Nitartha Digital Library
Tibetan
 
previousསྐོང་བཤགས་ཉམས་ཆགས་རང་གྲོལ་གྱི་འགྲེལ་བ་མ་རིག་རང་གྲོལ།next

སྐོང་བཤགས་ཉམས་ཆགས་རང་གྲོལ་གྱི་འགྲེལ་བ་མ་རིག་རང་གྲོལ།

ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་གྱི་སྐོང་བཤགས་ཉམས་ཆགས་རང་གྲོལ་གྱི་འགྲེལ་བ་མ་རིག་རང་གྲོལ་ཞེས་བྱ་བ། །

རིག་སྟོང་འཛིན་མེད་འོད་གསལ་གཉུག་མའི་གཤིས། །མ་འགགས་ཀུན་ཏུ་བཟང་པོའི་ཡེ་ཤེས་གར། །རབ་འབྱམས་རྒྱལ་ཀུན་སྤྱི་གཟུགས་བསྟན་འགྲོའི་མགོན། །དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས། །མཐའ་བྲལ་ལྟ་བ་མཉམ་པ་ཉིད་འདུད་ནས། །ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་ལས། །བསྐང་བཤགས་ཉམས་ཆགས་མ་སྤངས་རང་གྲོལ་གྱི། །གོ་དོན་རགས་རིམ་མ་རིག་རང་གྲོལ་བྲི། །དེ་ལ་དང་པོ་ཕྱི་ཐུན་མོང་རྫས་ཀྱི་སྐོང་བའི་སྐབས། གླིང་བཞི་གླིང་ཕྲན་ལྕགས་རི་ཉི་ཟླ་སོགས་བསམ་གཏན་དང་པོའི་གནས་མན་ཆད་ཚངས་པའི་འཇིག་རྟེན་སྟོང་ལ་ལྕགས་རི་གཅིག་གིས་ཡོངས་སུ་བསྐོར་བ་སྟོང་སྤྱི་ཕུད་དུ་གྲགས་པའི་སྟོང་ཆུང་ངུའི་འཇིག་རྟེན་དང་། སྟོང་ཆུང་ངུ་སྟོང་ལ་ལྕགས་རི་གཅིག་གིས་བསྐོར་བ་སྟོང་བར་མའི་འཇིག་རྟེན་ཁམས་ཞེས་བསམ་གཏན་གསུམ་པའི་གནས་མན་ཆད། སྟོང་བར་མ་སྟོང་ལྕགས་རི་གཅིག་གིས་ཡོངས་སུ་བསྐོར་བ་ལ་སྟོ༷ང་གསུམ༷་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཞེས་བསམ་གཏན་བཞི་པའི་གནས་མན་ཆད་འདི༷འམ༷་དེར་མ་ཟད་རབ་འབྱམས་ཆོས་ཀྱི་དབྱིངས་ནམ་མཁའི་མཐའ་ཀླས་པས་ཡོངས་སུ་ཁྱབ་པའི་སྟོང་གསུམ་གཞ༷ན་དག༷་རྣམས་ན༷། ལྷ༷་རྫ༷ས་མཆོ༷ག་གི༷་ཡོ༷ན་ཆ༷བ་དང༷་། མེ༷་ཏོ༷ག་དང་༷། བདུག༷་སྤོ༷ས་དང་༷། སྣང་༷གས༷ལ་དང་། དྲི༷་ཆ༷བ་དང་།

ཞལ༷་ཟས༷་དང་། རོ༷ལ་མོ༷་རྣམས་ཇི་སྙེད་ཡོད་པ་དེ་དག་ཐམས་ཅད་འདི་ན་བཤམས་པའི་དངོས་རྫས་རྒྱུ༷་ཕུན་སུམ་ཚོགས་པ་ལ། རྐྱེ༷ན་སྔགས་དང་ཕྱག་རྒྱ་ཏིང་ངེ་འཛིན་རྣ༷མ་པར༷་དག༷་པས་ཡོངས་སུ་སྤྲུལ་པའི་བླ༷་ན་མེ༷ད་པ་མཆོ༷ག་གི༷་མཆོ༷ད་པ༷་འདི༷་ཡིས་མཚོན་ཏེ་བཅོ༷མ་ལྡ༷ན་འདས་ཞི༷་བ་དང་ཁྲོ༷་བོའི་དཀྱིལ་འཁོར་རབ༷་འབྱ༷མས་ནམ་མཁའི་མཐའ་ཀླས་པ་ད༷ང་། སྲུང་མ་ད༷མ་ཅ༷ན་རྒྱ༷་མཚོ༷་ལ༷་སོ༷གས་པ༷འི་དཀྱི༷ལ་འཁོ༷ར་ལྷ༷་ཚོ༷གས་རྣམས་ཀྱི་ཐུ༷གས་ད༷མ་ཡོངས་སུ་ུབསྐ༷ང་བར་བགྱིའོ། །དེ་ལྟར་ཐུགས་དམ་བསྐ༷ང་པར་གྱུ༷ར་པའི་མཐུས་མཆོག་ཐུན་གྱི་དབ༷ང་ད༷ང་དངོ༷ས་གྲུ༷བ་མ་ལུས་ཤིང་ལུས་པ་མེད་པར་བསྐུར་དུ་མེད་པའི་དབང་། ཐོབ་པ་མེད་པའི་དངོས་གྲུབ་སྩོལ་བར་མཛོད་ཅེས་པའི་དོན་དང་། དམ་ཚིག་ཉ༷མས་ཆ༷གས་ཐ༷མས་ཅ༷ད་སོར་ཆུད་ནས་གདོད་མའི་ཀློང་དུ་བསྐ༷ང་བར་གྱུ༷ར་ཅི༷ག་དང་། རྣམ་པར་རྟོག༷་པས་བཏགས་པའི་སྒྲི༷བ་པ༷་ཐ༷མས་ཅ༷ད་བྱ༷ང་བར་གྱུ༷ར་ཅི༷ག །ལ༷ས་འཕྲོ་ང༷ན་པས་བསགས་པའི་སྡི༷ག་སྒྲི༷བ་ཐམས་ཅད་ད༷ག་པར་གྱུ༷ར་ཅི༷ག །ཁ༷མས་གསུ༷མ་གྱིས་བསྡུས་པའི་འཁོ༷ར་བ༷་ཐམས་ཅད་སྟོ༷ངས་པར་གྱུ༷ར་ཅི༷ག །འབྲ༷ས་བུ༷་ཆོས་ལོངས་སྤྲུལ་གསུ༷མ་གྱི་སྐུ༷་ཐོ༷བ་པར༷་གྱུ༷ར་ཅི༷ག །ཅེས་དེ་ལྟར་དུ་སྨོན་པའི་བདེན་ཚིག་ཡང་དག་པའོ། །གཉིས་པ་ཐུན་མོང་མ་ཡིན་པའི་སྐོང་བ་ལ་བཞི་སྟེ། དང་༷པོ༷་བདུ༷ད་རྩི༷་སྨ༷ན་གྱི་སྐབས། ཀུན་གཞི་ཀ་དག་ཟང་ཐལ་གྱི་དབྱིངས་ཀློང་གཅིག་ཏུ་འཁྱིལ་པ་ལ་བྷནྡྷ་སྟེ་མི་མགོའི་སྣོད་དང་། རིག་པ་བྱང་ཆུབ་སེམས་ཀྱི་འཕྲོ་འདུ་གཉིས་སུ་མེད་ཅིང་བྱར་མེད་བདེ་བ་ཆེན་པོས་ཡོངས་སུ་ཁྱབ་པ་ལ་བཅུད་བདུད་རྩིས་བཀང་བའི་སྒྲོ་

བཏགས་བྱས་པ་འདི་ཡང་སྣོད་དང་བཅུད་རང་ལས་བྱུང་བའི་རྫས་མཆོག་བླ་ན་མེད་པ་འདིས་རང་བྱུང་ཆོས་ཀྱི་དབྱིངས་ཀྱི་སྐུའི་སྐུ་གསུང་ཐུགས་གཉིས་སུ་མེད་པར་བསྐང་བར་བགྱི་ཞེས་པ་དང་། དེ་བཞིན་དུ་སྟོང་གསལ་གཉིས་སུ་མེད་པ་བློ་གྲོས་ཀྱི་རྩལ་མདངས་བྷནྡྷ་དང་། ཡེ་ཤེས་ཀྱི་འཆར་སྒོ་འགག་མེད་སྒྲིབ་མེད་དུ་གསལ་བའི་བདུད་རྩིས་བཀང་བའི་རྫས་མཆོག་བླ་ན་མེད་པས་བདེ་ཆེན་ལོངས་སྤྱོད་རྫོགས་སྐུའི་ཐུགས་དམ་འདུ་འབྲལ་མེད་པར་བསྐང་བར་བགྱིའོ། །ཞེས་དང་། ཀ་དག་མཆོག་གི་འོད་གསལ་བྷནྡྷ་དང་། ལྷུན་གྲུབ་ཐིག་ལེའི་འཆར་སྒོའི་བདུད་རྩིས་བཀང་བའི་རྫས་མཆོག་བླ་ན་མེད་པས་ཐུགས་རྗེ་སྤྲུལ་སྐུའི་ཐུགས་དམ་དབྱེར་མེད་དུ་བསྐང་བར་བགྱིའོ། །ཡེ་ཤེས་རྩ་ནི་དབུ་མ་སྙིང་ཁ་ཆོས་ཀྱི་འཁོར་ལོའི་རྩ་ཡི་རྩ་བ་འདབ་མ་བཞི་སྟེ། མདུན་ཆོས་ཉིད་གཡས་ཡེ་ཤེས་གཡོན་ཡོན་ཏན་རྒྱབ་རང་རྒྱུད་ཀྱི་རྩ་ཡི་བྷནྡྷ་དང་། རྩ་དེ་དག་རྣམས་ནི་དོན་དམ་འོད་གསལ་སྐྱེ་བ་མེད་པ་ཡི་གེ་ཨ་དཀར་པོའི་རང་བཞིན་དུ་གནས་པའི་བདུད་རྩིས་བཀང་བ་རྫས་མཆོག་བླ་ན་མེད་པས་རང་བྱུང་ཞི་བའི་ལྷ་ཚོགས་ཐུགས་དམ་གནས་སུ་དག་པའི་ཚུལ་དུ་བསྐང་བར་བགྱིའོ། །དོན་དམ་ཡེ་ཤེས་ལྔའི་རང་བཞིན་གྱི་བྷནྡྷ་དང་། ཤེས་རབ་སྟོང་པའི་རང་བཞིན་གྱི་གསལ་སྣང་གཉིས་སུ་མེད་པའི་བཀང་བའི་རྫས་བླ་ན་མེད་པས་རང་ཤར་ཁྲོ་བོའི་ལྷ་ཚོགས་ཀྱི་ཐུགས་དམ་གནས་འགྱུར་གྱི་ཚུལ་དུ་བསྐང་བར་བགྱིའོ། །སྟོང་གསུམ་འཇིག་རྟེན་ཁམས་སྣོད་ཀྱི་བྷནྡྷ་དང་། རང་རྩལ་ནང་བཅུད་ཀྱི་སེམས་ཅན་ཀུན་གྱི་བདུད་རྩིས་བཀང་བའི་རྫས་བླ་ན་མེད་པ་རྣམ་འཕྲུལ་བཀྲམ་པའི་ལྷ་ཚོགས་ཀྱི་ཐུགས་དམ་བསྐང་བྱ་སྐོང་བྱེད་གཉིས་མེད་དུ་བསྐང་བར་བགྱི་ཞེས། དེ་དག་ཐམས་ཅད་མཚོན་བྱ་དོན་གྱི་བདུད་

རྩི་སྟེ། མཚོན་བྱེད་རྫས་ཀྱི་བདུད་རྩི་དངོས་སུ་བཤམས་པ་འདིས་མཚོན་འབུལ་བར་བགྱིས་ཏེ་སོ་སོའི་དུས་དྲན་དགོས་པའི་གནད་དོ། །གཉི༷ས་པ་༷ར༷ཀྟ༷འི་སྐབས། སྤྱི་མགྲིན་སྙིང་ལྟེ་གསང་གནས་རྣམས་ཏེ་རྩ་འཁོར་ལྔ་ལ་རང་ལུས་གཞན་ལུས་གང་གི་ཚེ་ཡང་ཡས་ཀྱི་དགའ་བདེའི་དོན་བདེ་སྟོང་གཉིས་སུ་མེད་པའི་ཟུང་འཇུག་གི་ཡེ་ཤེས་ལ་ཁྲག་གི་སྒྲས་མཚོན་བྱ་དོན་གྱི་རཀྟ་མཚོན་ཏེ་འབུལ་བའི་ཚིག་གོ །དེ་ཡང་ཅུང་ཟད་སྤྲོ་ན་དབུ་མའི་ཡར་སྣེར་ཐབས་ཀྱི་ཁམས་བདུད་རྩི་ཧཾ་ཡིག་དང་། མས་སྣེར་ཤེས་རབ་ཀྱི་ཁམས་ཨ་ཐུང་གི་ཁམས་རྣམ་པར་གནས་པ་ཐབས་ཀྱིས་བསྐུལ་བས་ཨ་ཤད་ཀྱི་རེག་བྱའི་སྟོབས་ཀྱིས་སྤྱི་གཙུག་བདེ་ཆེན་འཁོར་ལོའི་རྩ་འདབས་ཀྱི་བྷནྡྷར་ཟླ་བ་ཧཾ་ཡིག་བདུད་རྩི་ཆེར་འཕེལ་བས། སྡུག་བསྔལ་གྱི་རྟོག་པ་ཐམས་ཅད་བདེ་བ་ཆེན་པོར་རྣམ་པར་གྲོལ་བའམ་དེའི་རང་བཞིན་དུ་གྱུར་པ་ལ་རཀྟའི་སྒྲས་ཁྲག་གིས་བཀང་བ་སྟེ། གཉིས་སུ་མེད་པའི་བདེ་སྟོང་ཟུང་འཇུག་གི་ཆགས་པ་ཆེན་པོས་ཡོངས་སུ་བསྐྱེད་པར་བྱེད་པ་འདི་ཡང་རྨད་དུ་བྱུང་བའི་མཆོད་རྫས། རྒྱལ་བ་ཐམས་ཅད་ཀྱི་ཐུགས་དམ་སྐོང་བར་བྱེད་པའི་རཀྟ་སྟེ་བཅོམ་ལྡན་སོགས་སྔར་བཞིན་ནོ། །དེ་བཞིན་དུ་མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོའི་རྩ་འདབས་རྣམས་ཀྱི་བྷནྡྷ་ཡོངས་སུ་གང་བས་གཉིས་འཛིན་སྣ་ཚོགས་ཀྱི་ཡིད་རྟོག་རགས་པ་འགགས་པའི་དགའ་བའི་ཡེ་ཤེས་ཀྱི་རཀྟས་བཀང་བ་སོགས་འགྲེས་སོ། །སྙིང་ཁ་ཆོས་ཀྱི་འཁོར་ལོའི་རྩ་ཁམས་ཀྱི་བྷནྡྷར་ཁྱབ་པས་ཞེ་སྡང་ལས་གྱུར་བའི་རྟོག་པ་སོ་གསུམ་འགག་གཞན་སྣང་གི་རྟོག་པ་མེད་པའི་བསམ་གཏན་བློ་བྲལ་མཆོག་ཏུ་དགའ་བའི་ཡེ་ཤེས་ཀྱི་རཀྟས་བཀང་སོགས། ལྟེ་བ་སྤྲུལ་པའི་འཁོར་ལོའི་རྩ་ཁམས་ཀྱི་བྷནྡྷ་

གང་བས་འདོད་ཆགས་ཀྱི་རྟོག་པ་བཞི་བཅུ་འགག །ཉོན་མོངས་པའི་རྩ་མདུད་རང་སར་གྲོལ་བས་ལྷན་སྐྱེས་དགའ་བའི་ཡེ་ཤེས་ཀྱི་རཀྟས་བཀང་བ་སོགས། གསང་གནས་བདེ་སྐྱོང་གི་འཁོར་ལོའི་རྩ་ཁམས་ཀྱི་བྷནྡྷ་གང་བས་གཏི་མུག་གི་རྟོག་པ་བདུན་འགགས། ཉེར་ཐོབ་དགའ་བྲལ་གྱི་ཡེ་ཤེས་བདེ་སྟོང་འཛིན་པ་མེད་པའི་ཐིག་ལེ་ཆེན་པོའི་རཀྟས་བཀང་པ་སོགས། གཉིས་སུ་མེད་པས་སོ། །གསུ༷མ་པ༷་གཏོར་མའི་སྐབས། བྷནྡྷ་ཀ་པཱ་ལའི་གཏོར་གཞོང་གི་ནང་དུ་ཤངས་ཀྱིས་རླུང་སྒྲོམ་སྣ་ཡི་གཏོར་མ་དང་། བདེ་ཆེན་འཁོར་ལོ་འབར་བའི་མཐེབ་སྐྱུ། རྒྱང་ཞགས་ཆུ་ཡི་སྒྲོན་མ་ཞེས་མིག་གི་ཛ་གད་དེ་བདུད་རྩི། དབང་པོ་རྣམ་པ་ལྔ་ཡི་རཀྟས་བྲན་པའི་བསྐང་བའི་གཏོར་མ་བླ་ན་མེད་པ་སོགས། ཉི་ཟླ་གའུ་ནི་རོ་རྐྱང་ཉི་ཟླའི་ཁམས་དཀར་དམར་རེ་རེ་སྙིང་ཚིལ་དཀར་ནག་གི་གཏོར་གཞོང་དང་། ཙིཏྟ་སྟེ་སྙིང་གི་དཔལ་བཤོས། པདྨ་འདབ་བརྒྱད་ནི་ཆོས་དབྱིངས་འཁོར་ལོའི་རྩ་བའི་འདབ་མ་བཞི་ལས་གཉིས་གཉིས་གྱེས་པའི་ཡལ་ག་བརྒྱད་ཀྱི་མཐེབ་སྐྱུ། རྣམ་ཤེས་ཚོགས་བརྒྱད་ཀྱི་ཛ་གད། རྩ་ཆེན་བཞི་ནི་རོ་རྐྱང་གཉིས་དང་། དབུ་མ་ཀུན་འདར་མ་གཉིས་ཏེ་བཞི་ཡི་རཀྟས་བྲན་པའི་གཏོར་མ་བླ་ན་མེད་པ་སོགས། གདལ་ཁྱབ་པགས་པའི་གཏོར་གཞོང་། རུས་པ་རང་གསལ་གྱི་དཔལ་བཤོས། རང་སྣང་ཤ་ཡི་མཐེབ་སྐྱུ། བཀྲག་དང་གཟི་མདངས་ཀྱི་ཛ་གད། ཁྲག་དང་ཆུ་སེར་གྱི་རཀྟས་བྲན་པའི་བསྐང་བའི་གཏོར་མ་བླ་ན་མེད་པ་སོགས། ཁོག་པ་སྟོང་བའི་གཏོར་གཞོང་། མཆིན་པ་རང་གསལ་གྱི་དཔལ་བཤོས། གློ་བ་དང་མཚེར་བ་མཁལ་མ་རྣམས་ཀྱི་མཐེབ་སྐྱུ། གུ་ཧྱ་ནི་གསང་བའི་ནང་རོལ་ཏེ་སྙིང་གི་ཛ་གད། རང་སྣང་མཁྲིས་པའི་རཀྟས་བྲན་པའི་བསྐང་བའི་གཏོར་མ་བླ་ན་མེད་སོགས།

བཞི༷་པ་སྣང༷་གས༷ལ་སྐབས། གདལ་ཁྱབ་པགས་པའི་ཀོང་བུར། ཁྲག་དང་ཆུ་སེར་གྱི་མར་ཁུ། ཤ་དང་རུས་པའི་སྡོང་བུ། རང་གསལ་བཀྲག་མདངས་ཀྱི་སྒྲོན་མེ་སྦར་བའི་སྣང་གསལ་མར་མེའི་མཆོད་པ་འདི་ཡང་། སྣོད་རང་ལས་བྱུང་བ་དང་བཅུད་རང་ལས་བྱུང་བའི་བསྐང་བའི་ཞུན་ཆེན་བླ་ན་མེད་པ་འདི་དག་གིས་རང་བྱུང་གི་དཀྱིལ་འཁོར་ལྷ་ཚོགས་ཀྱི་ཐུགས་དམ་བསྐང་བར་བགྱིའོ། །དེ་ལྟར་སོགས། བྷནྡྷ་ཞེས་ཀ་པཱ་ལའི་ཀོང་བུར། ཀོ་རོ་ཙ་ན་ཞེས་ཀླད་པའི་མར་ཁུ། གསལ་བྱེད་རྩ་ཡི་སྡོང་བུ། དབང་པོ་ལྔ་ཡི་སྒྲོན་མེ་སྦར་སོགས། ཙིཏྟ་ཞེས་སྙིང་གི་ཀོང་བུ། སྙིང་ཚིལ་གྱི་མར་ཁུ། པདྨ་འདབ་བརྒྱད་དེ་རྩ་འདབས་ཀྱི་སྡོང་བུར། རྣམ་ཤེས་ཚོགས་བརྒྱད་ཀྱི་སྒྲོན་མེ་སྦར་སོགས། རྩའམ་ས་ཡི་དྭངས་མ་དར་དཀར་གྱི་སྐུད་པ་འདྲ། སྦོམ་ཕྲ་རྟ་རྔ་བཅུ་གཤགས་ཙམ་གྱི་ནང་ན་ཁྲག་གམ་ཆུའི་དྭངས་མ་མཚལ་ཁུ་ལྟ་བུ། མེའི་དྭངས་མ་མེ་ལོང་ཉི་མར་བཞག་པའི་ངད་ཙམ། རླུང་གི་དྭངས་མ་གསེར་ས་འོག་གི་འོད་ཙམ། ནམ་མཁའི་དྭངས་མ་བར་སྣང་གོ་འབྱེད་རྣམས་ཀྱི་ཀོང་བུར། དྭངས་མ་མི་ཤིགས་པའི་ཐིག་ལེ་ཡེ་ནས་ཡུམ་ལྔ་དང་ཡེ་ཤེས་ལྔ་སྐུ་ལྔ་དབྱེར་མེད་དུ་བཞུགས་པའི་ཕྱིར་སྒྲིབ་མེད་འོད་ལྔའི་མར་ཁུ། དོན་སྙིང་རྣམ་ལྔ་ནི། སྙིང་དང་མཚེར་བ་གློ་བ་མཆིན་པ་མཁལ་མ་རྣམས་ཀྱི་སྡོང་བུ། འགྱུ་བར་བྱེད་པ་དབུགས་ཀྱི་སྒྲོན་མེ་སྦར་སོགས། ཨ་བ་དྷུ་ཏི་ཞེས་གཉིས་སུ་མེད་པའི་རྩ་ཡི་ཀོང་བུར། རང་གསལ་ཡེ་ཤེས་ཀྱི་རང་འོད་མར་ཁུ། སྤྱི་མགྲིན་སྙིང་ལྟེ་གསང་གནས་ལྔ་ཡི་འཁོར་ལོ་དང་། གཙུག་ཏོར་ནམ་མཁའི་འཁོར་ལོ་དང་། གསང་གནས་ཀྱི་རྩེ་མོ་རྡོ་རྗེ་ནོར་བུའི་འཁོར་ལོ་སྟེ་བདུན་བརྩེགས་ཀྱི་སྡོང་བུ། ཀུནྡྷ་བྱང་ཆུབ་སེམས་ཀྱི་སྒྲོན་མེ་སྦར་སོགས། དྭངས་མ་མི་ཤིགས་པའི་ཐིག་

ལེའི་ཀོང་བུར་སྐྱེ་མེད་ཡེ་ཤེས་ཀྱི་མར་ཁུ། སྙིང་གའི་རྩ་བྲན་བརྒྱད་དང་། དབུ་མའི་ཡས་མར་གྱི་སྣེ་གཉིས་བཅས་བཅུའམ། ཡང་ན་དབུ་མའི་ཡས་སྣེ་གཉིས་བརྩིས་ཏེ་མཚོགས་མ་དང་ཚངས་བུག་གཉིས། མས་སྣེ་གཉིས་རྐང་པ་གཉིས་སུ་ཟུག་པ་སྟེ་རྩ་བྲན་བཅུ་གཉིས་ཀྱི་སྡོང་བུ། དོན་འདི་ལ་དགོངས་ཏེ། གཅོད་ཀྱི་སྐབས་རྐང་མཐིལ་གཉིས་སུ་ཁམས་ཐིག་ལེ་དཀར་དམར་སྒོམ་པ་ཡོད། རིག་པ་རང་བྱུང་གི་སྒྲོན་མེ་སྦར་སོགས། ཡེ་ཤེས་རྩའམ་རྩ་ལྔ་ནི། དབུ་མ་དང་སྙིང་གའི་རྩ་འཁོར་གྱི་ཚངས་པའི་འདབས་མ་བཞིའི་ཀོང་བུར། དོན་དམ་སྐྱེ་མེད་ཡི་གེ་ཨ་དཀར་པོའི་རང་བཞིན་དུ་གནས་པ་གཉུག་མ་དོན་གྱི་རྩ་ཡི་མར་ཁུ། ཡེ་ཤེས་འོད་ཟེར་འགགས་པ་མེད་པའི་སྡོང་བུ། ཤེས་རབ་སྟོང་པ་ཉིད་ཀྱི་མཚོན་བྱེད་ཡུམ་ལྔའི་ས་བོན་འབྲུ་ལྔའི་རང་བཞིན་ཡོངས་སུ་གྱུར་པ་འབྲུའི་མར་མེ་སྦར་སོགས། མཆོག་གི་རྩ་ཀ་ཏི་སྟེ་སྙིང་དབུས་ནས་མིག་གི་བར་འབྲེལ་བའི་འོད་གསལ་གྱི་ཀོང་བུར། ལྷུན་གྲུབ་ཀྱི་གདངས་གསལ་སྒྲིབ་མེད་འོད་དུ་འཚེར་བའི་མར་ཁུ། ཐིག་ལེ་སྟོང་སྒྲོན་གྱི་སྡོང་བུ་ཡེ་ཤེས་རྣམ་པ་ལྔ་ཡི་སྐུ་དང་ཐིག་ལེའི་སྒྲོན་མེ་སྦར་སོགས། འདིར་སྦར་ཞེས་པའི་ཚིག་རྣམས་སྣང་ཞིང་གསལ་རྒྱས་༼ཞེས་༽པའི་དོན་ཙམ་ལས་གཞན་དུ་མ་སེམས་སོ། །ཀུན་གཞི་ཀ་དག་ཀློང་གི་ཀོང་བུར་ཆོས་དབྱིངས་མཐའ་དབུས་བྲལ་བའི་མར་ཁུ། རིག་པ་བྱང་ཆུབ་སེམས་ཀྱི་སྡོང་བུ། སྐུ་ལྔ་ལྷུན་གྱིས་གྲུབ་པའི་སྒྲོན་མེ་སྦར་བའི་སྣང་གསལ་མར་མེའི་མཆོད་པ་འདི་ཡང་སྣོད་དང་བཅུད་རང་ལས་བྱུང་བའི་ཞུན་ཆེན་བླ་ན་མེད་པ་འདི་དག་༼གིས་༽རང་བྱུང་གི་དཀྱིལ་འཁོར་ལྷ་ཚོགས་རྣམས་ཀྱི་ཐུགས་དམ་ཡོངས་སུ་བསྐང་བར་བགྱིའོ། །དེ་ལྟར་ཐུགས་དམ་བསྐང་སོགས་ཕྱི་མཆོད་སྐབས་སྨྲོས་པ་ལྟར་རོ། །རཀྟ་གཏོར་

མ་མར་མེ་རྣམས་ལའང་བདུད་རྩིའི་སྐབས་བཞིན་མཚོན་བྱ་མཚོན་བྱེད་ཀྱི་དོན་དྲན་པ་ལས་ཚིག་གིས་ཁ་བསྐང་བཀང་བྱས་སྣང་བ་ལ་དོན་ཆུང་བར་སེམས་སོ། །


previousསྐོང་བཤགས་ཉམས་ཆགས་རང་གྲོལ་གྱི་འགྲེལ་བ་མ་རིག་རང་གྲོལ།next