན་པར་གྲགས། །སྤྲུལ་པས་འགྲོ་དོན་སྤྱོད་པ་ན། །རྡོ་རྗེ་སེམས་དཔའ་རྡོ་རྗེ་འཛིན། །གྲངས་མེད་དཔག་གིས་མི་ལང་ངོ་། །ཞེས་གསུངས་པ་ལྟར་རོ། །དེ་ལྟར་ཀུན་བཟང་ཡབ་ཡུམ་གྱི་ཐུགས་ཀ་ནས་སོགས་མཆན་དུ་བྲི། མཆན་འདི་རྣམས་ཁམས་དབུས་ཀྱི་དཔེ་ཕལ་ཆེར་ལ་སྣང་བས་གཏེར་གཞུང་ཡིན་ཤས་ཆེ། གཉིས་པ་རིགས་ཀྱི་གཙོ་བོ་ལྔ་སྟེ། དང་པོ་ནི། དཀྱིལ་འཁོར་དབུས་ཀྱི་གཙོ་བོ་ཀུན་བཟང་ཡབ་ཡུམ་དེ༷་ཉི༷ད་ཀྱི་ཐུ༷གས་ལ༷ས་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་ༀ༷་ལ༷ཾ་དཀར་པོ། ཡེ་ཤེས་ཀྱི་རང་འོད་ཐིག་ལེ་དཀར་པོ་དུང་གི་ཕོར་བ་ཁ་སྦུབ་པ་ལྟ་བུ་དང་བཅས་འཕྲོ༵ས། དབུས་ཀྱི་ཀུན་བཟང་གི་མདུན་དུ་བབས་པས། འོད་ཀྱི་ཐིག་ལེ་ཆེར་གྱུར། ཡིག་འབྲུ་འཇའ་ཚོན་གྱི་དབུས་ན་ལྷ་སྐུ་ལྟར་གསལ་ཞིང་འོད་ཟེར་འཕྲོ་འདུས་དོན་གཉིས་བྱས། ཚུར་འདུས་འོད་དུ་ཞུ་བ་ལས། ར༷ང་ཉི༷ད་ཀྱི་གཟུགས་ཕུང་མ་སྤངས་གནས་སུ་དག་པས་བཅོམ་ལྡན་འདས་རྣ༷མ་པ༷ར་སྣང༷་མཛད་ཡབ་ཡུམ་གྱི་སྐུར་གྱུར་པ་ནི༵། ཡབ་གཏི་མུག་མ་སྤངས་གནས་སུ་དག་པས་སྐུ་མདོག་དཀ༷ར་པོ་ཟླ་གཞོན་ལྟར་གས༷ལ་ལ་འཚེར་བ། དྲན་སྟོང་ཉག་གཅིག་ཞ༷ལ་གཅི༷ག །སྣང་སྟོང་གཉིས་མེད་ཀྱི་ཕྱ༷ག་གཉི༷ས་པ༷། ཕྱ༷ག་གཡ༷ས་སྣང་སེམས་དག་པས་གཞན་ལ་དབང་བསྒྱུར་བས་འཁོ༷ར་ལོ༷་དཀར་པོ་རྩིབས་བརྒྱད་ཐུ༷གས་

ཀ༷ར་འཛི༵ན་ཅིང་། གཡོ༷ན་སྟོང་འཛིན་དག་པས་༷ཤེས་རབ་ཀྱི་དྲི༷ལ་བུ༷་(བསྣམས་ཏེ་)ཡུ༷མ་ལ༷་འཁྱུད༵་པ། ཡུ༷མ་མཆོ༷ག་ནམ་མཁའ་དབྱི༷ངས་ཕྱུ༷ག་མ་ནང་གི་སེམས་དང་ཕྱིའི་ནམ་མཁའ་མ་སྤངས་གནས་སུ་དག་པས་སྐུ་མདོག་དཀ༷ར་མོ། འདོད་ཆགས་ཆེན་པོས་དམ༷ར་བའི་མདངས་དང་ལྡན་ལ༷། ཐབས་ཤེས་གཉིས་སུ་མེད་པས་ཕྱག་གཉིས་གཡས་དགོངས་པའི་ཡེ་ཤེས་སྐྱེ་བ་མེད་པས་དྲིལ་བུ་(བསྣམས་ཏེ་)ཡབ་ཀྱི་མགུལ་ནས་འཁྱུད་ཅིང་། གཡོན་པའི་ཡེ་ཤེས་འགག་པ་མེད་པས་ཆོས་འཁོར་རྩིབས་བརྒྱད་ཐུགས་ཀར་འཛིན་པ། གཞན་ཆ༷་ལུ༷གས་ཐམས་ཅད་ཡ༷བ་དང་འདྲ༷་ཞིང་། བདེ་སྟོང་གཉིས་སུ་མེད་པས་ཞབས་གཉིས་དགྱེ༷ས་པར༷་བརྟུལ་ཞུགས་ཀྱི་སྐྱིལ་མོ་ཀྲུང་དུ་འཁྲིལ༵་བ། མི་འཇིགས་པ་བཞིས་བདུད་བཞི་འཇོམས་པས་སེ༷ང་གེ་ཆེ༷ན་པོ་བརྒྱད་ཀྱིས་བཏེག་པའི་ཁྲི་ལ་ཆགས་བྲལ་ཆགས་པ་ཆེན་པོའི་པ༷དྨ༷་འདབ་མ་ཕྱོགས་སུ་བརྡལ་བའི་སྟེང་། གསལ་སྟོང་དབྱེར་མེད་པས་ཉི༷་ཟླའི་དཀྱིལ་འཁོར་བཀྲག་ལ་འཚེར་བ། དགོས་འདོད་ཀྱི་རེ་བ་སྐོང་བས་རི༷ན་ཆེ༷ན་ཁྲི་རྐང་གི་སྟེང༵་དུ་ཟག་བཅས་སྙིགས་མ་ལྔ་དག་པས་ཟག་མེད་དྭངས་མ་ལྔ་ལྡན། ཆོས་དབྱིངས་ཡེ་ཤེས་སོགས་ཀྱི་གདངས་འོད་སྣ་ཚོགས་མ་འགགས་པར་གསལ་ལ་འཚེར་བའི་ཀློང་དུ་སྣང༷་ལ༷་ར༷ང་བཞི༷ན་མེ༷ད་པ༷། སྟོང་ལ་རྣམ་པ༷ར་གས༷ལ་བ་ནམ་མཁའི་གཞའ་ཚོན་ལྟར་གསལ་གདབ། ༀ༷་སྐུ་རྡོ་རྗེ་རྣམ་སྣང་གི་ས་བོན། ཛི༷་ན༷་ཛི༷ཀ྄༷༔ རྒྱལ་བས་རྒྱལ་ཏེ་དབྱིངས་སྤྲོས་བྲལ་ནི་མི་དགེ་ལས་རྒྱལ་ཞིང་། དེ་ལས་ཤར་བའི་གཟུགས་སྣ་ཚོགས་ཀྱང་རྒྱལ་བའི་སྐུར་དག་པ་རྣམ་སྣང་ངོ་། །ལཱ༷ཾ་ལོ་ཙཱ་ནའི་སྒྲ་ལས་སྤྱན་མའི་ས་བོན། དྭེ་ཥའམ་ཤྭ་ཞེ་སྡང་། ར་ཏི་དགའ་མ། སྟྭཾ་འདུད་ཅིང་གནས་པའི་དོན། ཞེ་སྡང་རྣམ་པར་དག་པའི་དགའ་བ་མོ་ཡབ་ལ་

འདུད་ཅིང་གནས་པར་བྱེད་པའི་སྤྱན་མའོ། །འདིར་རྒྱལ་བ་རིགས་ལྔ་ཡབ་ཡུམ་རྣམས་སྐུ་མདོག་ཕྱག་མཚན་ས་བོན་སྐྱེད་སྔགས་སྐུ་དང་ཡེ་ཤེས་སོགས་ལམ་དང་འབྲས་ཆོས། དག་བྱ་ཉོན་མོངས་དང་འབྱུང་ཁམས་སོགས་གཞིའི་ཆོས་རྣམས་ཕན་ཚུན་འདུ་ཤེས་སུ་སྦྱོང་བ་ནི། དཔེར་ན་གཟུགས་ཕུང་དང་ནམ་མཁའ་ལ་ཕུང་པོ་གཞན་བཞི་དང་འབྱུང་བཞི་འདུ་བ་ལྟར། གཟུགས་ཕུང་རྣམ་སྣང་དང་ནམ་མཁའ་དབྱིངས་ཕྱུག་མའི་རང་བཞིན་དུ་དག་པའི་ཚེ། ཕུང་པོ་དང་འབྱུང་ཁམས་གཞན་རྣམས་ལྷན་ཅིག་ཏུ་དག་པ་དང་། དེར་མ་ཟད་མཐར་ཐུག་འཁོར་འདས་ཀྱི་ཆོས་ཐམས་ཅད་མི་འགྱུར་བའི་བདེ་ཆེན་དང་། རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་དང་དབྱེར་མི་ཕྱེད་པའི་རང་བཞིན་དང་། འདིར་དོང་སྤྲུག་སོགས་ལས་གཙོ་བོ་གོ་འཕོ་དགོས་པ་སོགས་ལ་དགོངས་པ་འདྲ་བས་མཐའ་གཅིག་ཏུ་མ་ངེས་ཏེ། དཔལ་སངས་རྒྱས་མཉམ་སྦྱོར་ལས། དེ་ནས་འགྲོ་བ་འདུལ་ཐབས་ཀྱིས། །དེ་ཉིད་རིགས་རྣམས་ལྔར་སྣང་ཡང་། །ཡང་དག་གྲུབ་པ་གཅིག་པུ་ཉིད། །ཇི་ལྟར་འདོད་པ་བཞིན་དུ་སྦྱར། །ཞེས་སོ། །གོང་གི་མཆན་ཡིག་གཏེར་གཞུང་དུ་ངེས་ན་འདིར་རྣམ་སྣང་གཙོ་བོའི་མདུན་དུ་འགོད་པ་ཅི་ཞེ་ན། སྒྱུ་འཕྲུལ་རྒྱ་མཚོ་ལས། འཁོར་ལོ་འབར་བའི་ལྟེ་བ་ལ། །བདག་པོ་ཀུན་བཟང་འཁོར་ལོ་བསྐོར། །བཀའ་སྡོད་སྐྱེས་བུ་མདུན་ན་གནས། །བརྗོད་པ་མེད་བཞིན་གོ་བར་མཛད། །ཅེས་སོ། །དོན་འདི་ལ་དགོངས་ཏེ་རྫོགས་ཆེན་པས། མདུན་བསྐྱེད་ལ་རྣམ་སྣང་ཡབ་ཡུམ་ཀུན་བཟང་ཡབ་ཡུམ་གྱི་མདུན་དུ་བསྒོམས་ན་འཐད་ཅེས་གསུངས་སོ། །འོ་ན་མཆན་ཡིག་གི་དོན་ཇི་ལྟར་སེམས་ན། ཀུན་ཏུ་བཟང་པོ་ཡེ་ཤེས་ཀློང་ཡངས་ཀྱི་རྒྱུད་ལས། སྔོན་གྱི་སངས་རྒྱས་ཀུན་

བཟང་དེ། །འཁྲུལ་མ་མྱོང་ལ་རྟོགས་མྱོང་བ། །གཞི་དང་ཡེ་ཤེས་དུས་མཉམ་ཤར། །དེ་ཕྱིར་ཀུན་ཏུ་བཟང་ཞེས་བྱ། །ཞེས་གསུངས་པ་ལྟར། གཞི་དབྱིངས་ལས་གཞི་སྣང་ཤར་བ་དང་ལྷན་ཅིག་ཆོས་དྲུག་གིས་རང་རྩལ་རྫོགས་ཏེ་སངས་རྒྱས་པའི་རྟགས་སུ་སྟེང་དུ་སྤར་བ་བཤད་ཆོག་སྟེ། ཆོས་སྤྱོད་བག་ཆགས་རང་གྲོལ་ལས། ཙིཏྟ་སྙིང་དབུས་ཐིག་ལེའི་མཁའ་ཀློང་དུ༔ ཐོག་མའི་མགོན་པོ་འོད་མི་འགྱུར་བའི་སྐུ༔ ཞེས་དང་། ཙིཏྟ་སྙིང་གི་དབུས་ཕྱོགས་རྩ་འདབ་ལ༔ ཞེས་ཁྱད་པར་གསལ་བ་དང་། ཐོ་བརྩེགས་ལ་གསལ་གདབ་པའི་ཕྱིར་རིག་པ་དེས་གྲུབ་པ་དང་། རྫོགས་ཆེན་པས་བདག་བསྐྱེད་ལ་རྣམ་སྣང་ཀུན་བཟང་ཡབ་ཡུམ་གྱི་འོག་དང་། ཞེས་གསུངས་པ་ཡང་དོན་དེ་ལྟར་དུ་དགོངས་པ་འདྲ། དེ་བཞིན་མདུན་དུ་རྣམ་སྣང་བསྒོམ་པ་ཡང་ནང་གསལ་གཞོན་ནུ་བུམ་པ་སྐུའི་ཞིང་ཁམས་ནས་ཕྱིར་གསལ་ལྷུན་གྲུབ་ཀྱི་སྣང་བ་ཤར་བའི་ཚུལ་ཏེ། རྫོགས་པ་ཆེན་པོ་སྒྲ་ཐལ་འགྱུར་ལས། ཆོས་སྐུ་སྟོང་པའི་རང་བཞིན་ལས། །ཡེ་ཤེས་མཁྱེན་པ་རྫོགས་པའི་ཆ། །ཤུགས་ཀྱི་སེམས་ཅན་རྣམས་ལ་འཆར། །ཞེས་གསུངས་པ་ལྟར། ད་ལྟར་འབྲས་བུ་ལམ་བྱེད་ཀྱི་སྐབས་ཡིན་ཕྱིར་འབྲེལ་གྲུབ་པའོ། །དེ་ནས་རིགས་ཀྱི་གཙོ་བོ་གཉིས་པ་ནི། ཡང་ཨ་༷ཞེས་སྐྱེ་མེད་ཀྱི་ཡི་གེའི་སྒྲ་བརྗོད་པའི་གདངས་འགག་པ་མེད་པར་ཀུ༷ན་བཟ༷ང་ཡབ་ཡུམ་གྱི་ཐུག༷ས་ཀ་ནས༷་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་ཧཱུ༷ྃ་དང་མཱུཾ༷་མཐིང་ག །ཡེ་ཤེས་ཀྱི་རང་འོད་ཐིག་ལེ་མཐིང་ག་མུ་མེན་གྱི་ཕོར་པ་ཁ་སྦུབ་པ་ལྟ་བུའི་ཐིག་ཕྲན་ལྔས་བརྒྱན་པ་དང་བཅས་པ་འཕྲོས༵། ཤར་གྱི་པདྨའི་དབུས་སུ་བབས་པས་སྔ་མ་ལྟར་བྱས་ནས་ར༷ང་ཉིད༷་ཀྱི་རྣམ་པར་ཤེས་པའི་ཕུང་པོ་མ་སྤངས་གནས་སུ་དག་པ་བཅོམ་ལྡན་འདས་རྡོ༷་རྗེ༷་སེམ༷ས་

དཔ༷འ་ཡབ་ཡུམ་གྱི་སྐུར་གྱུར་པ་ནི༷། ཡབ་ཞེ་སྡང་མ་སྤངས་གནས་སུ་དག་པས་སྐུ་མདོག་མཐི༷ང་ག་ནམ་མཁའ་ལྟར་གས༷ལ་ལ་འཚེར་བ། སྣང་སྟོང་ཉག་གཅིག་གི་ཞ༷ལ་གཅི༷ག །རིག་སྟོང་དབྱེར་མེད་པས་ཕྱ༷ག་གཉིས༷་པ༵། ཕྱ༷ག་གཡ༷ས་ཐབས་མི་འགྱུར་བས་རྡོ༷་རྗེ༷་རྩེ་ལྔ་པ་ཐུ༷གས་ཀ༷ར་འཛི༵ན་པ། གཡོ༷ན་ཤེས་རབ་སྟོང་པ༷་ཉིད་ཀྱི་དྲི༷ལ་བུ༷་(བསྣམས་ཏེ་)ཡུ༵མ་ལ༷་འཁྱུ༷ད་པ། ཡུ༷མ་མཆོ༷ག་ས༷ངས་རྒྱ༷ས་སྤྱ༷ན་མ་འབྱུང་བ་ས་དང་ཤ་ཁམས་མ་སྤངས་གནས་སུ་དག་པས་སྐུ་མདོག་མཐི༷ང་ཀརྗེས་སུ་ཆགས་པས་སྐྱ༷་བའི་ཉམས་ཅན་བཻཌཱུཪྱ་ལྟར་མཛེས་པ། ཐབས་ཤེས་གཉིས་སུ་མེད་པས་ཕྱག་གཉིས། གཡས་དགོངས་པའི་ཡེ་ཤེས་སྐྱེ་བ་མེད་པས་དྲིལ་བུ་(བསྣམས་ཏེ་)ཡབ་ཀྱི་མགུལ་ནས་འཁྱུད་ཅིང་། གཡོན་དགོངས་པའི་ཡེ་ཤེས་འགག་པ་མེད་པས་རྡོ་རྗེ་རྩེ་ལྔ་པ་ཐུགས་ཀར་འཛིན་པ། གཞན་ཆ༷་ལུ༵གས་ཐམས་ཅད་ཡ༷བ་དང་འདྲ༷་ཞིང་བདེ་སྟོང་གཉིས་སུ་མེད་པས་ཞབས་གཉིས་དགྱེ༷ས་པ༷ར་བརྟུལ་ཞུགས་ཀྱིས་སྐྱིལ་ཀྲུང་དུ་འཁྲི༵ལ་བ། སྟོབས་བཅུས་མི་དགེ་བ་བཅུ་འཇོམས་པས་གླ༷ང་ཆེ༷ན་བརྒྱད་ཀྱིས་བཏེགས་པའི་ཁྲི་ལ། ཆགས་བྲལ་ཆགས་པ་ཆེན་པོས་པ༷དྨ་འདབ་མ་ཕྱོགས་སུ་བརྡལ་བའི་སྟེང་དུ། གསལ་སྟོང་དབྱེར་མེད་པས་ཉི༷་ཟླའི་དཀྱིལ་འཁོར་བཀྲག་ལ་འཚེར་བ། དགོས་འདོད་ཀྱི་རེ་བ་སྐོང་བས་རི༷ན་ཆེ༷ན་ཁྲི་རྐང་གི་སྟེང༵་ན། སྣང༷་ལ༷་ར༷ང་བཞི༷ན་མེ༷ད་པ༷་སྟོང་ལ་རྣམ་པ༷ར་གས༵ལ་བ་ནམ་མཁའི་གཞའ་ཚོན་ལྟར་གསལ་གདབ། ཧཱུ༷ྃ་ཐུགས་རྡོ་རྗེ་མི་བསྐྱོད་པའི་ས་བོན། བ༷ཛྲ༷་རྡོ་རྗེ། ངྷྲི༷ཀ྄་འཛིན་པ་སྟེ། རྣམ་ཤེས་དག་པས་ཟུང་འཇུག་དབྱེར་མི་བྱེད་པའི་རྡོ་རྗེ་འཛིན་པ་མི་བསྐྱོད་པའོ། །མཱུཾ༷་མོ་ཀྵའི་སྒྲས་ཐར་པ་སྟེ་དབྱིངས་ཕྱུག་མའི་ས་བོན། ངྷཱ་ཏིའམ་ངྷཱ༷་ཏུ༷་ཤྭ༷་རི༷་དབྱིངས་ཀྱི་དབང་ཕྱུག་མ། སྟྭཾ༷ཿའདུད་ཅིང་གནས་པའི་དོན་ཏེ་ཆོས་ཐམས་ཅད་རྣམ་པར་དག་

པ་དབྱིངས་ཀྱི་དབྱིངས་ཕྱུག་མོ་ཡབ་ལ་འདུད་པར་བྱེད་པའོ། །དེ་ལྟར་ཤར་གྱི་གཙོ་བོ་ཡབ་ཡུམ་བསྐྱེད་ནས། གསུམ་པ་རྒྱལ་སྲས་སེམས་དཔའི་འཁོར་ལ་བཞི་ཚན་བཞི་སྟེ། བཞི་ཚན་དང་པོའི་འཁོར་ནི། ཡབ་རྡོར་སེམས་ཀྱི་ཐུ༷གས་ཀ༷་ནས་སྣང་བའི་ཡེ་ཤེས་ཀྱི་རོལ་རྩལ་ཀྵི༷་ད༵ང་མཻ༵་ཡིག་འཕྲོ༵ས། རང་རིགས་ཀྱི་བདག་པོའི་གཡས་དང་གཡོན་དུ་འོད་ཀྱི་ཐིག་ཕྲན་དབུས་སུ་བབས། སྔ་མའི་ཀྵི༷་ཡིག་འོད་དུ་ཞུ༷་བས་གཡ༷ས་ན་རང་གི་མིག་གི་རྣམ་ཤེས་མ་སྤངས་གནས་སུ༷་དག་པ་བྱང་ཆུབ་སེམས་དཔའ་ས་༷ཡི་སྙིང༷་པོ། མཐོང་བ་སྣ་ཚོགས་དག་པས་སྐུ་མདོག་དཀ༵ར་པོ། མཐོང་བ་གཉིས་འཛིན་དག་པས་ཕྱག་གཉིས། གཡས་ཡེ་ཤེས་བསྐྱེད་པའི་མྱུ༷་གུ༷་ཐུགས་ཀར་འཛིན་ཅིང་། གཡོན་དབྱིངས་སྟོང་པའི་དྲི༷ལ་བུ་དཀུར་བརྟེན་ཏེ་འཛི༷ན་པ། འཁོར་འདས་དག་པས་པད་ཉི་ཟླ་བའི་གདན་ལ་མཐའ་གཉིས་དག་པས་ཞབས་སེམ༷ས་དཔ༷འི་སྐྱིལ༷་ཀྲུང་དུ་བཞུགས་པ། ཕྱི་མའི་མཻ་ཡིག་འོད་དུ་ཞུ་བས་གཡོན་དུ་རང་གི་རྣ་བའི་རྣམ་ཤེས་མ་སྤངས་གནས་སུ་དག་པས་བྱང་ཆུབ་སེམས་དཔའ་བྱམས་པ། ཐོས་པ་སྣ་ཚོགས་དག་པས་སྐུ་མདོག་དཀར་པོ། གྲག་སྟོང་གཉིས་འཛིན་དག་པས་ཕྱག་གཉིས། གཡས་གདུང་བ་སྐྱོབ་པའི་ཀླུ་ཤིང་དང་། གཡོན་ཤེས་རབ་སྟོང་པའི་དྲིལ་བུ་འཛིན་པ། འཁོར་འདས་དག་པས་པད་ཉི་ཟླ་བའི་གདན་ལ། མཐའ་གཉིས་དག་པས་ཞབས་སེམས་དཔའི་སྐྱིལ་ཀྲུང་དུ་བཞུགས་པའོ། །ཡུ༷མ་གྱི༷་ཐུ༷གས་ཀ་ནས༷་སྟོང་པའི་ཡེ་ཤེས་ཀྱི་རང་རྩལ་ཧཱུ༷ྃ་ཧཱུ༷ྃ་འཕྲོ༷ས་བདག་པོའི་མདུན་དང་རྒྱབ་ཀྱི་ཐིག་ཕྲན་དབུས་སུ་བབས། སྔ་མའི་ཧཱུ༷ྃ་ཡིག་འོད་དུ་ཞུ༷་བས་མདུ༷ན་དུ༷་རང་གི་གཟུགས་སུ་སྣང་བ་མ་སྤངས་གནས་སུ་དག་པས་སེམས་མ་ལཱ༷་སྱ༷་མ། གཟུགས་སྣ་ཚོགས་སུ་སྣང་བ་དག་པས་སྐུ་མདོག་

དཀ༵ར་མོ། གསལ་སྟོང་གཉིས་སྣང་དག་པས་ཕྱག་གཉིས་མ། གཡས་གསལ་སྣང་དག་པས་མེ༷་ལོ༷ང་གཙོ༷་བོར་བསྟན༷་ཅིང་། གཡོན་སྟོང་པ་དག་པས་དྲིལ་བུ་དཀུར་བརྟེན་པ། སྲིད་ཞི་དག་པས་པད་ཉི་ཟླ་བའི་གདན་ལ་བདེན་གཉིས་དག་པས་ཞབས་གཉིས་ཕྱེ༷ད་སྐྱི༷ལ་དུ་བཞུག༵ས་པའོ། །ཕྱི་མའི་ཧཱུ༷ྃ་ཡིག་འོད་དུ་ཞུ༷་བས། རྒྱ༷བ་ཏུ༷་རང་གི་འདས་པའི་རྟོག་པ་མ་སྤངས་གནས་སུ་དག་པའི་སེམས་མ་པུ༷ཥྤེ༷་མ། ཡུལ་སྔོན་བྱུང་གི་ཆོས་སྣ་ཚོགས་དག་པས་སྐུ་མདོག་དཀ༵ར་མོ། འདས་པའི་ཆོས་ཡོད་མེད་གཉིས་སྣང་དག་པས་ཕྱག་གཉིས། གཡས་ཡོད་སྣང་དག་པས་མེ༷་ཏོག༷་གཙོ༷་བོར་འབུལ༷་ཞིང་། གཡོན་མེད་སྣང་དག་པས་དྲིལ་བུ་དཀུར་བརྟེན་པ། སྲིད་ཞི་དག་པས་པད་ཉི་ཟླ་བའི་གདན་ལ། བདེན་གཉིས་དག་པས་ཞབས་གཉིས་ཕྱེ༷ད་སྐྱི༷ལ་དུ་བཞུག༵ས་པའོ། །འདིར་སེམས་དཔའི་སྐྱིལ་ཀྲུང་ཞེས་གཞན་དོན་གྱི་མཛད་པ་མ་རྫོགས་པས་ཡབ་རྣམས་གཡས་དང་ཡུམ་རྣམས་གཡོན་ཅུང་ཟད་བརྐྱང་བའི་ཕྱེད་སྐྱིལ་ལོ། །དེ་ལྟར་ཐུགས་རྡོ༷་རྗེ༷་རི༷གས་ཀྱི༷་གཙོ༷་བོ་ཡབ་ཡུམ་གཉིས་དང་། འཁོ༷ར་ཡབ་ཡུམ་བཞི་བཅས་དྲུ༷ག་པོ་དེ་དག་ཟག་བཅས་སྙིགས་མ་ལྔ་དག་པས་ཟག་མེད་དྭངས་མ་ལྔ་ལྡན་མེ་ལོང་ལྟ་བུ་སོགས་ཡེ་ཤེས་གདངས་འོད་སྣ་ཚོགས་མ་འགགས་པར་གསལ་ལ་འཚེར་བའི་ཀློང་དུ། སྣང་སྟོང་ཟུང་འཇུག་ཡེ་ཤེས་ཀྱི་གཟུགས་སྐུར་མ༷་ཡེ༷ངས་པའི་ངང་ནས་ཡི༷ད་ཀྱི་ཡུ༷ལ་དུ་མངོན་སུམ་ལྟར་གས༷ལ་བ༷ར་བསྒོམ༵། ཞེས་སོ། །ཀྵི༷་མིང་གི་དངོས་ཏེ་ས་བོན། ཧི༷་རཱ༷་ཛ༷་ངོ་མཚར་རྒྱལ་པོ། ཡ༷་རྣམ་དབྱེ། སྭཱ་༷ཧཱ༷༔ གཞི་ཚུགས། ངོ་མཚར་གྱི་རྒྱལ་པོ་ས་ཡི་སྙིང་པོའོ། །མཻ་མིང་ཐོག །མཻ་ཏྲི༷་འབྲེལ་བས་བྱམས་པ། ངྷ༷་ར༷་ཎི༷་གཟུང་བའམ་འཛིན་པ། སྭཱ༷་ཧཱ༵༷༔ གཞི་ཚུགས། བྱམས་པས་རྗེས་སུ་འཛིན་པའོ། །ཧཱུ༷ྃ་རིགས་ཀྱི་ས་

བོན། ལཱ༷་སྱ༷་སྒེག་མོ། ས༷་མ༷་ཡ༷་སྟྭ༵ཾ་དམ་ཚིག་དུས་ལ་བབས་སམ་འདུད་པ། སྒེག་པ་མོས་ཡབ་ལ་འདུད་པར་བྱེད་པའོ། །ཧཱུ༷ྃ་སྔར་བཞིན། པུ༷ཥྤེ༷་མེ་ཏོག །ཨ༷་བེ༷་ཤ༷་ཡ༷་བབས་པ། སྟྭཾ༷་འདུད་པ། མེ་ཏོག་ཡབ་ལ་འདུད་ཅིང་མཉེས་པར་བྱེད་པའོ། །དེ་ནས་རིགས་ཀྱི་གཙོ་བོ་གསུམ་པ་ནི། ཡང་ཨ༷་ཞེས་སྐྱེ་མེད་ཀྱི་སྒྲས་སད་པར། ཀུ༷ན་བཟ༷ང་ཡབ་ཡུམ་གྱི་ཐུ༷གས་ཀ་ནས༷་མཉམ་པ་ཉིད་ཀྱི་ཡེ་ཤེས་སྭཱ༷་དང་མཱ༷ཾ་སེར་པོ་བྱུང་། ཡེ་ཤེས་ཀྱི་རང་འོད་ཐིག་ལེ་སེར་པོ་གསེར་གྱི་ཕོར་བ་ཁ་སྦུབ་པ་ལྟ་བུ་ཐིག་ཕྲན་གྱིས་བརྒྱན་པ་བཅས་འཕྲོ༵ས། ལྷོ་ཡི་པད་འདབ་དབུས་སུ་བབས། སྔ་མ་ལྟར་བྱས་ནས། ར༷ང་ཉིད༷་ཀྱི་ཚོར་བའི་ཕུང་པོ་མ་སྤངས་གནས་སུ་དག་པའི་བཅོམ་ལྡན་འདས་རི༷ན་ཆེ༷ན་འབྱུང་ལྡན་ཡབ་ཡུམ་གྱི་སྐུར་གྱུར་པ་ནི༵། ཡབ་ང་རྒྱལ་མ་སྤངས་གནས་སུ་དག་པས་སྐུ་མདོག་སེ༷ར་པོ་གསེར་བཙོ་མ་ལྟར་གས༷ལ་ལ་འཚེར་བ། གསལ་སྟོང་ཉག་གཅིག་གི་ཞལ༷་གཅི༷ག །ཚོར་སྟོང་དབྱེར་མེད་པའི་ཕྱ༷ག་གཉི༷ས་པ༷། ཕྱ༷ག་གཡ༷ས་བདེ་བ་དག་པས་ཡིད་བཞིན་གྱི་ནོ༷ར་བུ༷་རིན་པོ་ཆེ་ཐུ༷གས་ཀ༷ར་འཛི༷ན་ཅིང་། གཡོ༷ན་སྡུག་བསྔལ་དག་པ༷ས་ཤེས་རབ་སྟོང་ཉིད་ཀྱི་དྲི༷ལ་བུ༷་(བསྣམས་ཏེ་)ཡུ༷མ་ལ༷་འཁྱུ༷ད་པ། ཡུ༷མ་མཆོ༷ག་མཱ༷་མ༷་ཀཱི༷་འབྱུང་བ་ཆུ་དང་ཁྲག་ཁམས་མ་སྤངས་གནས་སུ་དག་པས་སྐུ་མདོག་སེར༷་མོ་རྗེས་སུ་ཆགས་པས་སྐྱ༷་བའི་ཉམས་ཅན་གསེར་བཟང་ལྟར་མཛེས་པ། ཐབས་ཤེས་གཉིས་སུ་མེད་པའི་ཕྱག་གཉིས་གཡས་དགོངས་པའི་ཡེ་ཤེས་སྐྱེ་བ་མེད་པས་དྲིལ་བུ་(བསྣམས་ཏེ་)ཡབ་ཀྱི་མགུལ་ནས་འཁྱུད་པ། གཡོན་དགོངས་པའི་ཡེ་ཤེས་འགགས་པ་མེད་པས་རིན་པོ་ཆེ་ཐུགས་ཀར་འཛིན་པ། གཞན་ཆ༷་ལུ༷གས་ཐམས་ཅད་ཡབ་དང་འདྲ༷་ཞིང་། བདེ་སྟོང་གཉིས་སུ་

མེད་པས་ཞབས་གཉིས་དགྱེ༷ས་པར་བརྟུལ་ཞུགས་ཀྱི་སྐྱིལ་མོ་ཀྲུང་དུ་འཁྲི༷ལ་བ་རྫུ་འཕྲུལ་གྱི་རྐང་པ་བཞིས་ཆགས་མེད་ཀྱི་དབྱིངས་སུ་སྒྲོལ་བའི་རྟ༷་མཆོ༷ག་བརྒྱད་ཀྱིས་བཏེག་པའི་ཁྲི་ལ་ཆགས་བྲལ་ཆགས་པ་ཆེན་པོས་པ༷དྨའི་འདབ་མ་ཕྱོགས་སུ་བརྡལ་བའི་སྟེང་། གསལ་སྟོང་དབྱེར་མེད་པས་ཉི༷་ཟླའི་དཀྱིལ་འཁོར་བཀྲག་ལ་འཚེར་བ། དགོས་འདོད་ཀྱི་རེ་བ་སྐོང་བས་རི༷ན་ཆེ༷ན་ཁྲི་རྐང་གི་སྟེ༷ང་ན་སྣ༷ང་ལ༷་ར༷ང་བཞི༷ན་མེ༷ད་པ༷། སྟོང་ལ་རྣམ་པ༷ར་གས༷ལ་བ་ནམ་མཁའི་གཞའ་ཚོན་ལྟར་གསལ་གདབ། སྭཱ༷་ཡོན་ཏན་རྡོ་རྗེ་རིན་འབྱུང་གི་ས་བོན། ར༷ཏྣ་ངྷྲིཀ྄༷་རིན་ཆེན་འཛིན་པ་སྟེ། ཚོར་ཕུང་དག་པ་ཡོན་ཏན་རིན་ཆེན་འཛིན་པ་རིན་འབྱུང་ངོ་། །མཱཾ༷་མཱ་མ་ཀིའི་སྒྲས་ས་བོན། མོ༷་ཧ༷་གཏི་མུག །ར༷་ཏི༷་དགའ་མ། སྟྭཾ༷་འདུད་ཅེས་གཏི་མུག་རྣམ་པར་དག་པའི་དགའ་བ་མོ་ཡབ་ལ་འདུད་པར་བྱེད་པའོ། །དེ་ནས་བཞི་ཚན་གཉིས་པའི་འཁོར་ནི། དེ་ལྟར་ལྷོའི་གཙོ་བོ་ཡབ་ཡུམ་བསྐྱེད་ནས་ཡབ༷་རིན་ཆེན་འབྱུང་ལྡན་གྱི༷་ཐུ༷གས་ཀ་ན༷ས་གསལ་བའི་ཡེ་ཤེས་ཀྱི་རང་རྩལ༷་ཧཱུ༷ྃ་དང་ཏྲཱ༷ཾ་ཡིག་འཕྲོས༷། རང་རིགས་ཀྱི་བདག་པོའི་གཡས་གཡོན་དུ་འོད་ཀྱི་ཐིག་ཕྲན་དབུས་སུ་བབས། སྔ་མ་ཧཱུ༷ྃ་ཡིག་འོད་དུ་ཞུ༷་བས་རང་གི་སྣ་ཡི་རྣམ་ཤེས་མ་སྤངས་གནས་སུ་དག་པ་བྱང་ཆུབ་སེམས་དཔའ་ཀུ༷ན་ཏུ་བཟ༷ང་པོ་སྣོམ་པ་སྣ་ཚོགས་དག་པས་སྐུ་མདོག་དམ༷ར་སེ༷ར་གཙོ་བོའི་གཡ༵ས་སུ་འཁོད་པ། དྲི་ཚོར་གཉིས་འཛིན་དག་པས་ཕྱག་གཉིས། གཡས་དགོས་འདོད་ཀྱི་རེ་བ་སྐོང་བས་རིན་པོ་ཆེའི་སྙེ༷་མ༷་འཛིན་ཅིང་། གཡོན་བྱང་སེམས་སྟོང་པ་ཉིད་ཀྱི་དྲི༷ལ་བུ་དཀུར་བརྟེན་ཏེ་འཛི༷ན་པ། འཁོར་འདས་དག་པས་པད་ཉི་ཟླ་བའི་གདན་ལ་མཐའ་གཉིས་དག་པས་ཞབས་སེམ༷ས་དཔ༷འི་སྐྱིལ༵་ཀྲུང་དུ་བཞུགས་པའོ། །ཕྱི་མ་ཏྲཱཾ༷་ཡིག་འོད་དུ་ཞུ༷་བས་གཡོ༷ན་

དུ༷་རང་གི་ལྕེ་ཡི་རྣམ་ཤེས་མ་སྤངས་གནས་སུ་དག་པས་བྱང་ཆུབ་སེམས་དཔའ་ནམ༷་མཁའི་སྙི༷ང་པོ། མྱོང་བ་སྣ་ཚོགས་དག་པས་སྐུ་མདོག་སེ༵ར་པོ། རོ་སྣང་གཉིས་འཛིན་དག་པས་ཕྱག་གཉིས། གཡས་ཉོན་མོངས་གཅོད་པའི་ར༷ལ་གྲི༷་དང་། གཡོན་ཤེས་རབ་སྟོང་པ་ཉིད་ཀྱི་དྲི༷ལ་བུ་དཀུར་བརྟེན་ཏེ་འཛི༷ན་པ། འཁོར་འདས་དག་པས་པད་ཉི་ཟླ་བའི་གདན་ལ་མཐའ་གཉིས་དག་པས་ཞབས་སེམ༷ས་དཔ༷འི་སྐྱིལ༵་མོ་ཀྲུང་གིས་བཞུགས་པའོ། །ཡུ༷མ་གྱི༷་ཐུ༷གས་ཀ་ན༷ས་སྟོང་པའི་ཡེ་ཤེས་རང་རྩལ་ཏྲཾ༷་དང་ཛ༷ཿའཕྲོ༷ས། བདག་པོའི་མདུན་རྒྱབ་ཀྱི་ཐིག་ཕྲན་དབུས་སུ་བབས། སྔ་མ་ཏྲཾ༷་ཡིག་འོད་དུ་ཞུ༷་བས་ཡུལ་ཆོས་ཅན་གྱི་སྣང་བ་མ་སྤངས་གནས་སུ་དག་པས་སེམས་མ་མཱ༷་ལྱ༷་མ་ཆོས་ཅན་གྱི་མཚན་རྟོག་སྣ་ཚོགས་དག་པས་སྐུ་མདོག་སེ༷ར་སྐྱ༷་གཙོ་བོའི་མདུན༵་ན་འཁོད་པ། ཡུལ་གཉིས་སྣང་དག་པས་ཕྱག་གཉིས། གཡས་{མ་}ངེས་པར་སྣང་བ་དག་པས་ཕྲེ༷ང་བ༷་གཙོ༷་བོར་འབུ༷ལ་བའི་ཚུལ་དང་། གཡོན་མ་ངེས་པར་སྣང་བ་དག་པས་དྲིལ་བུ་དཀུར་བརྟེན་པ། སྲིད་ཞི་དག་པས་པད་ཉི་ཟླ་བའི་གདན་ལ། བདེན་གཉིས་དག་པས་ཞབས་གཉིས་ཕྱེ༷ད་སྐྱི༷ལ་དུ་བཞུ༷གས་པའོ། །ཕྱི་མ་ཛ༷ཿཡིག་འོད་དུ་ཞུ༷་བས་ཡུལ་དྲི་སྣོམ་སྣང་བ་མ་སྤངས་གནས་སུ་དག་པས་སེམས་མ་ངྷུཔྤེ་མ། དྲི་སྣ་ཚོགས་དག་པས་སྐུ་མདོག་སེ༷ར་མོ༷་གཙོ་བོའི་རྒྱ༷བ་ཏུ་འཁོད་པ། དྲི་གཉིས་སྣང་དག་པས་ཕྱག་གཉིས། གཡས་ཡོད་སྣང་དག་པས་དྲི་བཟང་གི་སྤོ༷ས་ཕོ༷ར་གཙོ༷་བོར་འབུ༷ལ་ཞིང་། གཡོན་མེད་སྣང་དག་པས་དྲིལ་བུ་དཀུར་བརྟེན་པ། སྲིད་ཞི་དག་པས་པད་ཉི་ཟླ་བའི་གདན་ལ་བདེན་གཉིས་དག་པས་ཞབས་གཉིས་ཕྱེ༷ད་སྐྱི༷ལ་དུ་བཞུ༷གས་པའོ། །དེ་ལྟར་ཡོན་ཏན་རིན་ཆེན་རིགས་ཀྱི་གཙོ་འཁོར་དྲུག་པོ་དེ་དག་ཟག་བཅས་སྙིགས་མ་ལྔ་དག་

པས་ཟག་མེད་དྭངས་མ་ལྔ་ལྡན་མཉམ་པ་ཉིད་ལ་སོགས་པ་ཡེ་ཤེས་ཀྱི་གདངས་འོད་སྣ་ཚོགས་མ་འགགས་པར་གསལ་ལ་འཚེར་བའི་ཀློང་དུ། སྣང་སྟོང་ཟུང་འཇུག་ཡེ་ཤེས་ཀྱི་གཟུགས་སྐུ་མ༷་ཡེ༷ངས་པའི་ངང་ནས་ཡི༷ད་ཀྱི་ཡུལ༷་དུ་མངོན་སུམ་ལྟར་གས༷ལ་བ༷ར་བསྒོ༷མ། ཞེས་སོ། །ཧཱུ༷ྃ་བྱང་ཆུབ་ཀྱི་ས་བོན། སྭཱ༷་ས་མནྟའི་སྒྲས་ཀུན་ནས། རཱ༷་ཙ༷་རྒྱལ་པོ། ཡ༷་རྣམ་དབྱེ། སྭཱ༷་ཧཱས༵་གཞི་ཚུགས། ཀུན་བཟང་རྒྱལ་པོའོ། །ཏྲཱཾ་རིན་ཆེན་རིགས་ཀྱི་ས་བོན། ཨ༷་ནི་ཨ་ཀ་ཤའི་སྒྲས་ནམ་མཁའ། ག༷རྦྷ༷་སྙིང་པོ། ཡ༷་རྣམ་དབྱེ། སྭཱ༷་ཧཱས༵་གཞི་ཚུགས། ནམ་མཁའི་སྙིང་པོའོ། །ཏྲཱཾ་རིན་ཆེན་རིགས་ཀྱི་ས་བོན། མཱ༷་ལྱ༷་ཕྲེང་བ་མ། ས༷་མ༷་ཡ༷་ཧོ༷ཿདམ་ཚིག་དུས་ཡིན་ནོ། །ཕྲེང་བ་མས་ཡབ་འཁྱུད་པར་བརྩམ་པའོ། །ཛ༷ཿས་བོན། ངྷུཔྤེ་བདུག་སྤོས་མ། པྲ༷་བེ༷་ཤ་རབ་ཏུ་ཞུགས་པ། ཡ༷་རྣམ་དབྱེ། སྟྭཾཿའདུད་དོ། །བདུག་སྤོས་མས་ཡབ་ལ་རབ་ཏུ་འདུད་པའོ། །དེ་ནས་རིགས་ཀྱི་གཙོ་བོ་བཞི་པ་ནི། ཡང་ཨ༷་ཞེས་ཆོས་ཉིད་ཀྱི་རང་སྒྲས་ཀུ༷ན་བཟ༷ང་ཡབ་ཡུམ་གྱི་ཐུ༷གས་ཀ་ན༷ས་སོ་སོར་རྟོག་པའི་ཡེ་ཤེས་ཨཱ༷ཾཿཔཱཾ༷་གྱི་རྣམ་པ། ཡེ་ཤེས་ཀྱི་རང་འོད་ཐིག་ལེ་དམར་པོ་བྱི་རུའི་ཕོར་བ་ཁ་སྦུབ་པ་ལྟ་བུ་ཐིག་ཕྲན་གྱིས་བརྒྱན་པ་དང་བཅས་འཕྲོ༷ས། ནུབ་ཀྱི་པདྨའི་དབུས་སུ་བབས་པས་སྔ་མ་ལྟར་བྱས་ནས་བད༷ག་ཉི༷ད་ཀྱི་འདུ་ཤེས་ཀྱི་ཕུང་པོ་མ་སྤངས་གནས་སུ་དག་པས་བཅོམ་ལྡན་འདས་སྣ༷ང་བ༷་མཐ༷འ་ཡ༷ས་ཡབ་ཡུམ་གྱི་སྐུར་གྱུར་པ་ནི༷། ཡབ་འདོད་ཆགས་མ་སྤངས་གནས་སུ་དག་པས་སྐུ་མདོག་དམ༷ར་པོ་པདྨ་རཱ་གའི་མདོག་ལྟར་གས༷ལ་ལ་འཚེར་བ་བདེ་སྟོང་ཉག་གཅིག་གི་ཞལ་གཅིག །གྲགས་སྟོང་དབྱེར་མེད་ཀྱི་ཕྱ༷ག་གཉི༷ས་པ༷་ཕྱ༷ག་གཡ༷ས་མཚན་བཅས་དག་པས་མ་ཆགས་པདྨ༷་འདབ་བརྒྱད་

ཐུ༷གས་ཀ༷ར་འཛི༷ན་ཅིང་། གཡོ༷ན་མཚན་མེད་དག་པ༷ས་ཤེས་རབ་སྟོང་ཉིད་ཀྱི་དྲི༷ལ་བུ༷་(བསྣམས་ཏེ་)ཡུ༷མ་ལ༷་འཁྱུད༵་པ། ཡུ༷མ་ཆེ༷ན་གོ༷ས་དཀ༷ར་མོ་འབྱུང་བ་མེ་དང་དྲོད་ཁམས་མ་སྤངས་གནས་སུ་དག་པས་སྐུ་མདོག་དམ༷ར་མོ། རྗེས་སུ་ཆགས་པས་སྐྱ༷་བའི་ཉམས་ཅན་པདྨ་ལྟར་མཛེས་ལ༷། ཐབས་ཤེས་གཉིས་སུ་མེད་པའི་ཕྱག་གཉིས། གཡས་དགོངས་པའི་ཡེ་ཤེས་སྐྱེ་བ་མེད་པས་དྲིལ་བུ་ཡབ་ཀྱི་(བསྣམས་ཏེ་)མགུལ་ནས་འཁྱུད་ཅིང་། གཡོན་དགོངས་པའི་ཡེ་ཤེས་འགག་པ་མེད་པས་པདྨ་ཐུགས་ཀར་འཛིན་པ། གཞན་རྒྱ༷ན་ཆ༷་ལུགས་ཐམས་ཅད་ཡ༷བ་ད༷ང་མཚུ༷ངས་ཤིང་། བདེ་སྟོང་གཉིས་སུ་མེད་པས་ཞབས་གཉིས་དགྱེས་པ༷ར་བརྟུལ་ཞུགས་ཀྱི་སྐྱིལ་མོ་ཀྲུང་དུ་འཁྲི༷ལ་བ། དབང་བཅུ་མཐར་ཕྱིན་རྒྱལ་པོ་ལྟར་ཆེ་བས་རྨ༷་བྱ༷་བརྒྱད་ཀྱིས་བཏེག་པའི་ཁྲི་ལ་ཆགས་བྲལ་ཆགས་པ་ཆེན་པོའི་པ༷དྨའི་འདབ་མ་ཕྱོགས་སུ་བརྡལ་བའི་སྟེང་གསལ་སྟོང་དབྱེར་མེད་པས་ཉི་ཟླའི་དཀྱིལ་འཁོར་བཀྲག་ལ་འཚེར་བ། དགོས་འདོད་རེ་བ་སྐོང་བས་རི༷ན་ཆེ༷ན་ཁྲི་རྐང་གི་སྟེང༵་ན་སྣ༷ང་ལ༷་ར༷ང་བཞི༷ན་མེ༷ད་པ༷་སྟོང་ལ་རྣམ་པ༷ར་གས༵ལ་བ་ནམ་མཁའི་གཞའ་ཚོན་ལྟར་གསལ་གདབ། ཨཱ༷ཾཿགསུང་རྡོ་རྗེ་སྣང་མཐའི་ས་བོན། ཨ༷་རོ༷་ལི༵ཀ་ཆགས་ཆེན། འདུ་ཤེས་དག་པས་སྣང་བ་མཐའ་ཡས་སོ། །པཱཾ༷་པཎྚའི་སྒྲས་དཀར་མོ་སྟེ་ས་བོན། རཱ༷་ཱག༷་འདོད་ཆགས། ར༷་ཏི༷་དགའ་མ། སྟྭ༷ཾཿའདུད་དོ། །འདོད་ཆགས་དག་པའི་དགའ་བ་མོ་ཡབ་ལ་འདུད་པར་བྱེད་པའོ། །དེ་ནས་བཞི་ཚན་གསུམ་པའི་འཁོར་ནི། དེ་ལྟར་ནུབ་ཀྱི་གཙོ་བོ་ཡབ་ཡུམ་བསྐྱེད་ནས། ཡ༷བ་སྣང་བ་མཐའ་ཡས་ཀྱི༷་ཐུ༷གས་ཀ་ནས་བདེ་བའི་ཡེ་ཤེས་ཀྱི་རང་རྩལ་ཧྲཱི༷ཿདང་མཱུ༷ཾ་ཡིག་འཕྲོ༷ས། རང་རིགས་ཀྱི་བདག་པོའི་གཡས་དང་གཡོན་དུ་འོད་ཀྱི་ཐིག་ཕྲན་དབུས་སུ་བབས། སྔ་མའི་ཧྲཱི༷ཿཡིག་འོད་དུ་ཞུ༷་བས་རང་

གི་ལུས་ཀྱི་རྣམ་ཤེས་མ་སྤངས་གནས་སུ་དག་པས་བྱང་ཆུབ་སེམས་དཔའ་སྤྱ༷ན་རས་གཟི༷གས། རེག་པ་སྣ་ཚོགས་དག་པས་སྐུ་མདོག་དཀ༷ར་ལ་དམ༷ར་བའི་མདངས་ལྡན་པ་གཙོ་བོའི་གཡ༷ས་སུ་འཁོད་པ། རེག་ཚོར་གཉིས་འཛིན་དག་པས་ཕྱག་གཉིས། གཡས་སྐྱོན་གྱིས་མ་གོས་པས་པ༷དྨ༷་དཀར་པོ་འཛིན་ཅིང་། གཡོན་དབྱིངས་སྟོང་པ་ཉིད་ཀྱི་དྲི༷ལ་བུ་༷འཛིན་པ། འཁོར་འདས་དག་པས་པད་ཉི་ཟླ་བའི་གདན་ལ་མཐའ་གཉིས་དག་པས་ཞབས་སེ༷མས་དཔ༷འི་སྐྱི༷ལ་ཀྲུང་དུ་བཞུགས་པའོ། །ཕྱི་མའི་མཱུཾ་༷ཡིག་འོད་དུ་ཞུ༷་བས་རང་གི་ཡིད་ཀྱི་རྣམ་ཤེས་མ་སྤངས་གནས་སུ་དག་པས་བྱང་ཆུབ་སེམས་དཔའ་འཇ༷མ་དཔ༷ལ་དབྱངས། ཡིད་ཡུལ་ཆོས་སྣ་ཚོགས་དག་པས་སྐུ་མདོག་དམ༷ར་སེ༷ར་གཙོ་བོའི་གཡོ༵ན་དུ་འཁོད་པ། ཆོས་ཡོད་མེད་དག་པས་ཕྱག་གཉིས། གཡས་མཁྱེན་རབ་རྒྱས་པས་ཨུ༷ཏྤ༷ལ་དང་གཡོན་ཤེས་རབ་སྟོང་པས་དྲི༷ལ་བུ་འཛི༷ན་པ། འཁོར་འདས་དག་པས་པད་ཉི་ཟླ་བའི་གདན་ལ་མཐའ་གཉིས་དག་པས་ཞབས་སེམ༷ས་དཔ༷འི་སྐྱིལ༵་མོ་ཀྲུང་དུ་བཞུགས་པ། ཡུ༷མ་གྱི༷་ཐུ༷གས་ཀ་ན༷ས་སྟོང་པའི་ཡེ་ཤེས་ཀྱི་རང་རྩལ་ཧྲཱི༷ཿདང་བ༷ཾ་འཕྲོ༵ས། བདག་པོའི་མདུན་དང་རྒྱབ་ཀྱི་ཐིག་ཕྲན་དབུས་སུ་བབས། སྔ་མ་ཧྲཱི༷ཿཡིག་འོད་དུ་ཞུ༷་བ་ལས། ཡུལ་སྒྲ་གྲགས་མ་སྤངས་གནས་སུ་དག་པས་སེམས་མ་གི༷རྟི༷་མ་སྒྲ་སྣ་ཚོགས་དག་པས་སྐུ་མདོག་དམ༷ར་སྐྱ༷་གཙོ་བོའི་མདུན༵་ན་འཁོད་པ། གྲགས་སྟོང་གཉིས་སྣང་དག་པས་ཕྱག་གཉིས། གཡས་སྒྲ་གྲགས་དག་པས་པི༷་ཝཾ༷་གི་སྒྲ༷་སྒྲོ༷གས་པ། གཡོན་གྲགས་སྟོང་དག་པས་དྲིལ་བུ་དཀུར་བརྟེན་པ། སྲིད་ཞི་དག་པས་པད་ཉི་ཟླ་བའི་གདན་ལ། བདེན་གཉིས་དག་པས་ཞབས་གཉིས་ཕྱེ༷ད་སྐྱི༷ལ་དུ་བཞུ༷གས་པའོ། །ཕྱི་མ་བཾ༷་ཡིག་འོད་དུ་ཞུ༷་བས་ཡུལ་མ་འོངས་པའི་རྟོག་པ་མ་

སྤངས་གནས་སུ་དག་པས་སེམས་མ་ཨཱ༷་ལོ༷་མ། ཡུལ་མ་འོངས་པའི་ཆོས་སྣ་ཚོགས་དག་པས་སྐུ་མདོག་དམ༷ར་མོ༷་གཙོ་བོའི་རྒྱ༷བ་ཏུ་འཁོད་པ། ཡུལ་གཉིས་སྣང་དག་པས་ཕྱག་གཉིས། གཡས་དངོས་སྣང་དག་པས་མ༷ར་མེ༷་གཙོ༷་བོར་འབུ༷ལ་ཞིང་། གཡོན་སྟོང་སྣང་དག་པས་དྲིལ་བུ་དཀུར་བརྟེན་པ། སྲིད་ཞི་དག་པས་པད་ཉི་ཟླ་བའི་གདན་ལ། བདེན་གཉིས་དག་པས་ཞབས་གཉིས་ཕྱེ༷ད་སྐྱི༷ལ་དུ་བཞུགས་པའོ། །དེ་ལྟར་གསུང་པ༷དྨའི་རི༷གས་ཀྱི༷་གཙོ༷་འཁོ༷ར་དྲུ༷ག་པོ་དེ་དག་ཟག་བཅས་སྙིགས་མ་ལྔ་དག་པས་ཟག་མེད་དྭངས་མ་ལྔ་ལྡན་སོ་སོར་རྟོག་པ་སོགས་ཡེ་ཤེས་ཀྱི་གདངས་འོད་སྣ་ཚོགས་མ་འགགས་པར་གསལ་ལ་འཚེར་བའི་ཀློང་དུ། སྣང་སྟོང་ཟུང་འཇུག་ཡེ་ཤེས་ཀྱི་གཟུགས་སྐུ་མ༷་ཡེང༷ས་པའི་ངང་ནས་ཡི༷ད་ཀྱི་ཡུ༷ལ་དུ་མངོན་སུམ་ལྟར་གས༷ལ་བ༷ར་བསྒོམ༷། ཞེས་སོ། །ཧྲཱི༷ཿཧ༷་ཧཱུ༷ྃ་པདྨའི་རིགས་ཀྱི་ས་བོན། པ༷དྨ༷་བ་ད་མའམ་བྷ༷་ཏ༷་མ༷་པདྨའི་ཕྱག །སྭཱ༷་ཧཱ༷་སྟེ་སྤྱན་གཟིགས་སོ། །མཱུ༷ཾ་མུཀྟིའི་སྒྲས་རྣམ་གྲོལ་ཏེ་ས་བོན། ཤྲཱི༷་དཔལ། ཨ་གསུང་། རཱ༷་ག༷་ཡ༷་སྭཱ༷་ཧཱ༷་ཆགས་པའི་ཆེད་དུ་འཇམ་དབྱངས་སོ། །ཧྲཱི༷ཿརིགས་ཀྱི་ས་བོན། གི༷རྟིི༷་གླུ་མ། ར༷་ཧོ་༷ཧ༷ཾ་ཆགས་པའི་དུས་ཡིན་ནོ། །བདག་ཅེས་ཏེ་གླུ་དབྱངས་མས་ཡབ་ལ་ཆགས་པ་བསྐུལ་བའོ། །བཾ་ས་བོན། དཱི༷་པ་༷སྒྲོན་མེ། སུ༷་གི༷་ནི༷་བདེ་བ་མ། ས༷་མ༷་ཡ༷་སྟྭ༷ཾཿདམ་ཚིག་གི་དུས་ལ་བབས་སམ་འདུད་ཅེས་སོ། །སྒྲོན་མེ་མས་ཡབ་ལ་བདེ་བར་འདུད་པའོ། །དེ་ནས་རིགས་ཀྱི་གཙོ་བོ་ལྔ་པ་ནི། ཡང་ཨ༷་ཞེས་སྟོང་ཉིད་ཀྱི་སྒྲས་ཀུ༷ན་བཟ༷ང་ཡབ་ཡུམ་གྱི་ཐུ༷གས་ཀ་ན༷ས། བྱ་བ་གྲུབ་པའི་ཡེ་ཤེས་ཧཱ༷་དང་ཏཱ༷ཾ་གྱི་རྣམ་པ། ཡེ་ཤེས་ཀྱི་རང་འོད་ཐིག་ལེ་ལྗང་གུ་གཡུའི་ཕོར་པ་ཁ་སྦུབ་པ་ལྟ་བུ་ཐིག་ཕྲན་ལྔས་

བརྒྱན་པ་དང་བཅས་འཕྲོ༵ས། བྱང་གི་པདྨའི་དབུས་སུ་བབས་པས་སྔ་མ་ལྟར་བྱས་ནས་བད༷ག་ཉིད༷་ཀྱི་འདུ་བྱེད་ཀྱི་ཕུང་པོ་མ་སྤངས་གནས་སུ་དག་པས། བཅོམ་ལྡན་འདས་དོ༷ན་ཡོད༷་གྲུ༷བ་པ༷་ཡབ་ཡུམ་གྱི་སྐུར་གྱུར་པ་ནི༷་ཡབ་ཕྲག་དོག་མ་སྤངས་གནས་སུ་དག་པས་སྐུ་མདོག་ལྗ༷ང་གུ་རིན་པོ་ཆེ་གཡུ་ལྟར་གས༷ལ་ལ་འཚེར་བ། གྲགས་སྟོང་ཉག་གཅིག་གི་ཞ༷ལ་གཅི༷ག །དྲན་སྟོང་དབྱེར་མེད་པས་ཕྱ༷ག་གཉི༷ས་པ༷། ཕྱ༵ག་གཡ༷ས་བྱེད་པ་དག་པས་ཕྲིན་ལས་བཞིའི་རྡོ་རྗེ་རྒྱ༷་གྲ༷མ་ཐུ༷གས་ཀ༷ར་འཛི༵ན་ཅིང་། གཡོ༷ན་བྱ་བ་དག་པས༷་ཤེས་རབ་སྟོང་པ་ཉིད་ཀྱི་དྲི༷ལ་བུ༷་(བསྣམས་ཏེ་)ཡུ༷མ་ལ༷་འཁྱུ༷ད་པ། ཡུ༷མ་ཆེ༷ན་དམ་ཚིག་སྒྲོ༷ལ་མ༷་འབྱུང་བ་རླུང་དང་དབུགས་མ་སྤངས་གནས་སུ་དག་པས་སྐུ་མདོག་ལྗ༷ང་གུ། ཡབ་ལ་རྗེས་སུ་ཆགས་པས་སྐྱ༷་བའི་ཉམས་ཅན། རིན་ཆེན་མརྒད་ལྟར་མཛེས་ལ༷་ཐབས་ཤེས་གཉིས་སུ་མེད་པས་ཕྱག་གཉིས། གཡས་དགོངས་པའི་ཡེ་ཤེས་སྐྱེ་བ་མེད་པས་དྲིལ་བུ་(བསྣམས་ཏེ་)ཡབ་ཀྱི་མགུལ་ནས་འཁྱུད་ཅིང་། གཡོན་དགོངས་པའི་ཡེ་ཤེས་འགག་པ་མེད་པས་རྒྱ་གྲམ་ཐུགས་ཀར་འཛིན་པ། གཞན་རྒྱན་ཆ༷་ལུ༷གས་ཐམས་ཅད་ཡ༷བ་དང་འདྲ༷་ཞིང་བདེ་སྟོང་གཉིས་སུ་མེད་པས་ཞབས་གཉིས་དགྱེ༷ས་པ༷ར་བརྟུལ་ཞུགས་ཀྱི་སྐྱིལ་མོ་ཀྲུང་དུ་འཁྲི༷ལ་བ། ཕྲིན་ལས་བཞིས་འགྲོ་བ་སྒྲོལ་བས་ཤ༷ང་ཤ༷ང་བརྒྱད་ཀྱིས་བཏེག་པའི་ཁྲི་ལ་ཆགས་བྲལ་ཆགས་པ་ཆེན་པོའི་པད༷་མའི་འདབ་མ་ཕྱོགས་སུ་བརྡལ་བ། གསལ་སྟོང་གཉིས་སུ་མེད་པའི་ཉི༷་ཟླའི་དཀྱིལ་འཁོར་བཀྲག་ལ་འཚེར་བ། དེ་ལྟ་བུའི་དགོས་འདོད་ཀྱི་རེ་བ་ཡིད་བཞིན་དུ་སྐོང་བས་རི༷ན་ཆེ༷ན་ཁྲི་རྐང་གི་སྟེ༷ང་ན་སྣ༷ང་ལ༷་རང༷་བཞི༷ན་མེད༷་པ། སྟོང་ལ་རྣམ་པ༷ར་གས༷ལ་བ་ནམ་མཁའི་གཞའ་ཚོན་ལྟར་གསལ་གདབ། ཧཱ༷་ཕྲིན་ལས་རྡོ་རྗེ་དོན་གྲུབ་ཀྱི་ས་བོན།

པྲ༷ཛྙཱ༷་ཤེས་རབ། ངྷྲྀ༷ཀ྄ཿའཛིན་པ་སྟེ་འདུ་བྱེད་དག་པ་ཤེས་རབ་འཛིན་པ་སྟེ་དོན་གྲུབ་པའོ། །ཏཱཾ་ཏ་རའི་སྒྲས་སྒྲོལ་མ་སྟེ་ས་བོན། བ༷ཛྲ༷་རྡོ་རྗེ། ར༷་ཏི༷་དགའ་མ། སྟྭཾ༷ཿའདུད་དེ་ཕྲག་དོག་རྣམ་པར་དག་པའི་དགའ་བ་མོ་ཡབ་ལ་འདུད་པར་བྱེད་པའོ། །དེ་ནས་བཞི་ཚན་བཞི་པའི་འཁོར་ནི། དེ་ལྟར་བྱང་གི་གཙོ་བོ་ཡབ་ཡུམ་བསྐྱེད་ནས། ཡ༷བ་དོན་གྲུབ་ཀྱི༷་ཐུག༷ས་ཀ་ན༷ས་གྲགས་པའི་ཡེ་ཤེས་ཀྱི་རང་རྩལ་ཐླྷིཾ་དང་ཛྷིཾ་ཡིག་འཕྲོ༷ས། རང་རིགས་ཀྱི་བདག་པོའི་གཡས་གཡོན་དུ་འོད་ཀྱི་ཐིག་ཕྲན་དབུས་སུ་བབས། སྔ་མའི་ཐླྷིཾ་ཡིག་འོད་དུ་ཞུ༷་བས། རང་གི་ཀུན་གཞིའི་རྣམ་ཤེས་མ་སྤངས་གནས་སུ་དག་པས་བྱང་ཆུབ་སེམས་དཔའ་སྒྲི༷བ་པ་རྣམ་སེ༷ལ། བག་ཆགས་སྣ་ཚོགས་དག་པས་སྐུ་ུམདོག་ལྗ༷ང་གུ༷་གཙོ་བོའི་གཡ༷ས་སུ་འཁོད་པ། ཡུལ་དང་ཡུལ་ཅན་དག་པས་ཕྱག་གཉིས། གཡས་ཉོན་མོངས་པ་ཆོས་ཉིད་དུ་མཁྱེན་པས་པོ༷་ཏི༷་འཛིན་ཞིང་། གཡོན་དབྱིངས་སྟོང་ཉིད་མཚོན་པས་དྲི༷ལ་བུ་དཀུར་བརྟེན་ནས་འཛི༷ན་པ། འཁོར་འདས་དག་པས་པད་ཉི་ཟླ་བའི་གདན་ལ། མཐའ་གཉིས་དག་པས་ཞབས་སེམ༷ས་དཔ༷འི་སྐྱི༷ལ་ཀྲུང་དུ་བཞུགས་པའོ། །ཕྱི་མའི་ཛྷིཾ༷་ཡིག་འོད་དུ་ཞུ༷་བས་རང་གི་ཉོན་ཡིད་ཀྱི་རྣམ་ཤེས་མ་སྤངས་གནས་སུ་དག་པས་བྱང་ཆུབ་སེམས་དཔའ་ཕྱ༷ག་ན་རྡོ༷ར་འཆང་། ཉོན་མོངས་པ་སྣ་ཚོགས་དག་པས་སྐུ་མདོག་ལྗ༷ང་གུ༷་གཙོ་བོའི་གཡོ༷ན་དུ་འཁོད་པ། བདག་ཡོད་མེད་དག་པས་ཕྱག་གཉིས། གཡས་ཉོན་མོངས་འཇོམས་པའི་རྡོ༷་རྗེ༷་འཛིན་ཞིང་། གཡོན་ཤེས་རབ་སྟོང་པའི་དྲི༷ལ་བུ་དཀུར་བརྟེན་ནས་འཛི༷ན་པ། འཁོར་འདས་དག་པས་པད་ཉི་ཟླ་བའི་གདན་ལ། མཐའ་གཉིས་དག་པས་ཞབས་སེམ༷ས་དཔ༷འི་སྐྱིལ༵་ཀྲུང་དུ་བཞུགས་པའོ། །ཡུ༷མ་གྱིི༷་ཐུ༷གས་ཀ་ན༷ས་སྟོང་པའི་ཡེ་ཤེས་ཀྱི་རང་རྩལ་ཧོ༷་

དང་ཨ༷་ཡིག་འཕྲོ༷ས་བདག་པོའི་མདུན་རྒྱབ་ཀྱི་ཐིག་ཕྲན་དབུས་སུ་བབས། སྔ་མའི་ཧོ༷་ཡིག་འོད་དུ་ཞུ༷་བས་ཡུལ་ད་ལྟའི་རྟོག་པ་མ་སྤངས་གནས་སུ་དག་པས་སེམས་མ་གྷ༷ནྡྷེ༷་མོ། ཡུལ་ད་ལྟ་བ་ཐམས་ཅད་དག་པས་སྐུ་མདོག་ལྗ༷ང་གུ༷་གཙོ་བོའི་མདུ༷ན་དུ་གནས་པ། ཡུལ་རྟག་ཆད་གཉིས་སྣང་དག་པས་ཕྱག་གཉིས། གཡས་ཡོད་པ་དག་པས་དྲིའི་དུ༷ང་ཕོ༷ར་གཙོ༷་བོར་འབུ༷ལ་ཞིང་། གཡོན་མེད་པ་དག་པས་དྲིལ་བུ་དཀུར་བརྟེན་པ། སྲིད་ཞི་དག་པས་ཉི་ཟླའི་གདན་ལ་བདེན་གཉིས་དག་པས་ཞབས་གཉིས་ཕྱེད༷་སྐྱི༷ལ་དུ་བཞུ༷གས་པའོ། །ཕྱི་མའི་འཁོར་ཨ༷་ཡིག་འོད་དུ་ཞུ༷་བ་ལས་ཡུལ་རོ་བྲོའི་རྟོག་པ་མ་སྤངས་གནས་སུ་དག་པས་སེམས་མ་ནཱི༷རྟི་མ། རོ་སྣ་ཚོགས་དག་པས་སྐུ་མདོག་ལྗ༷ང་གུ༷་གཙོ་བོའི་རྒྱ༷བ་ཏུ་གནས་པ། གཡས་བྲོ་བ་དག་པས་ཞ༷ལ་ཟ༷ས་གཙོ༷་བོ༷ར་འབུ༷ལ་ཞིང་། གཡོན་མིན་པ་དག་པས་དྲིལ་བུ་དཀུར་བརྟེན་པ། སྲིད་ཞི་དག་པས་པད་ཉི་ཟླ་བའི་གདན་ལ། བདེན་གཉིས་དག་པས་ཞབས་གཉིས་ཕྱེ༷ད་སྐྱི༷ལ་དུ་བཞུ༷གས་པའོ། །དེ་ལྟར་ཕྲིན་ལས་རིགས་ཀྱི་གཙོ་འཁོར་དྲུག་པོ་དེ་དག་ཀྱང་། ཟག་བཅས་སྙིགས་མ་ལྔ་དག་པས་ཟག་མེད་དྭངས་མ་ལྔ་ལྡན་བྱ་གྲུབ་ཡེ་ཤེས་ཀྱི་གདངས་འོད་སྣ་ཚོགས་མ་འགགས་པར་གསལ་ལ་འཚེར་བའི་ཀློང་དུ། སྣང་སྟོང་ཟུང་འཇུག་ཡེ་ཤེས་ཀྱི་གཟུགས་སྐུར་མ༷་ཡེང༷ས་པའི་ངང་ནས་ཡི༷ད་ཀྱི་ཡུ༷ལ་དུ་མངོན་སུམ་ལྟར་གས༷ལ་བ༷ར་བསྒོ༷མ། ཞེས་པའོ། །ཐླྷིཾ་སྒྲིབ་སེལ་གྱི་ས་བོན། ས༷་ར༷ཾ་པ༷་ཡེ༷་དང་སྦྲེལ་བས་སྒྲིབ་པ་བསལ་བའི་ཆེད་དུ། སྭཱ༷་ཧཱ༷་སྟེ་སྒྲིབ་པ་སེལ་བའོ། །ཛྷིཾ་རྒྱལ་བའི་ས་བོན། ཀུ༷་རུ་༷པཱ༷་ཎི༷་ཧྲཱི༷ཿརྒྱལ་མཛད་ཕྱག་གི་སྙིང་པོ། སྭཱ༷་ཧཱ༷་སྟེ་ཕྱག་ན་རྡོ་རྗེའོ། །ཧོ༷ཿས་བོན། གྷ༷ནྡྷེ་དྲི་ཆབ་མ། ཙི༷ཏྟ༷་ཐུགས་། ཡ༷་རྣམ་དབྱེ། ཧོ༷ཿདགྱེས་པ་སྟེ། དྲི་ཆབ་མས་ཡབ་ཀྱི་ཐུགས་དགྱེས་པར་

བྱེད་པའོ། །ཨ༷་ས་བོན། ནཱིརྟི་གར་མ། རཱ༷་ག༷་ཡ༷་མི༷་སྟྭ༷ཾ་དང་སྦྲེལ་བས་གར་མས་ཆགས་པའི་ཆེད་དུ་ཡབ་ལ་ཉེ་བར་འདུད་དེ་ཞལ་ཟས་མ༷འོ། །དེ་ལྟར་ཀུན་བཟང་ཡབ་ཡུམ་ལ་སོགས་ཞི༷་བ༷འི་ལྷ༷་ཚོ༷གས་དེ༷་དག་ཐམས་ཅད་རྣ༷མས་ཀྱང༷་སྲིད་ཞི་མཉམ་རྫོགས་ཆེན་པོས་དབུ་སྐྲ་ཐོར་ཅོག་ཏུ་བཅིངས་པ། ངོ་བོ་རང་བཞིན་ཐུགས་རྗེ་གསུམ་གྱི་ཟུར་ཕུད་གསུམ་དུ་བྱས་ཤིང་། སྐུ་གསུམ་དབྱེར་མེད་པས་ནོར་བུ་རིན་པོ་ཆེའི་ཏོག་གིས་སྤྲས་པ། སྐུ་དང་ཡེ་ཤེས་ཀྱི་འཇུག་པ་རྒྱུན་མི་ཆད་པའི་སྐྲ་ལྷས་༼ལྷག༽མའི་ཟར་བུ་དཔུང་པ་གཡས་གཡོན་དུ་ལྔ་ལྔ་འཕྱང་བ། སྐུ་ལྔ་ཡེ་ཤེས་ལྔ་ཡི་རིན་པོ་ཆེའི་དབུ༷་རྒྱ༷ན་གསོལ་བ། དགོངས་པ་རང་བྱུང་གི་ཡེ་ཤེས་སོགས་ཀྱི་རིགས་དང་མཐུན་པའི་དར་སོགས་ཀྱིས་སྟོད༷་གཡོ༷གས་ཤིང་། ཆོས་ཉིད་ཆགས་པ་བྲལ་བས་དར་དམར་པོ་སོགས་ཀྱི་སྨ༷ད་དཀྲི༷ས་ད༷ང་། སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པས་དར་གྱི་སྐ༷་རག༷ས་བཅིངས་པ། ཀུན་རྟོག་སྣ་ཚོགས་ཡེ་ཤེས་ཀྱི་རྒྱན་དུ་ཆེ་བས་རིན་ཆེན་སྣ་ཚོགས་པའི་ཕྲ་ཚོམ་མཛེས་པའི་ཕྱ༷ག་ཞབས་ཀྱི་གདུ༷་བུ༷་དཔུ༷ང་རྒྱ༷ན་མཛེ༷ས་པ། འདོད་ཡོན་མ་སྤངས་ལོངས་སྤྱོད་དུ་རོལ་བས་དར་སྣ་ཚོགས་ཀྱི་ཅོ༷ད་པཎ༷། རིན་པོ་ཆེའི་སྙ༷ན་ཆ༷་དང་མགུ༷ལ་ཆུ༷་བཅ༷ས། དེར་མ་ཟད་སེ་མོ་དོ་དང་དོ༷་ཤ༷ལ་རྣམས་ཀྱང་རི༷ན་ཆེ༷ན་སྣ་ཚོགས་པའི་ཕྲེ༷ང་བ༷་ཚར་དུ་དངར་བ༷ས་བརྒྱ༷ན་པའོ། །སྐབས་འདིར་ཞི་བ་ལ་དར་དང་རིན་པོ་ཆེའི་རྒྱན་ཆས་བཅུ་གསུམ་ཞེས་ཡོངས་སུ་གྲགས་པ་སྟེ། དེ་ལའང་གྲངས་ཀྱི་འདྲེན་ཚུལ་དང་ངོས་འཛིན་མི་འདྲ་བ་རྣམས་ལས། རང་ལུགས་ཁུངས་ཆེ་བ་སྨིན་གླིང་རྡོར་སེམས་སུ། དར་དཀར་གྱི་སྟོད་གཡོག །ཚི་གུའི་སྨད་དཀྲིས། ཅོད་པཎ། ཟི་ལྡིར། གར་གྱི་ཕུ་དུང་དང་ལྔ། རིན་པོ་

ཆེའི་དབུ་རྒྱན། སྙན་རྒྱན། མགུལ་རྒྱན། དཔུང་རྒྱན། ཕྱག་གདུབ། [ཞབས་གདུབ]སེ་མོ་དོ། དོ་ཤལ་ཏེ་རྒྱན་བརྒྱད་དེ་བཅུ་གསུམ། ཀུན་བཟང་སྙིང་ཐིག་ཁྲིད་ཡིག་དཔའ་རི་བ་ངག་དབང་བསླབ་གསུམ་གྱིས་མཛད་པ་ལས། དོ་ཤལ་བདུན་ཏེ་རིན་པོ་ཆེའི་རྒྱན་བདུན་དང་། སྐུའི་སྟོད་གཡོག་དར་དཀར། གསུང་གི་ཆོས་གོས་དམར་པོ། ཐུགས་ཀྱི་ཟི་ལྡིར་མཐིང་ག །ཡོན་ཏན་སྐ་རགས་གསེར་མདོག །འཕྲིན་ལས་གསང་གོས་ལྗང་གུ། གར་གྱི་ཕུ་དུང་ལྗང་གུ་དང་དྲུག་སྟེ་ཞི་བའི་རྒྱན་བཅུ་གསུམ། རིག་འཛིན་པད་མ་འཕྲིན་ལས་ཀྱི་ཀུན་རིག་རྣམ་བཤད་དུ། དར་ལྔའི་སྟོད་གཡོགས་ཆོས་གོས་མཐའ་བསྐོར་མེད་པ་ཞིག་གིས་སྐེད་པ་ཡན་ཆད་ཀྱི་སྐུ་སྟོད་ཁེབས་ཤིང་དཔུང་པའི་ཐད་ཀར་རླུང་གིས་བསྐྱོད་པའི་འཕུར་མ་ལྷབ་ལྷུབ་དུ་གཡོ་བ་དང་། སྨད་གཡོགས་དར་གྱི་ཤམ་ཐབས་ལྟ་བུ་ུམདུན་རྒྱབ་ཏུ་དཀྲིས་པ་སྟེ་དར་གྱི་ནབ་བཟའ་དང་། རིན་པོ་ཆེའི་རྒྱན་དྲུག་གམ་བརྒྱད་ནི། རིན་པོ་ཆེའི་པྲོོག་ཞུ་གྱོན་པ་ལ་རྣ་གོང་དུ་ཨུཏྤལ་རྒྱས་པ་ལ་དཀྲིས་པས་དར་དཔྱང་འཕྱང་བའི་དབུ་རྒྱན་དང་། རིན་པོ་ཆེའི་རྣ་ཀོར་ལ་རིན་པོ་ཆེའི་སྣ་ཚོགས་པས་ཕྲས་མཛེས་པས་སྙན་རྒྱན། གཡས་གཡོན་དབུས་གསུམ་དུ་རིན་པོ་ཆེའི་གཞུང་གསུམ་གྱི་བར་རིན་པོ་ཆེའི་དྲ་བས་སྦྲེལ་བ་ལས་འཕྱང་འཕྲུལ་དང་བཅས་པའི་མགུལ་རྒྱན་དང་། རིན་པོ་ཆེའི་གཞུང་གསུམ་རིན་པོ་ཆེའི་ཕྲེང་བས་སྦྲེལ་བའི་དཔུང་རྒྱན་དང་། དེ་དང་འདྲ་བའི་ཕྱག་གདུབ་དང་། སྔ་མ་འདྲ་བ་ལས་རིན་པོ་ཆེའི་ཟ་ར་ཚགས་མང་པོ་འཕྱང་བའི་ཞབས་གདུབ། དབུས་དང་གཡས་གཡོན་དུ་རིན་པོ་ཆེའི་གཞུང་ལྔ་གྱེན་དུ་བྱས་པའི་བར་རྣམས་རིན་པོ་ཆེའི་དྲ་བས་སྦྲེལ་བས་སྨད་རིན་པོ་ཆེའི་ཟ་ར་ཚགས་བརྩེགས་མ་མང་པོ་མདུན་ཕྱོགས་ནས་སྐེད་པར་

དཀྲིས་པ་སྐ་རགས་སམ། འོག་པག་གམ། སྐེད་རྒྱན་ནམ། སྨད་རྒྱན་དེ་དང་། རིན་པོ་ཆེའི་ཕྲེང་བ་མགུལ་ནས་ལྟེ་བའི་འོག་ཡན་འཁོར་བ་དོ་ཤལ་དང་། རིན་པོ་ཆེའི་ཕྲེང་བ་དེ་ལྟ་བུ་ནུ་མར་སླེབས་པ་སེ་མོ་དོ། དེ་ལྟར་ཕྱག་ཞབས་ཀྱི་གདུ་བུ་གཉིས་གཅིག་ཏུ་བརྩི་ཞིང་། དོ་ཤལ་ཆེ་ཆུང་བསྡོམས་པས་རྒྱན་དྲུག་དང་། སོ་སོར་དབྱེ་ན་བརྒྱད་དོ། །ཞེས་གསུངས་པའི་ལུགས་དེ་རྣམས་གང་རུང་བྱས་པས་གྲུབ་མོད། འོན་ཀྱང་གཏེར་གཞུང་ཕལ་ཆེ་བར་དར་ཆས་ལ་སྟོད་གཡོག་དང་སྨད་དཀྲིས་དར་འཕྱང་གསུམ་དུ་བཤད་པ་ནི་རིགས་བསྡུས་པ་ཉིད་དུ་ཟད་དོ། །འདིར་ཆོས་གོས་དམར་པོ་ནི་དར་ཤམ་དང་། ཟི་ལྡིར་དེའི་སྟེང་གི་སུལ་ཐུང་མཐིང་ཀགསང་གོས་དེའི་སྟེང་ན་གསང་ཁེབས་ལྗང་གུ་སྔ་མ་ལས་ཀྱང་ཐུང་བ། དེའི་སྟེང་སྐ་རགས་སེར་པོ་འཕྱང་བ། གར་གྱི་ཕུ་དུང་དར་དཔྱང་གི་གར་གྱིས་ཕྱག་གཉིས་ལ་དཀྲིས་པ་བཅས་ཡིན་ནམ་དཔྱད། གར་གྱི་ཕུ་དུང་ཕོད་ཁ་འདྲ་བ་བྲིས་ཆ་འགའ་རེར་འདུག་ཀྱང་། སྨིན་གླིང་རྡོར་སེམས་ཀྱི་སྐུ་སྨིན་གླིང་སྤར་གྱི་མཆོག་ལྷ་ལ་ཡོད་པ་དང་། ཉི་གྲགས་སྐུ་ཞབས་སོགས་མཁས་གྲུབ་འགའི་ཕྱག་བྲིས་ལའང་དེ་འདྲའི་རྣམ་དབྱེ་མ་མཆིས་པས་ངེས་པ་མ་མཐོང་ངོ་། །དེ་ལྟར་རིགས་ལྔ་ཡབ་རྣམས་ཀྱི་ཐབས་ཤེས་རབ་གཉིས་སུ་མེད་པས་ཞབ༷ས་གཉི༷ས་རྡོ༷་རྗེ༷འི་སྐྱི༷ལ་མོ་ཀྲུ༷ང་དུ་བཞུ༷གས་པ། ཡུམ་རྣམས་བརྟུལ་ཞུགས་ཀྱི་སྐྱིལ་ཀྲུང་དང་། སེམས་དཔའ་སེམས་མ་རྣམས་ཕྱེད་སྐྱིལ་དུ་བཞུགས་པ་ནི་སྔར་ཡང་བསྟན་ཟིན་ཏོ། །ལྷ་དེ་དག་རྣམས་ཀྱང་ངོ་བོ་ཆོས་སྐུའི་ཡེ་ཤེས་རོལ་པ་ཐུགས་རྗེའི་འཆར་སྒོ་སྣ་ཚོགས་པ་མ་འགགས་པས་ཞི་བའི་ཚུལ་དགུ་དང་ལྡན་པ་སྟེ། དེ་ཡང་ང་རྒྱལ་གནས་སུ་ུདག་པས་སྐུ་ཤ་མཉེ༷ན་པ། ཞེ་སྡང་གནས་སུ་དག་པས་ཡན་

ལག་ལྕུ༷ག་པའམ་དཀུ་སྐབས་ཕྱེད་ཅིང་འཚམས་པ། འདོད་ཆགས་གནས་སུ་དག་པས་ཐབས་ཤེས་ཕན་ཚུན་འཁྲི༷ལ་བའམ་འཁྲིལ་བག་ཆགས་པ་སྐུ་ལྷོད་པོར་མ་གྱུར་པ། ཕྲག་དོག་གནས་སུ་ུདག་པས་སྐུ་དྲང་ཞིང་ལྡེ༷མ་པ། གཏི་མུག་གནས་སུ་དག་པས་སྐུ་གཞོ༷ན་ཤ་ཆགས་པའི་ངང་ཚུ༷ལ་ཅ༷ན། མ་རིག་པ་སྤངས་པས་སྐུ་གཙང་ཞིང་གས༷ལ་བ། ཡེ་ཤེས་རྒྱས་པས་བཀྲག་ཅིང་འཚེ༷ར་བ། མཚན་དཔེ་རྫོགས་པས་བརྗིད་ཅིང་ལྷུན༷་སྡུ༷ག་པ། ཆེ་བའི་ཡོན་ཏན་ཐམས་ཅད་ཟིལ་གྱིས་གནོན་པས་གཟི༷་བརྗི༷ད་ཆེན་པོ་འབ༵ར་བ་སྟེ། སྔ་མ་ལྔ་ངོ་བོའི་ཡོན་ཏན་དང་། ཕྱི་མ་བཞི་རྣམ་པའི་ཡོན་ཏན་ནོ། །སྐུ་དང་རྒྱན་གྱི་བྱེ་བྲག་དེ་དག་ཀྱང་སྣ༷ང་ལ༷་རང༷་བཞི༷ན་མེ༷ད་པ༷་ཆུ་ནང་གི་ཟླ་བ་ལྟ་བུ་གས༷ལ་ལ་འཛི༷ན་པ་མེ༷ད་པ་ནམ་མཁའི་གཞའ་ཚོན་ལྟ་བུ་སུས་ཀྱང་བྱས་པ་མེད་པ་སྣང་སྟོང་ཟུང་འཇུག་གི་རང་བཞིན་མ༷་བཅོ༷ས་བློ་འདས་ཀྱི་ངང་ནས་ར༷ང་ཤར་བ། སྐུའི་བ་སྤུའི་བུ་ག་རེ་རེ་ནས་ཀྱང་གས༷ལ་ཞིང་དག་པ་འོད་ཟེར་དཀར་སེར་དམར་སྔོ་བཙོད་ཁ་དངུལ་མདོག་དང་དྲུག་པོ་ལས་ཀྱང་བྱེ་བ་ཕྲག་དྲུག་དྲུག་ཕྱོགས་བཅུར་འཕྲོས་པའི་ཚོགས་ཆེན་པོའི་སྣང་བས་ཁྱབ་པར་བསྒོ༷མ། ཞེས་སོ། །ལ་ལ་དག་ཀུན་བཟང་ཡབ་ཡུམ་ཆོས་སྐུ་སྤྲོས་པ་བྲལ་བས་གཅེར་བུ་རྒྱན་མེད་བྲི་སྒོམ་བྱེད་ཟེར་ཡང་། ཞི་བའི་ལྷ་ཚོགས་དེ་རྣམས་ཀྱང་། ཞེས་པའི་ཚིག་གིས་གསལ་བར་བསྟན་པས་ན། ཀུན་བཟང་ཆོས་ཀྱི་སྐུ་ལ་སྐུ་དང་ཡེ་ཤེས་ཐམས་ཅད་མ་བཙལ་ལྷུན་རྫོགས་ཀྱི་བརྡ་དོན་དུ་ལོངས་སྤྱོད་རྫོགས་པའི་ཆས་ཅན་ལ་ཆོས་སྐུ་དག་པ་གཉིས་ལྡན་གྱི་སངས་རྒྱས་ཡིན་པས་ཕྱག་མཉམ་བཞག་མཛད་པ་ལས་ཕྱག་མཚན་མེད་པའི་ཁྱད་པར་རོ། །ཚུལ་དེ་ནི་བླ་མ་དགོངས་འདུས་ཀྱི་སྐོང་ཆོག་ཉོན་མོངས་སྲེག་བྱེད་ལས་ཀྱང་། བཅོམ་

ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ཕྱག་གཉིས་མཉམ་བཞག་མཛད་པའི་པང་དུ་ཡུམ་ཀུན་ཏུ་བཟང་མོ་རྡོ་རྗེ་དང་དྲིལ་བུ་འཛིན་པས་ཡབ་ཀྱི་མགུལ་ནས་འཁྱུད་པ། ཡབ་ཡུམ་གཉིས་དར་དང་རིན་ཆེན་རུས་པའི་རྒྱན་དུ་མས་བརྒྱན་པ་ཞེས་གསུངས་སོ། །གལ་ཏེ་གཏི་ཐུག་དག་གིས་དགོངས་འདུས་ལས་གསུངས་ཀྱང་འདིར་མ་ཁྱབ་ཅེ་ན། དེ་ཡང་མ་ཡིན་ཏེ། འོ་ན་སྐོང་ཆོག་ཉམས་ཆགས་རང་གྲོལ་དགོངས་འདུས་ཀྱི་སྐོང་ཆོག་སོར་བཞག་ཡིན་པས་དེ་ཡང་འདོར་རམ་ཅི། དེས་ན་ཚུལ་འདི་ཤིན་ཏུ་འཐད་པས་ཕྱི་རབས་དག་གིས་ཡིད་བརྟན་དུ་རུང་བར་ཡོད་དོ། །བཞི་པ་འགྲོ་འདུལ་སྤྲུལ་པའི་འཁོར་ནི། ཡང་ཨ༷་ཞེས་ཆོས་ཉིད་ཀྱི་རང་སྒྲས་བད༷ག་ཉིད༷་ཀུ༷ན་བཟ༷ང་ཡབ་ཡུམ་གྱི་ཐུ༷གས་ཀ་༷ན༷ས་ཡེ་ཤེས་དྲུག་གི་རང་བཞིན་ཀྲེཾ་དཀར་པོ་བྲེེཾ་ལྗང་གུ་ཏྲུ༷ཾ་སེར་པོ་ཀྵ༷ཾ་མཐིང་ག་སྲུ༷ཾ་དམར་པོ་ཡེ༷་ནག་པོ་རྣམས་རང་འོད་ཀྱི་ཐིག་ལེས་བརྒྱན་པ་འཕྲོ༷ས། ཕྱི་རོལ་གྱི་པདྨ་འདབ་དྲུག་གི་སྟེང་དུ་བབས་པ་སྟེ། དེ་ཡང་ཐོག་མཐའ་གཉིས་ཤར་དང་ནུབ། གཉིས་པ་ཤར་ལྷོ། གསུམ་པ་ལྷོ་ནུབ། བཞི་པ་ནུབ་བྱང་། ལྔ་པ་བྱང་ཤར་རྣམས་སུ་བབས་པས་འོད་ཀྱི་ཐིག་ལེ་ཆེར་གྱུར་པའི་དབུས་ན་ཡིག་འབྲུ་དེ༷་དྲུ༷ག་པོ་འཇའ་ཚོན་གྱི་ཀློང་ནས་ལྷ་སྐུ་ལྟར་གསལ་བ་འོད་དུ་ཞུ༷་བ༷ས་བཅོམ་ལྡན་འདས་ཐུ༷བ་པ་དྲུ༷ག་གི་སྐུར་གྱུར་པ་ནི། སྟེ༷ང་གི་དོད་དུ༷་ཤར་གྱི་པད་འདབ་ལ་རང་གི་ང་རྒྱལ་མ་སྤངས་གནས་སུ་དག་པས་ལྷའི་ཐུབ་པ་དབང་པོ་བརྒྱ༷་བྱི༷ན། ལྷ་ལེ་ལོ་འཕོ་ལྟུང་དག་པས་ཕྱག་གཉིས་ཆོས་ཀྱི་སྡོམ་བཞིའི་སྒྲས་ང་རྒྱལ་འཇོམས་པར་མཛད་པའི་པི༷་ཝ༷ཾ་གི་སྒྲ་སྒྲོགས་པ། ལོངས་སྤྱོད་སྣ་ཚོགས་ཀྱི་གཡེང་བ་དག་པས་སྐུ་མདོག་དཀ༷ར་པོ་ཅན་ནོ། །འོ༷ག་

གི་དོད་ནུབ་ཏུ༷་ཞེ་སྡང་མ་སྤངས་གནས་སུ་དག་པས་དམྱལ་བའི་ཐུབ་པ་ཆོ༷ས་ཀྱི་རྒྱ༷ལ་པོ། དམྱལ་བ་ཚ་གྲང་གི་སྡུག་བསྔལ་དག་པས་ཕྱག་གཉིས། ཚ་གྲང་གི་ཉེས་དམིགས་བསྟན་ནས་ཞེ་སྡང་དག་པར་མཛད་པས་མེ༷་ཆུ༷་བསྣམས་པ། སྡུག་བསྔལ་གྱི་སྡུག་བསྔལ་སྣ་ཚོགས་དག་པས་སྐུ་མདོག་ན༵ག་པོའོ། །ཤ༷ར་ལྷོ༷ར་ཕྲག་དོག་མ་སྤངས་གནས་སུ་དག་པས་ལྷ་མིན་གྱི་ཐུབ་པ་ཐ༷ག་བཟ༷ང་རིས། ལྷ་མིན་གསོད་གཅོད་དག་པས་ཕྱག་གཉིས། བཟོད་པས་ཕྲག་དོག་སྦྱོང་བར་མཛད་པས་གོ༷་མཚོ༷ན་བསྣམས་པ། འཐབ་རྩོད་སྣ་ཚོགས་དག་པས་སྐུ་མདོག་ལྗ༵ང་གུའོ། །ལྷོ༷་ནུ༷བ་ཏུ་འདོད་ཆགས་མ་སྤངས་གནས་སུ་དག་པས་མིའི་ཐུབ་པ་ཤཱ༷ཀྱ༷་ཐུ༷བ་པ། མི་བྲེལ་ཕོངས་ཀྱི་སྡུག་བསྔལ་དག་པས་ཕྱག་གཉིས་པ། མདོ་སྔགས་ཀྱི་ལམ་གྱིས་འདོད་ཆགས་དག་པས་གཡས་གསེ༷ག་ཤང་དང་གཡོན་ཞི་ཁྲོའི་ལྷ་ཚོགས་བུམ་སྐུའི་ཚུལ་དུ་བཞུགས་པའི་པ༷ར་བུ་སྟེ་ལྷུང་བཟེད་བསྣམས་པ། སྐྱེ་རྒ་ན་འཆིའི་སྡུག་བསྔལ་སྣ་ཚོགས་དག་པས་སྐུ་མདོག་སེ༵ར་པོའོ། །ནུ༷བ་བྱ༷ང་དུ་གཏི་མུག་མ་སྤངས་གནས་སུ་དག་པས་བྱོལ་སོང་གི་ཐུབ་པ་སེ༷ང་གེ༷་རབ་བརྟན། དུད་འགྲོ་གླེན་ལྐུགས་དག་པས་ཕྱག་གཉིས། ཤེས་རབ་ཀྱིས་གཏི་མུག་སེལ་བས་ཆོས་ཀྱི་པོ༷་ཏི༷་བསྣམས་པ། བཀོལ་སྤྱོད་ཀྱི་སྡུག་བསྔལ་སྣ་ཚོགས་དག་པས་སྐུ་མདོག་མཐི༷ང་གའོ། །བྱ༷ང་ཤ༷ར་དུ་སེར་སྣ་མ་སྤངས་གནས་སུ་དག་པས་ཡི་དྭགས་ཀྱི་ཐུབ་པ་ཁ༷་འབ༷ར་མ། ཡི་དྭགས་བཀྲེས་སྐོམ་དག་པས་ཕྱག་གཉིས། སྦྱིན་པས་སེར་སྣ་དག་པར་མཛད་པས་རིན་པོ་ཆེའི་སྒྲོ༷མ་བུ༷་བསྣམས་པ། འཇུར་གེགས་སྣ་ཚོགས་ཀྱི་སྡུག་བསྔལ་དག་པས་སྐུ་མདོག་དམ༷ར་པོའོ། །དེ་ལྟར་འགྲོ༷་བ་དྲུག་གི་ཁམས་ན་ཕ་རོལ་ཕྱིན་པ་དྲུག་གིས་སེམས་ཅན་རྣམས་ཀྱི་དོ༷ན་མཛ༷ད་པ༷འི་སྤྲུལ་སྐུ་

ཐུ༷བ་པ༷་དྲུག༵་པོ་རྣམས་ཀྱང་། གང་འདུལ་གྱི་གཟུགས་སྐུ་རྣམ་པར་སྤྲུལ་ཀྱང་། འཁོར་བར་ཆགས་པ་དང་བྲལ་བས་དབུ་རེག་ཞབས་རྗེན་ཆོས་གོས་སོགས་ཚངས་པར་སྤྱོད་པའི་ཆ་ལུགས་ཅན། འཁོར་བའི་སྐྱོན་གྱིས་མི་བརྫི་བས་པ༷ད་༼མ་༽རྐྱང་པའི་གདན་གྱི་སྟེ༷ང་ན༷། རྟག་ཏུ་འགྲོ་དོན་ལ་གཡེལ་བ་མེད་པས་བཞེང༷ས་ཐབ༷ས་སུ་མཛད་པའི་ཡེ་ཤེས་ཀྱི་གཟུགས་སྐུ༵་རུ་བཞེངས་པ་ནི། གས༷ལ་ལ༷་འཛི༷ན་པ༷་མེད༷་པ༷་སྟོང་ལ་རྣམ་པ་གསལ་བ། ཡེ་ཤེས་ཀྱི་གདངས་འོད་སྣ་ཚོགས་འབར་བའི་ཀློང་དུ་ཀྲོང་ངེ༷ར་བསྒོ༷མ་པར་བྱའོ། །ༀ༷་རྣམས་ནི་རབ་བསྔགས་ཏེ་ཕྱག་འཚལ་བའི་ས་བོན། མུ༷་ནེ༷་རྣམས་ཐུབ་པ། ཀྲེཾ་ནི་བྱེད་པ་སྟེ་ང་རྒྱལ་ལྷའི་ས་བོན། སྭཱ༷་ཧཱ༷་ཱརྣམས་འགྲོ་བའི་རིགས་དེ་དང་དེའི་བག་ཆགས་ཞི་བའི་གཞི་འཛུག་པའོ། །པྲཾ་མམ་བྲེཾ་ནི་པྲ་ཧེ་སྟེ་རབ་ཏུ་གང་བ་ཞེས་ཕྲག་དོག་ལྷ་མིན་གྱི་ས་བོན། ཏྲཱུ༷ཾ་ནི་གོ་ཆ་བཀོད་པ་སྟེ་བློ་ལྡན་མིའི་ས་བོན། ཀྵཾ༷་ནི་ཀྵ་ར་སྟེ་དངོས་སྣང་འགྱུར་བས་གཏི་མུག་གི་ས་བོན། སྲཱུཾ༷་ནི་ས་ར་འཁྱིལ་པ་སྟེ་བཀྲེས་སྐོམ་ཡི་དྭགས་ཀྱི་ས་བོན། ཡེ༷་ནི་གང་ཡང་རུང་བར་ཁྲིད་པས་དམད་པའི་གནས་སུ་གྱུར་པ་སྟེ་དམྱལ་བའི་ས་བོན། ས༷་མ༷་ཡ༷་སྟྭ༷ཾ་དམ་ཚིག་གི་དུས་ལ་བབས་ཞེས་འགྲོ་བའི་དོན་དུ་བསྐུལ་པ་དང་བརྟན་པར་བྱེད་པའོ། །ད་ནི་སངས་རྒྱས་ཞི་བའི་ལྷ་ཚོགས་དེ་རྣམས་ཐམས་ཅད་མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་དཔེ་བྱད་བཟང་པོ་བརྒྱད་ཅུས་སྤྲས་པ་སྟེ། མཚན་བཟང་པོ་ནི། མངོན་རྟོག་རྒྱན་ལས། ཕྱག་ཞབས་འཁོར་ལོའི་མཚན་དང་རུས་སྤལ་ཞབས། །ཕྱག་དང་ཞབས་སོར་དྲྭ་བས་འབྲེལ་པ་དང་། །ཕྱག་ནི་ཞབས་བཅས་འཇམ་ཞིང་གཞོན་ཤ་ཆགས། །འདི་ཡི་སྐུ་ནི་བདུན་དག་མཐོ་བ་དང་། །སོར་མོ་རིང་དང་རྟིང་

ཡངས་སྐུ་ཆེ་དྲང་། །ཞབས་འབུར་མི་མངོན་སྤུ་ནི་གྱེན་དུ་ཕྱོགས། །བྱིན་པ་ཨེ་ན་ཡ་འདྲ་ཕྱག་རིང་མཛེས། །འདོམས་ཀྱི་སྦ་བ་སྦུབས་སུ་ནུབ་པའི་མཆོག །པགས་པ་གསེར་མདོག་པགས་པ་སྲབ་པ་དང་། །སྤུ་ནི་རེ་རེ་ནས་ཀྱང་གཡས་ལེགས་འཁྲུངས། །ཞལ་མཛོད་སྤུས་བརྒྱན་རོ་སྟོད་སེང་གེ་འདྲ། །འདི་ཡི་དཔུང་པའི་མགོ་ཟླུམ་ཐལ་གོང་རྒྱས། །འདི་ལ་རོ་མི་ཞིམ་པའང་རོ་མཆོག་སྣང་། །སྐུ་ནི་ནྱ་གྲོ་ངྷ་ལྟར་ཆུ་ཞེང་གབ། །གཙུག་ཏོར་དབུར་ལྡན་ལྗགས་རིང་མཛེས་པ་དང་། །ཚངས་དབྱངས་འགྲམ་པ་སེང་གེའི་འདྲ་དང་ཚེམས། །ཤིན་ཏུ་དཀར་དང་ཚད་མཉམ་ཐགས་བཟང་དང་། །གྲངས་ནི་བཞི་བཅུ་ཐམ་པ་ཚང་བ་དང་། །སྤྱན་ནི་མཐོན་མཐིང་སྤྱན་རྫི་བ་མཆོག་གི། འདྲ་བ་འདི་དག་སུམ་ཅུ་རྩ་གཉིས་མཚན། །ཞེས་སོ། །དཔེ་བྱད་བཟང་པོ་བརྒྱད་ཅུ་ནི། ཡང་དེ་ཉིད་ལས། ཐུབ་པའི་སེན་མོ་ཟངས་མདོག་དང་། །མདོག་སྣུམ་མཐོ་དང་སོར་མོ་རྣམས། །ཟླུམ་རྒྱས་བྱིན་གྱིས་ཕྲ་བ་དང་། །རྩ་མི་མངོན་དང་མདུད་པ་མེད། །ལོངས་བུ་མི་མངོན་ཞབས་མཉམ་དང་། །སེང་གེ་གླང་ཆེན་བྱ་དང་ནི། །ཁྱུ་མཆོག་སྟབས་གཤེགས་གཡས་ཕྱོགས་དང་། །མཛེས་གཤེགས་དྲང་དང་འཁྲིལ་བག་ཆགས། །བྱི་དོར་བྱས་འདྲ་རིམ་པར་འཚམ། །གཙང་དང་འཇམ་དང་དག་པའི་སྐུ། །མཚན་ནི་ཡོངས་སུ་རྫོགས་པ་དང་། །སྐུ་ཡི་ཁོ་ལག་ཡངས་ཤིང་བཟང་། །གོམ་སྙོམས་པ་དང་སྤྱན་གཉིས་ནི། །དག་དང་གཞོན་ཤ་ཅན་ཉིད་དང་། །སྐུ་ཞུམ་མེད་དང་རྒྱས་པ་དང་། །ཤིན་ཏུ་གྲིམས་པའི་སྐུ་ཉིད་དང་། །ཡན་ལག་ཤིན་ཏུ་རྣམ་འབྱེས་དང་། །གཟིགས་པ་སྒྲིབ་མེད་དག་པ་དང་། །དཀུ་ཟླུམ་སྐབས་ཕྱིན་མ་རྙོངས་དང་། །ཕྱང་ངེ་བ་དང་ལྟེ་བ་ནི། །ཟབ་དང་གཡས་ཕྱོགས་འཁྱིལ་བ་དང་། །ཀུན་ནས་ལྟ་ན་སྡུག་པ་དང་། །ཀུན་སྤྱོད་གཙང་དང་སྐུ་ལ་ནི། །

སྨེ་བ་གནག་བག་མེད་པ་དང་། །ཕྱག་ནི་ཤིང་བལ་ལྟར་འཇམ་དང་། །ཕྱག་རིས་མདངས་ཡོད་ཟབ་རིང་དང་། །ཞལ་ནི་ཧ་ཅང་མི་རིང་དང་། །མཆུ་ནི་བིམྤ་ལྟར་དམར་དང་། །[ལྗགས་མཉེན་པ་དང་སྲབ་པ་དང་། །དམར་དང་འབྲུག་གི་སྒྲ་ཉིད་དང་། །གསུང་མཉེན་འཇམ་དང་མཆེ་བ་ཟླུམ། །རྣོ་དང་དཀར་དང་མཉམ་པ་དང་། །བྱིན་གྱིས་ཕྲ་དང་ཤངས་མཐོ་དང་། །]མཆོག་ཏུ་དག་པ་དག་དང་ནི། །སྤྱན་ཡངས་པ་དང་རྫི་མ་སྟུག །པདྨའི་འདབ་མ་འདྲ་བ་དང་། །[སྨིན་ཚུགས་རིང་དང་འཇམ་པ་དང་། །སྣུམ་དང་སྤུ་ནི་མཉམ་པ་དང་། །ཕྱག་རིང་རྒྱསདང་སྙན་མཉམ་དང་། །ཉམས་པ་རྣམ་པར་སྤངས་པ་དང་། །དཔྲལ་བ་ལེགས་པར་འབྱེས་པ་དང་། །]དབྱེས་ཆེ་བ་དང་དབུ་རྒྱས་དང་། །དབུ་སྐྲ་བུང་བ་ལྟར་གནག་དང་། །སྟུག་དང་འཇམ་དང་མ་འཛིངས་དང་། །མི་གཤོར་དྲི་ཞིམ་སྐྱེས་བུ་ཡི། །ཡིད་ནི་འཕྲོག་པར་བྱེད་པ་དང་། །དཔལ་གྱི་བེའུ་དང་བཀྲ་ཤིས་ནི། །གཡུང་དྲུང་འཁྱིལ་པས་བརྒྱན་པ་སྟེ། །སངས་རྒྱས་དཔེ་བྱད་བཟང་པོར་བཞེད། །ཅེས་སོ། །ལྔ་པ་འཇོམས་བྱེད་ཁྲོ་བོའི་འཁོར་བསྐྱེད་པ་ནི། ཡང་ཨ༷་ཞེས་དབྱིངས་ཀྱི་སྒྲས་བད༷ག་ཉིད༷་ཀུ༷ན་བཟ༷ང་ཡབ༷་ཡུ༷མ་གྱི༷་ཐུ༷གས་ལ༷ས་སྒོ་སྲུང་བརྒྱད་ཡབ་ཡུམ་གྱི་ས༷་བོ༷ན་དཀྱིལ་འཁོར་ཕྱོ༷གས་བཞི༷ར་སྒོ་ཁང་གི་དབུས་སུ་འཕྲོ༷ས་པ་སྟེ། དེ་ཡང་ཡབ་ཀྱི་ཐུགས་ཀ་ནས་ཡེ་ཤེས་ཀྱི་རང་རྩལ་ཧཱུ༷ྃ་ཧཱུ༷ྃ་ཧཱུ༷ྃ་ཧཱུ༷ྃ་བཞི་དང་། ཡུམ་གྱི་ཐུགས་ཀ་ནས་དབྱིངས་ཀྱི་རང་རྩལ་ཛ༷ཿཧཱུྃ་༷དང༷་བཾ༷་ཧོ༷ཿསྟེ་ཡིག་འབྲུ༷་བརྒྱ༷ད་པོ་རང་འོད་ཀྱི་ཐིག་ལེས་བརྒྱན་པ་ཕྱོགས་ཕྱོགས་སུ་བབས་པས། འོད་ཀྱི་ཐིག་ལེ་ཆེར་གྱུར་པའི་ནང་ན་ཡིག་འབྲུ་ཟུང་རེ་འཇའ་ཚོན་གྱི་ཀློང་ན་ལྷ་སྐུ་ལྟར་གསལ་བ་འོད་དུ་ཞུ༷་བ༷་ལ༷ས་ཁྲོ་བོ་ཡབ་ཡུམ་བརྒྱད་དུ་གྱུར་པ་ནི། དཀྱིལ་འཁོར་གྱི་ཤ༷ར་སྒོ༷ར་ཡབ་ཀྱི་ཧཱུྃ་དང་ཡུམ་གྱི་ཛཿལས་རྟག་པར་ལྟ་བ་མ་སྤངས་གནས་སུ་དག་པས་ཁྲོ་བོ་རྣ༷མ་པ༷ར་

རྒྱ༷ལ་བ་དང་། ཁྲོ་མོ་ལྕ༷གས་ཀྱུ༷་མ། ཡབ་ལུས་ཀྱི་དབང་པོ་དང་། ཡུམ་བརྫུས་སྐྱེས་ཀྱི་རྟོག་པ་གནས་སུ་དག་པས་སྐུ་ུམདོག་དཀ༷ར་པོ། ཆོས་སྐུ་ཉག་གཅིག་གི་ཞལ་གཅིག །སྣང་སྟོང་གཉིས་སུ་མེད་པས་ཕྱག་གཉིས། ཡབ་ཀྱི་ཕྱག་གཡས་ན་འཆི་བདག་གི་བདུད་དབྱིངས་སུ་བཅོམ་པས་དབྱུག་ཏོ་ཞེས་མི་མགོའི་དབྱུག་པ་འཕྱར་ཞིང་། ཡུམ་སྙིང་རྗེས་འགྲོ་བ་འདྲེན་པས་ལྕ༵གས་ཀྱུ༷་(ཐོགས་ཏེ་)ཡབ་ལ་འཁྱུད་པ། གཡོན་འཁོར་འདས་ཆོས་སྐུར་སྟོང་པས་དྲིལ་བུ་ུ(ཐོགས་ཏེ་)ཡུམ་ལ་འཁྱུད་པ། ཡུམ་གྱི་གཡོན་པས་དུང་ཆེན་ཡབ་ཀྱི་ཐུགས་ཀར་བརྟེན་ཏེ་འཛི༷ན་པ། ཐབས་ཤེས་གཉིས་སུ་མེད་པས་ཞབས་གཉིས་ཡབ་གྱད་ཀྱི་འདོ༷ར་སྟབ༷ས་དང་ཡུམ་བརྐྱང་བསྐུམ་གྱིས་འཁྲིལ་སྦྱོར་ཚུལ་དུ། འཁོར་བ་དབྱིངས་སུ་དག་པས་ཉི་མའི་དཀྱིལ་འཁོར་གྱི་གདན་ལ། ཟུང་འཇུག་དབྱེར་མི་ཕྱེད་པས་ཡབ་ཡུམ་གཉིས་མེད་ཁྲོ་བོའི་གར་གྱིས་འགྱི༵ངས་བག་དང་ལྡན་པ། ཉོན་མོངས་པའི་བག་ཆགས་སྣ་ཚོགས་ཞི་བས་ཡེ་ཤེས་ཀྱི་མེ་དང་འཇའ་འོད་གྱི་གུར་ཁང་དུ་གསལ་གདབ་པའོ། །ཨོ༷ཾ་ནི་རབ་བསྔགས་ཏེ་ཡེ་ཤེས་ལྔ་དང་ལྡན་པ། བ༷ཛྲ་༷རྣམས་རྡོ་རྗེ། ཀྲོ༷་ངྷ༷་རྣམས་ཁྲོ་བོ། བི༷་ཛ༷་ཡ༷་རྣམ་པར་རྒྱལ་བ། ཧཱུ༷ྃ་ས་བོན། བ༷ཛྲ༷་རྣམས་རྡོ་རྗེ། ཨ༷ངྐུ་ཤ༷་ལྕགས་ཀྱུ། ཛ༷ཿའགུགས་པར་བྱེད་པ་སྟེ་ས་བོན། དཀྱིལ་འཁོར་ལྷོ༷་སྒོ༷ར་ཡབ་ཀྱི་ཧཱུྃ་དང་། ཡུམ་གྱི་ཧཱུྃ་ལས་ཆད་པར་ལྟ་བ་མ་སྤངས་གནས་སུ་དག་པས་ཁྲོ་བོ་གཤི༷ན་རྗེ༷་གཤེད་པོ་དང་ཁྲོ་མོ་ཞག༷ས་པ༷་མ། ཡབ་ལུས་ཀྱི་རྣམ་ཤེས་དང་། ཡུམ་མངལ་སྐྱེས་ཀྱི་རྟོག་པ་མ་སྤངས་གནས་སུ་དག་པས་སྐུ་མདོག་སེ༷ར་པོ། ཆོས་སྐུ་ཉག་གཅིག་གི་ཞལ་གཅིག །སྣང་སྟོང་གཉིས་སུ་མེད་པས་ཕྱག་གཉིས། ཡབ་ཀྱི་ཕྱག་གཡས་ན་ལྷའི་བདུད་དབྱིངས་སུ་གཞོམ་པས་དབྱུ༷ག་ཏོ༷་རྡོ་རྗེ་རྩེ་ལྔ་པས་མཚན་པ་ཕྱར་ཞིང་།

ཡུམ་བྱམས་པ་ཆེན་པོས་རིགས་དྲུག་འཆིང་བས་ཞག༷ས་པས་ཡབ་ལ་འཁྱུད་པ། གཡོན་འཁོར་འདས་ཆོས་སྐུར་སྟོང་པས་དྲིལ་བུ་(ཐོགས་ཏེ་)ཡུམ་ལ་འཁྱུད་པ། ཡུམ་གྱི་གཡོན་པས་དུང་ཆེན་ཡབ་ཀྱི་ཐུགས་ཀར་བརྟེན་ཏེ་འཛི༷ན་པ། ཐབས་ཤེས་གཉིས་སུ་མེད་པས་ཞབས་གཉིས། ཡབ་གྱད་ཀྱི་འདོ༷ར་སྟ༷བས་དང་ཡུམ་བརྐྱང་བསྐུམ་གྱིས་འཁྲིལ་སྦྱོར་ཚུལ་དུ་འཁོར་བ་དབྱིངས་སུ་དག་པས་ཉི་མའི་དཀྱིལ་འཁོར་གྱི་གདན་ལ་ཟུང་འཇུག་དབྱེར་མེད་པས་ཡབ་ཡུམ་གཉིས་མེད་ཁྲོ་བོའི་གར་གྱི་འགྱི༷ང་བག་དང་ལྡན་པ། སྐུ་དང་ཡེ་ཤེས་ཀྱི་ཐུགས་རྗེ་སྣ་ཚོགས་རྒྱས་པས་ཡེ་ཤེས་ཀྱི་མེ་དང་འཇའ་འོད་ཀྱི་གུར་ཁང་དུ་གསལ་གདབ་པའོ། །ཡ༷་མ༷་གཤིན་རྗེ། ཨནྟ༷་ཀ༷་མཚམས་སྦྱར་བས་གཤིན་རྗེ་གཤེད། ཧཱུ༷ྃ་ས་བོན། པཱ༵་ཤ༷་ཞགས་པ། ཧཱུ༵ྃ་འཆིང་བྱེད་ས་བོན། དཀྱིལ་འཁོར་གྱི་ནུ༷བ་སྒོ༵ར་ཡབ་ཀྱི་ཧཱུྃ་དང་ཡུམ་གྱི་བཾ་ལས་བདག་ཏུ་ལྟ་བ་མ་སྤངས་གནས་སུ་དག་པས་ཁྲོ་བོ་རྟ༵་མགྲི༷ན་རྒྱལ་པོ་དང་། ཁྲོ་མོ་ལྕ༷གས་སྒྲོ༷ག་མ། ཡབ་ལུས་ཀྱི་རེག་བྱ་དང་། ཡུམ་སྒོང་སྐྱེས་ཀྱི་རྟོག་པ་གནས་སུ་དག་པས་སྐུ་མདོག་དམ༷ར་པོ། ཆོས་སྐུ་ཉག་གཅིག་གི་ཞལ་གཅིག །སྣང་སྟོང་གཉིས་སུ་མེད་པས་ཕྱག་གཉིས། ཡབ་ཀྱི་ཕྱག་གཡས་ན་ཉོན་བདུད་དབྱིངས་སུ་བཅོམ་པས་ལྕ༷གས་སྒྲོ༷ག་མཁའ་ལ་ཕྱར་ཞིང་། ཡུམ་དགའ་བ་ཆེན་པོས་འགྲོ་བ་སྡོམ་པས་ལྕགས་སྒྲོག་(ཐོགས་ཏེ་)ཡབ་ལ་འཁྱུད་པ། གཡོན་འཁོར་འདས་ཆོས་སྐུར་སྟོང་པས་དྲི༷ལ་བུ༷་(ཐོགས་ཏེ་)ཡུམ་ལ་འཁྱུད་ཅིང་། ཡུམ་གྱི་གཡོན་པས་དུང་ཆེན་ཡབ་ཀྱི་ཐུགས་ཀར་བརྟེན་ཏེ་འཛི༷ན་པ། ཐབས་ཤེས་གཉིས་སུ་མེད་པས་ཞབས་གཉིས། ཡབ་གྱད་ཀྱི་འདོ༷ར་སྟབ༷ས་ཡུམ་བརྐྱང་བསྐུམ་གྱིས་འཁྲིལ་སྦྱོར་ཚུལ་དུ་འཁོར་བ་དབྱིངས་སུ་དག་པས་ཉི་མའི་དཀྱིལ་འཁོར་གྱི་གདན་ལ།

ཟུང་འཇུག་དབྱེར་མི་ཕྱེད་པས་ཡབ་ཡུམ་གཉིས་མེད་ཁྲོ་བོའི་གར་གྱིས་འགྱི༷ང་བག་དང་ལྡན་པ། འཁོར་འདས་ཐམས་ཅད་དབང་དུ་མཛད་པས་ཡེ་ཤེས་ཀྱི་མེ་དང་འཇའ་འོད་ཀྱི་གུར་ཁང་དུ་གསལ་གདབ་པའོ། །པདྨ་སྐད་སོར་བཞག །ཧྱ༷་གྷྲི༷་བ་རྟ་མགྲིན། ཧཱུ༷ྃ་ས་བོན། སྥོ༷་ཊ༷་ལྕགས་སྒྲོག །བ༷ཾ་སྡོམ་བྱེད་དེ་ས་བོན། དཀྱིལ་འཁོར་གྱི་བྱ༷ང་སྒོ༷ར་ཡབ་ཀྱི་ཧཱུྃ་དང་ཡུམ་གྱི་ཧོཿལས་མཚན་མར་ལྟ་བ་མ་སྤངས་གནས་སུ་དག་པས་ཁྲོ་བོ་བདུ༷ད་རྩི༷་འཁྱི༷ལ་པ༷་དང་། ཁྲོ་མོ་དྲིལ་བུ་མ། ཡབ་ལུས་ཀྱི་རེག་ཤེས་དང་ཡུམ་དྲོད་སྐྱེས་ཀྱི་རྟོག་པ་མ་སྤངས་གནས་སུ་དག་པས་སྐུ་མདོག་ལྗ༷ང་གུ། ཆོས་སྐུ་ཉག་གཅིག་གི་ཞལ་གཅིག །སྣང་སྟོང་གཉིས་སུ་མེད་པས་ཕྱག་གཉིས། ཡབ་ཀྱི་ཕྱག་གཡས་ན་ཕུང་བདུད་དབྱིངས་སུ་གཞོམ་པའི་རྡོ་རྗེ་རྒྱ༷་གྲ༷མ་འཕྱར་ཞིང་། ཡུམ་བཏང་སྙོམས་ཆེན་པོས་རིགས་དྲུག་གཉོས་༼མྱོས་༽པར་མཛད་པས་དྲི༷ལ་བུ༷་(ཐོགས་ཏེ་)ཡབ་ལ་འཁྱུད་པ། གཡོན་འཁོར་འདས་ཆོས་སྐུར་སྟོང་པས་དྲིལ་བུ་(ཐོགས་ཏེ་)ཡུམ་ལ་འཁྱུད་ཅིང་། ཡུམ་གྱི་གཡོན་པས་དུང་ཆེན་ཡབ་ཀྱི་ཐུགས་ཀར་བརྟེན་ཏེ་འཛི༷ན་པ། ཐབས་ཤེས་གཉིས་སུ་མེད་པས་ཞབས་གཉིས། ཡབ་གྱད་ཀྱི་འདོ༷ར་སྟ༵བས་དང་ཡུམ་བརྐྱང་བསྐུམ་གྱིས་འཁྲིལ་སྦྱོར་ཚུལ་དུ། འཁོར་བ་དབྱིངས་སུ་དག་པས་ཉི་མའི་དཀྱིལ་འཁོར་གྱི་གདན་ལ། ཟུང་འཇུག་དབྱེར་མི་ཕྱེད་པས་ཡབ་ཡུམ་གཉིས་མེད་ཁྲོ་བོའི་གར་གྱིས་འགྱི༷ང་བག་དང་ལྡན་པ། རེ་དོགས་གཉིས་སྣང་གི་རྟོག་པ་ཚར་བཅད་པས་ཡེ་ཤེས་ཀྱི་མེ་དང་འཇའ་འོད་ཀྱི་གུར་ཁང་དུ་གསལ་གདབ་པའོ། །ཨ༷་མྲྀ༷་ཏ༷་མི་འཆིའམ་བདུད་རྩི། ཀུ༷ཎྚ༷་ལཱི༷་འཁྱིལ་པ། ཧཱུ༵ྃ་ས་བོན། གནྚེ༵་དྲིལ་བུ། ཧོ༵ཿའབེབས་བྱེད་དེ་ས་བོན་ནོ། །འདིར་རྣམ་པར་རྒྱལ་བའི་ཕྱག་མཚན་ལྕགས་ཀྱུ་ལྟ་བུར་སྣང་ཡང་བརྒྱ་ཕྱག་ལྟར་བྱས་ལ། དྲིལ་བུ་མའི་

གཡོན་དུ་དུང་ཆེན་ཐོགས་པ་དོན་གྱིས་ཐོབ་པ་དང་། ལ་ལས་གདན་ལ་པདྨ་ཉི་ཟླ་བམ་རོ་ཐོབ་པར་བཤད་ཀྱང་། སྒྱུ་འཕྲུལ་དུ། ཉི་རྐྱང་ཁྲོ་ལ་པད་རྐྱང་ཐུབ། །ཅེས་པ་དང་། འདིར་ཐུབ་པ་ལ་པད་རྐྱང་གསུངས་པའི་རིག་པས་མ་བྱས་སོ། །དེ་ལྟར་ཆོས་ཀྱི་དབྱིངས་ཚ༷ད་མེ༷ད་པའི་ཀློང་ནས་མ་འགགས་པའི་ཐུགས་རྗེའམ་སྙིང་རྗེ་བྱམས་པ་དགའ་བ་བཏང་སྙོམས་བ༷ཞི་དང་ལྡ༷ན་ཞིང་ཀུན་ལ་སྙོམས་པ་ཆེན་པོ་སྒོ་བ་ཡ༷བ་ཡུ༷མ་བརྒྱ༷ད་རྣམས་ཀྱང་འཁོར་བ་དབྱིངས་སུ་དག་པས་དབུ་སྐྲ་ཁམ་ནག་གྱེན་དུ་བརྫེས་ཤིང་དུག་ལྔ་གནས་སུ་ུདག་པས་ཐོ༷ད་སྐ༷མ་རི༷ན་ཆེ༷ན་གྱི་རྩེ་བྲན་ཅན་ལྔས་དབུ༷་ལ༷་བརྒྱ༷ན་པ། ཡེ་ཤེས་རྣམ་ལྔའི་དར་གྱི་ཅོ༷ད་པ༷ཎ་འཕུར་བ། ཆོས་ཐམས་ཅད་མཉམ་པ་ཆེན་པོའི་རུས་པ་དང་རིན་པོ་ཆེའི་སྙ༷ན་ཆ༷། ཕྱག་ཞབས་ཀྱི་གདུ་བུ། དཔུང་རྒྱན་མགུ༷ལ་ཆུ༷ན་དང་བཅ༷ས་པ་བྱས་ཤིང་། སྒྲིབ་གསུམ་དག་པས་ཐོད་པ་སྐམ་རྙིད་རློན་གསུམ་གྱི་ཕྲེང་བ་ཚར་གསུམ་དུ་བརྒྱུས་པ་དང་། ཞེ་སྡང་དག་པས་སྦྲུལ་གྱི་ཞགས་པས་དོ་ཤལ་དུ་བརྒྱན་པ། གཏི་མུག་དག་པས་གླ༷ང་ཆེ༷ན་གྱི་ཀོ་བ་དང་། འདོད་ཆགས་དག་པས་མི༷་ལྤ༷གས་ཀྱི་གཡང་གཞིས་སྟོ༷ད་གཡོ༷གས་སུ་བྱས་པ་ད༵ང་། ཕྲག་དོག་དག་པས་བྱུག་བའི་རྫས་གསུམ་གནས་གསུམ་དུ་བགོས་པ་སྟེ། དེ་ཡང་དཔྲལ་བ་ན་ཐ༷ལ་ཆེ༷ན་གྱི་ཚོམ་བུ་བྱུགས་པ། མཁུར་ཚོས་ལ་ཁྲ༷ག་གི༷་ཐི༷ག་ལེ༷ས་སྤྲས༵་པ། ཨོག་མར་ཞ༷ག་གི༷་ཟོ༷་རི༷ས་སམ་སོར་རིས་བྱས་པ། ང་རྒྱལ་དག་པས་སྟ༷ག་ལྤ༷གས་ཀྱི་ཤམ་ཐབས་དཀྲི༵ས་པ། ལུས་ཀྱི་རྣམ་འགྱུར་དག་པས་སྐུ་སྒེ༷ག་པ༷་དཔ༷འ་བ༷་འཇི༷གས་སུ༷་རུ༷ང་བ། ངག་གི་རྣམ་འགྱུར་དག་པས་གསུང་རྒོ༷ད་ད༷ང་གཤེ༷་དང༷་རྔམ༷་པ༷ར་སྟོན༷་པ། ཡིད་ཀྱི་རྣམ་འགྱུར་དག་པས་ཐུགས་སྙི༷ང་རྗེ༷་བ་ཞེ༷་སྡང༷་གཏུམ༷་པ༷ར་བཞུགས་པ་སྟེ་གར་དགུའི་ཉམས་

ཀྱི་རྣམ་པར་རོལ་བའོ། །སྣང་བའི་ངོ་བོ་ལྷའི་རྣམ་པར་གསལ་ལ་སྟོང་པའི་རང་བཞིན་དངོས་མེད་དུ་རྣམ་པར་དག་པ་དབྱེར་མེད་ཟུང་འཇུག་གི་རོལ་པ་ལྷང་ངེར་བསྒོམ་པར་བྱ། ཞེས་དང་། དེ་ལྟར་ཞི༷་བ༷་བཞི༷་བཅུ༷་རྩ༷་གཉིས་ཀྱི་ལྷ་ཚོགས་དེ་རྣམས་ནི༷། ལྷ༷་ཉི༷ད་ཀུན༷་ཀྱང༷་ར༷ང་གི་སྣང༷་བའི་རོལ་པར་ཤར་བ་ལས་གཞན་གྱིས་བྱས་པ་དང་བྱུང་བ་མ་ཡིན་ལ༷། ར༷ང་གི་སྣང༷་བ་ཀུན༷་ཀྱང༷་ལྷ༷་དེ་རྣམས་ཀྱི་སྐུ་རུ༷་ཤར་ཞིང་རྣམ་པར་གས༷ལ་བ་ལ་གཉིས་འཛིན་འཁྲུལ་སྣང་གི་ཆོས་རྡུལ་ཙམ་གྱིས་ཀྱང་གོས་པ་ནི་མ་ཡིན་ཏེ། ཕུང་ཁམས་སྐྱེ་མཆེད་ཀྱིས་བསྡུས་པའི་སྣོད༷་བཅུད༷་སྣང་སྲིད་ཐམས་ཅད་ཀྱང་ཞི༷་བའི༷་དཀྱིལ༷་འཁོ༷ར་གྱི་ལྷ༷་ཚོགས་སུ་ཡེ༷་གདོད་མ་ནས༷་ལྷུན༷་གྱིས་གྲུབ༷་པའི་རང་བྱུང་གི་ཡེ་ཤེས་ཆེ༷ན་པོ༷ར་བཞུག༷ས་པ་ཡིན་པ་ལ་ཡིན་བཞིན་དུ་གསལ་བ་ལས་མིན་པ་ལ་ཡིན་པར་བསྒོམ་པ་སྤྲང་པོས་རྒྱལ་པོར་རློམ་པ་ལྟ་བུ་ནི་མ་ཡིན་ཞིང་། བསྒོམས་པ་དེ་ཉིད་ཀྱང་རྟོག་པ་གཞན་དུ་མ༷་ཡེ༷ངས་པའི་ཡིད་ཀྱི་ཡུལ་དུ་མངོན་སུམ་ལྟར་སྣང་སྟོང་ཟུང་འཇུག་གི་རང་བཞིན་དུ་གསལ་བར་བསྒོམ་པར་བྱ་ཞེས་ཏེ། དེ་ལྟར་ཕུང་ཁམས་སྐྱེ་མཆེད་ཐམས་ཅད་སངས་རྒྱས་སྐུ་གསུམ་གྱི་རང་བཞིན་ཞི་བ་བཞི་བཅུ་རྩ་གཉིས་སུ་སྣང་བའི་དཀྱིལ་འཁོར་དུ་བསྒོམ་པའི་དགོས་ཆེད་ནི། སྒྱུ་འཕྲུལ་གསང་སྙིང་ལས། ཨེ་མ་ཧོ། རྡོ་རྗེ་ཕུང་པོའི་ཡན་ལག་ནི། །རྫོགས་པའི་སངས་རྒྱས་ལྔ་རུ་གྲགས། །སྐྱེ་མཆེད་ཁམས་རྣམས་མང་པོ་ཀུན། །བྱང་ཆུབ་སེམས་དཔའི་དཀྱིལ་འཁོར་ཉིད། །ཅེས་དང་། སྲིད་གསུམ་ཡེ་ནས་སངས་རྒྱས་ཞིང་། །ཐམས་ཅད་མ་ལུས་ཆོས་སོ་ཅོག །སངས་རྒྱས་ཉིད་ལས་གཞན་མ་ཡིན། །སངས་རྒྱས་ཉིད་ལས་གཞན་པའི་ཆོས། །སངས་རྒྱས་ཉིད་ཀྱིས་མི་བརྙེས་སོ། །ཞེས་དང་། ཞི་ཁྲོ་ངན་སོང་རྣམ་སྦྱོང་ལས། དྲང་

དོན་གཟུགས་བརྙན་དཀྱིལ་འཁོར་ཀུན་བཏགས་པ། །ངེས་དོན་ཕུང་ཁམས་གནས་འགྱུར་གཞན་དབང་ཅན། །ཡོངས་གྲུབ་འདུས་མ་བྱས་དབྱིངས་སྦས་པའི་དོན། །རིག་པའི་འོག་མིན་མཐོང་བ་དེ་ལ་སྣང་། །ཞེས་དང་། གཉིས་ནི་དབྱིངས་ལ་གནས་ཕྱིིར་ཆོས་ཀྱི་སྐུ། །དྲུག་ནི་གཞན་ལ་སྣང་ཕྱིར་སྤྲུལ་པའི་སྐུ། །རང་སྣང་ལོངས་སྐུའི་ཞིང་ན་སུམ་ཅུ་བཞི། །གཙོ་བོ་བཅུ་ལ་ཉེར་བཞི་འཁོར་གྱི་ཚུལ། །ཞེས་གསུངས་པ་ལྟར་རོ། །དེས་ནི་བྱིས་པ་མ་ཡི་མངལ་དུ་སྐྱེ་བ་གྲུབ་ནས་རིམ་གྱིས་ནར་སོན་ཏེ་འཇིག་རྟེན་གྱི་ལས་ཐབས་སྒྲུབ་པ་དང་། བུ་ཚ་འཁོར་འདབ་རྒྱས་པ་སོགས་ཀྱི་བག་ཆགས་མ་སྤངས་གནས་སུ་དག །སངས་རྒྱས་སྐུ་གསུམ་གྱི་བདག་ཉིད་དུ་འདུ་འབྲལ་མེད་པའི་ཡེ་ཤེས་ཆེན་པོས་གདུལ་བྱའི་དོན་འབད་མེད་དུ་འབྱུང་བའི་རྟེན་འབྲེལ་མ་བཙལ་ངང་གིས་རྫོགས། སྒོ་གསུམ་རྡོ་རྗེ་གསུམ་གྱི་རང་བཞིན་དུ་གྲུབ་པའི་རང་རྟགས་རྟོགས་པའི་ཉམས་མྱོང་གོང་འཕེལ་དུ་མ་བྱས་ལྷུན་གྲུབ་ཏུ་སྨིན་པའོ། །ༀ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་རྡོ་རྗེའི་རང་བཞིན། ཨཱཿདེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསུང་རྡོ་རྗེའི་རང་བཞིན། ཧཱུྃ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་རྡོ་རྗེའི་རང་བཞིན། ལན་གསུམ་ནི། དང་པོས་ངོ་བོ་བརྗོད་པ། གཉིས་པ་རྣམ་པར་གསལ་བ། གསུམ་པས་བརྟན་པར་བྱེད་པའོ། །བརྟན་པར་བྱེད་པ་ནི་གཞན་དུ་སྲོག་ཡེ་ཤེས་སུ་དབང་བསྐུར་བའི་དོད་ཡིན་ཏེ། འདིར་ལྷ་དང་རང་ཐ་དད་པའི་རྟོག་པ་མེད་པས་སྤྲོས་པ་མ་མཛད་ཚུལ་དེ་ནི་རྒྱུ་གཏི་མུག་གིས་བསྐྱེད་དེ་འདོད་ཆགས་ཆེས་ཆེ་བའི་གང་ཟག་གི་དོན་དུ་ཞི༷་བ༷་བཞི༷་བཅུ༷་རྩ༷་གཉི༷ས་ཀྱི༷་སྒོ༷མ་རིམ་གྱི་ཁོ༷ག་ཕུབ་ཚོ༷ར་བ༷་ར༷ང་གྲོ༷ལ་ལོ༷། །ཞེས་པ་དང་། དེ༷་ལྟ༷ར་ཞི༷་བ༷འི་ལྷ༷་ཚོ༷གས་ཀུ༷ན་ཀྱང་བདག་བསྐྱེད་དུ་

ཕུང་ཁམས་སྐྱེ་མཆེད་རྟོག་ཚོགས་ཐམས་ཅད་ཀྱིས་བསྡུས་ཏེ་ལྷའི་དཀྱིལ་འཁོར་བསྒོམ་པ་དང་། མདུན་བསྐྱེད་དུ་མེ་ཏོག་རས་བྲིས་རྡུལ་ཚོན་སོགས་ཀྱིས་མཚོན་ཏེ་ལྷའི་དཀྱི༷ལ་འཁོ༷ར་དུ་བསྐྱེ༷ད་པ་ད༷ང་། བདག་མདུན་དབྱེར་མེད་སྣོ༷ད་བཅུ༷ད་སྣང་སྲིད་ཐམས་ཅད་ལྷ༷་ད༷ང་གཞ༷ལ་ཡ༷ས་ཁ༷ང་གི་རང་བཞིན་དུ་གསལ་བ་ག༷ང་ཇི་ལྟ༷ར་བསྒོ༷མས་ཀྱ༷ང་། བསྒོམ་རིམ་ནི་ཁོག་ཕུབ་ཚོར་བ་རང་གྲོལ་འདི་ཁོ་ན་ལྟར་བསྒོམས་པ་ལས་ཁྱ༷ད་པ༷ར་གྱི་ཆོ་ག་གཞན་ནི་ཅི་ཡང་མེ༷ད་ཅེས་ཨོ་རྒྱན་དུས་གསུམ་མཁྱེན་པས་སྙིགས་དུས་སུ་མི་ཤེས་བླུན་པོ་འགས་མི་དགོས་བཞིན་དུ་བསྲེ་བསླད་བྱེད་པ་འདི་ལ་དགོངས་ཏེ་གསལ་བར་གསུངས་པའོ། །ལ་ལ་མདུན་བསྐྱེད་དང་དཀྱིལ་བསྐྱེད་སོ་སོར་བྱས་ཏེ། དཀྱིལ་བསྐྱེད་ནི་སྙིང་ག་དང་སྤྱི་བོའི་ཞི་ཁྲོའི་ལྷ་ཚོགས་ལ་ཟེར་ཡང་གོང་དུ་བདག་བསྐྱེད་ཀྱིས་མ་ཁྱབ་པའི་དཀྱིལ་བསྐྱེད་ཅེས་པ་ཟུར་དུ་འཆད་པ་ནི་ཧ་ཅང་ཐལ་སེམས་ཏེ་མ་བྱས་སོ། །སྐབས་འདིར་མན་ངག་ནི། རིག་འཛིན་ཆེན་པོ་གཏེར་བདག་གླིང་པས། མཚོན་བྱེད་གཟུགས་བརྙན་གྱི་དཀྱིལ་འཁོར་ཉིད་མཚོན་བྱ་ཀུན་རྫོབ་སྣང་ཆའི་དཀྱིལ་འཁོར་དུ། རྣལ་འབྱོར་པའི་སྒོམ་སྟོབས་ཀྱིས་རྒྱས་བཏབ་པས་མ་ཁྱབ་པའི་ཁྱབ་བྱ་དམིགས་སུ་གྲུབ་པ་མེད་པའི་ཕྱིར་འདི་ཁོ་ན་ལམ་འདིས་བསྒོམ་རིམ་ཟླ་མེད་པར་གྲུབ་ཅིང་། དེས་མཚོན་ནས་བུམ་པའི་སྒོམ་དོན་ཀྱང་དེ་དང་དབྱེར་མེད་དུ་བྱེད་པ་ཉིད་དོན་ལ་གནས་པ་སྟེ། དམིགས་པ་བརྟན་པའི་རྣལ་འབྱོར་པས་བདག་མདུན་དབྱེར་མེད་དུ་བསྒོམ་ཞེས་པ་ཡང་། རྒྱུད་སྡེ་གཟིགས་པ་ཆེན་པོ་དག་ལ་གྲགས་པའི་གཏམ་ཡིན་ནོ། །གཞན་དུ་བདག་མདུན་ཐ་དད་དུ་དབྱེ་བའི་ལུགས་ལ་ཡང་ཐོག་མར་བདག་བསྐྱེད་ཀྱི་རྣལ་འབྱོར་བསྒོམས་ནས་སླར་མདུན་བསྐྱེད་

སྒྲུབ་པ་ལ་འཇུག་མོད། སྒོམ་པའི་བློ་ངོ་རུ་སྣོད་བཅུད་དཀྱིལ་འཁོར་གཅིག་ཏུ་འཆར་བ་ལས་མ་དམིགས་པའི་ཕྱིར། ཐ་མལ་པའི་སྣང་བ་རང་མཚན་པ་གཅིག་གི་གོ་ས་ན་དཀྱིལ་འཁོར་དེ་དག་ཕན་ཚུན་རྟེན་གྲལ་བསྒྲིགས་པ་ལྟ་བུའི་དམིགས་རྣམས་འཛིན་པ་དག་གིས་ནི་བདག་མདུན་ཐ་དད་སྒྲུབ་པ་དང་། དབྱེར་མེད་དུ་སྒྲུབ་པའི་ཚུལ་གཉིས་ཀའི་དོན་སྤྱི་ཙམ་ཡང་མཚོན་པར་མི་ནུས་སོ། །ཞེས་གསུངས་ལྟར་རང་བཟོའི་བསྐྱེད་ཆོག་སྣ་ཚོགས་བྱས་པ་རྣམས་ཀྱིས་ནི་བྱིས་པས་བྱེ་མའི་མཁར་བཞེངས་པ་བཞིན་དུ་རང་ཉིད་ངལ་བའི་རྒྱུ་ལས་དོན་གྱི་འབྲས་བུ་ཅི་ཡང་མེད་པར་ཟད་དོ། །

སྨྲས་པ།

གཏེར་གཞུང་རྡོ་རྗེའི་ཚིག་གི་མཚན་དཔེའི་བྱད། །

དཀའ་གནད་བཞིན་རས་དངོས་སུ་མ་མཇལ་བར། །

འོལ་ཚོད་ལྡེར་བྲིས་གཟུགས་སྐུ་བརྒྱ་བཞེངས་ཀྱང་། །

རང་ཞལ་ཇི་བཞིན་མཚོན་པར་ག་ལ་ནུས། །

མི་ཤེས་མི་དགོས་བཞིན་དུ་འབད་པ་ཆེས། །

བསྲེ་བསླད་རྒྱབ་ཁལ་གཅིག་འདི་ཁམས་ཀྱི་ཕྱོགས། །

བྲིས་པ་ཆེ་ཡང་གཏེར་གཞུང་བརླག་པའི་རྒྱུར། །

དེ་ལས་བྱ་ཐབས་མེད་ཕྱིར་རིང་དུ་དོར། །ཞེས་འཕྲོས་སུ་ཐལ་ལོ། །འདིར་རིག་འཛིན་ཡབ་ཡུམ་ལས་བྱང་ཆེ་ཆུང་གཉིས་ཀར་དངོས་བསྟན་མེད་པས་མ་བྱས་ཀྱང་། དོན་ལ་སྨིན་ལམ་གཙོ་བོར་སྟོན་པ་བྲལ་བ་ལམ་གྱི་ཡོན་ཏན་ལྟ་བུ་རིག་འཛིན་རྣམ་བཞིའི་གོ་འཕང་མ་བགྲོད་པ་ལ་

དགོངས་པའི་ཕྱིར་རོ། །ད་ནི་ཐོབ་པ་འབྲས་བུ་ཡེ་ཤེས་ལྟ་བུ། དེ༷་ན༷ས་གཉིས་པ་ཁྲོ༷་བོ༷འི་ལྷ༷་ཚོ༷གས་བསྐྱེ༷ད་པ༷་ནི༷༔ ཞེས་པ་ལ་དྲུག་སྟེ། སྤྱིའི་གཙོ་བོ། རིགས་ཀྱི་གཙོ་བོ། གནས་མ། ཡུལ་མ། སྒོ་མ། དབང་མོ་བཅས་སོ། །དང་པོ་ནི། ཧཱུྃ་ཞེས་ཆོ་འཕྲུལ་གྱི་རང་སྒྲས་ར༷ང་བྱུ༷ང་ཞི་བའི་དཀྱིལ་འཁོར་ལས་ར༷ང་ཤ༷ར་བའི་ཚུལ་དུ། སྟེང་ཕྱོགས་མེ་རི་འབར་བའི་དཀྱིལ་འཁོར་དུ་དུར་ཁྲོད་རོལ་པའི་རྒྱན་བཀོད་ཡོངས་སུ་རྫོགས་ཤིང་འཇིགས་པར་བྱས་པ་རང་སྣང་བ་དང་། གཞི་ཚད་མེད་པའི་ཡེ་ཤེས་ཀྱི་རོལ་པ་གནམ་ལྕགས་འཁོར་ལོ་རྩིབས་བཞི་པ་དང་། དེ་ཡི་ཕྱི་རིམ་རྩིབས་བརྒྱད། དེ་ཡི་ཕྱི་རིམ་ཁྱམས་རིམ་པ་གཅིག་པ་སྟེ། ཚུལ་འདི་ནི་རིག་པ་རང་གྲོལ་ཆེན་པོའི་རྒྱུད་ལས། ནང་དུ་འཁོར་ལོ་རྩིབས་བཞི་ལ། །ཞེས་པ་ནས། སེང་ཧ་ཡུལ་གྱི་ཕྲ་མེན་བརྒྱད། །ཅེས་པའི་བར་དུ་གསུངས་པ་ལྟར་ལ། གཞན་ཡང་དམིགས་བསལ་དུ་ན་རཀ་སྐོང་བཤགས་ཀྱི་སྐབས་སུ་དབུས་ཀྱི་འཁོར་ལོ་རྩིབས་བརྒྱད་དང་། ཕྱི་རིམ་ཕྱི་ཁྱམས་རིམ་པ་གཉིས་བཅས་རང་ཤར་བའི་དབུ༵ས་སུ༷། བདག་ཉིད་ཀུན་ཏུ་བཟང་པོ་ཡབ་ཡུམ་གྱི་ཐུགས་དགོངས་པ་རང་བྱུང་གི་ཡེ་ཤེས་ལ༷ས་རང་ཤར་བའི་ཚུལ་དུ། སྟོང་གསལ་ཟུང་འཇུག་གདོད་མའི་ཡེ་ཤེས་ཀྱི་ངོ་བོ་དཔལ་ཆེན་ཁྲག་འཐུང་ཡབ་ཡུམ་བསྐྱེད་པའི་རྒྱུ་ཧཱུ༷ྃ་ཡིག་ཡེ་ཤེས་ཀྱི་གདངས་འོད་ཐིག་ལེ་སྨུག་པོས་བརྒྱན་པ་ཞིག་འཕྲོས་ཏེ། དཀྱིལ་འཁོར་གྱི་དབུས་ན་མཁའ་ལྡིང་གི་རྒྱལ་པོ་གཟན་ལ་ལྷུང་བ་ལྟར་བབས་པས། ཡིག་འབྲུ་འཇའ་ཚོན་གྱི་ཀློང་ན་ལྷ་སྐུ་ལྟར་གསལ་བ་འོད་དུ་ལྟེམ་གྱིས་ཞུ༷་བ༷་ལ༵ས། དབྱིངས་ལས་ཡེ་ཤེས་དང་ཀློང་ལས་ཐུགས་རྗེ་རང་ཤར་བའི་ཚུལ་དུ་ཆོས་སྐུའི་ཡེ་ཤེས་ཆེན་པོ་ཉིད་གཟུགས་སྐུ་དཔལ་ཆེན་ཁྲོ་བོའི་སྐུར་བཞེངས་པ་ནི། དཔེར་ན་

རིན་པོ་ཆེ་ཞུ༷་ལུ༷གས་སུ་བླུགས་པའི་ཞུ༷ན་སྐུ༷་ལྟ༷ར་གྲུབ་པ་ལས་འོད་ཀྱི་འཕྲོ་འདུ་སོགས་མི་བྱ་བར། སངས་རྒྱས་ཐམས་ཅད་སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེའི་བད༷ག་ཉི༷ད་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་དབྱེར་མེད་པའི་རང་བྱུང་གི་ཡེ་ཤེས་དེ་ཉིད་ཆེ་བའི་ཆེ༷་མཆོ༷ག་དཔལ་ཧེ༷་རུ༷་ཀ༷ཡབ་ཡུམ་གྱི་སྐུར་ལམ་གྱིས་གསལ་བ་སྟེ། དེ་ཡང་ཡེ་ཤེས་གསལ་བའི་རང་མདངས་ལས་ཤར་བའི་ཡབ་དཔལ་ཆེན་པོ་ཉིད། ཟུང་འཇུག་ངོ་བོ་ཡེ་ཤེས་ཀྱི་རང་བཞིན་གྱི་སྐུ་མདོག་སྨུག་ལ་མི་འགྱུར་བས་ནག་པ། སྐུ་གསུང་ཐུགས་ལྷུན་གྱིས་གྲུབ་པས་ཞ༷ལ་གསུ༷མ། ཡེ་ཤེས་དྲུག་གི་རང་བཞིན་གྱིས་ཕྱ༷ག་དྲུ༷ག །ཕྲིན་ལས་བཞི་ལྷུན་གྱིས་གྲུབ་པས་ཞ༷བས་བཞི༷། ས་ལམ་ཐམས་ཅད་ལྷུན་གྲུབ་གདོད་མའི་ཀློང་དུ་རྫོགས་པས་གྱད་ཀྱི་འདོར་སྟབས་སུ་བགྲ༷ད་པ། གཡ༷ས་ཞལ་སྣང་སྟོང་སྤྲུལ་སྐུའི་རང་བཞིན་དཀ༷ར་བ། གཡོ༷ན་ཞལ་བདེ་སྟོང་ལོངས་སྐུའི་རང་བཞིན་གྱིས་དམ༷ར་བ། དབུ༷ས་ཞལ་ཡེ་སྟོང་ཆོས་སྐུའི་རང་བཞིན་གྱིས་སྨུ༷ག་ན༷ག་ཏུ་འབར་བ། མ་རིག་རྩད་ནས་གཅོད་པའི་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པས་རྡོ༷་རྗེ་༷རྩེ་ལྔ་པ། དུག་གསུམ་དབྱིངས་སུ་སྒྲོལ་བ་སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པས་ཁ༷་ཊཱཾ༷། བདག་འཛིན་དབྱིངས་སུ་སྟོང་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་རྔེ༷འུ་༷ཆུ༷ང་རྣམས་གཡ༷ས་དང་། འདི་དེང་སང་ཅང་ཏེའུ་བྱེད་ཀྱང་། ཧེ་རུ་ཀ་རོལ་པ་ལས། ཡུལ་མེད་མ་སྐྱེས་ཆོས་སྐུའི་རྔ་སྒོ་མ། །འཛིན་པ་བདག་མེད་རིག་པའི་དབྱུ་གུས་བརྡུངས། །ཞེས་གསུངས་པས་རྔ་ཡིན་པར་ངེས་སོ། །འཁོར་བ་ཀ་ནས་དག་པ་ཆོས་སྐུའི་ཕ་རོལ་ཏུ་ཕྱིན་པས་དྲི༷ལ་བུ༷། གཟུང་འཛིན་དབྱིངས་སུ་བསྒྲལ་བའི་ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པས་བྷ༷ན་དམ༷ར། འཁོར་འདས་དབྱེར་མེད་སྨོན་ལམ་ཕ་རོལ་ཏུ་ཕྱིན་པས་རྒྱུ༷་ཞ༷གས་རྣམས་གཡོ༵ན་

དུའོ། །ཟུང་འཇུག་ཆོས་སྐུར་འཕོ་འགྱུར་བྲལ་པས་རྩ་བའི་ཕྱག་གཉིས་ཡུམ་ལ་འཁྱུད་པ། རང་བྱུང་ཡེ་ཤེས་རང་ཤར་འགག་མེད་དུ་གསལ་བས་ཕྱག་ལྷག་བཞི་གཡས་གཡོན་དུ་གདེངས་པ། ཡེ་ཤེས་སྟོང་པའི་རང་མདངས་ཡུ༷མ་ཆེ༷ན་མོ་ཀྲོ༷་ངྷི༷་ཤྭ༷་རི༷་མ༵། ཆོས་དབྱིངས་ཐིག་ལེ་ཉག་གཅིག་གི་ཞལ་གཅིག །རིག་སྟོང་དབྱེར་མེད་པས་ཕྱག་གཉིས། དབྱིངས་ཀ་དག་གི་ཡེ་ཤེས་ཀྱིས་སྐུ་མདོག་མཐིང་གའམ་དོང་སྤྲུག་གཙོར་སྟོན་གྱི་དབང་གིས་བརྒྱ་ཕྱག་ལས། རྒྱ༷ན་ཆ༷་སྐུ༷་མདོ༷ག་ཡ༷བ་དང་འདྲ༷་བ་ལ༵། བདེ་ཆེན་ལྷན་སྐྱེས་ཀྱི་གཟི༷ག་ལྤགས་རློན་པའི་ཤ༵མ་ཐབས་དང་། གཡས་དགོངས་པ་མི་འགྱུར་བས་རྡོ་རྗེ་རྩེ་ལྔ་(ཐོགས་ཏེ་)ཡབ་ལ་འཁྱུད་ཅིང་། གཡོན་སྣང་སྟོང་དབྱེར་མེད་ཟུང་འཇུག་གིས་དུ༷ང་ཁྲ༷ག་ཡ༷བ་ལ༷་སྟོ༷བ་པ། བདེ་སྟོང་གཉིས་སུ་མེད་པས་ཞབས་གཉིས་བརྐྱང་བསྐུམ་དུ་འཁྲིལ་བ་ཙམ་ཁྱད་པར་རོ། །དེ་ལྟ་བུའི་སྟོང་ཉིད་དང་སྙིང་རྗེ་དབྱེར་མི་ཕྱེད་པའི་རང་བཞིན་ཁྲག་འཐུང་དཔལ་ཆེན་ཡབ་ཡུམ་གྱི་ཞབས་གཉིས་འཁོར་འདས་ཆོས་སྐུར་རྫོགས་པས། ན༷མ་མཁ༷འ་ལྡི༷ང་ཁྱུ༷ང་ཆེ༷ན་ཟུང་གཡས་གཡོན་དུ་བལྟ་ཞིང་བཏེག་པའི་སྡེར་མོས་བདག་མེད་དེ་བཞིན་ཉིད་རྟོགས་པའི་བརྡར་རཱུ་ཏྲ་ཕོ་ཁ་སྦུབ་ཏུ་འགྱེལ་བའི་སོག་ཕྲག་དང་། མོ་གན་རྐྱལ་གྱི་ནུ་མདོ་རུ་གཟེར་བ། རྟོག་མེད་ལྷུན་གྱིས་གྲུབ་པས་རྡོ་རྗེ་རི༷ན་ཆེ༷ན་གྱི་བྲ༵ག་རིའི་སྟེང་ན་ཐུགས་རྗེ་ཆགས་པ་ཆེན་པོས་སྣ༷་ཚོ༷གས་པ༷དྨ་འབུམ་བརྡལ་བར་མཁྱེན་པ་དང་གཟིགས་པ་ཟུང་དུ་འཇུག་པས་ཟླ་ཉི༷འི་གད༷ན་གྱི་སྟེ༷ང་དུ༷་འགྱེལ་བ། སྐུ་དང་ཡེ་ཤེས་སྣ་ཚོགས་འདུ་འབྲལ་མེད་པས་འཇའ་འོད་དང་མེ་དཔུང་གི་ཀློང་ན་བཞུགས་པ་སྟེ། རང་སྣང་ཡེ་ཤེས་ཀྱི་ལྷ་སྐུ་དེ་དག་གསལ་སྟོང་དབྱེར་མེད་མ༷་ཡེ༷ངས་པའི་ཡི༷ད་ཡུ༷ལ་དུ་གས༷ལ་བ༷ར་བསྒོ༵མ་མོ། །ༀ༷་ནི་ཡེ་ཤེས་ལྔའམ་རྡོ་རྗེ་

གསུམ་གྱི་བདག་ཉིད་རབ་བསྔགས་ཀྱི་ས་བོན་ཏེ། ཧེ་རུ་ཀ་རོལ་པར། ཨ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས། ཟླ་ཚེས་མེ་ལོང་ལྟ་བུའི་ཡེ་ཤེས། རྣ་རུ་སོ་སོར་རྟོག་པའི་ཡེ་ཤེས། མ྄་མཉམ་པ་ཉིད་ཀྱི་ཡེ་ཤེས། ཨ་ལ་བཏགས་པ་བྱ་བ་ནན་ཏན་གྱི་ཡེ་ཤེས། ཞེས་གསུངས་པ་ཤེས་དགོས་སོ། །མ༷་ཧཱ༷་ཆེན་པོ། ཀྲོ་ངྷའམ་ཀྲོ་ཏ་ཁྲོ་བོ། མ༷་ཧཱ༷་ཆེན་པོ། ཤྲཱི༷་དཔལ། ཧེ༷་ནི་ཧེ་ལ་སྟེ་སྤྱོད་ཅིང་རྩེན་པ། རུ༷་ནི་རུ་ཏི་ར་སྟེ་ཁྲག །ཀ༷་བདག་པོའི་སྒྲ་སྟེ་ཁྲག་ལ་རོལ་བའི་དོན་གྱིས་ཁྲག་འཐུང་ངོ་། །ཧཱུ༷ྃ་རྩ་བའི་ས་བོན་ནོ། །ཕ༷ཊ྄ཿབཀས་པར་གྱིས་ཤིག །མ༷་ཧཱ༷་ཆེན་པོ། ཀྲོ༷་ངྷི༷་ཁྲོ་མོ། ཤྭ༷་རི༷་དབང་ཕྱུག་མ། སྟྭཾ༷་འདུད་པའི་དོན་ནོ། །འདི་ནས་བཟུང་ༀ་རྣམས་སྐུ། སྔགས་དངོས་གཞི་གསུང་། ཧཱུྃ་ཐུགས་ཡིན་ཞེས་སྣང་། འདིར་ལྷ་རིགས་ཀྱི་སྐུ་མདོག་ལ་ནག་པོའི་སྒྲ་ཡོད་པ་ནི་ཆོས་ཉིད་མི་འགྱུར་བའི་དོན་ཡིན་པས་སྦྱར་རོ། །གཉིས་པ་ལ་ལྔ་སྟེ། དང་པོ་ནིཡང་ཧཱུ༷ྃ་ཞེས་ཆོ་འཕྲུལ་གྱི་སྒྲས་དཔལ་ཆེན་པོ་ཆེ༷་མཆོ༷ག་ཡ༷བ་ཡུ༷མ་གྱི་ཐུ༷གས་ཀ༷་ན༵ས། ཆོས་དབྱིངས་ཡེ་ཤེས་ཀྱི་རང་བཞིན་་ཧཱུྃ་དྲིལ་མ་རང་གདངས་འོད་ཀྱི་ཐིག་ལེ་སྨུག་པོས་བརྒྱན་པ་འཕྲོས། དབུས་ཀྱི་གཙོ་བོའི་མདུན་དུ་བབས་པས་འོད་ཀྱི་ཐིག་ལེ་ཆེར་གྱུར་པའི་དབུས་ན་ཡིག་འབྲུ་འཇའ་ཚོན་གྱི་ཀློང་ནས་ལྷ་སྐུར་གསལ་བ་ལས་འོད་ཟེར་གྱི་འཕྲོ༷་འདུ༷ས་དོ༷ན་གཉི༷ས་བྱ༵ས་ཏེ་འོད་དུ་ཞུ༷་བ༷་ནི། རིན་པོ་ཆེ་ཞུ༷་ལུ༷གས་སུ་བླུགས་པའི་ཞུ༷ན་སྐུ༷་ལྟ༷ར། སངས་རྒྱས་ཐམས་ཅད་ཀྱི་སྐུ་རྡོ་རྗེའི་བད༷ག་ཉིད༷་བཅོམ་ལྡན་འདས་བུ༷ངྔྷ༷་ཧེ༷་རུ༷་ཀ༷་ཡབ་ཡུམ་གྱི་སྐུར་ལམ་གྱིས་གསལ་བ་སྟེ། དེ་ཡང་ཡེ་ཤེས་གསལ་བའི་རང་མདངས་ལས་ཤར་བས་ན་ཡབ་སངས་རྒྱས་ཁྲག་འཐུང་། སྣང་སྟོང་སྐུའི་ཡེ་ཤེས་ཀྱི་སྐུ་མདོག་སྨུག་ནག །སྐུ་གསུང་ཐུགས་ལྷུན་གྱིས་གྲུབ་པས་ཞ༷ལ་གསུ༷མ། ཕ་རོལ་ཕྱིན་པ་དྲུག་གི་

ཕྱ༷ག་དྲུ༷ག །རྫུ་འཕྲུལ་གྱི་རྐང་པ་བཞིའི་ཞ༷བས་བཞི༷། ས་ལམ་ཐམས་ཅད་ལྷུན་གྲུབ་གདོད་མའི་ཀློང་དུ་རྫོགས་པས་གྱད་ཀྱི་འདོར་སྟབས་སུ་བགྲ༷ད་པ། གཡས་ཞལ་སྣང་སྟོང་སྤྲུལ་སྐུའི་རང་བཞིན་གྱིས་དཀ༷ར་བ། གཡོ༷ན་ཞལ་བདེ་སྟོང་ལོངས་སྐུའི་རང་བཞིན་གྱིས་དམ༷ར་བ། དབུ༷ས་ཞལ་ཡེ་སྟོང་ཆོས་སྐུའི་རང་བཞིན་གྱིས་སྨུ༷ག་ན༷ག་ཏུ་འབར་བ། གཏི་མུག་རྩད་ནས་གཅོད་པས་ཆོས་དབྱིངས་ཡེ་ཤེས་ཀྱི་འཁོ༷ར་ལོ།༷འཁྲུལ་རྟོག་རྩད་ནས་གཅོད་པས་རྟོག་མེད་ཀྱི་དགྲ༷་སྟྭ། མཐའ་གཉིས་གཅོད་པས་ཐུགས་རྗེའི་ར༷ལ་གྲི༷་རྣམས་གཡ༷ས་དང་། འཁོར་བ་དབྱིངས་སུ་སྟོང་པས་ཤེས་རབ་ཀྱི་དྲི༷ལ་བུ༷། ཉོན་མོངས་འཇོམས་པའི་ཐོ༷ང་གཤོ༷ལ། གཟུང་འཛིན་དབྱིངས་སུ་བསྒྲལ་བས་ཟུང་འཇུག་གི་བྷ༷ན་དམ༷ར་རྣམས་གཡོ༷ན་དུའོ། །ཟུང་འཇུག་ཆོས་སྐུར་འཕོ་འགྱུར་བྲལ་བས་རྩ་བའི་ཕྱག་གཉིས་ཡུམ་ལ་འཁྱུད་པ། རང་བྱུང་ཡེ་ཤེས་རང་ཤར་འགག་མེད་དུ་གསལ་བས་ཕྱག་ལྷག་མ་བཞི་གཡས་གཡོན་དུ་གདེངས་པ། ཡེ་ཤེས་སྟོང་པའི་རང་མདངས་བུ༷ངྔྷ༷་ཀྲོ༷་ངྷི༷་ཤྭ༷་རི༷་མ༵། ཆོས་དབྱིངས་ཐིག་ལེ་ཉག་གཅིག་གི་ཞལ་གཅིག །རིག་སྟོང་དབྱེར་མེད་པས་ཕྱག་གཉིས། དབྱིངས་ཀ་དག་གི་ཡེ་ཤེས་ཀྱིས་སྐུ་མདོག་དམར་ནག་གམ་བག་ཆགས་རང་གྲོལ་ལས་གསུངས། རྒྱ༷ན་དང་ཆ༷་ལུགས་སྐུ༷་མདོ༷ག་སོགས་ཡ༷བ་དང་འདྲ༷་བ་ལ༷། བདེ་ཆེན་ལྷན་སྐྱེས་ཡེ་ཤེས་ཀྱི་གཟི༷ག་ལྤགས་རློན་པའི་ཤ༷མ་ཐབས་དང་། གཡས་དགོངས་པ་མི་འགྱུར་བའི་འཁོར་ལོ་(ཐོགས་ཏེ་)ཡབ་ལ་འཁྱུད་ཅིང་གཡོན་དབྱིངས་རིག་ཟུང་འཇུག་གི་དུ༷ང་དམ༷ར་ཡ༷བ་ལ༷་སྟོ༵བ་པ། བདེ་སྟོང་གཉིས་སུ་མེད་པས་ཞབས་གཉིས་བརྐྱང་བསྐུམ་དུ་འཁྲིལ་བ་ཙམ་ཁྱད་པར་རོ། །དེ་ལྟར་ཐབས་ཤེས་དབྱེར་མི་ཕྱེད་པའི་རང་བཞིན་ཁྲག་འཐུང་དཔལ་ཆེན་ཡབ་

ཡུམ་གྱི་ཞབས་གཉིས་གཏི་མུག་དབྱིངས་སུ་དག་པས་བྱོ༷ལ་སོ༷ང་གི་གཙོ༷་བོ༷་སྟོབས་ལྡན་ཁྱུ་མཆོག་སེང་གེ་ཟུང་གིས་བཏེག་པའི་སྤར་བས་བདག་མེད་དེ་བཞིན་ཉིད་ཀྱི་རཱུ་ཏྲ་ཕོ་མོ་ཁ་སྦུབ་དང་གན་རྐྱལ་དུ་བསྒྱེལ་བའི་སོག་ཕྲག་དང་ནུ་མདོ་རུ་བརྫིས་པ། རྟོག་མེད་ལྷུན་གྱིས་གྲུབ་པས་རྡོ་རྗེ་རི༷ན་ཆེ༷ན་གྱི་བྲ༵ག་རིའི་སྟེང་ན། ཐུགས་རྗེ་ཆགས་པ་ཆེན་པོས་སྣ༷་ཚོ༷གས་པ༷དྨ༷་འབུམ་བརྡལ་བར། མཁྱེན་པ་དང་གཟིགས་པ་ཟུང་དུ་འཇུག་པས་ཉིི༷༷་གད༷ན་གྱི་སྟེ༷ང་དུ༷། མ༷་ཡེ༷ངས་ཡི༷ད་ཡུ༷ལ་དུ་གས༷ལ་བ༷ར་བསྒོ༵མ་མོ། །ༀ༷་ནི་ཡེ་ཤེས་ལྔའམ་རྡོ་རྗེ་གསུམ་གྱི་བདག་ཉིད་རབ་བསྔགས་ཀྱི་ས་བོན། བུ༷ངྔྷ༷་སངས་རྒྱས། ཀྲོ༷་ཏ་ཁྲོ་བོ། མ༷་ཧཱ༷་ཆེན་པོ། ཤྲཱི༷་དཔལ། ཧེ༷་ནི་ཧེ་ལ་སྟེ་སྤྱོད་ཅིང་རྩེན་པ། རུ་ནི་རུ་ཏི་ར་སྟེ་ཁྲག །ཀ་བདག་པོའི་སྒྲ་སྟེ་ཁྲག་ལ་རོལ་བའི་དོན་གྱིས་ཁྲག་འཐུང་ངོ་། །ཧཱུ༷ྃ་རྩ་བའི་ས་བོན་ནོ། །ཕ༷ཊ་བཀས་པར་གྱིས་ཤིག །བུ༷ངྔྷ༷་སངས་རྒྱས། ཀྲོ༷་ངྷི༷་ཁྲོ་མོ། ཤྭ༷་རི༷་དབང་ཕྱུག་མ། སྟྭ༷ཾ་འདུད་པའི་དོན་ནོ། །ལས་བྱང་ཆུང་བ་ན་ཆེ་མཆོག་མེད་པ་ནི། དམ་པ་རིགས་བརྒྱར་བསྡུ་ཕྱིར་བུངྔྷ་ཧེ་རུ་ཀར་ཆེ་མཆོག་ཏུ་བསྡུས་པར་ཟད་དེ་ཀློང་བཤགས་བརྗོད་པ་རང་གྲོལ་སོགས་ཀྱིས་ཤེས་ལ། འོན་ཀྱང་ཆེ་མཆོག་གི་གདན་གྱི་སྟེང་ན་བུངྔྷ་ཧེ་རུ་ཀ་བསྒོམ་དགོས་པར་འདུག་སྟེ། ཆོས་ཉིད་བར་དོའི་གསལ་འདེབས་ལས། ཁྱུང་གིས་བཏེག་པའི་གདན་ལ་བརྐྱང་བསྐུམ་དུ་བཞུགས་པ་ཞེས་གསུངས་པའི་ཕྱིར་རོ། །གཉིས་པ་ནི། ཡང་ཧཱུ༷ྃ་ཞེས་ཆོ་འཕྲུལ་གྱི་སྒྲས་ར༷ང་བྱུ༷ང་གི་དཀྱི༷ལ་འཁོ༷ར་ཆེན་པོའི་འཁོར་ལོའི་ཤ༷ར་རྩིབས་ཀྱི་དབུ༷ས་སུ༵་ཆེ༷་མཆོ༷ག་ཡ༷བ་ཡུ༷མ་གྱི་ཐུ༷གས་ལ༷ས་མེ་ལོང་ཡེ་ཤེས་ཀྱི་རང་བཞིན་་ཧཱུྃ་དྲིལ་མ་རང་མདངས་འོད་ཀྱི་ཐིག་ལེ་མཐིང་ཀས་

བརྒྱན་པ་འཕྲོས། འོད་ཀྱི་ཐིག་ལེ་ཆེར་གྱུར་པའི་དབུས་ན་ཡིག་འབྲུ་འཇའ་ཚོན་གྱི་ཀློང་ནས་ལྷ་སྐུར་གསལ་བ་ལྟར་འོད་ཟེར་འཕྲོ་འདུས་དོན་གཉིས་བྱས་ཏེ་ཞུ༷་བ་ནི། རིན་པོ་ཆེའི་ཞུ༷་ལུ༷གས་སུ་བླུགས་པའི་ཞུ༷ན་སྐུ༷་ལྟ༵ར། སངས་རྒྱས་ཐམས་ཅད་ཀྱི་ཐུགས་རྡོ་རྗེའི་བད༷ག་ཉི༷ད་བཅོམ་ལྡན་འདས་བ༷ཛྲ༷་ཧེ་རུ་ཀ་ཡབ་ཡུམ་གྱི་སྐུར་ལམ་གྱིས་གསལ་བ་སྟེ། དེ་ཡང་ཡེ་ཤེས་གསལ་བའི་རང་མདངས་ལས་ཤར་བས་ན་ཡབ་རྡོ་རྗེ་ཁྲག་འཐུང་། རིག་སྟོང་ཐུགས་ཀྱི་ཡེ་ཤེས་ཀྱིས་སྐུ་མདོག་མཐིང་ནག །སྐུ་གསུང་ཐུགས་ལྷུན་གྱིས་གྲུབ་པས་ཞ༷ལ་གསུ༷མ། ཕ་རོལ་ཕྱིན་པ་དྲུག་གི་ཕྱ༷ག་དྲུ༷ག །རྫུ་འཕྲུལ་གྱི་རྐང་པ་བཞིའི་ཞ༷བས་བཞི༷། ས་ལམ་ཐམས་ཅད་ལྷུན་གྲུབ་གདོད་མའི་ཀློང་དུ་རྫོགས་པས་གྱད་ཀྱི་འདོར་སྟབས་སུ་བགྲ༷ད་པ། གཡ༷ས་ཞལ་སྣང་སྟོང་སྤྲུལ་སྐུའི་རང་བཞིན་གྱིས་དཀ༷ར་བ། གཡོ༷ན་ཞལ་བདེ་སྟོང་ལོངས་སྐུའི་རང་བཞིན་གྱིས་དམ༷ར་བ། དབུ༷ས་ཞལ་ཡེ་སྟོང་ཆོས་སྐུའི་རང་བཞིན་གྱིས་མཐི༷ང་ན༷ག་ཏུ་འབར་བ། ཞེ་སྡང་རྩད་ནས་གཅོད་པ་མེ་ལོང་ཡེ་ཤེས་ཀྱི་རྡོ་༷རྗེ༷། ཆགས་སྡང་གཉིས་མེད་བསྒྲལ་བ་ཟུང་འཇུག་གི་བྷ༷ན་ངྷ༷་དམར་བཀང་། བདག་འཛིན་རྩད་ནས་གཅོད་པ་རྟོག་མེད་ཀྱི་དགྲ༷་སྟྭ༷་རྣམས་གཡ༷ས་དང་། འཁོར་བ་དབྱིངས་སུ་སྟོང་པ་ཤེས་རབ་ཀྱི་དྲི༷ལ་བུ༷། གཉིས་འཛིན་དབྱིངས་སུ་བསྒྲལ་བ་ཟུང་འཇུག་གི་བྷ༷ན་དམ༷ར། ཉོན་མོངས་ཐལ་བར་འཇོམས་པ་ཐུགས་རྗེའི་ཐོ༷ང་གཤོ༷ལ་རྣམས་གཡོ༷ན་དུའོ། །ཟུང་འཇུག་ཆོས་སྐུར་འཕོ་འགྱུར་བྲལ་བས་རྩ་བའི་ཕྱག་གཉིས་ཡུམ་ལ་འཁྱུད་པ། རང་བྱུང་ཡེ་ཤེས་རང་ཤར་འགག་མེད་དུ་གསལ་བས་ཕྱག་ལྷག་མ་བཞི་གཡས་གཡོན་དུ་གདེངས་པ། ཡེ་ཤེས་སྟོང་པའི་རང་མདངས་བ༷ཛྲ༷་ཀྲོ༷་ཏི༷༷་ཤྭ༷་རི༷་མ༵། ཆོས་དབྱིངས་ཐིག་ལེ་ཉག་གཅིག་གི་ཞལ་གཅིག །རིག་སྟོང་དབྱེར་མེད་པས་ཕྱག་གཉིས། དབྱིངས་ཀ་དག་གི་ཡེ་ཤེས་ཀྱིས་སྐུ་མདོག་མཐིང་ནག་གམ་རྒྱ༷ན་དང་ཆ༷་ལུགས་སྐུ༷་མདོ༷ག་སོགས་ཡ༷བ་དང་འདྲ༷་བ་ལ༵། བདེ་ཆེན་ལྷན་སྐྱེས་ཡེ་ཤེས་ཀྱི་གཟི༷ག་ལྤགས་རློན་པའི་ཤ༷མ་

ཐབས་དང་། གཡས་དགོངས་པ་ཆོས་ཉིད་མི་འགྱུར་བས་རྡོ་རྗེ་(ཐོགས་ཏེ་)ཡབ་ལ་འཁྱུད་ཅིང་། གཡོན་དབྱིངས་རིག་ཟུང་འཇུག་གི་དུ༷ང་དམ༷ར་ཡ༷བ་ལ༷་སྟོ༷བ་པ། བདེ་སྟོང་གཉིས་སུ་མེད་པས་ཞབས་གཉིས་བརྐྱང་བསྐུམ་དུ་འཁྲིལ་བ་ཙམ་ཁྱད་པར་རོ། །ཞེ་སྡང་དབྱིངས་སུ་སྟོང་པས་བྱོལ་སོང་གི་གཙོ་བོ་གཏུམ་པ་དོམ་ནག་ཟུང་གིས་བཏེག་པའི་སྤར་པས་བདག་མེད་དེ་བཞིན་ཉིད་ཀྱིས་ལྷ་ཆེན་ཕོ་མོ་ཁ་སྦུབ་དང་གན་རྐྱལ་དུ་བསྒྱེལ་བའི་སོག་ཕྲག་དང་ནུ་མདོ་རུ་བརྫིས་པ། རྟོག་མེད་ལྷུན་གྱིས་གྲུབ་པས་རྡོ་རྗེ་རི༷ན་ཆེ༷ན་གྱི་བྲ༷ག་རིའི་སྟེང་ན། ཐུགས་རྗེ་ཆགས་པ་ཆེན་པོས་སྣ་ཚོགས་པདྨ༷་འབུམ་བརྡལ་བར། མཁྱེན་པ་དང་གཟིགས་པ་ཟུང་དུ་འཇུག་པས་ཉི༷་གད༷ན་གྱི་སྟེ༷ང་དུ༷། མ༷་ཡེ༷ངས་ཡི༷ད་ཡུ༷ལ་གས༷ལ་བ༷ར་བསྒོ༵མ་མོ། །ༀ༷་ནི་ཡེ་ཤེས། བ༷ཛྲ༷་རྡོ་རྗེ། ཀྲོ༷་ཏ༷་ཁྲོ་མོ། མ༷་ཧཱ༷་ཆེན་མོ། ཤྲཱི༷་དཔལ། ཧེ༷་རུ༷་ཀ༷་སྔར་ལྟར་རོ། །ཧཱུྃ་རྩ་བའི་ས་བོན་ནོ། །ཕཊ་བཀས་པར་གྱིས་ཤིག༷བ༷ཛྲ༷་རྡོ་རྗེ། ཀྲོ༷་ཏི༷་ཁྲོ་མོ། ཤྭ༷་རི༷་དབང་ཕྱུག་མ། སྟྭཾ༵་འདུད་པའི་དོན་ཏོ། །གསུམ་པ་ནི། ཡང་ཧཱུ༷ྃ་ཞེས་ཆོ་འཕྲུལ་གྱི་སྒྲས་ར༷ང་བྱུ༷ང་གི་དཀྱི༷ལ་འཁོ༷ར་ཆེན་པོའི་འཁོར་ལོའི་ལྷོ༷་རྩིབས་ཀྱི་དབུ༷ས་སུ༵། ཆེ༷་མཆོ༷ག་ཡ༷བ་ཡུ༷མ་གྱི་ཐུ༷གས་ལ༷ས་མཉམ་ཉིད་ཡེ་ཤེས་ཀྱི་རང་རྩལ་་ཧཱུྃ་དྲིལ་མ་རང་མདངས་འོད་ཀྱི་ཐིག་ལེ་སེར་པོས་བརྒྱན་པ་འཕྲོས། འོད་ཀྱི་ཐིག་ལེ་ཆེར་གྱུར་པའི་དབུས་ན་ཡིག་འབྲུ་འཇའ་ཚོན་གྱི་ཀློང་ནས་ལྷ་སྐུར་གསལ་བ་ལྟར་འོད་ཟེར་གྱི་འཕྲོ་འདུས་དོན་གཉིས་བྱས་ཏེ་འོད་དུ་ཞུ༷་བ༷་ནི། རིན་པོ་ཆེ་ཞུ༷་ལུ༷གས་སུ་བླུགས་པའི་ཞུ༷ན་སྐུ༷་ལྟ༷ར། སངས་རྒྱས་ཐམས་ཅད་ཀྱི་ཡོན་ཏན་གྱི་བད༷ག་ཉི༷ད་བཅོམ་ལྡན་འདས་ར༷ཏྣ༷་ཧེ༷་རུ༷་ཀ༵་ཡབ་ཡུམ་གྱི་སྐུར་ལམ་གྱིས་གསལ་བ་སྟེ། དེ་ཡང་ཡེ་ཤེས་གསལ་བའི་རང་མདངས་ལས་ཤར་བའི་ཡབ་རིན་ཆེན་ཁྲག་འཐུང་། གསལ་སྟོང་ཡོན་ཏན་ཡེ་ཤེས་ཀྱི་སྐུ་མདོག་སེར་ནག །སྐུ་གསུང་ཐུགས་ལྷུན་གྱིས་གྲུབ་

པས་ཞ༷ལ་གསུ༷མ། ཕ་རོལ་ཕྱིན་པ་དྲུག་གི་ཕྱ༷ག་དྲུ༷ག །རྫུ་འཕྲུལ་གྱི་རྐང་པ་བཞིའི་ཞ༷བས་བཞི༷། ས་ལམ་ཐམས་ཅད་ལྷུན་གྲུབ་གདོད་མའི་ཀློང་དུ་རྫོགས་པས་འདོར་སྟབས་སུ་བགྲ༷ད་པ། གཡས་ཞལ་སྣང་སྟོང་སྤྲུལ་སྐུའི་རང་བཞིན་གྱིས་དཀ༷ར་བ། གཡོ༷ན་ཞལ་བདེ་སྟོང་ལོངས་སྐུའི་རང་བཞིན་གྱིས་དམ༷ར་བ། དབུ༷ས་ཞལ་ཡེ་སྟོང་ཆོས་སྐུའི་རང་བཞིན་གྱིས་སེ༷ར་ན༵ག་ཏུ་འབར་བ། ང་རྒྱལ་རྩད་ནས་གཅོད་པ་མཉམ་ཉིད་ཡེ་ཤེས་ཀྱི་རི༷ན་ཆེ༷ན། དུག་གསུམ་རྩད་ནས་གཅོད་པ་ཐུགས་རྗེའི་ཁ༷་ཊཱཾ༷། ང་བདག་དབྱིངས་སུ་བཤིག་པ་ཆོས་ཉིད་ཀྱི་བེ༷་ཅོ༷ན་རྣམས་གཡ༵ས་དང་། འཁོར་བ་དབྱིངས་སུ་སྟོང་པའི་ཤེས་རབ་ཀྱི་དྲི༷ལ་བུ༷། ངར་འཛིན་དབྱིངས་སུ་བསྒྲལ་བའི་ཟུང་འཇུག་གི་བྷ༷ན་དམ༷ར། ཁམས་གསུམ་སྲིད་པ་ཡོངས་སྒྲོལ་གྱི་ཐུགས་རྗེའི་ཏྲི༷་ཤུ༷ལ་རྣམས་གཡོ༵ན་དུའོ། །ཟུང་འཇུག་ཆོས་སྐུར་འཕོ་འགྱུར་བྲལ་བས་རྩ་བའི་ཕྱག་གཉིས་ཡུམ་ལ་འཁྱུད་པ། རང་བྱུང་ཡེ་ཤེས་རང་ཤར་འགག་མེད་དུ་གསལ་བས་ཕྱག་ལྷག་མ་བཞི་གཡས་གཡོན་དུ་གདེངས་པ། ཡེ་ཤེས་སྟོང་པའི་རང་མདངས་ར༷ཏྣ༷་ཀྲོ༷་ཏི༷་ཤྭ༷་རི༷་མ༵། ཆོས་དབྱིངས་ཐིག་ལེ་ཉག་གཅིག་གི་ཞལ་གཅིག །རིག་སྟོང་དབྱེར་མེད་པས་ཕྱག་གཉིས། རྒྱ༷ན་དང་ཆ༷་ལུགས་སྐུ༷་མདོ༷ག་སོགས་ཡ༷བ་དང་འདྲ༷་བ་ལ༵། བདེ་ཆེན་ལྷན་སྐྱེས་ཡེ་ཤེས་ཀྱི་གཟི༷ག་ལྤ༷གས་རློན་པའི་ཤ༷མ་ཐབས་དང་། གཡས་དགོངས་པ་མི་འགྱུར་བའི་རིན་པོ་ཆེ་(ཐོགས་ཏེ་)ཡབ་ལ་འཁྱུད་ཅིང་། གཡོན་དབྱིངས་རིག་ཟུང་འཇུག་གི་དུ༷ང་དམ༷ར་ཡ༷བ་ལ༷་སྟོ༵བ་པ། བདེ་སྟོང་གཉིས་སུ་མེད་པས་ཞབས་གཉིས་བརྐྱང་བསྐུམ་དུ་འཁྲིལ་བ་ཙམ་ཁྱད་པར་རོ། །ང་རྒྱལ་དབྱིངས་སུ་སྟོང་པས་བྱོ༷ལ་སོ༷ང་གི་གཙོ༷་བོ༷་བརྗིད་པ་མ་ཧེ་ཟུང་གིས་བཏེག་པའི་སྤར་བས། བདག་མེད་དེ་བཞིན་ཉིད་ཀྱི་རཱུ་ཏྲ་སྟེ་གཤིན་རྗེ་ཕོ་མོ་ཁ་སྦུབ་དང་གན་རྐྱལ་བསྒྱེལ་བའི་སོག་ཕྲག་དང་ནུ་མདོ་རུ་བརྫིས་པ། རྟོག་མེད་ལྷུན་གྱིས་གྲུབ་པས་རྡོ་རྗེ་རི༷ན་ཆེ༷ན་གྱི་བྲ༷ག་རིའི་སྟེང་ན། ཐུགས་རྗེ་ཆགས་

པ་ཆེན་པོས་སྣ༷་ཚོ༷གས་པ༷དྨ༷་འབུམ་བརྡལ་བར། མཁྱེན་པ་དང་གཟིགས་པ་ཟུང་དུ་འཇུག་པས་ཉི༷འི་གད༷ན་གྱི་སྟེ༷ང་དུ༵། མ༷་ཡེ༷ངས་ཡི༷ད་ཡུ༷ལ་དུ་གས༷ལ་བ༷ར་བསྒོ༵མ་མོ། །ༀ༷་ནི་ཡེ་ཤེས་ལྔའམ་རྡོ་རྗེ་གསུམ་གྱི་བདག་ཉིད་རབ་བསྔགས་ཀྱི་ས་བོན། ར༷ཏྣ༷་རིན་པོ་ཆེ། ཀྲོ༷་ཏ༷་ཁྲོ་བོ། མ༷་ཧཱ༷་ཆེན་པོ། ཤྲཱི༷་དཔལ། ཧེ༷་རུ༷་ཀ༷་སྔར་བཞིན་ནོ། །ཧཱུྃ་རྩ་བའི་ས་བོན་ནོ། །ཕ༵ཊ་བཀས་པར་གྱིས་ཤིག །ར༷ཏྣ༷་རིན་ཆེན། ཀྲོ༷་ཏི༷་ཁྲོ་མོ། ཤྭ༷་རི༷་སྟྭཾ༵་རྣམས་སྔར་བཞིན་ནོ། །བཞི་པ་ནི། ཡང་ཧཱུ༷ྃ་ཞེས་ཆོ་འཕྲུལ་གྱི་སྒྲས་ར༷ང་བྱུ༷ང་གི་དཀྱི༷ལ་འཁོ༷ར་ཆེན་པོའི་ནུ༷བ་ཀྱི་དབུ༷ས་སུ༵། ཆེ༷་མཆོ༷ག་ཡ༷བ་ཡུ༷མ་གྱི་ཐུ༷གས་ལ༷ས་སོར་རྟོག་ཡེ་ཤེས་ཀྱི་རང་བཞིན་་ཧཱུྃ་དྲིལ་མ་རང་མདངས་འོད་ཀྱི་ཐིག་ལེ་དམར་པོས་བརྒྱན་པ་འཕྲོས། འོད་ཀྱི་ཐིག་ལེ་ཆེར་གྱུར་པའི་དབུས་ན་ཡིག་འབྲུ་འཇའ་ཚོན་གྱི་ཀློང་ནས་ལྷ་སྐུར་གསལ་བ་ལྟར་་འོད་ཟེར་གྱི་འཕྲོ་འདུས་དོན་གཉིས་བྱས་ཏེ་འོད་དུ་ཞུ༷་བ༷་ནི། རིན་པོ་ཆེའི་ཞུ༷་ལུ༷གས་སུ་བླུགས་པའི་ཞུ༷ན་སྐུ༷་ལྟ༵ར། སངས་རྒྱས་ཐམས་ཅད་ཀྱི་གསུང་རྡོ་རྗེའི་བད༷ག་ཉི༷ད་བཅོམ་ལྡན་འདས་པ༷དྨ༷་ཧེ༷་རུ༷་ཀ༷་ཡབ་ཡུམ་གྱི་སྐུར་ལམ་གྱིས་གསལ་བ་སྟེ། དེ་ཡང་ཡེ་ཤེས་གསལ་བའི་རང་མདངས་ལས་ཤར་བས་ཡབ་པདྨ་ཁྲག་འཐུང་སྣང་སྟོང་སྐུའི་ཡེ་ཤེས་ཀྱི་སྐུ་མདོག་དམར་ནག །སྐུ་གསུང་ཐུགས་ལྷུན་གྱིས་གྲུབ་པས་ཞ༷ལ་གསུ༷མ། ཕ་རོལ་ཕྱིན་པ་དྲུག་གི་ཕྱ༷ག་དྲུ༷ག །རྫུ་འཕྲུལ་གྱི་རྐང་པ་བཞིའི་ཞ༷བས་བཞི༷། ས་ལམ་ཐམས་ཅད་ལྷུན་གྲུབ་གདོད་མའི་ཀློང་དུ་རྫོགས་པས་གྱད་ཀྱི་འདོར་སྟབས་སུ་བགྲ༷ད་པ། གཡས་ཞལ་སྣང་སྟོང་སྤྲུལ་སྐུའི་རང་བཞིན་གྱིས་དཀ༷ར་བ། གཡོ༷ན་ཞལ་བདེ་སྟོང་ལོངས་སྐུའི་རང་བཞིན་གྱིས་དམ༷ར་བ། དབུ༷ས་ཞལ་ཡེ་སྟོང་ཆོས་སྐུའི་རང་བཞིན་གྱིས་དམ༷ར་ན༷ག་ཏུ་འབར་བ། འདོད་ཆགས་རྩད་ནས་གཅོད་པ་སོར་རྟོག་ཡེ་ཤེས་ཀྱི་པ༷དྨ༷འི་སྡོང་བུ། སྟོང་གསུམ་སྲིད་པ་འདུལ་བའི་ཐུགས་རྗེའི་ཁ༷་ཊཱ༷ཾ། ཞེན་རྟོག་རྩད་ནས་བརླགས་པས་རྟོག་མེད་ཀྱི་དབྱུ༷ག་ཏོ༷་རྣམས་གཡ༵ས་དང་།

འཁོར་བ་དབྱིངས་སུ་སྟོང་པས་ཤེས་རབ་ཀྱི་དྲི༷ལ་བུ༷། ཆགས་ཆེན་དབྱིངས་སུ་བསྒྲལ་བས་ཟུང་འཇུག་གི་བྷ༷ན་དམ༷ར། ཉོན་མོངས་པའི་གཉིད་ལས་བསླངས་པས་ཕྲིན་ལས་ཀྱི་རྔེ༷འུ་ཆུ༷ང་རྣམས་གཡོ༵ན་དུ། ཟུང་འཇུག་ཆོས་སྐུར་འཕོ་འགྱུར་བྲལ་བས་རྩ་བའི་ཕྱག་གཉིས་ཡུམ་ལ་འཁྱུད་པ། རང་བྱུང་ཡེ་ཤེས་རང་ཤར་འགག་མེད་དུ་གསལ་བས་ཕྱག་ལྷག་མ་བཞི་གཡས་གཡོན་དུ་གདེངས་པ། ཡེ་ཤེས་སྟོང་པའི་རང་མདངས་པ༷དྨ༷་ཀྲོ༷་ངྷི༷་ཤྭ༷་རི༷་མ༵། ཆོས་དབྱིངས་ཐིག་ལེ་ཉག་གཅིག་གི་ཞལ་གཅིག །རིག་སྟོང་དབྱེར་མེད་པས་ཕྱག་གཉིས། རྒྱ༷ན་དང་ཆ༷་ལུགས་སྐུ༷་མདོག་སོགས་ཡ༷བ་དང་འདྲ༷་བ་ལ། བདེ་ཆེན་ལྷན་སྐྱེས་ཡེ་ཤེས་ཀྱི་གཟི༷ག་ལྤགས་རློན་པའི་ཤ༷མ་ཐབས་དང་། གཡས་དགོངས་པ་ཆོས་ཉིད་མི་འགྱུར་བས་པདྨ་(ཐོགས་ཏེ་)ཡབ་ལ་འཁྱུད་ཅིང་། གཡོན་དབྱིངས་རིག་ཟུང་འཇུག་གི་དུ༷ང་དམ༷ར་ཡ༷བ་ལ༷་སྟོ༵བ་པ། བདེ་སྟོང་གཉིས་སུ་མེད་པས་ཞབས་གཉིས་བརྐྱང་བསྐུམ་དུ་འཁྲིལ་བ། འདོད་ཆགས་དབྱིངས་སུ་དག་པས་བྱོ༷ལ་སོང༷་གི༷་གཙོ༷་བོ༷་གདུག་པ་ཆེན་པོ་གཟིག་ཟུང་གིས་བཏེག་པའི་སྤར་བས། བདག་མེད་དེ་བཞིན་ཉིད་ཀྱི་རཱུ་ཏྲ་སྟེ་ཀླུ་དབང་ཕོ་མོ་ཁ་སྦུབ་དང་གན་རྐྱལ་བསྒྱེལ་བའི་སོག་ཕྲག་དང་ནུ་མདོ་རུ་བརྫིས་པ། རྟོག་མེད་ལྷུན་གྱིས་གྲུབ་པས་རྡོ་རྗེ་རི༷ན་ཆེ༷ན་གྱི་བྲ༷ག་རིའི་སྟེང་ན། ཐུགས་རྗེ་ཆགས་པ་ཆེན་པོས་སྣ༷་ཚོ༷གས་པ༷དྨ༷་འབུམ་བརྡལ་བར། མཁྱེན་པ་དང་གཟིགས་པ་ཟུང་དུ་འཇུག་པས་ཟླ་ཉི༷འི་གད༷ན་གྱི་སྟེ༷ང་དུ༷། མ༷་ཡེ༷ངས་པའི་ཡི༷ད་ཀྱི་ཡུ༷ལ་དུ་གས༷ལ་བ༷ར་བསྒོ༷མ་མོ། །ༀ༷་སྔར་ལྟར། པ༷དྨ༷་སྐད་སོར་བཞག །ཀྲོ༷་ཏ་ཁྲོ་བོ། མ༷་ཧཱ༷་ཆེན་པོ། ཤྲཱི༷་དཔལ། ཧེ༷་ནི་ཧེ་ལ་སྟེ་སྤྱོད་ཅིང་རྩེན་པ། རུ་ནི་རུ་ཏི་ར་སྟེ་ཁྲག །ཀ་བདག་པོའི་སྒྲ་སྟེ་ཁྲག་ལ་རོལ་བའི་དོན་གྱིས་ཁྲག་འཐུང་ངོ་། །ཧཱུ༷ྃ་རྩ་བའི་ས་བོན་ནོ། །ཕ༷ཊ་བཀས་པར་གྱིས་ཤིག་བར་སྔར་ལྟར་རོ། །པ༷དྨ༷་རྒྱ་སྐད་སོར་བཞག །ཀྲོ༷་ཏི༷་ཁྲོ་མོ། ཤྭ༷་རི༷་དབང་ཕྱུག་མ། སྟྭ༷ཾ་འདུད་པའི་དོན་ནོ། །

ལྔ་པ་ནི། ཡང་ཧཱུྃ་ཞེས་ཆོ་འཕྲུལ་གྱི་སྒྲས་རང་བྱུང་གི་དཀྱི༷ལ་འཁོ༷ར་ཆེ༷ན་པོའི༷་བྱང༷་གི་འཁོར་ལོའི་རྩིབས་ཀྱི་དབུ༷ས་སུ༷། ཆེ༷་མཆོ༷ག་ཡ༷བ་ཡུ༷མ་གྱི་ཐུ༷གས་ལ༷ས་བྱ་གྲུབ་ཡེ་ཤེས་ཀྱི་རང་བཞིན་་ཧཱུྃ་དྲིལ་མ་རང་གདངས་འོད་ཀྱི་ཐིག་ལེ་ལྗང་གུས་བརྒྱན་པ་འཕྲོས། འོད་ཀྱི་ཐིག་ལེ་ཆེར་གྱུར་པའི་དབུས་ན་ཡིག་འབྲུ་འཇའ་ཚོན་གྱི་ཀློང་ནས་ལྷ་སྐུར་གསལ་བ་ལྟར་འོད་ཟེར་གྱི་འཕྲོ༷་འདུ༷ས་དོ༷ན་གཉི༷ས་བྱ༵ས་ཏེ་འོད་དུ་ཞུ༷་བ༷་ནི། རིན་པོ་ཆེའི་ཞུ༷་ལུ༷གས་སུ་བླུགས་པའི་ཞུ༷ན་སྐུ༷་ལྟ༷ར། སངས་རྒྱས་ཐམས་ཅད་ཀྱི་ཕྲིན་ལས་ཀྱི་བད༷ག་ཉི༷ད་བཅོམ་ལྡན་འདས་ཀ༷རྨ༷་ཧེ༷་རུ༷་ཀ༷་ཡབ་ཡུམ་གྱི་སྐུར་ལམ་གྱིས་གསལ་བ་སྟེ། དེ་ཡང་ཡེ་ཤེས་གསལ་བའི་རང་མདངས་ལས་ཤར་བས་ན་ཡབ་ལས་ཀྱི་ཁྲག་འཐུང་། གྲགས་སྟོང་ཕྲིན་ལས་ཡེ་ཤེས་ཀྱི་སྐུ་མདོག་ལྗང་ནག །སྐུ་གསུང་ཐུགས་ལྷུན་གྱིས་གྲུབ་པས་ཞ༷ལ་གསུ༷མ། ཕ་རོལ་ཕྱིན་པ་དྲུག་གི་ཕྱ༷ག་དྲུ༷ག །རྫུ་འཕྲུལ་གྱི་རྐང་པ་བཞིའི་ཞ༷བས་བཞི༷། ས་ལམ་ཐམས་ཅད་ལྷུན་གྲུབ་གདོད་མའི་ཀློང་དུ་རྫོགས་པས་གྱད་ཀྱི་འདོར་སྟབས་སུ་བགྲ༷ད་པ། གཡས་ཞལ་སྣང་སྟོང་སྤྲུལ་སྐུའི་རང་བཞིན་གྱིས་དཀ༷ར་བ། གཡོ༷ན་ཞལ་བདེ་སྟོང་ལོངས་སྐུའི་རང་བཞིན་གྱིས་དམ༷ར་བ། དབུ༷ས་ཞལ་ཡེ་སྟོང་ཆོས་སྐུའི་རང་བཞིན་གྱིས་ལྗ༷ང་ན༷ག་ཏུ་འབར་བ། ཕྲག་དོག་རྩད་ནས་གཅོད་པ་བྱ་གྲུབ་ཡེ་ཤེས་ཀྱི་ར༷ལ་གྲི༷། སྲིད་གསུམ་དབྱིངས་སུ་བསྒྲལ་བ་ཐུགས་རྗེའི་ཁ་༷ཊཱཾ༷། འཛིན་རྟོག་རང་སར་བཤིག་པ་ངོ་བོའི་དབྱུག་ཏོ་ལས་བྱང་ཆུང་བར་རྒྱ་གྲམ་རྣམས་གཡས་དང་། འཁོར་བ་དབྱིངས་སུ་སྟོང་པ་ཤེས་རབ་ཀྱི་དྲི༷ལ་བུ༷། གཟུང་འཛིན་དབྱིངས་སུ་བསྒྲལ་བ་ཟུང་འཇུག་གི་བྷ༷ན་དམ༷ར། ཀུན་གཞིའི་ཐ་བ་འཇོམས་པ་ཕྲིན་ལས་ཀྱི་ཐོ༷ང་གཤོ༷ལ་རྣམས་གཡོ༷ན་དུ། ཟུང་འཇུག་ཆོས་སྐུར་འཕོ་འགྱུར་བྲལ་བས་རྩ་བའི་ཕྱག་གཉིས་ཡུམ་ལ་འཁྱུད་པ། རང་བྱུང་ཡེ་ཤེས་རང་ཤར་འགག་མེད་དུ་གསལ་བས་ཕྱག་ལྷག་མ་བཞི་གཡས་གཡོན་དུ་གདེངས་པ། ཡེ་ཤེས་སྟོང་པའི་རང་གདངས་ཀརྨ་ཀྲོ་ངྷི་ཤྭ་རི་

མ། ཆོས་དབྱིངས་ཐིག་ལེ་ཉག་གཅིག་གི་ཞལ་གཅིག །རིག་སྟོང་དབྱེར་མེད་པས་ཕྱག་གཉིས། རྒྱ༷ན་དང་ཆ༷་ལུགས་སྐུ༷་མདོ༷ག་སོགས་ཡ༷བ་དང་འདྲ༷་བ་ལ༵། བདེ་ཆེན་ལྷན་སྐྱེས་ཡེ་ཤེས་ཀྱི་གཟི༷ག་ལྤགས་རློན་པའི་ཤ༵མ་ཐབས་དང་། གཡས་དགོངས་པ་ཆོས་ཉིད་མི་འགྱུར་བས་རྒྱ་གྲམ་(ཐོགས་ཏེ་)ཡབ་ལ་འཁྱུད་ཅིང་། གཡོན་དབྱིངས་རིག་ཟུང་འཇུག་གི་དུ༷ང་དམ༷ར་ཡ༷བ་ལ༷་སྟོ༵བ་པ། བདེ་སྟོང་གཉིས་སུ་མེད་པས་ཞབས་གཉིས་བརྐྱང་བསྐུམ་དུ་འཁྲིལ་བ། ཕྲག་དོག་དབྱིངས་སུ་སྟོང་པས་བྱོ༷ལ་སོ༷ང་གི་གཙོ༷་བོ༷་དཔའ་གཏུམ་ཆེན་པོ་སྟག་ཟུང་གིས་བཏེག་པའི་སྤར་བས། བདག་མེད་དེ་བཞིན་ཉིད་ཀྱི་རཱུ་ཏྲ་སྟེ་གནོད་སྦྱིན་ཕོ་མོ་ཁ་སྦུབ་དང་གན་རྐྱལ་དུ་བསྒྱེལ་བའི་སོག་ཕྲག་དང་ནུ་མདོ་རུ་བརྫིས་པ། རྟོག་མེད་ལྷུན་གྱིས་གྲུབ་པས་རྡོ་རྗེ་རི༷ན་ཆེ༷ན་གྱི་བྲ༵ག་རིའི་སྟེང་ན། ཐུགས་རྗེ་ཆགས་པ་ཆེན་པོས་སྣ༷་ཚོ༷གས་པ༷དྨ༷་འབུམ་བརྡལ་བར། མཁྱེན་པ་དང་གཟིགས་པ་ཟུང་དུ་འཇུག་པས་ཟླ་ཉི༷འི་གད༷ན་གྱི་སྟེང་དུ། མ༷་ཡེ༷ངས་པའི་ཡི༷ད་ཀྱི་ཡུ༷ལ་དུ་གས༷ལ་བ༷ར་བསྒོ༵མ་མོ། །ༀ༷་སྔར་ལྟར། ཀ༷རྨ༷་ཕྲིན་ལས། ཀྲོ༷་ཏ་ཁྲོ་བོ། མ༷་ཧཱ༷་ཆེན་པོ། ཤྲཱི༷་དཔལ། ཧེ༷་ནི་ཧེ་ལ་སྟེ་སྤྱོད་ཅིང་རྩེན་པ། རུ་ནི་རུ་ཏི་ར་སྟེ་ཁྲག །ཀ་བདག་པོའི་སྒྲ་སྟེ་ཁྲག་ལ་རོལ་བའི་དོན་གྱིས་ཁྲག་འཐུང་ངོ་། །ཧཱུ༷ྃ་རྩ་བའི་ས་བོན་ནོ། །ཕ༷ཊ་བཀས་པར་གྱིས་ཤིག །ཀ༷རྨ༷་ཕྲིན་ལས། ཀྲོ༷་ཏི༷་ཁྲོ་མོ། ཤྭ༷་རི༷་དབང་ཕྱུག་མ། སྟྭ༷ཾ་འདུད་པའི་དོན་ནོ། །དེ་ལྟར་དཔལ་ཁྲ༷ག་འཐུ༷ང་གི་རྒྱལ་པོ་གཙོ༷་བོ༷་ཡ༷བ་ཡུ༷མ་བཅུ༷་པོ་དེ་དག་ཐམས་ཅད་ཀྱང་། ངོ་བོ་རང་བཞིན་ཐུགས་རྗེ་གསུམ་གྱི་དཔྲལ་སྨིན་མཚམས་སུ་ཁྲོ༷་བོའི་གཉེ༷ར་མ་གསུམ་གསུམ་དང་ལྡན་པ། བགྲོད་ཐོབ་དམིགས་ལས་འདས་པའི་ས་དང་སྐུ། ཡེ་ཤེས་ཀྱི་སྤྱ༷ན་རྩ༷་དམར་པོ་དགུས་ས་དགུ་འདུལ་བའི་བྱེ་བྲག་གཟིགས་པའི་སྡ༷ང་མི༷ག་ཏུ་བགྲ༷ད་པས་སྟོང་གསུམ་འཇིགས་པར་བྱེད་པ། ཏིང་ངེ་འཛིན་རྣམ་པ་གསུམ་གྱི་ཤངས་གསུམ་ནས་རླུང་ནག་རྡོ་རྗེའི་བུ་ཡུག་འཚུབས། རྣམ་ཐར་

གསུམ་གྱི་ཞལ་གསུམ་རབ་ཏུ་གདངས་པས་དུག་གསུམ་ཟད་པར་རྔུབ། ཐེག་གསུམ་ཕ་མཐར་ཕྱིན་པའི་ལྗགས་གསུམ་གློག་ལྟར་འཁྱུག་ཅིང་ཁམས་གསུམ་ཉུག་པར་བྱེད་པ། ཡེ་ཤེས་བཞིའི་མཆེ་བ་ཟླ་ཚེས་ལྟར་གཙིགས་པས་སྐྱེ་ཤི་རྩད་ནས་གཅོད་པ། ཕར་ཕྱིན་དྲུག་གི་སྙན་གྱིས་འགྲོ་དྲུག་གི་གནས་ནས་ཅི་གསོལ་གསན་པ། འཁོར་འདས་ཀྱི་ཆོས་ཐམས་ཅད་ཆོས་ཉིད་དུ་རྫོགས་པས་དབུ༷་སྐྲ༷་དམ༷ར་སེ༷ར་གྱེ༷ན་དུ༷་འཁྱི༵ལ་བ། ཡུམ་རྣམས་ཐུགས་རྗེ་ཆགས་པ་ཆེན་པོའི་ཡེ་ཤེས་ཀྱི་དབུ་སྐྲ་ཐུར་དུ་གྲོལ་བ། མ་འགགས་ཐུགས་རྗེ་ཡེ་ཤེས་ཀྱི་སྨ༷་ར༷་ཨ༷ག་ཚོ༷མ་དང་སྨིན་མཚམས་ནས་མེ་དང་ཁྲོ་བོའི་ཚྭ༷་ཚྭ༷་འཕྲོ༵་བ། རྣམ་དག་སྐུ་ལྔའི་ཡེ་ཤེས་ཀྱི་ཐོ༷ད་སྐ༷མ་རི༷ན་ཆེ༷ན་རྩེ་ཕྲན་དང་ལྡན་པས་དབུ༷་ལ༷་བརྒྱ༵ན་པ༷། ཐབས་ཤེས་ཟུང་དུ་འབྲེལ་བའི་ཉི་ཟླའི་དཀྱིལ་འཁོར་གྱིས་སྙན་གོང་དུ་ཅོ༷ད་པ༷ཎ་བྱས་པ། འདི་གསལ་བའི་ཆས་དགོས་ཕྱིར་འདི་ལྟར་ཡིན་ལ། ལ་ལར་དར་གྱི་ཅོད་པཎ་ཟེར་ཡང་སྐབས་འདིར་མི་ལེགས། དུག་གསུམ་དབང་དུ་བྱེད་ཅིང་སྐུ་གསུམ་དུ་སྒྲོལ་བའི་ཐོད་ཕྲེང་དབང་སྒྲོལ་གྱི་རྒྱན་ཏེ་མི་མགོ་སྐམ་རྙིད་རློན་གསུམ་གྱི་དོ་ཤལ་བྱས་ཤིང་། དུག་ལྔ་དབང་དུ་བྱེད་ཅིང་ཡེ་ཤེས་ལྔར་རྫོགས་པའི་ཀླུ་བརྒྱད་ཀྱི་རྒྱན་སྣ་ཚོགས་པས་འཇིགས་པར་བྱས་པ་སྟེ། དེ་ཡང་རྒྱལ་རིགས་དཀར་ཁྲས་དབུ་སྐྲ་བཅིངས་པ། རྗེའུ་རིགས་སེར་པོས་སྙ༷ན་ཆ༷་དང་དཔུང་རྒྱན་བྱས། བྲམ་ཟེ་དམར་པོས་སེ་མོ་དོ་དང་མགུ༷ལ་ཆུ༷ན། དམངས་རིགས་ལྗང་གུས་དོ་ཤལ་འོག་ཏུ་བཤད་པའི་གདུ་བུ་བཅས་གདུག་པ་སྦྲུ༵ལ་གྱི་རྒྱན་ཅེས་རྣམ་པའང་དེའོ། །སྐུའི་རིགས་ཀྱི་དང་ཡེ་ཤེས་ཐམས་ཅད་ཡེ་ནས་རྫོགས་པའི་ཐེག་པ་མཆོག་གི་རྒྱན་སྟོབས་བཅུ་གླང་ཆེན་གྱི་ཀོ་བ་དང་། གསུང་གི་རིགས་ཀྱི་སྐུ་དང་ཡེ་ཤེས་ཐམས་ཅད་ཡེ་ནས་

རྫོགས་པའི་ཚུལ་ཁྲིམས་གོས་ཀྱི་རྒྱན་མི༷་ལྤ༷གས་ཀྱི་གཡང་གཞི་སྟོ༷ད་གཡོ༷ག་ད༵ང་། སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་རང་བྱུང་གི་ཡེ་ཤེས་ཡེ་ནས་རྫོགས་པའི་འདུལ་བྱེད་ཕྲིན་ལས་ཀྱི་རྒྱན་དཔྲལ་བ་ན་ཐ༷ལ་ཆེ༷ན་གྱི་ཚོམ་བུ་བཀོད་པ། ཐུགས་ཀྱི་རིགས་ཀྱི་སྐུ་དང་ཡེ་ཤེས་ཐམས་ཅད་ཡེ་ནས་རྫོགས་པས་ཐུགས་རྗེ་ཆགས་པའི་རྒྱན་ར༷ཀྟ༷འི་ཐི༷ག་ལེ༷ས་སྨིན་མཚམས་དང་མཁུར་བ་མཛེས་པ། ཕྲིན་ལས་རིགས་ཀྱི་སྐུ་དང་ཡེ་ཤེས་ཐམས་ཅད་ཡེ་ནས་རྫོགས་པའི་དོན་དམ་བཅུད་ཀྱི་རྒྱན་གཟི་ཆེན་ཞག་གི་སོར་རིས་ཀྱིས་ཨག་མ་བརྒྱ༵ན་པ། གདོལ་པ་ནག་ཁྲས་ཕྱ༷ག་གདུ༷བ་དང་ཞ༷བས་གདུ༷བ་བྱས་པ། ཡོན་ཏན་རིགས་ཀྱི་སྐུ་དང་ཡེ་ཤེས་ཐམས་ཅད་ཡེ་ནས་རྫོགས་པའི་དཔའ་བརྟུལ་ཟ་བྱེད་ཀྱི་རྒྱན་སྟ༵ག་གཟི༷ག་གི་པགས་པས་ཤ༷མ་ཐབས་ཅན། ལས་དང་ལས་ཀྱི་འབྲས་བུ་མངོན་དུ་གྱུར་པའིརཱུ༷་ཏྲ༷་ཆེ༷་བ་དང་། ཞིང་བཅུ་པ་སྟེ་ཆུང་བ་གཉིས་ཀྱི་པགས་པའི་མགོ་བོ་མདུན་དང་རྐང་པ་གཉིས་རྒྱབ་ཏུ་མདུད་པས་སྐེ༷་ར༷གས་སུ་བྱས་ཤིང་ལྷག་མ་རྣམས་འཕྱང་འཕྲུལ་དུ་དཔྱངས་པ། འདི་སྔོན་མ་མ་ཏྲཾ་རུ་ཏྲ་བསྒྲལ་བའི་དཔའ་རྟགས་སུ་བཞེས་པར་མཛ༷ད་དོ། །རྡོ་རྗེ་འབར་བའི་སྤུ་གསེབ་ནས་ཡེ་ཤེས་ཀྱི་མེ་དཔུང་མཐའ་མེད་དུ་འབར་བ་བཅས་ཆས་དགུའོ། །གསལ་བའི་ཆས་ཏེ་བཅུ་དང་ལྡན་པ་ནི་གཞུང་གི་དགོངས་པའོ། །གཤོག་པ་ནི་ཞི་ཁྲོ་འདི་དང་རིགས་མཐུན་སྙིང་ཐིག་འགའ་དང་། གསང་སྙིང་ལ་སོགས་པ་ནས་མ་གསུངས་པའི་ཕྱིར། འཁོར་བ་དང་མྱ་ངན་ལས་འདས་པའི་མཐའ་གང་ལའང་མི་གནས་པའི་བརྡ་ལྟ་བུས་མ་བྱས་ཀྱང་ཆོག་མོད། འོན་ཀྱང་བྲིས་ཆ་སོགས་ལ་མཛེས་རྒྱན་དུ་འགྱུར་ཕྱིར་བྱས་ཀྱང་མི་རུང་བར་མ་མཆིས་ཏེ། སྒྱུ་འཕྲུལ་བླ་མ་ལས། ཐབས་དང་ཤེས་རབ་ལྡན་པ་ཡི། །རྡོ་རྗེ་མཐིང་

གི་གཤོག་པ་བརྐྱང་། །ཞེས་གསུངས་པས་སོ། །ལ་ལར་རུས་རྒྱན་ཟེར་ཡང་མ་ངེས་སོ། །སྐུའི་སྐུ་མཚན་དཔེའི་ཡེ་ཤེས་རྫོགས་པས་སྒེ༷ག་པ༷་སྟེ་མཛེས་པ། སྐུའི་གསུང་བརྡ་ཡིས་དོན་སྟོན་པ་ངེས་དོན་གྱི་ཡེ་ཤེས་རྫོགས་པས་དཔ༷འ་བ༷་སྟེ་བརྗིད་པ། སྐུའི་ཐུགས་སྣང་སྟོང་དབྱེར་མེད་ཀྱི་ཡེ་ཤེས་རྫོགས་པས་འཇི༷གས་སུ༷་རུ༵ང་བ་སྟེ་བཟོད་པར་དཀའ་བ། གསུང་གི་སྐུ་གསུང་དབྱངས་ཡན་ལག་དྲུག་ཅུ་དང་ལྡན་པས་རྒོ༷ད་པ་སྟེ་ཐོགས་པ་མེད་པ་ད༷ང་། གསུང་གི་གསུང་ཆོས་ཉིད་ཀྱི་རང་སྒྲ་སྒྲོགས་པས་གཤེ༷་བ་སྟེ་གཏུམ་པའི་ཚིག་ད༷ང་། གསུང་གི་ཐུགས་བརྗོད་མེད་ཀྱི་ཡེ་ཤེས་རྫོགས་པས་རྔ༷མ་པ༷་སྟེ་ང་རོ་དྲག་པོ་ད༷ང་ལྡན་པ། ཐུགས་ཀྱི་སྐུ་མ་འགགས་ཐུགས་རྗེའི་ཡེ་ཤེས་རྫོགས་པས་སྙི༷ང་རྗེ༷་བ་སྟེ་བརྩེ་བ། ཐུགས་ཀྱི་གསུང་རང་བཞིན་ལྷུན་གྲུབ་ཀྱི་ཡེ་ཤེས་རྫོགས་པས་ཞེ་སྡང་བ་སྟེ་ངང་གིས་གྲུབ་པ། ཐུགས་ཀྱི་ཐུགས་ངོ་བོ་ཉིད་འཕོ་འགྱུར་མེད་པའི་ཡེ་ཤེས་ཀྱིས་གཏུ༷མ་པ༷་སྟེ་འབར་བའི་གར་དགུ་དང་ལྡན་པ༷ར་བཞུ༵གས་པའོ། །ཡང་ན་ཐེག་པ་རིམ་པ་དགུའི་ས་ལམ་འབྲས་བུའི་ཡོན་ཏན་ཐམས་ཅད་མ་བཙལ་ལྷུན་གྲུབ་ཏུ་རྫོགས་པས་གར་དགུ་དང་ལྡན་པ་ཞེས་ཀྱང་ཆོག །དགོངས་འདུས་སུ་གདན་ལ་རྫོགས་པར་གསུངས་ཀྱང་འདིར་རྩ་བ་ནས་ཐེག་པ་རིམ་དགུ་རྫོགས་པའི་སྐུར་སྟོན་པ༔ ཞེས་གསུངས་པའི་ཕྱིར་རོ། །རྒྱས་པར་ནི་སྙིང་རྗེ་རོལ་པ་ཆེན་པོའི་རྒྱུད་ལས། ཡོན་ཏན་གྱི་བརྗིད་ལ་ཕྲིན་ལས་ཀྱི་རྔམས་སུམ་ཅུ་རྩ་དྲུག་སོགས་གསུངས་པ་ལྟར་མ༷་ཡེ༷ངས་པའི་ཡི༷ད་ཀྱི༷་ཡུ༷ལ་དུ་མངོན་སུམ་ལྟར་གས༷ལ་བ༷ར་བསྒོ༵མ་མོ། །འདིར་ཁྲག་འཐུང་རིགས་ལྔའི་གདན་ལ་བྱོལ་སོང་གཙོ་བརྒྱད་བྱེད་པ་དང་། བུདྡྷ་ཧེ་རུ་ཀ་གཅིག་པུར་གཙོ་བརྒྱད་བྱེད་པ་དང་། ཞི་བའི་གདན་ཁྲི་ཇི་བཞིན་པ་སོགས་གང་དྲན་སྣ་ཚོགས་པ་དང་། རྩ་

ཚིག་ཡང་གཙོ་བརྒྱད་ཟེར་བའི་ཡིག་ནོར་དང་། གཙོ་བོ་ཟེར་བའི་ཡིག་ཆ་གཉིས་བྱུང་བས་ཉེས་པ་སྤང་དུ་མེད་པ་ལྟར་གྱུར་མོད། འོན་ཀྱང་ལས་བྱང་ཆེ་བར་བྱོལ་སོང་གཙོ་བོ་རིན་ཆེན་བྲག༔ ཅེས་གསུངས་པ་ནི་ཡིག་ཆ་མཚུངས་པ་དང་། དཀྱིལ་འཁོར་གྱི་སྤྱི་དཔལ་ཆེ་མཆོག་ལ་ཁྱུང་གི་གདན་ཡོད་པར་དངོས་སུ་བསྟན་པ་དང་། གཙོ་འཁོར་གྱི་གདན་གོ་ལོག་པ་གསར་རྙིང་གི་དཀྱིལ་འཁོར་གང་དུའང་མ་མཆིས་པ་དང་། རིགས་མཐུན་ཞི་ཁྲོ་བཀའ་གཏེར་མང་པོའི་དགོངས་པ་གཅིག་ཏུ་བབས་པ་ནི། སྒྱུ་འཕྲུལ་གསང་སྙིང་ལས། ཁྱུ་མཆོག་མ་ཧེ་གཟིག་དང་སྟག །གཏུམ་པ་དོམ་གྱི་སྤར་བས་ནི། །ལྷ་ཆེན་དབང་ཕྱུག་ལ་སོགས་བཟུང་། །ཞེས་གསུངས་པ་ལྟར་འདིར་ཁྲག་འཐུང་རེ་རེ་ལ་བྱོལ་སོང་རེ་རེ་ཟུང་དུ་བྱས་པས་ན་ཕྱོགས་འདི་ཀླན་ཀ་སྤུ་ཙམ་མེད་པས་ཡིད་བརྟན་རུང་བར་ཡོད་དོ། །གཞན་ཡང་ན་རཀ་སྐོང་བཤགས་སོགས་ཀྱི་དུས་སུ། མཚམས་བཞིའི་འཁོར་ལོའི་རྩིབས་རྣམས་སུ། ལུང་གི་ཧེ་རུ་ཀ་ཡབ་ཡུམ་རྣམས་བསྒོམ་པར་བྱ་སྟེ། དེ་ཡང་ཤར་ལྷོར་སྟོང་ཉིད་ཡེ་ཤེས་ཀྱི་རང་བཞིན་རཀྴ་ཧེ་རུ་ཀ་ཡབ་ཡུམ་དང་། ལྷོ་ནུབ་ཏུ་འདའ་ཀ་ཡེ་ཤེས་ཀྱི་རང་བཞིན་ས་ནུ་ཧེ་རུ་ཀ་ཡབ་ཡུམ་དང་། ནུབ་བྱང་དུ་དབྱིངས་སྒྲོལ་ཡེ་ཤེས་ཀྱི་རང་བཞིན་གུ་ཧྱ་ཧེ་རུ་ཀ་ཡབ་ཡུམ་དང་། བྱང་ཤར་དུ་ཀློང་གྱུར་ཡེ་ཤེས་ཀྱི་རང་བཞིན་ཡཀྴ་ཧེ་རུ་ཀ་ཡབ་ཡུམ་གྱི་སྐུ་ལམ་གྱིས་གསལ་བ་སྟེ། དེ་ཡང་ཡེ་ཤེས་གསལ་བའི་རང་མདངས་ལས་ཤར་བའི་ཡབ་རྣམས་ཡེ་ཤེས་བཞིའི་རང་བཞིན་གྱི་སྐུ་མདོག་རིམ་བཞིན་མཐིང་སེར་དུད་ཁ་ལྗང་གུའོ། །སྐུ་གསུང་ཐུགས་ལྷུན་གྱིས་གྲུབ་པའི་ཞལ་གསུམ། ཕ་རོལ་ཏུ་ཕྱིན་པ་དྲུག་གི་ཕྱག་དྲུག །རྫུ་འཕྲུལ་གྱི་རྐང་པ་བཞིའི་ཞབས་བཞི། ས་ལམ་ཐམས་ཅད་ལྷུན་གྲུབ་

གདོད་མའི་ཀློང་དུ་རྫོགས་པའི་གྱད་ཀྱི་འདོར་སྟབས་སུ་བགྲད་པ། དེ་ཡང་རཀྴའམ་སྲིན་པོ་ཧེ་རུ་ཀ་ནི། གཡས་ཞལ་སྣང་སྟོང་སྤྲུལ་སྐུའི་རང་བཞིན་གྱིས་དཀ༷ར་བ། གཡོ༷ན་ཞལ་བདེ་སྟོང་ལོངས་སྐུའི་རང་བཞིན་གྱིས་དམ༷ར་བ། དབུ༷ས་ཞལ་ཡེ་སྟོང་ཆོས་སྐུའི་རང་བཞིན་གྱི་མཐིང་བ། ལོག་རྟོག་རྩད་ནས་གཅོད་པའི་རྡོ་རྗེ། དུག་གསུམ་རྩད་གཅོད་ཁ་ཊྭཱཾ། དབྱིངས་རིག་དབྱེར་མེད་རྔེའུ་ཆུང་གཡས་དང་། ཆགས་རྟོག་དབྱིངས་སུ་བསྒྲལ་བའི་བྷན་དམར། ཕྱིན་ཅི་ལོག་རྟོག་འཇོམས་པའི་ཐོ་བ། འཁོར་བ་གནས་ནས་དྲངས་བའི་ཞགས་པ་རྣམས་གཡོན་དུའོ། །ས་ནུའམ་དམ་ཚིག་ཧེ་རུ་ཀ་ནི་ཞལ་གསུམ་གཡས་དཀར་གཡོན་དམར་དབུས་སེར་བ་སྟེ་སྐུ་གསུམ་གྱི་རང་བཞིན། ཕྱོགས་རྟོག་འཇོམས་པའི་ཁ་ཊྭཱཾ། འཁོར་བ་དབྱིངས་སྒྲོལ་རྩེ་གསུམ། སྐྱེ་འགག་གཉིས་མེད་རྔེའུ་ཆུང་རྣམས་གཡས་དང་། ཆགས་ཉམས་དབྱིངས་སུ་བསྐངས་བས་བྷནྡྷ། ཉོན་མོངས་ཐལ་བར་བྱེད་པའི་ཐོད་དབྱུག །སྲིད་པ་རྩ་ནས་གཅོད་པའི་མི་མགོ་རློན་པ་རྣམས་གཡོན་དུའོ། །གུ་ཡའམ་གུ་ཧྱ་ཧེ་རུ་ཀ་ནི་ཞལ་གསུམ་གཡས་དཀར་གཡོན་དམར་དབུས་དུད་ཁ་སྟེ་སྐུ་གསུམ་གྱི་རང་བཞིན། སྐྱེ་འཆི་རྩད་ནས་གཅོད་པའི་གྲི་གུག །མཚན་རྟོག་འཇོམས་པའི་ཁ་ཊྭཱཾ། སྲིད་ཞི་གཉིས་མེད་དབྱུག་ཏོ་རྣམས་གཡས་དང་། སྐྱེ་གནས་དབྱིངས་སུ་༼སྒྲོལ་བའི་༽སྟོང་པའི་བྷན་དམར། གཟུང་འཛིན་སྙིང་ག་འབུག་པའི་མདུང་ཐུང་། འགག་མེད་ཐུགས་རྗེའི་རྔ་ཡབ་རྣམས་གཡོན་དུའོ། །ཡཀྴའམ་གནོད་སྦྱིན་ཧེ་རུ་ཀ་ནི། ཞལ་གསུམ་གཡས་དཀར་གཡོན་དམར་དབུས་ལྗང་གུ་སྟེ་སྐུ་གསུམ་གྱི་རང་བཞིན། སྒྲོལ་འདྲེན་གཉིས་མེད་ཟུང་འཇུག་གི་རྒྱ་གྲམ། མ་རིག་རྩད་གཅོད་རིག་པའི་ཁ་ཊྭཱཾ། བདག་འཛིན་མགོ་བོ་གཅོད་པའི་དགྲ་སྟྭ་རྣམས་གཡས་དང་། ཟུང་འཇུག་བདེ་བ་ཆེན་པོའི་བྷན་དམར། ངར་འཛིན་རྩད་ནས་གཅོད་པའི་རལ་གྲི།

འཛིན་རྟོག་རང་སར་བཤིག་པའི་ཞིང་དབྱུག་རྣམས་གཡོན་དུའོ། །དེ་ལྟར་ལུང་གི་ཧེ་རུ་ཀ་བཞི་ཡང་། ཟུང་འཇུག་ཆོས་སྐུ་འཕོ་འགྱུར་བྲལ་བས་རྩ་བའི་ཕྱག་གཉིས་ཡུམ་ལ་འཁྱུད་པ། རང་བྱུང་ཡེ་ཤེས་རང་ཤར་འགག་མེད་དུ་གསལ་བས་ཕྱག་ལྷག་མ་བཞི་གཡས་གཡོན་དུ་གདེངས་པ། ཡེ་ཤེས་སྟོང་པའི་རང་མདངས་རཀྴ་ཀྲོ་ཏི་ཤྭ་རི་དང་། ས་ནུ་ཀྲོ་ཏི་དང་། གུ་ཧྱ་ཀྲོ་ཏི་དང་། ཡཀྴ་ཀྲོ་ཏི་སྟེ་དབྱིངས་ཕྱུག་ཡུམ་བཞི་ཡང་ཆོས་དབྱིངས་ཐིག་ལེ་ཉག་གཅིག་ཞལ་གཅིག །རིག་སྟོང་དབྱེར་མེད་པས་ཕྱག་གཉིས། རྒྱན་དང་ཆ་ལུགས་སྐུ་མདོག་སོགས་ཡབ་དང་འདྲ་བ་ལ། བདེ་ཆེན་ལྷན་སྐྱེས་ཡེ་ཤེས་ཀྱི་གཟིག་ལྤགས་རློན་པའི་ཤམ་ཐབས་དང་། གཡས་སྐྱེ་གནས་བཞི་རྩད་ནས་གཅོད་པའི་གྲི་གུག་དང་། གཡོན་དབྱིངས་རིག་ཟུང་འཇུག་གི་དུང་དམར་ཡབ་ལ་སྟོབ་པ། བདེ་སྟོང་གཉིས་སུ་མེད་པས་ཞབས་གཉིས་བརྐྱང་བསྐུམ་དུ་འཁྲིལ་བ། ཁྲག་འཐུང་དཔལ་ཆེན་པོ་ཡབ་ཡུམ་དེ་རྣམས་ཀྱི་ཞབས་གཉིས་ཀྱིས་བདག་མེད་དེ་བཞིན་ཉིད་རྟོགས་པའི་བརྡར་རིམ་བཞིན་རེ་རེས། མེ་ལྷ། སྲིན་པོ། རླུང་ལྷ། བགེགས་རྒྱལ་ཕོ་མོ་ཁ་སྦུབ་གན་རྐྱལ་སོགས་ནས་དབུས་ན་བཞུགས་པའོ། །དེ་ལྟར་ལུང་གི་ཧེ་རུ་ཀ་ཡབ་ཡུམ་རྣམས་ཀྱི་རྒྱན་ཆས་སོགས་ཀྱི་དག་སྦྱོར་ནི་རྒྱུད་ཀྱི་ཧེ་རུ་ཀའི་སྐབས་སུ་འཆད་པ་ལྟར་སྦྱར་རོ། །དེ༷་ན༷ས་གསུམ་པ་གནས་མ་སྟེ་ཀེ༷འུ་རི༷་མ༷་བརྒྱ༷ད་བསྐྱེ༷ད་པ༷་ནི༷། ཧཱུ༷ྃ་ཞེས་ཆོ་འཕྲུལ་གྱི་རང་སྒྲས་བད༷ག་ཉི༷ད་དཔལ་ཆེན་པོ་ཆེ༷་མཆོ༷ག་ཧེ་རུ་ཀ་ཡི་ཐུ༷གས་ཀ༷་ན༷ས་ཚོགས་བརྒྱད་ཡེ་ཤེས་སུ་གནས་གྱུར་པའི་ཧ༵་ཡིག་བརྒྱད༷་ཕྱོགས་མཚམས་ཀྱི་འཁོར་ལོའི་རྩིབས་རྣམས་སུ་འཕྲོས་ཏེ། དེ་ཡང་ཕྱོགས་བཞི༷ར་ཕྱོགས་མདོག་དང་། མཚམས་བཞིར་མེ་ནས་བརྩམས་ཏེ་སེར་ལྗང་སེར་མཐིང་རྣམས་རང་མདངས་འོ༷ད་ཀྱི་ཐིག་ལེས་བརྒྱན་པ་འཕྲོས༷། འོད་ཀྱི་ཐིག་ལེ་ཆེར་གྱུར་པའི་དབུས་ན་ཡིག་འབྲུ་བཀྲ་ལམ་གྱིས་གསལ་བ་ལས་འཕྲོ་འདུ་དང་བཅས་ཏེ། འོད་དུ་ཞུ༷་བ༷་ལས༷་

མ་མོ་བརྒྱད་ཀྱི་སྐུར་ལམ་གྱིས་གསལ་བ་སྟེ། དེ་ཡང་ངོ་བོ་མི་ཤིགས་པའི་ཐིག་ལེར་གྱུར་པའི་ཞལ་གཅིག །རང་བཞིན་ལྷུན་གྱི་གྲུབ་པའི་སྐུ་མདོག་སྣ་ཚོགས། ཐུགས་རྗེ་མ་འགགས་པའི་དབུ་ཕྱག་ཞབས་ཅིར་ཡང་འགྱུར་བ་ལས། བདེན་གཉིས་ཟུང་དུ་འཇུག་པའི་ཕྱག་གཉིས། ཐབས་ཤེས་གཉིས་སུ་མེད་པའི་ཞབས་གཉིས་རྣམས་ནི་ཀོ་སེང་སྒོ་མ་དབང་ཕྱུག་སོགས་འདི་མན་ཀུན་ལ་སྦྱར་རོ། །དེའང་ཤར༷་ཕྱོག༷ས་སུ་སྣང་སྟོང་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་རང་བཞིན་མ་མོ་ཆེན་མོ་ཀེ༷འུ་རི༷་མ། གཡས་འཁོར་བའི་རྣམ་རྟོག་གཞོམ་ཕྱིར་རྟོག་མེད་ཀྱི་ཞིང༷་དབྱུག༷་འཕྱར་ཞིང་། གཡོན་འཁོར་བའི་ཞེན་ཁྲག་གསོལ་ཕྱིར་ཟུང་འཇུག་གི་བྷན་དམར་བསྣམས་པ། དགོངས་པ་མེ་ལོང་ཡེ་ཤེས་ཀྱི་སྐུ་མདོག་དཀ༷ར་མོའོ། །ལྷོ༷་ཕྱོག༷ས་སུ་གྲགས་སྟོང་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་རང་བཞིན་མ་མོ་ཆེན་མོ་ཙཽ་རི༷་མ། བདེན་གཉིས་ལྟ་བས་འགྲོ་ལ་གཟིགས་ཕྱིར་གཡས་ཐབས་ཀྱི་མད༷འ། གཡོན་ཤེས་རབ་ཀྱི་གཞུ་འགེ༷ངས་པར་བཅུག་སྟེ། ཐབས་ཤེས་ཀྱིས་འགྲོ་དོན་མཛད་པར་བསྐུལ་ཕྱིིར་གཙོ་བོའི་ཐུགས་ཀར་གཏད་པ། དགོངས་པ་མཉམ་ཉིད་ཡེ་ཤེས་ཀྱི་སྐུ་མདོག་སེ༷ར་མོའོ། །ནུབ༷་ཕྱོག༷ས་སུ་ཚོར་སྟོང་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་རང་བཞིན་མ་མོ་ཆེན་མོ་པྲ༷་མོ༷་ཧ། གཡས་འཁོར་བ་མཐའ་གཉིས་ལ་མི་གཏོང་ཕྱིར་མི་གནས་པའི་ཆུ༵་སྲི༷ན་གྱི་རྒྱལ་མཚན་འཕྱར་ཞིང་། གཡོན་འཁོར་བའི་ཞེན་ཁྲག་གསོལ་ཕྱིར་ཟུང་འཇུག་གི་བྷན་དམར་བསྣམས་པ། དགོངས་པ་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་སྐུ་མདོག་དམ༷ར་པོའོ། །བྱ༷ང་ཕྱོག༷ས་སུ་མྱོང་སྟོང་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་རང་བཞིན་མ་མོ་ཆེན་མོ་བཻ༷་ཏ༵་ལཱི། གཡས་ས་དགུའི་རྟོག་པ་ཐལ་བར་བརླག་ཕྱིར་ཆོས་ཉིད་མི་འགྱུར་བའི་རྡོ་རྗེ་དང་། གཡོན་ཟུང་འཇུག་

དུ་མ་རོ་གཅིག་གི་བྷ༷ན་དམ༷ར་བསྣམས་པ། དགོངས་པ་བྱ་གྲུབ་ཡེ་ཤེས་ཀྱི་སྐུ་མདོག་ལྗ༷ང་ནག་གོ །ཤར༷་ལྷོར༷་རིག་སྟོང་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་རང་བཞིན་མ་མོ་པུ༷ཀྐ༷་སཱི། འཁོར་བ་མྱང་འདས་སུ་འདྲེན་ཕྱིར་གཡས་བྱིས་པའི་བམ་དང་མ་འགགས་ཐུགས་རྗེའི་བྱིས་རྒྱུ༷་འདྲེ༷ན་ཅིང་གཡོན་པས་ཞལ་དུ་གསོལ་བ། དགོངས་པ་མི་རྟོག་ཡེ་ཤེས་ཀྱི་སྐུ་མདོག་དམར་སེ༷ར་རོ། །ལྷོ༷་ནུ༷བ་ཏུ་གསལ་སྟོང་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་རང་བཞིན་མ་མོ་ཆེན་མོ་ཀ༷སྨ༷་རཱི། འཁོར་བ་མཉམ་ཉིད་དུ་རོལ་ཕྱིར་གཡས་ཡེ་ཤེས་རྡོ་རྗེ། གཡོན་ཆོས་དབྱིངས་བྷ༷ནྡྷ༷་དམར་གྱིས་བཀང་བ་དཀྲུག་ཅིང་གསོལ་བ། དགོངས་པ་བྱ་གྲུབ་ཡེ་ཤེས་ཀྱི་སྐུ་མདོག་ལྗ༵ང་ནག་གོ །ནུ༷བ་བྱ༷ང་དུ་དྲན་སྟོང་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་རང་བཞིན་མ་མོ་ཆེན་མོ་ཙ༷ཎྜ༷་ལཱི། འཁོར་བའི་ལོག་རྟོག་གི་བམ་རོ་ཕྲལ་ནས་གཡས་རྟོག་མེད་ཀྱི་ཙིཏྟ་ཕྱར་ཞིང་། གཡོན་འགག་མེད་ཀྱི་རྒྱུ༷་ཞགས་ཟ༷་བ། དགོངས་པ་མཉམ་ཉིད་ཡེ་ཤེས་ཀྱི་སྐུ་མདོག་སེ༷ར་སྐྱའོ། །བྱ༷ང་ཤ༷ར་དུ་སྟོང་གསལ་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་རང་བཞིན་མ་མོ་ཆེན་མོ་སྨེ༷་ཤ༷་ནཱི་གཡས་བདག་འཛིན་གྱི་མགོ་བོ་བཅད་ནས། གཡོན་བདག་མེད་ཀྱི་བམ་རོ༷་ཐོགས་ཏེ་ཟ༷་བ། དགོངས་པ་ཆོས་དབྱིངས་ཡེ་ཤེས་ཀྱི་སྐུ་མདོག་མཐི༷ང་ནག་གོ །དེ་ལྟར་འཁོར་བ་བསྐྱེད་པའི་གནས་རྣམ་ཤེས་ཚོགས་བརྒྱད་ཀྱི་རྟོག་པ་རྩད་ནས་གཅོད་པའི་ཀེ༷འུ་རི༷་མ་ལ༷་སོ༷གས་པའི་མ༷་མོ༷་བརྒྱ༵ད་པོ་རྣམས་ཀྱང་། སྐུ་གསུམ་གྱི་སྤྱན་གསུམ་བགྲད་ཅིང་དབྱིངས་ཀྱི་ཞལ་ཁ་གདངས་པ། ཐུགས་རྗེའི་ལྗགས་འདྲིལ་ཞིང་། ཡེ་ཤེས་ཀྱི་མཆེ་བ་གཙིགས་པ་མྱང་འདས་ཀྱི་རལ་བ་འབར་བ། བདག་མེད་དེ་བཞིན་ཉིད་ཀྱི་ཞི༷ང་ཆེ༷ན་པོའི་གད༷ན་ལ༷་རྫུ་འཕྲུལ་གྱི་ག༷ར་སྟ༷བས་འཇིགས་སུ་རུང་བས་འགྱི༷ང་བ། སངས་རྒྱས་སྐུ་ལྔའི་ཐོད་

སྐམ་ལྔའི་དབུ་རྒྱན། རྟོག་མེད་ཆོས་སྐུའི་ཐོད་སྐམ་ཕྲེང་བའི་དོ་ཤལ། བྱང་ཆུབ་སེམས་ཀྱི་མི་ལྤགས་གཡང་གཞིའི་ན་བཟའ། ཐུགས་རྗེའི་ཕྲིན་ལས་གཟིག་ལྤགས་ཤམ་ཐབས། ཕར་ཕྱིན་ལྔའི་རུས་པའི་ཕྱག་རྒྱ་ལྔ་རྣམས་ཀྱིས་བརྒྱན་པ་སྟེ། དགོངས་འདུས་ལས། གནས་མ་རྣམས་མི་ལྤགས་སོགས་ཁྲོ་བོའི་ཆས་རྫོགས་པར་བསྒོམ། ཞེས་དང་། རྡོ་རྗེ་སེམས་དཔའ་གསང་བ་མེ་ལོང་གི་རྒྱུད་ལས། རིན་ཆེན་ཐོད་པའི་དབུ་རྒྱན་དག །གནས་སྐབས་དག་ཏུ་མཛེས་པར་བྱ། །ཞེས་དང་། སྒྱུ་འཕྲུལ་བླ་མ་ལས། རྣལ་འབྱོར་སྔོ་ནག་གོའུ་རི་མ། །རལ་པ་ཁམས་ནག་གྱེན་དུ་འཁྱིལ། །མཆེ་གཙིགས་རྐན་རྡེབ་གཡང་གཞི་གསོལ། །བཤུག་པའི་གླུ་དབྱངས་ཧ་ཧས་བཞད། །ཏི་ར་དབྱུག་པ་གཡས་པ་ན། །བྷནྡྷ་རཀྟ་གཡོན་པ་ན། །ཞེས་སོགས་གསུངས་པས་སོ། །དེ་ལྟར་སྣང་ལ་རང་བཞིན་མེད་ཅིང་གསལ་ལ་འཛིན་པ་མེད་པའི་གཟུགས་སྐུ་མ༷་ཡེ༷ངས་པའི་ཡི༷ད་ཀྱི་ཡུ༷ལ་དུ་གས༷ལ་བར་བསྒོ༵མ་མོ། །ༀ༷་རབ་བསྔགས། བ༷ཛྲ༷་རྣམས་རྡོ་རྗེ་སྟེ་དབང་དྲག །མཇུག་གི་ཧ༷་རྣམས་རྩ་བའི་ས་བོན། གཽརཱི༷་དཀར་མོའམ་མཛོད་ལྡན་མ། དེ་བཞིན་ཀེའུ་རིའམ་ཀོའུ་རི་ཟུར་ཆག་སྐད། ཙཽ༷་རཱི་ཆོམ་རྐུན་མའོ། །པྲ༷་མོ༷་ཧཱ༷་རབ་རྨོངས་མ། བཻ༷་ཏ༷་ལཱི༷་རོ་ལངས་མ། པུ༷སྐ༷་སཱི༷་སྦོས་མོ། ཀ༷སྨ༷་རཱི༷་སྨ་ཤ་ཅན། ཙ༷ཎྜལ༷་ལཱི༷་གཏུམ་མོ། སྨེ༷་ཤ༷་ནཱི༷་དུར་ཁྲོད་མ། འདི་རྣམས་ཟུར་ཆག་ཏུ་སྣང་བས་དེ་ལྟར་རོ། །དེ༷་ན༷ས་བཞི་པ་ཡུལ་མ་སྟེ། སེ༷ངྷ༷་མ༷་བརྒྱ༷ད་བསྐྱེ༷ད་པ༷་ནི༵། ཧཱུ༷ྃ་ཞེས་ཆོ་འཕྲུལ་གྱི་རང་སྒྲས་བད༷ག་ཉི༷ད་དཔལ་ཆེན་པོ་ཆེ༷་མཆོ༷ག་ཡབ་ཡུམ་གྱི་ཐུ༷གས་ཀ༵་ན༷ས་ཡུལ་བརྒྱད་དབྱིངས་སུ་གནས་སུ་གྱུར་པའི་རང་བཞིན་ཧེ༷་ཡིག་བརྒྱ༷ད་ཕྱོགས་མཚམས་ཀྱི་ཁྱམས་རྣམས་སུ་སྤྲོས་ཏེ། དེ་ཡང་ཕྱོགས་བཞིར་སྨུག་དམར་ནག་མཐིང་བཞི་

དང་། མཚམས་བཞིར་སེར་དམར་ནག་མཐིང་རྣམས་རང་མདངས་འོད་ཀྱི་ཐིག་ལེས་བརྒྱན་པ་འཕྲོ༷ས། འོད་ཀྱི་ཐིག་ལེ་ཆེར་གྱུར་པའི་དབུས་ན་ཡིག་འབྲུ་བཀྲ་ལམ་གྱིས་གསལ་བ་ལས་འཕྲོ་འདུ་དང་བཅས་ཏེ་འོད་དུ་ཞུ༷་བ༷་ལ༷ས་ཕྲ་མེན་བརྒྱད་ཀྱི་སྐུར་ལམ་གྱིས་གསལ་བ་སྟེ། རང་སྣང་ཡེ་ཤེས་ཀྱི་དཀྱི༷ལ་འཁོ༷ར་ཆེན་པོའི་ཁྱ༷མས་ཀྱི༷་ཤ༷ར་ཕྱོ༷གས་སུ༵་གཟུགས་སྣང་སྟོང་གཉིས་སུ་མེད་པའི་དབྱིངས་ཀྱི་རང་བཞིན་ཕྲ་མེན་སེ༷ངྷ༷་མ། གཟུགས་སྣང་མཚན་རྟོག་གིས་མི་འཇིགས་ཤིང་ཟིལ་གྱིས་གནོན་པའི་སེ༷ང་གེའི་གདོ༷ང་ཅན། དབྱིངས་སྣང་སྟོང་ཟུང་འཇུག་གི་རང་བཞིན་ལས་མི་འདའ་བའི་ཕྱག་གཉིས་ཐུགས་ཀར་བསྣོལ་བ། བདག་མེད་དེ་བཞིན་ཉིད་རྟོག་པའི་བརྡར་བམ་རོ༷་ཞལ་དུ་ཟ༷་ཞིང་། ཆོས་ཅན་འཁོར་བ་ཐམས་ཅད་ཆོས་ཉིད་དུ་རྫོགས་པའི་རལ་པ་བསིགས་ཏེ་རྔམ་པ། ཟུང་འཇུག་གི་དགོངས་པ་འགག་མེད་དུ་གསལ་བའི་སྐུ་མདོག་སྨུ༷ག་ནག་གོ །རང་སྣང་ཡེ་ཤེས་ཀྱི་དཀྱི༷ལ་འཁོ༷ར་ཆེན་པོའི་ཁྱ༷མས་ཀྱི༷་ལྷོ༷་ཕྱོ༷གས་སུ༷་སྒྲ་གྲགས་སྟོང་གཉིས་སུ་མེད་པའི་དབྱིངས་ཀྱི་རང་བཞིན་ཕྲ་མེན་བྱཱ༷་ཀྲི༷་མ། སྒྲར་སྣང་མཚན་རྟོག་གིས་མི་འཇིགས་ཤིང་ཐོགས་མེད་ཀྱི་དཔའ་བཏུལ་དང་ལྡན་པའི་སྟ༷ག་གི་གདོ༷ང་ཅན། ཆོས་ཐམས་ཅད་མཉམ་ཉིད་ཀྱི་ཕྱག་རྒྱས་ཟིལ་གྱིས་གནོན་པའི་ལ༷ག་གཉིས་ཐུར་དུ་བསྣོ༷ལ་ཞིང་། འཁོར་བ་མྱང་འདས་ལས་མི་གཏོང་བའི་མིག་གཉིས་འབྲུ་ཚུགས་སུ་གཟིར་བ། ཟུང་འཇུག་གི་དགོངས་པ་འགག་མེད་དུ་གསལ་བའི་སྐུ་མདོག་དམ༵ར་མོའོ། །རང་སྣང་ཡེ་ཤེས་ཀྱི་དཀྱི༷ལ་འཁོ༷ར་ཆེན་པོའི་ཁྱ༷མས་ཀྱི༷་ནུ༷བ་ཕྱོ༷གས་སུ༵། དྲི་ཚོར་སྟོང་གཉིས་སུ་མེད་པའི་རང་བཞིན་ཕྲ་མེན་སྲི༷་ལ༷་མ། དྲིར་སྣང་མཚན་རྟོག་གིས་མི་འཇིགས་ཤིང་ཐབས་ལ་མཁས་པའི་ཝ༷འི་གདོ༷ང་ཅན།

གཡས་མ་འགགས་ཐུགས་རྗེ་ཡེ་ཤེས་ཀྱི་སྤུ༷་གྲི༷་འཕྱར་ཞིང་ལོག་རྟོག་གཅོད་པ། གཡོན་མ་སྐྱེས་སྟོང་པའི་ཀློང་དུ་ཉོན་མོངས་རོལ་པའི་གློ་སྙིང་ཟ་བའམ་རྒྱུ་མ་གསོལ་བ། ཟུང་འཇུག་གི་དགོངས་པ་འགག་མེད་དུ་གསལ་བའི་སྐུ་མདོག་ན༵ག་མོའོོ། །རང་སྣང་ཡེ་ཤེས་ཀྱི་དཀྱི༷ལ་འཁོ༷ར་ཆེན་པོའི་ཁྱ༷མས་ཀྱི༷་བྱ༷ང་ཕྱོ༷གས་སུ་༷རོ་མྱང་སྟོང་གཉིས་སུ་མེད་པའི་དབྱིངས་ཀྱི་རང་བཞིན་ཕྲ་མེན་ཤྭ༵་ན༷་མ། རོར་སྣང་མཚན་རྟོག་གིས་མི་འཇིགས་ཤིང་ཕྲིན་ལས་དང་ལྡན་པའི་སྤྱ༷ང་ཀིའི་གདོ༷ང་ཅན། བདག་འཛིན་དབྱིངས་སུ་རོལ་པའི་བདག་མེད་དེ་བཞིན་ཉིད་ཀྱི་བམ་རོ༷་ཐོ༷གས་ཏེ་འདྲད་ཅིང་། ཆོས་ཅན་ཆོས་ཉིད་ཀྱི་ཀློང་ལས་མི་འདའ་བའི་མིག་གཉིས་འབྲུ་ཚུགས་སུ་ལྟ་བ། ཟུང་འཇུག་གི་དགོངས་པ་འགག་མེད་དུ་གསལ་བའི་སྐུ་མདོག་མཐི༵ང་ནག་གོ །དེ་བཞི་ནི་ལོག་རྟོག་མཚན་འཛིན་ཐམས་ཅད་མཚན་མེད་ཀྱི་དབྱིངས་སུ་རོལ་ཕྱིར་ཡེ་ཤེས་བཞིའི་མཆེ་བ་ཟླ་ཚེས་སུ་གཙིགས་པས་མཆེ་ཅན་ནོ། །ར༷ང་སྣ༷ང་ཡེ་ཤེས་ཀྱི་དཀྱི༷ལ་འཁོ༷ར་ཆེན་པོའི་ཤ༷ར་ལྷོ༷འི་ཁྱ༷མས་ལ་ཡུལ་རེག་སྟོང་གཉིས་སུ་མེད་པའི་དབྱིངས་ཀྱི་རང་བཞིན་ཕྲ་མེན་ཀྲི༷་ཏ༷་མ། རེག་སྣང་མཚན་རྟོག་གིས་མི་འཇིགས་པའི་མགྱོགས་མ་ཆེན་མོ་བྱ༷་རྒོ༷ད་གདོང་ཅན། གཡས་མི་རྟོག་པའི་ཀེང་རུས་མཁའ་ལ་འཕྱར་ཞིང་། གཡོན་མཚན་རྟོག་གི་བམ་རོ་ཕྲག་ལ་གཟར་ནས་དུག་གསུམ་གྱི་རྒྱུ༷་མ་ཞལ་དུ་འདྲེ༷ན་པ། ཟུང་འཇུག་གི་དགོངས་པ་འགག་མེད་དུ་གསལ་བའི་སྐུ་མདོག་དཀར་སེ༵ར་རོ། །རང༷་སྣ༷ང་ཡེ་ཤེས་དཀྱི༷ལ་འཁོ༷ར་ཆེན་པོའི་ལྷོ༷་ནུ༷བ་ཀྱི་ཁྱ༵མས་ལ་གསལ་སྟོང་གཉིས་སུ་མེད་པའི་དབྱིངས་ཀྱི་རང་བཞིན་ཕྲ་མེན་ཀ༷ངྐ༷་མ། གསལ་སྣང་མཚན་རྟོག་གིས་མི་འཇིགས་པའི་ཡོན་ཏན་གྱི་བདག་ཉིད་དུ༷ར་བྱ༷འི་གདོང་པ་ཅན། འདི་འཆི་མེད་མཛོད་དུ་ཁྲུང་ཁྲུང་ནག་པོ་

ཡིན་པར་བཤད་དེ་གཞན་གྱིས་ཟེར་བ་ལ་ནི་རྒྱུ་མཚན་མི་སྣང་ངོ་། །འཁོར་འདས་བླང་དོར་མེད་པའི་ཞི༷ང་ཆེན་ཕྲ༷ག་ལ་བཀལ་བ། ཟུང་འཇུག་གི་དགོངས་པ་འགག་མེད་དུ་གསལ་བའི་སྐུ་མདོག་དམ༵ར་ནག་གོ །ར༷ང་སྣ༷ང་ཡེ་ཤེས་ཀྱི་དཀྱི༷ལ་འཁོ༷ར་ཆེན་པོའི་ནུ༷བ་བྱ༷ང་གི་ཁྱ༵མས་ལ་ཡུལ་དྲན་སྟོང་གཉིས་སུ་མེད་པའི་དབྱིངས་ཀྱི་རང་བཞིན་ཕྲ་མེན་ཁ༷་ཁྭ་༷མ། སེམས་སྣང་མཚན་རྟོག་གིས་མི་འཇིགས་པའི་འཕྲོག་བྱེད་ཆེན་མོ་བྱ༷་རོ༷ག་གི་གདོང་ཅན། གཡོན་སྐྱེ་མེད་ཀྱི་བྷ༷ནྡྷར་ཞེན་ཁྲག་གིས་བཀང་བ་ཐོགས་ནས་གློ་སྙིང་ཟ་བ། གཡས་ཐོགས་མེད་ཡེ་ཤེས་ཀྱི་རལ་གྲི༷ས་ཉོན་མོངས་བསྒྲལ་བ། ཟུང་འཇུག་གི་དགོངས་པ་འགག་མེད་དུ་གསལ་བའི་སྐུ་མདོག་ན༵ག་མོའོ། །ར༷ང་སྣ༷ང་ཡེ་ཤེས་ཀྱི་དཀྱི༷ལ་འཁོ༷ར་ཆེན་པོའི་བྱ༷ང་ཤ༷ར་གྱི་ཁྱ༵མས་ལ། ཡུལ་སྟོང་གསལ་གཉིས་སུ་མེད་པའི་དབྱིངས་ཀྱི་རང་བཞིན་ཕྲ་མེན་ཧུ༷་ལུ༷་མ། དབྱིངས་སྣང་མཚན་རྟོག་གིས་མི་འཇིགས་པའི་ཤེས་རབ་ཆེན་མོ་འུ༷ག་པའི་གདོ༷ང་ཅན། གཡས་དམིགས་མེད་ཡེ་ཤེས་ཀྱི་སྙིང་རྗེའི་རྡོ་རྗེ་ལྕ༷གས་ཀྱུ༷་དང་། གཡོན་སྟོང་ཉིད་ཀྱི་བྷནྡྷར་ལོག་རྟོག་གི་ཞེན་ཁྲག་གཉིས་མེད་དུ་རོལ་བ། ཟུང་འཇུག་གི་དགོངས་པ་འགག་མེད་དུ་གསལ་བའི་སྐུ་མདོག་མཐི༵ང་ནག་གམ་མཐིང་སྐྱའོ། །དེ་བཞི་ནི་འཁོར་འདས་མཉམ་ཉིད་ཀྱི་དབྱིངས་ན་བཞུགས་ཕྱིར་ཐབས་ཤེས་ཀྱི་གཤོག་པ་དང་ལྡན་པས་ན་གཤོག་ཅན། དེ་ལྟར་རྣམ་ཤེས་ཀྱིས་ལོངས་སུ་སྤྱོད་པའི་ཡུལ་བརྒྱད་རྩད་ནས་གཅོད་པའི་སེ༷ངྷ༷་མ་ལ་སོགས་པའི་མ༷་མོ༷་བརྒྱ༷ད་རྣ༷མས་ཀྱ༷ང་། མཁྱེན་པ་སོགས་སྔ་མ་ལྟར་སྤྱན་མཆེ་བ་རྐན་སྒྲ་བཅས་སོ། །ཕྱི་མ་བཞིས་རྡོ་རྗེའི་མཆུ་བརྡར་ཞིང་ཆོས་ཉིད་རྐན་སྒྲ་རྡེབ་པ། ཐམས་ཅད་ཀྱང་བདག་ཏུ་འཛིན་པ་དང་བྲལ་བའི་ཞིང་ཆེན་སོགས། སེམས་བྱུང་སྣ་ཚོགས་དག་

ཅིང་གང་འདུལ་སྤྲུལ་པ་བསྒྱུར་བའི་ཐོད་རློན་གྱི་དོ་ཤལ་ལས་རྒྱན་གྱི་རྣམ་པ་གཞན་མེད་པའོ། །དེ་ལྟར་མ་ཡེ༷ངས་ཡི༷ད་ཡུ༷ལ་གས༷ལ་བ༷ར་བསྒོ༷མ། ༀ༷་རྣམས་རབ་བསྔགས། བ༷ཛྲ༷་རྣམས་རྡོ་རྗེ། ཧེ༷་རྣམས་ཐུགས་སྲོག །སིངྷ༷་མུ༷་ཁ༷་སེང་གདོང་། བྱཱ༷་ཀྲྀ་མུ༷་ཁ༷་སྟག་གདོང་། སྲྀ༷་ལ༷་མུ༷་ཁ༷་ཝ་གདོང་། ཤྭ༷་ན༷་མུ༷་ཁ༷་སྤྱང་གདོང་། ཀྲྀ༷་ཏ༷་མུ༷་ཁ༷་བྱ་རྒོད་གདོང་ངམ་བཞད་གདོང་། ཀ༷ངྐ༷་མུ༷་ཁ༷་དུར་བྱའི་གདོང་། ཁྭ༷་ཁྭ༷་མུ༷་ཁ༷་བྱ་རོག་གདོང་། ཨཱུ༷་ལུ༷་མུ༷་ཁ༷་འུག་གདོང་མའོ། །འདིར་ན་རཀ་དོང་སྤྲུག་གི་སྐབས་སུ་སྤོར་བྱེད་མ་བརྒྱད་པོ་བསྒོམ་དགོས་ཕྱིར། སྒྱུ་འཕྲུལ་བླ་མ་ལས། འབར་བའི་བར་ཁྱམས་ཐ་མ་ལ། །ཞེས་གསུངས་པས་ཁྱམས་ཕྱི་མའི་སྟེང་དུ་འགོད་པ་ལ། བྱ་བྱེད་གཉིས་གནས་གྱུར་པ་ལྷོ་བྱང་གཉིས་ལ་བཀོད་ནས། གཞན་ཞི་ཁྲོ་རང་གཞུང་གི་ཐུབ་དྲུག་ལྟར་འགོད་པར་བྱ་སྟེ། ཤར་ཕྱོགས་སུ་ལྷའི་ཐུབ་པ་གནས་གྱུར་བ་ནི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་སྤོར་བྱེད་ཁྱུང་ཐོགས་མ། གཡས་ལྷ་རྣམས་གནས་སུ་སྤོར་ཕྱིར་རྡོ་རྗེ་ནམ་མཁའ་ལྡིང་བསྣམས་པ། གཡོན་འདོད་ཡོན་ལྔ་དབང་དུ་སྡུད་པའི་དུང་ཁྲག་ཐུགས་ཀར་འཛིན་པ། ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པས་ཞི་རྒྱས་ཀྱི་ལས་མཛད་པས་སྐུ་མདོག་དཀར་སེར་ཕྱེད་མ། ཐུགས་རྗེ་བྱམས་པ་ཆེན་པོའི་འཇིགས་བྱེད་དམ་ཁྱབ་འཇུག་གི་གཡང་གཞི་གོས་སུ་གྱོན་པ། ཤར་ལྷོར་ལྷ་མིན་གྱི་ཐུབ་པ། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་སྤོར་བྱེད་སྐར་མདའི་གདོང་མ། གཡས་ལྷ་མིན་གཡུལ་ཆེན་བཟློག་ཕྱིར་རྡོ་རྗེ་དང་སྐར་མདའ་བསྣམས་པ། གཡོན་ལྷ་མིན་ཕྱག་རྒྱ་སྤོར་བའི་དུང་ཁྲག་སྟོབ་པ། ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པས་སྡུག་བསྔལ་མི་བཟད་པ་གཞོམ་པའི་སྐུ་མདོག་མཐིང་ནག་ཕྱེད་མ། ཐུགས་

རྗེ་བཏང་སྙོམས་ཆེན་པོའི་ཐགས་བཟང་རིས་ཀྱི་གཡང་གཞི་གྱོན་པ། ལྷོ་ཕྱོགས་སུ་ཀུན་ཏུ་བཟང་པོ། ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་སྤོར་བྱེད་མི་བཟད་མ་གཡས་སྟོང་ཁམས་གནས་སུ་སྤོར་བའི་ཉི་ཟེར་གྱི་ཞགས་པ་དང་། གཡོན་འཁོར་བ་གནས་སུ་སྟོང་པའི་དུང་ཁྲག་སྟོབ་པ། ཆོས་ཉིད་རྣམ་པར་དག་པ་སྐུ་མདོག་སྣ་ཚོགས་ཀྱང་འདིར་མཐིང་ག །སྲིད་གསུམ་ཞིང་དུ་སྦྱོར་བའི་ཞིང་ཆེན་གྱི་སླག་པ་གྱོན་པ། ལྷོ་ནུབ་ཏུ་མིའི་ཐུབ་པ། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་སྤོར་བྱེད་མདུང་འཕེན་མ། གཡས་མི་རྣམས་གནས་སུ་སྤོར་བས་རྡོ་རྗེ་དང་མདུང་ཐུང་འཕེན་པ། གཡོན་དུག་ལྔ་གནས་སུ་སྟོང་པས་དུང་ཁྲག་སྟོབ་པ། སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པས་རྣམ་རྟོག་གི་ནད་བསལ་ཞིང་སྐུ་མདོག་སེར་ནག་ཕྱེད་མ། ཐུགས་རྗེ་དང་ཐབས་ལ་མཁས་པས་མིའི་གཡང་གཞི་གྱོན་པ། ནུབ་ཏུ་དམྱལ་བའི་ཐུབ་པ། བཟོད་པའི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་སྤོར་བྱེད་གཤིན་རྗེའི་སྐུའམ་རལ་གྲི་འཛིན་མ། གཡས་དམྱལ་བ་གནས་སུ་སྤོར་བའི་རྡོ་རྗེ་དང་རལ་གྲི་བསྣམས་པ། གཡོན་དམྱལ་བ་གནས་སུ་སྟོང་པས་དུང་ཁྲག་སྟོབ་པ། ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པས་སྡུག་བསྔལ་ཐམས་ཅད་སྦྱངས་པའི་སྐུ་མདོག་སེར་ནག་ཕྱེད་མ། ཐུགས་རྗེ་དང་སྙིང་རྗེ་ཆེན་པོའི་གཤིན་རྗེའི་གཡང་གཞི་གྱོན་པ། ནུབ་བྱང་བྱོལ་སོང་གི་ཐུབ་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་སྤོར་བྱེད་སླག་ཤ་རྡེབ་བམ་སློག་ཤ་རྡེབ་མ། གཡས་བྱོལ་སོང་གནས་སུ་སྤོར་བའི་རྡོ་རྗེ་དང་གླང་ཆེན་གྱི་གཡང་གཞི་རྡེབ་པ། གཡོན་གཏི་མུག་གནས་སུ་སྟོང་པའི་ཐོད་ཁྲག་སྟོབ་པ། ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པས་རྨོངས་པ་དབང་དུ་མཛད་པའི་སྐུ་མདོག་དཀར་ནག་ཕྱེད་མ། ཐུགས་རྗེ་དང་དགའ་བ་ཆེན་པོའི་གླང་ཀོའི་

གཡང་གཞི་གྱོན་པ། འདི་ཡིག་ཆ་རྣམས་སུ་གླག་ཤ་དང་། གློག་ཤ་ཟེར་བ་རྣམས་ཡུལ་སྐད་དུ་སོང་བ་སྟེ། དོན་དུ་ཤ་སླག་གམ་སློག་ཤ་ཞེས་པ་པགས་པའི་མིང་དུ་གྲགས་པ་དང་། དེས་ན་ཕྱག་མཚན་ཡང་། རྒྱུད་ལས། རྡོ་རྗེ་སླག་ཤ་གཡས་པ་ན། །བྷནྡྷ་རཀྟ་གཡོན་པ་ན། །ཞེས་དང་། སླག་ཆེན་བརྗིད་པའི་གཡང་གཞི་གསོལ། ཞེས་སོགས་གསུངས་པས་ཕྱོགས་འདིར་འཁྲུལ་བ་མེད་དོ། །བྱང་དུ་ཀུན་ཏུ་བཟང་མོ་གནས་གྱུར་བ་ནི་སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་སྤོར་བྱེད་དྲིལ་འཁྲོལ་མ། གཡས་སྟོང་ཁམས་གནས་སུ་སྤོར་བའི་དྲིལ་བུ་འཁྲོལ་ཞིང་གཡོན་སྲིད་པ་གནས་སུ་སྟོང་བའི་དུང་ཁྲག་ཐུགས་ཀར་བསྐྱིལ་བ། ཆོས་དབྱིངས་སྟོང་པ་ཉིད་ལས་མ་གཡོས་པའི་སྐུ་མདོག་དཀར་མོ། མ་རིག་དབྱིངས་སུ་གཟུད་ཕྱིར་ཞིང་ཆེན་གྱི་པགས་པ་གསོལ་བ། བྱང་ཤར་དུ་ཡི་དྭགས་ཀྱི་ཐུབ་པ་གནས་གྱུར་བ་ནི། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་སྤོར་བྱེད་མེ་ཁྱེར་གློག་ཕྲེང་འཛིན་མ། གཡས་ཡི་དྭགས་གནས་སུ་སྤོར་བའི་རྡོ་རྗེ་གློག་ཕྲེང་བསྣམས་པ། གཡོན་ལོག་པར་ལྟ་བ་དབང་དུ་སྡུད་པའི་དུང་ཁྲག་སྟོབ་པ། ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པས་ཕྱི་ནང་གི་སྒྲིབ་གཉིས་སྦྱངས་པའི་སྐུ་མདོག་དམར་ནག་ཕྱེད་མ། ཐུགས་རྗེ་དང་མཛད་པ་ཆེན་པོའི་ཡི་དྭགས་མགྲིན་རིང་གི་གཡང་གཞི་གྱོན་པའོ། །དེ་ལྟར་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པའི་རོལ་པ་ལས་བྱུང་བའི་སྤོར་བྱེད་མ་བརྒྱད་རྣམས་ཀྱང་གདུལ་བྱ་ཞི་བས་མི་འདུལ་བའི་རིགས་ལ་འདུལ་བྱེད་ཁྲོ་མོ་རྣལ་འབྱོར་མའི་གཟུགས་སུ་རོལ་པ་སྟེ། དེ་དག་ཀུན་ཀྱང་འཇིགས་པའི་ཚུལ་བསམ་གྱིས་མི་ཁྱབ་པ་ཡེ་ཤེས་སྒྱུ་མའི་འཕྲུལ་ཆེན་པོ། མྱང་འདས་ཀྱི་རལ་བ་ཁམ་ནག་མཁའ་དབྱིངས་སུ་འབར་ཞིང་སྟོང་ཉིད་རང་སྒྲས་

བཤུགས་པའི་གླུ་བླངས་པས་སྣང་སྲིད་ཐམས་ཅད་ཀ་དག་གི་དབྱིངས་སུ་སྦྱངས་པ། ཟུང་འཇུག་ཧ་ཧའི་གད་མོས་རྒྱུ་དྲུག་གི་སེམས་ཅན་ཞི་བདེར་སྤོར་བ། སྐུ་གསུམ་གྱི་སྤྱན་གསུམ་བགྲད་ཅིང་དབྱིངས་ཀྱི་ཞལ་རབ་ཏུ་གདངས་པ། ཐུགས་རྗེའི་ལྗགས་གློག་ལྟར་འཁྱུག་ཅིང་ཡེ་ཤེས་ཀྱི་མཆེ་རྣོན་གཙིགས་པ། ཞབས་གཉིས་གྱད་ཆེན་པོ་རྣམ་པར་རོལ་པའི་སྟབས་ཀྱིས་བདག་མེད་རོའི་གདན་ལ་བརྐྱང་བསྐུམ་དུ་བཞུགས་པའོ། །དེ་ཡང་རྒྱུད་དྲི་མ་མེད་པའི་རྒྱལ་པོ་ལས། སྐམ་གཤེར་སྤེལ་མའི་གདན་ལ་བརྐྱང་བསྐུམ་བཞུགས། །ཞེས་གསུངས་པ་ལྟར་ལ་སྔ་རབས་པས། སྐམ་པོ་ཉི་མ་གཤེར་ཟླ་བ་སྤེལ་མ་པདྨ་ལ་ཟེར་ཡང་མ་ངེས་ཏེ། སྒྱུ་དྲ་ལས། སྤོར་བྱེད་མ་སྤྱིའི་གདན་ལ། །ཞིང་ཆེན་བསྣོལ་བའི་གདན་སྟེང་དུ། །ཞེས་དང་། སོ་སོའི་སྐབས་རོ་རློན་སྟེང་དུ་བརྐྱང་བསྐུམ་བཞུགས། ཞེས་གསུངས་པ་བཞིན་སྐམ་རློན་རྙིད་གསུམ་ཡིན་པར་ངེས་སོ། །དེ་དག་ཀྱང་སྐུ་གསུམ་གྱི་ཞིང་ན་བཞུགས་པ་དང་འདུ་འབྲལ་མེད་པའི་ཕྱིར་དང་། ཆོས་ཐམས་ཅད་ཆོས་ཉིད་རྡོ་རྗེ་བཙུན་མོའི་མཁའ་ལ་རོལ་པའི་ཁྲོ་མོའི་སྐུར་བཞེངས། བགོ་བའི་གོས་རྣམས་ཀྱང་སྲོག་ཆགས་རང་རང་གི་པགས་པ་རྒྱུད་ཀྱི་དགོངས་པའོ། །དེ༷་ན༷ས་ལྔ་པ་སྒོ༷་མ༷་བཞི༷་བསྐྱེ༷ད་པ༷་ནི༵། ཧཱུ༷ྃ་ཞེས་ཆོ་འཕྲུལ་གྱི་སྒྲའི་གདངས་འབར་བས་དཔལ་ཆེན་པོའི་ཕྱོགས་བཞིའི་ཆེ༷་མཆོ༷ག་རི༷གས་བཞི༷འི་ཐུ༷གས་ཀ༷་ན༵ས། རིམ་བཞིན་ཡེ་ཤེས་བཞིའི་རང་བཞིན་གྱི་ཛ༷ཿཧཱུ༷ྃ་བཾ་ཧོཿའི་ཡིག་འབྲུ༷་བཞི༷་རང་མདངས་འོད་ཀྱི་ཐིག་ལེས་བརྒྱན་པ་འཕྲོ༵ས། འོད་ཟེར་གྱི་འཕྲོ་འདུ་དང་བཅས་ཏེ་འོད་ཀྱི་ཐིག་ལེ་ཆེར་གྱུར་པའི་དབུས་ན་ཡིག་འབྲུ༷་བཞི༷་བཀྲ་ལམ་གྱིས་གསལ་བ་རང་གིི་སྒོ་ཁང་གི་ནམ་མཁའ་ལ་འོ༷ད་དུ༷་ཞུ༷་བ༷་ལ༵ས། སྐུར་གྱུར་པ་ནི་ཤ༷ར་གྱི་སྒོ་

ཁང་གི་ནང་དུ༷་ཛཿལས་ཐུགས་རྗེ་ཞི་བ་ཆེན་པོའི་ཡེ་ཤེས་ཀྱི་རང་བཞིན་སྒོ་སྐྱོང་ལྕགས་ཀྱུ་མ། ཐོགས་མེད་མྱུར་མགྱོགས་ཀྱི་ཐུགས་རྗེ་དང་ལྡན་པས་རྟ༷འི་གདོ༷ང་ཅན་གཡས་འཁོ༷ར་བ་མྱང་འདས་སུ་འདྲེན་ཕྱིར་ཐུགས་རྗེ་རང་བཞིན་གྱི་ལྕ༷གས་ཀྱུ༷་དང་། གཡོན་འཁོར་འདས་ཟུང་འཇུག་གི་བྷན་དམར་ཐོགས་པ། དམིགས་མེད་ཀྱི་སྙིང་རྗེ་ཚད་མེད་པའི་སྐུ་མདོག་དཀ༵ར་མོའོ། །ལྷོ༷འི་སྒོ་རུ༷་ཐུགས་རྗེ་རྒྱས་པ་ཆེན་པོའི་ཡེ་ཤེས་ཀྱི་རང་བཞིན་སྒོ་སྐྱོང་ཞགས་པ་མ། འཁོར་འདས་རོ་མཉམ་གྱི་ཐུགས་རྗེ་དང་ལྡན་པའི་ཕ༷ག་གི་གདོ༷ང་པ་ཅན་གཡས་ལོག་རྟོག་ཡེ་ཤེས་སུ་འཆིང་གྲོལ་བྱེད་ཕྱིར་ཐུགས་རྗེ་རང་ཤར་གྱི་ཞ༷གས་པ༷་དང་། གཡོན་འཁོར་འདས་ཟུང་འཇུག་གི་བྷན་དམར་ཐོགས་པ་མི་དམིགས་པའི་བྱམས་པ་ཚད་མེད་སྐུ་མདོག་སེ༵ར་མོའོ། །ནུ༷བ་ཏུ༷་བཾ་ལས་ཐུགས་རྗེ་དབང་མཛད་ཆེན་པོའི་ཡེ་ཤེས་ཀྱི་རང་བཞིན་སྒོ་སྐྱོང་ལྕགས་སྒྲོག་མ། ཐམས་ཅད་ཟིལ་གྱིས་གནོན་པའི་ཐུགས་རྗེ་དང་ལྡན་པས་སེ༷ང་གེ༷འི་གདོང་ཅན། གཡས་མ་རིག་པའི་ཉོན་མོངས་འཇོམས་ཕྱིར་ཐུགས་རྗེ་རང་གནས་ཀྱི་ལྕ༷གས་སྒྲོ༷ག་དང་། གཡོན་འཁོར་འདས་ཟུང་འཇུག་གི་བྷན་དམར་ཐོགས་པ། བསམ་དུ་མེད་པའི་དགའ་བ་ཚད་མེད་པའི་སྐུ་མདོག་དམ༷ར་མོའོ། །བྱང༷་དུ༷་ཧོཿལས་ཐུགས་རྗེ་དྲག་པོ་ཆེན་པོའི་ཡེ་ཤེས་ཀྱི་རང་བཞིན་སྒོ་སྐྱོང་དྲིལ་བུ་མ་འཇིགས་བྱེད་གདུག་པ་ཆེན་པོའི་ཐུགས་རྗེ་དང་ལྡན་པའི་སྦྲུལ༷་གྱི་གདོང༷་ཅན། གཡས་དུག་ལྔ་ཡེ་ཤེས་སུ་འབེབས་པར་བྱེད་ཕྱིར་ཐུགས་རྗེ་ལྷུན་གྲུབ་ཀྱི་དྲིལ༷་བུ༷་དང་། གཡོན་འཁོར་འདས་ཟུང་འཇུག་གི་བྷན་དམར་ཐོགས་པ། བརྗོད་དུ་མེད་པའི་བཏང་སྙོམས་ཚད་མེད་པའི་སྐུ་མདོག་ལྗང༷་གུའོ། །དེ་ལྟར་ཚད༷་མེད༷་བཞིའི༷་ཐུགས་རྗེ་ཡེ་ཤེས་དང་ལྡན༷་པའི་སྒོ༷་སྐྱོང་མ༷་བཞི༷་རྣམས་ཀྱང་།

ཆོས་ཉིད་བྱང་ཆུབ་སེམས་ཀྱི་རང་བཞིན་གྱི་མི་ལྤགས་ཀྱི་གཡང་གཞི་གསོལ་བ་ལས་གཞན་རྒྱན་ཅི་ཡང་མེད་པ་སྟེ། སྒྱུ་འཕྲུལ་ལས། རྟ་གདོང་སྲིན་མོས་གཡང་གཞི་གསོལ། །རྡོ་རྗེ་ལྕགས་ཀྱུ་གཡས་པ་ན། །བྷནྡྷ་རཀྟ་གཡོན་པ་ན། །ཞེས་འགྲེས་སུ་གསུངས་པས་སོ། །བཞི་ཀའང་རྟོག་མེད་ཀྱི་རྩལ་ལས་ཕྲིིན་ལས་བཞི་ལྷུན་གྱིས་གྲུབ་པའི་ཞིང༷་ཆེན༷་རློན་པ་རྒྱ་གྲམ་དུ་བསྣོལ༷་བའི༷་གདན༷་གྱི་སྟེ༷ང་རྣམས་སུ༷་རིག་རྩལ་མཁའ་ལ་སྤྱོད་པའི་རྫུ་འཕྲུལ་གྱི་གར༷་སྟབས༷་འཇིགས་སུ་རུང་བའི་འགྱིངས༷་བག༷་དང་ལྡན་པའི་ཚུལ༷་དུ་བཞུགས༷་པ་སྟེ། མ༷་ཡེངས༷་པའི་ཡི༷ད་ཀྱི་ཡུལ༷་དུ་མངོན་སུམ་ལྟར་གསལ༷་བར༷་བསྒོམ༷་མོ། །ༀ༷་རྣམས་རབ་བསྔགས། བ༷ཛྲ༷་རྣམས་རྡོ་རྗེ། ཛ༷ཿཧཱུ༷ྃ་བཾ༷་ཧོ༷ཿསོ་སོའི་ས་བོན། ཨཾ༷་ཀུ༷་ཤ༷་ལྕགས་ཀྱུ། པཱ༷་ཤ༷་ཞགས་པ། སྥོ༷་ཊ༷་ལྕགས་སྒྲོག །ག༷ཎྜེ༷་དྲིལ་བུའོ། །དེ༷་ནས༷་དྲུག་པ་དབང༷་ཕྱུག༷་ཉེར༷་བརྒྱད༷་བསྐྱེད༷་པ༷་ནི༷། ཧཱུ༷ྃ་ཞེས་ཆོ་འཕྲུལ་ཆེན་པོའི་སྒྲ་གདངས་ཀྱིས་བདག༷་ཉིད༷་དཔལ་ཆེན༷་པོ་ཆེ་མཆོག་ཧེ་རུ་ཀའི་ཐུགས༷་ཀ༷་ནས༷། ཡེ་ཤེས་བཞིའི་རང་རྩལ་འོ༷ད་ཟེར༷་ཉེར༷་བརྒྱད༷་ཀྱི་རྩེ་ལས་བྷྱོ༷་ཡིག་དཀར་སེར་དམར་ལྗང་བདུན་བདུན་རང་གདངས་འོད་ཀྱི་ཐིག་ལེས་བརྒྱན་པ་འཕྲོས༷་པས༷། རྩ་བའི་གཞལ་ཡས་ཀྱི་ཕྱིའི་པདྨའི་གཞལ་ཡས་ཁང་དུ་རི༷མ་པ༷ར་བབས་པས་འཕྲོ་འདུ་དང་བཅས་འོད་ཀྱི་ཐིག་ལེ་ཆེར་གྱུར་པའི་དབུས་ནས་བྷྱོ༷་ཡིག་རྣམས་བཀྲ་ལམ་གྱིས་གསལ་བ་ཉིད༷་འོད༷་དུ༷་ཞུ༷་བ༷་ལས༷་དབང་མོ་རྣམས་སུ་གྱུར་པ་ནི། ཤར༷་ཕྱོགས༷་སུ་བྷྱོ་དཀར་པོ་བདུན་ལས་ཞི༷་བའི༷་ལས་བྱེད༷་ཀྱི་དབང་ཕྱུག་མ་བདུན༷་ནི་བྱང་ཤར་གྱི་ཟུར་ཐིག་ནས་བརྩམ་ཕྱོགས་བཞིར་པད་འདབ་གཉིས་རེ་མ་གཏོགས་པདྨ་གཡས་བསྐོར་གྱི། མིག་གི་རང་བཞིན་ཡེ་ཤེས་སུ་གནས་གྱུར་པའི་

སྲིན༷་མོ་སྟེ་དྲེགས་པ་དབང་ཕྱུག་གི་ཆུང་མའི་གཟུགས་དགོངས་པ་མི་གཡོ་བའི་གཡག༷་གི་གདོང༷་ཅན། གཡས་རིགས་མི་འགྱུར་ཞིང་ཉོན་མོངས་ཞི་བའི་རྡོ༷་རྗེ༷་དང་སྟེ་ཚིག་གཉིས་ཕྱི་མ་རྣམས་ལ་འགྲེས་སུ་སྦྱར། གཡོན་ཐབས་ཤེས་གཉིས་མེད་ཀྱི་བྷན་དམར་ཐོགས་པ། ཐུགས་རྗེ་ཞི་བ་ཆེན་པོའི་ཡེ་ཤེས་ལས་འཕྲིན་ལས་གཞན་ལྷུན་གྱིས་གྲུབ་པའི་སྐུ་མདོག་དཀར་ལ་སྨུ༷ག་པའི་ཉམས་ཅན། རྣ་བའི་རང་བཞིན་ཡེ་ཤེས་སུ་གནས་གྱུར་པའི་རང་མདངས་ཚངས༷་པ༷་ཆེན་པོའི་ཆུང་མའི་གཟུགས་གདུག་པ་ཆེ་བའི་སྦྲུལ༷་གདོ༷ང་ཅན་གཡས་རིགས་མི་འགྱུར༴ གཡོན་འཁོར་འདས་དབྱིངས་སུ་སྦྱོར་བའི་དྲི་མེད་པ༷དྨ༷་བསྣམས་པ། ཐུགས་རྗེ་ཞི་བ་༴ སྐུ་མདོག་དཀར་ལ་སེར༷་བའི་མདངས་ཅན་ནོ། །སྣའི་རང་བཞིན་ཡེ་ཤེས༴ གཞན་འཕྲུལ་དབང་བྱེད་ཀྱི་བདག་པོ་ལྷ༷་ཆེན༷་དབང་ཕྱུག་གི་ཆུང་མའི་ཚུལ་མ་ཆགས་པའི་གཟིག༷་གི་གདོང༷་ཅན་གཡས༴ གཡོན་ཉོན་མོངས་རྩ་ནས་གཅོད་པའི་ཏྲི༷་ཤུལ༷་བསྣམས་པ། ཐུགས་རྗེ་ཞི༴ སྐུ་མདོག་དཀར་ལ་ལྗང༷་བའི་ཉམས་ཅན་ནོ། །ཤར་གྱི་ཚངས་ཐིག་གི་ལྷ་གནས་བརྒལ་བའི་འཕྲོར། ལྕེའི་རང་བཞིན༴ གཏོགས༷་འདོད༷་དེ་ཁྱབ་འཇུག་གི་ཆུང་མའི་ཚུལ་ཡང་རྩལ་ལྡན་པ་སྲེ༷་མོང་གི་གདོང༷་ཅན། གཡས༴ གཡོན་འཁོར་བའི་ལས་རྒྱུན་གཅོད་པའི་འཁོར༷་ལོ༷་ཐོགས་པ། ཐུགས་རྗེ༴ སྐུ་མདོག་དཀར་ལ་སྔོ༷་བའི་ཉམས་ཅན་ནོ། །ལུས་ཀྱི་རང་བཞིན༴ གཞོན༷་ནུ་༷སྟེ་སྨིན་དྲུག་གི་ཆུང་མ་སྟོབས་དང་ལྡན་པའི་དྲེད༷་ཀྱི་གདོང༷་ཅན། གཡས༴ གཡོན་སྐྱེ་འཆི་རྩད་ནས་གཅོད་པའི་མདུང༷་ཐུང༷་འཛིན་པ། ཐུགས་རྗེ༴ སྐུ་མདོག་དཀར་ལ་དམ༷ར་བའི་མདངས་ཅན་ནོ། །ཆོས་ཁམས་ཡེ་ཤེས་སུ༴ བརྒྱ༷་བྱིན༷་གྱི་ཆུང་མའི་ཚུལ་གཏུམ་པ་ཆེན་པོ་དོམ༷་གྱི་མགོ༷་ཅན་གཡས་༴ གཡོན་སྲིད་པའི་སྐྱེ་རྒྱུན་གཅོད་

པའི་རྒྱུ་༷ཞག༷ས་བསྣམས་པ། ཐུགས་རྗེ་ཞི་བ་ཆེན་པོའི་ཡེ་ཤེས་མི་འགྱུར་བའི་སྐུ་མདོག་དཀ༷ར་མོའོ། །དེ་རྣམས་ཀྱང་བདག་མེད་དེ་བཞིན་ཉིད་ཀྱི་ཞི༷ང་རྐྱ༷ང་གི་གད༷ན་ལ༷་གར༷་སྟབས༷་སུ་༷བཞུགས༷་པ༷། ཆོས་ཉིད་བྱང་ཆུབ་སེམས་ཀྱི་མི་ལྤགས་ཀྱི་གཡང་གཞི་གྱོན་ཞིང་། གང་འདུལ་སྤྲུལ་པ་བསྒྱུར་བའི་ཐོད་རློན་གྱི་ཕྲེང་བས་དོ་ཤལ་དུ་བརྒྱན་པའོ། །ལྷོ༷་རུ༷་བྷྱོ་སེར་པོ་བདུན་ལས་རྒྱས༷་པའི༷་ལས༷་མཛད༷་ཀྱི་དབང་ཕྱུག་མ་བདུན༷་ནི། ཤར་ལྷོའི་ཟུར་ཐིག་གི་ཆའི་སྟེང་ནས་བརྩམས་ཏེ་པདྨར་གཡས་བསྐོར་གྱིས། སྒྲ་ཁམས་ཡེ་ཤེས་སུ་གནས་གྱུར་པའི་རང་བཞིན་རྡོ༷་རྗེ༷་ཅན་དབང་པོའི་ཆུང་མའི་གཟུགས། ཐབས་ལ་མཁས་པའི་ཕ༷་ཝཾ༷་གི་གདོང་ཅན། གཡས་རིགས་མི་འགྱུར་ཞིང་ཡོན་ཏན་རྒྱས་པའི་རིན་པོ་ཆེ་དང་། གཡོན་འཁོར་བ་རྩད་གཅོད་པའི་སྤུ༷་གྲི༷་ཐོགས་པ། ཐུགས་རྗེ་རྒྱས་པ་ཆེན་པོའི་ཡེ་ཤེས་མི་འགྱུར་བའི་སྐུ་མདོག་སེ༷ར་མོའོ། །སེམས་ཀྱི་རང་བཞིན་ཡེ་ཤེས་སུ༴ ཞི༷་བ༷་སྟེ་ཟླ་བའི་ཆུང་མའི་གཟུགས་འཁོར་བའི་རྒྱ་མཚོ་ལས་སྒྲོལ་བའི་ཆུ་༷སྲིན༷་གྱི་གདོང་ཅན། གཡས༴ གཡོན་དགོས་འདོད་ཀྱི་རེ་བ་སྐོང་བའི་བུམ༷་པ༷་འཛིན་པ། ཐུགས་རྗེ༴ རྒྱས་པ་ཆེན་པོའི་ཡེ་ཤེས་མི་འགྱུར་བའི་སྐུ་མདོག་སེར་ལ་དམ༷ར་བའི་མདངས་ཅན་ནོ། །ཀུན་གཞིའི་རང་བཞིན༴ བདུད༷་རྩི༷་ཉི་མའི་སྲིང་མོའི་ཚུལ་ཆོས་ཀུན་ཆོས་ཉིད་ལས་མི་གཡེལ་བའི་[སྡིག་པའི་]གདོང༷་ཅན་གཡས༴ གཡོན་སྲིད་པའི་ཉེས་སྐྱོན་དང་བྲལ་བའི་པདྨ་འཛིན་པ། ཐུགས་རྗེ༴ སྐུ་མདོག་སེར་ལ་དམར༷་བའི་མདངས་ཅན་ནོ། །ལྷོའི་ཚངས་ཐིག་གི་ཆའི་སྟེང་གི་ལྷ་གནས་བརྒལ་བའི་འཕྲོའི་པདྨའི་ཁྱམས་ལ། གཟུགས་ཀྱི་རང་བཞིན༴ ཟླ༷་བའི༷་སྲིང་མོའི་ཚུལ། སྲིད་གསུམ་དབྱིངས་སུ་སྒྲོལ་བའི་བྱ་ཁྲའི༷་མགོ༷་ཅན། གཡས༴ གཡོན་ཐོགས་མེད་ཕྲིན་ལས་ཀྱི་རྡོ༷་རྗེ༷་འཆང་བ།

ཐུགས་རྗེ་རྒྱས༴ སྐུ་མདོག་སེར་ལ་དཀར༷་བའི་མདངས་ཅན་ནོ། །སྒྲའི་རང་བཞིན༴ བེ༷་ཅོན༷་ཐོགས་པའི་སྤེན་པའི་སྲིང་མོའི་ཚུལ་ཕྲིན་ལས་མཁས་པའི་ཝའི༷་གདོང༷་ཅན། གཡས༴ གཡོན་ཉོན་མོངས་ཐལ་བར་བྱེད་པའི་དབྱུག༷་ཏོ༷་ཐོགས་པ། ཐུགས་རྗེ་རྒྱས་པ༴ སྐུ་མདོག་སེར༷་ལ་ལྗང་ཀུའི་མདངས་ཅན་ནོ། །དྲིའི་རང་བཞིན༴ སྲིན༷་མོ༷་སྟེ་སྲིན་པོ་ལངྐ་མགྲིན་བཅུའི་ཆུང་མའི་ཚུལ། དཔའ་བརྟུལ་ཆེན་པོ་སྟག༷་གི་གདོང༷་ཅན། གཡས༴ གཡོན་འཁོར་བའི་ཆགས་ཞེན་དབྱིངས་སུ་རོལ་བའི་ཐོད༷་ཁྲག༷་བསྣམས་པ། ཐུགས་རྗེ་རྒྱས་པ༴ སྐུ་མདོག་སེར་ལ་ནག༷་པོའི་མདངས་ཅན་ནོ། །དེ་རྣམས་ཀྱང་༴ ནས་དོ་ཤལ་དུ་བརྒྱན་པའོ། །ནུ༷བ་ཏུ༷་བྷྱོ་དམར་པོ་བདུན་ལས་དབང༷་གི་ལས༷་བྱེད་མ་བདུན༷་ནི། ལྷོ་ནུབ་ནས་གཡས་སྐོར་དུ་རོའི་རང་བཞིན༴ ཟ༷་བ༷་ཆེན་མོ་ནི་ལྷའི་དམག་དཔོན་མ་ཧཱ་ཀཱ་ཱལའི་ཆུང་མའི་ཚུལ། མཁའ་ལ་བསྐྱོད་པའི་བྱ༷་རྒོད༷་ཀྱི་གདོང་ཅན། གཡས་རིགས་མི་འགྱུར་ཞིང་འཁོར་འདས་དབང་དུ་བྱེད་པ་པདྨའི་སྡོང་བུ་དང་། གཡོན་རྣམ་རྟོག་དབྱིངས་སུ་གཞོམ་པའི་བེ༷་ཅོན༷་ཐོགས་པ། ཐུགས་རྗེ་དབང་མཛད་ཆེན་པོའི་ཡེ་ཤེས་ལ་ཕྲིན་ལས་གཞན་ལྷུན་ཀྱིས་གྲུབ་པའི་སྐུ་མདོག་དམར་ལ་ལྗང༷་བའི་ཉམས་ཅན་ནོ། །རེག་པའི་རང་བཞིན༴ དགའ༷་བ༷་མ་ནི་དགའ་བྱེད་དབང་ཕྱུག་ཅེས་རྣམ་ཐོས་སྲས་ཀྱི་ཆུང་མའི་ཚུལ། མྱུར་བའི་ཤུགས་ཀྱི་རྟའི༷་གདོང༷་ཅན། གཡས༴ གཡོན་ཞེན་རྟོག་བཅད་པའི་མིའི་ཁོ༷ག་ཆེ༷ན་ཐོགས་པ། ཐུགས་རྗེ་དབང་མཛད་ཆེན་པོའི་ཡེ་ཤེས་མི་འགྱུར་བའི་སྐུ་མདོག་དམར༷་མོའོ། །ཆོས་ཀྱི་རང་བཞིན༴ སྟོབས༷་ཅན༷་ཏེ་ལྷ་སྟོབས་བཟང་གི་ཆུང་མའི་ཚུལ། སྟོབས་ཆེན་ཁྱུང༷་གི་གདོང༷་ཅན་གཡས༴ གཡོན་འདོད་པའི་ཆགས་རྟོག་འཇོམས་པའི་དབྱུག༷་ཏོ༷་འཛིན་པ། ཐུགས་རྗེ༴ སྐུ་མདོག་

དམར་ལ་དཀར༷་བའི་མདངས་འོད་འཕྲོ་བའོ། །ནུབ་ཀྱི་ཚངས་ཐིག་གི་ཆའི་སྟེང་གི་ལྷ་གནས་བརྒལ་མཚམས་འཕྲོའི་པདྨའི་ཁྱམས་ལ། མིག་གི་རྣམ་ཤེས་ཡེ་ཤེས་སུ་གནས་གྱུར་པའི་སྲིན༷་མོ༷་སྟེ་གཤིན་རྗེའི་སྲིང་མོའི་ཚུལ། མེལ་རྩེ་༼ཚེ་༽ལ་མཁས་པའི་ཁྱིའི༷་གདོང༷་ཅན་གཡས༴ གཡོན་འཁོར་བ་འཇོམས་པའི་རྡོ༷་རྗེ༷་ཐོགས་པ། ཐུགས་རྗེ་དབང་གི་མི་འགྱུར་བའི་སྐུ་མདོག་དམར༷་མོའོ། །རྣ་བའི་རྣམ་ཤེས༴ འདོད༷་པའི༷་ལྷ་ཀ་མ་དེའི་སྲིང་མོའི་ཚུལ། མིག་རྩི་ལྡན་པའི་པུ༷་ཤུ༵ད་ཀྱི་མགོ་ཅན་གཡས༴ གཡོན་ལག་བསྒྲིལ་བའི་ཐབས་ཤེས་ཀྱི་མད༷འ་གཞུ༷་འགེངས༷་ཏེ་ཐོགས་པ། ཐུགས་རྗེ་དབང༴ སྐུ་མདོག་དམ༷ར་པོའོ། །སྣའི་རྣམ་ཤེས༴ ནོར༷་སྲུང༷་གི་སྲིང་མོའི་ཚུལ་ཅན། འདོད་པ་ལ་མ་ཆགས་པའི་ཤ༷་བའི་མགོ༷་ཅན་གཡས༴ གཡོན་ཆགས་མེད་ཟད་མེད་ཀྱི་བུམ༷་པ༷་བསྣམས་པ། ཐུགས་རྗེ༴ སྐུ་མདོག་དམར་ལ་ལྗང༷་གུའི་མདངས་ཅན་ནོ། །དེ་རྣམས་ཀྱང་༴ སོགས་སྦྱར་རོ། །བྱང༷་དུ༷་བྷྱོ་ཡིག་ལྗང་གུ་བདུན་ལས་དྲག༷་པོའི༷་ལས་བྱེད༷་ཀྱི་དབང་ཕྱུག་མ་བདུན༷་ནི། ནུབ་བྱང་གི་ཟུར་ཐིག་གི་ཆའི་སྟེང་ནས་བརྩམས་ཏེ་རིམ་པར་པདྨའི་ཁྱམས་ལ། ལྕེའི་རྣམ་ཤེས་ཡེ་ཤེས་སུ༴ རླུང༷་ལྷ༷འི་སྲིང་མོའི་ཚུལ་ཟ་བར་བྱེད་པའི་སྤྱང༷་ཀིའི་གདོང༷་ཅན། གཡས་རིགས་མི་འགྱུར་ཞིང་ཕྲིན་ལས་མཛད་པའི་རྒྱ་གྲམ། གཡོན་ལས་རླུང་ཟློག་པའི་བ༷་དན༷་འཛིན་པ། ཐུགས་རྗེ་དྲག་པོ་ཆེན་པོའི་ཡེ་ཤེས་ལས་ཕྲིན་ལས༴ སྐུ་མདོག་ལྗང༷་ལ་སྔོ་བའི་ཉམས་ཅན་ནོ། །ལུས་ཀྱི་རྣམ་ཤེས༴ མེ༷་མོ༷་ནི་མེ་ལྷའི་ཆུང་མའི་ཚུལ། མཐོང་བར་བྱེད་པའི་གོ་བརྡའི་སྒྲའི་སྐྱིན་བུའམ་སྐྱིན༷་གོར་གྱི་གདོང༷་ཅན་ཏེ། ལ་ལ་དག་གིས་སྐྱིན་གཡག་ཏུ་ངོས་འཛིན་པ་ནི་ལྷོ་བྱང་གི་ཡུལ་གྱི་བྱེ་བྲག་གིས་དེ་སྐད་ཟེར་བ་ལས་དོན་ཙ་མ་རའི་སྒྲས་གཡག་ཉིད་ལས་མ་

འདས་པས་ཡིན་པར་མ་སེམས་ཏེ། ཇི་སྐད་དུ། དྲི་མེད་བཤགས་རྒྱུད་ལས། རྣལ་འབྱོར་དམར་སེར་མེ་སྒྲོན་འཛིན། །སྐྱིན་བུའི་མགོ་ལ་ཕྱག་འཚལ་ལོ། །ཞེས་དང་། ཕུར་བའི་གཞུང་ལས། མེ་མོ་དམར་མོ་གསལ་ཤིང་འཛིན། །སྐྱིན་བུའི་མགོ་ཅན་དུས་ལ་བབ། །ཅེས་པའི་སྐྱིན་གོར་དང་སྐྱིན་བུ་ནི་ཡོངས་གྲགས་སུ་གངས་སྦལ་གྱི་མིང་ཡིན་པས་བསྙོན་དུ་མེད་པ་ཉིད་དོ། །དེ་ཡང་གཡས༴ གཡོན་མ་རིག་པ་འབྱེད་པའི་གསལ༷་ཤིང༷་སྟེ་མེ་སྒྲོན་འཛིན་པ། ཐུགས་རྗེ༴ སྐུ་མདོག་ལྗང་ལ་དམར༷་བའི་མདངས་ཅན་ནོ། །ཡིད་ཀྱི་རྣམ་ཤེས༴ ཕག༷་མོ༷་ནི་ས་བདག་ཕག་ཆེན་གྱི་ཆུང་མའི་ཚུལ། མྱོས་པར་བྱེད་པའི་ཕག༷་གི་གདོང༷་ཅན་གཡས༴ གཡོན་འཁོར་བ་དབྱིངས་སུ་འཆིང་བའི་མཆེ༷་ཞགས༷་ཐོགས་པ། ཐུགས་རྗེ༴ སྐུ་མདོག་ལྗང་ནག༷་ཏུ་འབར་བའོ། །བྱང་གི་ཚངས་ཐིག་གི་ཆའི་སྟེང་ལྷ་གནས་བརྒལ་མཚམས་འཕྲོའི་པདྨའི་ཁྱམས་ལ། གཟུགས་ཁམས་ཡེ་ཤེས་སུ༴ རྡོ༷་རྗེ༷་ནི་གཤིན་རྗེའི་ཆུང་མའི་ཚུལ། སྦེད་པར་བྱེད་པའི་ཁྭའི༷་གདོང༷་ཅན༴ གཡོན་ཡིད་རྟོག་སྣ་ཚོགས་འཇོམས་པའི་ཞིང༷་ཆུང༷་འཛིན་པ། ཐུགས་རྗེ་དྲག༴ སྐུ་མདོག་ལྗང་ལ་དམར༷་བའི་མདངས་ཅན་ནོ། །རོ་ཁམས༴ སྣ༷་ཆེན༷་མོ་ནི་ཚོགས་བདག་གམ་དབང་ལྡན་གྱི་ཆུང་མའི་ཚུལ། སྟོབས་ཀྱིས་རྒྱུ་བའི་གླང༷་པོ་ཆེའི༷་གདོང་ཅན༴ གཡོན་ཆོས་ཐམས་ཅད་བདག་མེད་དུ་རྟོགས་པའི་བམ༷་ཆེན༷་ཐོགས་པ། ཐུགས་རྗེ༴ ལྗང༷་ནག་ཏུ་འབར་བའོ། །དྲི་ཁམས༴ ཆུ༷་ལྷའི༷་ཆུང་མའི་ཚུལ། འཇིགས་པར་བྱེད་པའི་སྦྲུལ༷་གྱི་གདོང༷་ཅན༴ གཡོན་ཞེ་སྡང་དབྱིངས་སུ་འདྲེན་པའི་སྦྲུལ༷་གྱི་ཞགས༷་པ་བསྣམས་པ། ཐུགས་རྗེ༴ ལྗང་༷ཀུ་སྟེ། དེ་རྣམས་བདག་མེད་སོགས་སྦྱར་རོ། །རྩ་བའི་དཀྱིལ༷་འཁོར༷་གྱི་ཕྱི༷་རིམ༷་གྱི་ཤར༷་གྱི༷་སྒོ་ཐད་ཚངས་ཐིག་གི་ཆའི་སྟེང་གི་པདྨའི་ཁྱམས་དེ་

རུ༷་རྡོ༷་རྗེ༷་སྟེ་སྔོན་པོ་རྡོ་རྗེ་ཁྲག་འཐུང་གི་ཡུམ་དུ་རོལ་པ་དང་། རེག་ཁམས་ཡེ་ཤེས་སུ་གནས་གྱུར་སྲིན་པོ་རྣམ་འཇིག་གི་ཆུང་མའི་ཚུལ་འཛིན་པ། སྙན་པར་སྨྲ་བའི་ཁུ༷་བྱུག༷་གི་གདོང་ཅན་གཡས༴ རྡོ་རྗེ་དང་། གཡོན་སྙིང་རྗེ་ཚད་མེད་པའི་ལྕ༷གས་ཀྱུ༷་སྲིད་པ་གསུམ་ལ་བཏབ་པ། ཐུགས་རྗེ་ཞི་བ༴ སྐུ་མདོག་དཀར༷་མོའོ། །རྩ་བའི་དཀྱིལ༷་འཁོར༷་གྱི་ཕྱི༷་རིམ༷་ལྷོ ༷་སྒོའི༷་ཐད་ཀྱི་པདྨའི་ཁྱམས་དེ་རུ༷། རྡོ༷་རྗེ༷་ཁྲག་འཐུང་གི་ཡུམ་གཟུགས་ཁམས་ཡེ་ཤེས་སུ་གནས་གྱུར་པའི་སྲིན་པོ་མགྲིན་བཅུའི་ཆུང་མའི་ཚུལ། དོན་ཡོད་པར་བྱེད་པའི་རའི༷་གདོ༷ང་པ་ཅན། གཡས༴ རིན་པོ་ཆེ་དང་། གཡོན་བྱམས་པ་ཚད་མེད་པའི་ཞག༷ས་པས་འཁོར་བ་འཆིང་བ། ཐུགས་རྗེ་རྒྱས་པ༴ སེར༷་མོའོ། །རྩ་བའི་དཀྱིལ༷་འཁོར༷་གྱི་ཕྱི༷་རིམ༷་ནུབ་སྒོའི༷་ཐད་ཀྱི་པདྨའི་ཁྱམས་དེ་རུ༷། རྡོ༷་རྗེ༷་ཁྲག་འཐུང་གི་ཡུམ་ཆོས་ཁམས་ཡེ་ཤེས་སུ་གནས་གྱུར་པའི་སྲིན་པོ་བུམ་སྣའི་ཆུང་མའི་ཚུལ། དོན་སྤྱོད་པར་བྱེད་པའི་སེང༷་གེའི༷་གདོང༷་ཅན་གཡས༴ པདྨའི་སྡོང་བུ་དང་། གཡོན་དགའ་བ་ཚད་མེད་པའི་ལྕགས༷་སྒྲོག༷་གིས་ཉོན་མོངས་བསྡམས་པ། ཐུགས་རྗེ་དབང་མཛད་ཆེན་པོའི་ཡེ་ཤེས་མི་འགྱུར་བའི་སྐུ་མདོག་དམར༷་མོའོ། །རྩ་བའི་དཀྱིལ༷་འཁོར༷་གྱི་ཕྱི༷་རིམ༷་བྱང༷་སྒོའི༷་ཐད་ཀྱི་པདྨའི་ཁྱམས་དེ་རུ༷། རྡོ༷་རྗེ༷་ཁྲག་འཐུང་གི་ཡུམ་དྲོད་ཁམས་ཡེ་ཤེས་སུ་་གནས་འགྱུར་བའི་སྲིན་པོ་འབོད་སྒྲོགས་སམ་གསུས་པོ་ཆེའི་ཆུང་མའི་ཚུལ། དོན་མཐུན་བྱེད་པའི་སྦྲུལ༷་གྱི་གདོང༷་ཅན་གཡས༴ རྒྱ་གྲམ་དང་། གཡོན་བཏང་སྙོམས་ཚད་མེད་པའི་དྲི༷ལ་བུ༷ས་སྲིད་པ་ཞི་བར་མྱོས་པ། ཐུགས་རྗེ་དྲག་པོ༴ མི་འགྱུར་བའི་སྐུ་མདོག་ལྗང༷་ནག་གོ །དེ་བཞི་ཀའང་བདག་མེད༴ འདིར་གནས་ཡུལ་སྒོ་སྐྱོང་དབང་མོ་རྣམས་ལ་རྒྱན་གྱི་བྱེ་བྲག་གཏེར་གཞུང་དུ་མི་གསལ་ཞིང་རིགས་མཐུན་གྱི་རྒྱུད་དང་མན་ངག་

གཞན་རྣམས་སུ་ཡང་སྣ་ཚོགས་པར་གསུངས་པ་དང་། ཚུལ་དེ་བཞིན་མགོ་བརྙན་རྣམས་ལ་ཡང་རལ་པ་ཡོད་མེད་ཅི་རིགས་པར་སྣང་ལ། གང་ལྟར་བྱས་རུང་རྒྱུད་ལུང་གི་དགོངས་པས་འགྲུབ་ཕྱིར་ཁྱད་པར་མེད་མོད། འོན་ཀྱང་འདིར་བཀོད་པ་ནི་བྲིས་འབུར་གྱི་རྟེན་བཞེངས་འཇུག་བདེ་ཕྱིར་བྱས་པ་ཡིན་ཏེ། རྡོ་རྗེ་མེ་ལོང་ལས། ཧ་བརྒྱད་ས་བོན་ལས་བྱུང་བའི། །དཀར་མོའི་ཚོགས་དང་རྐུན་མོའི་ཚོགས། །སོགས་ནས། སླས་དང་བྱི་མོ་བྲན་མོའི་ཚུལ། །སྐུ་མདོག་ཕྱག་མཚན་བཞུགས་ཚུལ་ཉིད། །རིམ་པ་བཞིན་དུ་བཀོད་པར་བྱ། །རིན་ཆེན་ཐོད་པའི་དབུ་རྒྱན་དག །གནས་སྐབས་དག་དང་འཚམས་པར་བྱ། །ཞེས་དང་། གནས་ཡུལ་ལ། བླ་མ་ཆེན་པོ་ལས། རྣལ་འབྱོར་སྔོ་ནག་ཀཽ་རི་མ། །རལ་པ་ཁམ་ནག་གྱེན་དུ་འཁྱིལ། །མཆེ་གཙིགས་རྐན་རྡེབ་གཡང་གཞི་གསོལ། །ཅེས་པ་དང་། ཕྲ་མེན་ཐོགས་མེད་སེང་གེའི་གདོང་། །རྣལ་འབྱོར་སེར་ནག་སེང་གེ་མ། །མཆེ་གཙིགས་རྐན་རྡེབ་གཡང་གཞི་གསོལ། །ཅེས་རལ་པ་ཡོད་མེད་ཀྱི་ཁྱད་པར་བྱས་པ་དང་། བླ་མ་དགོངས་འདུས་ལས། ཡུལ་མ་སོགས་དེ་ཐམས་ཅད་སྲིན་མོ་ཁྲོས་པའི་ཆ་ལུགས་ཅན་གསུངས་པ་དང་། ལྷ་མོ་སྒྱུ་དྲྭ་ལས། དབང་མོ་རྣམས་ནི། དབང་ཕྱུག་ཚོགས་ཀྱི་བཀའ་ཉན་མ། །འཇིགས་སུ་རུང་བའི་སྡང་མིག་ཅན། །ཐོད་རློན་གཡང་གཞི་རྒྱན་དུ་བྱེད། །བརྐྱང་བརྐུམ་རྐང་གིས་ཞིང་ཆེན་གནོན། །ཞེས་སོགས་གསུངས་པས་གནས་མ་རྣམས་ཁྲོ་ཆས་གཞན་རྣམས་མགོ་ཕྲེང་གཡང་གཞི་ལས་རྒྱན་ཆས་མེད་པ་དང་། མགོ་བརྙན་རྣམས་ཀྱང་སེམས་ཅན་རང་རང་གི་མགོ་ཇི་བཞིན་པ་ཉིད་ཡིན་ནོ། །གལ་ཏེ་ཀུན་ལ་རྒྱན་དང་རལ་པ་ཡོད་པའི་ལུགས་སུ་འདོད་ན་ཡང་། གསང་བ་མེ་ལོང་གི་རྒྱུད་ལས། སླས་དང་བྱི་མོ་

བྲན་མོའི་ཚུལ། །བཅུ་གཉིས་དང་ནི་བརྒྱད་ཀྱིས་མཛེས། །རང་གི་སྟན་དང་ལག་ཆ་དང་། །ཅི་བགྱི་ཞེས་ནི་ཆས་ཏེ་གནས། །ཀུན་ཀྱང་མཛེས་པའི་རྒྱན་དང་བཅས། །ཞལ་འཛུམ་སྲེག་མིག་འཁྲིལ་ཚུལ་ཅན། །དབུ་སྐྲ་རལ་པའི་ལྕང་ལོ་འཁྱིལ། །ཤ་ད་པ་ཡི་གླུ་ལེན་ཅིང་། །ཞེས་གསུངས་སོ། །དེའི་ཚེ་མགོ་བརྙན་ཅན་རྣམས་ཀྱང་ཁྲོ་མོའི་བཞིན་ལ་སེམས་ཅན་རང་རང་གི་གདོང་ཅན་དུ་ངེས་དགོས་པ་འདྲ་སྟེ། བྱ་སྦྲུལ་གྱི་མགོ་ཅན་སོགས་ལ་སྙན་རྒྱན་སོགས་མི་བདེ་བ་དང་། རལ་པ་མེད་ལ་ཡོད་པའི་ཤུགས་དང་། མགོན་པོ་བྱ་རོག་གདོང་གི་སྒྲུབ་ཐབས་སུ། ཁྲོ་བོའི་བཞིན་ལ་རྡོ་རྗེ་འབར་བའི་མཆུ་ཅན་གསུངས་པ་དང་། ལྷ་མོ་སྒྱུ་འཕྲུལ་ལས། མུ་ཁ་གསོད་བྱེད་བྱ་རྒོད་མགོ །ཁྲོ་གཉེར་སྤྱན་བགྲད་ཞལ་གདངས་ཤིང་། །སྤྱན་གསུམ་འཇིགས་པའི་སྡང་མིག་ཅན། །ཞེས་ཡུལ་མའི་སྐབས་མཆེ་གཤོག་དང་སྤྱན་གསུམ་ཁྲོ་གཉེར་སོགས་གསུངས་པའི་ཕྱིར་རོ། །རྒྱན་གྱི་བྱེ་བྲག་ལ་ཡང་། བླ་མ་དགོངས་འདུས་ལས། མགོ་བརྙན་ཅན་རྣམས་ཞིང་ལྤགས་དང་སྟག་ཤམ་ཐོད་རུས་སྦྲུལ་གྱིས་བརྒྱན་པར་གསུངས་པས་སཱིང་ཧ་མ་ནས་དབང་མོ་རྫོགས་པའི་ལྷ་མོ་རྣམས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་ལ། ཕར་ཕྱིན་གཞན་ལྔའི་རུས་པའི་ཕྱག་རྒྱ་ལྔ་དང་། བྱང་ཆུབ་སེམས་ཀྱི་མི་ལྤགས། གཟུང་འཛིན་བྲལ་བའི་སྟག་ཤམ། སེམས་བྱུང་དག་ཅིང་སྤྲུལ་བསྒྱུར་སྣ་ཚོགས་པའི་མི་མགོའི་དོ་ཤལ་ཙམ་བྱས་པས་གྲུབ་པའོ། །དེ་ལྟར་རང་བྱུང་རང་ཤར་གྱི་དཀྱི༷ལ་འཁོ༷ར་ཆེན་པོའི་ཕྱིའི་མུ༷་ར༷ན་སྐྱོ༷ང་བ༷འི་བཀའ་ཡི༷་བྱ་ར་བྱེད་པ་དབ༷ང་ཕྱུ༷ག་མ་ཉི༷་ཤུ༷་རྩ༷་བརྒྱ༷ད་པོ་རྣམས་ཀྱ༷ང་། མ༷་ཡེ༷ངས་པའི་ཡི༷ད་ཀྱི་ཡུ༷ལ་དུ་མངོན་སུམ་ལྟར་གས༷ལ་བ༷ར་བསྒོ༷མ་མོ། །བྷྱོ༷་ཉེར་བརྒྱད་ནི་དབང་མོ་རྣམས་ཀྱི་ས་

བོན་ཏེ། མ་མོའི་དོན་དང་། སྙིང་པོ་དང་། འཇིགས་བྱེད་མ་ཞེས་པ་དང་། འབོད་པ་དང་། བསྐུལ་བ་རྣམས་དང་། ཡང་ཀུན་མཁྱེན་ཆེན་པོས། བྷ་གི་ནི་སྲིང་མོ། བྷ་ར་ཡ་ཆུང་མ་སྟེ། སྒྲ་གནས་བསྡུས་ཏེ་ས་བོན་དུ་བྷྱོ་ཞེས་གསུངས་སོ། །འདི་དག་ཐུན་མོང་དུ་འཇིག་རྟེན་པ་དང་། ཐུན་མོང་མ་ཡིན་པའི་ཡེ་ཤེས་པ་དང་། ཤིན་ཏུ་ཐུན་མོང་མ་ཡིན་པས་རྩ་གནས་འཁོར་ལོ་ལ་གནས་པས་སངས་རྒྱས་པའི་ཚེ་དེ་ལྟར་སྣང་བར་འདོད་པས་དེའི་རྗེས་སུ་འབྲང་བ་ཡིན་ནོ། །ཁ་ཅིག་གིས་འདི་དག་རྩ་ལྷ་ཡིན་པས་གཞལ་ཡས་ཁང་གི་ནང་དུ་བསྒོམ་པ་ལས་མུ་རན་དུ་མི་འོས་པར་བཤད་ཀྱང་། དེ་དག་ནི་རྟེན་བརྟེན་པར་བཅས་པ་ཡེ་ཤེས་གཅིག་གི་རོལ་པ་ཡིན་པར་མ་རྟོགས་ཤིང་། བཟང་ངན་དུ་བལྟས་པའི་གཉིས་སྣང་ཨ་འཐས་ཀྱི་སྒྲོག་གིས་བཅིངས་པའི་ངང་ཚུལ་ངན་པས་གཏེར་གཞུང་ཉིད་ལ་རྩོད་པར་བྱེད་པ་སྟེ། ཅིའི་ཕྱིར་ན་གཏེར་གཞུང་དུ། དཀྱིལ་འཁོར་ཕྱི་རིམ་མུ་རན་ན་ཡོད་པར་དངོས་སུ་བསྟན་པའི་ཕྱིར་རོ། །ད་ནི་མདོར་བསྡུ་ན་ཕྱི༷་སྣོ༷ད་དུ་སྣང་བ་སྲིད་པ་གསུམ་གྱི་ཞིང་ཐམས་ཅད་རང་སྣང་ཡེ་ཤེས་ཀྱི་གཞ༷ལ་ཡ༷ས་ཁང་ཆེ༷ན་པོ་ཉི༵ད་དང་། ན༷ང་བཅུ༷ད་དུ་སྣང་བ་ཁམས་གསུམ་གྱི་སྐྱེ་འགྲོ་ཐམས་ཅད་ཞི་ཁྲོ་རབ་འབྱམས་ཀྱི་ལྷ༷་ད༷ང་ལྷ༷་མོ༷འི་སྐུ་ཡིན་ལ་ཡིན་བཞིན་དུ་གས༵ལ་བ་སྟེ། ར༷ང་ཉི༷ད་དུ་སྣང་བ་ཡང་ལྷ༷འི་རང་བཞིན་ལས་གཞན་མ་ཡིན་ལ༷། ལྷ༷་ཉི༷ད་དུ་སྣང་བ་ཡང་ར༵ང་སྣང་གི་རྩལ་ལས་ལོགས་ན་མ་མཆིས་པས་ལྷ་དང་རང་གཉིས་སུ་དབྱེ༷ར་མེ༷ད་ཟུང་འཇུག་བདེ་བ་ཆེན་པོའི་རང་བཞིན་དུ་སྣང་ཞིང་གདངས་འགག་མེད་ཀྱི་རྩལ་དུ་ལྷའི་རོལ་པ་དུ༷་མ༷་གཤིས་སྐྱེ་མེད་ཀྱི་ཀློང་དུ་ཐམས་ཅད་རོ༷་གཅི༷ག་པས་སྟོང་གསལ་འདུས་མ་བྱས་པའི་ལྷའི་

རང་བཞིན་དུ་གན༷ས་པའི་ཚུལ་ནི། དཔེ༷ར་ན༷་ཆུ༷་ནང་གི་ཟླ༷་བ་དང་ནམ་མཁའི་འཇ༷འ་ཚོ༷ན་ལྟ༵ར་སྣ༷ང་བའི་ཆ་ནས་མངོན་སུམ་ལྟར་ལ༷་བཀྲ་ལམ་གྱིས་གསལ་བ་དང་། སྟོང་པའི་ཆ་ནས་དངོས་པོའི་ར༷ང་བཞི༷ན་དུ་གྲུབ་པ་རྡུལ་ཙམ་ཡང་མེ༷ད་པ༷ར་བསྒོ༵མ་པའོ། །དེ་ལྟར་བདེ༷་བར་གཤེ༷གས་པ་ཞི༷་ཁྲོ༷་རབ་འབྱམས་ཀྱི་ལྷ༷འི་སྒོམ་པའི་ཁོ༷ག་ཕུབ་འདི༷་ནི། བད༷ག་གི་ཕུང་ཁམས་སྐྱེ་མཆེད་ཀྱིས་བསྡུས་ཏེ་བསྐྱེ༷ད་པ་དང་། མདུ༷ན་གྱི་མཚན་མའི་རྟེན་གྱིས་མཚོན་ཏེ་བསྐྱེ༷ད་པ་དང་། ཐོ༷ལ་གྱིས་ལས་བྱང་ཆུང་བ་ལྟར་བསྐྱེ༷ད་པ་ད༷ང་། འབྲུ་གཉེར་ཏེ་ལས་བྱང་ཆེ་བ་ལྟར་བསྐྱེད་པ་དང་། དབང་ཁྲུས་སོགས་ཀྱི་དོན་དུ་བུམ་པའི་ནང་དུ་བསྐྱེ༷ད་པ་ག༷ང་བྱེ༷ད་ཀྱ༷ང་། བཅས་བཅོས་གཞན་མི་དགོས་ཤིང་སྒོ༷མ་རིམ་ཁོ༷ག་དབུབ་འདི་བློ༷་ལ༷་བྱ༷ང་བ༷་ཤིན་ཏུ་ནས་གཅེ༵ས་སོ། །ཞེས་ཨོ་རྒྱན་དུས་གསུམ་མཁྱེན་པས་འདིར་ཡང་ནན་ཏན་དུ་གསུངས་པའི་དོན་ནི་དེང་སང་ཞི་ཁྲོ་འདི་ཁམས་ཕྱོགས་འདིར་རང་བཟོའི་བསྐྱེད་ཆོག་ཅི་རིགས་པ་བྱས་པ་འདི་ལ་དངོས་སུ་དགོངས་ནས་གསུངས་པར་ངེས་སོ། །ཞི༷་ཁྲོ༷་འདུ༷ས་པ༷འི་སྒོ༷མ་ཁོ༷ག་ཚོ༷ར་བ༷་ར༷ང་གྲོ༷ལ་ཞེ༷ས་བྱ༷་བ༷འོ༷། །ས༷་མ༷་ཡ༷ཿཞེས་དམ་ཚིག་གི་རྒྱ་དང་། རྒྱ་རྒྱ་རྒྱ༔ ཞེས་སྐུ་གསུང་ཐུགས་ཀྱི་རྒྱས་བཏབ་པའོ། །བདུ༷ན་པ༷་ལྷ༷་ཚོ༷གས་སྤྱན༷་འདྲེ༷ན་པ༷་ནི༵༔ སེ༷ང་གེ༷འི་ང༷་རོ༷ས་འདི༷་སྐ༷ད་དོ༵༔ ཧཱུ༷ྃ་ཞེས་བདེ་བར་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀྱི་སྙིང་པོ་བརྗོད་པ་དང་། མཚོན་པའི་དཔེ༷་མེ༷ད་ཅིང་བས༷མ་པའི་ཡུལ་ལས་འདས་པ་བརྗོ༷ད་པའི་ཚིག་དང་བྲལ་བ་ཐ་སྙད་ཀྱི་ཕྱོགས་རིས་མེད་ཅིང་ཕྱོགས་ཐམས་ཅད་དང་བྲ༷ལ་བ༷འི་རང་བཞིན་ཕྱོགས་མེད་ཀྱི་ཕྱོགས་ཆེན་པོའི་དབུ༷ས་ཀྱི་ཕྱོ༷གས་ན༵ས། འཁོར་འདས་ཀུན་

གྱི་བླ༷་མ༷་རང་བྱུང་གི་རི༷ག་པ་རིགས་ཐམས་ཅད་ཀྱི་བདག་པོ་དང་མཚན་ཉིད་འཛི༷ན་པའི་ཀུན༷་ཏུ་བཟ༷ང་པོ་དེ་ཉིད་ཆོ༷ས་ཀྱི༷་སྐུ༵་རུ་བཞུགས་པ་ནི། ངོ་བོ་མཚན་མའི་སྤྲོས་པ་ཐམས་ཅད་དང་བྲལ་བའི་ཐིག་ལེ་ཉ༷ག་གཅི༷ག་ལ། རང་བཞིན་གས༷ལ་ཞིང་དག༷་པའི་སྒྲོ་བཏགས་ཀྱི་མཐ༷འ་ཐམས་ཅད་དང་བྲ༷ལ་བ། ཐུགས་རྗེ་འགག་པ་མེད་པའི་རྩལ་སྣ་ཚོགས་ལུ༷་གུ༷་རྒྱུ༵ད་དུ་ུའཕྲོ་བ་དོན་དུ་སོ་སོ་མེད་ཅིང་མཉམ་ཉིད་དུ་ཡེ་ནས་ལྷུ༷ན་གྱིས་གྲུ༷བ་པའི་ཡེ༷་ཤེ༷ས་ལྔ༷་ལྡ༷ན་གྱི་དཀྱི༷ལ་འཁོ༷ར་ཆེན་པོ་ཉིད་དུ༵་རང་བྱུང་བ་སྟེ། ཉོ༷ན་མོ༷ངས་པ་ལྔ༷་ཡིས་བསྡུས་པའི་འཁོར་བའི་ཆོས་ཐམས་ཅད་ཀྱང་གདོད་མ་ནས་ཡེ་ཤེས་སུ་ད༷ག་པས་སྐུ༷་ལྔ༷་དང་ཡེ་ཤེས་དབྱེར་མེད་དུ་འདུ༷་འབྲ༷ལ་མེ༵ད་པས་གཤེགས་བཞུད་དུ་མ་མཆིས་ཏེ། རྨད་བྱུང་རྒྱལ་པོ་ལས། ཡེ་ནས་ལྷུན་མཉམ་དཀྱིལ་འཁོར་ལ། །ཡིན་པར་ཤེས་ནས་བསྒོམ་པ་ལ། །ཐ་དད་བློ་ཡི་རིམ་པ་ཡིས། །སྤྱན་འདྲེན་གཤེགས་གསོལ་འདིར་མི་དགོས། །ཞེས་གསུངས་ཀྱང་གནས་སྐབས་སུ་ཐུགས་རྗེ་ཐབས་ལ་མཁས་པས་འགྲོ༷་བ་སེམས་ཅན་གྱི་དོ༷ན་དུ། བདག་གི་ཡི༷ད་སྣ༷ང་ད༷ག་པའི་དཀྱིལ་འཁོར་ཆེན་པོའི་གན༷ས་འདི༷ར་བྱོན་པར་མཛོད་ཅེས་དང་། ཨཱོཾ་ཡེ་ཤེས་ལྔ་ལྡན། གུ༷་རུ༷་བླ་མ། བ༷ཛ྄༷་རྡོ་རྗེ། ཨཾ༷་ཀུ༷་ཤ༷་ལྕགས་ཀྱུས། ཛ༷ཿའགུགས་ནས། ཧཱུ༷ྃ་བྱིན་གྱིས་བརླབས་པའོ། །ཧཱུ༷ྃ་ཐུགས་ཀྱི་སྙིང་པོས་མགོ་དྲངས་ནས། ཕྱོ༷གས་མེ༷ད་ཕྱོ༷གས་ཐམས་ཅད་ད༷ང་བྲ༷ལ་བ༷འི་ཕྱོ༷གས་མཚ༷མས་རྣམས་ན༵ས། འགྲོ་བའི་དོན་རྫོགས་པར་མཛད་པ་མཚུངས་པའི་དཔེ༷་ཟླ་མེ༷ད་པ་བས༷མ་བརྗོ༷ད་དང་བྲ༷ལ་བ༷འི་ཕྱོ༷གས་མེད་ཀྱི་ཕྱོགས་ལྔ༷་རུ༵་སྣང་བ་ན། བླ༷་མ༷་ཀུ༷ན་ཏུ་བཟ༷ང་པོ་ལོ༷ངས་སྤྱོ༷ད་རྫོ༷གས་པ༷འི་སྐུ༵ར་བཞེངས་པ་ནི། དུ༷ག་ལྔ༷་རྣ༷མ་དག༷་ཡེ༷་ཤེ༷ས་ལྔ༷འི་རང་བཞིན་ད༷ང་ལྡ༵ན་ཞིང་ཕུ༷ང་པོ་ལྔ༷་རྣ༷མ་པར་

ད༷ག་པ། བཅོ༷མ་ལྡ༷ན་འདས་རྒྱལ་བ་རི༷གས་ལྔ༷་ཡ༵བ་ཀྱི་རྣམ་པར་རོལ་པ་དང་། འབྱུ༷ང་བ་ལྔ༷་རྣ༷མ་པ༷ར་དག་པ་ཡུམ་མཆོ༷ག་ལྔ༷་ཡི་ཚུལ་ད༷ང་གཉིས་མེད་དུ་སྦྱོ༵ར་བ་དང་། སངས་རྒྱས་སྐུ༷་གསུ༷མ་གྱི་ཡོ༷ན་ཏ༷ན་ཐམས་ཅད་གས༷ལ་ལ༷་འག༷ག་པ༷་མེ༷ད་པའི་བདག་ཉིད་དང་། རྣམ་པར་ཤེས་པའི་ཚོ༷གས་བརྒྱ༷ད་གན༷ས་སུ་ད༷ག་པ་བྱ༷ང་ཆུ༷བ་སེམ༷ས་དཔ༷འ་བརྒྱ༷༵ད་དང་། རྣམ་ཤེས་དེའི་ཡུ༷ལ་བརྒྱ༷ད་གན༷ས་སུ་ད༷ག་པ་བྱ༷ང་ཆུ༷བ་སེམ༷ས་མ༷་བརྒྱ༵ད་བཅས། རི༷གས་ལྔ༷་ཡ༷བ་དང་ཡུ༷མ་དང་གཙོ་དང་འཁོ༷ར་ཐམས་ཅད་གྲ༷ངས་མེ༷ད་དཔག་ཏུ་མེད་པའི་ཚོ༵གས་ཆེན་པོ་དང་བཅས་པ་ཐམས་ཅད་འགྲོ༷་བ་སེམས་ཅན་གྱི་དོན་དུ་བདག་གི་ཡི༷ད་སྣ༷ང་ད༷ག་པའི༷་དཀྱིལ་འཁོར་ཆེན་པོའི་གན༷ས་འདི༵ར་བྱོ༵ན་པར་མཛོད་ཅིག །ༀ༷་སྐུ་ཨཱ༷་གསུང་ཧཱུ༷ྃ་ཐུགས། ༀ༷་ཧཱུ༷ྃ་ཏྲཱ༷ཾ་ཧྲཱི༷ཿཨཱ༷ཿཡབ་ལྔའི་ས་བོན། མཱུ༷ྃ་ལཱ༷ྃ་མཱ༷ྃ་པཱ༷ྃ་ཏ༷ྃཿཡུམ་ལྔའི་ས་བོན། ཨ༷ང་ཀུ༷་ཤ༷་ཛ༷ཿསྔར་བཞིན། ཧཱུ༷ྃ་ཐུགས་ཀྱི་སྙིང་པོས་མགོ་དྲངས་ནས། ཕྱོ༷གས་མེ༷ད་ཕྱོ༷གས་ཐམས་ཅད་ད༷ང་བྲ༷ལ་བ༷འི་ཕྱོ༷གས་མཚ༷མས་རྣམས་ན༵ས། འགྲོ༷་བའི་དོ༷ན་རྫོ༷གས་པར་མཛ༷ད་པའི་སྤྲུལ་སྐུ་ཐུ༷བ་པ༷་དྲུ༷ག་པོ་རྣམས་ད༷ང་། ཚ༷ད་མེ༷ད་བཞི༷་དང་ལྡ༷ན་ཞིང་རྟ༷ག་ཆ༷ད་མུ༷་བཞི༷་དང་བྲ༷ལ་བའི་ཕྲི༷ན་ལ༷ས་རྣམ༷་པ་བཞི༷ས་འགྲོ་བ་འདུལ་བའི་སྒོ༷་བ༷་ཡ༷བ་ཡུ༷མ་བརྒྱ༵ད་པོ་རྣམས་ཀྱང་འགྲོ༷་བ་སེམས་ཅན་གྱི་དོན་དུ་བདག་གི་ཡིད་སྣ༷ང་ད༷ག་པ༷འི་གན༷ས་འདི༷ར་བྱོ༵ན་པར་མཛོད་ཅིག །མདོར་ན་རང་སྣང་ཞི༷་བ༷་རྡོ༷་རྗེ༷་དབྱི༷ངས་ཀྱི༷་དཀྱི༷ལ་འཁོ༷ར་ཆེན་པོ་རུ་རང་གསལ་བའི་གནས་འདི༵ར་ཞི༷་བ༷་བཞི༷་བཅུ༷་རྩ༷་གཉི༷ས་ཀྱི་ལྷ་ཚོགས་ཐམས་ཅད་སྤྱ༷ན་འདྲེ༷ན་པར་བྱེད་ན༷། འགྲོ༷་བ་ཀུ༷ན་གྱི་ཞིང་ཐམས་ཅད་སངས་རྒྱས་སྐུ་གསུམ་གྱི་རང་བཞིན་དུ་བྱི༷ན་གྱིས༷་བརླ༷བ་པའི་ཕྱི༷ར་དུ་སྔོན་གྱི་དམ་བཅའ་གཉན་པོས་རྗེས་སུ་

དགོངས་ཏེ་སྐད་ཅིག་གིས་གཤེ༷གས་སུ༷་གསོ༵ལ་ཅིག །ས༷་མ༷་ཡ༷་ཛ༵ཿདམ་ཚིག་གིས་བྱོན། དེ༷་ན༷ས་ཁྲོ༷་བོ༷འི་ལྷ་༷ཚོ༷གས་སྤྱ༷ན་འདྲེ༷ན་པ༷་ནི༷། གྱི༷་ལི༷ང་མཚེ༷ར་སྐ༷ད་དབྱ༷ངས་ཀྱི༷ས་འདི༷་སྐ༷ད་དོ༵༔ ཧཱུྃ་༷སྔར་བཞིན། ཕྱོགས་བཅུ་དུས་བཞིར་གཤེགས་ཤིང་བཞུགས་པའི་སང༷ས་རྒྱ༷ས་མ་ལུས་ཤིང་ལུས་པ་མེད་པ་ཀུ༷ན་གྱི༷་ར༷ང་བཞི༷ན་དང་སྐུ༷་གསུ༷ང་ཐུ༷གས་ཡོ༷ན་ཏ༷ན་ཕྲི༷ན་ལ༷ས་ཐམས་ཅད་ཡོ༷ངས་སུ༷་རྫོ༷གས་པའི་སྤྱི་དཔ༷ལ་དུ༷་གྱུར་པ་བཅོ༷མ་ལྡ༷ན་འད༷ས་དཔ༷ལ་ཆེན༷་པོ༷་ཁྲ༷ག་འཐུ༷ང་གི༷་རྒྱལ་པོ་ཆེ་མཆོག་ཧེ༷་རུ༷་ཀ༷དེ་དང་གཉི༷ས་སུ༷་མེ༷ད་པའི་ཡུ༷མ་ཆེ༷ན་མོ་ཀྲོ༷་ཏི༷་ཤྭ༷་རི༷་མ་ཡབ་ཡུམ་ཟུང་འཇུག་ཏུ་འཁྲི༷ལ་བ་དང་། གཞན་ཡ༷ང་ཉོ༷ན་མོ༷ངས་པའི་ཚོགས་ཐམས་ཅད་འཇོ༷མས་པར་བྱེད་པའི་ཕྱི༷ར་དུ། ཁྲ༷ག་འཐུ༷ང་ཧེ་རུ་ཀའི་སྤྲུ༷ལ་པ་ཡང་སྤྲུལ་གྱི་ཚོགས་འཁོ༷ར་དང་བཅ༷ས་པ་ཐམས་ཅད་འགྲོ༷་བ་སེམས་ཅན་གྱི་དོ༷ན་དུ་བདག་གི་ཡི༷ད་སྣ༷ང་དག༷་པ༷འི་གན༷ས་འདི༷ར་བྱོ༷ན་པར་མཛོད་ཅིག །ཧཱུ༷ྃ་སྔར་བཞིན། ཕྱོགས་དུས་ཀྱི་སང༷ས་རྒྱ༷ས་ཀུ༷ན་གྱི༷་ར༷ང་བཞི༷ན་དུ་གྱུར་པའི་ཕྱིར་སྐུ༷་དང་གསུ༷ང་དང་ཐུ༷གས་དང་ཡོ༷ན་ཏན༷་ཕྲི༷ན་ལ༷ས་ཐམས་ཅད་ཡོ༷ངས་སུ༷་རྫོ༷གས་པ༷འི་དཔ༷ལ་ལམ་དབང་ཕྱུག་ཏུ་གྱུར་པ། ཞི༷་བ་དང་རྒྱས༷་པ༷་དང་དབ༷ང་དང་དྲ༷ག་པོའི་ཕྲི༷ན་ལ༷ས་ཐམས་ཅད་ཐོགས་མེད་དུ་སྒྲུ༷བ་པར་མཛ༷ད་པ༷འི་ཀེ༷འུ་རི༷་སྟེ་མཛོད་ལྡན་མ་ལ༷་སོ༷གས་པའི་འཁོར་བའི་གན༷ས་རྣམ་ཤེས་ཚོགས་བརྒྱད་གྱི་བད༷ག་པོ་མཛད་པའི་མ༷་མོ༷་བརྒྱ༷ད་པོ་དང་། སེ༷ངྷ༷་སྟེ་སེང་གེའི་གདོང་མ་ལ༷་སོ༷གས་འཁོར་བའི་ཡུ༷ལ་གྱི་བད༷ག་པོ་མཛད་པའི་ཕྲ༷་མེ༷ན་བརྒྱ༷ད་པོ་དང་། རྟ༷འི་གདོ༷ང་མ་ལ༷་སོ༷གས་པའི་ཡེ༷་ཤེ༷ས་ཀྱི་སྒོ༷་སྐྱོང་མ༷་བཞི༷་དང་། དཀྱི༷ལ་འཁོ༷ར་ཆེན་པོའི་ཕྱིའི་མུ༷་ར༷ན་ལ༷་འཁོད་པའི་

དབ༷ང་ཕྱུ༷ག་མ་ཉི༷་ཤུ༵་རྩ་བརྒྱ༷ད་ལ་སོགས་པའི་བཀ༷འི་སྲུ༷ང་མ་བསྟ༷ན་པའི་བད༷ག་པོ། ད༷མ་ཚིག་ཅ༷ན་གྱི་ཆོ༷ས་སྐྱོ༷ང་འཁོར་ཞིང་གི་རྡུལ་རྙེད་དང་བཅས་པའི་ཚོག༷ས་ཐམས་ཅད་འགྲོ༷་བ་སེམས་ཅན་གྱི་དོ༷ན་དུ་བདག་གི་ཡི༷ད་སྣ༷ང་ད༷ག་པ༷འི་གན༷ས་འདི༷ར་བྱོ༷ན་པར་ཞུ་བས་ཐུགས་རྗེ་ཆེན་པོས་དགོངས་ཏེ་འགྲོ༷་བ་ཀུ༷ན་གྱི་རྒྱུད་བྱི༷ན་གྱི༷ས་བརླ༷བ་པའི་ཕྱི༷ར་དུ་སྐད་ཅིག་གིས་གཤེ༷གས་སུ༷་གསོ༷ལ་ལོ། །ཧཱུ༷ྃ་རྣམས་ནི་ཁྲག་འཐུང་ཡབ་ཡུམ་གྱི་སྲོག །ཧ༷་ཀཽ་རུ། ཧེ༷་སེངྷ། ཛ༷ཿཧཱུ༷ྃ་བཾ༷་ཧོ༷ཿསྒོ་སྐྱོང་ངོ་། །བྷྱོ༷་རྣམས་ནི་དབང་མོའི་ཐུགས་སྲོག་གོ །ས༷་མ༷་ཡཱ༷་དམ་ཚིག་གི། བ༷ཛྲ༷་ཨངྐུ༷་ཤ༷་ཛ༷ཿརྡོ་རྗེ་ལྕགས་ཀྱུས་བཀུག་ནས། ཛ༷ཿཧཱུ༷ྃ་བཾ༷་ཧོ༷ཿབསྟིམ་སྡོམ་མྱོས་ཤིང་དབྱེར་མེད་དུ་བྱེད་པ་སྟེ། མཉམ་སྦྱོར་ལས། དྲངས་ཏེ་བཅུག་ནས་བཅིངས་པ་དང་། །ཞུགས་ནས་དབང་དུ་གྱུར་པ་ནི། ཛཿཧཱུྃ་བཾ་ཧོཿབཤད་པ་སྟེ། །སངས་རྒྱས་ཀུན་གྱི་བརྡ་ཡིན་ནོ། །ཞེས་སོ། །ཁྲོ༷་བོ༷་ཁྲ༷ག་འཐུ༷ང་སྤྱ༷ན་འདྲེ༷ན་པ༷འི་ལེ༷འུའོ༷ཿས༷་མ༷་ཡ༷་དམ་ཚིག་གི་རྒྱ་དང་། རྒྱ༷་རྒྱ༷་རྒྱ༷ཿགསུམ་གསང་བ་གསུམ་གྱིས། གཏ༷ད་རྒྱ༷་ལས་འཕྲོ་ཅན། སྦ༷ས་རྒྱ༷་རྡོ་རྗེའི་དམ་ཚིག་རྣམས། ཟ༷བ་རྒྱ༷་ཤིན་ཏུ་གསང་བའོ། །བརྒྱ༷ད་པ༷་ལྷ༷་ཚོ༷གས་བཞུ༷གས་སུ༷་གསོ༷ལ་བ༷་ལ་གཉིས་ཏེ་དང་པོ་ནི༷། ཆུ༷་བོ༷འི་རྒྱུ༷ན་དབྱ༷ངས་རི༷ང་པོ༷ས་འདི༷་སྐ༷ད་དོ༷། །ཧཱུྃ་ཐུགས་ཀྱི་སྙིང་པོས་མགོ་དྲངས་ནས། དཔེ་སྒྱུ་མ་མཁན་གྱི་སྒྱུ༵་མ༷འི་འཕྲུལ་དང་། མེ་ལོང་ནང་གི་གཟུ༷གས་བརྙ༷ན་དང་། ཆུ༷་ནང་གི་ཟླ༵་བ་དང་། ནམ་མཁའི་འཇའ་ཚོན་ལྟར་དུ། དཔེ་ཅན་འོད་ཟེ༷ར་སྣ་ཚོགས་འབར་བ་ཡེ༷་ཤེ༷ས་ལྔ༷་ལྡ༷ན་གྱི་གཞ༷ལ་ཡ༷ས་ཁ༷ང་ཆེན་པོའི་དབུས་སུ། སེ༷ང་གེ༷་དང་། གླ༷ང་ཆེ༷ན་དང་། རྨ༷་བྱ༷་དང༷་། ཤ༷ང་ཤ༷ང་རྣམས་ཀྱི་ཁྲི་མིག་མཛེས་པའི་རིན་པོ་ཆེའི་

སྣ་ཚོགས་པའི་ཁྲི་རྐང་གི་སྟེང་ན་པ༷དྨ༷་དང་། ཉི༷་མ་དང་། ཟླ་བའི༷་གད༷ན་ངོ་མཚར་བ་རྣམས་ལ་རྒྱལ་བ་ཆོས་ཀྱི་སྐུ༷་ཀུ༷ན་ཏུ་བཟང་པོའི་སྐུ༷་དང་གསུ༷ང་དང་ཐུགས་དང་ཡོ༷ན་ཏ༷ན་དང་ཕྲི༷ན་ལ༷ས་ཏེ་མི་ཟད་པ་རྒྱན་གྱི་འཁོར་ལོ་ལྔ༷འི་རི༷ག་རྩལ་ལམ་ནུས་པའི་ཆོ༷་འཕྲུ༷ལ་ཆེ༷ན་པོ་ལ༷ས། རང་ཤར་བ་བཅོ༷མ་ལྡ༷ན་འདས་རྒྱ༷ལ་བ༷་ལོངས་སྤྱོད་རྫོགས་སྐུ་རི༷གས་ལྔ༷་ཡ༷བ་ཡུ༷མ་བཅུ༷་རྣམས་དང་། སེ༷མས་དཔ༷འ་བརྒྱད་དང་། སེ༷མས་མ༷་བརྒྱད་དེ་བཅུ༷་དྲུ༷ག་གི་འཁོ༷ར་ད༷ང་བཅ༷ས་པའི་ཚོགས་རྣམས་ཀྱང་། ར༷ང་གི་སྣ༷ང་བ་རྣམ་པར་ད༷ག་པ༷འི་སྤྲུལ་པའི་གན༷ས་མཆོག་ཆེན་པོ་འདི༷ར་བཞུ༷གས་ཏེ་གནས་པར་མཛད་དུ༷་གསོ༷ལ་ལོ། །ཧཱུ༷ྃ་སྒྱུ་མ༴ སོགས་ནི་གོང་ལྟར་ལ། གཞ༷ལ་ཡ༷ས་ཁ༷ང་ཆེན་པོའི་ཕྱོགས་ཀྱི་སྒོ་ཁང་གི་ས་གཞི་ལ་སྣ༷་ཚོ༷གས་པའི་རི༷ན་ཆེ༷ན་ཁམས་ལས་གྲུབ་པའི་ཉི༷་ཟླ༷་པདྨའི་གདན་རྣམས་ཀྱི་སྟེ༷ང་དུ། དཔལ་ཀུ༷ན་ཏུ་བཟ༷ང་པོའི་ཞི༷་རྒྱ༷ས་དབ༷ང་དྲ༷ག་གི་ཆོ༷་འཕྲུ༷ལ་ཆེན་པོ་ལ༷ས་རང་བྱུང་བ། ཚ༷ད་མེ༷ད་པ་བཞི༷་དང་ལྡ༷ན་ཕྱིར་ལྕ༷གས་ཀྱུ་དང་། ཞ༷གས་པ༷་དང་། ལྕ༷གས་སྒྲོ༷ག་དང་། དྲི༷ལ་བུ༷་འཛིན་པའི་ལྷ་མོ་བཞི་དང་། རྟག་ཆད་བདག་མཚན་ཏེ་མུ༷་བཞི༷་གནས་སུ༷་དག༷་པའི༷་ལྷ་ཁྲོ་བོ་བཞི་སྟེ། རྣ༷མ་པར་ཐ༷ར་བ་བརྒྱ༷ད་དང་ལྡ༷ན་པའི་སྒོ༷་སྲུང་བ༷ར་བྱེད་པའི་ཁྲོ་བོ་ཡ༷བ་ཡུ༷མ་བརྒྱ༷ད་རྣམས་ཀྱང་། ར༷ང་སྣ༷ང་༴ སོགས་གོང་ལྟར་རོ། །ཧཱུ༷ྃ་སྒྱུ༷་མ༷་༴ སོགས་གོང་ལྟར་ལས་གཞ༷ལ་ཡ༷ས་ཁ༷ང་གི་ནང་དུ། རི༷ན་ཆེ༷ན་ཉི༷་ཟླ༷་པ༷དྨ༷་བརྩེ༷གས་པ༷འི་གདན་རྣམས་ཀྱི་སྟེ༷ང་དུ། རྒྱལ་བ་ཆོ༷ས་ཀྱི་སྐུ༷་ཀུ༷ན་ཏུ་བཟ༷ང་པོའི་ཟ༷ག་པ་མེ༷ད་པའི་ཆོ༷་འཕྲུ༷ལ་ཆེན་པོ་ལ༷ས། འགྲོ༷་བ༷འི་རྣ༷མ་རྟོ༷ག་དང་དེ་ལས་བྱུང་བའི་རི༷གས་དྲུ༷ག་གི་ཁམས་རྣམས་རྩ༷ད་ནས་གཅོ༷ད་པའི་ཕྱི༷ར་དུ་བཅོ༷མ་ལྡ༷ན་འད༷ས་སྤྲུལ་སྐུ་ཐུ༷བ་པ་དྲུ༷ག་གི་ལྷ༷་ཡི་ཚོ༷གས་དཔ༷ག་ཏུ་མེ༷ད་པར་འཕྲོ༷ས་པ་རྣམས་ཀྱང་། ར༷ང་སྣ༷ང་སོགས་

གོང་ལྟར་རོ། །ཐུབ་དྲུག་དང་སྒོ་སྲུང་ལྷ་བསྐྱེད་སྐབས་ཉི་རྐྱང་པད་རྐྱང་དང་། འདིར་པད་ཉི་ཟླ་བ་བྱེད་པ་ནི་རྒྱུད་དང་མན་ངག་གི་ཁྱད་པར་ཡིན་ཏེ། རྒྱུད་དུ་གཙོ་འཁོར་ཐོབ་ཐང་གི་འགྲོས་དང་། མན་ངག་ཏུ་གཙོ་འཁོར་དབྱེར་མེད་ཀྱི་དགོངས་པ་དང་། ཐབས་ཤེས་དང་། བདེ་སྟོང་དང་། གསལ་སྟོང་རྣམས་གཉིས་སུ་མེད་པའི་དོན་གྱིས་ཡིན་པར་སེམས་སོ། །ཨེ༷་ཡ༷ཾ་བ༷ཾ་ལ༷ཾ་བྷྲཱུཾ་འབྱུང་རིམ་གཞལ་ཡས་ཁང་དང་བཅས་པ། ར༷ཏྣ་མཎྜལ་རིན་པོ་ཆེའི་གདན་ནམ་དཀྱིལ་འཁོར། པ༷ཾ་པ༷དྨ༷་མཎྜལ་ས་བོན་དང་བཅས་པའི་པདྨའི་དལ། ཨ༷་ཙ༷ནྡྲ༷་མཎྚ༷ལ༷་ས་བོན་དང་བཅས་པའི་ཟླ་བའི་དལ། མ༷་སུ༷ཪྱ༷་མ༷ཎྚ༷ལ་ས་བོན་བཅས་ཉི་མའི་དལ། ས༷་མ༷་ཡ༷་དམ་ཚིག་དབང་གིས། ཏི༷ཥྛ༷་ལྷ༷ན་བཞུགས་པའམ་གནས་པར་མཛོད། ཧཱུ༵ྃ་ཐུགས་ཀྱི་སྙིང་པོས་མགོ་དྲངས་ནས། དེ་ལྟར་ཞི༷་བའི༷་ལྷ༷་ཚོ༷གས་སངས་རྒྱས་བཞི༷་བཅུ་༷རྩ་གཉི༷ས་ཀྱི་རྣམ་པར་བཞེངས་པ་རྣམས་ཀྱང་། རང༷་གི་ཕུང་ཁམས་སུ་སྣ༷ང་བ་དང་། གན༷ས་ཡུ༷ལ་སོགས་ཀྱིས་རྣམ་པར་དག༷་པ༷འི་དཀྱི༷ལ་འཁོ༷ར་དུ༷་ཤར་བའི་གནས་འདིར་ཕྱོ༷གས་དང་ཕྱོགས་མཚ༷མས་སུ་ལྷ་ར༷ང་ར༷ང་བཞུ༷གས་པ༷འི་གད༷ན་ཁྲི༷་ལ༷། དམ་ཚིག་པའི་འཁོར་ལོ་ཇི་ལྟར་བཞུགས་པ་བཞིན་དུ་ཡེ་ཤེས་པའི་འཁོར་ལོ་རྣམས་དེ་ལྟར་དུ་རང་རང་ལ་བཞུགས་པའི་ཚུལ་ནི། དཔེ་ཆུ༷་ཉི༷ད་དུ་སྣང་བ་ལ༷་ནི༷་ཆུ་ཉི༷ད་བླུགས་པས་དབྱེར་མེད་དུ་འདྲེས་པའམ་ཐི༷མ་པ༷་ལྟ༷ར་དུ་རྟགས་ཀྱི་ལྷ་དུ༷་མ༷་སོ༷་སོ༷ར་སྣ༷ང་ཡ༷ང་། དོན་གྱི་ལྷ་ངོ༷་བོ༷་མི་ཤིགས་པའི་ཐིག་ལེར་རོ་གཅི༷ག་པ་བཞིན། དམ་ཡེ་གཉི༷ས་སུ་མེ༷ད་ཅིང་ཡེ་ཤེས་གཅིག་གི་ར༷ང་བཞི༷ན་དུ་བརྟ༷ན་པ༷ར་བཞུ༷གས་ཏེ་འགྱུར་བ་མེད་[པ་]གནས་པར་མཛད་དུ༷་གསོ༷ལ། ༀ༷་ཨཱ༷ཿཧཱུ༷ྃ་སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས། ཧཱུ༷ྃ་དམ་ཚིག་གི་འཁོར་ལོ་ལ། ཧཱུ༷ྃ་ཡེ་ཤེས་པའི་ལྷ་ཚོགས་

རྣམས། ཧཱུ༷ྃ་དབྱེར་མེད་གཅིག་གི་རང་བཞིན་དུ། ཧཱུ༷ྃ་གསལ་ཞིང་བརྟན་པར་བཞུགས་པའོ། ས༷་མ་༷ཡཱ༷་རྒྱ༷་རྒྱ༷་རྒྱ༷༔ རྣམས་ནི་སྔར་ལྟར་རོ། །གཉིས་པ་ཁྲ༷ག་འཐུ༷ང་ལྷ༷་ཚོ༷གས་བཞུ༷གས་སུ༷་གསོ༷ལ་བ༷་ནི༷། ཧཱུ༷ྃ་ཐུགས་ཀྱི་སྙིང་པོས་མགོ་དྲངས་ནས། སངས་རྒྱས་ཞི༷་བ༷་ལོ༷ངས་སྤྱོད་རྫོགས་སྐུ༷འི་རི༷ག་པའི་རྩ༷ལ་ལམ། ནུས་པའི་ཆོ༷་འཕྲུ༷ལ་ལ༷ས་རང་ཤར་བ་ཉོན་མོངས་དུ༷ག་ལྔ༷་འཇོ༷མས་པར་མཛད་པ༷འི་ལྷ༷་ཡི་ཚོ༷གས་དཔ༷ག་ཏུ་མེ༷ད་པ་འཕྲོ༷ས་པ་སྟེ། བཅོ༷མ་ལྡ༷ན་འད༷ས་ཁྲ༷ག་འཐུ༷ང་རྒྱལ་པོ༷་ཆེ༷་མཆོ༷ག་ཧེ༷་རུ༷་ཀ༷་དང་གཉིས་སུ་མེད་པའི་ཀྲོ༷་ཏི༷་ཤྭ༷་རི༷་དབྱི༷ངས་ཀྱི་དབ༷ང་ཕྱུ༷ག་མའི་ཡུ༷མ་ད༷ང་འཁྲི༷ལ་བ། ཡབ་ཡུམ་ཟུང་འཇུག་གི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་སྤྲུ༷ལ་པ༷འི་ཁྲ༷ག་འཐུ༷ང་རི༷གས་ལྔ༷འི་ཧེ༷་རུ༷་ཀ༷་རྣམས་དང་། ཡུམ་ཆེན་མོ་ཤེ༷ས་ར༷བ་དབྱི༷ངས་ཀྱི་དབང༷་ཕྱུ༷ག་མ་ཀྲོ༷་ཏི༷་ལྔ༷་ད༷ང་གཉིས་མེད་དུ་འཁྲི༷ལ་བ། དེ་ལྟར་ཁྲག་འཐུང་གཙོ་བོ་ཡ༷བ་ཡུ༷མ་དང་། སྲ༷ས་ལུང་གི་ཧེ་རུ་ཀ་བཞི་ད༷ང་། བཀ༷འ་སྡོ༷ད་རིགས་ལྔའི་ཧེ་རུ་ཀ་རྣམས་རང་རང་གི་སྤྲུ༷ལ་འཁོ༷ར་ད༷ང་བཅ༷ས་པ་ཐམས་ཅད། ར༷ང་སྣ༷ང་རྣམ་པར་ད༷ག་པས་བསྐྱེད་ཅིང་བསྒྲུབ་པ༷འི་གན༷ས་འདི༷ར་བཞུ༷གས་སུ༷་གསོ༷ལ་ཞེས་དང་། ཧཱུ༷ྃ་གོང་ལྟར། དཔལ་ཁྲོ༷་བོའི་རྒྱ༷ལ་པོ་ཆེན་པོའི་སྐུ༷་གསུ༷ང་ཐུ༷གས་ལ༷ས་སྤྲུ༷ལ་པ༷འི་ལྷ༷། ཁྲོ་མོའི་རང་བཞིན་དུ་ཤར་བ། ར༷ང་སྣ༷ང་དབ༷ང་པོ༷་དང་རྣམ་ཤེས་ཀྱི་ཚོ༷གས་བརྒྱ༷ད་གན༷ས་སུ་ད༷ག་པ༷འི་ངོ་བོ་ཀེ༷འུ་རི༷་མ་ལ༷་སོ༷གས་པ་གན༷ས་ཀྱི༷་བདག་པོ་མཛད་པའི་མ༷་མོ༷་བརྒྱ༷ད་པོ་རྣམས་ཀྱང་། ར༷ང་སྣ༷ང་སོགས་ནི་གོང་ལྟར་རོ། །ཧཱུ༷ྃ་གོང་ལྟར། དཔལ་ཁྲ༷ག་འཐུ༷ང་གི་རྒྱལ་པོའི་སྐུ༷་གསུ༷ང་ཐུ༷གས་ལ༷ས་སྤྲུ༷ལ་པ༷འི་ལྷ༷། ཁྲོ་མོའི་རང་བཞིན་དུ་ཤར་བ། ར༷ང་སྣ༷ང་དབ༷ང་པོ༷་དང་རྣམ་ཤེས་ཀྱི་ཡུ༷ལ་བརྒྱ༷ད་གན༷ས་སུ་ད༷ག་པ༷འི་ངོ་བོ། སི༷ངྷ་མ་ལ༷་སོ༷གས་པའི་

ཡུ༷ལ་གྱི༷་ཕྲ༷་མེ༷ན་བརྒྱ༷ད་རྣམས་ཀྱང་། ར༷ང་སྣ༷ང་སོགས་གོང་ལྟར་རོ། །དཔལ་ཆེན་པོ་ཁྲག་འཐུང་རིགས་བཞིའི་ཐུགས་ལས་སྤྲུལ་པའི་ལྷ་ཁྲོ་མོའི་རང་བཞིན་དུ་ཤར་བ་ཚད་མེད་པ་བཞི་དང་ལྡན་པའི་ཡེ་ཤེས་ཀྱི་སྒོ་སྐྱོང་མ་བཞི་རྣམས་ཀྱང་། དཀྱིལ་འཁོར་གྱི་ཕྱོགས་བཞིའི་སྒོ་ཁང་གི་ནང་དུ་ཞིང་རྐྱང་པ་རེ་རེར་རང་རང་གི་གདན་བཏིང་བའི་སྟེང་རྣམས་སུ་རང་སྣང་རྣམ་པར་དག་པས་སོགས་གོང་ལྟར་རོ། །ཧཱུ༷ྃ་སྔར་ལྟར། དཔལ་ཆེན་པོའི་ཁྲ༷ག་འཐུ༷ང་གི་རྒྱལ་པོའི་སྐུ༷་གསུ༷ང་ཐུགས་༷ལ༷ས་སྤྲུ༷ལ་པ༷འི་ལྷ༷། ཁྲོ་མོའི་རང་བཞིན་དུ་ཤར་བ་ནི་དཀྱི༷ལ་འཁོ༷ར་གྱི་ཕྱི༷་རི༷མ་མུ༷་ར༷ན་སྐྱོ༷ང་བར་མཛ༷ད་པའི་འཇིག་རྟེན་གྱི་ལྷ་ཆེན་པོ་རྣམས་ཀྱི་སྲིང་མོ་དང་ཆུང་མ༷འི་ཚུལ་འཛིན་པའམ་སྤྲུ༷ལ་པ༷འི་མ་མོ་ཆེན་མོ། ཞི་རྒྱས་དབང་དྲག་གི་ལ༷ས་མཛ༷ད་པའི་དབ༷ང་ཕྱུ༷ག་མ་ཉི༷་ཤུ༷་རྩ་བརྒྱ༷ད་རྣམས་ཀྱང་ར༷ང་སྣང་༷༴ སོགས། ཧཱུ༷ྃ༴ དེ་ལྟར་ཁྲ༷ག་འཐུ༷ང་གི་ལྷ་ཚོགས་ཐམས་ཅད་དམ་ཚིག་གི་འཁོར་ལོ་ལ་ཡེ་ཤེས་ཀྱི་ལྷ་ཚོགས་བཞུགས་པའི་ཚུལ་ནི། དཔེ་སྒྱུ༷་མ༷འི་འཕྲུལ་དང་། སོས་ཀའི་སྨི༷ག་རྒྱུ༷་དང་། ཆུ༷་ནང་གི་ཟླ༷་བ་དང་། ནམ་མཁའི་འཇའ༷་ཚོ༷ན་བཞི༷ན་དུ། ར༷ང་གི་སེམས་སྣང་ལ༷ས་རང་བྱུ༷ང་ཞི༷ང་ཤར་བའི་ལྷའི་ཚོགས་དག་ར༷ང་གས༷ལ་བ་ར༷ང་ལ་ཐི༷མ་པ་ལྟ༷ར། དམ་ཡེ་གཉི༷ས་མེ༷ད་ཟུ༷ང་དུ་འཇུ༷ག་པ་དབྱེ༷ར་མེ༷ད་ཡེ་ཤེས་ཆེ༷ན་པོ༷་རུ༷་བསྟིམ་པ་ནི། རྟགས་དུ༷་མ༷་རུ་སྣང་ཡང་དོན་ངོ་བོ་ཡེ་ཤེས་གཅིག་གི་རང་བཞིན་དུ་རོ༷་གཅི༷ག་བརྟ༷ན་པ༷ར་བཞུ༷གས་སུ༷་གསོ༷ལ་བའོ། །བྷྲཱུྃ་དམ་ཚིག་གི་གཞལ་ཡས་ཁང་དེ་ལ། ཨེ༷་ཡཾ་༷བཾ༷་ལཾ་བྷྲཱུྃ་༵ཡེ་ཤེས་ཀྱི་འབྱུང་རིམ་གཞལ་ཡས་བཅས་བརྟན་པར་བྱེད་པ། ར༷ཏྣ༷་ཙ༷ཀྲ༷་རིན་པོ་ཆེའི་འཁོར་ལོ་ཏི༷་ར༷་བཾ༷་བམ་རོའི་གདན། པཾཾ༷་པ༷དྨ༷་ས་བོན་བཅས་པདྨའི་གདན། ཏི༷་ར༷་བ༷ཾ་བམ་རོའི་གདན། མ༷་སུཪྱ༷༷་ས་བོན་བཅས་ཉི་མ། ཏི༷་ར༷་བཾ༷་

གོང་ལྟར། ཨཱ༷་ཙ༷ནྡྲ་ས་བོན་བཅས་ཟླ་བ། ཏི༷་ར༷་བ༷ཾ་གདན་གྱི་བམ་རོས་མཚོན་ཏེ། མཚོན་བྱ་གདན་དེ་རྣམས་བདག་མེད་དཀྱིལ་འཁོར་གྱི་རང་བཞིན་ཞེས་པ་ལྟ་བུ་གོ་དགོས་སོ། །ༀ༷་ཨཱ༷ཿཧཱུ༷ྃ་དང་པོ་གསུམ་དམ་ཚིག་གི་དཀྱིལ་འཁོར་སྐུ་གསུང་ཐུགས། གཉིས་པ་གསུམ་ཡེ་ཤེས་ཀྱི་དཀྱིལ་འཁོར་སྐུ་གསུང་ཐུགས། གསུམ་པ་གསུམ་དབྱེར་མེད་ཟུང་ཏུ་འཇུག་པའི་སྐུ་གསུང་ཐུགས་ཀྱི་རང་བཞིན་དུའོ། །ཧཱུ༷ྃ་གསུམ་གྱིས་དང་པོས་ངོ་བོ་དྲན་པ། གཉིས་པས་རྣམ་པ་གསལ་བ། གསུམ་པས་ང་རྒྱལ་བརྟན་པའོ། །ས༷་མ༷་ཡ༷་ཏི༷ཥྛ་ལྷན༔ དམ་ཚིག་གིས་གནས་པར་བགྱིས་སོ། །དགུ༷་པ༷་ལྷ༷་ལ༷་ཕྱག༷་འཚ༷ལ་བ༷་ལ་གཉིས་ཏེ། དང་པོ་ནི༷། དཀྱིལ་འཁོར་གྱི་ཤར་སྒོར་གཙོ་བོ་གཉིས་པ་ཞིག་འཕྲོས་ཏེ་ཕྱག་མཆོད་ཀྱི་ལས་རིམ་ལ་འཇུག་པར་མོས་ཏེ། སྟ༷ག་ཆུ༷ང་བུ༷ང་བ༷འི་དབྱ༷ངས་ཀྱི༷ས་འདི༷་སྐ༷ད་དོ༷༔ ཧཱུ༷ྃ་ཐུགས་ཀྱི་སྙིང་པོས་མགོ་དྲངས་ཏེ། ཀུན་གཞི་ཡི༷ད་ཤེ༷ས་ཀྱི་ཁམས་རྣམ༷་པར་ད༷ག་པ་ཀུ༷ན་ཏུ༷་བཟ༷ང་པོ་ཡ༵བ་དང་། ཆོ༷ས་ཁ༷མས་རྣ༷མ་པར་ད༷ག་པ་ཀུ༷ན་ཏུ༷་བཟ༷ང་མོ༷་ཡུ༵མ་སྟེ། དུ༷ས་གསུ༷མ་གྱི་སང༷ས་རྒྱ༷ས་སྲས་དང་བཅས་པ་ཀུ༷ན་གྱི༷་སྤྱི༷་མྱེ༷ས་ཀྱི་ལྷ༵། ཀུ༷ན་བཟ༷ང་ཡ༷བ་ཡུ༷མ་གཉི༷ས་པོ་དེ་ལ༷་བྱ་བྱེད་མེད་པའི་ཚུལ་གྱིས་ཕྱག༷་འཚ༷ལ་ལོ༷། །ཞེས་དང་། ཧཱུ༷ྃ་གོང་ལྟར། གཟུ༷གས་ཕུ༷ང་རྣ༷མ་པར་ད༷ག་པ་བཅོ༷མ་ལྡ༷ན་འདས་རྣ༷མ་པར་སྣ༷ང་མཛ༷ད། རྣ༷མ་ཤེ༷ས་རྣ༷མ་པར་ད༷ག་པ་བཅོ༷མ་ལྡ༷ན་འདས་རྡོ༷་རྗེ༷་སེ༵མས་དཔའ། ཚོ༷ར་བ༷་རྣ༷མ་པར་ད༷ག་པ་བཅོ༷མ་ལྡ༷ན་འདས་རི༷ན་ཆེ༷ན་འབྱུ༷ང་ལྡ༷ན། འདུ་ཤེས་རྣམ་པར་དག་པ་བཅོམ་ལྡན་འདས་སྣ༷ང་བ་མཐ༷འ་ཡ༵ས། འདུ༷་བྱེ༷ད་རྣ༷མ་པར་ད༷ག་པ་བཅོ༷མ་ལྡ༷ན་འདས་དོ༷ན་ཡོ༷ད་གྲུ༵བ་པ་རྣམས་ཏེ། རྟེན་ཕུ༷ང་པོ་ལྔ༷་རྣ༷མ་པར་ད༷ག་ཅིང་བརྟེན་

པ་དུག་ལྔ་གནས་སུ་དག་པའི་ཡེ༷་ཤེ༷ས་ལྔ༷འི་རང་བཞིན་ད༷ང་ལྡ༵ན་པ། བཅོམ་ལྡན་འདས་རྒྱལ་བ་ལོང༷ས་སྤྱོ༷ད་རྫོ༷གས་སྐུ༷ར་བཞེངས་པ་རི༷གས་ལྔ༷འི་སང༷ས་རྒྱ༷ས་རྣམས་ལ༵། ར༷ང་སྣ༷ང་གི་གན༷ས་ཡུ༷ལ་རྣམ་པར་ད༷ག་པ༷ས་ཕྱ༷ག་འཚ༷ལ་ལོ༵། །ཞེས་དང་། ཧཱུ༷ྃ༔ འབྱུང་བ་ན༷མ་མཁ༷འི་ཁམས་རྣ༷མ་པར་ད༷ག་པ་ཡུ༷མ་ཆེ༷ན་མོ་དབ༷ང་ཕྱུ༷ག་མ༷་དང་། ས༷་ཁ༷མས་རྣ༷མ་པ༷ར་ད༷ག་པ་ཡུ༷མ་ཆེ༷ན་མོ༷་སང༷ས་རྒྱ༷ས་སྤྱ༷ན་མ། ཆུ༷་ཁ༷མས་རྣ༷མ་པ༷ར་ད༷ག་པ་ཡུ༷མ་ཆེ༷ན་མོ༷་མཱ༷་མ༷་ཀི༵། མེ༷་ཁ༷མས་རྣ༷མ་པར་ད༷ག་པ་ཡུ༷མ་ཆེ༷ན་མོ་ན༷་བཟ༷འ་དཀ༵ར་མོ། རླུ༷ང་ཁ༷མས་རྣ༷མ་པར་ད༷ག་པ་ཡུ༷མ་ཆེ༷ན་མོ་ད༷མ་ཚི༷ག་སྒྲོ༷ལ་མ་རྣམས་ཏེ་ཁ༷མས་ལྔ༷་རྣ༷མ་པ༷ར་ད༷ག་པའི་དབྱིངས་ཡུམ་སྟོང་པ་ཉིད་བདེ༷་བ་ཆེ༷ན་པོ་ཡེ་ཤེས་ཀྱི་རང་བཞིན་ཡ༷བ་ལ༷་དགྱེས་པར་སྦྱོ༷ར་བས་དབྱེར་མི་ཕྱེད་པ་ལྟ་བུའི་གས༷ང་བ༷འི་དབྱིངས་ཡུ༷མ་གྱི་མཆོ༷ག་བདེ༷་བ་ཆེན་པོའི་ཡེ་ཤེས་སྟེ༷ར་བར་བྱེད་པའི་རི༷གས་ལྔ༷་པོ་རྣམས་ལ༷་ཡང་། རང་སྣང་སོགས་གོང་ལྟར་རོ། །ཧཱུ༷ྃ༔ རྣམ་པར་ཤེས་པའི་ཚོ༷གས་བརྒྱ༷ད་པོ་གན༷ས་སུ་ད༷ག་ཅིང་བྱ༷ང་ཆུ༷བ་སེ༷མས་དཔ༷འ་བརྒྱ༷ད་ཀྱི་སྐུར་སྟོན་པ་ནི། ས་༷ཡི་སྙི༷ང་པོ་དང་བྱ༷མས་པ༷་ཀུ༷ན་ཏུ་བཟ༷ང་པོ་ན༷མ་མཁ༷འི་སྙི༷ང་པོ་སྤྱ༷ན་རས་གཟི༷གས་འཇ༷མ་དབྱ༷ངས་སྒྲི༷བ་པ་རྣམ་སེ༷ལ་ཕྱ༷ག་ན་རྡོ༷ར་འཆང་དང་བརྒྱ༷ད་དེ། སར་གནས་ཀྱི་བྱང་ཆུབ་སེམ༷ས་དཔ༷འི་ཚུ༷ལ་གྱི༷ས་འགྲོ༷་བ༷འི་དོ༷ན་རྫོ༷གས་པར་མཛ༷ད་པ༷འི་ཉེ༷་བ༷འི་སྲ༷ས་ཀྱི་མཆོ༷ག་སེམ༷ས་དཔ༷འ་ཆེན་པོ་བརྒྱ༷ད་དེ་རྣ༷མས་ལ༷་ཡང་། ར༷ང་སྣ༷ང་སོགས་གོང་ལྟར་རོ། །ཧཱུ༷ྃ༴ རྣམ་ཤེས་ཀྱིས་ལོངས་སུ་སྤྱོད་པའི་ཡུ༷ལ་བརྒྱ༷ད་གན༷ས་སུ་དག༷་པའི་སེ༷མས་མ༷་ཆེ༷ན་མོ༷་བརྒྱ༵ད་ཀྱི་སྐུར་སྟོན་པ་ནི། ལཱ༷་སྱ༷་མ་དང་པུ༷ཥྤེ༷་དང་མཱ༷་ལྱ༷་དང་དྷུ༷པྤེ༷་མ༷་དང་གཱི༷རྟི༷་དང་ཨཱ༷་ལོ༷་ཀེ་དང་གྷ༷ནྡྷེ༷་མ་དང་ནཱི༷རྟི༷་དང་བརྒྱ༵ད་དེ་བྱང་ཆུབ་སེ༷མས་མ༷འི་ས༷ར་གན༷ས་ཤིང་སེམས་དཔའ་

ཡབ་རྣམས་ཀྱི་དགྱེ༷ས་པ༷་སྐོ༷ང་བར་མཛ༷ད་པ༵འི་ཚུལ་དུ་བཞུགས་པ་ལ། གས༷ང་བ༷འི་དབྱིངས་ཡུམ་གྱི་མཆོག་ལྷ༷་མོ༷་སེ༷མས་མ༷་ཆེན་མོ་བརྒྱ༷ད་རྣ༷མས་ལ༵། ར༷ང་སྣ༷ང་སོགས་གོང་ལྟར་རོ། །ཧཱུ༷ྃ༴ ཉོ༷ན་མོ༷ངས་པ་དྲུ༷ག་རྣམ་པར་ད༷ག་པས་རི༷གས་དྲུ༷ག་གི༷་ཁམས་རྣམས་གན༷ས་ན༷ས་འདྲེ༵ན་པར་བྱེད་པའི་མཆོག་གི་སྤྲུལ་པའི་ཚུལ་སྟོན་པ་ནི། དབང་པོ་བརྒྱ༷་བྱི༷ན་དང་ཐ༷གས་བཟ༷ང་རིས་ཤཱ༷ཀྱ་ཐུ༷བ་པ་སེ༷ང་གེ༷་རབ་བརྟ༵ན་ཁ༷་འབ༷ར་རྒྱལ་པོ་ཆོ༷ས་ཀྱི་རྒྱ༷ལ་པོ་རྣམས་ཏེ། རི༷གས་དྲུ༷ག་དོ༷ང་ན༷ས་སྤྲུ༵ག་ཅིང་འགྲོ༷་བ༷འི་དོ༷ན་རྫོགས་པར་བྱེ༷ད་པའི་ཕྱིར་དུ་ཐབས་དང་སྟོབས་དང་སྨོན་ལམ་དང་ཡེ་ཤེས་དང་རྫུ་འཕྲུལ་གྱི་མཛ༷ད་པ༷་བས༷མ་གྱིས་མི༷་ཁྱབ༷་པ་མངའ་བའི་སྤྲུ༷ལ་པ༷འི་སྐུ༷་མཆོ༷ག་ཐུ༷བ་པ༷་ཆེན་པོ་དྲུ༷ག་རྣ༷མས་ལ༵། རང་སྣང་གནས་ཡུལ༴ སོགས། ཧཱུ༷ྃ༴ རྟག་ཆད་བདག་མཚན་གྱི་མུ༷་བཞི༷་གན༷ས་སུ་ད༷ག་ཅིང་ཚ༷ད་མེ༷ད་བཞི༷་ད༷ང་ལྡ༵ན་པ་ནི། རྣ༷མ་རྒྱ༵ལ་གཤི༷ན་རྗེ༷་རྟ༷་མགྲི༷ན་བདུ༷ད་རྩི༷་འཁྱི༵ལ་པ་སྟེ་ཡབ་བཞི་དང་། ལྕ༷གས་ཀྱུ༷་ཞ༷གས་པ༷་ལྕ༷གས་སྒྲོ༷ག་དྲི༷ལ་འཁྲོ༷ལ་མ༵་སྟེ་ཡུམ་བཞི་བཅས་སྒོ༷་སྲུང་བ༷ར་བྱེད་པའི་ཁྲོ་བོ་ཡ༷བ་ཡུ༷མ་བརྒྱ༵ད་པོ་དེ་རྣམས་ལ༷། ར༷ང་སྣ༷ང་གན༷ས་ཡུ༷ལ་ད༷ག་པ༷ས་ཕྱ༷ག་འཚ༷ལ་ལོ༵། །ས༷་མ༷་ཡཱ༷༔ གཉིས་པ་ནི༔ ཧཱུ༷ྃ་གོང་ལྟར། མ༷་རི༷ག་རྩ༷ད་ནས་གཅོ༷ད་པ་དཔལ་ཆེན་པོ་ཆེ༷་མཆོ༷ག་ཧེ༷་རུ༷་ཀ༵་དང་། ཀྲོ༷་ཏི༷་ཤྭ༷་རི༷་དབྱི༷ངས་ཀྱི་དབྱུང་ཕྱུ༷ག་མའི་ཡུ༷མ་ད༷ང་གཉིས་མེད་དུ་སྦྱོ༵ར། ཁྲ༷ག་འཐུ༷ང་ཆེ་བའི་ཡང་ཆེ༷་བཙ༷ན་དུ་གྱུར་པ་དཔལ་ཆེ༷་མཆོ༷ག་ཧེ་རུ་ཀ་ཡ༷བ་ཡུ༷མ་དེ་ལ༷། བདག་དང་ལྷ་གཉི༷ས་སུ༷་མེ༷ད་པ༷འི་ཚུ༷ལ་གྱི༷ས་མཉམ་པ་ཉིད་དུ་ཕྱ༷ག་འཚ༷ལ་ལོ༵། ཧཱུ༷ྃ་གོང་ལྟར། གཏི༷་མུ༷ག་རྩ༷ད་ནས་གཅོ༷ད་པ་བུ༷དྡྷ་ཧེ༷་རུ༷་ཀ༵་དང་། ཞེ༷་སྡ༷ང་རྩ༷ད་ནས་གཅོ༷ད་པ་བ༷ཛྲ༷་ཧེ༷་རུ༷་ཀ༵་དང་། ང༷་རྒྱ༷ལ་རྩ༷ད་ནས་

གཅོ༷ད་པ་ར༷ཏྣ༷་ཧེ༷་རུ༷་ཀ༵་དང་། འདོ༷ད་ཆ༷གས་རྩ༷ད་ནས་གཅོ༷ད་པ་པ༷དྨ༷་ཧེ༷་རུ༷་ཀ༵་དང་། ཕྲ༷ག་དོ༷ག་རྩ༷ད་ནས་གཅོ༷ད་པ་ཀ༷རྨ༷་ཧེ༷་རུ༷་ཀ༵་རྣམས་དང་། དབྱི༷ངས་ཀྱི༷་ཡུ༷མ་ཆེ༷ན་མོ་ཀྲོ༷་ཏི༷་ཤྭ་རི་མ་ལྔ༷་ད༷ང་ཟུང་དུ་སྦྱོ༵ར་བའི་ཁྲ༷ག་འཐུ༷ང་གི་རྒྱལ་པོ་ཁྲོ༷་བོ༷་ཡ༷བ་ཡུ༷མ་བཅུ༷་པོ་དེ་རྣ༷མས་ལ༵་བདག་དང་ལྷ་སོགས་ནི་གོང་ལྟར་རོ། །ཧཱུ༷ྃ༴ འཁོར་བའི་རྣ༷མ་རྟོ༷ག་འཇོ༷མས་པར་བྱེད་པའི་ཕྱི༷ར་དུ་ཞིང་དབྱུག་འཛིན་པའི་ཁྲོ༷་མོ༷་ཀེ༷འུ་རཱི༷་མ༵་དང་། དེ་བཞིན་དུ་ཐ༷བས་ཤེ༷ས་གཉི༷ས་སུ་མེ༷ད་པའི་ཕྱིར་ཁྲོ༷་མོ༷་ཙོ༷འུ་རཱི༷་མ༵་དང་། འཁོ༷ར་བ༷་ཆོས་ཉིད་ལས་མི༷་གཏོ༷ང་ཕྱིར་ཁྲོ༷་མོ༷་པྲ༷་མོ༷་ཧཱ༵་དང་། ཆོས༷་ཉི༷ད་འགྱུ༷ར་བ་མེ༷ད་པའི་ཕྱིར་ཁྲོ༷་མོ༷་བཻ༷་ཏ༷་ལཱི༵་དང་། ཉོན༷་མོ༷ངས་པ་གན༷ས་ནས་འདྲེ༷ན་ཕྱིར་ཁྲོ༷་མོ༷་པུ༷ཥྐ༷་སཱི༵་དང་། འཁོ༷ར་བ༷་ཞ༷ལ་དུ་གསོ༷ལ་ཕྱིར་ཁྲོ༷་མོ༷་ཀ༷སྨ༷་རཱི༵་དང་། ལོ༷ག་རྟོ༷ག་ཕྲ༷ལ་བར་མཛ༷ད་ཕྱིར་ཁྲོ༷་མོ༷་ཙ༷ཎྜ༷་ལཱི༵་དང་། རྟེ༷ན་ད༷ང་ཕྲ༷ལ་ཕྱི༷ར་ཁྲོ༷་མོ༷་སྨེ༷་ཤ༷་ནཱི༵་སྟེ། ཐམས་ཅད་ལ་ཕྱིར་ཞེས་པ་ནི་བརྡ་རྟགས་ཀྱི་ཕྱག་ཆ་འཛིན་པའི་སྐད་དོ། །དེ་ལྟར་གན༷ས་ཀྱི༷་བདག་པོ་ཀེ༷འུ་རི༷་མ་ལ་སོགས་པའི་མ༷་མོ༷་ཆེན་མོ་བརྒྱ༷ད་རྣ༷མས་ལ༵། བདག་སོགས༴ ཧཱུ༷ྃ༴ འཁོ༷ར་བ༷་ཀ༷་ནས་ད༷ག་པའི་རལ་པ་གསིག་པར་བྱེད་པའི་ཕྲ་མེན་སི༷ངྷ༷་མུ༷་ཁཱ༷་མ༵། འཁོ༷ར་བ༷་ཞེ༷་ལ་གནོ༷ན་ཕྱིར་བཻ༷་ཀྲི༷་མུ༷་ཁཱ༷་མ༵་དང་། ཉོ༷ན་མོ༷ངས་གན༷ས་སུ་ད༷ག་ཕྱིར་སྲི༷་ལ༷་མུ༷་ཁཱ༷་མ༵་དང་། འཁོ༷ར་བ༵་དོ༷ང་ནས་སྤྲུ༷ག་ཕྱིར་ཤྭ༷་ན༷་མུ༷་ཁཱ་མ༵། དུ༷ག་གསུ༷མ་རྩ༷ད་ནས་གཅོ༷ད་ཕྱིར་ཀྲི༷་ཏ༷་མུ༷་ཁཱ༷་མ༵་དང་། འཁོ༷ར་བ༷་དོ༷ང་ནས་ལེ༷ན་ཕྱིར་ཀ༷ངྐ༷་མུ༷་ཁཱ༷་མ༵་དང་། ཉོ༷ན་མོ༷ངས་ཞལ་དུ་གསོ༷ལ་ཕྱི༷ར་ཁཱ༷་ཁཱ༷་མུ༷་ཁཱ༷་མ༵་དང་། ལོ༷ག་རྟོ༷ག་ཕྲ༷ལ་བར་མཛད་ཕྱི༷ར་ཧུ༷་ལུ༷་མུ༷་ཁ༷་མ༵་སྟེ་ཡུ༷ལ་གྱི་བད༷ག་མོ་མཛད་པའི་སེ༷ངྷ༷་མ་ལ་སོགས་པའི་ཕྲ༷་མེ༷ན་ཆེན་མོ་བརྒྱ༷ད་རྣ༷མས་ལ༵། ར༷ང་སྣ༷ང༴ ཧཱུ༷ྃ༴ འཁོར་བ་སྙི༷ང་རྗེ༷ས་འདྲེ༷ན་ཕྱི༷ར་རྟ༷་གདོ༷ང་ཅན་ལྕ༷གས་ཀྱུ༷་འཛིན་མ༵་དང་། བྱ༷མས་པ༷ས་

འཆི༷ང་བར་བྱེད་ཕྱི༷ར་ཕ༷ག་གི་གདོ༷ང་ཅན་ཞ༷གས་པ༷་འཛིན་མ༵་དང་། དག༷འ་བ༷ས་སྡོ༷མ་པར་བྱེད་ཕྱི༷ར་སེ༷ང་གེའི་གདོ༷ང་ཅན་ལྕ༷གས་སྒྲོ༷ག་འཛིན་མ༵་དང་། བཏ༷ང་སྙོ༷མས་ཀྱིས་འབེ༷བས་པར་བྱེད་ཕྱི༷ར་སྦྲུ༷ལ་གྱི་གདོ༷ང་ཅན་དྲི༷ལ་བུ༷་འཛིན་མ༵་སྟེ། ཚད༷་མེ༷ད་པ་བཞི༷་དང་ལྡ༷ན་པའི་སྒོ༷་སྐྱོང་མ༷་བཞི༷་རྣ༷མས་ལ༵། ར༷ང་སྣ༷ང༴ ཧཱུ༷ྃ༴ དཀ༷ར་མོ༷འི་སྡེ་ཚན་ཉོ༷ན་མོ༷ངས་ཐམས་ཅད་ཞི༷་བ༷འི་ལ༷ས་བྱེ༷ད་པའི་དབང་མོ་བདུ༷ན་དང་། སེ༷ར་མོ༷འི་སྡེ་ཚན་སྐུ༷་གསུ༷མ་གྱི་ཡེ་ཤེས་རྒྱ༷ས་པ༷འི་ལ༷ས་བྱེ༷ད་པའི་དབང་མོ་བདུ༷ན་དང་། དམ༷ར་པོ༷འི་སྡེ་ཚན་མཆོ༷ག་ད༷ང་ཐུ༷ན་མོ༷ང་གི་དངོས་གྲུབ་དབ༷ང་དུ་སྡུད༷་པར་བྱེད་པའི་དབང་མོ་བདུ༵ན་དང་། ལྗ༷ང་མོ༷འི་སྡེ་ཚན་དྲ༷ག་པོ༷འི་ཕྲི༷ན་ལ༷ས་སྒྲུ༷བ་པར་མཛ༷ད་པའི་དབང་མོ་བདུ༷ན་ཏེ། དཔལ་དང་སྟོབས་ཀྱི་དབ༷ང་ཕྱུ༷ག་ཁྲོ་མོ་ཆེ༷ན་མོ༷་ཉི༷་ཤུ༷་རྩ༷་བརྒྱ༷ད་རྣམས་ལ༵། བདག་དང་ལྷ༴ སོགས། ཧཱུ༷ྃ༴ རྒྱལ་བ་ཆོ༷ས་ཀྱི་སྐུ༷་དངོས་པོ་དང་མཚན་མ་ལས་འདས་ཤིང་ན༷མ་མཁ༷འ་ལྟ༷་བུ༷ར་འཁོར་འདས་ཀུ༷ན་ལ༷་ཁྱ༵བ་པ་དང་། ལོ༷ངས་སྤྱོ༷ད་རྫོགས་པའི་སྐུ་ུཉི༷་མའི་དཀྱིལ་འཁོར་གྱི་འོ༷ད་ལྟ༷་བུ༷ར་གསལ་ཞིང་ཁྱབ་པ་ལྷུན་གྱིས་གྲུབ་པ་སོ༷་སོ༷ར་འཕྲོ༵་བ་དང་། སྤྲུ༷ལ་པའི་སྐུ༷་གང་ལ་གང་འདུལ་འགག་པ་མེད་པ་སྒྱུ་མའི་འཕྲུལ་དང་ནམ་མཁའི་འཇ༷འ་ཚོ༷ན་ལྟ༷་བུ༷ར་འཕྲོས་པས་འགྲོ༷་དོ༷ན་རྒྱུན་མི་ཆད་དུ་མཛ༵ད་པ། དེ་ལྟ་བུའི་རྒྱ༷ལ་བ༷་ཞི༷་ཁྲོ༷་རབ་འབྱམས་སྐུ་གསུམ་འདུས་པའི༷་ལྷ༷་ཚོ༷གས་འཁོར་དང་བཅས་པ་རྣམས་ལ༷་ཀུན་རྫོབ་ཏུ་འཇིག་རྟེན་སྲི་ཞུའི་ཚུལ་དང་དོན་དམ་དུ་བདག་དང་ལྷ་གཉིས་སུ་མེད་པའི་ལྟ་བས་མཉམ་པ་ཉིད་དུ་ཕྱ༷ག་འཚ༷ལ་བའོ། །དེ་ལ་མགོན་པོ་ཀླུ་སྒྲུབ་ཀྱིས། ཇི་ལྟར་ཆུ་ལ་ཆུ་བཞག་དང་། །ཇི་ལྟར་མར་ལ་མར་བཞག་བཞིན། །རང་གིས་རང་གི་ཡེ་ཤེས་གང་། །ལེགས་མཐོང་གང་ཡིན་འདིར་ཕྱག་ཡིན། །ཅེས་གསུངས་

པ་བཞིན་དོན་དམ་དང་། ལུས་ཞིང་གི་རྡུལ་སྙེད་དུ་སྤྲུལ་ཏེ་ཕྱག་འཚལ་བ་ཀུན་རྫོབ་མཚན་མའི་བརྡ་ཕྱག་གོ །ས༷་མ༷་ཡཱ༵༔ རྒྱ༷་རྒྱ༷་རྒྱ༷༔ སྔར་བཞིན་ནོ། །བཅུ༷་པ༷་ཕྱི༷་ན༷ང་གས༷ང་མཆོ༷ད་འབུ༷ལ་བ༷་ནི༷། ད༷ང་པོ༷་ཕྱི༷་མཆོ༷ད་རྡོ༷་རྗེ༷་དྲི༷ལ་སྟ༷བས་ཀྱི༵ས༔ ཆུ༷་བོ༷འི་རྒྱུ༷ན་དབྱ༷ངས་སྙ༷ན་པོ༷ས་འདི༷་སྐ༷ད་དོ༷༔ ཧཱུ༵ྃ་སྔར་ལྟར། འཇིག་རྟེན་སྲི༷ད་པ༷འི་ཞིང་ཇི་སྙེད་པ་འདིར༷་གཏོ༷གས་པ༷འི་མེ༷་ཏོ༷ག་གི་བྱེ་བྲག་སྣ༷་ཚོ༷གས་པའི་རི༵གས་ཏེ། དེ་ཡང་ཁ་དོག་དཀ༷ར་སེ༷ར་དམ༷ར་ལྗ༷ང་མཐི༷ང་ག་སོ་སོར་གས༵ལ་ཞིང་། མཛེས་པའི་མདོག་ད༷ང་ལྡ༵ན་པ་ཇི་སྙེད་པ་མཆིས་པ་དང་། བདག་གི་དངོ༷ས་སུ༷་འབྱོ༷ར་པ་རྣམས་ཇི་ལྟར་བཀོད་པ་ད༷ང་། ཡི༷ད་ཀྱི༷ས་རྣ༷མ་པར་སྤྲུ༷ལ་པ་ཀུན་བཟང་སྒྱུ་འཕྲུལ་དྲ་བ་རྣམས་ཏེ༵། མདོར་ན་སྲི༷ད་པ་འཁོར་བ་དང་། ཞི༷་བདེ་མྱ་ངན་ལས་འདས་པའི་དཔལ་འབྱོ༷ར་ཕུན་སུམ་ཚོ༷གས་ཤིང་དཔ༷ག་ཏུ་མེ༷ད་པའི་མེ༷་ཏོ༷ག་དག་གི་རང་བཞིན་དུ་གྱུར་པ་ཀུ༷ན། དུས་རྟག་པ་རྒྱུན་མི་ཆད་པར་འཁོར་འདས་ཀུན་གྱི་བླ༷་མ༷་ཀུན་ཏུ་བཟང་པོ་དང་སྒྱུ་འཕྲུལ་རྒྱ༷ལ་བ༷་ཞི༷་ཁྲོ༷འི་ལྷ་ཚོ༷གས་རྣམས་ལ༷་འབུ༵ལ་བར་བགྱིའོ། ཕུལ་ནས་ཀྱང་གཟུགས་སྣ༷ང་སྟོ༷ང་གཉིས་སུ་མེད་པའི་རང་བཞིན་དུ་འགྲོ༷་བ་རྣམས་ཚོགས་གཉིས་རྫོགས་ཤིང་སྐུ་གཉིས་མངོན་དུ་བྱེད་པའི༷་དོ༷ན་དུ༷་དགྱེས་པར་བཞེ༷ས་སུ༷་གསོ༷ལ་ལ། ༀ༷་རྣམས་སྣང་སྟོང་། ཨཱ༷ཿརྣམས་གྲགས་སྟོང་། བ༷ཛྲ༷་པུ༷ཥྤེ༷་རྡོ་རྗེ་མེ་ཏོག །ཧཱུ༵ྃ་རིག་སྟོང་། ངོ་བོ་སྐུ་གསུང་ཐུགས་ཀྱི་ཡེ་ཤེས་ཀྱི་རང་བཞིན་ལ་རྣམ་པ་ཨུ་དུམ་ཝ་རའི་མེ་ཏོག་གི་ཆུན་པོ་ཐོགས་པའི་རྡོ་རྗེའི་ལྷ་མོ་མེ་ཏོག་མའི་སྤྲིན་སྤྲོས་ཏེ་ལྷ་རྣམས་ཀྱི་སྤྱན་ལ་མཆོད་པ་དང་ཐིམ་པས་ཟག་མེད་ཀྱི་བདེ་བ་ཆེན་པོས་དགྱེས་པར་བསམས་ཏེ། མེ་ཏོག་འཐོར་བའི་ཚུལ་གྱི་ཕྱག་རྒྱ་བཅས་

ཀུན་ལ་པད་སྐོར་སྔོན་དུ་འགྲོ་བས་རང་སྔགས་དང་ཕྱག་རྒྱ་བསྟན་ཅིང་སེ་གོལ་གྱི་སྒྲ་བསྣོལ་ཏེ་ནུ་གཡས་གཡོན་འཇོག་པའི་བསྟབ་པའི་རྒྱ་བཅའོ། །དེ་བཞིན་བདུ༷ག་སྤོ༷ས་སོགས་འགྲེས་སུ་སྦྱར་ཏེ་དྲི་ཚོར་སྟོང་། ཤངས་ལ་མཆོད་པ་དང་ཐིམ། ཐལ་སྦྱར་ཚིགས་བཅག་པ་སྤོས་ཀྱི་ཁང་པ་ལྟར་བཅའོ། །མར་མེ་མད༷ངས་ཆེ༷ན་ཉི་ཟླའི་འོད་སོགས། གསལ་བ་དང་སྟོང་བ་གཉིས་མེད། ཨཱ༷་ལོ༷་ཀེ༷་སྣང་གསལ། ལྷ་རྣམས་ཀྱི་སྤྱན་ལ་ཕུལ། རྡོ་རྗེ་ཁུ་ཚུར་གཉིས་མཐེ་བོང་བསྒྲེངས་ཏེ་གཤིབ་པའང་བཅའོ། །དྲི་ཆབ་དཀར་རྩི་སོགས་ཁ་དོག་སྣ་ཚོགས་པའི་རྩི་དགུ་དང་སྦྱར་བའི་དྲི་བཟང་གི་བྱེ་བྲག་སྨན་གྱི་བྱུག་པ་བདེ་སྟོང་གཉིས་སུ་མེད་པས། གྷ༷ནྡྷེེ༷་དྲི་ཆབ། དྲི་བཟང་སྨན་གྱི་དུང་ཞལ་ཐོགས་སྤྲིན་[སྤྲོ་]ཐུགས་ལ་མཆོད་པས་ཐིམ། གཡོན་པའི་མཐེབ་མཛུབ་སྦྱར་ཏེ་གཞན་རྣམས་བརྐྱང་བ་གན་རྐྱལ་གྱི་ནང་ནས་གཡས་པའི་མཐེབ་མཛུབ་ཀྱིས་བྱུག་པ་འགྱེད་ཚུལ་བྱ། ཞལ་ཟས། རོ་མྱོང་སྟོང་གཉིས་མེད། ནཻ་ཝིདྱ་ཞལ་ཟས། རོ་མའི་སྤྲིན་ལྗགས་ལ་ཐིམ། ཐལ་མོ་ཁ་སྦུབ་སླར་གྱེན་དུ་ལྡོག་པས་ཚུལ་ལོ། །རོལ་མོ། སྒྲ་གྲགས་སྟོང་། ཤབྟ་རོལ་མོ། སྙན་ལ་ཐིམ། རྡོ་རྗེ་ཁུ་ཚུར་གཉིས་མཐེབ་མཛུབ་སྤྲད་པ་རོལ་མོ་འཁྲོལ་ཚུལ་བྱ། ཧཱུ༷ྃ། བླ༷་མ༷་ཀུ༷ན་བཟ༷ང་རྒྱ༷ལ་བ༷་ཞི༷་ཁྲོ༷འི་ཚོ༷གས༔ དཔ༷ག་མེ༷ད་ན༷མ་མཁ༷འ་ག༷ང་བ༷འི་ལྷ༷་ཚོ༷གས་ལ༷༔ བདག་ཕུང་པོ་ལྔ་དང་གཞན་འབྱུང་བ་ལྔ་དང་རྟོག་པའི་རྒྱུན་རྣམ་ཤེས་ཏེ་ཕྱི་དང་ནང་གི་ཆོས་ཐམས་ཅད་རང་བཞིན་གྱིས་ད༷ག་པ༷་རྣ༷མ་པ་གསུ༷མ་གྱི༷་ཡི༷ད་ཀྱི༷ས་སྲིད་ཞི་མཉམ་པ་ཆེན་པོའི་མཆོ༷ད་པ༷འི་སྤྲི༵ན། གཟུ༷གས་སྒྲ༷་དྲི༷་རོ༷་རེ༷ག་བྱ༷་ཆོ༷ས་ལ༷་སོ༷གས༔ རིམ་བཞིན། སྣ༷ང་སྟོ༷ང་རི༷ག་སྟོ༷ང་གས༷ལ་སྟོ༷ང་བ༷དེ་སྟོ༷ང་ད༷ང་། དྲ༷ན་སྟོ༷ང་གྲ༷གས་སྟོ༷ང་ཚོ༷ར་སྟོ༷ང་སོགས་གོ་སླའོ། །པུ༷ཥྤེ༷་སོགས་སྔར་ལྟར་རོ། །ནང་མཆོད་ཀྱང་། ཧཱུ༷ྃ།

བླ༷་མ༷་ཀུ༷ན་བཟ༷ང་ཞི༷་ཁྲོ༷་ཕྱོགས་དུས་ཀྱི་རྒྱ༷ལ་བ༷་རྒྱ༷་མཚོ༷འི་ཚོ༷གས་ལ༷་ལྷ༷་རྫ༷ས་དང་ཏིང་ངེ་འཛིན་ལས་གྲུབ་པ༷འི་ཧཱུ༷ྃ་སྣོ༷ད་བཅུ༷ད་གཟུ༷གས་སྣ༷ང་ཐ༷མས་ཅ༷ད་རྡོ༷་རྗེ༷་གཟུ༷གས་མཛེ༷ས་མ༷ར་སྤྲུ༷ལ་ན༷ས། རཱུ༷་ཱུཔ༷་གཟུགས། ནམ་མཁའ་མཛོད་ཀྱི་ཕྱག་རྒྱ་དཔྲལ་བར་བཀོད། སྒྲ་རྣམས་སྒྲ་སྙན་མ། ཀུན་བཟང་ཡེ་ཤེས་སྒྱུ་མའི་རོལ་གར། ཤབྟ༷་རོལ་མོ། གྲགས་སྟོང་། དྲི་རྣམས་དྲི་ཆབ་མ། གྷ༷ནྡྷེ༷་དྲི་ཆབ། དྲི་བཟང་གི་ཞལ་བུ་ཐོགས་པའི་རྡོ་རྗེའི་ལྷ་མོར་སྤྲུལ་ཐུགས་ལ་ཐིམ། དྲི་ཆབ་འགྱེད་པའི་ཕྱག་རྒྱའམ། རོ་རྣམས་རོའི་ལྷ་ཚོགས། ནཻ་ཝིདྱཱེ་ཞལ་ཟས། ལྗགས་ལ་མཆོད། ཞལ་ཟས་རྒྱ། རེག་བྱ་རྣམས་རེག་རྡོ་རྗེ་མ། སྤ༷ཪྴེ་རེག་བྱ། སྐུ་ལ་མཆོད། ལག་པ་སོ་སོོའི་མཐེབ་མཛུབ་གུང་སྲིན་རྣམས་རྩེ་སྤྲད་མཐེའུ་ཆུང་སྦྲེངས་བ་གོས་འབུལ་བའི་ཚུལ་བྱ། ཆོས་ཅན་གྱི་སྣང་བ་སྲིད་ཚད་ཆོས་དབྱིངས་མར་སྤྲུལ། བཞེས་ནས་བདག་སོགས་འགྲོ་བ་རྣམས་ལ་མཆོག་ཐུན་མོང་གི་དངོས་གྲུབ་ད་ལྟ་ཉིད་དུ་བསྩལ་བར་བྱིན་གྱིས་བརླབ་པར་མཛད་དུ་གསོལ། བ༷ཛྲ༷་ངྷ༷རྨེ་༷རྡོ་རྗེ་ཆོས་མ། ཧཱུྃ་ངོ་བོ་སྐུ་གསུང་ཐུགས་ཀྱི་ཡེ་ཤེས་ལ་རྣམ་པ་ཆོས་ཀྱི་འབྱུང་གནས་ཐོགས་པའི་ལྷ་མོ། ཐུགས་ཀར་མཆོད། མཐེ་བོང་གཉིས་རྩེ་སྦྱར་གཞན་རྣམས་བརྐྱངས་ཏེ་སྲིན་འཛུབ་གཉིས་རྩེ་སྤྲད་པ་མཁའ་དབྱིངས་རྒྱའོ། །དེ༷་ན༷ས་གས༷ང་བ༷འི་མཆོ༷ད་པ༷་འབུ༷ལ་བ༷་ནི༔ པ༷ད་སྐོ༷ར་ཕྱ༷ག་རྒྱ༷་ལྡ༷ན་པ༷ས་འདི༷་སྐ༷ད་དོ༔ ཧཱུྃ་བདེ་བར་གཤེགས་པ་ཐམས་ཅད་ཀྱི་སྐུའི་གས༷ང་བ་ཟབ་མོ་མཆོ༵ག་གི་དབྱིངས་ན། ངོ་མཚར་སྐུ་ཡི༵་མཆོད་པས་ཟག་མེད་བདེ༵་བ་ཆེ༵ན་པོའི་རིག་པའི་ཡེ་ཤེས་རྒྱས་པར་བྱེད་པའི་རིག༵་མ༵་ནི༵། རྡོ་རྗེ་མེ་ལོང་མ་སྐུ་མདོ༵ག་དཀ༵ར་ཞིང་མཛེ༵ས་པ། ཕྱག་གཡས་ན་མེ༵་ལོང༵་དང་། གཡོན་པདྨའི་སྡོང་བུ་བསྣམ༵ས་པ་མཁའ་ཁྱབ་

ཏུ་སྤྲོས་ཏེ། བླ༷་མ༵་ཀུན༵་བཟ༵ང་ཞི༵་ཁྲོའི༵་ལྷ་ཚོག༵ས་རྣམས་ལ༵་འབུ༵ལ་བར་བགྱི་ན་གས༷ང་བ་མཆོ༵ག་གི་དབྱིངས་བདེ༷་བའི༵་ཡེ་ཤེས་ཀྱིས་མཉེས་པར་བྱེད་པའི་མཆོ༵ད་པ༵་བླ་ན་མེད་པ་འདི་དག་བཞེ༵ས་སུ༵་གསོ༵ལ། ཨཱ༷་ད༵ཪྴཱེ་མེ་ལོང་མ། ཁུ་ཚུར་གཡོན་པའི་སྟེང་གཡས་པའི་ཐལ་མོ་སྙིང་ཁ་ནས་ཕྱིར་སྟོན་པའོ། །དེ་བཞིན་སྦྱར་ཏེ། གསུང་ཐུགས་ཡོན་ཏན་ཕྲིན་ལས། མུ༵་ར༵ཉྫེ༵་རྔ་ཟླུམ་མ། ལག་གཡོན་ཅུང་ཟད་འཕྱར་བའི་ངོས་སུ། གཡས་པའི་སོར་མོ་གཡོབ་ཚུལ། ཝཱི༷་ནཱི༷་པི་ཝཾ་མ། གཡོན་ཁུ་ཚུར་སྦྲེངས་པའི་གྲུ་མོར་གཡས་པའི་ཁུ་ཚུར་བཏུད་པའི་ཚུལ། ཝ༷ཾ་སེ༵་གླིང་བུ་མ། གླིང་བུ་འབུད་པའི་རྒྱ་ཁའི་མདུན་ནས་བྱེད་པའོ། འདིར་ཡི་གེ་འགའ་རེར་ཅང་ཏིལ་ཞེས་པ་འདུག་ཀྱང་སྔགས་ལ་ཌཱ་མ་རུ་ཞེས་མ་བྱུང་བས་གླིང་བུར་ངེས་སོ། །མེ་དྷེ་ཀེ་རྔ་སྒྲ་མའམ་རྫ་རྔ་མ་ནི། ལག་གཉིས་སྙིང་ཁ་ནས་ཁ་ཕྱིར་སྟོན་ལ་སོར་མོ་རྣམས་གཡོ་བའོ། །འདིར་རྡོ་རྗེ་རྔ་ཟླུམ་མ་ལ་མུ་ར་ཛེའམ་མུ་རཉྫེ་གང་རུང་དང་། རྫ་རྔ་མ་ལ་མྲྀ་ཏཾ་གའམ་མྲྀ་ཏ་ཀེ་དང་མེ་རྡེ་ཀེ་གང་རུང་བྱས་པ་དང་། སྔགས་གཉིས་གོ་བརྗེས་པ་སོགས་སྣང་ཡང་ཐམས་ཅད་རོལ་མོའི་སྒྲ་ཙམ་ལ་འཇུག་པས་མི་འགལ་ལོ། །ས༷་མ་༷ཡཱ༷༷༔ རྒྱ༷་རྒྱ༷་རྒྱ༷༔ སྔར་བཞིན། བཞི༷་པ༷་སྨ༷ན་ར༷ཀ་གཏོ༷ར་གསུ༷མ་འབུ༷ལ་བ༷་ནི༷༔ ད༷ང་པོ༷་བདུ༷ད་རྩི༷་བླ༷ངས་ལ༷་འདི༷་སྐ༷ད་དོ༷། །ཧཱུ༷ྃ་རྒྱལ་བ་རྣམས་རི༷གས་ཀྱི་དབྱེ་བས་ལྔ༷་ལྔ་དང་། ཡ༷བ་དང་ཡུ༷མ་སྟེ། གཉི༷ས་ཀྱི༷ས་རྒྱུ༷་བྱ༷ས་ཤི༷ང་། རྟེན་སྐུ༷་དང་བརྟེན་པ་ཡེ་ཤེས་ལྔ༷་ཡི༷ས་རྐྱེ༷ན་བྱ༷ས་ཏེ༷། དེ་ལྟར་ཐ༷བས་བདེ་ཆེན་དང་ཤེ༷ས་རབ་སྟོང་ཉིད་ཀྱི་རྒྱུ་ལ་མ༷་འག༷གས་པ་རྩལ་སྣང་གི་རྐྱེ༷ན་སྦྱ༷ར་བ༷ས། བདེ་སྟོང་ཟུང་འཇུག་གི་ངོ་བོར་ཞུ་བ་ནི་ཞི་ཁྲོ་ད༷མ་པ༷་རི༷གས་བརྒྱ༷འི་ལྷ་ཚོགས་མཉེས་པར་བྱེད་པ་འཁོར་འདས་ཀྱི་འབྲུ༷་བཅུ༷ད་ཕུན་

སུམ་ཚོགས་པ་འཆི་མེད་ཡེ་ཤེས་ཀྱི་བདུ༷ད་རྩི༷་ཡེ་གདོད་མ་ནས་རང་བྱུང་དུ་གྲུབ་པ་འདི༷་ནི་བླ༷་མ༷་ཀུ༷ན་བཟ༷ང་ཞི༷་ཁྲོ༷འི་ཚོ༷གས་ལ༷་འབུ༷ལ་ན། ཐུ༷གས་རྗེ༷འི་བརྩེ༷་བར་དགོ༷ངས་ཏེ་བཞེས་ནས་མཆོག་ཐུན་ཟབ་མོའི་དབ༷ང་ད༷ང་དངོ༷ས་གྲུ༷བ་ད་ལྟ་ཉིད་དུ་སྩོ༷ལ་ཅིག །ༀ༷་སྣང་སྟོང་། ཨཱ༷ཿགྲགས་སྟོང་། ཧཱུ༷ྃ་རིག་སྟོང་། ས༷རྦ༷་པཉྩ༷་ཨ༷་མྲྀ་༷ཏ་༷ལ༷་ཁ༷་ར༷ཾ་ཁཱ༷་ཧི༷་ནི་ཐམས་ཅད་བདུད་རྩི་ལྔའི་རང་བཞིན་སྟོབ་པའམ་གསོལ་ཞིག་སྟེ། ཟག་པ་མེད་པའི་བདུད་རྩིའི་ཟེགས་མ་མཁའ་ཁྱབ་དུ་སྤྲོས་ཏེ་ལྷ་རྣམས་ཚིམ་པར་བྱེད་པའོ། །མཐེབ་སྲིན་ཉི་ཟླའི་མཚམས་ནས་བདུད་རྩི་དཀར་པོ་འཐོར་བཞིན་ཡིག་ཆུང་དཀྱུས་ལྟར་རོ། །ཧཱུྃ་༷རི༷གས་ལྔ༷་ཡ༷བ་ཡུ༷མ་སྦྱོ༷ར་བ༷འི་བདུ༷ད་རྩི༷འི་རྒྱུ༷ན་བབས་པ་དེ་ཉིད། མཚ༷ན་ཉིད་ད༷ང་ལྡ༷ན་པ༷འི་དབྱི༷ངས་ཀྱི༷་བྷ༷ནྡྷ་རུ༷། ཡེ༷་ཤེ༷ས་ལྔ༷་ལྡ༷ན་སངས་རྒྱས་རི༷གས་ལྔ༷འི་ངོ་བོའི་བདུ༷ད་རྩི༷་འཁྱི༷ལ་བ། ཟག་བཅས་ཀྱི་སྙི༷ང་པོ༷་མེ༷ད་པ་འདི་ལ༷ས་ཟག་མེད་དངོ༷ས་གྲུ༷བ་མཆོག་གི་སྙི༷ང་པོ༷་བླ༷ང་བར་བགྱིའོ། །ཀཱ༷་ཡ༷་སིདྡྷི་༷ༀ༷། སྣང་སྟོང་སྐུའི་དངོས་གྲུབ། ཝ༷ཀྐ་སིདྡྷི༷་ཨཱ༷། གྲགས་སྟོང་གསུང་གི་དངོས་གྲུབ། ཙི༷ཏྟ་སིདྡྷི༷་ཧཱུ༷ྃ། རིག་སྟོང་ཐུགས་ཀྱི་དངོས་གྲུབ། ངོ་བོ་སྐུ༷་གསུ༷ང་ཐུག༷ས་ཀྱི་ཡེ་ཤེས་ལ་རྣམ་པ་ཡི་གེ་འབྲུ་གསུམ་གྱི་རང་བཞིན་གྱི་བདུད་རྩི་ལྕེ་སྟེང་དུ་བཞག་པས་བདེ་བར་གཤེགས་པ་ཞི་ཁྲོ་རབ་འབྱམས་ཀྱི་གསང་བ་གསུམ་གྱི་དབ༷ང་དངོ༷ས་གྲུ༷བ་དེ༷ང་འདི༷ར་སྩོ༷ལ་ཅིག་ཅེས་པ་ལྟར་ཐོབ་པར་བསམ། གཉི༷ས་པ༷་ར༷ཀྟ༷་འབུ༷ལ་བ༷་ལ༷་འདི༷་སྐ༷ད་དོ༷༔ ཧཱུ༷ྃ༔ ཁམས་གསུམ་འཁོར་བའི་རྒྱུ་ཉོན་མོངས་དུ༷ག་ལྔ༷་ཡེ༷་ཤེ༷ས་རྣམ་པ་ལྔ༷འི་ངོ་བོ་རུ༷་བསྒྲ༷ལ་བ༷འི་ཁྲ༷ག །སྲིད་པ་ཁམས་གསུམ་འཁོར་བར་འཁྲུལ་མ་མྱོང་བས་མ༷་ཆ༷གས། ཞི་བ་མྱང་འདས་སུ་གྲོལ་མ་མྱོང་བས་ཆ༷གས་པ་བྲ༷ལ་བ། མཐའ་གཉིས་ལ་མི་གནས་པ་སྟོང་ཉིད་སྙིང་རྗེའི་

སྙིང་པོ་ཅན་རྣམ་གྲོལ་བྱང་ཆུབ་ཆེན་པོ་ནི་ཆ༷གས་པ༷་ཆེ༷ན་པོ༷འི་{ཞེས་པའི་}རང་བཞིན་གྱི་ཁྲ༷ག་གམ། འདི་ཉིད་འདོད་ཆགས་རང་ཁ་མ་མ་ཡིན་པས་མ་ཆགས་དང་། འདོད་པའི་རྟོག་པ་མེད་པས་ཆགས་བྲལ་དང་། ཆགས་པའི་རང་བཞིན་ཡུལ་མེད་དུ་གྱུར་པས་ཆགས་པ་ཆེན་པོའི་ཁྲག་སྟེ་ཆགས་བྱ་ཆགས་བྱེད་གཉི༷ས་སྣང་གི་རྟོག་པ་མེ༷ད་ཕྱིར་དེར་འཛི༷ན་དང་བྲ༷ལ་བས་ཤིན་ཏུ་གས༷ང་བ༷་ཟུང་འཇུག་བདེ་བ་ཆེ༷ན་པོའི༷་རང་བཞིན་གྱི་ཁྲ༷ག་ཆེ༷ན་པོ་འདི་བླ༷་མ༷་ཀུ༷ན་བཟ༷ང་ཞི༷་ཁྲོ༷འི་ཚོ༷གས་ལ༷་འབུ༷ལ་བར་བགྱིའོ། །ༀ༷་སྣང་སྟོང་། ཨཱ༷ཿགྲགས་སྟོང་། ཧཱུ༷ྃ་རིག་སྟོང་། མ༷་ཧཱ༷་རཀྟ༷་ལ༷་ཁཱ་༷ར༷ཾ་ཁཱ་༷ཧི༷་ཁྲག་ཆེན་པོ་འདི་སྟོབས་པས་གསོལ་ཅིག་གོ །ངོ་བོ་སྐུ་གསུང་ཐུགས་ཀྱི་ཡེ་ཤེས་ལ་རྣམ་པ་རཀྟའི་ཟེགས་མ་མཁའ་ཁྱབ་ཏུ་སྤྲོས་པ་ལྷག་མེད་དུ་གསོལ་བར་བལྟས། དཔེ་ལ་ལར་སྣང་སྟོང་གསལ་སྟོང་སོགས་བྲིས་པར་སྣང་། ཡིག་ཆུང་དཀྱུས་ལྟར། གཏོར་མ། ༀ༷་ངོ་བོ་ཨཱ༷ཿརང་བཞིན་ཧཱུ༷ྃ་ཐུགས་རྗེ་གསུམ་གྱིས་མགོ་དྲངས་ཏེ། གཟུ༷གས་ཕུ༷ང་རྣ༷མ་པར་ད༷ག་པ་བྷ༷ནྡྷ༷་རུ༷་བྱས་པར། ཚོ༷ར་བ༷་རྣ༷མ་ད༷ག་གཏོ༷ར་ཆེ༷ན་བཤ༷མས་པ་ལ། འདུ༷་ཤེ༷ས་རྣ༷མ་ད༷ག་མཐེ༷བ་ཀྱུ༷ས་བསྐོ༷ར༔ འདུ༷་བྱེ༷ད་རྣ༷མ་ད༷ག་རྒྱ༷ན་གྱི༷ས་བརྒྱ༷ན༔ རྣ༷མ་ཤེ༷ས་རྣ༷མ་ད༷ག་འཁོར་འདས་རང་གྲོལ་གྱི་གཏོ༷ར་མ་ཆེ༷ན་པོ༷། ཀུ༷ན་བཟ༷ང་ཆོ༷ས་ཀྱི༷་སྐུ༷་ལ༷་འབུ༷ལ༔ ཨེ༷་ཞེས་ངོ་བོ་དབྱིངས་སྟོ༷ང་པ༷་ཉིད་འག༷ག་མེ༷ད་བྷ༷ནྡྷ༷་རུ༷༔ ར༷ང་བཞིན་གས༷ལ་བ་ཡེ༷་ཤེ༷ས་ཀྱི་གཏོ༷ར་ཆེ༷ན་བཤ༷མ༔ ཐུ༷གས་རྗེ༷འི་རྩལ་སྣ་ཚོགས་ལུ༷་གུ༷་རྒྱུ༷ད་ཀྱིས་གཏོ༷༷ར་རྒྱ༷ན་སྤྲ༷ས། གཟུང་འཛིན་རང་གྲོལ་གྱི་གཏོར་མ་འདི་ནི་ཞི༷་ཁྲོ༷་ལོང༷ས་སྤྱོ༷ད་རྫོ༷གས་ལ་༷འབུ༷ལ། ༀ༷་སྣང་བ། ཨཱ༷ཿགྲགས་པ། ཧཱུ༷ྃ་རིག་པས་མགོ་དྲངས་ཏེ། ཕྱི༷་སྣོ༷ད་འཇི༷ག་རྟེ༷ན་ཐམས་ཅད་གཏོ༷ར་གཞོ༷ང་དུ༷་བྱས་

པའི་ནང་དུ། ན༷ང་བཅུ༷ད་སེ༷མས་ཅ༷ན་ཐམས་ཅད་གཏོ༷ར་མ༷འི་རང་བཞིན་དུ་བཤ༷མས་པ་ལ། རྩི༷་བཅུ༷ད་འབྲས་བུ༷་སྨ༷ན་གྱི༷་རིགས་ཐམས་ཅད་ཀྱིས་བརྒྱ༷ན་པའི་སྲིད་པ་རང་གྲོལ་གྱི་གཏོར་མ་འདི་ནི་ཞི༷་ཁྲོ༷་སྤྲུ༷ལ་པ༷འི་སྐུ༷་ལ༷་འབུ༷ལ། ༀ༷་ཆོས་སྐུ། ཨཱ༷ཿལོངས་སྐུ། ཧཱུ༷ྃ་སྤྲུལ་སྐུ། གུ༷་རུ༷་བླ་མ། དེ༷་ཝ༷་ལྷ་སྟེ་ཡི་དམ། ཌཱ༷་ཀི༷་ནཱི༷་མཁའ་འགྲོ་མ། མ༷་ཧཱ༷་བ༷་ལི༷ངྟ༷་གཏོར་མ་ཆེན་པོ། གྷྲྀ༷ཧྞ༷་ཟུང་ལ། ཁ༷་ཁ༷་ཟོ་ཟོ། ཁཱ༷་ཧི༷་ཁཱ༷་ཧི༷་ཟ་རུ་ཆུག་ཟ་རུ་ཆུག་སྟེ། སྐུ་གསུམ་གྱི་བླ་མ་ཡི་དམ་མཁའ་འགྲོ་རྣམས་ཀྱིས་གཏོར་མ་ཆེན་པོ་འདི་བཞེས་ལ་གསོལ་གསོལ་རོལ་ཅིག་རོལ་ཅིག་ཅེས་པ་ལྟ་བུ་དང་། ༀ༷་ནི་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་སྐུ། ཨཱ༷ཿནི་གསུང་། ཧཱུ༷ྃ་ནི་ཐུགས། བོ༷་དྷི༷་ཙི༷ཏྟ༷་ནི་བྱང་ཆུབ་སེམས་སོ། །མ༷་ཧཱ༷་སུ༷་ཁ༷་བདེ་བ་ཆེན་པོའོ། །ཛྙཱ༷་ན༷་དྷ༷་ཏུ༷་ཡེ་ཤེས་དབྱིངས་སོ། །ཨ༷༔ སྐྱེ་བ་མེད་པའོ། །དེ་དག་རྣམ་ཀྱང་ཞི་བ་ལྷུན་གྱིས་གྲུབ་པའི་ལྷ་ཚོགས་བཞི་བཅུ་རྩ་གཉིས་ཀྱི་སྙིང་པོ་འདུས་པའོ། །ༀ༷་སྐུ་ལྔ་དང་ཡེ་ཤེས་ལྔའོ། །རུ༷་ལུ༷་གནས་ལུགས་ཆོས་ཀྱི་དབྱིངས་སོ། །རུ༷་ལུ༷་སྣང་ལུགས་ཆོས་ཀྱི་སྐུའོ། །ཧཱུ༷ྃ་འགག་མེད་ཐིག་ལེའོ། །བྷྱོ༷་སྐྱེ་མེད་ཀྱི་དགོངས་པའོ། །ཧཱུ༷ྃ་སྐྱེ་འགག་མེད་པའོ། །དེ་རྣམས་ཀྱང་རིག་རྩལ་གྱི་ལྷ་ཚོགས་ཁྲག་འཐུང་དྲུག་ཅུའི་སྙིང་པོ་འདུས་པའོ། །དེ་ལྟར་ཞི་ཁྲོ་དམ་པ་རིགས་བརྒྱའི་སྙིང་པོས་དྲངས་པའི་ལྷ་ཚོགས་རྣམས་ཀྱིས་ཨི༷་ད༷ཾ་བྷ༷་ལི༷ངྟ༷་གཏོར་མ་འདི། གྷྲི༷ཧྞ༷་ཟུང་ལ། ཁ༷་ཁ༷་ཟོ་ཟོ། ཁཱ་ཧི༷་ཁཱ་ཧི༷་ཟ་རུ་ཆུག་ཟ་རུ་ཆུག་སྟེ། དོན་ལ་ཞི་ཁྲོ་རིགས་བརྒྱའི་ལྷ་ཚོགས་རྣམས་ཀྱིས་གཏོར་མ་འདི་བཞེས་ལ་གསོལ་གསོལ་རོལ་ཅིག་རོལ་ཅིག་ལྟ་བུའོ། །གཞ༷ན་ཡ༷ང་ལྷ༷་ཚོ༷གས་ཐ༷མས་ཅ༷ད་ཀྱི་མཚ༷ན་སྔ༷གས་ཞ༷བས་སུ༷་བ༷་ལི༷ངྟ༷་ཁཱ༷་ཧི༷༔ བཏ༷གས་ལ༷་འབུ༷ལ་བ༷ར་བྱ༷འོ༔ ས༷་མ༷་ཡཱ༷༔ རྒྱ༷་རྒྱ༷་རྒྱ༷༔

བཅུ༷་གཅི༷ག་པ༷་བསྟོ༷ད་པ༷་བྱ༷་བ༷་ལ༷་བཞི༷་སྟེ༷༔ དཔ༷ལ་ཀུ༷ན་ཏུ༷་བཟ༷ང་པོ༷འི་དོ༷ན་བསྟོ༷ད་ནི༷༔ ཆུ༷་བོ༷འི་ཉེ༷ར་དབྱ༷ངས་ཀྱི༷ས་འདི༷་སྐ༷ད་དོ༷༔ ༀ༷་ཆོས་སྐུའི་བདག་ཉིད། བླ༷་མ༷་ཀུ༷ན་ཏུ༷་བཟ༷ང་པོ་ཆོ༷ས་ཀྱི༷་སྐུ༷འི་རང་བཞིན་མཚ༷ན་མ༷ར་འཛི༷ན་པའི་སྤྲོས་པ་དང་བྲ༷ལ་བ་ཀ་དག་ཟ༷ང་ཐ༷ལ་གྱི་སྐུ༷་དང་། སྨྲ་བས༷མ་བརྗོ༷ད་པའི་ཡུ༷ལ་ཐམས་ཅད་དང་བྲ༷ལ་བ་རྡོ་རྗེ་ལུ༷་གུ༷་རྒྱུད་འདི་ནི་ཀུ༷ན་བཟ༷ང་ཡ༷བ་ཡུ༷མ་གྱི་སྐུ༷འི་རང་བཞིན་ཡིན་པས་དེ་ལ༷་བསྟོ༷ད་པར་བགྱིའོ། །ཇི་ལྟར་བསྟོད་ན་ཡོན་ཏན་རྗེས་སུ་དྲན་ཅིང་ཆོས་ཉིད་ཀྱི་རང་སྒྲ་སྒྲོགས་པར་མོས་པ་དང་། བསྟོད་བྱའི་ཡུལ་དང་བསྟོད་བྱེད་ཀྱི་ཤེས་པ་གཉིས་སུ་མེད་པ་དབྱེར་མེད་རང་རིག་ཐིག་ལེར་བསྟོད་པའོ། །ཨཱ༷༔ གསུང་གི་བདག་ཉིད། གྲ༷གས་སྟོ༷ང་གཞོམ་མེད་ཀྱི་སྒྲ་དབྱངས་དང་ར༷ང་བྱུ༷ང་ཆོས་སྒོ་མཐའ་ཡས་ཀྱི༷་གསུ༷ང་། སྒྲ༷་རུ་གྲ༷གས་ཚད་ཐམས་ཅད་ངོ་བོ་སྟོ༷ང་པ༷་རང་བཞིན་ཅི༷ར་ཡང་མི༷་དགོ༷ངས་པ་ཡིན་ཀྱང་ཐུགས་རྗེ་འགག་མེད་སྣ༷་ཚོ༷གས་སུ་ར༷ང་གྲ༷གས་པ་ལས་མཚན་རྟོག་གི་དམི༷གས་གཏ༷ད་བྲ༷ལ་ཞིང་རྗེ༷ས་སུ༷་འཛི༷ན་པ༷འི་རྟོག་པའི་དངོ༷ས་པོ༷་སྟོ༷ང་ཡང་། གདུལ་བྱའི་མོས་པ་དང་སངས་རྒྱས་ཀྱི་མཐུས་འགྲོ༷་བ་འདུ༷ལ་བའི་གསུ༷ང་མཆོ༷ག་སོ་སོའི་སྒྲ་སྐད་མཐུན་པར་ཅི༷ར་ཡ༷ང་སྟོ༷ན་པའམ་འཆར་བ་འདི་ནི་ཀུ༷ན་ཏུ་བཟ༷ང་པོ་ཡ༷བ་ཡུ༷མ་གྱི་གསུ༷ང་ཡིན་པས་དེ་ལ༷་བསྟོ༷ད་དོ། །ཧཱུ༷ྃ་ཐུགས་ཀྱི་བདག་ཉིད། ར༷ང་བྱུང་གི་རི༷ག་པ་དྲ༷ན་ཚོར་གྱིས་སྟོ༷ང་པས་གདོ༷ས་བཅ༷ས་ཀྱི་དངོས་པོ་དང་བྲ༷ལ་པའི་ངང་དེར། ཇི་ལྟར་སྣང་བ་སྣ༷་ཚོ༷གས་ཤ༷ར་ཡང་ཐོག་མ་ནས་རང་གྲོ༷ལ་བ་ལས་ཡོད་མ་མྱོང་ཞིང་འགྲོ་བ་འདུལ་བའི་ཐབས་འག༷ག་པ༷་མེ༷ད་པར་ལྷུན་གྱིས་གྲུབ་པ་ནི། དངོ༷ས་འཛིན་གྱི་ཤེས་པ་མེ༷ད་པས་དངོ༷ས་པོ་དང་བྲ༷ལ་བ། གཟུ༷ང་བར་བྱ་བའི་ཡུ༷ལ་མེད་པས་ཡུལ་དང་བྲ༷ལ་བ། དེ་ལྟ་བུའི་

དགོ༷ངས་པ༷་ནི། གན༷ས་ཡུ༷ལ་ཐམས་ཅད་ར༷ང་ས༷ར་གྲོ༷ལ་བས་དབྱི༷ངས་ད༷ང་ཡེ༷་ཤེ༷ས་དབྱེ༷ར་མེ༷ད་པའི་རང་བཞིན་གྱི་ཐུ༷གས་ནི་ཀུ༷ན་བཟ༷ང་ཡ༷བ་ཡུ༷མ་གྱི་ཐུ༷གས་ཡིན་པས་དེ་ལ༷་བསྟོ༷ད་དོ། །སྭཱ༷་ཡོན་ཏན་གྱི་བདག་ཉིད། ཡོན་ཏན་ཐ༷མས་ཅ༷ད་མ༷་བཙ༷ལ་གཞི༷་ལ༷་རྫོ༷གས་སྟེ། ལྷུ༷ན་གྱིས་གྲུ༷བ་པ་ཡེ་ཤེས་ཀྱི་རང་བཞིན་འོ༷ད་གས༷ལ་བ་ལས་ཐུགས་རྗེའི་རང་འོ༷ད་དཔ༷ག་ཏུ་མེ༷ད་ཅིང་། བས༷མ་པ་དང་བརྗོ༷ད་པའི་ཡུལ་ལས་འདས་ཤིང་དངོས་པོའི་དཔེ༷་ཐམས་ཅད་དང་བྲ༷ལ་བ་ཡོ༷ན་ཏ༷ན་ཐམས་ཅད་ངང་གིས་རྫོ༷གས་པ་འདི་ནི་ཀུ༷ན་བཟ༷ང་ཡ༷བ་ཡུ༷མ་གྱི་ཡོ༷ན་ཏ༷ན་ཡིན་པས་དེ་ལ་བསྟོ༷ད་དོ། །ཧཱ༷་ཕྲིན་ལས་ཀྱི་བདག་ཉིད། ཐུ༷གས་རྗེ༷་འགག་པ་མེད་པ༷འི་ར༷ང་འོ༷ད་ཡེ༷་ཤེ༷ས་ཀྱི་རྩལ་ཐམས་ཅད་རྒྱ༷ས་ཤིང་མ༷་བཙ༷ལ་ལྷུན་རྫོ༷གས་དང་ལྡ༷ན་པ་སྐྱེ་མེད་ཐི༷ག་ལེ༷འི་སྐུ༷་ལ་དཔ༷ག་ཏུ་མེ༷ད་པའི་ཕྲི༷ན་ལ༷ས་ཐམས་ཅད་རྫོ༷གས་པ༷འི་དཔ༷ལ་འདི་ནི་ཀུ༷ན་བཟ༷ང་ཡ༷བ་ཡུ༷མ་གྱི་ཕྲི༷ན་ལ༷ས་ཡིན་པས་དེ་ལ་བསྟོ༷ད་དོ། །གཉི༷ས་པ༷་ཡེ༷་ཤེ༷ས་ལྔ༷་ལ༷་བསྟོ༷ད་པ༷་ནི༷། ཧཱུ༷ྃ་ཐུགས་ཀྱི་སྙིང་པོ། ཧཱུ༷ྃ་མེ་ལོང་ཡེ་ཤེས་རང་བྱུང་གི་རི༷ག་པ༷་ཀ་དག་ཟ༷ང་ཐ༷ལ་ཡེ་ཤེས་ལ་རང་འོ༷ད་ཀྱི༷་སྐུ༷་སྐྱེ་མེད་ཐིག་ལེ་ཉ༷ག་གཅི༷ག་གི་རང་བཞིན་གས༷ལ་ལ་འཚེ༷ར་བ་དེ་ལ་རྡོ་རྗེ་ལུ༷་གུ༷་རྒྱུ༷ད་དུ་གྲགས་ཏེ། འགྱུ་བ་འཕྲི༷ག་པ་ཇི་ལྟར་སྣང་ཡང་དོན་ལ་དངོ༷ས་པོ༷་མེ༷ད་པ་ངོ༷་བོ༷ས་སྟོ༷ང་ཞིང་། སྟོ༷ང་པ༷འི་ར༷ང་བཞི༷ན་དེ་ལ་ཡེ་ཤེས་ཀྱི་ར༷ང་འོ༷ད་ཀུན་ཏུ་གས༷ལ་ལ། གས༷ལ་བ་དེ༷འི་ཐུ༷གས་རྗེ༷་འག༷ག་པ༷་མེ༷ད་པའི་རྩལ་ཞེ༷་སྡ༷ང་གི་རྟོག་པ་ར༷ང་སར་གྲོ༷ལ་བའི་དཀ༷ར་གས༷ལ་སྒྱུ་མ་ལྟ་བུའི་ང༷ང་ལ་མེ༷་ལོ༷ང་ལྟ༷་བུ༷འི་ཡེ༷་ཤེ༷ས་ཞེས་བྱ་ལ༷་གཟུ༷ང་བ་དང་འཛི༷ན་པའི་རྟོག་པ་དང་བྲ༷ལ་བ༷འི་ང༷ང་ན༷ས་བསྟོ༷ད་ཅེས་པའོ། །ཧཱུ༷ྃ་ཐུགས། སྭཱ༷་

མཉམ་ཉིད་ཡེ་ཤེས། རང་བྱུང་གི་རི༷ག་པ་སོགས་སྔར་ལྟར་ལས། ཐུ༷གས་རྗེ༷་འག༷ག་པ་མེ༷ད་པའི་རྩལ་ང༷་རྒྱ༷ལ་གྱི་རྟོག་པ་ར༷ང་སར་གྲོ༷ལ་བའི་སེར་གས༷ལ་སྒྱུ་མ་ལྟ་བུའི་ང༷ང་ནས་མཉ༷མ༷་པ༷་ཉིད༷་ཀྱི༷་ཡེ༷་ཤེ༷ས་ཞེས་བྱ་ལ༷། གཟུ༷ང་བ་སོགས་སྔར་ལྟར་རོ། །ཧཱུ༷ྃ་ཐུགས། ཨཱ༷ཿསོར་རྟོག་ཡེ་ཤེས་རང་བྱུང་གི་རི༷ག་པ༷་སོགས་སྔར་ལྟར་ལ། ཐུགས་རྗེའི་རྩལ་འདོ༷ད་ཆ༷གས་ཀྱི་རྟོག་པ་ར༷ང་སར་གྲོ༷ལ་བའི་དམ༷ར་གས༷ལ་སྒྱུ་མ་ལྟ་བུའི་ང༷ང་ལ་སོ༷་སོ༷ར་རྟོག༷་པ༷འི་ཡེ༷་ཤེས༷་ཞེས་བྱ་ལ༷། གཟུ༷ང་བ་སོགས་སྔར་ལྟར་རོ། །ཧཱུ༷ྃ་ཐུགས། ཧཱ༷་བྱ་གྲུབ་ཡེ་ཤེས། རང་བྱུང་གི་རི༷ག་པ༷་སོགས་སྔར་ལྟར་ལས། རྩལ་ཕྲ༷ག་དོ༷ག །་གི་རྟོག་པ་ར༷ང་སར་གྲོ༷ལ་བའི་ལྗ༷ང་གས༷ལ་སྒྱུ་མ་ལྟ་བུའི་ང༷ང་ལ་བྱ༷་བ༷་གྲུ༷བ་པ༷འི་ཡེ༷་ཤེ༷ས་ཞེས་བྱ་ལ༷། གཟུ༷ང་སོགས་སྔར་ལྟར་རོ། །ཧཱུ༷ྃ་ཐུགས། ༀ༷་ཆོས་དབྱིངས་ཡེ་ཤེས། རི༷ག་པ༷་སོགས། རྩལ་གཏི་མུག་གི་རྟོག་པ་རང་སར་གྲོལ་བའི་མཐིང་གསལ་སྒྱུ་མ་ལྟ་བུའི་ངང་ལ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སོགས་སྔར་ལྟར་འགྲེས་སོ། །ༀ་ཆོས་སྐུའི་རང་བཞིན་གདོ༷ད་ན༷ས་མ༷་སྐྱེ༷ས་ཤིང་ཡེ༷་ཤེ༷ས་རྣ༷མ་པར་དག་པ༷འི་རྒྱལ་བ་ཀུ༷ན་ཏུ་བཟ༷ང་མོ། དེ་ཉིད་ཀྱི་རི༷ག་པའི་རྩ༷ལ་རྫོ༷གས་པ༷འི་ཆོ༷་འཕྲུ༷ལ་ལ༷ས་བྱུང་བ་སྟེ། ཞེ༷་སྡ༷ང་དང་རྣ༷མ་ཤེ༷ས་ར༷ང་སར་གྲོ༷ལ་བ་མེ༷་ལོ༷ང་ལྟ་བུའི་ཡེ་ཤེས་ཀྱི་སྐུ༷་མཐི༷ང་ལ་གས༷ལ་བའི་རང་མད༷ངས་ཀྱི་ཟེར་དང་ལྡ༷ན་ཞིང་ལོ༷ངས་སྤྱོ༷ད་རྫོ༷གས་པ༷འི་དཔ༷ལ་ཐམས་ཅད་རྫོགས་པ་ནི་འཁོར་བའི་བག་ཆགས་སྣ༷་ཚོ༷གས་ཀྱི་འཛི༷ན་པ་བྲ༷ལ་བ་སངས་རྒྱས་རྡོ༷་རྗེ༷་སེ༷མས་དཔ༷འ་ཤ༷ར་བའི་ཚུལ་ཏེ། ཇི་ལྟར་ན་ཐ༷བས་དང་ཤེ༷ས་རབ་གཉི༷ས་སུ་མེ༷ད་པ་ཡུམ་ས༷་ཁམ༷ས་སངས་རྒྱས་སྤྱ༷ན་མ༷་དང་འཁྲི༷ལ་བ། གླ༷ང་ཆེ༷ན་གྱི་ཁྲི༷་རྐ༷ང་དང་ཉི༷་ཟླ༷་པདྨ༷འི་སྟེ༷ང་དུ་དུ༷ག་ལྔ༷་མ༷་སྤ༷ངས་གན༷ས་སུ༷་ད༷ག་

པ༷འི་ཚུ༷ལ་དུ་མཉེ༷ན་ལྕུ༷ག་འཁྲི༷ལ་ལྡེ༷མ་གཞོ༷ན་ཚུ༷ལ་སོགས་ཞི༷་བ༷འི་སྐུ༷་ལ་ཡེ་ཤེས་ཀྱི་རང་འོད་གས༷ལ་འཚེ༷ར་ལྷུ༷ན་སྡུ༷ག་གཟི༷་བརྗི༷ད་རབ་ཏུ་འབ༷ར་བར་བཞུ༷གས་པ། ཡབ༷་ཀྱི༷་ཆ༷་འཛི༷ན་ས༷་སྙི༷ང་བྱ༷མས་པ་༷ད༷ང་། ཡུ༷མ་གྱི་༷ཆ༷་འཛི༷ན་ལཱ༷་༷སྱ་པུཥྤེ༷་མ༷་དཀར་མོ་སྟེ། ཡེ་ནས་མ༷་བཅོ༷ས་ལྷུ༷ན་གྱི༷ས་གྲུ༷བ་པ༷འི་གཙོ༷་འཁོ༷ར་དྲུ༷ག་གོ །དེ་ལྟར་སངས་རྒྱས་རྡོ་རྗེ་རིགས་ཀྱི་ཡ༷བ་དང་ཡུ༷མ་དང་སྲ༷ས་སེམས་དཔའ་སེམས་མ་གཉིས་གཉིས་ད༷ང་བཅ༷ས་པ་རྣམ་ལ༷་ཕྱ༷ག་འཚ༷ལ་ཞིང་བསྟོ༷ད་དོ། །ༀ༷་སྐུའི་རང་བཞིན་གདོད་མ་ནས་མ་སྐྱེས་སོགས་གོང་ལྟར་འགྲེས། ང༷་རྒྱ༷ལ་དང་ཚོ༷ར་བ༷་ར༷ང་སར་གྲོ༷ལ་བ་མཉ༷མ་པ་ཉི༷ད་ཀྱི་ང༷ང་ངོ་བོ་རང་བཞིན་གྱི་སྐུ་སེ༷ར་ལ་གས༷ལ་བའི་ར༷ང་མད༷ངས་ཀྱི་ཟེར་དང་ལྡན་ཞིང་ལོ༷ངས་སྤྱོ༷ད་རྫོ༷གས་པའི༷་དཔ༷ལ་ཐམས་ཅད་རྫོགས་པ་ནི་གས༷ལ་སྟོ༷ང་འཛི༷ན་པ་བྲ༷ལ་བ་སངས་རྒྱས་རི༷ན་ཆེ༷ན་འབྱུ༷ང་ལྡ༷ན་གྱི་གཟུགས་སུ་ཤ༷ར་བའི་ཚུལ་ཏེ། ཇི་ལྟར་ན་ཐ༷བས་དང་ཤེ༷ས་རབ་གཉི༷ས་སུ༷་མེད་པའི་ཡུམ་ཆུ༷་ཁ༷མས་མ་མཱ༷་ཀི༷ར་སྦྱོ༷ར་བ། རྟ༷་མཆོ༷ག་གི་ཁྲི་༷རྐ༷ང་ཉི༷་ཟླ༷་སོགས་གོང་ལྟར། ཡ༷བ་ཀྱི༷་ཆ༷་འཛི༷ན་ཀུ༷ན་བཟ༷ང་དང་ན༷མ་སྙི༷ང་ད༷ང་། ཡུ༷མ་གྱི༷་ཆ༷་འཛི༷ན་མཱ༷་ལེ༷་དང་དྷུ༷་པེ༷་མ༷་སྟེ་ཡེ་ནས་མ་༷བཅོ༷ས་སོགས་ནས་དྲུ༷ག་གོ །དེ་ལྟར་སངས་རྒྱས་རིན་ཆེན་རིགས་ཀྱི་ཡ༷བ་དང་ནས། བསྟོ༷ད་དོ། །ༀ༷་གོང་ལྟར། གདོད༷་མ་ན༷ས་སོགས་འགྲེ། འདོ༷ད་ཆ༷གས་དང་འདུ༷་ཤེ༷ས་ར༷ང་ས༷ར་གྲོ༷ལ་བ་སོར་རྟོ༷ག་ཡེ་ཤེས་ཀྱི་སྐུ༷་དམ༷ར་ལ་གས༷ལ་བའི་རང་མད༷ངས་ཀྱི་ཟེར་དང་ལྡ༷ན་ཞིང་ལོ༷ངས་སྤྱོ༷ད་རྫོ༷གས་པ༷འི་དཔ༷ལ་ཐམས་ཅད་རྫོགས་པ་ནི། བདེ་༷སྟོ༷ང་འཛི༷ན་པ་བྲ༷ལ་བ་སངས་རྒྱས་སྣ༷ང་བ༷་མཐ༷འ་ཡ༷ས་ཀྱི་གཟུགས་སུ་ཤ༷ར་བའི་ཚུལ་ཏེ། ཇི་ལྟར་ན་ཐ༷བས་དང་ཤེ༷ས་རབ་གཉི༷ས་སུ་མེ༷ད་པའི་ཚུལ། མེ༷་ཁ༷མས་གོ༷ས་དཀ༷ར་མོ་དང་སྦྱོ༷ར་བ། རྨ༷་བྱ༷འི་ཁྲི༷་རྐང༷་སོགས་གོང་

ལྟར། ཡ༷བ་ཀྱི་༷ཆ༷་འཛི༷ན་སྤྱ༷ན་གཟི༷གས་འཇ༷མ་དཔ༷ལ་དང༷་། ཡུ༷མ་གྱི༷་ཆ༷་འཛི༷ན་གཱི༷རྟི༷་ཨཱ༷་ལོ་༷ཀེ༷༔ མ་བཅོ༷ས་ནས་དྲུ༷ག་གོ །དེ་ལྟར་སངས་རྒྱས་པདྨའི་རིགས་ཀྱི་ཡ༷བ་དང་སོགས་ནས། བསྟོད་དོ། །ༀ་གདོ༷ད་ནས། ཕྲ༷ག་དོ༷ག་དང་འདུ༷་བྱེ༷ད་རང་ས༷ར་གྲོ༷ལ་བ་བྱ༷་གྲུ༷བ་ཡེ་ཤེས་ཀྱི་སྐུ༷་ལྗ༷ང་ལ་གས༷ལ་བ་རང་མད༷ངས་ཀྱི་ཟེར་དང་ལྡ༷ན་ཞིང་ལོ༷ངས་སྤྱོ༷ད་རྫོ༷གས་པ༷འི་དཔ༷ལ་ཐམས་ཅད་རྫོགས་པ་ནི་གྲ༷གས་སྟོ༷ང་འཛི༷ན་པ་དང་བྲ༷ལ་བ་སངས་རྒྱས་དོ༷ན་ཡོ༷ད་གྲུ༷བ་པ༷ར་ཤ༷ར་བའི་ཚུལ་ཏེ། ཇི་ལྟར་ན་ཐ༷བས་ཤེ༷ས་གཉི༷ས་མེ༷ད་ཡུམ་རླུ༷ང་ཁ༷མས་དམ་ཚིག་སྒྲོ༷ལ་མ༷ར་སྦྱོ༷ར་བ། ཤ༷ང་ཤ༷ང་ཁྲི༷་རྐ༷ང་སོགས་དང་ཡ༷བ་ཀྱི་ཆ༷་འཛི༷ན་སྒྲི༷བ་སེ༷ལ་ཕྱ༷ག་རྡོ༷ར་དང༷་། ཡུ༷མ་གྱི་ཆ༷་འཛི༷ན་གནྡྷེ༷་ནཱིརྟི་༷མ༷། མ༷་བཅོ༷ས་སོགས་དྲུ༷ག་གོ །དེ་ལྟར་སངས་རྒྱས་ལས་ཀྱི་རིགས་ཀྱི་ཡ༷བ་དང་སོགས་ནས། བསྟོ༷ད་དོ། ༀ༷་གོང་ལྟར། གདོ༷ད་ན༵ས་སོགས། གཏི༷་མུག་དང་གཟུགས་ཕུང་ར༷ང་སར་གྲོ༷ལ་བ་ཆོ༷ས་དབྱི༷ངས་ཡེ་ཤེས་ཀྱི་སྐུ་༷དཀ༷ར་ལ་གས༷ལ་བ་རང་མད༷ངས་ཀྱི་ཟེར་དང་ལྡ༷ན་ཞིང་ལོང༷ས་སྤྱོད༷་རྫོ༵གས་པའི་དཔ༷ལ་ཐམས་ཅད་རྫོགས་པ་ནི། དྲ༷ན་སྟོ༷ང་འཛི༷ན་པ་དང་བྲ༷ལ་བ་སངས་རྒྱས་རྣ༷མ་པར༷་སྣ༷ང་མཛ༷ད་ཀྱི་གཟུགས་སུ་ཤ༷ར་བའི་ཚུལ་ཏེ། ཐ༷བས་ཤེ༷ས་གཉི༷ས་མེ༷ད་ཀྱི་ཡུམ་ན༷མ་མཁ༷འ་དབྱི༷ངས་ཕྱུ༷ག་མ༷་དང་སྦྱོ༷ར་བ། སེ༷ང་ཆེ༷ན་གྱི་ཁྲི་རྐང་སོགས་དང་། ཡབ་ཀྱི་ཆ་འཛིན་པ་ཕྱོགས་བཞིའི་བཅོམ་ལྡན་རྒྱལ་བ་རིགས༷་བཞི༷་ཡ༷བ་ཡུམ༷་སེམ༷ས་དཔའ༷་སེམ༷ས་མར༷་བཅ༵ས་པ་ཡེ་ནས་མ་བཅོས་ལྷུན་གྱིས་གྲུབ་པའི་གཙོ་འཁོར་གྱི་ཚུལ་དུ་བཞུགས་པ་རྣམས་ཏེ། དེ་ལྟར་སངས་རྒྱས་འཁོར་ལོའི་རིགས་ཀྱི་ཡ༷བ་ཡུམ༷་སྲས༷་བཅ༷ས་རྣམས་ལ༷་ཕྱ༷ག་འཚ༷ལ་ཞིང་བསྟོ༷ད་དོ། །ༀ༷་སྐུའི་རང་བཞིན་གདོ༷ད་ནས༷་སོགས། ཉོ༷ན་མོངས༷་དྲུ༷ག་གི་རྟོག་པ་རང༷་སར་གྲོ༷ལ་བ་སྤྲུ༷ལ་སྐུ༷་ཐུབ༷་དྲུག༷་གི་

རྣམ་པར་ཤར་༵བ་ནི། ལྷ་ལ་བརྒྱ༷་བྱིན༷། ལྷ་མིན་ལ་ཐ༷གས་བཟང༷་། མི་ལ་ཤཱཀྱ༷་ཐུ༷བ་པ་རྣམས་དང༷་། བྱོལ་སོང་ལ་སེང༷་གེ་རབ༷་བརྟ༷ན། ཡི་དྭགས་ལ་ཁ༷་འབ༷ར། དམྱལ་བ་ལ་ཆོ༷ས་ཀྱི༷་རྒྱ༷ལ་པོ་རྣམས་དང་། སྒོ་སྲུང་རྣམ༷་རྒྱལ༷་གཤི༷ན་རྗེ༷་རྟ༷་མགྲི༷ན་བདུ༷ད་རྩི༷་འཁྱི༷ལ་པ་རྣམས་དང་། སྒོ་མ་ལྕ༷གས་ཀྱུ༷་ཞ༷གས་པ༷་ལྕ༷གས་སྒྲོ༷ག་དྲི༷ལ་བུ༷་མ་རྣམས་ཏེ༷། བཞི༷་བཅུ༷་རྩ༷་གཉིས༷་ཀྱི་རྒྱ༷ལ་བ་ཐུག༷ས་རྗེ༷་ཅ༷ན་རྣམས། འོ༷ད་ཀྱི༷་ལུས༷་ལ༷་ཡེ༷་ཤེས༷་ཀྱི༷་སྙིང༷་པོ༷་ཅ༷ན་དུ་བཞུགས་ཤིང་། སྟོང༷་པ་དང་གས༷ལ་བ་གཉིས་སུ་མེད་པ་ཡེ་ཤེས་ཀྱི་རང་མད༷ངས་ཁ་དོག་ལྔ༷་དང་ལྡ༷ན་པ་ལ༷་ཕྱ༷ག་འཚ༷ལ་ཞིང་བསྟོ༷ད་དོ། །ཞེས༷་པ༷་གད༵ངས་དབྱ༷ངས་སྙན༷་པོ༷ས་བསྟོ༷ད་པ༷ར་བྱ༷། ཞི༷་བ༷་བཞི༷་བཅུ༷་རྩ༷་གཉི༷ས་ཀྱི༷་དོན༷་བསྟོ༷ད་ཆེ༷ན་མོ༷འོ༷༔ ས༷་མ༷་ཡཱ༷༔ རྒྱ༷་རྒྱ༷་རྒྱ༷༔ བཞི༷་པ༷་ཁྲ༷ག་འཐུ༷ང་ལྔ༷་བཅུ༷་རྩ༷་བརྒྱ༷ད་ལ༷༔ དོན༷་བསྟོ༷ད་ཆེ༷ན་མོ༷ས་གུས༷་པར༷་བསྟོ༷ད་པ༷་ནི༷༔ ལག༷་ཏུ༷་རྔ༷་ཆེ༷ན་ཐོ༷གས་ལ༷་རྔམ༷ས་པའི༷་དབྱ༷ངས༔ འགྱི༷ང་དང༷་ང༷ར་དུ༷་ལྡན༷་པས༷་འདི༷་སྐ༷ད་དོ༷༔ ཧཱུ༷ྃ་ཐུགས་ཀྱི་རང་བཞིན་སྣང༷་སྲི༷ད་ཀྱི་གཞི༷་རུ་གྱུར་པ་ནས་བཞེ༷ངས་པའི་སྒྱུ་འཕྲུལ་རང༷་བྱུང༷་གི་དཀྱི༷ལ་འཁོ༷ར་ཆེན་པོའི་ཀློང་དུ༷་ཆོས༷་སྐུ༷་ཞི༷་བ༷འི་རི༷ག་རྩལ༷་གྱི༷་ཆོ༷་འཕྲུ༷ལ་ལས༵་བྱུང་བ། ཉོན༷་མོང༷ས་འཇོ༷མས་པར་མཛ༷ད་པ་ཁྲ༷ག་འཐུ༷ང་དཔལ་ཆེན་པོ་ཧེ༷་རུ༷་ཀ་༷ཡབ་ཡུམ་མཐུ༷་དང་རྩལ་ཐོ༷གས་པ་མེ༷ད་ཅིང་དུར༷་ཁྲོ༷ད་ཀྱི་ཆ༷ས་བརྒྱ༷ད་རྫོ༷གས་པ་ནི། ཐ༷བས་མཆོ༷ག་ཏུ་གྱུར་པ་མི་འགྱུར་བའི་བདེ་བའི་སྐུ༷་ལ༷་ཤེས༷་ར༷བ་སྟོང་པ་ཉིད་ཀྱི་ཁྲོ༷་མོ༷་གཉིས་སུ་མེད་པར་འཁྲི༷ལ་བ་སྟེ། རཱུ་ཏྲ༷་ཕོ༷་མོ༷་བསྣོལ་བའི་གདན་རི༷ན་ཆེ༷ན་བྲག་གི་ཁྲི་༷རྐང༷་དང༵་། བྱོལ༷་སོང༷་པ༷དྨ༷་ཉི༷་མ་ཟླ༷་བ་རྣམས་བརྩེ༷གས་པ༷འི་སྟེང༷་ཐེ༷ག་པ༷་རིམ་པ་དགུ༷་རྫོ༷གས་པ༷འི་སྐུ༷ར་སྟོན༷་པ༵་ནི། སྒེ༷ག་པ༷་དཔ༷འ་བ༷་འཇི༷གས་སུ༷་རུང༷་བ༷་རྣམས་སྐུའི་གར་དང༷་། རྒོ༷ད་དང༷་གཤེ༷་

དང༷་རྔམས༷་པ༷ར་སྟོན༷་པ༷་གསུང་གི་གར་དང༵་། སྙིང༷་རྗེ༷་ངོ་༷མཚ༷ར་ཞི་༷བ༷་ཐུགས་ཀྱི་གར་གསུམ་ལ༷་སོ༷གས་པ༷་ལྡན་པ། བཅོ༷མ་ལྡན༷་འད༷ས་དཔ༷ལ་ཆེ༷ན་པོ་འཁོ༷ར་འདས༷་ཀྱི་ཆོས་ཐམས་ཅད་རྫོ༷གས་པར་བསྟན་པ་ལ༷་ཕྱག་འཚལ་ཞིང་བསྟོ༷ད་དོ། །ཧཱུ༷ྃ་སྔར་ལྟར། སྣང༷་སྲི༷ད་ཀྱི་གཞི༷ར་བཞེ༷ངས་པ་སྒྱུ་འཕྲུལ་རང༷་བྱུང༷་གི་དཀྱི༷ལ་འཁོ༷ར་ཆེན་པོའི་ཀློང་དུ༷་ཞི༷་བ༷་ལོ༷ངས་སྤྱོོ༷ད་རྫོ༷གས་སྐུ༷འི་ཆོ༷་འཕྲུ༷ལ་ལ༷ས་བྱུང་བ། གཏི༷་མུ༷ག་འཇོ༷མས་པར་མཛ༷ད་པ་ཁྲག་འཐུང་བུ༷དྡྷ༷་ཧེ༷་རུ༷་ཀ་༷དང་། ཡུམ་བུ༷དྡྷ༷་ཀྲོ༷་ཏི༷་གཉིས་སུ་མེ༷ད་པ་དགྱེ༷ས་པ༷ར་འཁྲི༷ལ་བ་སྟེ། བྱོལ༷་སོ༷ང་རུ༷་ཏྲ༷་པ༷དྨ༷་ཉི༷་ཟླ་བརྩེགས་པའི་སྟེང༷་དུ་གར༷་གྱི༷་ཉམ༷ས་དགུ༷་དུར༷་ཁྲོ༷ད་ཆ༷ས་བརྒྱ༷ད་དང༷་ལྡན་ཞིང་ཐེ༷ག་པ༷་རི༷མ་པ༷་དགུ༷་རྫོ༷གས་པ༷འི་སྐུར་༷སྟོན༷་པ༷་སྐུའི༷་མཆོ༷ག་ཧེ༷་རུ་༷ཀ༷་དེ་ལ༷་ཕྱ༷ག་འཚ༷ལ་ཞིང་བསྟོ༷ད་དོ། །ཧཱུ༷ྃ་གོང་ལྟར། སྣང༷་སྲི༷ད་ཀྱི་གཞི༷ར་བཞེ༷ངས་པ་སྒྱུ་འཕྲུལ་རང༷་བྱུ༷ང་གི་དཀྱི༷ལ་འཁོ༷ར་ཆེན་པོའི་ཀློང་དུ༷། ཞི༷་བ༷་ལོ༷ངས་སྤྱོ༷ད་རྫོ༷གས་སྐུ༷འི་ཐུགས་ཀྱི་ཆོ༷་འཕྲུ༷ལ་ལས་བྱུང་བ་ཞེ༷་སྡང༷་འཇོ༷མས་པ༷ར་མཛད་པ་བ༷ཛྲ༷་ཧེ་༷རུ་༷ཀ༷་དང་ཡུམ་བ༷ཛྲ༷་ཀྲོ༷་ཏི༷་གཉི༷ས་སུ༷་མེད་པ་སོགས་ནི་གོང་ལྟར་འགྲེས། ཐུ༷གས་ཀྱི་མཆོ༷ག་ཧེ༷་རུ༷་ཀ༷་དེ་ལ༷་ཕྱ༷ག་འཚ༷ལ་ཞིང༷་བསྟོ༷ད་དོ། །ཧཱུ༷ྃ་གོང་ལྟར། སྣང༷་སྲི༷ད་ཀྱི་གཞི༷ར་བཞེ༷ངས་པ་སོགས་གོང་ལྟར་འགྲེས། ཡོ༷ན་ཏན༷་ཀྱི་ཆོ༷་འཕྲུ༷ལ་ལ༷ས་བྱུང་བ་ང༷་རྒྱལ༷་འཇོ༷མས་པར་མཛ༷ད་པ་ཁྲ༷ག་འཐུ༷ང་ར༷ཏྣ༷་ཧེ༷་རུ༷་ཀ༷་དང་ཡུ༷མ་ར༷ཏྣ༷་ཀྲོ༷་ཏི༷་གཉི༷ས་སུ་མེ༷ད་པ་སོགས་འགྲེ། ཡོ༷ན་ཏན༷་གྱི་ཧེ༷༷་རུ་༷ཀ༷་དེ་ལ༷་ཕྱ༵ག་འཚ༷ལ་ཞིང་བསྟོ༷ད་དོ། །ཧཱུ༷ྃ་སྣང༷་སྲི༷ད་གཞི༷ར་བཞེ༷ངས་སོགས་དང་། གསུ༷ང་གི༷་ཆོ་༷འཕྲུ༷ལ་ལ༷ས་བྱུང་བ་འདོ༷ད་ཆ༷གས་འཇོ༷མས་པར་མཛ༷ད་པ་ཁྲག་འཐུང་པ༷དྨ༷་ཧེ༷་རུ༷་ཀ༷་དང་། ཡུམ་པདྨ་ཀྲོ༷་ཏི༷་གཉི༷ས་སུ༷་མེ༷ད་པར་སོགས་འགྲེ། གསུ༷ང་གི་མཆོ༷ག་པདྨ༷་ཧེ༷་རུ༷་ཀ༷་དེ་ལ༷་ཕྱ༷ག་

འཚ༷ལ་ཞི༷ང་བསྟོ༷ད་དོ། །ཧཱུ༷ྃ་སྣ༷ང་སྲི༷ད་གཞི༷ར་བཞེ༷ངས་སོགས། ཕྲི༷ན་ལ༷ས་ཀྱི༷་ཆོ༷་འཕྲུ༷ལ་ལ༷ས་བྱུང་བ་ཕྲ༷ག་དོ༷ག་འཇོ༷མས་པར་མཛ༷ད་པ་ཁྲག་འཐུང་ཀ༷རྨ༷་ཧེ༷་རུ༷་ཀ༵་དང་། ཡུམ་ཀ༷རྨ༷་ཀྲོ༷་ཏི༷་གཉི༷ས་སུ༷་མེ༷ད་པར་སོགས་འགྲེ། ཕྲི༷ན་ལ༷ས་ཀྱི་ཧེ༷་རུ༷་ཀ༷་དེ་ལ༷་ཕྱ༷ག་འཚ༷ལ་ཞིང་བསྟོ༷ད་དོོ། །ཧཱུ༷ྃ་ཐུགས་ཀྱི་རང་བཞིན། སྒེ༷ག་པ་༷དཔ༷འ་བ༷་འཇི༷གས་སུ༷་རུང༷་བ༷་སྟེ་སྐུའི་གསུམ་དང༷་། རྒོད༷་དང༷་གཤེ༷་དང༷་རྔམ༷ས་པ༷ར་སྟོ༷ན་པ༷་གསུང་གི་གསུམ་དང༵་། སྙིང༷་རྗེ༷་ངོ༷་མཚ༷ར་ཞི་༷བ༷་སྟེ་ཐུགས་ཀྱི་གསུམ་དང་༷གར༷་དགུ༷་དང༷་ལྡ༷ན་པ༷། {བཅོ༷མ་ལྡན༷་དཔ༷ལ་ཆེ༷ན་འཁོ༷ར་འད༷ས་ཀྱི་ཆོས་ཐམས་ཅད་རྫོ༷གས་པར་བསྟན་པ་ལ༷་ཕྱག་འཚལ་བསྟོ༷ད་དོ། །ཧཱུ༷ྃ་སྔར་ལྟར། སྣང༷་སྲི༷ད་ཀྱི་གཞི༷་བཞེངས་པ་སྒྱུ་འཕྲུལ་ར༷ང་བྱུ༷ང་གི་དཀྱི༷ལ་འཁོ༷ར་ཆེན་པོའི་ཀློང་དུ་}ཐལ༷་ཆེ༷ན་ར༷ཀྟ༷་ཞ༷ག་གི༷་སོ༷ར་རི༷ས་ཏེ་བྱུག་པའི་རྫས་གསུམ་དང༷་། ཀོ༷་རློ༷ན་གཡ༷ང་གཞི༷་སྟག༷་གི༷་ཤམ༷་ཐ༷བས་ཏེ་བགོ་བའི་གོས་གསུམ་དང༷་། ཐོ༷ད་ཕྲེ༷ང་སྦྲུ༷ལ་ཆུ༷ན་མེ༷་དཔུ༷ང་གི་ཆ༷ས་ཏེ་འདོགས་པའི་རྒྱན་ཆ༷ས་དགུ༷འི་རྒྱན་གྱིས་བརྒྱ༷ན་པ་དང་། དེ་ལྟར་གར༷་གྱི༷་ཉམ༷ས་དགུ༷་དང་དུར༷་ཁྲོ༷ད་ཆ༷ས་སོགས་ཁྲོ༷་བོ༷འི་ཆ༷་ལུ༷གས་མ་ལུས་པ་རྫོ༷གས་ལ༷་ཕྱ༷ག་འཚ༷ལ་ཞིང་བསྟོ༷ད་དོ། །ཧཱུྃ་༷ཐུགས་ཀྱི་རང་བཞིན། ཞི༷་བ༷་ལོང༷ས་སྤྱོ༷ད་རྫོ༷གས་སྐུ༷འི་རི༷ག་རྩལ༷་ཆོ༷་འཕྲུ༷ལ་ལ༷ས་བྱུང་བ་ཧ༷་ཧ༷་ཞེས་ས་བོན་ཕྱོ༷གས་བཞི༷་མཚ༷མས་བརྒྱ༷ད་དུ་འཕྲོས་པ་དཀྱི༷ལ་འཁོ༷ར་གྱི་ཁྱམས་སུ༷་བབས་པས་ཐུ༷གས་ཀྱི༷་སྤྲུལ༷་པའི༷་ཆ༷་འཛི༷ན་པ་ཀེ༷འུ་རི༷་མ་བརྒྱ༷ད་དེ། དེ་ཡང་རྣ༷མ་ཤེས༷་ཚོ༷གས་བརྒྱ༷ད་དག༷་པ༷འི་ཆོ༷་འཕྲུ༷ལ་ལ༷ས་བྱུང་བ་ཀེ༷འུ༷་རི༷་ཙོ༷འུ༷་རི༷་པྲ༷་མོ༷་བཻ་ཏ༷་ལཱི༷་སྟེ་ཕྱོགས་བཞི་དང་། པུཥྐ་༷ཀསྨ༷་སྨ༷་ཤ༷་ཙ༷ནྡྷ༷་ལཱི༷་སྟེ་མཚམས་བཞི། དེ་བརྒྱད་ཀྱང་སྐུ༷་མདོ༷ག་ཕྱ༷ག་མཚ༷ན་ཅི༷ར་ཡ༷ང་སྟོན༷་ཅི༷ང་བསྒྱུ༷ར་བར་མཛད་པ་ཕྲི༷ན་ལ༷ས་ཀོ༷འུ༷་རི༷་མ་བརྒྱ༷ད་རྣམས་ལ༷་ཕྱ༷ག་འཚ༷ལ་

ཞིང་བསྟོ༷༵ད་དོ། །ཧེ༷་ཧེ༷་ཞེས་ཕྱོགས་མཚམས་ཀྱི་ས་བོན་ཤར༷་ལྷོ༷་ནུབ་༷བྱང༷་གི་ཕྱོ༷གས་བཞི་༷དང་མཚམས་བཞི་བཅས་དཀྱི༷ལ་འཁོ༷ར་གྱི་ཁྱ༷མས་སུ༷་གནས་པ་ཐུ༷གས་རྗེ༷་སྤྲུལ༷་པ༷འི་ཆ༷་འཛི༷ན་ཡུལ་གྱི་སེ༷ངྷ༷་མ་བརྒྱ༷ད་ཀྱང་རྣམ༷་ཤེས༷་ཀྱི་ཡུལ༷་བརྒྱ༷ད་དག༷་པ༷འི་ཆོ༷་འཕྲུ༷ལ་ལ༷ས་བྱུང་བ་སེ༷ངྷ༷་བྱ༷་ཀྲི༷་སྲི༷་ལ༷་ཤྭ༷་ན༷་མ༷་བཞི་དང་ཀྲི༷་ཏ༷་ཀ༷ངྐ་༷ཁ་༷ཁ༷་ཧུ༷་ལུ༷་མ༷་བཞི་སྟེ་བརྒྱད་རྣམས་ཀྱང་སྐུ༷་མདོ༷ག་དང་ཕྱག༷་མཚ༷ན་མགོ༷་བརྙ༷ན་སོགས་ཅིར་ཡང་སྟོན༷་ཅི༷ང་བསྒྱུ༵ར་བས་ཞི༷་རྒྱས༷་དབ༷ང་དྲག་གི༷་རང༷་རྟག༷ས་བཞིན་དུ་ཕྲི༷ན་ལ༷ས་རྣམ༷ས་མཛ༷ད་པར་བྱེད་པ༷འི་སེ༷ངྷ༷་མ༷་བརྒྱ༷ད་རྣམས་ལ༷་ཕྱ༷ག་འཚ༷ལ་ཞིང་བསྟོ༵ད་དོ། །ཛ༷ཿཧཱུ༷ཾ་བཾ༷་ཧོ༷ཿས་བོན། ཤར༷་ལྷོ༷་ནུབ༷་བྱང༷་གི་ཕྱོ༷གས་བཞི༷འི་སྒོ༷་བཞི༷་ན༷་གནས་པའི་རྟ༷་གདོང༷་ཕ༷ག་གདོ༷ང་སེ༷ང་གདོ༷ང་སྦྲུ༷ལ་གདོ༷ང་མ༷་རྣམས་ནི་སྙིང༷་རྗེ༷་བྱ༷མས་པ༷་དག༷འ་བ༷་བཏ༷ང་སྙོམ༷ས་ཀྱི་ཚུལ༷་དུ་ལྕག༷ས་ཀྱུ༷་ཞག༷ས་པ༷་ལྕག༷ས་སྒྲོ༷ག་དྲིལ༷་བུ༷་མ༷་རྣམས་ཏེ་འགུ༷གས་འཆི༷ང་སྡོམ༷་དགྱེ༷ས་སོགས་རང༷་རང་༷གི་ཕྲིན༷་ལས༷་མ་ལུས་པ་ཀུན༷་མཛ༷ད་པར་བྱེད་པའི༷་སྒོ་སྲུང་མ༷་བཞི་༷ལ༷་ཕྱ༷ག་འཚ༷ལ་ཞིང་བསྟོ༵ད་དོ། །བྷྱོ༷་བྷྱོ་༷ས་བོན་གཉིས་ཡོད་པ་ཞི་རྒྱས་དབང་དྲག་གི་ཕྱོགས་གཉིས་གཉིས་བསྡོམས་པའི་དོན་ནོ། །རྣལ་འབྱོར་དཀ༷ར་མོ༷་ཆེ༷ན་མོ༷་ཞི༵་བའི༷་ལ༷ས་བྱེ༷ད་པ་མོ་བདུ༷ན་དང་སེར༷་མོ་༷ཆེ༷ན་མོ༷་རྒྱས༷་པ༷འི་ལ༷ས་བྱེ༷ད་པ་མོ་བདུ༷ན་དང་། དམ༷ར་མོ༷་ཆེ༷ན་མོ་༷དབ༷ང་གི༷་ལ༷ས་བྱེ༷ད་མོ་བདུ༷ན་དང་། ལྗང་༷མོ༷་ཆེ༷ན་མོ༷་དྲ༷ག་པོ༷འི་ལ༷ས་བྱེ༷ད་མོ་བདུན༷་རྣམས་ཏེ། སྤྲུལ༷་པའི༷་མགོ༷་བརྙ༷ན་དང་ཕྱ༷ག་མཚ༷ན་སོགས་ཅིར་ཡང་སྟོ༷ན་ཅི༷ང་བསྒྱུ༷ར་བར་བྱེད་པ་དབ༷ང་ཕྱུ༷ག་མ་ཉི༷་ཤུ༷་རྩ་བརྒྱ༷ད་རྣམས་ལ༷་ཕྱ༷ག་འཚ༷ལ་ཞིང་བསྟོ༵ད་དོ། །ཞེས༷་ད༷ང་རྒྱལ་༷བ༷་ཞི༷་ཁྲོ༷འི་ལྷ༷་ཚོ༷གས་ལ༷་བསྟོ༷ད་པ༷་གཞ༷ན་ཡང་ཅི༷་བདེ༷ར་བསྟོ༷ད་ན༷་ལེ༷གས༔ ས༷་མ༷་ཡཱ༷༔ རྒྱ༷་རྒྱ༷་རྒྱ༷༔ དེ་ལྟར་སྣང་སྲིད་ཀྱི་འདྲ་འབག་

ལམ་དུ་བྱེད་པས་ཕྱི་ནང་གཞན་གསུམ་ལྷ་དང་ལྷ་མོའི་རོལ་པར་དག་སྟེ། སྤྲོས་བཅས་བུམ་དབང་གི་དོན་རྫོགས་པས་འབྲས་བུ་སྤྲུལ་པའི་སྐུའི་སྐལ་བ་རང་བཞིན་ལྷུན་གྲུབ་ཏུ་སྨིན་པའོ། །དེ༷་ན༷ས་བཅུ༷་གཉི༷ས་པ་བཤ༷གས་པ་༷བྱ༷་བ༷་ནི༷། གནོང༷་འགྱོ༷ད་དྲ༷ག་པོ༷འི་སེམ༷ས་ཀྱི༷ས་འདི༷་སྐད༷་དོ༷། །ༀ༷་ཨཱ༷ཿཧཱུ༷ྃ་སྐུ་གསུམ་གྱི་ས་བོན་གྱིས་མགོ་དྲངས། བླ༷་མ༷་ཀུན༷་ཏུ༷་བཟ༷ང་པོ་ཆོ༷ས་ཀྱི༷་སྐུ༷། ཐིག་ལེ་ཉག༷་གཅི༷ག་རང་བཞིན་ཟ༷ང་ཐ༷ལ་ལེ་བ་དེའི་ངང་ལ་ལོང༷ས་སྤྱོ༷ད་རྫོ༷གས་པའི་སྐུ་དང་། གང་ཤ༵ར་རང་སར་གྲོལ༷་བའི་འག༷ག་མེ༷ད་སྤྲུལ༷་པའི༷་སྐུ༷་སྟེ་རྒྱལ༷་བ༷་ཞི༷་ཁྲོ་༷རབ་འབྱམས་སྤྲུལ༷་པ་བཀའ་འཁོ༷ར་དང་བཅས་པ་རྣམས་དགོ༷ངས་སུ་གསོལ་ལོ། །བད༷ག་དང༷་འཁོ༷ར་བ༷འི་སེམ༷ས་ཅ༷ན་ཐམ༷ས་ཅ༷ད་ཀྱི༷་བློ་མ་རིག་པ་གཏི༷་མུ༷ག་འཁྲུ༷ལ་པའི་དབང་དུ་གྱུར་པས་ལུས་སེམ༷ས་དཔ༷ག་ཏུ་མེ༷ད་པ་བླ༷ངས་པ༷་ནས༵་བཟུང་སྟེ་ཐ་མ་ད༷་ལྟ༷་ཚེ༷་འདི༷འི་ལུས་༷འདི་བླངས་པ་ཡ༷ན་ཆ༷ད་བློས་རི༷ག་པ་དང་མ༷་རི༷ག་པ་འཁྲུ༷ལ་བ༷འི་ལ༷ས་དབ༷ང་གི༷་རྗེས་སུ་སོང་བ༷ས་སྐུ༷་གསུ༷ང་ཐུ༷གས་དང་༷རྩ༷་བ༷་ཡན༷་ལ༷ག་གི༷་དམ༷་ཚི༷ག་ཉམ༷ས་ཆ༷གས་འག༷ལ་འཁྲུ༷ལ་དུ་གྱུར༷་པ༷་ཅི་མཆིས་པ་ཀུ༷ན་མི༷་གས༷ང་ཞིང་མི༷་སྦེ༷ད་དོ་གནོ༷ང་བ་དང་འགྱོ༷ད་པ་ཆེ༷ན་པོས་མཐོལ་ལོ་བཤ༷གས་པ་དང་། བཤགས་བྱ་བཤགས་བྱེད་གཉིས་སུ་མེད་པའི་དགོངས་པ་ཆོས་ཉིད་ཀློ༷ང་ཡ༷ངས་ཆེ༷ན་པོའི༷་ངང༷་དུ༷་བཟོ༷ད་པ༷ར་གསོ༷ལ་ལོ། །ༀ༷་སྐུ་ལྔ། བ༷ཛྲ༷་ས༷་ཏྭ༷་ས༷་མ༷་ཡ༷། མ༷་ནུ༷་པཱ༷་ལ༷་ཡ༷། རྡོ་རྗེ་སེམས་དཔའི་དམ་ཚིག་རྗེས་སུ་སྐྱོངས། བ༷ཛྲ་༷ས༷ཏྭ༷་ཏྭེ༷་ནོ༷་པ༷་ཏི༷ཥྛ༷། རྡོར་སེམས་ཉིད་ཀྱིས་ཉེར་གནས་མཛོད། དྲ ྀ་ཌྷྲོ་མེ་༷བྷ༷་ཝ༷། བདག་ལ་བརྟན་པར་མཛད་དུ་གསོལ། སུ༷་ཏོ༷ཥྱོ་མེ༷་བྷ༷་ཝ༷། བདག་ལ་ཤིན་ཏུ་དགྱེས་པར་མཛོད། སུ༷་པོཥྱོ་མེ༷་བྷ༷་ཝ༷། བདག་ལ་ཤིན་ཏུ་རྒྱས་པར་མཛོད།

ཨ༷་ནུ་༷ར༷ཀྟོ༷་མེ༷་བྷ༷་ཝ༷། བདག་ལ་རྗེས་སུ་ཆགས་པར་མཛོད། ས༷རྦ༷་སི༷དྡྷི༷མྨེ་པྲ༷་ཡ༷་ཙྪ། བདག་ལ་དངོས་གྲུབ་ཐམས་ཅད་སྩོལ། ས༷རྦ༷་ཀ༷རྨ༷་སུ༷་ཙ༷་མེ༷། ལས་ཀུན་ལ་ཡང་བདག་ཉིད་ནི། ཙི༷ཏྟཾ་༷ཤྲཱི༷་ཡ༷ཿཀུ༷་རུ༷། སེམས་ལ་དགེ་ལེགས་སུ་ཞི་མཛོད། ཧཱུ༷ྃ་ཐུགས་ཀྱི་ས་བོན། ཧ༷་ཧ་༷ཧ༷་ཧ་༷ཧོ༷ཿཡེ་ཤེས་ལྔ་མཚོན་བྱེད། བྷ༷་ག༷་ཝཱ༷ན་ས༷རྦ༷་ཏ༷་ཐ༷་ག༷་ཏ༷། བཅོམ་ལྡན་དེ་བཞིན་གཤེགས་ཀུན་གྱིས། བ༷ཛྲ༷་མཱ༷་མེ༷་མུ༷ཉྩ༷། བདག་གྲོལ་རྡོར་སེམས་ཉིད་དུ་མཛོད། བ༷ཛྲི༷་བྷ༷་ཝ༷་མ༷་ཧཱ༷་ས༷་མ༷་ཡ༷་ས༷་ཏྭ༷། དམ་ཚིག་སེམས་དཔའ་ཆེན་པོར་མཛོད། ཨ༵ཿཐམས་ཅད་སྐྱེ་མེད་ཀློང་དུ་གཅིག །ཅེས་སོ། །གཞ༷ན་ཡང༷་ཞི༷་ཁྲོ༷འི་ལྟ༷་བ༷འི་ཀློང༷་བཤ༷གས་སོ༷གས༔ རྒྱས༷་བསྡུ༷ས་གང༷་འོས༷་སྐ༷བས་དང༷་བསྟུ༷ན་ལ༷་བཤ༷གས༔ ཞི༷་ཁྲོ༷འི་ལ༷ས་བྱང༷་ཚོ༷ར་བ༷་རང་༷གྲོལ༷་གྱི༷་དངོ༷ས་གཞི༷འི་ལས༷་ཀྱི༷་རི༷མ་པ༷་ཨི༷་ཐི༷༔ ས༷་མ༷་ཡཱ༷༔ རྒྱ་༷རྒྱ༷་རྒྱ༷། (ཡང་ན་ཡིག་བརྒྱ་ནི། ༀ་མཆོག་གི་དངོས་གྲུབ་སྟེར་བའོ། །བཛྲ་ས་ཏྭ་ནི་རྡོ་རྗེ་སེམས་དཔའ། ས་མ་ཡ་དམ་ཚིག །མ་ནུ་པ་ལ་ཡ་རྗེས་སུ་སྐྱོངས་ཤིག །ཇི་ལྟར་སྐྱོང་ན་བཛྲ་ས་ཏྭ་ཏྭེ་ནོ་པ་ཏིཥྛ་ནི་རྡོ་རྗེ་སེམས་དཔའ་ཉེ་བར་གནས་པར་མཛོད་དེ་རང་གི་བསམ་པ་བཞིན་དུའོ། དྲྀཌྡྷོ་མེ་བྷ་ཝ་བདག་ལ་བརྟན་པའི་རང་བཞིན་དུའོ། སུ་ཏྭཥྱོ་མེ་བྷ་ཝ་བདག་ལ་དགའ་བའི་རང་བཞིན་དུའོ། ཨ་ནུ་རཀྟོ་མེ་བྷ་ཝ་བདག་ལ་རྗེས་སུ་ཆགས་པའི་རང་བཞིན་དུའོ། །སུ་པོཥྱོ་མེ་བྷ་ཝ་བདག་ལ་མཛེས་པའི་རང་བཞིན་དུའོ། །སརྦ་སིདྡྷིམྨེ་པྲ་ཡཙྪཿབདག་ལ་དངོས་གྲུབ་ཐམས་ཅད་སྩོལ། སརྦ་ཀརྨ་སུ་ཙ་མེ་བདག་ལ་ལས་ཐམས་ཅད་སྩོལ་ཏེ། ཚུལ་དེ་ལྟ་བུའི་བདག་ལ་སྐྱོངས་ཤིག །བསྐྱངས་ནས་ཅི་བྱེད་ན། ཙིཏྟ་ཤྲྀ་ཡཾཿཀུ་རཱུ་བདག་གི་སྙིང་ལ་གནས་པར་མཛོད་ཅིག །གང་གནས་ཞེ་ན། ཧཱུྃ་ཆོས་ཀྱི་དབྱིངས་མི་འགྱུར་བས་གནས་དང་། ཧ་བཞི་ནི་ཡེ་ཤེས་གཞན་བཞི། ཧོ་དབྱེར་མེད་པ། བྷ་ག་ཝཱན་བཅོམ་ལྡན་འདས། སརྦ་ཏ་ཐཱ་ག་ཏ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས། བཛྲི་མཱ་མེ་མུཉྩ་རྡོ་རྗེ་བདག་མ་འདོར། བཛྲ་བྷ་ཝ་རྡོ་རྗེ་ཅན་མཛོད། མ་ཧཱ་ས་མ་ཡ་ས་ཏྭ་ནི་དམ་ཚིག་སེམས་དཔའ་ཆེན་པོ། ཨ་ནི་སྐྱེ་བ་མེད་པ་སྟེ་སྔགས་དང་ལྷ་དང་སྒྲུབ་པ་པོ་རྣམས་རང་བཞིན་སྐྱེ་མེད་དུ་གཅིག་པའི་དོན་ནོ། །འདིར་འཛབ་བཟླས་འཁོར་འདས་རང་གྲོལ་ལྟར་ལམ་དུ་ཕྱེད་པས་ངག་གི་ལས་

དང་གཡོ་བ་རླུང་གི་སྒྲིབ་པ་དག་སྟེ། གསང་བའི་དབང་དོན་རྫོགས་པས་འབྲས་བུ་ལོངས་སྤྱོད་རྫོགས་སྐུའི་སྐལ་བ་རང་བཞིན་ལྷུན་གྲུབ་ཏུ་སྨིན་པའོ། །བཅུ་གསུམ་པ་ཚོགས་ཀྱི་ལས་རིམ་ལ་ཡང་། ངོ་བོ། ངེས་ཚིག །དབྱེ་བ། སྒྲ་དོན། ཡོན་ཏན་དང་ལྔ་སྟེ། དང་པོ་ནི། རྒྱུ་བསོད་ནམས་ཀྱི་ཚོགས་དང་འབྲས་བུ་ཡེ་ཤེས་ཀྱི་ཚོགས་ཏེ་དེ་གཉིས་རྫོགས་པའི་གཞིའོ། །གཉིས་པ་ནི། ཚོགས་བསགས་པའི་ཕྱིར་ཚོགས་ཀྱི་འཁོར་ལོར་གྲགས་ཏེ། འཇམ་དཔལ་སྒྱུ་དྲྭ་ལས། ཚོགས་ཀྱི་སློབ་དཔོན་ཚོགས་ཀྱི་མཆོག །ཚོགས་རྗེ་ཚོགས་བདག་དཔལ་དང་ལྡན། །ཚོགས་གཉིས་ཚོགས་ནི་བསགས་པ་པོ། །ཞེས་སོ། །གསུམ་པ་ནི། སྐལ་ལྡན་མིའི་ཚོགས་དང་། དགྱེས་ལྡན་ལྷའི་ཚོགས། འབྱོར་ལྡན་ལོངས་སྤྱོད་ཀྱི་ཚོགས་དང་། ལྷག་པ་རང་བཞིན་གྱི་ཚོགས་སོ། །བཞི་པ་ནི། ག་ཎ་ཙཀྲ་སྟེ་ཚོགས་ཀྱི་འཁོར་ལོ་ལའོ། །ལྔ་པ་ནི། ཚོགས་གཉིས་རྫོགས་ཤིང་འབྲས་བུ་བླ་ན་མེད་པ་སྟེ། སྒྱུ་འཕྲུལ་ལས། མི་ཟད་རིན་ཆེན་ལོངས་སྤྱོད་དེ། །ཚོགས་ཀྱི་འཁོར་ལོ་བསོད་ནམས་མཆོག །ཅེས་དང་། ཨ་ནུའི་མདོ་ལུང་ལས། ལྷ་རྣམས་མཉེས་པར་བྱ་བ་དང་། །བགེགས་རྣམས་ཞི་བར་བྱ་བ་དང་། །རྣལ་འབྱོར་ཉམས་ཆགས་སྐོང་བ་དང་། །དངོས་གྲུབ་ཆེན་པོ་ཐོབ་བྱའི་ཕྱིར། །ཚོགས་ཀྱི་སྤྱོད་པ་ཤིན་ཏུ་གཅེས། །ཞེས་སོ། །དེ༷་ན༷ས་ཚོ༷གས་ཀྱི༷་ལ༷ས་རི༷མ་བཅུ་༷ཡི༷ས་བསྟ༷ན༔ བགེ༷གས་བསྐྲ༷ད་བས༷ང་སྦྱང༷་སྤྱ༷ན་འདྲེ༷ན་མཆོ༷ད་བཤ༷གས་བསྒྲ༷ལ༔ ཞལ༷་དུ༷་བསྟ༷བ་རོ༷ལ་ཡ༷ར་གན༷ས་མ༷ར་གན༷ས་སོ༷༔ འདོ༷ད་པ༷འིི་ཡོ༷ན་ཏན༷་ཐམ༷ས་ཅ༷ད་ཚོ༷གས་སུ༷་བཤ༷མས༔ ཞེས་ཅི་འབྱོར་ཚད་ཀྱི་ཡོ་བྱད་ཐ་ན་ཤ་ཆང་ཟན་གསུམ་ནི་འཛོམས་དགོས་པར་གསུངས་སོ། །དང་པོ་ནི། བས༷ང་ཆུ་༷གཏོ༷ར་ཞིང༷་ཐོ༷ག་མ༷ར་བགེ༷གས་བསྐྲ༷ད་པ་ནི༷༔ ཧཱུ༷ྃ་ཉོ༷ན་ཅི༷ག་ཅེས་འབོད་

པའི་ཚིག་གིས་བགེ༷གས་དང་༷ལོ༷ག་པར་འདྲེ༷ན་པའི་ཚོ༷གས་སྤྱི་དང་། ཁྱད་པར་དུ་ལུས༷་ང༷ག་སེམ༷ས་གསུམ་ལ༷་གནོ༷ད་པར་བྱེ༷ད་པ༷འི་འབྱུང་པོ་ཉོན་མོངས་པ་དུག༷་ལྔ༷་དང་དུག༷་གསུ༷མ་གྱི་རྣམ༷་པར་རྟོ༷ག་པ་ལས་བྱུང་བའི་བགེ༷གས་ཏེ། དེ་ཡང་ང༷་ཁྱོད་དང༷་བདག་གཞ༷ན་དུ༷་འཛི༷ན་པར་བྱེ༷ད་པ༷འི་འདྲེ༷་ནི༷་ཁ༷མས་གསུ༷མ་དུ་འཁོ༷ར་བ༷ར་བྱེད་པ༷འི་འདྲེ༷་མཐུ་བོ༷་ཆེ༷་འདི་ལ་འདུས་པས་ལ༷ན་ཆ༷གས་དང་འཕྲལ་རྐྱེན་དུ་བྱེད་པ་རྣམས་གསང་བའི་གན༷ས་འདི༷ར་མ༷་འདུ༷ག་པར༷་སོང་ཞིག །ང་ཡི་བཀའ་འདི་ལས་ཁྱོད་མ་འདས་པར་རང༷་རང༷་གི༷་གན༷ས་སུ༷་{སྟེ་}མྱུར་དུ་དེང༷ས་ཤིག །གལ་ཏེ་མི་འགྲོ་བ་ཡོད་ན་ཧཱུ༷ྃ་ས་བོན། ཧཱུ༷ྃ་ཞེས་བསྐུལ། ཨུ༷་ཙ་༷ཏ༷་ཡ༷་ཕ༷ཊ་ཚར་ཆོད་ཅིག་ཅེས་ཏེ་རྡོ་རྗེ་ཁྲག་འཐུང་གི་ང་རྒྱལ་གྱིས་བསྐྲད་ནས། གཉི༷ས་པ༷་བས༷ང་སྦྱ༷ང་བྱི༷ན་གྱི༷ས་བརླ༷བ་པ༷་ནི༷། ཧཱུྃ་༷བད༷ག་ཉི༷ད་དཔལ་རྡོ་༷རྗེ༷་སེ༷མས་དཔ༷འི་སྐུར་གས༷ལ་བ་དང་། སེམ༷ས་དཔ༷འི་སྐུ༷་གས༷ལ་བའི་ཐུ༷གས་ཀ༷་ནས༷། ཚོ༷གས་ཀྱི་འཁོ༷ར་ལོ་བྱི༷ན་གྱི༷ས་བརླ༷བ་པ༷ར་བྱེད་པ་རྒྱལ་བ་ཐམས་ཅད་ཀྱི་སྐུ་ཡི༷་བྱིན་རླབས་ༀ༷་དཀ༷ར་པོ། གསུང་གི་བྱིན་རླབས་ཨཱ༷ཿདམ༷ར་པོ། ཐུགས་ཀྱི་བྱིན་རླབས་ཧཱུ༷ྃ་མཐི༷ང་ག་རྣམས་འཕྲོ༷ས་པས་ཞལ༷་ཟ༷ས་ཀྱི་ཚོགས་སུ་གྱུར་པའི་དངོ༷ས་པོ༷་ཅི་འབྱོར་དམ༷་པ༷་ཀུན༷། ༀ༷་ཨཱ༷ཿཧཱུ༷ྃ་གསུ༷མ་གྱི་ངོ༷་བོ༷ར་གྱུ༷ར་པ་དང་། གཞ༷ན་ཡང༷་ཕྱི༷་ནང༷་སྣོ༷ད་བཅུ༷ད་ཀྱི༷ས་བསྡུས་པའི། ཞལ༷་ཟ༷ས་སུ་ཚོགས་པ་བཅུད༷་དང་ལྡན༷་ཞིང་རོ༷་མཆོ༷ག་དུ་མར་ལྡན་པ་རྣ༷མས། ཡི༷་གེ༷་གསུ༷མ་གྱི༷་ངོ༷་བོ༷ར་གྱུ༷ར་ཅིང་། ཡི༷་གེ༷་གསུ༷མ་ལ༷ས་རཾ་བྱུང་ཡེ་ཤེས་ཀྱི་མེ༷་འབ༷ར་བ༷ས། ཚོ༷གས་ཀྱི༷་དངོ༷ས་པོར་འཛི༷ན་པའི་དྲི༷་མ༷་ཐམས་ཅད་བསྲེ༷གས། མེ༷་དེ་ཡི༷་ཤུ༷གས་ལས༷་ཡཾ་འཕྲོས་ཏེ་ལྷག་མཐོང་གི་རླུ༷ང་བྱུ༷ང་བ༷ས། ཚོ༷གས་ཀྱི༷་བ༷ག་ཆ༷གས་དང་རྣ༷མ་རྟོ༷ག་རྣམས་གཏོ༷ར། མེ༷་དང་རླུང༷་

གཉིས་འཐ༷བ་པ༷་ལ༷ས་ཁཾ་སྟེ་ཞི་གནས་ཆུ་༷བྱུ༷ང་བ༷ས། ཚོ༷གས་ཀྱི་༷གཉི༷ས་འཛི༷ན་དང་རྣམ༷་རྟོག༷་ཐམས་ཅད་བཀྲུ༷ས། ༀ༷་ཨཱ༷ཿཧཱུྃ་༷སྐུ༷་གསུ༷ང་ཐུག༷ས། ར༷ཾ་ཡཾ༷་ཁ༷ཾ་མེ་རླུང་ཆུའི་ས་བོན་རྣམས་བརྗོད་པས། མེ༷་དང༷་རླུང༷་དང་ཆུ༷་དང༷་གསུ༷མ་པོ་༷འོ༷ད་དུ༷་ལྟེ༷མ་གྱི༷ས་ཞུ་༷བ༷་ལས༷་བྱུང་བའི་སྐུ༷་གསུ༷ང་ཐུ༷གས་ཀྱི༷་བདུད༷་རྩི༷འི་རང་བཞིན་ནི༵། དཀ༷ར་དམ༷ར་མཐི༷ང་གསུ༷མ་རོ་གཅི༷ག་ཏུ༷་འདྲེས་པར་གྱུ༷ར་བ་ནི། བླ༷་མ༷་ཀུ༷ན་ཏུ་བཟ༷ང་པོ་ཞི༷་ཁྲོ༷་ར༷བ་འབྱམས་མ་ལུས་པའི་ལྷ་ཚོ༷གས་རྣམས་ཀྱི་ཐུགས་མཉེ༷ས་པར་བྱེད་པའི་མཆོ༷ད་རྫས་བདུ༷ད་རྩི༷འི་རང་བཞིན་ཆེ༷ན་པོ༷ར་གྱུ༷ར། ༀ༷་གྱིས་མཁའ་དབྱིངས་གང་བར་སྤེལ། ཨཱ༷ཿས་ཀུན་རྫོབ་ཀྱི་རྫས་སུ་གྱུར་། ཧཱུ༷ྃ་གིས་འདོད་པའི་ཡོན་ཏན་ཅིར་ཡང་འཆར་བར་གྱུར། ཧཱུྃ་༷གིས་བདུད་རྩིའི་རང་བཞིན་དུ་བྱས། ཧཱུ༷ྃ་གིས་མཆོད་གནས་སུ་སྟོབ། ཧྲཱི༷ཿས་ལྷ་ཚོགས་ཐུགས་དམ་བསྐང་བར་གྱུར། ཧ༷་ཡིས་དགྱེས་པ་བསྐྱེད་པའི་ནུས་ལྡན་དུ་གྱུར། ཧོ༷ཿ་ཡིས་དགྱེས་པར་རོལ་བར་གྱུར། གསུ༷མ་པ༷་ཚོ༷གས་ལ༷་སྤྱན༷་འདྲེ༷ན་པ༷་ནི༷་འདི༷་སྐ༷ད་དོ༷༔ ཞེས་པའི་སྐབས་འཕྲོས་དོན་སྤྱན་འདྲེན་ཡོད་མེད་འདི་མདུན་བསྐྱེད་དང་འབྲེལ་མ་འབྲེལ་གཉིས་ཡོད་པ་ལ། སྤྱན་འདྲེན་ཡོད་པ་འདི་མ་འབྲེལ་བའི་དབང་དུ་ཡིན་ཞེས་མཁས་པ་དག་གིས་གསུངས་ཀྱང་། རྙིང་ལུགས་འདིར་མདུན་བསྐྱེད་མ་མགོན་སོགས་ཀྱི་ཚོགས་སྐབས་སྤྱན་འདྲེན་གཏེར་གཞུང་ཡོད་པ་དང་། སྐོང་བའི་མགོར་སྤྱན་འདྲེན་ཡོད་པ་(སོགས་རྒྱུ་མཚན་)དུ་མའི་ཕྱིར་རྗེས་འབྲེལ་མགྲོན་ཐབས་སུ་ཚོགས་ཞིང་སྤྱིའི་རྩ་གསུམ་ཆོས་སྐྱོང་སོགས་འབོད་པའི་དོན་ཡིན་པར་ངེས་ཤིང་། དེར་མ་ཟད་ཁྱད་པར་དམིགས་བསལ་དུ་སྐབས་འདིར་དཀྱིལ་འཁོར་གྱི་བྱང་ཕྱོགས་སུ་དུར་ཁྲོད་མེ་དཔུང་འབར་བའི་ཀློང་དུ་ཁྲག་འཐུང་རྡོ་རྗེ་ཕུར་པའི་ལྷ་ཚོགས་མགྲོན་ཐབས་

སུ་སྤྱན་དྲངས་ཏེ། ཐུགས་དམ་བསྐང་བའི་དགོས་པ་ནི། ཞུས་ལན་གསལ་སྒྲོོན་ལས། ཡི་དམ་གྱི་ལྷ་གཞན་བསྒྲུབ་ཀྱང་། རྡོ་རྗེ་གཞོན་ནུ་སྲུང་མའི་ཚུལ་དུ་བསྒྲུབ། ཅིའི་ཕྱིར་ན་སྲུང་མ་རྣམས་ཡེ་ཤེས་དང་འཇིག་རྟེན་པ་གཉིས་ཀ་ཡིན་པ་དང་། གང་ལ་གང་འདུལ་གྱི་ཕྲིན་ལས་མཛད་པའི་ཕྱིར། ཐེག་མཆོག་བླ་མེད་སྒྲུབ་པའི་བར་ཆད་ཐམས་ཅད་དཔལ་རྡོ་རྗེ་གཞོན་ནུས་སྲུང་བར་འགྱུར་ཏེ། ཞེས་དང་། གསང་བ་བསམ་གྱིས་མི་ཁྱབ་པའི་མདོ་ལས། ཀྱཻ་ཕྱག་ན་རྡོ་རྗེ་ཁྱོད་ནི་དང་པོ་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་ནས། ཐེག་ཆེན་གསུངས་ཚད་ཀྱི་སྲུང་མར་ཞལ་གྱིས་བཞེས་ནས། སྒྲུབ་པ་པོ་ཐམས་ཅད་ཀྱི་ལུས་དང་གྲིབ་མ་བཞིན་འགྲོགས་ནས་སྐྱོབ་པས། དེ་ཕྱིར་བསྐུལ་བ་ཙམ་གྱིས་ཕྲིན་ལས་མཛད་པས། སྲུང་མར་གཉེར་བསྐུལ་བས་བར་ཆད་ཐུལ་ནས་བྱང་ཆུབ་མཆོག་གི་དངོས་གྲུབ་ཐོབ་པའི་དགོས་པ་ཡོད་དོ། །ཞེས་གསུངས་པ་དང་། ཁྱད་པར་སྐབས་འདིར་ནི་སློབ་དཔོན་ཆེན་པོས་ཡང་ཕུར་སྦྲག་མ་མཛད་པའི་དོན་ཏོ། །ཧཱུ༷ྃ་འོ༷ག་མི༷ན་ཆེན་པོ་ཆོ༷ས་ཀྱི་དབྱི༷ངས་སྤྲོས་པ་ཐམས་ཅད་བྲལ་བའི་ཕོ༷་བྲང༷་དེ༷་ནས༷། ཆོས༷་སྐུ༷་ཀུ༷ན་ཏུ༷་བཟ༷ང་པོ་༷ལ༷༔ འཁོར་རྒྱ༷ལ་བ༷་ཞི་༷ཁྲོ༷་འདུས་པའི་ཚོ༷གས་ཀྱི༷ས་བསྐོ༷ར་བ་རྣམས་ཚོ༷གས་ལ་སྤྱ༷ན་འདྲེ༷ན་པར་བྱེད་པ་ཡིན་པས་སྐད་ཅིག་གིས་གཤེ༷གས་སུ༷་གསོ༷ལ། ཅེས་དང་། རང་སྣང་རྣམ་པར་དག༷་པ༷་དབྱི༷ངས་ཀྱི༷་གཞ༷ལ་ཡ༷ས་ན༷ས། ཡི༷་དམ༷་རྒྱ༷ལ་བའི༷་དཀྱི༷ལ་འཁོ༷ར་ཐམས་ཅད་ལ༵༔ སོ་སོའི་རི༷གས་ཀྱི༷་འཁོ༷ར་གྱི༷ས་བསྐོ༷ར་བ་རྣམས་ཚོ༷གས་ལ༷་སྤྱ༷ན་འདྲེ༷ན་སོགས་གོང་ལྟར། ཟ༷ངས་མདོ༷ག་དཔ༷ལ་གྱི༷་རི༷་བོ༷འི་རྩེ༷་མོ༷་ནས༷། ཨོ་རྒྱན་མཁན་པོ་པ༷དྨ༷་འབྱུ༷ང་གན༷ས་ལ༷། རི༷ག་འཛི༷ན་རྒྱ་༷མཚོ༷འི་ཚོ༷གས་ཀྱི༷ས་བསྐོར་བ་དང་། ཨོ༷་རྒྱ༷ན་གྱི་གནས་རང༷་བྱུ༷ང་གི་དུ༷ར་ཁྲོ༷ད་ཆེན་པོ་ན༵ས། མཁ༷འ་

འགྲོ༷་རྡོ༷་རྗེ༷་ཕ༷ག་མོ༷་ལ༷། མཁ༷འ་འགྲོ༷་རྒྱ༷་མཚོ༷འི་ཚོ༷གས་ཀྱི༷ས་བསྐོ༷ར། དུ༷ར་ཁྲོ༷ད་ཆེ༷ན་པོ༷འི་གན༷ས་སོ་སོ་བ་བརྒྱ༷ད་ན༷ས། བཀ༷འ་ཡི་སྲུ༷ང་མ་དམ༷་ཅ༷ན་རྒྱ༷་མཚོ༷་ལ༷། སོ་སོའི་རི༷གས་ཀྱི༷་འཁོ༷ར་གྱི༷ས་བསྐོ༷ར་བ་སོགས་གོང་ལྟར། དེ༷་ན༷ས་ཚོ༷གས་ཕུ༷ད་རིམ་པ་གསུ༷མ་དུ༷་བཅ༷ད་བྱ༷ས་ལ༷༔ ཞེས་པ་ནི། ཧེ་རུ་ཀ་གལྤོ་ལས། དང་པོ་འདོད་ཡོན་དྲུག་གིས་མཆོད། གཉིས་པ་དམ་རྫས་བདུད་རྩིས་བཤགས། གསུམ་པ་དགྲ་བགེགས་གཟུགས་ཕུང་སྟོབ། ཅེས་པས་མཆོད་བཤགས་བསྟབས་པ་གསུམ་སྟེ། ཚོ༷གས་ཕུ༷ད་དང༷་པོ༷་མཆོ༷ད་པ༷་འདི༷་སྐ༷ད་དོ༔ ཧཱུ༷ྃ་བླ༷་མ༷་ཀུ༷ན་ཏུ་༷བཟ༷ང་པོ་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བ་ཐི༷ག་ལེ༷འི་སྐུ༷་ཅན་དང་། རང་བཞིན་སྐྱེ་བ་མེད་པ་ཉ༷ག་གཅི༷ག་ཟ༷ང་ཐ༷ལ་ལེ་བ་ལོ༷ངས་སྤྱོ༷ད་རྫོ༷གས་པའི་སྐུ་དང་། འགྲོ་དོན་བྱ་བྱེད་ཀྱི་རྟོག་པ་ཅི༷ར་ཡང་མི༷་དགོ༷ངས་པ༷་ལགས་ཀྱང་འགག་མེད་སྤྲུ༷ལ་པ༷འི་སྐུ་༷སྟེ། དེ་ལྟར་སྐུ་གསུམ་གྱིས་བསྡུས་པའི་རྒྱ༷ལ་བ༷་རྒྱ༷་མཚོ༷་ཞི༷་ཁྲོ༷འི་ལྷ༷་ཚོ༷གས་རྣམས་དང་། མཁ༷འ་འགྲོ༷་ཆོ༷ས་སྐྱོ༷ང་སྤྲུ༷ལ་བ་ཡང་སྤྲུ༷ལ་འཁོ༷ར་དང་བཅ༷ས་པ་རྣམས་ལ། ཞ༷ལ་ཟ༷ས་ཚོ༷གས་ཀྱི༷་མཆོ༷ད་པ༷་འབུ༷ལ་ལོ་ཞེས་ཚོགས་འདོད་ཡོན་གྱི་ལྷ་མོ་བསམ་གྱིས་མི་ཁྱབ་པའི་སྤྲིན་སྤྲོས་པས་ལྷ་རྣམས་ཀྱི་དབང་ཡུལ་དགྱེས་པར་བསྐང་ངོ་། །ཚོ༷གས་ཕུ༷ད་བ༷ར་པ༷་བཤ༷གས་པ༷་འདི༷་སྐ༷ད་དོ༷༔ ཧཱུ༷ྃ་བད༷ག་ཅ༷ག་ལ་སོགས་པ་རྣམས་འཁོ༷ར་བ༷འི་སེ༷མས་ཅན་གྱི་གཞི༷་བླ༷ངས་པ་ནས༷་བཟུང་སྟེ་ཐ་༷མ༷་ད༷་ལྟ༷འི་ལུ༷ས་འདི༷་ཡ༷ན་ཆ༷ད་དུ་༷རི༷ག་པ་དང་མ༷་རི༷ག་པ་སྟེ་མདོར་ན་བ༷ག་ཆ༷གས་ཀྱི་དབ༷ང་དུ༷་གྱུ༷ར་པས༷་རྩ༷་བ༷་ད༷ང་ཡ༷ན་ལ༷ག་གི༷་དམ༷་ཚི༷ག་ཆགས་ཉམ༷ས་ཅི་ཡོད་པ་ཀུ༷ན། ཞ༷ལ་ཟ༷ས་ཚོ༷གས་ཀྱི་མཆོད་པ་བདུད་རྩིའི་རང་བཞིན་དུ་འབུ༷ལ་ནས་ཐུགས་དམ་གཉན་པོ་

བསྐ༷ང་ཞིང༷་བཤ༷གས་པ༷ར་བགྱི༷་ན་ཁྱེད་རྣམས་ཀྱིས་བཟོ༷ད་པ༷ར་བཞེ༷ས་ན༷ས་ཚ༷ངས་པ༷་མཆོག་གི་དངོས་གྲུབ་མ་ལུས་པ་བདག་ལ་སྩ༷ལ་དུ༷་གསོ༷ལ། ཡི༷་གེ༷་བརྒྱ༷་པ༷་སོགས་དང་ན༷་ར༷ཀ་སྐོང་བཤགས་ལ༷་སོ༷གས་འདོ༵ན། སྐ༷བས་འདི༷ར་ཞི༷་ཁྲོ༷འི་མད༷ངས་སྐོ༷ང་ལ༷་སོ༷གས་ད༷ང་༔ སྐོ༷ང་བ༷་གཞ༷ན་ཡ༷ང་ཅི༷་རི༷གས་བཀླ༷ག་པ༷ར་བྱ༷༔ ཚོ༷གས་ཕུ༷ད་ཐ༷་མ་༷བསྒྲ༷ལ་ཞི༷ང་བསྟ༷བ་པ༷་ནི༷༔ ཚོ༷གས་ཟ༷ན་ཉ༷་བོ༷་ཧོ༷མ་ཁུ༷ང་ན༷ང་བཅུ༷ག་ལ༷༔ བད༷ག་ཉི༷ད་ཆེ༷་མཆོ༷ག་སྐུ༷ར་བསྒོ༷མ་བདེ༷ན་སྟོ༷བས་བརྗོ༷ད༔ འགུ༷གས་གཞུ༷ག་ལ༷ན་གསུ༷མ་བརྗོ༷ད་ལ༷་འདི༷་སྐ༷ད་དོ༷༔ ཞེས་པས་བདག་ཉིད་དཔལ་ཆེན་ཆེ་མཆོག་ཧེ་རུ་ཀ་ཞལ་གསུམ་ཕྱག་དྲུག་པ་དམ་ཅན་སྡེ་བདུན་ནས་བཤད་པ་ལྟར་གསལ་བཏབ་ལ་མདུན་ཏུ་དྲག་པོའི་ཨེ་ཁུང་འཇིགས་རུང་བཟོད་པར་དཀའ་ཞིང་ཟིན་ནས་ཐར་བ་མེད་པའི་ནང་དུ་ནྲི་ཏྲྀ་ལས་དམིགས་པའི་དགྲ་བགེགས་གཟུགས་བྱད་ངན་ཞིང་ལས་ངན་གྱི་རྣམ་སྨིན་ཐམས་ཅད་ལྷན་ཅིག་ཏུ་འཛོམས་པར་དམིགས་ལ། བདེན་སྟོབས་ལན་གསུམ་བརྗོད་ཅིང་མཐར་ཧཱུ༷ྃ་བྷྱོ༷༔ དྲག་པོའི་ལས་ལ་བསྐུལ་བའི་དོན། །མི༷་མངོ༷ན་ཆོས་ཀྱི་དབྱི༷ངས་ན༷་བཞུ༷གས་པ༷་རྒྱལ་བ་ཞི༷་བ་དང་ཁྲོ༷་བོའི་ལྷ༷་ཚོ༷གས་ཐམས་ཅད་དྲག་པོའི་ལས་མཛད་པའི་ཕྱིར་བཞེ༷ངས་ཤི༷ག་བཞེ༷ངས་ཤི༷ག་ཅེས་ནན་ཏན་དུ་ཆོ༷ས་ཀྱི༷་དབྱི༷ངས་ན༷ས་བཞེ༷ངས་པར་བསྐུལ། ཁྱེད་རྣམས་ཆོ༷ས་སྐུ་༷ཞི༷་བ༷་ཆེ༷ན་པོ༷འི་ང༷ང་ལ༷ས་ནམ་ཡང་མ༷་གཡོ༷ས་པ་དེ་ལྟར་ལགས་ཀྱ༷ང་། གཟུ༷གས་སྐུ༷་འགག་པ་མེད་ཕྱིར་སྔོན་དྲེགས་པ་ཆེན་པོ་བཏུལ་བའི་དུས་ལྟར་འཇི༷གས་པར་བྱེད་པ༷འི་ཆ༷་ལུ༷གས་ཐམས་ཅད་རྫོ༷གས་པར་མཛ༷ད་ནས་བྱོན་པ༵ར་མཛོད་དང་། ད་ལྟར་ཡང་དྲག་པོ་བསྒྲལ་བ༷འི་ཕྲི༷ན་ལ༷ས་ཆེན་པོའི་མཛ༷ད་པ༷འི་དུ༷ས་ལ༷་བ༷བ་ཡོད་པས་མི༷་མངོ༷ན་ཆོས་ཀྱི་དབྱི༷ངས་ན༷ས་རྣལ་འབྱོར་བ་

བད༷ག་གི༷་སྡོང་གྲོ༷གས་ལ་༷བྱོ༷ན་ཅིག་ཅེས་སྣང་སྲིད་ཐམས་ཅད་ཁྲག་འཐུང་རོལ་པའི་ཞིང་དུ་བསྒྱུར་ནས། ད༷ང་པོ༷་བླ༷་ཚེ༷་རྟེ༷ན་ལ༷་བཀུ༷ག་པ༷་ནི༷། ཧཱུ༷ྂ་ཁྲ༷ག་འཐུ༷ང་སྐུ༷་ཡི་༷བདག་ཉིད་བུདྡྷ་ཧེ་རུ་ཀའི་ལྷ༷་ཚོ༷གས་ཁྱེད་རྣམས་ཐུ༷གས་ད༷མ་དྲག༷་པོ་ཅན་ཡིན་བཞིན་ད་ལྟ་ཡང་དྲ༷ག་པོ༷་བསྒྲལ་བའི་ཕྲི༷ན་ལ༷ས་ཆེན་པོ་མཛ༷ད་པ༷འི་དུ༷ས་ལ༷་བ༷བས་ཡོད་པས་བདག་གི་ཡི༷ད་ལ༷་གན༷ག་པ༷འི་ཞིང་བཅུའི་དགྲ༷་དང་ཐར་ལམ་གྱི་བགེ༷གས་ལ༷ས་ང༷ན་པ་འདི༷་རྣམས་ཀྱི་བླ༷་སྲོ༷ག་རྣ༷མ་པར་ཤེ༷ས་པ་རྟེ༷ན་འདི༷་ལ་མྱུ༷ར་དུ་ཁུ༷ག་ཅིག །ༀ༷་བུ༷དྡྷ༷་ཀྲོ༷་དྷ༴༷སོགས་ཀྱི་སྔགས་དོན་ལྷ་བསྐྱེད་སྐབས་ལྟར་དང་། ནྲྀ་༷ཏྲི༷་ཨ༷ངྐུ་༷ཤ༷་ཛ༷༔ ནི་དགྲ་བགེགས་འགུགས་ཞེས་དང་། ཧོ༷་སྒྲོལ་བའི་ལས་ལ་དགའ་བའི་ཕྱིར་རོ། །འདི་མན་གྱི་ཚིག་དོན་ཆ་ཤས་མ་གཏོགས་གོ་སླ་བས་དགོངས་འགྲེལ་ལྟ་བུ་ལས་འབྲུ་གཉེར་བ་ནི་ཡི་གེ་མང་དོགས་པས་བཞག་པ་ཡིན་ནོ། །དཔ༷ལ་ཆེ༷ན་པོ༷་སོགས་དམོད་པའི་དོན་ཉོན་མོངས་དུག་ལྔའི་རྟོག་པ་གནས་གྱུར་པ་ཁྲག་འཐུང་ཡབ་ཡུམ་བཅུའི་ལྷ་ཚོགས་ཐམས་ཅད་དུག་ལྔའི་རང་གཟུགས་ཀྱི་སྟེང་དུ་རང་གཤེད་ཕབ་པས་ཐུགས་རྗེས་འགུགས་དབྱེ་འཆིང་སྨྱོར་བཅུག་སྟེ་ཡེ་ཤེས་ཆེན་པོའི་རང་བཞིན་དུ་བསྒྲལ་བའོ། །དྲུག་པ་ཕོ་ཉ་བསྐུལ་ཞིང་བསྒྲལ་བ་ནི། ཧཱུ༷ྃ་བྷྱོ༷ཿཕོ༷ག་པ༷ར་རྒྱོ༷བ་ཅི༷ག་སོགས་ནས་བསྒྲལ་བར་བྱ༔ ཞེས་པ་གནས་མ་རྣམས་ཀྱིས་བདག་འཛིན་གྱི་རྟོག་པ་གཅོད་ཕྱིར་དོན་སྙིང་དང་། ཡུལ་མ་རྣམས་ཀྱིས་ཡུལ་འཛིན་གྱི་སྒོ་དགག་ཕྱིར་དབང་པོ་ཀུན་བཟུང་བ། སྒོ་མ་རྣམས་ཀྱིས་མངོན་ཞེན་དགག་ཕྱིར་ནང་ཁྲོལ་ཀུན་དྲངས་པ། ལྷ་ཚོགས་ཐམས་ཅད་པས་ལས་ངན་གྱི་བག་ཆགས་གཅོད་པས་ཡན་ལག་ཐམས་ཅད་དུམ་བུར་གཏུབས་ནས་དུག་གསུམ་དག་པར་མཛད་ཕྱིར་གཏི་མུག་གི་ཤའདོད་ཆགས་ཀྱི་ཁྲག །ཞེ་སྡང་གི་

རུས་པ་ཀུན་ཞལ་དུ་སྟོབ་པའོ། །འདིར་སྔོན་དཔལ་ཆེན་པོས་རུ་ཏྲ་བཏུལ་བའི་ཚུལ་དང་བསྟུན་པ་ལས་གཞན་ལྟར་ཚེ་ཁྲུས་དང་། ཕུར་གདབ་སོགས་མི་སྣང་ཡང་སྐྱོན་དུ་མི་ལྟ་སྟེ། ཆོས་ཉིད་ཀྱི་ཀློང་དུ་ཆོས་ཅན་མཚན་མའི་རྟོག་པ་རང་སྒྲོལ་བས་ཡེ་ཤེས་ཆེན་པོར་གཅིག་ཏུ་སངས་རྒྱས་པ་ནི། རྒྱུད་ལས། ཡང་དག་དོན་རྟོགས་བློ་ཡིས་ནི། །མ་རྟོགས་སེམས་ཅན་གནས་སུ་བསྒྲལ། །དུས་གསུམ་བདེ་གཤེགས་དེ་ལ་དགྱེས། །ཞེས་གསུངས་པས་བསྒྲལ་ལས་ཀྱི་གནད་འདིར་འདུས་པའོ། །བདུ༷ན་པ༷་ཕུ༷ང་པོ༷་ཞལ༷་དུ༷་བསྟ༷བས་པ༷་ནི༷། ཧཱུ༷ྃ་དང༷་པོ༷་གདོད་མའི་ས༷ངས་རྒྱ༷ས་ཀུ༷ན་ཏུ་བཟ༷ང་པོ་ཡ༷བ་ཡུ༷མ་ལ་༷༔ དམ༷་ཉ༷མས་པའི་དགྲ་བགེགས་བསྒྲ༷ལ་བ༷འི་ཡི༷ད་དང་ཆོ༷ས་ཀྱི་མཆོ༷ད་པ༷་འབུ༷ལ་ཏེ། དེ་ཡང་ཡིད་ཡབ་དང་ཆོས་ཡུམ་ལ་འབུལ་ལོ། །ཞི༷་བ༷་སོགས་ནས་ཁཱ༷་ཧི༷། ཞེས་པའི་བར་གྱིས་ལྷ་འཚེངས་པ། ཁྱོ༷ད་ཀྱི༷་ཐུ༷གས་ད༷མ་སོགས་ནས། དཔ༷ལ་འབྱོ༷ར་རྒྱ༷ས་པ༷ར་མཛོ༷ད༔ ཅེས་པས་བདག་འཚེངས། དགྲ༷་བགེ༷གས་རྣ༷མ་ཤེ༷ས་བདེ༷་གཤེ༷གས་སྲ༷ས་གྱུ༷ར་ཅི༵ག༔ ཅེས་པས་དགྲ་བགེགས་འཚེངས་སྟེ་འཚེངས་པ་གསུམ། མ༷་ཧཱ་༷རྣམས་ཆེན་པོ། མ༷ཾ་ས༷་ཤར༷ཀྟ༷་ཁྲག །ཙི༷ཏྟ་༷སྙིང་། ཀི༷ང་ནི༷་རི༷་ཏི༷་རུས་པ། བ༷་སུ༷་ཏ༷་རྒྱུ་མ། ཀོ༷་རོ༷་ཙ༷་ན༷་ཀླད་པ། ཁཱ༷་ཧི༷་རྣམས་ཟོ་ཞིག །ཅེས་པས་ཕུང་པོ་གཏོར་མར་སྟོབ་པར་བྱའོ༔ ཞེས་འཁོར་བའི་རྟོག་ཚོགས་ལུགས་འབྱུང་ཐམས་ཅད་ལུགས་ལྡོག་གི་ཚུལ་དུ་རང་སར་སྟོབ་པས་བསྒྲལ་བྱ་སྒྲོལ་བྱེད་གཉིས་སུ་མེད་པའོ། །བརྒྱ༷ད་པ༷་རྣ༷ལ་འབྱོ༷ར་ཕོ༷་མོ༷་སོགས་ཡིག་ཆུང་། ཧོ༷་ངོ་མཚར། རྣ༷ལ་འབྱོ༷ར་ཕོ༷་མོ༷་མཆེ༷ད་ད༷ང་ལྕ༷མ་དྲ༷ལ་མ་ལུས་པ་རྣ༷མས་ཞི༷་ཁྲོ༷་རབ༷་འབྱམས་ཀྱི་ལྷ༷་ཚོ༷གས་སུ་གདོད་མ་ནས་ར༷ང་བཞིན༷་གྱིས་གྲུབ་པའི་སྐུ༷་ཡིན་ལ་ཡིན་བཞིན་དུ་གསལ་བ་ལ།

འདིར་དག༷འ་ལྡ༷ན་ལྷ༷་ཡི༷་ལོངས་སྤྱོད་ལྟར་ཚོ༷གས་མཆོ༷ད་དཔ༷ག་ཏུ༷་མེ༷ད་པ་དངོས་སུ་བཤམས་པ་དང་། འཕྲུ༷ལ་དག༷འ་བའི་ལྷ༷འི་ལོངས་སྤྱོད་རང་གིས་སྤྲུལ་ནས་རང་གིས་སྤྱོད་པ་བཞིན་ཏི༷ང་འཛི༷ན་ཡི༷ད་ཀྱི༷ས་སྤྲུ༷ལ་པའི་ཚོ༷གས་ཀྱི་མཆོ༷ད་པ་ད༷མ་པ༷་བདུ༷ད་རྩི༷འི་རང༷་བཞི༷ན་འདི༷་རྣམས་དགྱེ༷ས་པ༷་ཆེན་པོ་མཆོ༷ག་གི༷་ལོ༷ངས་སྤྱོ༷ད་ཀྱི་རྣ༷མ་པ༷ར་རོ༷ལ་ཅིག །ཨ༷་ལ༷་ལ༷་ཧོ༷༔ དགྱེས་པས་ངོ་མཚར་དུ་རོལ། བླ༷་མས༷་པ༷ད་སྐོ༷ར་སོགས། ཧོ་༷ངོ་མཚར། སངས་རྒྱས་ཐམས་ཅད་ཀྱི་སྐུ་རྡོ༵་རྗེ༷་མི༷་འགྱུ༷ར་བ༷འི་དངོ༷ས་གྲུ༷བ་འཆི༷་བ་མེད་པ་ཚེའི་རིག་འཛིན་དང་། གསུ༷ང་རྡོ༷་རྗེ༷་མི༷་འག༷ག་པ༷འི་དངོ༷ས་གྲུ༷བ་གཞོམ་མེད་ཀྱི་སྒྲ་དབྱངས། ཐུག༷ས་རྡོ༷་རྗེ༷་སྤྲོ༷ས་བྲ༷ལ་གྱི༷་དངོ༷ས་གྲུ༷བ་སྐྱེ་མེད་ཐིག་ལེ་ཆེན་པོ། སྐུ༷་གསུ༷ང་ཐུ༷གས་རྡོ༷་རྗེ༷་མི༷་འགྱུ༷ར་བ༷འི་དངོ༷ས་གྲུ༷བ་དམ༷་པ༷་དེ་ཁོ་ན་ཉིད་དུ་ཨ་༷ལ༷་ལ༷་ཧོ༷༔ ཞེས་ལྷ་ལ་ཐིམ་པའི་ཚུལ་གྱིས་འདོད་ཡོན་གྱི་ལྷ་མོ་རྣམས་དབང་ཡུལ་དུ་རོལ། ཟག་མེད་བདུད་རྩིའི་སྤྲིན་གྱིས་ཕུང་ཁམས་སྒྱུ་འཕྲུལ་དྲྭ་བའི་ལྷ་ཚོགས་མཉེས་ཏེ་དགའ་བཞིའི་ཡེ་ཤེས་རྒྱུད་ལ་སྐྱེས་ནས་དེ་ཁོ་ནར་མཉམ་པར་འཇོག་གོ །ཞེས་པ་སོགས་ཡིག་ཆུང་ངོ་། དེ་ནས་ཚོགས་ཀྱི་ལྷག་མའི་ཆོ་ག་ནི། རིག་འཛིན་ཆེན་པོ་རཏྣ་གླིང་པས། ཚོགས་གོང་དུ་ཆ་གསུམ་བགོས་པའི་ཐ་མ་དེ་ནས་ལྷག་མ་བྱ་སྟེ། གོང་མ་གཉིས་ལ་མི་རུང་ངོ་། །སྐབས་འདིར་རྡོ་རྗེ་སློབ་དཔོན་ལ་དྲངས་བ་འདི་ལ་ཡང་ལྷག་ཕུད་གཉིས་ཚང་སྟེ། དཀྱིལ་འཁོར་གྱི་ལྷ་དང་རྡོ་རྗེ་སློབ་དཔོན་གྱི་ལྷག་མ་རྣལ་འབྱོར་སྤྱི་ཡིས་མ་རོལ་བའི་ཕུད་དེ། ཞེས་གསུངས་ཤིང་གང་ལྟར་ཡང་དཀྱིལ་འཁོར་གྱི་ཤར་ལྷོར་གཙང་ལྷག་དང་། དམེ་གཏོར་སྣོད་སོ་སོར་མཐོ་དམན་གྱི་ཚུལ་དུ་བཤམས་ལ་བདུད་རྩི་བྲན་ལ་ཡིག་འབྲུ་གསུམ་བརྗོད་ཅིང་ལྷག་གཏོར་འདོད་

ཡོན་གྱི་ལོངས་སྤྱོད་དང་ཤ་ཁྲག་རུས་པའི་ཕུང་པོ་ཟག་མེད་ཡེ་ཤེས་ཀྱི་བདུད་རྩིར་སྤེལ་ལ་ཡར་གནས་སོགས་ཡིག་ཆུང་ངོ་། །ཧཱུྃ་༷ཆོ༷ས་ཀྱི་དབྱི༷ངས་སྐྱེ༷་བ་མེ༷ད་པ་གཟོད་མ་ནས་ན༷མ་མཁ༷འི་ར༷ང་བཞི༷ན་དུ་དག་པ་ལ༷ས། ལོ༷ངས་སྤྱོད་རྫོགས་པའི་སྐུ༷་འག༷ག་པ་མེ༷ད་པ་བདེ༷་གཤེ༷གས་ཞི༷་ཁྲོ༷་རབ་འབྱམས་ལྷ༷་ཚོ༷གས་ཀྱིས། ཚོག༷ས་ཕུ༷ད་ཟག་མེད་ཡེ་ཤེས་ཀྱི་བདུད་རྩི་ཐུགས་དགྱེ༷ས་པ་༷ཆེ༷ན་པོ༷ས་ཡ༷ར་བཞེ༷ས་པར་མཛོད་ལ༷། མཆོ༷ག་གི་དངོས་གྲུབ་སངས་རྒྱས་སྐུ་བཞིའི་གོ་འཕང་ད༷ང་། ཐུ༷ན་མོང༷་གྲུབ་པ་བརྒྱད་སོགས་ཀྱི་དངོ༷ས་གྲུ༷བ་དེ༷ང་འདི༷ར་བདག་ལ་སྩོ༷ལ་ཅིག །ཧཱུ༷ྃ་ད༷ང་པོ༷་སོགས་གོ་སླའོ། །དེ༷་ན༷ས་ཕུ༷ད་དང༷་ལྷ༷ག་མ༷་བསྲེ༷ས་བྱ༷་ལ༷༔ ཞེས་པ། རྗེ་ཐོག་ཏུ་འབངས་བཞག་ན་རྒབ་རྩུབ། འབངས་ཐོག་ཏུ་རྗེ་བཞག་ན་མཐུ་ཆུང་། དེ་ནས་ཐད་ཐད་དུ་ཕྱོགས་གཅིག་ཏུ་བསགས་ལ། དཔལ་གཏོར་ནས་མཐེབ་སྐྱུ་བཞག་པ་མན་ངག་ལྟར་གསུངས་པས་དེ་ལྟར་དང་། ཧཱུ༷ྃ་བ༷ར་དུ༷་སོ༷གས་གོ་སླའོ། །དེ༷་ན༷ས་ལྷ༷ག་མ༷་ལ༷་ཁ༷་ཕྲུ༷་བཏ༷བ་པ༷་ནི༷། བདག་དཔལ་ཧེ་རུ་ཀ་གསལ་བའི་ལྕེ་ཐོག་འོད་དཔག་མེད་ཡབ་ཡུམ་གསལ་བ་སྦྱོར་བས་བྱང་སེམས་བདུད་རྩིའི་སྤྲིན་ལན་གསུམ་འཐོར་ཏེ། ཧཱུ༷ྃ་ཐ༷་མ༷་སོགས་གོ་སླ། དེ་ཡང་རྣལ་འབྱོར་པ་རྟོགས་དགོངས་ལྡན་པའི་དབང་ལས་ཆེ་དྲེགས་ཀྱིས་ནི་མི་རུང་ངོ་། །བཅུ༷་པ༷་ལྷ༷ག་མ༷་སོགས་ཡིག་ཆུང་ངོ་། །ཧཱུ༷ྃ་དཔལ་གྱི་ཐུགས་སྲོག་གིས་མགོ་འདྲེན། བྷྱོ༷་འཇིགས་བྱེད་མ་ཞེས་འབོད་པའོ། །དཔ༷ལ་གྱི༷་སོགས་ནས་བསྐུལ་བར་བྱའོ། །ཞེས་པ་གོ་སླ་བས་ཡི་གེར་དོགས་པས་བཞག །དེ་ལ་དུ༷ར་ཁྲོ༷ད་འགྲི༷མས་ཤི༷ང་ཚོ༷གས་ཁ༷ང་ཉུ༵ལ། ཞེས་པ་ནི། ཕྱིའི་དུར་ཁྲོད་བརྒྱད་དང་། རྒྱ་གར་གྱི་དུར་ཁྲོད་བརྒྱད་སོགས་གཞན་ཡང་རོ་བཞི་ལྷན་ཅིག་ཚོགས་ནས་དུར་ཁྲོད་ཡིན་པས་དེ་

རྣམས་དང་། ཚོགས་ཁང་གི་གནས་ཡུལ་དུར་ཁྲོད་མཁའ་འགྲོ་གནས་ཐམས་ཅད་ནས་ཚོགས་བུའི་༼པའི་༽གནས་ཡན་ཆད་དོ། །ད༷མ་ཚི༷ག་སྲུ༷ང་མ༷ར་རྒྱུ༷་ཞེས་པ་དབང་མོ་སོགས་ཀྱིས་སྔོན་དཔལ་ཆེན་པོའི་སྤྱན་སྔར་ཚོགས་ཀྱི་དཀྱིལ་འཁོར་ཆེན་པོའི་མཚན་ཙམ་འཛིན་པའི་དམ་ཚིག་ལྡན་པའི་གནས་སུ་རྒྱུ་ཞིང་སྲུང་སྐྱོབ་བྱེད་པར་ཁས་བླངས་པ་རྣམས་སོ། །མཁ༷འ་ལ༷་འགྲོ༷་ནི་མཁའ་སྤྱོད་ཀྱི་གནས་ཏེ། འགའ་ཞིག་གིས་འོག་མིན་ཆེན་པོའི་གནས་དང་གཅིག་པར་སེམས་ཏེ་མ་ཡིན་ཞིང་། འདི་འདོད་ཁམས་ཀྱི་རྟེན་ཅན་གླིང་བཞི་པའི་ནམ་མཁའི་ཁམས་ཀུན་ལ་འགྲོ་བའོ། ལྷག་མགྲོན་གྱི་དབང་ཕྱུག་མ་ཉེར་བརྒྱད་འདི་རྣམས་གཙོ་བོའི་ཕྱིར་སྨོས་པ་ལས། གཞན་ཡང་གནས་ཡུལ་དུར་ཁྲོད་ཀྱི་དཔའ་བོ་མཁའ་འགྲོ་སྤྲུལ་བ་ཡང་སྤྲུལ་བསམ་གྱིས་མི་ཁྱབ་པ་སྟེ། འདི་རྣམས་ངོ་བོ་ཡེ་ཤེས་སུ་གྲུབ་ཀྱང་རྣམ་འཕྲུལ་ཅིར་ཡང་སྟོན་པ་ནི་བརྗོད་མེད་དོན་བཤགས་ལས། ལེགས་ཉེས་སྟངས་འཛིན་དམ་ཚིག་རྗེས་གཅོད་ཅིང་༔ ཕྱི་ནང་མཁའ་འགྲོ་རྣལ་འབྱོར་མ་ཡི་ཚོགས༔ དཔང་གྱུར་རྡོ་རྗེ་དམ་ཅན་དགོངས་སུ་གསོལ༔ ཞེས་དང་། ཕོ་ཉ་སྒོས་བསྐུལ་ལས། འཁོར་དང་ལས་བྱེད་བྱེ་བ་འབུམ༔ ཀུན་ཀྱང་ཞི་ཁྲོའི་ཆོ་འཕྲུལ་ཏེ༔ རིག་རྩལ་རོལ་པ་ཐོགས་མེད་འཕྲོ༔ ཞེས་སོགས་གསུངས་པས་ཀླན་ཁ་མི་འཇུག་པ་དང་། ལྷག་མ་ལ་ཚོད་ཡོད་རས་ཆོད་བྱར་མི་རུང་ཞིང་གལ་ཆེ་བར་གསུངས་པ་དང་། ལྷག་གཏོར་ཡང་གོམ་པ་བདུན་ཅུའི་སར་སྲིན་མོའི་ཟ་ལམ་ཡིན་པས་དེར་མཆོད་པ་ལ་ཉེ་སར་མི་རུང་བ་རཏྣ་གླིང་པའི་བཀའ་འོ། །ཞེ༷ས་པ༷ས་ལྷ༷ག་མ༷འི་ཕྲི༷ན་ལ༷ས་སོགས་ཡིག་ཆུང་ངོ་། །དེ༷་ན༷ས་བཅུ༷་བཞི༷་པ༷་སོགས་ཡིག་ཆུང་ངོ་། །བསྐུ༷ལ་བ་ནི༷༔ དྲག་པོའི་གཏོར་མ་{ལ་}ཟུར་དུ་བཅས་པའམ་ཆད་ཐོའི་གཏོར་མ་ལ་སྨན་རཀ་སྦྲེང་།

འབྲུ་གསུམ་གྱིས་བྱིན་གྱིས་བརླབས་ལ། ཧཱུ༷ྃ་བྷྱོ༷༔ རྣ༷མ་ད༷ག་ཆོ༷ས་དབྱི༷ངས་སོགས་ཀྱི་ཕོ་ཉ་བཅས་ཐུགས་དམ་དབྱིངས་ནས་བསྐུལ་ཏེ། བཅོ་༷ལྔ༷་པ༷་བཀ༷འི་ཆ༷ད་ཐོ༷་འདི༷་སྐ༷ད་དོ༷༔ ཧཱུྃ་འདི་ལྟར་འདས་པ་དང་མ་འོངས་པ་དང་ད་ལྟར་གྱི་དུས་ཏེ་དུ༷ས་གསུ༷མ་གྱི་རྣམ་དབྱེ་དང་། ངོས་གཟུང་མེད་པ་དུས༷་མེ༷ད་དེ་འཁོར་བ་ཀ་༷ད༷ག་གི་དུ༷ས་ཀྱི༷་ཚེ༷། རྣ༷མ་དག༷་འོག་མིན་ཆོ༷ས་ཀྱི་དབྱི༷ངས་ཁྱ༷བ་གད༷ལ་གྱི་ཀློ༷ང་ཡ༷ངས་པའི་དབུས་སུ༷་ཀུ༷ན་ཏུ༷་བཟ༷ང་པོ༷་ཡེ་གྲོལ༷་གཞི༷འི་དུ༷ས་ཀྱི༷་ཚེ༷་དེ་ན། ཐོ༷ག་མའི༷་ས༷ངས་རྒྱ༷ས་འོ༷ད་མི༷་འགྱུ༷ར་བ༷་ཡི༷ས། །ཀུན་གཞི་མ༷་བཅོ༷ས་པའི་ཀློང་ལས་རང༷་བྱུ༷ང་གི་རྟོག་ཚོགས་ར༷ང་སར་གྲོལ་བའམ། དག་པར་ད༷མ་བཅ༷ས་པ༷་བཞི༷ན་དུ་སྟེ། དེ་ཇི་ལྟར་ན། འཁོ༷ར་འད༷ས་ཀྱི་རྟོག་ཚོགས་ངོ་བོ་གཞི༷་ཐོག་ན༷ས་འཕགས་པའི་སྐད་ཅིག་ལ་གྲོ༷ལ་བ༷ར་མ༷་གཏོགས་དེ་ལས་ནམ་ཡང་མི་འདའ་བའི་ཆད༷་པོའི་ད༷མ་བཅའ་དང་། འཁྲུ༷ལ་བ༷་ཀ༷་ན༷ས་ད༷ག་པ༷ར་དང་། འཁོ༷ར་བ༷་དོང༷་ན༷ས་སྤྲུ༷ག་པ༷ར་མ༷་གཏོགས་དེ་ལས་ནམ་ཡང་མི་འདའ་བའི་ཆ༷ད་པོའི་དམ༷་བཅའ་དེ་རྣམས་དང་མི་འགལ་བར་ངོ་བོ་ཡེ༷་ནས་མ་བྱུང་མ་འགགས་པར་རང་སར་གྲོ༷ལ་བའི་གཤི༷ས་ཀྱི༷་གཏོ༷ར་ཞེས་ཆགས་པ་མེད་པ་དང་། མ༷་ཞེས་འགགས་པ་མེད་པ་འདི༷། བཞེ༷ས་བྱ་བཞེས་བྱེད་གཉིས་སུ་མེད་པར་རོལ་ལ༷། ཀུན་གཞི་ཀློང་ནས་སོགས་གོ་སླ་ལ། ནང་གསལ་དོན་དམ་པའི་ཀློང་ནས་ཕྱིར་གསལ་ལྷུན་གྲུབ་ཀྱི་རྩལ་མདངས་སུ་ཞི་ཁྲོ་རབ་འབྱམས་ཀྱི་ལྷ་ཚོགས་{པར་}ངོ་བོ་ཀ་དག་ཆོས་སྐུའི་དགོངས་པ་ལས་མི་འདའ་པས་བྱིན་གྱིས་བརླབས་པའི་ཚེ། དེ་རྣམས་ཀྱིས་སོ་སོའི་སྐུ་གསུང་ཐུགས་སུ་བསྟན་ནས་ཐ་ཚིག་རྣམས་རིམ་བཞིན་བརྗོད་པ་ལྟར་དཀྱིལ་འཁོར་ལྷ་ཚོགས་སྲུང་མ་དང་བཅས་པ་རྣམས། སྔོན་གྱི་ཐ་ཚིག་གམ་ཆད་མདོ་སྟེ། སྔོན་མནའ་

གཏམ་ཡོད་པ་ལྟར་རྗེས་སུ་དགོངས་ནས་གཏོར་མ་ཁྱེར་ནས་ཅི་བཅོལ་བའི་ལས་བསྒྲུབ་པར་དམིགས་ཏེ་མཐར་ཟོར་དུ་བྱེད་པའོ། །བཅུ༷་དྲུ༷ག་པ༷་སྒོ༷་དབྱེ༷་ནི༷་འདི༷་སྐད༷་དོ༷༔ ཧཱུ༷ྃ་ཛ༷ཿཤར༷་ཕྱོ༷གས་སོགས་ནས་མཛོ༷ད༔ ཅེས་པའི་དཀྱིལ་འཁོར་གྱི་ཕྱོགས་བཞིའི་སྒོ་སྲུང་མ་བཞིས་ཚད་མེད་བཞིའི་ཕྱག་རྒྱས་ཡེ་ཤེས་བཞིའི་སྒོ་ཕྱེས་ནས། སྲུང་མའི་གཏོར་མ་དེ་ཉིད་ཡེ་ཤེས་རོལ་བའི་གཏོར་ཟོར་དུ་བསྒྱུར་ནས་དུག་ལྔའི་རྟོག་ཚོགས་ལས་གྱུར་པའི་དགྲ་བགེགས་ཐམས་ཅད་ཚར་བཅད་ཕྲིན་ལས་རྣམ་བཞིའི་ལས་བསྒྲུབ། སྡུག་བསྔལ་བདེ་བ་ཅན་ནོ། །འཁོར་བ་མྱ་ངན་ལས་འདས་པ། རྟོག་ཚོགས་སྐུ་དང་ཡེ་ཤེས། །འཁོར་འདས་ཆོས་སྐུར་གྲོལ་བའི་ལས་མཛད་པའོ། །བཅུ་༷བདུ༷ན་པ་གཏོ༷ར་སྐྱོ༷ང་བྱ༷་བ༷་འདི༷་སྐ༷ད་དོ༷༔ བཤལ་ཆུ་ཕུད་ཀྱིས་བརྟན་གཏོར་བྲན། འབྲུ་གསུམ་གྱིས་ཟད་མེད་ལོངས་སྤྱོད་ཀྱི་གཏེར་དུ་སྤེལ་ལ། ཧཱུ༷ྃ་བྷྱོ༷༔ བསྟ༷ན་པ༷་སྐྱོ༷ང་མཛ༷ད་སོགས་ཞེས་དབང་ཕྱུག་ཉེར་བརྒྱད་དང་། བསྟན་མ་བཅུ་གཉིས་ཡང་འཁོར་དང་བཅས་པ་རྣམས་ལ། སྤྱིར་སངས་རྒྱས་ཀྱི་བསྟན་པ། སྒོས་གསང་སྔགས་རྙིང་མའི་བསྟན་སྲུང་རྣལ་འབྱོར་པ་རྟག་ཏུ་སྐྱོང་བར་བྱེད་པས་གལ་ཆེའོ། །བཅོ༷་བརྒྱ༷ད་པ༷་གཏོ༷ར་བྲོ༷་སོགས་ཡིག་ཆུང་ལྟར། གཏོར་གཞོང་རི་རབ་ཏུ་གསལ་བའི་འོག་ཏུ་དགྲ་བགེགས་འགུགས་བསྟིམ་བྱས་ནས་ཡེ་ཤེས་ཀྱི་གླུ་བྲོས་དུག་ལྔའི་རྟོག་ཚོགས་ཀྱི་དགྲ་བགེགས་ཐམས་ཅད་རང་སར་གྲོལ་བའམ་གནན་པར་བྱས་ལ། ༀ༷་སོགས་རིགས་ལྔའི་སྙིང་པོ། ལཾ་ནི་རངས་པའི་ལས་ལ་བསྔགས་པ་ས་ཡི་སྙིང་པོ། ས༷རྦ༷་ཤ༷་ཏྲུཾ༷་སོགས་དགྲ་བགེགས་ཐམས་ཅད་ཀྱི་ལུས་ངག་ཡིད་

གསུམ་རངས་པར་མནན། རྒྱ་རྒྱ་རྒྱ༔ དེ༵་ན༷ས་ན༷ང་དུ༷་ལོ༷ག་ན༷ས་སོགས་ཡིག་ཆུང་ངོ་། བདག་ཉིད་སྤྱི་གཙུག་སོགས་ནས་ཤེལ་གོང་ལྟ་བུར་གྱུར༔ ཞེས་པས་རང་གི་སྤྱི་གཙུག་ཏུ་པད་ཟླ་ལ་གནས་པའི་རྡོར་སེམས་ཀྱི་ཐུགས་ཀར་ཟླ་བའི་སྟེང་དུ་རྡོ་རྗེའི་ལྟེ་བར་ཧཱུྃ་མཐར་ཡིག་བརྒྱས་བསྐོར་བ་ལས་བདུད་རྩིའི་རྒྱུན་བབས་པས་ཉམས་ཆགས་སྡིག་སྒྲིབ་ཐམས་ཅད་དག་པར་བསམས་ལ། ཐབས་ཀྱི་རང་བཞིན་རྡོ་རྗེ་ཐུགས་ཀར་གསོར། ཤེས་རབ་ཀྱི་རང་བཞིན་དྲིལ་བུ་རྒྱུན་ཆགས་སུ་དཀྲོལ། ཐབས་ཤེས་གཉིས་སུ་མེད་པའི་ཡི་གེ་བརྒྱ་པ་དང་། བདེ་ཆེན་གྱི་ངོ་བོ་ཨཱ་ཱལི་བཅུ་དྲུག །སྟོང་ཉིད་ཀྱི་ཀཱ་ལི་སོ་བཞི་བརྗོད་པ་ནི། རྡོ་རྗེ་རྩེ་མོ་ལས། རྡོ་རྗེ་དྲིལ་བུ་དཀྲོལ་བ་ཡིས། །ཆོ་ག་ཆད་དམ་ལྷག་ཀྱང་རུང་། །འགྲུབ་འགྱུར་ཉེས་པ་མི་འབྱུང་ངོ་། །ཞེས་དང་། དཔལ་མཆོག་ལས། བསྒྲུབ་པའི་ཆོ་ག་ཐམས་ཅད་ལ། རྡོ་རྗེ་དྲིལ་བུ་རབ་བསྐུལ་བས། །ཆོ་ག་ལྷག་ག །མ་མ་ཚང་ཡང་། །འགྲུབ་འགྱུར་སྨད་པར་མི་བྱའོ། །ཞེས་སོ། །དེ་ལྟར་བདེ་སྟོང་གཉིས་སུ་མེད་པའི་དོན་ལ་མཉམ་པར་བཞག་ནས། ཀུ༷ན་གཞི༷་མ༷་བཅོ༷ས་པ་ཀ་དག་གི་ཀློ༷ང་ཡང༷ས་པ་ཆེན་པོ་དེའི་ངང༷་ཉི༷ད་ལ༷ས། ར༷ང་གི་རི༷ག་པ་གས༷ལ་ཞིང་སྟོ༷ང་ལ། ཡེ༷་ན༷ས་འགྱུར་བ་མེད་པའི་སངས་རྒྱས་ཀུ༷ན་ཏུ༷་བཟ༷ང་པོ་དང་། ཆོས་ཐམས་ཅད་གདོ༷ད་ན༷ས་མ༷་སྐྱེ༷ས་པ་བདེ༷་བ་ཆེ༷ན་པོ་སྟོང་ཉིད་ཀྱི་རང་བཞིན་ཀུ༷ན་ཏུ་བཟ༷ང་མོ༷་གཉིས་དབྱེ༷ར་མེ༷ད་པའི་ངང་དེ་ཉིད་དུ་མ༷་བཅོ༷ས་པར་མཉམ་པར་བཞག་པའི་ཚེ་ན་མི་འགྱུར་བའི་བདེ༷་བ༷་ཆེ༷ན་པོ༷འི་ཡེ་ཤེས་ཀྱི་རང་བཞིན་ལ༷། བསྐ༷ང་བྱ་ད༷ང་བཤ༷ག་པ༷ར་བྱ་བའི་ཡུ༷ལ་ལ༷ས་ཡེ༷་ན༷ས་འད༷ས་པས་སྐོང་དང་བཤགས་པར་བྱེད་པ་པོ་རྣམས་ཀྱིས་དོན་འདི་༷ལྟ༷ར་རྟོ༷གས་ན༷་བསྐ༷ང་བ་དང་བཤ༷གས་པ་རྣམས་ཀྱི་མཆོ༷ག་ཏུ༷་འགྱུ༷ར་རོ། །ཞེས་སོ། །དེ༷་

ན༷ས་ལྷ༷་ལ༷་བཟོ༷ད་པར༷་གསོ༷ལ་བ༷་ནི༷། ཧོ༷་ཞེས་ངོ་མཚར་ནས་དེ་ལྟར་ཀ་དག་ཆེན་པོའི་རང་བཞིན་མ་རྟོགས་པར་བློ་འཁྲུལ་བའི་དབང་དུ་སོང་བ་ཐམས་ཅད་ཀློང་ཆེན་ཡངས་པའི་ངང་དུ་བཟོད་པར་མཛོད་ལ། ཚངས་པ་མཆོག་གི་དངོས་གྲུབ་བདག་ལ་སྩལ་དུ་གསོལ་སྙམ་ལ། ག༷ང་ཡ༷ང་བད༷ག་བློ༷་སོགས་བརྗོད་པའོ། །གཉི༷ས་པ༷་བཀྲ་༷ཤི༷ས་བརྗོ༷ད་པ༷་ནི༷། ནམ་མཁའ་གང་བའི་ཞི་ཁྲོ་རབ་འབྱམས་ལྷ་ཚོགས་ཐམས་ཅད་ཀྱིས་གཞི་ལམ་འབྲས་གསུམ་ཀུན་ཏུ་དགེ་བའི་བཀྲ་ཤིས་ཀྱི་དབྱངས་དང་མེ་ཏོག་གི་ཆར་ཕབ་པར་བལྟས་ལ། སྐབས་འདིའི་ༀ༷་ནི་མཆོག་གི་དོན་དང་། སྐུའི་ངོ་བོར་དྲན་ལ། ངོ་བོ་སྟོ༷ང་ཞི༷ང་གང་ཟག་དང་ཆོས་ཀྱི་བད༷ག་གཉིས་མེ༷ད་པས་ཀ་༷ད༷ག་ཟང་ཐལ་ཆེན་པོའི་སྐུ་དང་ཡེ་ཤེས་སོགས་ཡོན་ཏན་ཐམས་ཅད་ལྷུ༷ན་གྱིས་གྲུ༷བ་པ་ཀུ༷ན་ཏུ༷་བཟ༷ང་པོ༷འི་བཀྲ༷་ཤི༷ས་ག༷ང་ལ༷གས་པ༷། དེ་ཉིད་ཐོག་མཐའ་བར་གསུམ་དུ་དགེ་བས་ན་དམ༷་པ༷་མཆོག་གི་རང་བཞིན་དེ༷ས་ཀྱ༷ང་དེ༷ང་བསྒྲུབ་པའི་གནས་འདི༷ར་བདེ༷་ལེག༷ས་སུ་ཤོ༷ག་ཅིག་ཅེས་སྨོན་པའི་ཚིག་གིས་མཐའ་བརྒྱན་པའོ། །གསུང་གིི་ངོ་བོ་དྲན་པས་ཨཱ༷ཿདང་། གས༷ལ་འཚེ༷ར་སོགས་གོ་སླ་ལ། གཞི༷་ཡི༷་བཀྲ༷་ཤི༷ས་ཀ་དག་གི་བཙན་ས་ཟིན་པར་ར༷ང་རྒྱུ༷ད་དུ༷ལ་བ༷ར་ཤོ༷ག །དང་ལ༷མ་གྱི༷་བཀྲ་༵ཤི༷ས་བསྐྱེད་རྫོགས་རྣམ་པ་གཉིས་ཀྱིས་གཞ༷ན་རྒྱུ༷ད་སྦྱོ༷ང་བ༷ར་ཤོ༷ག་དང་། འབྲ༷ས་བུའི༷་བཀྲ་༷ཤི༷ས་ཀ་དག་གི་གཞི༷་ཐོ༷ག་ཏུ་སྨི༷ན་ཏེ་སངས་རྒྱས་པ༷ར་ཤོ༷ག་སོགས་སོ། །གསུ༷མ་པ༷་བསྔོ༷་བ༷་སྨོ༷ན་ལ༷མ་གད༷བ་པ༷་ནི༷། དུས་གསུམ་ཀུན་ཏུ་བསགས་པའི་དགེ་ཚོགས་ཐམས་ཅད་བསྔོ་བྱ་བསྔོ་བྱེད་བསྔོ་ཡུལ་འཁོར་ལོ་གསུམ་མི་དམིགས་པ་རང་གཞན་དོན་དུ་བསྟན་ནས་སེམས་ཅན་ཐམས་ཅད་སྐུ་གསུམ་གྱི་རྒྱལ་བའི་གོ་

འཕང་ཐོབ་པར་སྨོན་པ་ནི། ན༷་མོ༷་འཁོ༷ར་གསུ༷མ་སོགས་སོ། །དེ་ལྟར་ཡང་བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་ནས་གསུངས་པའི་དོན། ཇི་ལྟར་ཆུ་ཐིགས་རྒྱ་མཚོ་ཆེ་ནང་ལྷུང་། །རྒྱ་མཚོ་མ་སྐམ་བར་དུ་དེ་མི་ཟད། །དེ་བཞིན་བྱང་ཆུབ་ཡོངས་བསྔོས་དགེ་བ་ཡང་། །བྱང་ཆུབ་མ་ཐོབ་བར་དུ་དེ་མི་ཟད། །ཅེས་དང་། སྨོན་ལམ་ནི། ཨོ་རྒྱན་ཆེན་པོས། དད་དང་སྙིང་རྗེས་ཀུན་བསླངས་ནས། །གཞན་དོན་བྱང་ཆུབ་སེམས་ཀྱི་ཕྱིར། །བསྔོ་བ་སྨོན་ལམ་གྱིས་བསྒྱུར་ཏེ། །ཞེས་སོ། །བཞི༷་པ༷་ལྷ༷་ཚོ༷གས་རྟེ༷ན་ལ༷་བཞུགས་པ་སྤྱི་ལྟར་དང་། ཡང་གཤེ༷གས་སུ༷་གསོ༷ལ་བ༷་ནི༷། ༀ༷་གདོད་མའི་སངས་རྒྱས་ཁྱེ༷ད་ཀྱི༷་སྐུ་གསུམ་གྱི་རོལ་པ༷ས་ཡེ་ནས་སེམ༷ས་ཅ༷ན་གྱི་དོ༷ན་རྣམ་པ་ཀུ༷ན་ཏུ་མཛ༷ད་པ་དེ་བཞིན་དུ། དེང་འདིར་ཡང་རྟོ༷གས་པ༷་མངོ༷ན་དུ་གྱུ༷ར་པའི་དངོ༷ས་གྲུ༷བ་སྩོ༷ལ་ཅིག །རྗེས་སུ་འགྲོ༷་བ༷་སེ༷མས་ཅ༷ན་ཀུན་གྱི་དོན༷་གྱི་སླ༷ད་དུ༷། བད༷ག་གི༷ས་སྤྱ༷ན་འདྲེ༷ན་ཅིང་གསོ༷ལ་བ་འདེ༷བས་པའི་དུ༷ས་སུ། ཆོས༷་སྐུ༷་སྐྱེ་བ་མེད་པའི་དབྱིི༷ངས་ན༷ས་འགག་མེད་ཡེ་ཤེས་ཀྱི་སྐུར༷་བཞེ༷ངས་ལ༷་སླ༷ར་ཡ༷ང་འབྱོ༷ན་པ༷ར་མཛ༷ད་དུ༷་གསོ༷ལ། ཞེས་ཞུ་བའོ། །ༀ༷་སྐུ་དང་ཡེ་ཤེས། བ༷ཛྲ༷་རྡོ་རྗེའི་དབྱིངས་ན། མུ༷ཿགཤེགས་སུ་གསོལ་ལོ། །འདི་ཡན་གྱི་རྟེན་གཞལ་ཡས་ཁང་བརྟེན་པ་ལྷ་དང་བཅས་པའི་བསྐྱེད་རིམ་གྱི་རྣལ་འབྱོར་སྐོར་རྣམས་ནི་སྤྲོས་བཅས་བུམ་དབང་གི་ཚུལ་བཞིན་དུ་བསྒོམ་པ་སྟེ། བརྟན་གཡོ་ཕུང་ཁམས་སྐྱེ་མཆེད་ཀྱི་སྒྲིིབ་པ་སྦྱང་བ། ཀུན་རྫོབ་ཀྱི་སྣང་བ་ཐམས་ཅད་དག་པ་ལྷའི་བཀོད་པ་མངོན་དུ་གྱུར་པའི་འབྲས་བུ་ཐོབ་པའོ། །རྗེ༷ས་སུ༷་རྫོ༷གས་པ༷འི་རི༷མ་པ༷་བསྒོ༷མ་པ༷་ནི༷། རྟག་མཐའ་བསལ་ཕྱིར་དུ་སྒོ་གསུམ་གྱིས་བསྡུས་པའི་ལྷ་སྔགས་ཡེ་ཤེས་སུ་ཤར་བ་ཐམས་ཅད་སྐྱེ་མེད་ཀྱི་ཀློང་དུ་བཞག་ལ། གཟུ༷གས་སྣ༷ང་ཐ༷མས་ཅ༷ད་སོགས་ནས།

ཐུ༷གས་དགོ༷ངས་མ༷་བཅོ༷ས་སྐྱེ༷་མེ༷ད་ང༷ང་ལ༷་བཞ༷ག༔ སོགས་གོང་ལྟར་རོ། །དེ་ལྟར་ཏིང་འཛིན་སེམས་དཔའ་དང་ནཱ་ད་ལ་དམིགས་པ་ལམ་དུ་བྱེད་པས་ཡིད་ཀྱི་རྟོག་ཚོགས་སྤྱི་དང་འདའ་ཀ་མའི་ལས་དང་། བཀོད་པ་བྱང་ཆུབ་སེམས་ཀྱི་སྒྲིབ་པ་དག་སྟེ། ཤེར་དབང་གི་དོན་རྫོགས་པས་འབྲས་བུ་ཆོས་ཀྱི་སྐུའི་སྐལ་བ་རང་བཞིན་ལྷུན་གྲུབ་ཏུ་སྨིན་པའོ། །རྫོགས་རིམ་སྤྲོས་བྲལ་གྱི་མཉམ་བཞག་དེ་ལས། བས༷མ་དུ༷འང་མེ༷ད་དེ་སེ༷མས་ཉི༷ད་ཡོད་མེད་ཡིན་མིན་སོགས་ཀྱི་བློས་བརྟག་དཔྱད་ཀྱི་ཡུལ་ལས་འདས་པ། རྡོ་རྗེ་སེམས་དཔའ་ན༷མ་མཁ༷འ་ཆེའི༷་དགོངས་པ་དང་། འདི་ལྟར་ཡིན་ཅེས་ཚིག་གི་སྨྲ་བརྗོ༷ད་དུ༷འང་བྱར་མེ༷ད་དེ༷་རྣ༷མ་ཤེ༷ས་གཟུ༷གས་ད༷ང་བྲ༷ལ་བ་ཚོགས་བརྒྱད་ཀྱི་ཡུལ་ལས་འདས་པ་བློ་བྲལ་རྫོགས་པ་ཆེན་པོའི་དོན་ལ་ཨ༷་ཨ༷་ཨ༷ཿཞེས་སྐྱེ་འགག་གནས་གསུམ་གྱི་མཐའ་ཐམས་ཅད་དང་བྲལ་བའི་ངང་དུ་གཞག་བྱ་འཇོག་བྱེད་དང་བྲལ་བར་བཞག་པའོ། །དེ་ལྟར་བསམ་བརྗོད་ལས་འདས་པ་གཟོད་མའི་དེ་བཞིན་ཉིད་དུ་ལ་བཟླས་པས་ཀུན་གཞིའི་ལས་དང་འོག་འགྱུ་ཤེས་བྱའི་སྒྲིབ་པ་དག་སྟེ། ཚིག་དབང་རིན་པོ་ཆེའི་དོན་རྫོགས་པས་འབྲས་བུ་ངོ་བོ་ཉིད་སྐུའི་སྐལ་བ་རང་བཞིན་ལྷུན་གྲུབ་ཏུ་སྨིན་པའོ། །དེ་ལྟར་མཉམ་བཞག་གི་ལྟ་བ་ལས་ལངས་ཏེ། ཆད་མཐའ་བསལ་ཕྱིར་ཟ་འཆག་ཉལ་ལྡང་གི་སྤྱོད་ལམ་རྣམ་པ་བཞིའི་རྗེས་ཐོབ་ཀྱི་དུས་སུ། སྐ༷ད་ཅི༷ག་གིས་སྟོང༷་གས༷ལ་གྱི་རིག་པ་ཡེ་ཤེས་ཆེ༷ན་པོ༷འི་ང༷ང་དེ་ཉིད༷་ལ༷ས། ཆུ་ལས་ཆུ་བུར་རྡོལ་བ་ལྟ་བུར་རང་ཉིད་རྡོ༷་རྗེ༷་སེ༷མས་དཔ༷འི་བསྐྱེད་རིམ་གྱི་ང༷་རྒྱ༷ལ་དང་མ༷་བྲ༷ལ་བ༷ར། སྣ༷ང་བ་དང་སྟོང༷་བ་དབྱེར་མེད་པ་སྒྱུ༷་མ༷་མཁན་གྱི་སྒྱུ་མའི་རོལ་པ་ལྟ༷་བུ༷འི་ང༷ང་ན༷ས་སྤྱོད༷་ཅིག་

ཅེས་པའོ། །འདིས་སྐྱེ་གནས་རྣམ་བཞིར་བརྟེན་པའི་སྐྱེ་སྲིད་ཀྱི་བག་ཆགས་སྦྱངས། གང་འདུལ་སྤྲུལ་བའི་སྐུས་སེམས་ཅན་གྱི་དོན་འབད་མེད་ལྷུན་གྲུབ་འབྱུང་བའི་འབྲས་བུ་ཐོབ་པའོ། །སྐྱེ་འཆི་བར་དོ་སྦྱང་བའི་རིམ་པ་དེ་རྣམས་ཀྱི་སྐབས་སུ་རྒྱུད་གསུམ་སྦྲེལ་བའི་ང་རྒྱལ་ཡང་བྱའོ། །འདི་མན་གྱི་གཞུང་ཚིག་གི་ཡིག་ཆུང་གོ་སླ་བས་དོན་བཀྲལ་མི་དགོས་སོ། །སྨྲས་པ། སྦྱང་གཞི་གཉུག་མ་རྡོ་རྗེའི་སེམས་ནི་དོན་དམ་དུ་ཡོད་འདུས་མ་བྱས། །སྦྱང་བྱ་གློ་བུར་ཀུན་རྫོབ་ཏུ་ཡོད་མ་དག་འཁོར་བའི་རྒྱལ་ཁམས་འདིར། །སྦྱོང་བྱེད་རིམ་གཉིས་ཟུང་འཇུག་སྦྱོར་བས་ཡང་དག་འོག་མིན་ཆེར་བྱས་པས། །སྦྱངས་འབྲས་དྲི་བྲལ་སྲིད་ཞིའི་སྲོག་བཅུད་མི་ཤིགས་ཐིག་ལེ་གཅིག་ཏུ་འདྲེན། །སྣང་བ་མ༷་སྤ༷ང༷ས་སྟོང་པ་ར༷ང་གྲོ༷ལ་ཞི་དང་ཁྲོ་བོ་རབ་འབྱམས་སྐུ། །སྒྲ་གྲགས་མ༷་སྤ༷ང༷ས་གྲགས་སྟོང་རང་༷གྲོ༷ལ་དམ་པ་རིགས་བརྒྱའི་སྙིང་པོའི་གསུང་། །དྲན་རྟོགས་མ༷་སྤང༷ས་རིག་སྟོང་རང༷་གྲོ༷ལ་རྒྱལ་བ་རྒྱ་མཚོའི་ཡེ་ཤེས་ཐུགས། །འཁོར་བ་མ༷་སྤང༷ས་མྱང་འདས་ར༷ང་གྲོ༷ལ་མཉམ་ཉིད་ལམ་འདི་རྨད་དུ་བྱུང་། །དེང་འདིར་ཀེ་ལ་ཤ་ཡི་ལྗོངས་འདི་རུ། །རྒྱུད་དོན་ནོར་འཛིན་བུ་མོའི་མཁའ་ཀློང་གཏེར། །ཤེས་རློམ་སོ་སྐྱེའི་བློ་ཡི་བབ་ཅོལ་ལ། །འདི་ཕྱིའི་འདུན་མ་གཅིག་དྲིལ་ཀྱེ་མ་ཧུད། །མཆོག་གསང་རྡོ་རྗེ་རྩེ་མོར་འཇུག་འདོད་རྣམས། །ཡེ་ཤེས་ཌཀྐིའི་ཞལ་རླངས་ཐོ་ལེ་བར། །སྤྱོད་འདི་སྐལ་བ་བཟང་ཡང་འགལ་འདུའི་ཚིག །ལྷན་པ་གདབ་ལ་ཡིད་བརྟན་རུང་མིན་ཕྱིར། །དབྱིངས་རིག་དབྱེར་མེད་གདངས་རྩལ་ཞི་དང་ཁྲོའི། །སྒྲུབ་ཐབས་རྡོ་རྗེའི་བཀའ་ཡི་སྒྲོམ་བུ་ལ། །ལྷ་ཀླུ་མི་ཡི་མ་ཡིན་ཟབ་དོན་ནོར། །ཡིད་བཞིན་རྒྱ་ཆེན་བཀྲལ་དུ་ཡོད་མོད་ཀྱང་། །བདག་བློ་མེ་ཏོག་

ཟས་ཅན་སྔོན་ནས་དེང་། །སྦྱངས་ཡོན་གཤོག་རྩལ་མ་རྫོགས་སྒྲིབ་པའི་སྨག །འཐུག་པོར་བྱིང་བས་ཟབ་གསང་ནམ་མཁའི་ཀློང་། །ཇི་བཞིན་ཕ་མཐའ་སྙེགས་པའི་གོ་སྐབས་ཅི། །འོན་ཀྱང་སྔོན་བྱོན་མཁས་གྲུབ་བཀའ་དྲིན་དང་། །གསང་ཆེན་ངེས་པའི་རྒྱུད་སྡེ་བཅུ་དང་བདུན། །སྒྱུ་འཕྲུལ་སྐོར་དང་རང་གཞུང་སོགས་བརྟེན་ལས། །ཞྭ་དཔེ་ལྷམ་གྱིས་བྱས་པ་འདི་ན་མེད། །གཞན་ལུགས་ན་ཡང་འཁྱོགས་པོར་འགྲེལ་ལ་སོགས། །མ་ཡིན་རྡོ་རྗེའི་ཚིག་གི་འབྲུ་དེ་ཉིད། །ཚད་མ་གསུམ་གྱིས་ལེགས་པར་གཞལ་ནས་འགྲེལ། །ཀུན་ཏུ་བཟང་པོའི་དགོངས་རྒྱན་འདི་བྱས་སོ། །དེ་ལྟར་བསྟན་བཅོས་བརྩམས་པ་ཡི། །ཐོས་བསམ་སྒོམ་པའི་ཤེད་མོང་དང། །རིགས་རུས་འབྱོར་པའི་སྤུན་མེད་ཕྱིར། །རྨི་ལམ་ན་ཡང་མ་སེམས་ཀྱང་། །མཚུངས་པ་མེད་པའི་རྣམ་དཔྱོད་ཅན། །བླ་མ་ཐེག་མཆོག་རབ་རྒྱས་ཀྱིས། །ནན་ཏན་ཆེན་པོའི་གསུང་བསྐུལ་དང་། །གཞན་འགས་ལེགས་སོས་དབུགས་དབྱུང་ཕྱིར། །བྲིས་ལ་ཉེས་པའི་ཆ་མཆིས་ན། །སྔོན་བསགས་སྡིག་དང་ལྷན་ཅིག་བཤགས། །དགེ་བས་ཟབ་གསང་བསྟན་པ་ལ། །འཇུག་ཅིང་ཕན་པའི་གྲོགས་བྱེད་ཤོག །བདག་བློ་ལས་བྱུང་མེ་སྒྲོན་གྱི། །སྣང་བ་འདིས་ཀྱང་ཟབ་ཆོས་འདི། །སྤྱོད་ལ་ཚེ་འདིར་དངོས་གྲུབ་མཆིས། །འགྲུབ་པར་རྒྱལ་བས་བྱིན་གྱིས་རློབས། །འདིར་འབད་དགེ་དང་དུས་གསུམ་དགེ་ཚོགས་ཆུ་ཀླུང་ཀུན། །བྱང་ཆུབ་མཆོག་གི་རྒྱ་མཚོར་ཡོངས་ཐིམ་བདག་གཞན་འགྲོ། །གདོད་མའི་མགོན་པོའི་གོ་འཕང་མཆོག་ལ་མ་རེག་བར། །མཆོག་གསང་བསྟན་པ་ཕྱོགས་མཐར་ཀུན་ཏུ་དར་རྒྱས་ཤོག །ཅེས་པ་འདི་ནི་ཐེག་མཆོག་འགྲོ་འདུལ་གླིང་གི་རིགས་པ་སྨྲ་བ་རྣམས་ཀྱི་ཐ་ཤལ་བ་པདྨ་དབང་ཕྱུག་གྲགས་པས་དུས་ཚེས་དགེ་བར་གྲུབ་པར་བགྱིས་པ་སརྦ་མངྒ་ལཾ། །།


previousཞི་ཁྲོ་འདུས་པའི་ལས་བྱང་ཚོར་བ་རང་གྲོལ་གྱི་འབྲུ་འགྲེལ་ཀུན་ཏུ་བཟང་པོའི་དགོངས་རྒྱན།next