Nitartha Digital Library
Tibetan
 
previousགནས་འདྲེན་གྱི་རྣམ་བཤད་འཁྲུལ་སྣང་རང་གྲོལ།next

གནས་འདྲེན་གྱི་རྣམ་བཤད་འཁྲུལ་སྣང་རང་གྲོལ།

ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་ལས་བྱུང་བ། གནས་འདྲེན་གྱི་རྣམ་བཤད་འཁྲུལ་སྣང་རང་གྲོལ་ཞེས་བྱ་བ།

ན་མོ་ཤྲཱི་བཛྲ་ས་ཏྭ་ཡ། གང་ཐུགས་པ༷དྨ༷་ཀུ༷ན་ནས་འདབ་གྲོ༷ལ་རྣ༷མ་པར་རྒྱ༷ལ། །ནམ་མཁའི་རྡོ་རྗེ་འདུས་མ་བྱས་ཀྱང་རང་བཞིན་མདངས། །མཆོག་ཏུ་མི་འགྱུར་ཡོངས་གྲུབ་སྒྱུ་འཕྲུལ་བདག་ཉིད་ཆེ། །གྲུབ་པའི་དབང་ཕྱུག་རྫོགས་ཆེན་ཡབ་སྲས་ལ་བཏུད་ནས། །རྒྱུད་དང་མན་ངག་ཟབ་མོའི་དོན། །གཏིང་དཔོག་དཀའ་བ་རྡོ་རྗེའི་གསུངས། །ཐོས་དང་བསམ་པའི་རྣམ་བཤད་ནི། །འཁྲུལ་སྣང་རང་གྲོལ་འདི་ན་སྤེལ། །དེ་ལའང་དང་པོ་དོན་སྤྱིར་སྟོན་པ། གཉིས་པ་བྱེ་བྲག་དངོས་ཏེ། དང་པོ་ནི། སངས་རྒྱས་སྐུ་[གསུམ་གྱི་]རོལ་པས་ཐབས་ཀྱི་སྒོ་དུ་མ་ཞིག་གསུངས་པ་ཐམས་ཅད། ཐར་བ་ཐམས་ཅད་མཁྱེན་པའི་རྒྱུ་ཁོ་ན་དང་། ཁྱད་པར་འབྲས་བུ་གསང་སྔགས་ཀྱི་ཐེག་པ་ནི་ཚེ་འདི་ལས་མི་རིང་བར་རྡོ་རྗེ་འཆང་གི་གོ་འཕང་ཐོབ་པའི་ཐབས་རྨད་དུ་བྱུང་བ་སྟེ། ཇི་སྐད་དུ། ཐབས་མང་དཀའ་བ་མེད་པ་དང་། །དབང་པོ་རྣོན་པོའི་དབང་བྱས་ནས། །སྔགས་ཀྱི་ཐེག་པ་ཁྱད་པར་འཕགས། །ཞེས་གསུངས་པ་ལྟར་རོ། །གཉིས་པ་ལའང་སྔགས་གསར་རྙིང་ཐུན་མོང་དང་། ཐུན་མོང་མ་ཡིན་པ་གཉིས་ལས། དང་པོ་ནི། རྟེན་བསྐྱེད་རྣམ་ཤེས་དགུགས་པ་དང་། བགེགས་བསྐྲད་སྡིག་

སྦྱང་ཁྲུས་བྱ་དང་། །དུག་སྦྱོང་ཕྱག་འཚལ་དབང་བསྐུར་དང་། ཟས་གཏད་ལམ་བསྟན་བྱང་བུ་བསྲེག །ཅེས་ས་བཅད་བཅུ་གཅིག་ཏུ་གསུངས་པ་ལྟར་རོ། །གཉིས་པ་ནི། ཕུང་པོ་ལ་སྦྱང་བ་དང་། མིང་བྱང་ལ་བརྟེན་ནས་བདུན་ཚིགས་བྱ་ཚུལ་རྫོགས་པ་ཆེན་པོ་བཅུ་བདུན་རྒྱུད་ཀྱི་རྫོགས་པ་རང་བྱུང་ལས་གསུངས་ཀྱང་། མིང་བྱང་ལ་བརྟེན་པ་ཉིད་གཅིག་པུར་མ་ཟད་གཉིས་ཀར་རུང་བ་སྟེ། རོའམ་རུས་པའམ་ནི་མཚན་བྱང་ལ༔ ཞེས་འོག་ནས་འབྱུང་བ་ལྟར་ལ། དེ་ཡང་གཏེར་གཞུང་ལས། འདི་ལ་སྤྱི་དོན་རྣམ་པ་བཅུ་ཡིན་ཏེ༔ ཞེས་པ་ནས། བཅུ་པ་ལམ་བསྟན་གནས་སྤར་བྱ་བའོ༔ ཞེས་སྤྱི་དོན་རྣམ་པ་བཅུ་ལས། དང་པོ་ཚེ་འདས་གཤེད་དང་ཕྲལ་བ་ནི༔ དེས་འཁོར་བའི་སེམས་ཅན་གྱི་ཀུན་གཞི་ལ་གནས་པའི་མ་རིག་པས་རྒྱུ་བྱས། གཞན་དབང་ལྷན་སྐྱེས་ཀྱི་མ་རིག་པ་དང་། གཉིས་སྣང་ཀུན་བཏགས་ཀྱི་མ་རིག་པས་རྐྱེན་བྱས་ཏེ། ཉོན་མོངས་རྒྱུ་དྲུག་གིས་བསྐྱེད་པའི་འདྲེ་སྲིན་འབྱུང་པོ་སྤྱི་དང་། བྱེ་བྲག་ཏུ་སྒྲིབ་བཞིའི་རང་གཟུགས་བདུད་བཞི་དང་། དྲི་ཟ་འཆི་ཁ་མ་སེམས་ལ་ཉེ་བར་འཁོར་བའི་རིགས་དང་། ཁྱབ་བྱེད་དམ་དྲི་ཟ་པུ་ཤ་ཙི་ན། གནོད་སྦྱིན་སྨྲ་འདོད། གནོད་སྦྱིན་འབྱུང་པོ་ཝ་ར་ཧི་ན་ཀུན་ཏུ་རྟོག་འདོད་ཅེས་བྱ་བའི་རིགས་རྣམས་དང་། གཞན་ཡང་ཤ་ཟ་དང་འབྱུང་པོ་སོགས་ཕུང་པོ་བདག་ཏུ་བཟུང་ནས་ཟ་ཁ་ཟུག་པའི་འདྲེ་དང་། གཤིན་གྱི་གཟུགས་སུ་བཟུང་ནས་གསོན་པོ་ལ་གནོད་བྱེད་ཅིང་། ཤི་བའི་ཉེ་དུ་སོགས་བརྫུས་ནས་ཆགས་འཛིན་སྐྱེད་པར་བྱེད་པས་གཤིན་ལྕགས་སུ་གྲགས་པ་རྣམས་ཀྱི་གཙོས། མདོར་ན་ཐར་ལམ་ལ་བར་དུ་གཅོད་པའི་བགེགས་ཀྱི་རིགས་སུ་གྱུར་པ་དང་བྲལ་བའི་དོན་ཏེ། ཀུན་མཁྱེན་འཇིགས་མེད་གླིང་པས་གཤེད་དང་བྲལ་བས་མི་ཕན་ལྕགས་དང་

འབྲལ་བ་གལ་ཆེ་གསུངས་པའི་ཕྱིར་རོ། །རོ༷འ༷མ་རུ༷ས་པ༷འ༷མ་ནི༷་མཚ༷ན་བྱ༷ང་ངོ༷་༔ ཞེས་གསུངས་ཀྱང་རོ་དང་རུས་པ་ལའང་བྱང་བུ་བཞག་ནས་དབྱེར་མེད་ལྟ་བ་ལས་ཕྱག་ལེན་མི་བདེའོ། །མཚན་བྱང་ནི་རབ་གཟུགས་བརྙན་བྲིས་པའམ། ནཱ་ཱར་མི་ཡི་བྱིངས་ལས་བྱུང་བ་ནྲི་ནྲྀ་དང་། གཏེར་མ་ཕལ་ཆེར་དུ་རྣ྄ིི་གང་རུང་ལས་མ་འདས་པར་མིང་ཡིག་སོགས་ཕྱག་ལེན་ལྟར་ཡིད་འཁོར་བའི་རྟེན་བཅས་ཏེ། ཚེ་༷འད༵ས་དངོ༷ས་བསྐྱེ༷ད་རྣ༷མ་ཤེ༷ས་བཀུ༷ག་པ༷་ནི༷༔ ཞེས་པའི་དོན་རྟེན་བསྐྱེད་ཟུར་གསལ་གྱིས་མཚོན་ཏེ་གསལ་བཏབ། རྣམ་ཤེས་བཀུག་པ་དངོས་ནི། འཁོར་འདས་ཀྱི་ཆོས་ཐམས་ཅད་གདོད་ནས་སྐྱེ་བ་མེད་པར་བལྟས་ལ། དེའི་རང་མདངས་ཞི་ཁྲོ་རབ་འབྱམས་ཀྱི་རྣམ་པར་ཤར་བ་དང་། ཀུན་སློང་གི་༼ནི༽སྙིང་རྗེའི་རྩལ་སྣང་འགག་པ་མེད་པས་བར་དོའི་སེམས་ཅན་སྐྱབས་མེད་དེ་ནམ་ཡང་མི་འདོར་བའི་དམ་བཅའ་དང་བཅས། བདག་ཉིད་རྡོ་རྗེ་སེམས་དཔའ་༼དཔར༽གསལ་བའི་ཐུགས་ཀའི་ཧཱུྃ་གི་འོད་ཟེར་གྱིས། རིགས་དྲུག་གང་ན་ཡོད་པའི་ཚེ་འདས་ཀྱི་རྣམ་ཤེས་ནྲྀ་ཡིག་གི་རྣམ་པར་གསལ་བ་དེ་ལ་རེག་མ་ཐག་ཏུ་ཨ་དཀར་པོ་དྲི་མ་མེད་པ་གཅིག་ཏུ་གྱུར་ནས་རྟེན་ལ་བསྟིམ་པར་བསམ། རྩ་ཚིག་ཡིག་བརྒྱ་དང་བཅས་ནྲྀ༷་ཞེས་རྣམ་ཤེས་དང་། ཡཾ༷་ཞེས་ལས་རླུང་བསྐུལ། ཛཿཞེས་དགུག །བ༷ཛྲ༷་ཞེས་ཆོས་དབྱིངས་བསམ་མི་ཁྱབ་པའི་བདེན་པ་དང་། ཨཾ་ཀུ་ཤ་ཛཿསྙིང་རྗེ་རྩལ་སྣང་གི་ལྕགས་ཀྱུས་བཀུག་པ་སྟེ་དཀོན་མཆོག་གི་ཐུགས་རྗེའི་ལྕགས་ཀྱུ་དང་། ཚེ་འདས་མོས་གུས་ཀྱི་སྣ་ཐག་འཕྲད་དེ་རང་དབང་མེད་པར་དགུག་པ་ནི་བདེན་སྟོབས་དང་བཅས་རྟེན་དེ་ཚེ་འདས་དངོས་སུ་བསྐྱེད་དོ། །དེ༷་ན༷ས་ཚེ༷་འད༷ས་གཤེ༷ད་ད༷ང་ཕྲ༷ལ་བ༷་ནི༵༔ ཞེས་ཆེ་མཆོག་ཁྲོ་བོའི་སྐུར་བསྐྱེད་འདི་སྐད་དོ༔ ཞེས་

པས་ཆོས་ཉིད་ཞི་བའི་ངང་ལས་ཐུགས་རྗེ་ཁྲོ་བོའི་སྐུར་བཞེངས་པ་རྡོ་རྗེ་ཁྲག་འཐུང་གི་རྣམ་པར་གསལ་བཏབ་ལ། ཚེ་ལས་འདས་ཤིང་ལུས་བརྗེས་པ་ཁྱོད། བྱམས་བརྩེའི་གཉེན་བཤེས་དང་འགྲོགས་པའི་སྐལ་དབང་ནི་མེད། མི་ཡི་ལུས་ནས་ཚེ་འཕོས། འཇིག་རྟེན་འདིའིི་སྣང་བ་ནི་ནུབ། རྣམ་པར་ཤེས་པའི་སེམས་ནི་མི་རྟག་པའི་ཚུལ་བསྟན་ཏེ། ལས་ཀྱི་དབང་གིས་འཇིག་རྟེན་ཕ་རོལ་ཏུ་ལུས་ཤིག་བླངས་ཀྱང་འཁོར་བའི་སྡུག་བསྔལ་བསྐྱེད་པའི་སྐྱེ་གནས་བཞི་པོ་ལས་མ་འདས། འོན་ཀྱང་གར་སྐྱེ་གར་གནས་པའི་ས་ཕྱོགས་དེ་ནས། ཁྱོད་རང་གི་ཉེ་འབྲེལ་གྱིས་དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་བ་དང་། སངས་རྒྱས་ཀྱི་མཐུ་དང་། ཆོས་ཉིད་ཀྱི་བདེན་པ་དང་། རིགས་སྔགས་འཆང་བས་རྩེ་གཅིག་ཏུ་བསྐྱེད་རྫོགས་སྒོམ་སྒྲུབ་ཀྱི་བྱིན་རླབས། ཞི་ཁྲོ་རབ་འབྱམས་ཀྱི་ཐུགས་རྗེ་རྣམས་ཀྱིས། ལུས་མེད་སྟོང་གཟུགས་བར་དོའི་རྣམ་ཤེས་དེ་ལས་དབང་གིས་གར་འཁྱམས་ཀྱང་། དཀོན་མཆོག་གསུམ་གྱི་བདེན་པས་འདི་རུ་ཁུག་ཅིག །ཅེས་སྐབས་འདིར་འབྱུང་གཏོར་བསྔོ། དེ་ནས་ཐར་པའི་ས་དང་བདེ་བའི་ས་ལམ་ལ་བར་གཅོད་པར་བྱེད་པའི་སྲོག་གཅོད་མདངས་འཕྲོག་སོགས་གཤེད་མའི་བགེགས་ཚོགས་རྣམས་ཀྱིས་བགེགས་ཀྱི་གཏོར་མ་ཁྱེར་ལ། དཀོན་མཆོག་གསུམ་གྱི་མཐུ་སྟོབས་བྱིན་རླབས་མཐུ་ཡིས་གཞན་དུ་དེངས་ཤིག་དང་། རང་ཉིད་མིང་ཙམ་ལྷའི་ང་རྒྱལ་གྱིས་འོད་དང་འོད་ཟེར་ཕྱོགས་བཅུར་འཕྲོས་པས། སྟེང་འོག་ཕྱོགས་མཚམས་ཐམས་ཅད་ཞི་ཁྲོ་རབ་འབྱམས་ཀྱི་ལྷ་ཚོགས་སྣང་ལ་རང་བཞིན་མེད་པས་རབ་ཏུ་གང་ནས་འོད་ཟེར་འཕྲོས་པས། ཚེ་འདས་ལ་གནོད་པར་བྱེད་པའི་སྲོག་གཅོད་མདངས་འཕྲོག་སོགས་གཤེད་དང་ལྕགས་སུ་བྱེད་པའི་བགེགས་ཚོགས་ཐམས་ཅད་ཉོན་

མོངས་པ་མ་རིག་པའི་རྒྱུ་ལས་བྱུང་བ་ཡིན་པས། དེང་ནས་རྒྱུ་དྲུག་འཁོར་བའི་ལམ་དགག་པའི་ཕྱིར་དུ་འདི་རུ་མ་འདུག་པར་གཞན་དུ་དེངས་ཤིག །ས་དང་ལམ་ལ་སོགས། ཧཱུྃ་ང་ཉིད་ལྷ་ཡི་ང་རྒྱལ་གྱི༔ སོགས། ཞེས་རང་བཞིན་རྫོགས་པ་ཆེན་པོའི་ངང་ལ་མཉམ་པར་བཞག་པས་གཞི་ཅིར་ཡང་མ་གྲུབ་པ་དང་། ལམ་ཤར་གྲོལ་དུས་མཉམ། འབྲས་བུ་སྐུ་གསུམ་ལྷུན་གྲུབ་ལས་བགེགས་དང་བར་ཆད་གཤིས་སུ་མ་གྲུབ་བོ། །གཉི༷ས་པ༷་རི༷གས་དྲུ༷ག་གན༷ས་ན༷ས་དགུ༷ག་པ༷་ནི༷༔ སློ༷བ་དཔོ༷ན་རྡོ༷་རྗེ༷་སེ༷མས་དཔ༷འི་སྐུ༷ར་གས༷ལ་ཞིང༷་༔ ལ༷ག་པ༷་ལྕ༷གས་ཀྱུ༷འི་ཕྱག་རྒྱ་དང༷་བཅ༷ས་ནས༷༔ ཞེས་པས་སླར་རྡོར་སེམས་ཀྱི་སྐུར་གསལ་ནས། ཚེ་ལས་འདས་ཤིང་ལུས་བརྗེས་པའི་བར་དོའི་རྣམ་པར་ཤེས་པ་ཁྱོད་རིགས་དྲུག་གར་སྐྱེས་གར་གནས་ཀྱི་ས་ཕྱོགས་དེ་ནས། ཀུན་བཟང་ཞི་ཁྲོ་རབ་འབྱམས་ཀྱི་ཐུགས་རྗེས་འོག་མིན་གྱི་གནས་སུ་སངས་རྒྱས་ཀྱི་སྐུ་རུ་བསྐྱེད་པ་ཡིན་གྱི། ལུས་སེམས་བྲལ་བའི་ཚེ་ལས་འདས་པ་ཁྱོད་འབྱུང་བཞིའི་རགས་ལུས་དང་བྲལ་བས་ཡིད་ཀྱི་སྲིད་པའི་མིང་དང་། འབྱུང་བཞིའི་ས་བོན་གྱི་ཆ་ལ་བརྟེན་ནས་སྒྱུ་མ་ལུས་ཀྱི་མིང་གཉིས་པ་ཅན། ས་མ་ཟིན་པར་ལས་རླུང་གིས་བསྐྱོད་ཅིང་འཁོར་བ་དེ་ཀ་སྟེ། དེ་ཡང་ཡེ་ཤེས་བཞི་སྦྱོར་གྱི་རྩལ་ལས་བྱུང་པའི་མིང་གི་རྣམ་གྲངས་ནི། འབྱུང་བཞིའི་ས་བོན་གྱི་ཆ་ལས། མིང་བཞི་འདུས་པའི་བདག་ཉིད་ཅན་ཏེ། འབྱུང་བ་ས་ཡི་བྱེད་ལས་འདུས་པས་སྲིད་པ་ཤ་གཟུགས་ཅན་དང་གཅིག །ཆུའི་བྱེད་ལས་ས་བོན་སྒྱུ་ལུས་ལྟ་བུ་ཟས་སུ་དྲི་ཟ་ཞིང་སྲིད་པའི་བར་དོ་ཕུང་ལྔ་ཉིང་མཚམས་སྦྱོར་བ་དྲི་ཟ་ཉེ་བར་འཁོར་བ་དང་གཉིས། མེའི་བྱེད་ལས་ཀྱི་ས་བོན་ལས་སྲིད་ཡིད་གཟུགས་དབང་པོ་ཀུན་

ཚང་སྙམ་པས་ཐོགས་མེད་ལྡན་པ་དང་གསུམ། འབྱུང་བ་རླུང་གི་བྱེད་ལས་ཀྱི་ས་བོན། ལས་རླུང་གིས་བཏེག་ནས་ཀུན་ལ་བལྟ་འདོད་དང་འཇུག་པ་ཐོགས་མེད་ལྡན་ནམ་འཇུག་སྲེད་ཅེས་བྱ་བ་དང་བཞིའོ། །དེ་ཡང་རྒྱུ་ལྷུན་གྲུབ་གྱིི་འཆར་ལུགས་བརྒྱད་མཐོང་བ་ལས་བྱུང་བའི་ལུས་ཀྱི་ཚད་ནི། ལས་མ་དག་པ་རྣམས་ནི་བྱིས་པ་ལོ་བརྒྱད་པ་ཙམ་ལ། དག་པ་རྣམས་ལོ་བཅུ་དྲུག་ལོན་པའི་ལུས་ཀྱི་ཚད་དེ་རྨི་ལམ་གྱི་གཟུགས་ལས་རང་མཚན་དུ་མེད་པ་ཉིད་ཡིན་པ་དང་། གོས་སོགས་ཆ་བྱད་ནི་བར་དོ་ཇི་ཙམ་གནས་པའི་ཕྱེད་སྔ་མ་སྔ་མའི་བག་ཆགས་དང་། ཕྱེད་མ་ཕྱི་མའི་བག་ཆགས་ཀྱི་དབང་གི་གོས་རྒྱན་སོགས་དེའི་རྣམ་པར་བཤད་ཅེས་ཀུན་མཁྱེན་བསམ་ཡས་པས་གསུངས་པ་དང་། རྒྱུད་ཉི་ཟླ་ཁ་སྦྱོར་ལས། ཤ་ཁྲག་རང་གི་ལུས་བྲལ་ནས། །སྒྱུ་མ་ཡིད་ཀྱི་གཟུགས་ཅན་ནོ། །གདོས་དང་བྲལ་བས་ལུས་གཉིས་པའོ། །ཞེས་དང་། མིང་བཞི་འདུས་པའི་བདག་ཉིད་ཅན། །སྲིད་པ་ཡི་ནི་ཤ་གཟུགས་དང་། །སྒྱུ་ལུས་དྲི་ཟ་ཉེ་བར་འཁོར། །སྲིད་པའི་བར་དོ་ཉིང་མཚམས་སྦྱོར། །གཟུགས་མེད་དབང་པོ་ཀུན་ལྡན་པས། །ཐོགས་པ་མེད་པ་ཀུན་ལ་འཇུག །དེ་ལྟར་བར་མའི་ལུས་ཀྱི་ཚད། །བྱིས་པ་ལོ་བརྒྱད་ལོན་པའོ། །ལོ་བཅུ་ལོན་པའི་ལུས་ཚད་དུ། །རྨི་ལམ་ལྟ་བུའི་གཟུགས་སུ་གནས། །སྐྱེ་གནས་ཉིད་ནི་རྣམ་བཞི་ལས། །རྫུས་ནས་སྐྱེས་པ་ཉིད་དུ་སྟེ། །ཞེས་དང་། སྔ་མ་སྐྱེས་པའི་སྣང་བ་འགགས། །ཕྱིས་ནི་གང་སྐྱེས་ཆ་བྱད་འཛིན། །ཞེས་གསུངས་པས་མིང་གཞི་དང་། མིང་ཡིད་ཟེར་བ་རྣམས་མ་དག་པ་ཡིན་འདྲ། དེ་ལྟར་མ་ཡི་མངལ་དང་རྡོ་རྗེ་གདན་མ་གཏོགས་པར་ནི་རི་བྲག་ཁང་ཁྱིམ་སོགས་ཀུན་ལ་ཐོགས་པ་མེད་པའི་ཡིད་ལུས་དངོས་པོའི་གཟུགས་དང་མཚན་མ་མེད་པའི་གནས་སུ་ཕྱིན་པ་དེ། རྒྱལ་

བའི་ཐུགས་རྗེའི་འོད་ཟེར་ལྕགས་ཀྱུ་རྣོན་པོས་མི་ཡི་ལུས་ཉམས་དགའ་བའི་གནས་སུ་དགུག་པར་བྱ་བའི་ཕྱིར། ཚེ་འདིར་སྣང་གི་ཆགས་ཞེན་གྱི་རེ་བ་དང་། ཞེ་སྡང་གི་དོགས་པ་མེད་པའི་སེམས་ཀྱིས་འདིར་ཤོག་ཅིག །ཅེས་ཧཱུྃ་ཚེ་འདས་ལུས་བརྗེས་སོགས་དང་། རིགས་དྲུག་གནས་ནས་བདག་གིས་དབང་དུ་འགུགས་པའི་ཕྱིར་དུ་ཨ༷་ནྲྀ༷་སོགས། དེ༷་ན༷ས་གསུ༷མ་པ་༷རྟེ༷ན་ལ༷་བསྟི༷མ་པ་༷ནི༷༔ ཞེས་པའི་དོན། ཀྱེ༷་མ༷་ཞེས་སྙིང་རྗེ་བའི་སྐད་ཀྱིས་ལས་དབང་དྲག་པོས་ཕ་རོལ་ཏུ་ཚེ་འཕོས་པ་ཁྱོད། སྔོན་མི་ཡུལ་དུ་སྐྱེ་བ་གྲངས་མེད་བླངས་ཀྱང་། ད་ལྟ་ལས་འབྲེལ་གྱི་དབང་གིས་འདུག་ས་འདི་ཡིན་པས། འཕན་ཕྲན་ལུས་ཀྱི་རྟེན་སོགས་དམིགས་རྟེན་འཛུག་པ་འདི་ལ་གནས་པར་གྱིས་ཞེས། ཀྱེ༷་མ་༷དབང༷་མེ༷ད་སོགས། རྡོ་རྗེའི་ཚིག་གིས་བྱང་བུ་ལ་གནས་པའམ་བརྟན་པར་བྱ་ཕྱིར་ཏིཥྛ་བཛྲ་སོགས། ཚེ༷་འད༷ས་དེ༷་ཉི༷ད་དངོ༷ས་སུ༷་གས༷ལ་བ༷ར་བསྐྱེ༷ད༔ ཅེས་པ་ནི་ཚེ་ལས་འདས་པ་ཤེས་པ་བཞི་ལྡན་དུ་གྲགས་པ་ལས་ཚེ་འདས་ཤེས་པའི་དོན་ནོ། །བཞི༷་པ༷་དུ༷ག་ཁྲུས་གསོ༷ལ་བ༷་ནི༷༔ ཞེས་དང་པོ་གསར་རྙིང་ཡོངས་གྲགས་ལྟར་ལྷ་ཁྲུས་བགྱིས་ན་ཡོན་ཏན་དང་ལྡན་ཕྱིར་ལེགས་ལ། མིན་ཀྱང་ཆད་པར་ནི་མི་སེམས་ཏེ། རྫོགས་པའི་སངས་རྒྱས་རྣམས་ནི་ཕ་རོལ་ཏུ་ཕྱིན་པ་རྣམས་ཀྱི་མཐར་སོན་དྲི་མ་ཐམས་ཅད་དང་བྲལ། ཡོན་ཏན་ཐམས་ཅད་རྫོགས། ཇི་ལྟ་བ་དང་ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་རྒྱས་པས་སངས་རྒྱས་ཞེས་བྱ་བ། ཨོ་རྒྱན་ཆེན་པོས། ཉོན་མོངས་བརྒྱད་ཁྲི་བཞི་སྟོང་བཅོམ༔ མཁྱེན་བརྩེ་ཡེ་ཤེས་བླ་མེད་ལྡན༔ དུ་མ་རོ་གཅིག་ཀློང་དུ་འདས༔ རྣམ་པར་རྟོག་མེད་ལྷུན་གྲུབ་ཀྱིས༔ དུས་གསུམ་སངས་

རྒྱས་ཀུན་འདུས་པ༔ ཞེས་གསུངས། དེ་ལྟ་བུའི་སྐུར་བསྒོམ། སྔགས་བཟླས། མཚན་དང་མཚན་མེད་ཀྱི་ཏིང་འཛིན་གྱིས་ནུས་ལྡན་བྱ་བ་དེ་ལ་ཕན་ཡོན་དེ་ལྟ་བུ་དང་ལྡན་དགོས་པའི་ཕྱིར་ཏེ། ཇི་སྐད་དུ། གང་ཞིག་སངས་རྒྱས་ཡིད་བྱེད་པ། །དེ་ཡི་དྲུང་ན་རྒྱལ་བ་བྱོན། །དབང་བསྐུར་བྱིན་གྱིས་བརླབ་པར་འགྱུར། །ཞེས་སོ། །དེས་ན་འདི་ཡི་ངོ་བོ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་ཆུ་དང་། བྱེད་ལས་སེར་སྣའི་དྲི་མ་སོགས་སྦྱང་བར་མཛད་པ་དང་། དགོས་པ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལེགས་པར་འགོད་པའི་ཆུ་སྟེ། གང་སྦྱིན་པའི་ཡོན་ཏན་དེ་དག་དང་ལྡན་པའི་ཆུ་འདི་ཡིས་སེར་སྣ་སོགས་ཀྱི་དྲི་མ་དག་པར་གྱུར་ཅིག་ཅེས་སྨོན་ཚིག་དང་། དེ་ལྟར་གྱི་ཁྲུས་ལེགས་པར་མཛད་པ་ལ་ཕྱག་འཚལ་བའམ་སྐྱབས་སུ་མཆི་ཞེས་སོ། །ཧཱུ༷ྃ་འདི༷་ནི༷་སྦྱིན༷་པའི༷་ར༷ང་བཞིན༷་སོགས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་མངོན་པར་དབང་བསྐུར་དུ་གསོལ་ཅེས། ན༷་མ༷ཿས༷རྦ༷་ཏ༷་ཐཱ༷་ག༷་ཏ༷་སོགས་དེའི་འགྲེས་སོ། །ཚུལ་ཁྲིམས་ཀྱིས་ཁྲིམས་འཆལ། བཟོད་པས་ཁོང་ཁྲོ། བརྩོན་འགྲུས་ཀྱིས་ལེ་ལོ། བསམ་གཏན་གྱིས་གཡེང་བ། ཤེས་རབ་ཀྱིས་གཏི་མུག །ཐབས་ཀྱིས་བག་ཆགས། སྟོབས་ཀྱིས་ཉོན་མོངས། སྨོན་ལམ་གྱིས་རྣམ་སྨིན། ཡེ་ཤེས་ཀྱིས་ཤེས་སྒྲིབ་རྣམས་སྦྱངས། འདི་ནི་ཚུལ་ཁྲིམས་རང་བཞིན་སོགས། འདིར་འདོད་ཆགས་ཞེ་སྡང་གཏི་མུག་སྟེ་དུག་གསུམ་པོ་འདི་དག་ནི། འཇིག་རྟེན་ཀུན་གྱི་དུག་སྟེ། དེ་འདུལ་བའམ་དག་པར་བྱ་བའི་ཕྱིར་དུ་དུག་གསུམ་མ་སྤངས་གནས་སུ་དག །སྐུ་གསུམ་ལྷུན་གྱིས་གྲུབ། ཡེ་ཤེས་མངོན་དུ་གྱུར་པ་དཔལ་རྡོ་རྗེ་སེམས་དཔའ་ལ་དུག་མི་མངའ་བས། རྫོགས་པའི་སངས་རྒྱས་དེའི་མཐུ་སྟོབས་ཀྱི་བདེན་པས་དུག་བཅོམ་མོ། །དེ་ལྟར་གྱི་བདེན་པ་གྲུབ་པ་གང་གི་སངས་རྒྱས་རྣམས་ནི་འཇིག་

རྟེན་ཀུན་ཏུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཞེས་བདེན་པའི་མཆོག་གྲུབ་པ་འདི་དག་གིས་ཁྱེད་ཀྱི་ཞེ་སྡང་གི་དུག་རྣམས་ནི་རང་བཞིན་མེད་པ་ཀ་ནས་དག་པར་གྱུར་ཅིག །ཅེས་དང་། དེ་བཞིན་རིགས་གཞན་རྣམས་དང་། བསྡུས་པའི་ཚེ་ན་དཀོན་མཆོག་གསུམ་ལ་དུག་མི་མངའ་བས། དཀོན་མཆོག་གསུམ་གྱི་བདེན་པས་དུག་བཅོམ་མོ། །ཞེས་འགྲེས་སྦྱར་ཏེ། འདོ༷ད་ཆ༷གས་ཞེ་༷སྡ༷ང་སོགས་ནས། ཁྱོད་ལུས་དུག་གིས་མི་ཚུགས་ཤོག༔ བར། གཤིན་པོས་གང་བྱས་ཀྱི་སྡིག་སྒྲིབ་ས་བོན་བག་ཆགས་ཀྱི་དུག་དང་བཅས་པ་རྣམས། གང་ལས་བྱུང་ཞེ་ན། དེ་ཀུན་འདོད་པ་ལ་ཆགས་པའི་དུག་འདི་ལས་བྱུང་བས་འདོད་ཆགས་འདི་ནི་དུག་གི་མཆོག་གམ་ཕུལ་ཏེ་ཤིན་ཏུ་གདུག་ཅིང་རྩུབ་པ་དྲག་པོའི་དུག་འདི་ནི་ཆགས་པ་ཆེན་པོ་སོ་སོར་རྟོག་པའི་ཡེ་ཤེས་ཀྱིས་དུག་ཆེན་བཅོམ་མོ། དེའི་འགྲེས་སུ་ཞེ་སྡང་མེ་ལོང་ཡེ་ཤེས་ཀྱིས། གཏི་མུག་ཆོས་དབྱིངས་ཡེ་ཤེས་ཀྱིས་བཅོམ་མོ། །དེ་ནས་འབྱུང་བཞིའིི་རྫས་བཤམས་ལ། འབྱུང་བཞིའིི་རྡུལ་ཕྲན་འདུས་པ་ནི་བག་ཆགས་ཀྱིས་གང་བའི་སྣོད་དང་། དེ་ལ་ཉོན་མོངས་ཀྱི་སྲོག་ཞུགས་པ་ཤིན་གང་(གཤིན་གང་)ཞེས་གྲྭ་ལྔའི་འགྲེལ་བར་བཤད་དེ་འབྱུང་གྱུར་ཡུལ་དབང་དང་རྣམ་ཤེས་འཕྲད་པ་ལས་ཚོར་སྲེད་སོགས་ཉོན་མོངས་དག་གི་འབྱུང་གནས་ཕ་དང་མ་ཡིན་པ་དོན་དམ་བདེན་པའི་གནས་ལུགས་ཡུམ་ལྔའི་དབྱིངས་ཀྱི་རང་བཞིན་ཡེ་ནས་ཡིན་པས། བདེན་པ་འགྲུབ་པ་དཀོན་མཆོག་གི་བདེན་ཚིག་འདི་བརྗོད་པས་དུག་རྣམས་འབྱུང་བ་རང་རང་གི་ནང་དུ་སོང་ཞིག །འབྱུང་བ་གང་གི་བྱ་བ་བྱེད་པའི་སྣོད་དུ་དུག་སོང་ལ་འབྱུང་བ་དེ་དང་། དེ་དག་ལས་བྱུང་བ་ཁྱེད་རྣམས་ཀྱི་དུག་རྣམས་ནི་དུག་དང་བྲལ་བ་ཆོས་ཉིད་རང་བཞིན་མེད་པའི་ཡུམ་

ལྔའི་དབྱིངས་སུ་དག་པར་ཤོག་ཅེས། གོང་དུ་རང༷་བཞི༷ན་མེ༷ད་པར༷་དག༷་གྱུ༷ར་ཅིག༷༔ ཅེས་དང་། གཞན་དུ་འབྱུང་བ་དང་འབྱུང་བ་ལས་གྱུར་པའི་དུག་ཐམས་ཅད་འབྱུང་བའི་ནང་དུ་ཐིམ་པར་གྱུར་ཅིག །ཅེས་གསུངས་པའི་ཕྱིར་རོ། །ས༷་ནི༷་དུ༷ག་གི༷་ཕ༷་སོགས། ལྔ་པ་རྒྱུ༷ད་ལྔ༷འི་ལྷ༷་ལ༷་སྐྱ༷བས་འགྲོ༷་ཞིང༷་༔ ཚེ༷་འད༷ས་རི༷གས་དྲུ༷ག་གན༷ས་ན༷ས་དྲ༷ངས་པ་༷ནི༷༔ ཞེས་པའི་སྐབས་ཏེ། གང་འདུལ་བར་བྱ་བའི་གནས། གདུལ་བྱ་སེམས་ཅན། འདུལ་བྱེད་སྟོན་པ། དེ་ལ་གསོལ་འདེབས། སྐྱབས་འགྲོ། ངན་སོང་གནས་འདྲེན་གྱི་དབང་། ལན་ཆགས་གཏོར་མ་བསྔོ་བ། འཁོར་བའི་ས་བོན་བསྲེགས་སྦྱངས། བག་ཆགས་དུག་ཁྲུས་བྱ་བ། སླར་མི་ལྡོག་པའི་ས་བཅད་རྣམས་ཚིག་རྗེས་སུ་དོན་དྲན་པས་འགྲུབ་ལ། ལྷན་ཐབས་ཀྱང་དོན་དྲན་པའི་ཕྱིར་ལས་གཞན་མ་ཡིན་ནོ། །དེ༷་ན༷ས་ཐོ༷ག་མ༷ར་གསོ༷ལ་བ་༷འདེ༷བས་པ༷་ནི༷༔ ཀྱེ༷་མ༷༔ ཞེས་ཉམ་ཐག་པའི་སྐད་ཀྱིས་བོས་ཏེ། མགོན་པོ་ཐུགས་རྗེ་ཅན་ཁྱེད་ཀྱིས་བདག་སོགས་རིགས་དྲུག་གི་གནས་སུ་ལྟུང་བའི་སྐྱབས་བྲལ་མགོན་མེད་ཀྱི་སེམས་ཅན་རྣམས་ཐུགས་རྗེ་ལྕགས་ཀྱུས་བཟུང་དུ་གསོལ་ཞེས། ཀྱེ་མ་མགོན་པོ་ཐུགས་རྗེ་ཅན༔ སོགས། སྐབས་འདིར་སློབ་དཔོན་གྱིས་ཆོས་བཤད་ཅིང་། ཀྱེ་མ་ཚེ་འཕོས་ཤིང་ལུས་བརྗེས་པའི་བར་མ་དོའི་ཡིད་ཀྱི་ལུས་ཅན་ཁྱོད། སྔོན་ཆད་མ་རིག་པའི་ལས་དབང་གིས། དུག་གསུམ་གྱིས་བཅིངས་ཏེ་ངན་སོང་གསུམ་དུ་མནར་འདུག་ཀྱང་། དེང་ནས་བརྩམ་ཏེ་རྒྱལ་བའི་ཐུགས་རྗེ་ཕོ་ཉས་བཟུང་སྟེ། རིགས་དྲུག་གི་གནས་ནས་དྲངས་པ་ཡིན་པས་དོན་དུ་གཉེར་བ་དང་། འབྲས་བུ་འདོད་པའི་ཕྱིར་དུ་འདྲེན་པ་ཐུབ་ཆེན་དྲུག་ལ་གསོལ་བ་འདི་ལྟར་ཐོབ་ཅིག་ཅེས། ཀྱེ༷་མ༷་ཚེ༷་འཕོ༷ས་

སོ༷གས་རྗེས་སུ་གསོལ་བ་གདབ་པ་ནི། ཀྱེ་མ་བདག་འདྲ་བའི་སེམས་ཅན་ལས་ངན་པ་ཞེ་སྡང་དྲག་པོའི་ལས་ཀྱིས་དབང་གིས་ན་རཀ་དམྱལ་བའི་གནས་སུ་སྐྱེས་ནས་བཙོ་བསྲེགས་ཀྱི་སྡུག་བསྔལ་བརྗོད་ལས་འདས་པ་ལས། བདག་སྒྲོལ་བར་མཛོད་ལ་བརྩེ་བ་ཆེན་པོས་བཟུང་དུ་གསོལ་ཞེས། ཀྱེ་མ་བདག་འདྲའི་སོགས། སློབ་དཔོན་གྱིས་ཀྱེ་མ་ཚེ་འདས་རིགས་ཀྱི་བུ་ཁྱོད་ཞེ་སྡང་དྲག་པོའི་ཀུན་སློང་གིས་མི་དགེ་བཅུ་དང་ཁྱད་པར་སྲོག་གཅོད་གྱི་ལས་བགྱིས་པའི་དབང་གིས་ན་རག་དམྱལ་བའི་གནས་སུ་སྐྱེ་སྲིད་པས། དེ་ན་མགོན་དང་སྐྱབས་སུ་གྱུར་པ་དམྱལ་བའི་ཐུབ་པ་ཆོས་ཀྱི་རྒྱལ་པོ་ཞེས་བྱ་བ་བཞུགས་པས། དེ་ལ་སྐྱབས་སུ་འགྲོ་བའི་ཚིག་གིས་འདི་སྨྲོས་ཤིག །དེ་ནས་སྐྱབས་སུ་འགྲོ་བ་ནི། ཉོན་མོངས་པ་ཞེ་སྡང་གི་རྣམ་པར་རྟོག་པ་གཟུང་བ་དང་འཛིན་པའི་ཆོས་ཐམས་ཅད་ཀུན་ནས་སྤངས་པས་བདེ་བར་གཤེགས་པ། གཞན་གྱི་སྡུག་བསྔལ་དང་དུ་ལེན་པ། གནོད་བྱེད་ལ་ཅི་མི་སྙམ་པར་འཁོན་འཛིན་གྱི་དྲི་མ་མེད་པ་སོགས་བཟོད་པའི་ཆོས་ལ་རང་དབང་ཐོབ་པས། ཞེ་སྡང་རྣམ་པར་དག་པ་དམྱལ་བའི་ཐུབ་པ་ཕྱག་ན་མེ་ཆུ་བསྣམས་པ། དམྱལ་བ་ཚ་གྲང་གི་སྡུག་བསྔལ་སྦྱང་བར་མཛད་དུ་གསོལ། བདག་གིས་སྙིང་ཐག་པ་ནས་ཅི་མཛད་ཁྱེད་མཁྱེན་གྱིས་ཆོས་ཀྱི་རྒྱལ་པོ་ཁྱེད་ལ་སྐྱབས་སུ་མཆིའོ་ཞེས། ཞེ༷་སྡ༷ང་གཟུ༷ང་འཛི༷ན་སོ༷གས། དེ་རྗེས་མེ་ཆུས་དབང་བསྐུར་བར་བྱ་བ་ནི། དམྱལ་བ་ཚ་གྲང་གི་སྡུག་བསྔལ་ལས་སྐྱོབ་པར་བྱེད་པ་ནི། གྲང་བ་ལ་མེ་དང་ཚ་བ་ལ་ཆུ་སྟེ། བསིལ་དྲོད་ཅི་འདོད་ཀྱི་འབྲས་བུ་ལྡན་པ་འདིས། ཚེ་འདས་རིགས་ཀྱི་བུ་ཁྱོད་ལ་དབང་བསྐུར་བས་དམྱལ་བ་ཚ་གྲང་གི་སྡུག་བསྔལ་ལས་གྲོལ་ནས་ན་ར་ཀ་ཡི་སྡུག་བསྔལ་དང་བྲལ་བར་ཤོག །ཅེས། ཧཱུ༷ྃ་ཚ༷་གྲ༷ང་སྐྱོ༷བ་

བྱེ༷ད་སོགས། དེ་ནས་སྨན་ལྔའི་བུམ་པས་དབང་བསྐུར་བ་ནི། ཀུན་ཏུ་བཟང་པོ་ཡབ་ཡུམ་གྱི་བུམ་པ་ན་རྒྱལ་བ་ཞི་ཁྲོའི་ལྷ་ཚོགས་བཞུགས་པས་ཚེ་འདས་ཁྱོད་ལ་དབང་བསྐུར་ཙམ་གྱིས་དམྱལ་བའི་སྐྱེ་སྒོ་བཅད་ནས་ན་ར་ཀ་ཡི་སྡུག་བསྔལ་དང་བྲལ་བར་ཤོག༔ ཅེས་དང་། ཧཱུ༷ྃ་ཀུ༷ན་བཟ༷ང་ཡུ༷མ་སོགས། ལན་ཆགས་གཏོར་མ་བསྔོ་བ་ནི། གཏོར་མ་འདོད་པའི་ཡོན་ཏན་ལྔ་དང་ལྡན་པ་འདི་ནི་ཚེ་འདས་ལ་སྲོག་གི་ལན་ཆགས་སྙེག་པའི་བདག་པོ་གསོན་གྱི་བདུད་དང་། གཤིན་གྱི་ལྕགས་བྱེད་པའི་ལན་ཆགས་ཀྱི་བདག་པོ་ཁྱོད་ལ་སྦྱིན་པ་ཡིན་པས་གཏོར་མ་འདི་ཡིས་མགུ་ཞིང་ཚིམ་པར་གྱིས་ལ། ཚེ་འདས་འདིའི་ཐར་བའི་ལམ་ལ་གེགས་མ་བྱེད་ཅེས། ཧཱུ༷ྃ་གཏོ༷ར་མ༷་སོགས། དེ་ནས་བྲབ་པའི་བྱེ་མ་ཐོགས་ལ། རྡོ་རྗེ་སེམས་དཔའི་ཐུགས་ཀའི་འོད་ཟེར་ལས་ཡེ་ཤེས་ཀྱི་མེ་འབར་བས་དམྱལ་བའི་ས་བོན་དུཿནག་པོ་རྒྱུ་རྐྱེན་བག་ཆགས་དང་བཅས་རང་བཞིན་མེད་པར་བསྲེགས་པར་བསམས་ལ། འདོད་ཆགས་ཞེ་སྡང་སོགས། བྱེ་མ་བརྔོས་པས་བྲབས་ནས། སྡིག་སྒྲིབ་མེ་ཡིས་དངོས་སུ་བསྲེགས་ལ། ཡང་ན་རླུང་གི་གཤེད་དུ་ས་འདེབས་པ་ལས་རླུང་དབང་དུ་བྱེད་པའི་དོན་ནོ། །དེའི་རྗེས་ལ་དྲི་མ་སྦྱོང་ཞིང་འཁྲུ་བ་ནི། མེ༷་ལོ༷ང་མཚ༷ན་བྱ༷ང་ངོ༷ས་བསྟ༷ན་འདི༷་སྐད༷་དོ༷༔ ཞེས། འདི་ནི་བཟོད་པའི་རང་བཞིན་ཆུས་ཁོང་ཁྲོའི་དྲི་མ་སྦྱོང་བར་མཛད་པ་དང་། བྱམས་པས་ཆུས་ལེགས་པར་བཀྲུས་པས། ཁོང་ཁྲོའི་དྲི་མ་དག་པར་གྱུར་ཅིག༔ དེ་ལྟར་ཁྲུས་ལེགས་པར་མཛད་པ་ལ་ཕྱག་འཚལ་ལོ། །ཞེས་། འདི༷་ནི༷་བཟོ༷ད་པའི༷་རང་༷བཞི༷ན་སོགས། དེ་ནས་མཚན་བྱང་ཡི་དྭགས་གནས་སུ་དྲངས། ས་མཚམས་བཅད་པ་མན་ཆད་ན་རཀ་དམྱལ་བའི་གནས་ཡིན་པས་མྱུར་དུ་བོར་རམ་

སྤོང་ངོ་། །རིགས་ཀྱི་བུ་ཁྱོད་ས་འདི་བཅད་པ་ཡན་ཆོད་མཐོ་རིས་བདེ་བའི་ས་ཡིན་པས་དེར་འདོང་ངོ་གཤེགས་སོ། །རིགས་ཀྱི་བུ་དེང་ནས་འཁོར་བ་དང་སྒོས་སུ་དམྱལ་བ་ལ་ཕྱིར་མི་ལྡོག་པའི་ས་ཐོབ་པར་ཤོག །ཅེས། ཧཱུྃ་ས་འདི་བཅད་པ་སོགས་ཞེས་བརྗོད། རྡོ་རྗེས་ཕྱི་ལམ་བཅད་པར་བྱ། །ཞེས་རྡོ་རྗེའི་ཆོས་བདུན་དང་ལྡན་པའི་ལྟ་བས་མཚམས་བཅད་པའི་མཚོན་ཕྱིར་རྡོ་རྗེས་བཅད། གཉིས་པ་ཡི་དྭགས་ཀྱི་གནས་ནས་དྲངས་པ་ནི། གཞན་རྣམས་གཏེར་གཞུང་ཚིག་[གིས་]གསལ་བས་རིགས་འགྲེས་སུ་རྟོགས་ལ། སྐྱབས་སུ་འགྲོ་བའི་ཚིག་རྣམས་སོ་སོར་བཀྲོལ་ནས་གོ་སླ་བར་བྱའོ། །གཉིས་པའི་སྐབས། ཉོན་མོངས་འདོད་ཆགས་རྣམ་པར་རྟོག་པ་གཟུང་བ་དང་འཛིན་པའི་ཆོས་ཐམས་ཅད་ཀུན་ནས་སྤངས་པས་བདེ་བར་གཤེགས་པ། གང་ལ་གང་འཚམས་པའི་ཆོས་དང་། བྱམས་པར་སྨྲ་བའི་ཚིག་དང་། མི་འཇིགས་པའི་སྐྱབས་དང་། ཟང་ཟིང་གི་དངོས་པོ་དེར་མ་ཟད་ལུས་སྲོག་སྦྱིན་པ་ལའང་མི་འཇིགས་པ་སྦྱིན་པའི་ཆོས་ལ་རང་དབང་ཐོབ་པའི་སེར་སྣ་རྣམ་པར་དག་པ་ཡི་དྭགས་ཀྱི་ཐུབ་པ་ཞེས་སྦྲེལ། གསུམ་པའི་སྐབས་གཏི་མུག་གཟུང་འཛིན་ཀུན་སྤངས་བདེ་བར་གཤེགས༔ ནས། འདི་ལྟར་ཐོས་པ་དང་བསམ་པ་དང་སྒོམ་པ་སྟེ་ཤེས་རབ་ཀྱི་ཆོས་ལ་རང་དབང་ཐོབ་པས། གཏི་མུག་རྣམ་པར་དག་པ་བྱོལ་སོང་གི་ཐུབ་པ་སེང་གེ་རབ་བརྟན་ཞེས་དང་། བཞི་པའི་སྐབས། ཕྲག་དོག་གཟུང་འཛིན་ཀུན་སྤངས་བདེ་གཤེགས༔ ནས། རང་རྒྱུད་ལ་ཉེས་པ་ཀ་ནས་སྡོམ་པ་དང་། དགེ་བའི་ཆོས་ཐམས་ཅད་སྡུད་པ་དང་། སེམས་ཅན་གྱི་དོན་བྱེད་པ་དང་མི་འབྲལ་བ་སྟེ། ཚུལ་ཁྲིམས་ཀྱི་ཆོས་ལ་རང་དབང་ཐོབ་པས་ཕྲག་དོག་རྣམ་པར་

དག་པ་ལྷ་མིན་གྱི་ཐུབ་པ་ཞེས། ལྔ་བའི་སྐབས། ང་རྒྱལ་གཟུང་འཛིན་ཀུན་སྤངས་བདེ་བར་གཤེགས་ནས། གང་བྱིས་པ་ཉེར་སྤྱོད་དང་། དོན་རབ་འབྱེད་པ་དང་། དེ་བཞིན་གཤེགས་དགེའི་བསམ་གཏན་གྱི་ཆོས་ལ་རང་དབང་ཐོབ་པས་ལྟ་བའམ། ང་རྒྱལ་རྣམ་པར་དག་པ་ལྷའི་ཐུབ་པ་ཞེས། དྲུག་པའི་སྐབས། ཐེ་ཚོམ་གཟུང་འཛིན་ཀུན་སྤངས་བདེ་གཤེགས༔ ནས། གང་གིས་མི་འཇིགས་པའི་གོ་ཆ་དང་། གཞན་གྱིས་མི་བརྫི་བ་དང། ལེ་ལོ་སྤང་པའི་ལག་ལེན་ཏེ་བརྩོན་འགྲུས་ཀྱི་ཆོས་ལ་རང་དབང་ཐོབ་པས། ཐེ་ཚོམ་རྣམ་པར་དག་པ་མི་ཡི་སྟོན་པ་ཤཱཀྱ་ཐུབ་པ་ཞེས་འགྲེ། འདིའི་གོང་དུ། ཁྱོད་ཀྱི་ཉེ་དྲུང་འོ་དོད་འབོད་བྱེད་ཅིང་༔ སོགས་དང་། འོག་ཏུ་ས་བཅད་སྐབས་ཐམས་ཅད་ཀྱི་མིང་ནས་འབོད་བྱེད་ཅིང། ཞེས་སོགས་ནས་སྔར་བཤད་པའི་གསོན་བདུད་དང་གཤིན་ལྕགས་སུ་གྲགས་པ་ཡིན་པས་འདི་དང་མ་བྲལ་ན། གཤིན་པོ་གནས་མི་བདེ་ཞིང་། གསོན་པོ་བཀྲ་མི་ཤིས་པ་སོགས་ཤིན་ཏུ་འབྱུང་བས། འདིར་ཡང་ནན་དུ་གསུངས་པ་ནི། ཇི་སྐད་དུ། དུག་གསུམ་གཤེད་དུ་ཆེ་བ་ལ། སྐུ་གསུམ་ཡེ་ཤེས་སྒྲོན་མེ་ཡིས། །མ་རིག་འཁྲུལ་བའི་གཤེད་དང་དབྱེ། །ཞེས་གསུངས་པའི་དོན་ནོ། །དེ་ནས་དྲུག་པ་དཀྱིལ་འཁོར་དུ་འཇུག་པ་ནི། ཚེ་འདས་སློབ་མར་ཤེས་པས་གསོལ་བ་གདབ་པར་བསམ། ཨེ་མ་ཞེས་ངོ་མཚར་བ། མགོན་པོ་ཐུགས་རྗེ་ཅན་ཁྱེད་ཀྱིས་བདག་འདྲ་བའི་སེམས་ཅན་འཁོར་བར་འཁྱམས་པ་རྣམས། ལོག་པའི་ལམ་དུ་ཞུགས་ལགས་པས༔ ད་ནི་བདེ་ཆེན་ཐར་བའི་ཞིང་དུ་ལམ་སྟོན་པ་དང་། དཀྱིལ་འཁོར་ཆེན་པོ་འདིར་འཇུག་པར་མཛད་དུ་གསོལ། སྙམས་པས་ཨེ་མ་མགོན་པོ་སོགས། དེ་སྐད་གསོལ་བ་བཏབ་རྗེས་སློབ་དཔོན་གྱིས༔ ཞེས་ལན་

སྦྱིན་པ་ནི། བུ་ཁྱོད་ལེགས་པར་ཉོན་དང་འཁོར་བ་ལས་ཐར་བའི་གྲོང་དུ་འཇུག་ན་ཚེ་འདིའི་འབྲས་བུ་དོན་དུ་གཉེར་བར་མི་བྱ་སྟེ། ཚེ་འདི་དོན་དུ་གཉེར་ན་ཕ་རོལ་ཐར་པའི་འབྲས་བུ་ཐོབ་པར་མི་འགྱུར། ཕ་རོལ་དོན་དུ་གཉེར་བར་གྱིས་ཤིག་ཅེས། ཨེ་མ་ཚེ་འདས་སོགས། སླར་གསོལ་བ་གདབ་པ་ནི། ཀུན་བཟང་ཞི་ཁྲོའི་ལྷ་ཚོགས་དང་རྡོ་རྗེ་སློབ་དཔོན་རྣམས་ཀྱིས། རྡོ་རྗེ་ཐེག་པའི་དམ་ཚིག་བྱང་སེམས་ཀྱི་བསླབ་བྱ། ཐུན་མོང་དང་ཁྱད་པར་གྱི་སྐྱབས་འགྲོ་རྣམས་བདག་ལ་སྩོལ་བ་དང་། རྒྱལ་བ་ཞི་ཁྲོའི་དཀྱིལ་འཁོར་དུ་མགོན་པོ་ཁྱེད་ཀྱིས་བདག་འཇུག་པར་མཛད་དུ་གསོལ་སྙམ་པས། ཀུན་བཟང་ཞི་ཁྲོའི་ལྷ་ཚོགས་སོགས། དེ་སྐད་ཞེས་པས་ལན་དུ་སློབ་དཔོན་གྱིས། ཆོས་ཀྱི་དོན་རྟོགས་པས་༼པ༽ཐམས་ཅད་ལེགས་པར་བསྡུས་ནས་ཤིན་ཏུ་བསམ་པ་བཟང་པོ་དང་ལྡན་པས་ཉོན་ཅིག །ཅིའི་ཕྱིར་ན། བརྗེད་ངེས་དང་ལེ་ལོ་གཡེང་བའི་བློ་ལ་རྡོ་རྗེ་སེམས་དཔའ་སོགས་དུས་གསུམ་སངས་རྒྱས་རྣམས་ཀྱིས་བྱིན་གྱིས་བརླབ་པར་མི་འགྱུར་རོ། །ཞེས་རྟོ༷གས་པ༷་ཐ༷མས་ཅད་སོགས། སྤྲོ་བ་བསྐྱེད་པ་ནི། བུ་ཁྱོད་ཤིན་ཏུ་སྐལ་བ་བཟང་པོ་དང་ལྡན་ཏེ་གང་གིས་སྒྱུ་འཕྲུལ་ཞི་ཁྲོའི་དཀྱིལ་འཁོར་གྱི་ལྷ་ལ་ཕྱག་འཚལ་ན། ཉམས་ཆགས་དང་མཚམས་མེད་ལྔ་ཡི་སྡིག་པ་ཡང་བྱང་ཞིང་ན་རཀ་གི་གནས་ཀྱང་དོང་ནས་སྤྲུགས་ཏེ་རིག་འཛིན་རྒྱལ་བའི་ཞིང་དུ་གྲགས་པ་ཡིན་པས་སྤྲོ་བའི་སེམས་ཀྱིས་ལེགས་པར་ཉོན་ཞེས། བུ༷་ཁྱོ༷ད་ཤི༷ན་ཏུ༷་སོགས། སྐབས་འདིར་སྤྲོ་ན་ཕྱག་འཚལ་སྦྱར། ཐོ༷ག་མ༷ར་སྐྱ༷བས་སུ༷་འགྲོ༷་བ༷འི་སྡོ༷མ་པ༷་ནི༷༔ ཞེས་པས་ཐུན་མོང་དང་ཁྱད་པར་གྱི་སྐྱབས་སུ་འགྲོ་བ། སོ་ཐར་སྨོན་འཇུག་རིགས་ལྔའི་དམ་ཚིག་རྣམས་རིམ་བཞིན་བཟུང་བར་བགྱི་སྙམ་པས། ཕྱོ༷གས་བཅུ༷འི་ས༷ངས་རྒྱ༷ས་སོགས་

ནས་མ་ལུས་བདག་གིས་ཡོངས་སུ་བཟུང་༔ བར་ཅེས་པས། དམ་ཚིག་སྡོམ་པ་འབོགས་ནས་སུ༔ སྐབས་འདིར་མིག་དར་བཅིང་། མེ་ཏོག་གཏད། དེ༷་ན༷ས་ཚེ༷་འད༷ས་ལྷ༷་རུ༷་བསྐྱེ༷ད་པ༷་ནི༷༔ རོའམ་རུས་པའམ་ནི་མཚན་བྱང་ལ༔ ༀ༷་བ༷ཛྲ༷་ཤྲཱི༷༷༷་སོགས་པར་བསམ། མཚམས་སྦྱོར་གྱིས་བརྒྱན། ཡེ་ཤེས་པ་དབབ། བརྟན་པར་བྱ། དེ་ནས་དཀྱིལ་འཁོར་ད༷ལ་དུ༷་འཇུ༷ག་པ༷་ནི༷༔ ཞེས་དཀྱིལ་འཁོར་ཆེན་པོའི་སྒོ་བཞི་ཉོན་མོངས་བཞིའི་སྒྲིབ་པས་བཅད་ན་སྒོ་མ་བཞི་དང་སྒོ་བ་ཡབ་ཡུམ་བརྒྱད་རྣམས་ཀྱིས་ཐབས་ཤེས་ཕྱག་བརྒྱ་བཞིས་ཡེ་ཤེས་བཞིའི་སྒོ་ཕྱེས་ལ། ཚེ་འདས་དད་པས་འཇུག་པར་བགྱི་བ་དང་། ཀུན་བཟང་ཞི་ཁྲོའི་ལྷ་ཚོགས་རྣམས་ལ་གུས་པས་ཕྱག་འཚལ་བས་ཚེ་རབས་ནས་འབྲེལ་བའི་ཡི་དམ་གྱི་ལྷ་དེ་དང་མཇལ་བར་ཤོག །ཅེས། ཧཱུྃ་དཀྱིལ་འཁོར་ཆེན་པོའི་སོགས། འདི་སྐད་བརྗོད་པར་ཧཱུྃ་ཚེ་འདས་རིག་པའི་མེ་ཏོག་སོགས། མེ་ཏོག་དོར་བ། མིག་དར་དབྱེ་བ། ལྷ་ངོ་བསྟན་པ་རྣམས་གཞུང་ལྟར་སོང་། བདུན་པ་དབང་བསྐུར་རང་གཞུང་ལྟར་བྱས་པས། ཚེ་འདས་ལྷག་པའི་ལྷར་ཤེས་པ་ཡིན་ནོ། །བརྒྱ༷ད་པ༷་ཞི༷ང་དུ༷་སྨོ༷ན་ལ༷མ་གད༷བ་པ༷་ནི༷༔ འདི་ནས་ཤར་གྱི་ཕྱོགས་ན། མངོན་པར་དགའ་བའི་ཞིང་ཁམས་ཡོད་པ་ལ་ཞིང་དེ་རྣམས་ནི་འབྱུང་བ་ས་ཡི་ཁམས་རྣམ་པར་དག་པའི་ཏིང་ངེ་འཛིན་ཏེ། དེ་ལ་ཤི་ཞེས་བྱ་བ་ནི་མེད་པ་དང་། སེམས་ཅན་གྱི་སྲོག་ནི་ས་ཡིན་པ་དང་ས་ཡི་སྙིང་པོ་སུཾ་ཞེས་པ་དེ་ལ་བརྟེན་ནས་བུ་ཁྱོད་ཀྱང་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དང་། སེམས་བསྐྱེད་ནས་ཀྱང་ཞིང་མཆོག་དེ་རུ་སྐྱེ་བར་འགྱུར་ཏེ། ཡུམ་སངས་རྒྱས་སྤྱན་མ་དང་གཉིས་སུ་མེད་པར་སངས་རྒྱས་པར་ཤོག །དེའི་འགྲེས་སུ་ཤེས་ལ། འདི༷་ནས༷་ཤ༷ར་གྱི༷་སོགས། དགུ་པ་ནད་

དང་སྒྲིབ་པ་སྦྱང་བ་ནི༔ ཞེས་སྐབས་འདིར་ཟས་གཏད་སྦྱར་བའམ། སློབ་དཔོན་གྱིས་སེམས་དཔའ་ལྔའི་སྐུ་བསྟན་ལ། ལས་ཀྱི་རྡོ་རྗེས་ཟས་ཀྱི་བྱ་བ་བྱས་ན། དབང་ལྔའི་ནད་དང་སྒྲིབ་པ་སྦྱང་བ་ཆོས་མཐུན་ལས་ཁྱད་པར་མ་དམིགས་སོ། །ཀྱེ་མ་ཞེས་སྙིང་རྗེའི་གནས་སུ་གྱུར་པ་མུན་པ་ལྟ་བུའི་འཇིག་རྟེན་གྱི་ཁམས་སུ་འཁྱམས་ཤིང་སྡུག་བསྔལ་བས་ཉམ་ཐག་གི་འོ་དོད་དྲག་པོས་འབོད་པ་ཁྱོད་ནི་རྒྱལ་བའི་སྲས་པོ་ཐུགས་རྗེ་ཅན་རྣམས་ཀྱིས་སྐྱོབ་པར་ཤོག་ཅིག །འདི་ལྟར་མེ་ལོང་ཡེ་ཤེས་ཀྱི་ངང་ནས་བྱང་ཆུབ་སེམས་དཔའི་སྐུར་སྤྲུལ་པ་རྒྱལ་སྲས་ས་ཡི་སྙིང་པོའི་ཐུགས་རྗེས་ཚེ་ལས་འདས་པའི་མིག་དབང་གི་ནད་བསལ་ནས་གཟུགས་མི་གསལ་བ་རབ་རིབ་ཀྱི་ནད་དང་སྒྲིབ་པ་སེལ་ནས་གཟུགས་སྣང་ལ་མིག་གི་དབང་པོས་བལྟ་བར་ཤོག་ཅིག །ཅེས་དང་། སྔོན་ཚེ་རབས་མང་པོའི་གོང་ནས་བསྙེན་ཅིང་སྒྲུབ་པའི་ལྷ་ནི་ཡི་དམ་སྟེ་ལྷག་པའི་ལྷ་མཆོག་འཁོར་བའི་སྐྱབས་སུ་གྱུར་བ་ནི་རྒྱལ་སྲས་བྱང་ཆུབ་སེམས་དཔའ་ས་ཡི་སྙིང་པོ་ཞེས་བྱ་བ་ལྷའི་མཆོག་ཁྱེད་ལ་སྐྱབས་སུ་མཆི་བ་ལགས་པས་ཐུགས་རྗེ་ཆེན་པོས་ཚེ་ལས་འདས་པ་ལ་བྱིན་གྱིས་རློབས་ཤིག །དེའི་འགྲེས་སོ། །བཅུ་པ་ལམ་བསྟན་གནས་སྤར་བྱ་བ་ནི། མར་མེ་ཡེ་ཤེས་ཆེན་པོར་བྱིན་གྱིས་བརླབ༔ ཅེས་དུས་གསུམ་རྒྱལ་བ་སྲས་བཅས་ཀྱི་ངོ་བོ་རང་བྱུང་རིག་པའི་ཡེ་ཤེས་ཀྱི་གསལ་སྣང་འགག་པ་མེད་པར་མཚོན་པའི་མར་མེ་བསྟན་པས་ཡེ་ཤེས་ཀྱི་སྣང་བ་ཆེན་པོས་ཐར་ལམ་གསལ་ཏེ་མ་རིག་རྒྱུ་རྐྱེན་བག་ཆགས་ཀྱིས་སྒྲིབ་མེད་ཡེ་ཤེས་ཀྱི་ལྷ་དང་མཇལ་བར་བལྟས་ལ། ཧཱུ༷ྃ་ར༷ང་བཞི༷ན་ཤུ༷གས་སོ༷གས། འདི་ནས་ཤར་ཕྱོགས་མངོན་པར་དགའ་བའི་ཞིང་ན་རྫོགས་པའི་སངས་རྒྱས་རྣམ་པར་

སྣང་མཛད་ཅེས་བྱ་བ་བཞུགས་པ། གང་ཞིག་གིས་དེའི་མཚན་འཛིན་པ་ཙམ་གྱིས་ཞིང་མཆོག་དེ་རུ་སྐྱེ་བར་འགྱུར་ལ། དེ་བཞིན་དུ་ཞིང་གི་མཆོག་དེ་རུ་སྐྱེ་བར་ཤོག་ཅེས་སྨོན། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ལ་ཚེ་འདས་ཀྱི་གཟུགས་ཕུང་ཡོན་དུ་འབུལ་ན་ཡོན་འདི་བཞེས་ལ་ལམ་འདི་སྟོན་པ་དང་སེམས་འདི་བྱང་ཆུབ་ཀྱི་གནས་སུ་དྲོངས། ཞེས་སོ། །འདི༷་ནས༷་ཤར༷་གྱི༷་སོགས་འགྲེས། དེ་ནས་ཚོགས་སྦྱོར་མཐོང་སྒོམ་བླ་མེད་ཀྱི་ལམ་དང་ལྔ། ཡོངས་གྲགས་ཀྱི་ས་བཅུ་མཐར་ཕྱིན་ཏེ་མངོན་པར་རྫོགས་པའི་སངས་རྒྱས་ཐམས་ཅད་ལྷུན་གྱིས་གྲུབ་པས་ཕྱོགས་བཅུའི་རྒྱལ་བ་རྣམས་ཀྱིས་འོད་ཟེར་ཆེན་པོའི་དབང་བསྐུར། ཤེས་བྱའི་སྒྲིབ་པ་བཅོམ་སྟེ་དག་པའི་ས་རྣམས་བགྲོད་དེ་ཡང་དག་པར་རྫོགས་པའི་སངས་རྒྱས་ཐམས་ཅད་མཁྱེན་པའི་དོན་རྟོགས་ནས་འབྲས་བུ་སྐུ་གསུམ་འདུ་འབྲལ་མེད་པའི་གོ་འཕང་ཆེན་པོ་ཐོབ་པར་ཤོག་ཅེས། ལ༷མ་ལྔ༷་ས༷་བཅུ༷་སོགས། དེ་༷ན༷ས་རྣ༷མ་ཤེ༷ས་གན༷ས་སུ༷་སྤ༷ར་བ༷་ནི༷༔ ཞེས་ཐབས་བདེ་བ་ཆེན་པོའི་ཡེ་ཤེས་ཀྱི་རང་བཞིན་གྱི་གཞུ་ལ། ཤེས་རབ་སྟོང་པ་ཉིད་ཀྱི་མདའ་བཀང་སྟེ། གཉིས་སུ་མེད་པའི་ཡེ་ཤེས་ཀྱི་རང་བཞིན་ཐུགས་རྗེ་ཆེན་པོའི་ཤུགས་ཀྱི་རྒྱུད་དང་ལྡན་པ་འདི་ལ་བརྟེན་ནས་བླ་ན་མེད་པའི་གནས་མཆོག་དམ་པ་དེ་རུ་ཚེ་འདས་མདའ་འཕངས་བཞིན་དུ་སྐྱེ་བར་ཤོག །ཅེས་གཞན་དུ་ཤེས་རབ་ཀྱི་གཞུ་དང་། ཐབས་ཀྱི་མདའ་བྱས་པ་ཤེས་རབ་རྟོགས་ཐབས་ཀྱིས་འགྲོ་དོན་བྱ་བ་དང་། འདིར་ཐབས་ལ་བརྟེན་ནས་ཤེས་རབ་ཀྱི་དབྱིངས་སུ་སྐྱེལ་བའི་ཁྱད་པར་སེམས་སོ། །ཞིང་ཁམས་འདི་ནས་ཤར་གྱི་ཕྱོགས་ན་མངོན་པར་དགའ་བའི་ཞིང་ཁམས་ཞེས་བྱ་བ་ཡོད་ཅིང་དེ་ན་རྫོགས་པའི་སངས་རྒྱས་རྣམ་པར་སྣང་

མཛད་དང་། ཡུམ་སངས་རྒྱས་སྤྱན་མ་གཉིས་བཞུགས་ལ། འཁོར་དུ་སེམས་དཔའ་ས་ཡི་སྙིང་པོ་དང་བྱམས་པ། སེམས་མ་ལ་སྱཱ་མ་པུཥྤེ་མ་བཅས་བདེ་གཤེགས་རིགས་ཀྱི་གཙོ་བོ་འཁོར་རྣམ་པ་དྲུག་དང་། གཞན་ཡང་སྤྲུལ་པའི་སངས་རྒྱས་གྲངས་ལས་འདས་པ་ཡོད་ཅིང་། དགའ་བདེའི་ཡོན་ཏན་བསམ་གྱིས་མི་ཁྱབ་པ་ཡོད་པའི་ཕྱིར་དུ་༼ན་༽མངོན་པར་དགའ་བའི་ཞིང་ཞེས་བྱ་བ་དང་། ཞིང་མཆོག་གཙང་མའི་གནས་རབ་དམ་པ་དེ་རུ་ཚེ་ལས་འདས་ཤིང་ལུས་བརྗེས་པའི་རིགས་ཀྱི་བུ་ཁྱོད་ཀྱང་རྫོགས་པའི་སངས་རྒྱས་དེའི་སྲས་ཀྱི་མཆོག་ཏུ་རྩལ་པོ་ཆེས་མདའ་འཕངས་པ་བཞིན་དུ་སྐྱེ་བར་ཤོག༔ ཅེས་དང་། ཕཊཿཅེས་སྒྲ་གྲགས་པས་ཚེ་འདས་ཀྱི་གཟུགས་ཕུང་ཨ་དཀར་པོའི་རྣམ་པ་༼པས༽མདའ་འཕངས་པ་བཞིན་དུ་རྣམ་པར་སྣང་མཛད་ཡབ་ཡུམ་གྱི་སྦྱོར་མཚམས་སུ་ཐིམ་ནས་རྒྱལ་བའི་སྲས་སུ་སངས་རྒྱས་པར་གྱུར་ཅིག །ཅེས་གཞན་རྣམས་ཀྱང་དེའི་འགྲེས་སུ་བྱ། {དེ་ལྟར་གྱིས་}ཐ༷བས་ཀྱི༷་གཞི༷་ལ་༷སོགས། འདིར་དོང་སྤྲུག་གཙོར་སྟོན་གྱི་དབང་གིས་དཀྱིལ་འཁོར་གྱི་གཙོ་བོ་རྡོར་སེམས་དང་། རྣམ་སྣང་ཤར་དུ་བཀོད་པའི་ཚེ་ཡབ་གོ་འཕོ་ལ་ཡུམ་མ་འཕོས་པའོ། །དེ་ལྟར་མ་དག་ཕུང་ལྔའི་རྟོག་པ་རྣམས་དག་པ་སྐུ་ལྔའི་ཞིང་དུ་འཕོ་བ་རྒྱུད་སྡེའི་དགོངས་པ་བླ་ན་མེད་པ་ཡིན་ཀྱང་། འདི་ལ་འགའ་ཞིག་གིས་མུ་ཅོར་སྨྲའོ། །དེ་ནས་རྣམ་ཤེས་གནས་སུ་སྤར་བའི་རྗེས་ཕུང་པོ་སྦྱང་བ་སྦྱིན་བསྲེག་བྱ་བ་ནི། མར༷་མེའི༷་དབུ༷ས༷་སུ༷་༷དམ༷༷་ཚི༷ག༷་མེ༷་ལྷ༵༷་བསྐྱེ༷ད༷༔ ཡེ༷་ཤེ༷ས༷་མེ༷་ལྷ༵༷་སྤྱ༷ན༷་དྲང༷༷ས་གཉི༷ས༷་མེ༷ད་བསྟི༷མ༷༔ ཞེས་པས་དོན་སྤྲོ་ན་ཟུར་དུ་མཛད་མོད། དེ་ནས་མཚན་བྱང་མར་མེའི་རྩེ་ལ་རེག །ཉོན༷༷་མོ༷ངས་སྡི༷ག༷་སྒྲི༷བ༷་ཐམ༷ས་ཅ༷ད་བསྲེ༷ག༷་པ༷ར་བས༷མ༔ ཞེས་ཚེ་

འདས་རིགས་ཀྱི་བུ་ཁྱོད་ཀྱི་ཀུན་གཞིའི་རྣམ་པར་ཤེས་པའི་ཐབ་ཁུང་དུ་གཟུགས་ཕུང་གི་ཡམ་ཤིང་ལ་ཆོས་དབྱིངས་ཡེ་ཤེས་ཀྱི་མེ་སྦར་བས་གཏི་མུག་གི་རྟོག་པའི་རྒྱ་མཚོ་སྐེམ་པར་ཤོག༔ ཅེས་འགྲེས་ཏེ། མདོར་ན་མ་དག་པའི་ཕུང་ཁམས་སྐྱེ་མཆེད་ཀྱི་རྟོག་ཚོགས་ཐམས་ཅད་ལ་དག་པ་ཡེ་ཤེས་ཀྱི་མེ་སྦར་བས་འཁོར་བའི་རྣམ་རྟོག་བསྲེགས་པར་མོས་ལ། ཀུན་གཞིའི་རྣམ་ཤེས་སོགས་ཞེས་བརྗོད་ཡིག་བརྒྱ་ཀཾ་ཀ་ནི་བཟླ༔ མིང་བྱང་དལ་བུས་བསྲེགས་ལ་ཐལ་བ་ལ་སཱཙྪ་གདབ། དེ་རྗེས་དམིགས་མེད་ཁྱབ་གདལ་ངང་དུ་བཞག༔ ཅེས་སོ། །ཡང་ཉེ་བར་ཡོད་པའི་ནད་པ་སོགས་ལ་དགོས་ཚེ། ཚེ་འདས་ཀྱི་མལ་དུ་ཚེ་དང་ལྡན་པ་དང་། སྐལ་ལྡན་སློབ་མ་དང་། བསྒྲུབ་བྱ་སོགས་ཚིག་འོས་པ་བསྒྱུར་ལ། རྟེན་བསྐྱེད་རྣམ་ཤེས་འགུགས་པ་ཚར་ནས། བར་དེར་བགེགས་གཏོར་བཏང་། འདི་ནི་སྦྱིན་པའི་རང་བཞིན་སོགས་ནས་དུག་ཁྲུས་རྣམས་བྱ། བསྒྲུབ་བྱའི་སྤྱི་མགྲིན་སྙིང་ལྟེ་གསང་གནས་རྐང་མཐིལ་གཡོན་རྣམས་སུ་རིགས་དྲུག་གི་ས་བོན་རྩ་ཡིག་གི་རྣམ་པར་གནས་པ་ལ་བསྲེག་སྦྱང་སྔར་བཞིན་བྱ་བ་སོགས་ནས་དབང་བསྐུར་བ་མཐའ་བརྟེན་བཅས་དཀྱུས་བཞིན་དུ་གྲུབ་ནས་དེ་མན་ཆད་སྐབས་དང་བསྟུན། རྣམ་ཤེས་སྤར་བ་དོར། བྱང་བུ་བསྒྲུབ་བྱའི་ནད་གདོན་སྡིག་སྒྲིབ་སོགས་[སུ་]དམིགས་ལ་བསྲེགས། བསྒྲུབ་བྱ་དེའམ་ནད་པ་ཡོད་པ་ལ་གནས་འདྲེན་དགོས་ན་བགེགས་གཏོར་བཏང་བ་ནས་བརྩམ་སྔར་བཞིན་བགྱིས། བྱང་བུ་བསྲེག་པའི་དོད་དུ་བསྒྲུབ་བྱའི་སྐྲ་སེན་བསྲེག་ཅེས་གཏེར་བདག་གླིང་པ་དང་རིག་འཛིན་བཞད་པ་རྡོ་རྗེ་སོགས་ཀྱིས་གསོན་སྦྱང་ཆོ་གའི་ལུགས་སོ། །ཚུལ་དེ་རྣམས་གྲུབ་དབང་ཆེན་པོས་མཛད་པའི་གནས་འདྲེན་ཆུང་བ་དང་ཡང་མཚུངས་སོ། །

ལར་གསོན་པོ་ལ་དབང་བསྐུར་བགྱིས་པས་གྲུབ་ཀྱང་གནས་འདྲེན་མི་རུང་བ་ནི་མ་མཆིས་ཏེ། རྫོགས་ཆེན་གྱི་ཁྲིད་རྣམས་སུ་ཐུན་མོང་མ་ཡིན་པའི་སྔོན་འགྲོའི་སྐབས་རིགས་དྲུག་གི་ས་བོན་བསྲེག་སྦྱང་སོགས་དང་དགོངས་པ་མཐུན་པར་མ་ཟད། ལན་ཆགས་གཏོར་མ་འཇལ་བས་ཀྱང་འཆི་བསླུའམ་བླ་གླུད་ཀྱི་དོན་གྲུབ་པས་ཕན་ཡོན་ཆེན་པོ་དང་ལྡན་པ་ཉིད་དོ། །མདོ་ལས། ལུས་ཅན་རྣམས་ཀྱི་ལས་རྣམས་ནི། །བསྐལ་པ་བརྒྱར་ཡང་ཆུད་མི་ཟ། །ཚོགས་ཤིང་དུས་ལ་བབས་པ་ན། །འབྲས་བུ་སྨིན་པ་ཉིད་དུ་འགྱུར། །ཞེས་གསུངས་པའི་ཕྱིར་རོ། །སྨྲས་པ། སྐུ་གསུམ་སྟོན་པས་གང་འདུལ་རོལ་གར་སོགས། །ཀུན་རྨོངས་བྱིས་བློར་མ་ཤོང་ངག་འཁྱལ་འགས། །ཐོས་ཀྱང་སྲང་མདོའི་ནོར་སྐྱོང་ཀུ་ཅོ་བཞིན། །མི་སྨྲ་སྙིང་རྗེའི་ཡུལ་དུ་བག་ཕེབས་ཞུ། །ཐོས་བསམ་རིགས་སྔགས་ཕྲ་མོའི་ནུས་པས་ཀྱང་། །ཟབ་དོན་ཆུ་བདག་གླལ་བའི་ལེགས་བཤད་ཆར། །བབས་པ་བསྟན་དང་བསྟན་འཛིན་སྙིང་རྗེ་ནི། །ལང་ཚོ་དུས་སུ་བདེ་༼བདོ་༽བའི་རྒྱུར་གྱུར་ཅིག །ཚུལ་འདི་མཁྱེན་དཔྱོད་མཁའ་ལྟར་ཡངས་པ་ནི། །རྗེ་དབོན་མཆོག་གིས་མཁྱེན་བཞིན་གཞན་དོན་དུ། །དར་དཀར་སྐྱེས་བཅས་བཀའ་ཕེབས་ཇི་བཞིན་དུ། །རྒྱལ་ཁམས་སྤྲང་པོས་སྤྱི་བརྟོལ་བསྐྱེད་དེའི་བྲིས། །འདིས་མཚོན་དགེ་བའི་འོད་ཟེར་བརྒྱ་བ་ཡིས། །རྣམ་མཁྱེན་ཐུགས་ཀྱི་དབྱིངས་ཕྱུག་མར་འཕོས་ཏེ། །ནམ་མཁའི་མཐར་ཐུག་འགྲོ་བའི་སྣང་གསལ་བས། །ཀུན་བཟང་གདོད་མའི་མགོན་པོའི་ཞལ་མཇལ་ཤོག །ཅེས་པ་འདི་གྲུབ་པའི་དབང་ཕྱུག་རྫོགས་ཆེན་ཡབ་སྲས་ཀྱི་ཞབས་རྡུལ་སྤྱི་བོས་ཐོབ་པའི་སྐལ་བ་ཅན་པདྨ་དབང་ཕྱུག་གྲགས་པས་འོག་མིན་ཐེག་མཆོག་འགྲོ་འདུལ་ཆོས་གླིང་དུ་སྤེལ་པ་སརྦ་དཱ་ཀ་ཤུ་བྷ་ཝནྟུ། དེ་ལྟར་ཚུལ་བཞིན་བགྱིས་པས་གསོན་གཤིན་གང་ཡང་

གནས་སྐབས་ཀྱི་བར་ཆད་སེལ་ཞིང་ངན་སོང་གི་སྐྱེ་སྒོ་ཆོད་དེ་ཐར་བ་དང་ཐམས་ཅད་མཁྱེན་པའི་གོ་འཕང་བརྙེས་པ་གདོན་མི་ཟ་བ་ཉིད་དེ། གཏེར་གཞུང་ལས། ཨེ་མ་ཆོས་རྣམས་ཀུན་གྱི་མཐར་ཐུག་པ༔ ཡང་གསང་བླ་མེད་དོན་གྱི་སྙིང་པོ་མཆོག༔ སྡུག་བསྔལ་བདེ་བ་ཆེན་པོར་གྲོལ་བའི་ཆོས༔ ད་ལྟ་ཉིད་ནས་སངས་རྒྱས་རང་ཐོབ་ཡིན༔ དུས་གསུམ་རྒྱལ་བའི་དགོངས་པའི་ཡང་སྙིང་མཆོག༔ གཅིག་བསྡུས་མར་གྱི་ཡང་ཞུན་སྙིང་པོ་འདི༔ བདག་འདྲ་ཨོ་རྒྱན་པདྨ་འབྱུང་གནས་ཀྱིས༔ ཕྱི་རབས་འགྲོ་བ་རྣམས་ཀྱི་དོན་དུ་སྤེལ༔ ཞེས་དང་། འདི་སླེབས་པའི་སེམས་ཅན་ངན་སོང་དུ་འགྲོ་མི་སྲིད༔ མཚམས་མེད་པ་ལྔ་བསགས་པའི་སེམས་ཅན་གྱི་རྣ་ལམ་དུ་བསྒྲགས་ན་ཡང་ངེས་པར་སངས་རྒྱས་པའི་ཆོས༔ འཆི་ཁར་སངས་རྒྱས་པའི་གདམས་པ་རུ༔ སངས་རྒྱས་ཀྱིས་བཙལ་ཀྱང་འདི་ལས་ལྷག་པའི་ཆོས་རྙེད་མི་སྲིད་དོ༔ ཞེས་གསུངས་པ་བཞིན་ནོ། །ཀྭ་ཡེ་གསོན་དང་ཆོ་ག་མཁན་པོ་རྣམས། །ཕྱག་ངན་རྒྱུན་འབྱམས་ཡོན་འབུལ་དོན་གཉེར་ཚོ། །ཆོ་ག་གླུ་ལ་བསྐུར་ནས་བསྐྱེད་རིམ་བོར། །བཟླས་བརྗོད་གཏམ་ལ་བསྐྱོན་ནས་ཏིང་འཛིན་བོར། །སྦྱོར་དངོས་མ་ཚང་འདུ་ཚོགས་ལྟོ་ལ་ཡེངས། །ཀུ་རེ་འཆལ་གཏམ་རྣམ་གཡེང་ངང་ལ་བཞུགས། །མཛད་ཀྱང་སྤྱོད་པའི་སྡོམ་པ་བྱ་བྱེད་མཛད། །རང་འདྲའི་བདུན་ཚིགས་མཁན་ཚོ་བག་རེ་ཚ། །བར་དོའི་ཤེས་པ་དགུ་འགྱུར་མངོན་ཤེས་ཅན། །ཡར་འདྲེན་རྟ་ཕོས་མར་ལ་འཕེན་ཉེན་ཡོད། །ཐུགས་བསམ་ལེགས་པར་གཞིག་ཅིག་གྲོགས་མཆེད་ཚོ། །ཐམས་ཅད་ལ་མིན་རང་འདྲ་པ་ལ་སྤྲིང་། །མངྒ་ལཾ། དགེའོ།། །།


previousགནས་འདྲེན་གྱི་རྣམ་བཤད་འཁྲུལ་སྣང་རང་གྲོལ།next