Nitartha Digital Library
Tibetan
 
previousགཤིན་དོན་རིགས་དྲུག་གནས་འདྲེན་གྱི་གོ་དོན་གསལ་བྱེད་སྣང་བ། no next

གཤིན་དོན་རིགས་དྲུག་གནས་འདྲེན་གྱི་གོ་དོན་གསལ་བྱེད་སྣང་བ།

གཤིན་དོན་རིགས་དྲུག་གནས་འདྲེན་གྱི་གོ་དོན་གསལ་བྱེད་སྣང་བ།

དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །རང་བཞིན་རྫོགས་པ་ཆེན་པོ་མན་ངག་སྡེའི་ཆོས་སྐོར་མན་ངག་སྙིང་གི་དགོངས་པ་དང་། རིག་པ་རང་གྲོལ་ཆེན་པོའི་རྒྱུད་རྣམས་ཟབ་ཆོས་འདི་ཡི་ཁུངས་སུ་བཀའ་བབས་ཆེན་པོའི་གསུངས་དང་། སྒྱུ་འཕྲུལ་སྡེ་བརྒྱད་ཀྱི་རྡོར་སེམས་སྒྱུ་འཕྲུལ་དྲ་བ་སོགས་དང་རིགས་མཐུན་དང་། གླང་པོ་རབ་འབོག་གི་རྟོགས་པ་ཁོལ་དུ་ཕྱུང་བ་དྲི་མེད་བཤགས་རྒྱུད། ཡེ་ཤེས་རྔམ་པ་གློག་གི་འཁོར་ལོ་སོགས། རྒྱུད་ལུང་མན་ངག་ཐམས་ཅད་ཆོས་འདིའི་དགོངས་པའི་གསལ་བྱེད་དུ་སྣང་བའི། བསྙེན་བསྒྲུབ་ལས་གསུམ་ཀ་ལ་གཅེས་པའི་མིག་ལྟར་བསམ་ནས། ལས་བྱང་རྩར་ཕྲེང་ཆེན་མོ་སྤྱི་དོན་བཅོ་བརྒྱད་པའི་དགོངས་འགྲེལ་བློ་ནུས་ཀྱིས་ཅི་ལྟར་དཔོག་པ་ཞིག་བཤད་ནས། འདིར་གཞན་དོན་ཐུགས་རྗེའི་ལྕགས་ཀྱུས་རིགས་དྲུག་གནས་འདྲེན་གྱི་ཆོ་ག་ལ། གསར་རྙིང་གི་གཤིན་ལུང་སྤྱི་དང་། ཆོ་གའི་བབས་མི་འདྲ་བའི་གཞན་གྱི་ཐ་སྙད་སོགས་ཀླན་གའི་བརྗོད་གཞི་བྱེད་པའི། རང་གི་གོ་ཚོད་ཞིག་ཆོས་འདིའི་བསྟན་པ་རིན་པོ་ཆེའི་ཞབས་ཏོག་ཏུ་རེ་བས་འབྲི་ན། ཨོ་རྒྱན་དུས་གསུམ་མཁྱེན་པའི་རྡོ་རྗེའི་གསུང་གི་སྡོམ་དུ། འདི་ལ་སྤྱི་དོན་རྣམ་པ་བཅུ་ཡིན་ཏེ། །དང་པོ་ཚེ་འདས་གཤེད་དང་ཕྲལ་བ་དང་། །གཉིས་པ་རིགས་དྲུག་གནས་ནས་དགུགས་པ་དང་། །གསུམ་པ་རྣམ་ཤེས་རྟེན་ལ་བསྟིམས་པ་དང་། །བཞི་པ་སྒྲིབ་སྦྱང་དུག་ཁྲུས་བྱ་བ་དང་། །ལྔ་པ་རྒྱུད་ལྔའི་ལྷ་ལ་སྐྱབས་འགྲོ་དང་། །དྲུག་པ་དཀྱིལ་འཁོར་དལ་

དུ་གཞུག་པ་དང་། །བདུན་པ་དབང་བཞི་ཡོངས་རྫོགས་བསྐུར་བ་དང་། །བརྒྱད་པ་ཞིང་དུ་སྨོན་ལམ་གདབས་པ་དང་། །དགུ་པ་ནད་གདོན་སྡིག་སྒྲིབ་སྦྱངས་པ་དང་། །བཅུ་པ་ལམ་བསྟན་གནས་སྤར་བྱ་བའོ། །ཞེས་སྡོམ་བཅུས་བསྟན་པས། དང་པོ་ཚེ་འདས་གཤེད་དང་ཕྲལ་བ་ལ། ཞེས་པར། གསར་རྙིང་གི་རྒྱུད་སྡེ་ཆེན་པོ་དག་དགོངས་པ་མཐུན་པར། གསོན་རིམ་ལ་ཁྲུས་དང་དབང་གི་ལས་རིམ་སོགས་དཀྱིལ་འཁོར་གྱི་ཤར་སྒོ་ནས་བྱ་བར་བཤད་ཀྱང་། གཤིན་དོན་དམིགས་བསལ་ལ་ལྷོ་སྒོར་བཤད་པས། གང་ལྟར་ཡང་། འདིར་དཀྱིལ་འཁོར་གྱི་གཙོ་བོ་རྣམ་སྣང་དང་ཀུན་བཟང་དབྱེར་མེད་ཀྱི་ཐུགས་ཀ་ནས་རྡོ་རྗེ་སེམས་དཔའ་ཞིག་སྤྲོས་ཏེ་ཤར་ལྷོ་གང་ཡིན་སྒོ་ཡི་གཡོན་སེང་གེའི་ཁྲི་ལ་འཁོད། དེ་ཡི་མདུན་དུ་དབང་སྟེགས་པདྨ་དང་ཟླ་བའི་གདན་ལ། བྱང་བུ་ནྲི་ལས་ཚེ་འདས་སུ་གསལ། བདག་གི་ཐུགས་ཀའི་ཧཱུྃ་གི་འོད་ཀྱིས་གཤིན་པོ་དང་གཤིན་འདྲེ་དབྱེར་མེད་དུ་བཀུག་ལ། རང་རྡོ་རྗེ་སེམས་དཔའ་གསལ་བ་རང་གཞུང་གི། ཧཱུྃ༔ བདག་ཉིད་རྡོ་རྗེ་སེམས་དཔའི་ཐུགས་ཀ་ནས༔ ཧཱུྃ་ལས་འོད་འཕྲོས་སོགས། སྣང་སྟོང་ལྷ་ཡི་ང་རྒྱལ་བརྟན་པོས། བདག་ཉིད་སྐད་ཅིག་དྲན་རྫོགས་སུ། རྡོ་རྗེ་སེམས་དཔའ་སྣང་སྟོང་ཟུང་འཇུག་ནམ་མཁའི་འཇའ་ཚོན་ལྟར་གསལ་བའི་ཐུགས་སྟོང་གསལ་འོད་ཀྱི་གོང་བུའི་ཀློང་དུ། ཟླ་བའི་གདན་ལ་ཧཱུྃ་མཐིང་ཀ་དེ་ལས་འོད་ཟེར་ལྕགས་ཀྱུ་ལྟར་འཕྲོས་པས། ཚེ་འདས་ཀྱི་རྣམ་ཤེས་གཤིན་འདྲེ་དང་དབྱེར་མེད་པ་ཤ་བ་དང་ཁྱིའི་ཚུལ་དུ་བཀུག་ནས་རྣམ་ཤེས་ཨ་དཀར་པོ་དྲི་མ་མེད་པའི་རྣམ་པའི་རྟེན་མཚན་བྱང་ལ་དབྱེར་མེད་དུ་བསྟིམ་པ་ནི་གཞུང་གོ་སླའོ། །ལ་ལ་དག་འདི་ཡི་གོང་དུ། ལྷན་ཐབས་ནས། རང་སེམས་མ་བཅོས་སོགས། བདག་བསྐྱེད་དང་། མདུན་གྱི་རྟེན་སྣང་སོགས་སྦྱར་ནས་ཕྱག་

ལེན་ཁམས་ཆེན་དུ་བརྩི་བར་སྣང། རང་ཅག་རྫོགས་ཆེན་པ་ཚོས་ས་སྨད་པའི་ཕྱག་ལེན་ཞེས་ཐུགས་རྩིས་མི་འཇོག་ལྟར་མཛད་མོད། ལར་རྒྱ་གྲུབ་པའི་དབང་ཕྱུག་ཆེན་པོ་མ་བྱོན་ཡན་ཆད་ལ། རྫོགས་ཆེན་པ་ཟེར་བའི་གྲུབ་མཐའ་རང་རྐང་ཚུགས་པ་ཞིག་ཡོད་པར་མ་གྲགས་ལ། དེ་ཡི་གོང་དུ་མདོ་སྨད་འདིར་ཀ་སྟག་རྒྱ་གསུམ་ཞེས་སྔ་འགྱུར་རྙིང་མའི་བསྟན་པའི་སྲོག་རྩ་བཟུང་བར་གྲགས། དེ་ཇི་ལྟར་ན། ཀ་དམ་པ་བདེ་གཤེགས། གཙང་པ་རྡོ་རྗེ་རྒྱལ་མཚན། ནག་པོ་སྤྱོད་པ་བྱམས་པ་འབུམ། བླ་རབ་བཅུ་གསུམ། དྲུང་རབ་བཅུ་གསུམ། རིག་འཛིན་ཀློང་གསལ་སྙིང་པོ། འགྲོ་མགོན་བཀྲ་ཤིས་འོད་ཟེར། རྒྱལ་སྲས་བསོད་ནམས་ལྡེའུ་བཙན་སོགས་རིག་འཛིན་བརྒྱུད་པའི་གསེར་ཟམ་མ་ཆད་པ་རྒྱལ་བ་ཀ་ཐོག་པར་གྲགས་ཤིང་། དཔའ་བོ་གཙུག་ལག་པས་ཀྱང་བསྔགས་བརྗོད་མཛད་པ་དང་། སྟག་བླ་པདྨ་མ་ཏི་ཞེས། ཁམས་པ་པདྨ་བློ་གྲོས་སུ་འབོད་པ། རྗེ་གཏེར་ཆེན་གསན་ཡིག་དུ་བཞུགས་པ་དང་། ཀུན་བཟང་ཁྱབ་བརྡལ་ལྷུན་གྲུབ། པདྨ་བློ་ལྡན། པདྨ་རིག་འཛིན། པདྨ་ནོར་བུ། ཀུན་བཟང་རྡོ་རྗེ། དཔའ་བོ་རྡོ་རྗེ་སོགས་སྟག་བླ་རིག་འཛིན་བརྒྱུད་པའི་གྲལ་མ་ཞིག་པ་དང་། རྒྱ་བླ་བཀྲ་ཤིས་ལྷུན་གྲུབ་ནས། བསོད་ནམས་ཆོས་ཀྱི་དབང་ཕྱུག་ཡན་ཆད་གདན་རབ་བཅུ་གསུམ་བྱོན་པ་ལ་ཕལ་ཆེར་གཏེར་ལུང་གིས་ཟིན་པ་ཤ་སྟག་བྱུང་བར་གྲགས་ལ། གཞན་ཡང་མདོ་སྨད་འདིར། གསེར་པ་ཡེ་ཤེས་སེང་གེ། ཉག་ཕྲུག་བྱང་ཆུབ་སེང་གེ། བཞག་པ་རྡོ་རྗེ་སེང་གེ། ཤིས་ཉ་དཀོན་མཆོག་སེང་གེ་སོགས་སེང་གེའི་མཚན་ཅན་བཞི། རྔ་ཚོ་ལྷུན་གྲུབ་རྒྱལ་མཚན། བ་གནས་པདྨ་རྒྱལ་མཚན། ལྕགས་མདུད་ཤེས་རབ་རྒྱལ་མཚན། གསེར་པ་རྡོ་རྗེ་རྒྱལ་མཚན་སྟེ་རྒྱལ་མཚན་མཚན་ཐོག་བཞི། རིག་འཛིན་ཀློང་གསལ་སྙིང་པོ། ས་ངན་བདུད་

འདུལ་སྙིང་པོ། རོང་བཙན་གར་དབང་སྙིང་པོ། ཤོག་དྲུག་བསམ་གཏན་སྙིང་པོ་སྟེ། སྙིང་པོའི་མཚན་ཅན་བཞི། རཏྣའི་ཆོས་བདག་འབུམ་པ་བརྒྱད་སོགས་ཕལ་ཆེར་མདོ་ཁམས་སུ་བྱོན་པར་གྲགས་ཤིང་། འདི་དག་ལུང་ཟིན་གྱི་སྐྱེས་བུ་མང་དུ་སྣང་བས་ཐམས་ཅད་ལ་ས་སྨད་པ་ཞེས་ལྟོ་ཁྲེལ་འོག་དུ་འཇུག་པ་མི་འཐད་པ་འདྲ་སྙམ། དེ་ལྟ་ནའང་། སྟག་བླ་པདྨ་མ་ཏི། ཧེ་པ་ཆོས་འབྱུང་། བུ་འབོར་བ་བཀྲ་ཤིས་རྒྱ་མཚོ། ལ་སྟོན་པ་ནམ་མཁའ་རིན་ཆེན་སོགས། སྐྱེས་བུ་དམ་པ་འདི་དག་མཁྱེན་པ་རྒྱ་ཆེ་བའི་མཁས་པ་དང་། མྱོང་བ་གདེང་ཁེལ་བའི་སྒོ་ནས་མཛད་པའི་བསྟན་བཅོས་ལ་དགག་དུ་ག་ལ་ཡོད་དེ། ཆོས་རྣམས་བཀའ་དང་བསྟན་བཅོས་གཉིས་སུ་འདུས། །ལེགས་པར་གསུངས་དང་དེ་ཡི་དགོངས་འགྲེལ་བ། །དེ་ཡི་དབང་གིས་ཤཱཀྱའི་བསྟན་པ་ནི། །འཛམ་བུའི་གླིང་འདིར་ཡུན་རིང་གནས་པར་འགྱུར། །ཞེས་ལྷ་ཡི་བུས་ཞུས་པའི་མདོར་གསུངས་པ་ལྟར་དམ་པ་རྣམས་ཀྱིས་ལེགས་པར་བཤད་པ་བླང་བྱར་འོས་པ་ཡིན་ལ། བསྟན་བཅོས་རྩོམ་པ་པོ་ཡང་། མགོན་པོ་བྱམས་པས། གང་ཞིག་རྒྱལ་བའི་བསྟན་པ་འབའ་ཞིག་གི། །དབང་བྱས་རྣམ་གཡེངས་མེད་ཡིད་ཅན་གྱིས་བཤད། །ཐར་པ་ཐོབ་པའི་ལམ་དང་རྗེས་མཐུན་པ། །དེ་ཡང་དྲང་སྲོང་བཀའ་བཞིན་སྤྱི་བོས་བླངས། །ཞེས་དང་། མདོར་བསྟན་པར་མ་ཟད། དུས་གསུམ་མཁྱེན་པས་ཀྱང་། གབ་དཀྲུག་སྦས་སོགས་རས་ཆོད་བཟློག་ཕྱིར་བསྟན། །ང་སྤྲུལ་ཕྱི་རབ་རིག་འཛིན་དམ་པས་བསྡེབས། །ཞེས་སོགས་གསུངས་པ་ཡོད་ཀྱང་། འདི་དག་ལ་དམིགས་བསལ་ཅུང་ཟད་ཡོད་དེ། རྒྱལ་བའི་སྡེ་སྣོད་གསུམ་རྩ་བར་གསུངས་པ་ཟབ་ཅིང་རྒྱ་ཆེ་བའི་དགོངས་པ་དམན་པའི་སྤྱོད་ཡུལ་དུ་མ་གྱུར་པའི། འཛམ་གླིང་མཛེས་བྱེད་ཀྱི་རྒྱན་དྲུག་ལ་སོགས་པའི་དགོངས་འགྲེལ་བསྟན་བཅོས་

བཀའ་དང་ཁྱད་པར་མེད་པའི་ལུང་དང་། ཨོ་རྒྱན་ཆེན་པོའི་ལུང་དེ་ཡང་། གཏེར་གཞུང་རྡོ་རྗེའི་ཚིག་ལ་དགོས་པའི་ཕྱིར་གབ་དཀྲུགས་སོགས་བྱུང་ན། གབ་པ་མངོན་དུ་ཕྱུང་། སྦས་པ་གསལ་བོར་བཏོན། འཁྲུགས་པ་གོ་རིམས་སུ་བསྡེབས། འཐོར་བ་མན་ངག་ཏུ་སྡུད། འདི་དག་ཕྱི་རབས་རིགས་འཛིན་དག་གིས་བསྡེབས་པར་འགྱུར་རོ། །ཞེས་པའི་ལུང་ཡིན། མ་ཚངས་ཁ་སྐོང་དང་། དངོས་བསྟན་མེད་ལ་ཁ་འཕང་ཡོད་པ་དང་། ལས་བྱང་རྩར་ཕྲེང་གི་ཚོགས་བར་བའི་སྐབས། སྐབས་འདིར་ཞི་ཁྲོའི་མདངས་བསྐངས་ལ་སོགས་བསྐང་བ་ཅི་རིགས་འདོན་ཞེས་པ་ལྟ་བུའོ། །གཉིས་ཀ་མེད་ཀྱང་རིག་པས་མི་འགྲུབ་པ་ལ། དཔེར་ན་བུམ་དབང་བཤད་ལ་བུམ་ཆོག་མ་བཤད་པ་དང་། ཁྲུས་བཤད་ལ་ལས་བུམ་མ་བཤད་པ་ལྟ་བུ་མེད་ཀ་མེད་ལ་རྒྱུད་སྡེ་དང་ནང་མཐུན་དང་། གཏེར་ཁ་ནང་ཕན་ཚུན་དུ་ལེན་དགོས་པ་ནི། ཨོ་རྒྱན་རྗེས། རྒྱས་པར་འདོད་ན་རིགས་མཐུན་པའི། །རྒྱུད་དང་མན་ངག་གཞན་ནས་ལེན། །བླང་དུ་རུང་བ་ང་ཡི་བཀའ། །ཀུན་ཏུ་བཟང་པོས་གནང་བ་སྟེ། །ཞེས་དང་། ཡང་། མི་མཐུན་ཐེག་པས་བསླད་མི་བྱ། །ཞེས་ཀྱང་གསུང་པས་ན་ཁ་བསྐངས་དང་། ཟུར་འགེབས་མང་པོའི་གཏེར་གཞུང་ཉོག་ཉོགས་པོར་བཏང་བའང་དགའ་རྒྱུ་ཆེར་མེད་འདྲ་སྟེ། གསོ་རིག་ལས། ཁ་བསྒྱུར་མང་ན་གཙོ་བོའི་ནུས་པ་ཉམས། །ཞེས་པ་ལྟར་འགྱུར་རམ་ཡང་སྙམས། འདི་དག་དགོས་གལ་མི་ཆེ་ཡང་། འཕྲོས་དོན་དུ་བཤད་པ་ལགས། དངོས་དོན་ལ་རང་གཞུང་གི་བདག་བསྐྱེད་རྡོ་རྗེ་སེམས་དཔར་གསལ་བ་དེ་ལས་སྤྲོས་པ་ལྷག་པོ་མི་དགོས། ལར་དཀྱིལ་འཁོར་གྱི་གཙོ་བོའི་ཡེ་ཤེས་རང་རྩལ་ལས་ཤར་བའི་ལྷ་ཐམས་ཅད་རོ་གཅིག་པ་ལས་སོ་སོ་མ་ཡིན་ཏེ། རྒྱལ་བ་ཐམས་ཅད་ཡེ་ཤེས་ཀློང་དུ་གཅིག །ཆོས་ཉིད་དོན་

ལ་ཆ་ལུགས་མི་མངའ་ཡང་། །ཐབས་མཁས་གང་འདུལ་སོ་སོའི་སྐུར་སྟོན་པ། །ཐུགས་རྗེས་སྤྲུལ་བསྒྱུར་འགྱེད་ལ་ཕྱག་འཚལ་ལོ། །ཞེས་པ་ལྟར་ལས། བྱེ་བྲག་ཏུ། ཀུན་ཏུ་བཟང་པོ་དང་། རྡོ་རྗེ་འཆང་དང་། རྣམ་པར་སྣང་མཛད་དང་། རྡོ་རྗེ་སེམས་དཔའ་བཞི་ངོ་བོ་གཅིག་ལ་ལྡོག་པས་ཕྱེ་བ་ཙམ་དུ་མ་ཟད་དེ། དཔལ་མཆོག་ལས། རྡོ་རྗེ་སེམས་དཔའ་སེམས་དཔའ་ཆེ། །ཞེས་རྡོ་རྗེ་འཆང་དང་། རྡོ་རྗེ་དེ་བཞིན་གཤེགས་པ་ཀུན། །ཞེས་ཀུན་རིགས་རྣམ་པར་སྣང་མཛད་དང་། རྡོ་རྗེ་དང་པོ་ཀུན་ཏུ་བཟང་། །ཞེས་ཀུན་ཏུ་བཟང་པོ་དང་། ཕྱག་འཚལ་རྡོ་རྗེ་སེམས་དཔའ་ལ། །ཞེས་རྡོ་རྗེ་སེམས་དཔའ་དང་བཞི་པོ་སྐབས་ཐོབ་གང་གི་གཙོ་བོ་དེ་ཉིད་ལྟར་སྣང་ལ་དེ་ལ་རྡོ་རྗེ་སེམས་དཔའ་སྐབས་ཐོབ་བཤད་པའི་རྒྱུ་མཚན་གང་ཡིན་སྙམས་ན། དགོངས་པ་རང་གྲོལ་འདིར་ཆོས་སྤྱོད་བག་ཆགས་རང་གྲོལ་སྐབས། རང་རྡོ་རྗེ་སེམས་དཔར་བསྒོམ་པའི་ལུས་ཀྱི་རྩ་ཁམས་སུ་ཞི་ཁྲོ་དམ་པ་རིགས་བརྒྱར་གསལ་བའི་ལུས་དཀྱིལ་གཞིར་གནས་ཀྱི་ལྷ་བར་དོར་འཆར་བར་སྨོན་ལམ་དང་འབྲེལ་བའི་ཕྱིར་བདག་བསྐྱེད་དུ་བསྒོམ་པ་དང་། སྔོན་འགྲོ་རང་རྒྱུད་སྦྱངས་བྱེད་དང་། བྱིན་རླབས་སྔགས་བཤགས་གཉིས་ལ་སྡིག་པ་སྟོབས་བཞིའི་སྒོ་ནས་བཤགས་དགོས་པས། རྟེན་གྱི་སྟོབས་རྡོ་རྗེ་སེམས་དཔའ་སྤྱི་བོར་བསྒོམ་ནས་བདུད་རྩིའི་རྒྱུན་བབས་པས་སྡིག་སྒྲིབ་སྦྱངས་པ་དང་། མཚམས་གཅོད་སྐབས། རང་རིག་རྡོ་རྗེ་སེམས་དཔའ་སྐད་ཅིག་དྲན་རྫོགས་སུ་བསྒོམ་པའི་ཐུགས་ཀ་ནས། རྡོ་རྗེ་སེམས་དཔའ་དྲག་པོར་ཁྲོས་པ་གསང་བའི་བདག་པོར་སྤྲོས་པས་སྲུང་འཁོར་བསྒོམ་པ་དང་། མཚམས་ལྷའི་རྡོ་རྗེ་སེམས་དཔའ་གསལ་སྣང་མ་ནུབ་པའི་ངང་དམ་ཚིག་གསུམ་དྲན་པར་བྱ་བ་དང་། ཚོགས་འཁོར་བྱིན་རླབས་དང་། གནས་འདྲེན་གཉིས་

ལ་དཀྱིལ་འཁོར་གྱི་བདག་པོ་རང་རྡོ་རྗེ་སེམས་དཔའ་རུ་བསྒོམ་པ་དང་། བསྐང་བཤགས་ལ་མདུན་བསྐྱེད་དཀྱིལ་འཁོར་གྱི་གཙོ་བོར་བསྒོམ་པ་དང་། ལས་བུམ་ལ་རྡོ་རྗེ་སེམས་དཔའ་ཁྲུས་ཀྱི་ལྷར་བསྒོམ་པ་དང་། གནས་འདྲེན་ལ་དབང་གི་ཡེ་ཤེས་པ་མ་དབབས་པའི་གོང་དུ་ཉམས་ཆགས་སྦྱངས་ཕྱིར་སློབ་བུ་རྡོ་རྗེ་སེམས་དཔར་བསྐྱེད་ནས་ལུས་ལྷ་གསལ་བཏབ་སྟེ་བྱིན་དབབས་པ་དང་། ཡོན་འབུལ་དང་སྤར་ཆོག་གཉིས་ཀར་མདུན་བསྐྱེད་དཀྱིལ་འཁོར་གྱི་གཙོ་བོར་རྡོ་རྗེ་སེམས་དཔར་བསྒོམ་པ་དང་། གནས་སྐབས་བཅུ་གཉིས་པོ་འདིར་རྡོ་རྗེ་སེམས་དཔའ་འབྱུང་བ་ནི་སྐབས་དེ་དང་དེ་ཡི་བྱེད་ལས་ཀྱི་གཉེན་པོར་གཟིགས་ནས་གསུངས་པ་ཡིན། དེ་ཐམས་ཅད་ལ་གསལ་འདེབས་པའི་བསྐྱེད་ཆོག་རེ་མི་དགོས་པ་ལྟར་འདིར་གནས་འདྲེན་ལ་ཡང་ཨོ་རྒྱན་དུས་གསུམ་མཁྱེན་པའི་རྡོ་རྗེའི་གསུང་དྲི་མ་མེད་པ། སྡོམས་སུ་བཤད་པ་སོར་བཞག་ན་འགང་ཆེ་སྙམས་ཏེ། རྗེ་ས་པཎ་གྱིས། ལྟ་སྒོམ་འཁྲུལ་ན་བྱིན་མི་རློབས། །ཆོ་ག་འཁྲུགས་ན་ལས་མི་ཆགས། །ཞེས་གསུངས། ཁྱད་པར་རྟེན་བསྐྱེད་གོང་དུ་མ་བཤད་དེ། གཤེད་དང་མ་ཕྲལ་བའི་གོང་དུ་རྟེན་བསྐྱེད་གཞུང་གི་དགོངས་པ་མིན་ནོ། །དེ་དག་གོ་དོན་ལ་བོགས་སྐྱེད་ཨེ་ཡོངས་རེ་བའི་འཕྲོས་གཏམས་སུ་བྱས་པའོ། །དེ་ལྟར་ལན་གསུམ་གྱིས་རྣམ་ཤེས་བཀུག་ནས་རྟེན་ལ་བསྟིམས་ཤིང་། ཚེ་འདས་ཤིང་ལུས་བརྗེས་པའི་རིགས་ཀྱི་བུ། ཞེས་བོས་ནས། འདི་ན་ལུས་ངག་གི་བྱམས་པ་དང་། སྙིང་ལམ་ན་སྡུག་པའི་མཛའ་བཤེས་ཉེ་འབྲེལ་གྲོགས་པོ་དང་བཅས་པར། སྔོན་ཕན་ཆད་ཀྱི་དཔེ་ལས་རྟག་དུ་མི་འབྲལ་བར་སྡོད་པའི་སྐལ་བ་དང་དབང་མེད་པའི་ཚུལ་ནི། ཁྱོད་མི་ལུས་ཐོབ་ཀྱང་ཡུན་ཐུང་གི་ཚེ་འཕོས་པས། འཇིག་རྟེན་འདི་

ཡི་སྣང་བ་ནི་ནུབ། རྣམ་པར་ཤེས་པ་ཡང་མི་རྟག་པའི་དབང་གིས་ལུས་སྔ་མ་ནས་དོན་ཏེ། ལས་ཀྱི་རླུང་གིས་བདས་ནས། ཕ་རོལ་འགྲོ་བ་རིགས་དྲུག་གི་ལུས་གང་རུང་ཞིག་ལེན་པར་འགྱུར་བའི་ལས་དང་ཉོན་མོངས་པའི་དབང་གིས་འཁོར་བའི་སྡུག་བསྔལ་བསྐྱེད་པའི་སྐྱེ་གནས་བཞི་པོར་ལྟུང་བའི་སར་སྐྱེས་ཀྱང་། གར་སྐྱེས་གང་ན་གནས་པའི་ས་ཕྱོགས་དེ་ནས། བརྩེ་གདུང་སྙིང་ལ་ཞེན་པའི་ཉེ་འབྲེལ་འདི་རྣམས་ཀྱིས་ཁྱོད་ལ་དམིགས་ནས། བསླུ་མེད་དཀོན་མཆོག་གསུམ་གྱི་ཡོན་ཏན་རྗེས་སུ་དྲན་པས་སྐྱབས་སུ་སོང་བའི་མཐུ་དང་། སངས་རྒྱས་སྟོབས་བཅུ་མངའ་བའི་ཐུགས་རྗེའི་བྱིན་རླབས་དང་། ཆོས་ཉིད་རང་བཞིན་རྣམ་པར་དག་པ་དང་། སྔགས་འཆང་རིག་པ་འཛིན་པ་བདག་གི་མོས་འདུན་རྩེ་གཅིག་པའི་བྱིན་རླབས་མཐུ་དང་ནུས་པས། གདོས་བཅས་རགས་པའི་ལུས་མེད་ཀྱང་སྟོང་གཟུགས་བར་དོའི་ཡིད་ཀྱི་ལུས་ཅན་ཁྱོད། ལས་དང་ཉོན་མོངས་པའི་དབང་གིས་གར་འཁྱམས་ཀྱང་། དཀོན་མཆོག་གསུམ་གྱི་བདེན་པས་རྟེན་འདི་རུ་ཁུག་ཅིག །ཅེས་བརྡ་སྤྲད་དེ་བསྟིམ་པ་ཡིན་ནོ། །སླར་ཡང་གོང་དུ་ཚེ་འདས་རྣམ་ཤེས་དགུགས་པའི་རྗེས་སུ། གསར་རྙིང་གི་གནས་ལུང་སྤྱི་ཡི་འགྲོས་ལྟར་ན། བགེགས་སྦྱང་བ་དང་། སྡིག་པ་སྦྱང་བ་དང་། དྲི་མ་སྦྱང་བ་དང་གསུམ་དུ་བཤད་ལ། འདིར་ཡང་དང་པོ་དང་གསུམ་པ་དངོས་སུ་བསྟན་པས། ཐོག་མར་བགེགས་སྦྱང་བ་ལ། འཁོར་བ་ཐོག་མེད་ཀྱི་དུས་ནས་ཚེ་དང་སྲོག་གི་ལན་ཆགས་སྙེགས་པའི་འབྱུང་པོ་རྣམས་ལ། གཏོར་མ་སྦྱིན་ནས་དབང་པོའི་རྒྱུད་ཚིམ་པར་བྱས། གནོད་འཚེའི་བསམ་སྦྱོར་ཞི། ཕན་བདེ་བྱང་ཆུབ་ཀྱི་ས་བོན་རྒྱུད་ལ་བཞག །དེ་ལྟར་ཡང་གདུག་སེམས་མི་སྤང་བའི་རིགས་དྲག་པོའི་བརྟུལ་ཞུགས་

ཀྱིས་བསྐྲད་པ་ལ། ཐོག་མར་སྤྲོ་ན་མཐེབ་གསུམ་ཚན་གཉིས་གཏོར་སྣོད་ཕྱི་ནང་དུ་བཀོད་པ་ལ། ནང་མ་གསུམ་དུ་མཐེབ་སྐྱུ་ཁ་གྱེན་བསྟན་གསུམ། ཕྱི་མ་གསུམ་ཏིང་ལོ་མེ་འབར་བ་གསུམ་ཆང་བུ་རེ་དང་སྦྲགས། བསངས་སྦྱངས་སྤེལ་གསུམ་གྱི་བྱིན་གྱིས་བརླབས་ལ། དངོས་རྟེན་གང་ཡིན་ལ་མཐེབ་མཛུབ་ཀྱི་སྐམ་པས་བཟུང་ལ་མཐེབ་སྐྱུ་རེ་རེ་བཞིན་གཡས་སུ་ནམ་མཁའ་མཛོད་ཀྱི་སྔགས་ཀྱིས་བསྐོར་ལ་མཐར་སེ་གོལ་བསྡེབས་པ་དང་མཉམ་དུ། ཏིང་ལོ་མེ་འབར་བའི་མདུན་དུ་བཞག །མཐེབ་སྐྱུའི་སྣོད་དེ་ཡང་ཁ་སྦུབ་ཏུ་བཞག །དེ་ལྟར་མཐེབ་སྐྱུ་གཡས་སྐོར་ལན་གསུམ་སོང་བ་དང་། ཏིང་ལོ་མེ་འབར་མཐེབ་སྐྱུ་ཆང་བུ་དང་བཅས་པའི་སྣོད་རེ་རེ་ནས་བླངས་ཏེ་གཡོན་དུ་ཧཱུྃ་བཞིའི་སྔགས་ཀྱིས་བསྐོར་ཞིང་སར་བཞག །ཡང་ལ་ལ་མཐེབས་སྐྱུའི་རྒྱབ་ཏུ་ཞལ་ཟས་རེ་བཀོད་པའང་སྣང་། ཆགས་མེད་ཅོག་ལྡོག་བཤད། ཕྱག་ལེན་མཐོང་ཡང་། དཔེ་བརྒྱུད་ནས་མ་མཐོང་བས་དཔྱད་པར་ཞུ་ཞིང་། ཡང་བླ་མ་ལ་ལས་ཏིང་ལོ་དང་ཆང་བུ་དགོས་པ་གཞུང་འདིར་གསལ་ཁ་མེད་ཟེར། གཏོར་ཆུང་རྐེད་པ་ཆང་བུའི་དཀྲིས་པའི་མཚམས་མཐེབས་སྐྱུ་སྦྱར་བ་རེས་བསྐོར་ཞིང་ཕྱག་ལེན་ཁམས་ཆེན་དུ་བརྩི་བར་འདུག་མོད། ལར་ཕྱག་བཞེས་ཕལ་ཆེ་བ་ཞིག་མཐོང་བ་བརྒྱུད་པ་ལྟར་གསུང་མོད། གནས་འདྲེན་སོགས་ལ་རང་རང་གི་དགོས་ཆོས་བཤད་པ་ལས། རིག་འཛིན་བརྒྱུད་པའི་ཕྱག་བཞེས་ཐམས་ཅད་གནས་ལུང་རེ་རེ་བཞིན་དུ་བྲིས་པ་མི་ཡོངས་སྙམ་ལ། འདིར་ཏིང་ལོ་སོགས་ལ་དངོས་བསྟན་མེད་པའང་མ་ཡིན། ལན་ཆགས་གཏོར་མ་འདི་ལ་ལམ་བརྒྱག །ཆང་བུ་འདི་ལམ་ཟན། ཏིང་ལོ་འདི་ལམ་སྒྲོན་ཚུལ་དུ་ཁྱེར་ལ། ཞེས་པ་གནས་ལུང་སྤྱི་དང་། རྟེན་རབ་གནས་མང་པོའི་གཞུང་ལ་བཤད་པ་འདིས་གནས་འདྲེན་ལ་མ་ཡོངས་ན།

གནས་འདྲེན་རང་གཞུང་དུ་ཏིང་ལོ་དང་གཏོར་ཆུང་གཉིས་ཀའི་བཤད་པ་མེད་མཉམ་ལ་གཉིས་ཀ་སྐྱུར་རིགས་སོ། །གཏོར་ཆུང་སྦྱངས་གཏོར་བྱེད་པ་གསར་རྙིང་གཉིས་ཀའི་དགོངས་པ་མིན་པས་ཏིང་ལོ་རང་འཐད། དེ་ཡང་ཏིང་ལོ་མཐེབས་སྐྱུ་ཆང་བུ་གསུམ་ཀ་རྫས་ཞི་བ། ནམ་མཁའ་མཛོད་ཀྱི་སྔགས་ཞི་བ། དེ་ཡང་གཡས་གཡོན་བསྐོར་བ་ལན་གསུམ་གསུམ་བྱས་པས། གནོད་བྱེད་གཤིན་འདྲེ་དེའི་སྒོ་གསུམ་གྱི་ཉེས་པ་སྦྱངས། སྲོག་གཅོད་དབུག་ལེན་སོགས་རྟག་ཏུ་འདོད་པའི་གདུང་བ་ངོམས་ཤིང་ཚིམས་པའི་རྒྱུར་བསྔོ་བ་ནི་ཞི་བས་སྦྱངས་བ་ཡིན། དེ་བཞིན་གཏོར་མ་གོང་ལྟར་ཞི་བ་ལ་སྔགས་ཁྲོ་བོ་གནོད་མཛེས་ཀྱི་སྙིང་པོ། ༀ་སུམྦྷ་ནི་དྲག་པོ་སྟེ། ཞི་དྲག་ཕྱེད་མས་སྦྱངས་པ་སྟེ་གཡོན་དུ་བསྐོར། འདི་ལ་སྐྱབས་ཡེ་ཀུན་བཟང་གི་གཏོར་མ་རྟེན་ལ་བསྐོར་ཞེས་པ་ལས། ལན་གསུམ་གསུམ་དང་གཡས་གཡོན་གྱི་གསལ་ཁ་མེད་ཅེས་མཁས་ཁྱད་གནང་ཡང་། མགྲོན་བཞི་གང་ལ་ཡང་གཏོར་མ་ལན་གསུམ་མམ་བདུན་གྱི་སྟོབས་པ་གསང་བ་སྤྱིའི་ལུགས་ལ་འདིར་ཡང་བགེགས་ལ་གཏོར་མ་སྟོབས་པ་ལས་གཞན་ཅི་ཡོད། གཡས་གཡོན་ཡང་། གཏོར་མ་རྟེན་ལ་བསྐོར་ཞེས་པ་གཟིགས་ཚོད་རེད་པས་དགོས་ཕྱིན་གཡས་གཡོན་གཅིག་ལས་གང་དུ་བསྐོར་ལགས། གསལ་ཁ་མེད་པའང་མ་ཡིན་ཏེ། ཆགས་མེད་རིན་པོ་ཆེས། གསོན་བདུད་གཤིན་ལྕག་རིགས་མང་ཡང་། ཕོ་གདོན་མོ་གདོན་ཀླུ་གདོན་གསུམ་དུ་འདུས། །ཀླུ་གདོན་ཞི་བ་ཕོ་གདོན་དྲག་པོ་དང་། །མོ་གདོན་ཞི་དྲག་ཕྱེད་མས་སྦྱངས་པར་གསུངས། །ཅོག་ལྡོག་ཟླུམ་པོ་ཞི་བའི་གཏོར་མ་གསུམ། །བྷྱོ་བི་ཤྭའི་ལན་གསུམ་གཡས་སྐོར་ཚེ། །དགའ་མགུ་བུ་ལོན་ལན་ཆགས་

ཕྲལ་བར་བསམ། །ཆང་བུ་ཟུར་ལྔ་འདོད་ཡོན་ལྔ་པོ་མཚོན། །སོར་མོའི་རྗེས་དྲུག་རིགས་དྲུག་ལན་ཆགས་སྦྱངས། །འབུར་ཆུང་བཅུ་གཉིས་ལོ་བདུད་བཅུ་གཉིས་ཚིམ། །ཏིང་ལོ་མར་མེའི་གཟུགས་ཡིན་ལམ་སྒྲོན་གསལ། །ཆང་བུ་སྦྱིན་པ་ཞི་བས་ལན་ཆགས་བྱང་། །སུམྦྷ་ནི་བརྗོད་ཁྲོ་བོ་གནོད་མཛེས་སྔགས། །ལན་གསུམ་བརྗོད་ཅིང་གཡོན་དུ་བསྐོར་བ་ཡི། །ཆང་བུས་ཚིམ་ཞིང་ཁྲོ་བོའི་སྔགས་ཀྱི་སྒྲས། །གླིང་བར་མུན་པའི་ནང་དུ་བྲོས་པར་བསམ། །དེ་ནི་ཞི་དྲག་ཕྱེད་མས་སྦྱངས་པའོ། །དེ་ནས་བདེན་སྟོབས་བརྗོད་པས་དཀར་ཕྱོགས་འགྲོ། ནག་པོ་ཡི་དམ་ལྷ་ཡི་་་་་་་་་་་་་དེ་ནི་དྲག་པོའི་སྒོ་ནས་སྦྱངས་པའོ། །ཞེས་གསུངས་འདུག་པ། ཆགས་མེད་རིན་པོ་ཆེའི་གསུངས་རང་ཅག་རྫོགས་ཆེན་པ་ཚོས་དཔང་པོར་བཞག་ན་འཐད་སྙམ། གཏོར་མ་དེས་རྒྱུད་དང་དབང་པོ་ཚིམས་ནས་ལུས་སེམས་ལ་བདེ་བ་དང་ལྡན་དུས་སྡུག་བསྔལ་སྦྱངས་པའི་བགེགས་སྦྱངས་པ་དེ་ལ་ན། དེ་ལྟར་ཞི་བས་སྦྱངས་པ་དང་། ཕྱེད་མས་སྦྱངས་པ་གོང་དུ་སོང་ནས། ད་དྲག་པོས་སྦྱངས་པ་ལ། ཐོག་མར་བགེགས་ལ་བཀའ་བསྒོ་་་་་་་་་་་་་ཧཱུྃ་ལ་དོན་བཅུ་གཉིས་ཡོད་པས་འདིར། གདུག་པ་སྔངས་བར་བྱེད་པའི་ཡི་གེ་ཧཱུྃ་གིས་མགོ་དྲངས་སྟེ། ཐ་མལ་རང་རྒྱུད་དུ་ངའོ་སྙམས་པའི་ང་རྒྱལ་རང་ཁ་མ་དེ་དག་པ་ལྷ་ཡི་ང་རྒྱལ་དུ་བསྒྱུར་བའི། རང་ཉིད་སྐད་ཅིག་དྲན་རྫོགས་སུ་དཔལ་རྡོ་རྗེ་སེམས་དཔའ་སྣང་སྟོང་སྒྱུ་མའི་སྐུར་ལམ་གྱིས་གྱུར་པའི་ཐུགས་ཀའི་ཧཱུྃཿཡིག་སྔོན་པོ་དེ་ལས་འོད་དང་འོད་ཟེར་དཔག་དུ་མེད་པ་སྟེང་འོག་ཕྱོགས་མཚམས་ཐམས་ཅད་དུ་འཕྲོས་པའི་གསེབ་ན་འཇའ་འོད་ཐིག་ལེ་ལྔ་ལྡན་གུར་ཁང་གི་དབུས་ན། འོག་ན་ཞི་བ་རྡོ་རྗེ་དབྱིངས་ཀྱི་ལྷ་ཚོགས། བར་ན་བླ་མ་རིག་འཛིན། སྟེང་ན་འབར་

བ་ཁྲག་འཐུང་དྲུག་ཅུ་རྣམས་མཚོ་ལ་གཟའ་སྐར་ཤར་བ་ལྟར་བཀྲ་ལམ་མེར་བཞུགས་པའི་ནམ་མཁའ་བར་སྣང་ས་གཞིའི་ཁྱོན་ཐམས་ཅད་ཡོངས་སུ་གང་བ་དེ་ལས་འོད་ཟེར་མེ་དང་མཚོན་ཆ་སྣ་ཚོགས་ཆར་ཕབས་པས་སྲོག་གཅོད་དབུགས་ལེན་མདངས་འཕྲོག་གསོན་བདུད་གཤིན་ལྕགས་བར་དུ་གཅོད་པའི་བགེགས་ཁྱོད་རྣམས་ལན་ཆགས་གཏོར་མ་འདི་ལ་ལམ་རྒྱགས། ཆང་བུ་འདི་ལ་ལམ་ཟན། ཏིང་ལོ་འདི་ལ་ལམ་སྒྲོན་གྱི་ཚུལ་དུ་ཁྱེར་ལ་དཔག་ཚད་རྒྱང་གྲགས་སུ་མ་གནས་པར་ཕྱིར་དེངས་ཤིག །གལ་ཏེ་མི་འགྲོ་ན་བདག་ཉིད་དཔལ་ཆེན་རྡོ་རྗེ་སྲིན་པོ་མི་བཟད་པའི་ཐུགས་ཀ་ནས་མཚོན་ཆ་སྣ་ཚོགས་ཀྱིས་ཆར་ཕབ་ལུས་ངག་ཡིད་གསུམ་ཐལ་བའི་རྡུལ་ཕྲན་བཞིན་དུ་བརླག་པར་གདོན་མི་ཟའོ། །ཞེས་བཀའ་བསྒོ་བ་ནི། ཧཱུྃ༔ ང་ཉིད་ལྷ་ཡི་ང་རྒྱལ་གྱིས༔ སོགས་བརྗོད། ཞེས་དྲག་སྔགས་ཡུང་ཐུན་དང་བཅས་པས་བསྐྲད་པ་ནི་དྲག་པོས་སྦྱངས་པ་ཡིན་ནོ། །དེ་དག་སྡོམ་དང་པོའི་དོན་ཡིན་ནོ། །གཉིས་པ་ནི་ཚེ་འདས་རྣམ་སྨིན་གྱི་ལུས་བོར་ནས། བར་དོར་འཁྲུལ་པའི་ཡིད་ཀྱི་གཟུགས་ཅན་ཁྱོད། གར་སྐྱེས་གང་ན་གནས་པའི་ས་ཕྱོགས་དེ་རུ། ཀུན་བཟང་ཞི་ཁྲོ་རབ་འབྱམས་ཐུགས་རྗེའི་རང་རྩལ་མ་འགག་པའི་མཐུ་དང་། གནས་འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་རྒྱལ་བ་ཐམས་ཅད་ཀྱི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་རང་མདངས་ཡི་དམ་ལྷ་ཡི་སྐུར་སྣང་བའི་མཐུས། ལུས་སེམས་བྲལ་བའི་ཚེ་འདས་ཁྱོད་ད་ལྟ་རྣམ་སྨིན་གདོས་བཅས་ཀྱི་ཕུང་པོ་དང་བྲལ་ཞིང་། བར་དོའི་ཡིད་ཀྱི་ལུས་ལ། གཟུགས། ཚོར་བ། འདུ་ཤེས། འདུ་བྱེད་བཞི་ཚོགས་པའི་མིང་བཞིའི་ཕུང་པོ་རུ། ཀུན་མཁྱེན་རིན་པོ་ཆེས་གསུངས་ལ། ཡང་ཕུང་ཁམས་སྐྱེ་མཆེད་སོགས་མིང་ཐམས་ཅད་ཀྱི་གདག་གཞི་འདི་བཞི་ཡིན་པས། མིང་གཞིའི་ཕུང་

པོ་ཞེས་ཀྱང་འདོད་ལ། རགས་པའི་དངོས་པོ་མེད་ཀྱང་ཡིད་སྣང་འཁྲུལ་པའི་དངོས་པོ་ལྟར་སྣང་བ། བདེ་སྡུག་གི་ཚོར་བ་མྱོང་མཁན་དེ་རྒྱལ་བའི་རྩོལ་མེད་ཀྱི་ཐུགས་རྗེའི་ལྕགས་ཀྱུ་རྣོན་པོས་བཟུང་སྟེ། མི་ལུས་ཉམས་དགའ་བའི་གནས་འདིར་དགུག་ན། ཆགས་སྡང་རེ་དོགས་དང་བྲལ་བའི་སེམས་ཀྱིས་བླ་མ་དང་དཀྱིལ་འཁོར་དྲུང་འདིར་ཤོག་ཅིག །ཨ་ནྲི་སོགས་རིགས་དྲུག་གི་ས་བོན་བརྗོད་ནས་དྲངས་པའོ། །སྡོམ་གཉིས་པའི་དགོངས་དོན་ནོ། །དེ་རྗེས། ཀྱེ་མ་ཞེས་ཡིད་སྐྱོ་བའི་སྒྲས། ཚེ་འདིའི་འཕེན་པ་ཟད་ནས་རང་དབང་མེད་པར་ཕ་རོལ་དུ་སོང་བའི་ཚེ་འདས་ཁྱོད། སྤྱིར་མི་ཡུལ་དུ་སྐྱེ་བ་གྲངས་མེད་ཀྱང་། ད་ལམ་སྔོན་ལས་ཀྱི་འབྲེལ་བས་སྡོད་པའི་གནས་འདི་ཡིན་པས། ལུས་ངག་ཡིད་གསུམ་གོས་དང་ཁང་པ་དང་། གདན་དང་རྟེན་ཤིང་འཕན་ཕྲན་སོགས་ལ་རྟེན་གྱིས་ལ་འཇའ་ཚོན་དང་འདྲ་བའི་དྭངས་གསལ་འོད་ཀྱི་ལུས་ཁྱོད་དམིགས་པའི་རྟེན་བཙུག་པ་འདི་ལ་བག་ཕབས་ཏེ། གནས་པར་གྱུར་ཅིག །ཏིཥྛ་བཛྲ་ཞེས་བརྟན་པའི་སྔགས་སོ། །རྣམ་ཤེས་རྟེན་ལ་བསྟིམས་པ། སྡོམ་གསུམ་པའི་དོན་ནོ། །བཞི་པ་སྒྲིབ་སྦྱངས་དུག་ཁྲུས་བྱ་བ་ལ། ཐ་སྙད་མཁན་པོ་ལ་ལ་དག །ཐུབ་རྣམས་སྡིག་པ་ཆུ་ཡིས་མི་བཀྲུ་ཞིང་། །འགྲོ་བའི་སྡུག་བསྔལ་ཕྱག་གིས་མི་སེལ་བ། སོགས་ཟེར་བ་མིན་ནམ་སྨྲ་ཡང་། དེ་ཆུ་རང་རྒྱུད་པ་ཁོ་ནར་གསུངས་པ་ཡིན། གསང་སྔགས་ཐབས་མང་བས། བདེན་པའི་མཐུས་བསྔགས་པའི་ཆུ་ནི་སྡིག་པ་བཀྲུ་བའི་སྒོ་རྨད་དུ་བྱུང་བ་ལགས་(པས)། དང་པོ་ཡེ་ཤེས་ལྷ་ལ་མཆོག་གི་ཁྲུས་བྱ་ཞེས་ཚིག་གིས་དངོས་སུ་མ་བསྟན་ཡང་། ལམ་འདིའི་བཀའ་བབས་ཆེན་པོ་མཁས་གྲུབ་ཆོས་གྱི་རྒྱ་མཚོ་དང་། པདྨ་མ་ཏི་གཉིས་ཀའི་གསུངས་ལས་ལྷ་ཁྲུས་རྒྱས་པར་བཤད། ཀླུའི་

རྒྱལ་པོ་མ་དྲོས་པ་སར་གནས་ཀྱི་བྱང་ཆུབ་སེམས་དཔའ་ཡིན་པས་དེ་ཡི་ལུས་བཀྲུས་པའི་ཆུ་མཚོ་མ་དྲོས་པ་ནས་ཁྲུས་བྱས་པའི་སེམས་ཅན་གྱི་སྡིག་སྒྲིབ་དག་པར་འདོད་ན། རྟེན་བྱིན་རླབས་ཅན་བཀྲུས་པའི་ཆུས་ལྟ་ཅི། རྟེན་རང་མཚན་པ་ལ་ཡང་ལྷ་དེ་དང་དེར་དངོས་སུ་མོས་པས་སྐུ་ཁྲུས་ཀྱི་ཆུའི་ནུས་པ་ནི་བཤད་ཅི་འཚལ། ལྷ་ཁྲུས་ལ་ཁུང་མེད་པ་མ་ཡིན་ཏེ། སྔོན་ཡང་དག་པར་རྫོགས་པའི་སངས་རྒྱས་སྐུ་བལྟམས་པ་ན། ལྷ་ཚངས་པ་དང་བརྒྱ་བྱིན་ལ་སོགས་པའི་ལྷ་རྣམས་ཀྱིས་སྤོས་ཆུའི་རྒྱུན་གྱི་སྐུ་ཁྲུས་གསོལ་བའི་གཏམ་རྒྱུད་དང་སྦྱར་ནས། ཅི་ལྟར་བལྟམས་པ་ཙམ་གྱིས་ནི། སོགས་གསུངས་ཤིང་། གསང་རྒྱུད་རྣམས་སུ་བསྐྱེད་རིམ་ལྷ་བསྒོམ་སྤྱན་འདྲེན་གྱི་རྗེས་དབང་བསྐུར་རྒྱས་གདབ་ལ་ཡང་ནམ་མཁར་དབང་ལྷ་སྤྱན་དྲངས་བའི་ཆུས་ཁྲུས་གསོལ་བའི་གཏན་ཚིགས་སོགས་ཡིན་པས། གནས་འདྲེན་ལ་ལྷ་ཁྲུས་མ་བཤད་སྙམས་པའི་ལོག་རྟོག་མི་མཛད་པར་ཞུ། སྔགས་དང་ཕྱག་རྒྱ་ཏིང་འཛིན་ཟབ་མོས་བསྒྲུབ་པའི་ཆུ་ནུས་ལྡན་ནི་ཐབས་ཀྱི་སྒོ་རྨད་དུ་བྱུང་བ་ཡིན་པས། གང་འདིར་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སོགས་སྙན་གསན་ཕབས། ཁྲུས་ཁང་བསྐྱེད། ཅི་རིགས་པའི་ཁྲུས་གསོལ། སྐུ་ཕྱིས། གོས་ཕུལ། རྒྱན་གདགས། དངོས་གྲུབ་བླངས། དེ་རྗེས་དམན་ཁྲུས་ལ། བསྐལ་པ་དཔག་དུ་མེད་པའི་སྔོན་རོལ་ནས་བྱང་ཆུབ་ཀྱི་སྤྱོད་པ་རླབས་པོ་ཆེར་གོམས་པའི་རྒྱུ་ཚོགས་གཉིས་རྫོགས། ལམ་ཕ་རོལ་དུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པའི་མཐུ་དང་ནུས་པས་དྲི་མ་ཐམས་ཅད་སྦྱོངས་དགོས་ཤིང་། བྱེ་བྲག་ཏུ་ཉོན་མོངས་ཅན་ལ་ཆོས། སྡུག་བསྔལ་ཅན་ལ་ཚིག །འཇིག་པ་ལ་སྐྱབས། ཕོངས་པ་ལ་ཟང་ཟིང་། དེ་ལའང་གཏོང་བ་དང་། གཏོང་བ་ཆེན་པོ་དང་། ཤིན་ཏུ་གཏོང་བ་ཆེན་པོ་ལ་སོགས་པ་རེ་རེ་

ལ་ས་ཆེན་པོའི་རྡུལ་གྱི་གྲངས་དང་མཉམ་པ་བཏང་ཞིང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པའི་ཆུ་འདིའི་ནུས་པས། བྱེད་ལས་སེར་སྣའི་དྲི་མ་ལྷག་མེད་དུ་བྱང་ཞིང་ལམ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པ་རྒྱལ་བའི་གོ་འཕང་ལ་དགོད་པའི་ནུས་པ་དང་ལྡན་པ། སྦྱིན་པའི་ཆུ་འདིས་ཉོན་མོངས་པ་སེར་སྣའི་དྲི་མ་དག་པར་གྱུར་ཅིག །དེ་ལྟར་ཕྱི་ནང་གི་རྟེན་འབྲེལ་ཕུན་སུམ་ཚོགས་པའི་ཁྲུས་ཀྱི་བྱ་བ་ལེགས་པར་བསྒྲུབ་པ་དེ་ལ་ཡིད་རབ་དངས་བའི་སྒོ་ནས་ཕྱག་ཀྱང་འཚལ་ཞེས་ཡིད་ཀྱིས་སྨོན་པ་དང་། ངག་གིས་བདེན་ཚིག་རྣམས་བྱའོ། །དེ་བཞིན་དུ། ཚུལ་ཁྲིམས་ལའང་ཉེས་སྤྱོད་སྡོམ་པ། དགེ་བ་ཆོས་སྡུད། སེམས་ཅན་དོན་བྱེད་གསུམ་སྟེ་ཚུལ་ཁྲིམས་ཀྱི་ཕུང་པོ་ཡོངས་སུ་རྫོགས་པའི་རང་བཞིན། ངོ་བོ་ཚུལ་ཁྲིམས་རྣམ་པར་དག་པ། རྣམ་པ་དག་བྱེད་ཆུ། བྱེད་ལས་ཁྲིམས་འཆལ་དྲི་མ་དག་པར་བྱེད་ཅིང་། རྒྱལ་བའི་ཚུལ་ཁྲིམས་ཀྱི་ཕུང་པོ་ཡོངས་སུ་རྫོགས་པའི་གོ་འཕང་ལ་ལེགས་པར་འགོད་ནུས་པའི་ཆུ་འདིས། ཚུལ་ཁྲིམས་འཆལ་བའི་དྲི་མ་དག་པར་གྱུར་ཅིག །ཅེས་ཡིད་དང་། ངག་དང་། ལུས་ཏེ་སྒོ་གསུམ་གྱི་བྱ་བ་ཕུན་སུམ་ཚོགས་པའི་སྒོ་ནས་ལེགས་པར་བསྒྲུབ་པའི་ཐབས་དེ་ལ་ཕྱག་ཀྱང་འཚལ་ལོ། །ཞེས་འོག་མ་རྣམས་ཀྱང་དེ་ལྟར་དུ་ཤེས་པར་བྱ་ལ། ཕར་ཕྱིན་གསུམ་པ་བཟོད་པ་ལ། སྡུག་བསྔལ་དང་ལེན། གནོད་བྱེད་ལ་ཅི་མི་སྙམ་པ། རང་རྒྱུད་ལ་འཁོན་དུ་མི་འཛིན་པ་སོགས་བཟོད་པའི་ཕུང་པོ་ཡོངས་སུ་རྫོགས་པའི་རང་བཞིན། ངོ་བོ་བཟོད་པ་རྣམ་པར་དག་པ། བྱེད་ལས་ཁོང་ཁྲོའི་དྲི་མ། ནུས་མཐུ་རྒྱལ་བའི་བཟོད་པ་ལ་དགོད་ཅིང་། སྒོ་གསུམ་འདུད་སྨོན་བདེན་གསུམ་དང་། བཞི་པ་བརྩོན་འགྲུས་གོ་ཆ་བགོས་པ། བདུད་ཀྱིས་མི་བརྫི་བ། སྦྱོར་བ་ལག་ལེན་སོགས་བརྩོན་འགྲུས་གྱི་ཕུང་

པོ་ཡོངས་སུ་རྫོགས་པའི་རང་བཞིན། ངོ་བོ་བརྩོན་འགྲུས་རྣམ་པར་དག་པ། རྣམ་པ་ཆུ། བྱེད་ལས་ལེ་ལོ། མཐར་ཐུག་རྒྱལ་བའི་བརྩོན་འགྲུས་ལ་དགོད་ནུས་པའི་ཆུ་འདི་ཞེས་བྱ་བ་གསུམ་ལྡན་གྱི་ཁྲུས་ལེགས་པར་བསྒྲུབ་པ་དེ་ལ་ཕྱག་ཀྱང་འཚལ། ལྔ་པ་བསམ་གཏན་ནི། བྱིས་པ་ཉེར་སྤྱོད། དོན་རབ་འབྱེད་པ། དེ་བཞིན་གཤེགས་པའི་བསམ་གཏན་གསུམ་པ་(སྟེ)། བསམ་གཏན་གྱི་ཕུང་པོ་ཡོངས་སུ་རྫོགས་པའི་རང་བཞིན། ངོ་བོ་བསམ་གཏན་རྣམ་པར་དག་པ། བྱེད་ལས་གཡེང་བའི་དྲི་མ། ནུས་པ་རྒྱལ་བའི་བསམ་གཏན་ལ་དགོད་པའི་ཆུ་འདིས། ཞེས་བྱ་བ་གསུམ་ལྡན་གྱི་ཁྲུས་ལེགས་པར་བསྒྲུབ་པ་དེ་ལ་ཕྱག་ཀྱང་འཚལ། དྲུག་པ་ཤེས་རབ་ནི། ཐོས་པ་ལས་བྱུང་བའི་ཤེས་རབ། བསམ་པ་ལས་བྱུང་བ། བསྒོམ་པ་ལས་བྱུང་བ་སྟེ། ཤེས་རབ་ཀྱི་ཕུང་པོ་ཡོངས་སུ་རྫོགས་པའི་རང་བཞིན། ངོ་བོ་ཤེས་རབ་རྣམ་པར་དག་པ། བྱེད་ལས་ཤེས་འཆལ། མཐར་ཐུག་རྒྱལ་བའི་ཤེས་རབ་ལ་འགོད་ནུས་པའི་ཆུ་ཡི་ཁྲུས་ལེགས་པར་བསྒྲུབ་པ་ལ་ཕྱག་འཚལ་ལོ། །ཞེས་དང་། མདོ་སྔགས་ཐུན་མོང་པར་ཕ་རོལ་ཏུ་ཕྱིན་པ་དྲུག་དང་། ཉོན་མོངས་པ་དུག་ལྔ་སེར་སྣ་དང་དྲུག་སྦྱངས་བྱ་སྦྱོང་བྱེད་དུ་བཤད་ལ། དགོངས་པ་རང་གྲོལ་གནས་ལུང་འདིར་ཕ་རོལ་ཏུ་ཕྱིན་པ་བཅུ་བཤད་དེ། བདུན་པ་ཐབས་ནི། རྡོ་རྗེ་ཐེག་པའི་ལམ་རིམ་པ་གཉིས་ལས་བྱུང་བའི་ཐབས་མང་བ། ཐབས་ཟབ་པ། རྒྱ་ཆེ་བ་ཐམས་ཅད་ཡོངས་སུ་རྫོགས་པ། ངོ་བོ་ཐབས་རྣམ་པར་དག་པ། བྱེད་ལས་ཐབས་ལ་རྨོངས་པའི་དྲི་མ། ནུས་པ་རྒྱལ་བའི་ཐབས་མཁས་པ་ལ་དགོད་པའི་ཆུ་འདི། ཞེས་བྱ་བ་གསུམ་ལྡན་གྱི་ཁྲུས་ལེགས་པར་སྒྲུབ་པའི་ཐབས་དེ་ལ་ཕྱག་འཚལ་ལོ། །བརྒྱད་པ་སྟོབས་བཅུའི་ཕུང་པོ་ཡོངས་སུ་རྫོགས་པའི་རང་བཞིན། ངོ་བོ་སྟོབས་བརྫི་བ་མེད་པ། བྱེད་ལས་

སྟོབས་ལས་བྲི་བའི་དྲི་མ། མཐར་ཐུག་རྒྱལ་བའི་སྟོབས་བཅུ་ལ་དགོད་ནུས་པའི་ཆུ་ཡི་སོགས། དགུ་པ་སྨོན་ལམ་ནི། རྒྱལ་བས་དབང་བཅུ་བརྙེས་པའི་མཐུ་ལས་སྨོན་ལམ་གྱི་ཕུང་པོ་ཡོངས་སུ་རྫོགས་པའི་རང་བཞིན། ངོ་བོ་སྨོན་ལམ་རྣམ་པར་དག་པ་བྱེད་ལས་མ་དག་པ་སོགས་སྨོན་ལམ་དྲི་མ། ནུས་པ་རྒྱལ་བའི་སྨོན་ལམ་ལ་དགོད་པའི་ཆུ་ཡི་སོགས། བཅུ་པ་ཡེ་ཤེས་ནི། རྒྱལ་བའི་ཇི་ལྟ་ཇི་སྙེད་མཁྱེན་པའི་ཡེ་ཤེས་ཀྱི་ཕུང་པོ་ཡོངས་སུ་རྫོགས་པའི་རང་བཞིན། ངོ་བོ་ཡེ་ཤེས་རྣམ་པར་དག་པ། བྱེད་ལས་མི་ཤེས་དྲི་མ་མཐར་ཐུག་རྒྱལ་བའི་ཡེ་ཤེས་ལ་དགོད་ནུས་པའི་ཆུ་ཡི། ཁྲུས་ལེགས་པར་བསྒྲུབ་པ་ལ་ཕྱག་འཚལ་ལོ། །ཞེས་སྒོ་གསུམ་འཇུག་པ་ཆིག་དྲིལ་གྱི་ཁྲུས་དེ་ལྟར་བྱ་བ་ཡིན་ཞིང་། བུམ་པའི་ཆུ་གཅིག་པུ་དེ་ལ་ཕ་རོལ་ཏུ་ཕྱིན་པ་བཅུ་ཚང་བའི་ཐ་སྙད་ཅི་ཡོད་སྙམས་ན། བུམ་པ་རིན་པོ་ཆེའི་གཞལ་ཡས་ཁང་དུ་མདོ་ལྟར་ན་དེ་བཞིན་གཤེགས་པ་སྲས་དང་བཅས་པ། སྔགས་ལྟར་ན་དཔལ་ལྡན་རྩ་བ་གསུམ་གྱི་ལྷ་ཚོགས་བསྐྱེད། སྤྱན་དྲངས་བསྟིམས། མཆོད་བསྟོད་བཟླས་པ་དང་བཅས་པའི་ལྷ་དེ་དག་ལ་ཕ་རོལ་ཏུ་ཕྱིན་པའི་ཡོན་ཏན་གྱི་ཕུང་པོ་ཡོངས་སུ་རྫོགས་པའི་དེ་དག་ངོ་བོ་ལྷ། རྣམ་པ་ཆུ་རུ་བསྒྱུར་བ་ཡིན་པས་དེ་ལྟར་མཐུ་ནུས་པ་དང་ལྡན་པ་ཉིད་དོ། །འཇམ་དཔལ་སངས་རྒྱས་ཞིང་གི་མདོ་ལས། ཆོས་རྣམས་ཐམས་ཅད་རྐྱེན་བཞིན་ཏེ། །འདུན་པའི་རྩེ་ལ་རབ་ཏུ་གནས། །གང་གིས་སྨོན་ལམ་ཅི་བཏབ་པ། །དེ་འདྲའི་ཚུལ་གྱིས་འགྲུབ་པར་འགྱུར། །ཞེས་སོགས་གསུངས་པས། རྒྱལ་བའི་ཐུགས་རྗེ་དང་། སེམས་ཅན་ཀྱི་མོས་པ་དང་། བདེན་པའི་སྨོན་ལམ་གསུམ་འཛོམས་ན་ནམ་ཡང་བསླུ་བ་མེད་པ་ཉིད་དོ། དེ་ཡིས་ཡེ་ཤེས་ལྷ་ཡི་མཆོག་ཁྲུས་དང་། ཐ་མལ་རང་

རྒྱུད་ཀྱི་དམན་ཁྲུས་གཉིས་དང་འབྲེལ་བའི་དུག་སྦྱོངས་བ་ལ། ལྷ་ཀླུ་མིའི་འཇིག་རྟེན་གསུམ་ན་ཐར་བའི་སྲོག་རྩ་གཅོད་ཅིང་ཐར་མེད་ངན་སོང་གི་གཏིང་རྡོར་འཕེན་པ། རེག་ཕུང་གི་དུག་ནི་འདོད་ཆགས་ཞེ་སྡང་གཏི་མུག་གསུམ་ཡིན་ཞིང་། དེ་ལས་དུག་ལྔར་གྱེས་པས། སྦྱངས་བྱ་དེ་དག་གི་གཉེན་པོར། སྦྱོངས་བྱེད་རྒྱལ་བ་རིགས་ལྔ་དང་། དཀོན་མཆོག་གསུམ་དུ་ཤར་ཞིང་། དེ་དག་གི་སྐུ་གསུང་ཐུགས་རྡོ་རྗེའི་རང་བཞིན་ལ་དུག་ལྔའི་ཉེས་པས་ཡེ་ནས་མ་གོས་པས། དེ་དག་ལ་དུག་མི་མངའ་ཞེས་བཤད་ལ། དེ་ཇི་ལྟར་བཤད་ན། རང་རྒྱུད་ལ་ཉོན་མོངས་པའི་དྲི་མ་རྣམ་པར་དག་པ་ཞིག་གི། གཞན་རྒྱུད་ཀྱི་སྡིག་པ་འདག་ནུས་ཤིང་། དེ་ལྟ་བུའི་རྒྱལ་བ་ཐུགས་རྗེ་ཅན་རྣམས་ལ། མཁྱེན་པའི་ཡེ་ཤེས། བརྩེ་བའི་ཐུགས་རྗེ། མཛད་པའི་ཕྲིན་ལས། སྐྱོབས་པའི་ནུས་མཐུ་མངའ་བ་སྟེ། རྒྱུད་བླ་མ་ལས། འབྱུང་བ་དཀོན་ཕྱིར་དྲི་མེད་ཕྱིར། །མཐུ་ལྡན་ཕྱིར་དང་འཇིག་རྟེན་གྱི། །རྒྱན་གྱུར་ཕྱིར་དང་མཆོག་ཉིད་ཕྱིར། །འགྱུར་བ་མེད་ཕྱིར་དཀོན་མཆོག་ཉིད། །ཞེས་པ་ལྟར་དུག་མི་མངའ་བའི་རང་བཞིན་དེ་ལྟར་བཤད་ལ། ཁྱད་པར་རྒྱལ་བ་རིགས་ལྔའི་དུག་སྦྱོང་གི་མཇུག་བསྡུ་བ་ན། གང་རྒྱལ་བ་རྣམས་བདུད་བཞི་བཅོམ་ཞིང་དབང་ཕྱུག་གི་ཡོན་ཏན་དྲུག་དང་ལྡན་པ་དག་ནི། འཕགས་པའི་བདེན་པ་བཞི་མངོན་དུ་མཛད་པ་སོགས་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་མི་སློབ་ལམ་གྱི་ཆོས་བཅུ་རྫོགས་པའི་བདེན་པའི་མཆོག །འཇིག་རྟེན་གསུམ་ན་བླ་ན་མེད་པ་འདི་དག་གི་མཐུ་དང་ནུས་པས། གཏི་མུག་ལ་སོགས་པའི་ཉོན་མོངས་པ་དུག་ལྔ་རང་བཞིན་མེད་པར་དག་པར་གྱུར་ཅིག །ཞེས་དོན་དེ་ལྟར་བསམ་པས། འདོད་ཆགས་ཞེ་སྡང་གཏི་མུག་གསུམ། སོགས་དང་། བདེན་པ་གང་གི་སངས་རྒྱས་རྣམས། །སོགས།

དག་གྱུར་ཅིག །ཅེས་བརྗོད། ཡང་དེ་དང་འབྲེལ་བའི་དཀོན་མཆོག་གསུམ་གྱི་དུག་སྦྱང་ཡང་། གོ་དོན་གོང་དུ་སོང་ཞིང་། འདོད་ཆགས་ཞེ་སྡང་གཏི་མུག་གསུམ། སོགས་དང་། མཇུག་བསྡུ་བ་ནི། གཤིན་གང་དུག་དང་བཅས་པ་རྣམས། ཞེས་པའི་དོན། ཕུང་པོ་ཁམས་དང་སྐྱེ་མཆེད་ཀྱིས་བསྡུས་པའི་ལུས་ནི་བོར། ཚེ་སྲོག་རྣམ་ཤེས་གསུམ་གཤིན་རྗེའི་ཁ་ལ་སོང་བའི་གཤིན་པོ་ཞེས་བྱ་ལ། དེ་ཡང་། གཤེད་དམར་རྒྱུད་ལས། དུས་གསུམ་སངས་རྒྱས་མན་ཆད་དང་། །འཇག་མའི་སྲིན་བུ་ཡན་ཆད་ཀྱི། །སྲོག་དབུགས་ཟ་བའི་མཐུ་བོ་ཆེ། །འཆི་བདག་གཤིན་རྗེ་ཞེས་སུ་གྲགས། །ཞེས་སོ། །དེ་ལྟ་བུ་གཤིན་པོ་གང་དང་གང་ཡིན་པ་དེ་དང་དེའི་ཉོན་མོངས་པ་རྩ་ལག་དང་བཅས་པ་སུ་ལས་བྱུང་ན། འདོད་ཆགས་ཀྱི་དུག་ལས་བྱུང་ཞིང་། འདོད་ཆགས་ལས་མཆོག་ཏུ་གྱུར་པའི་དུག་ནི་མི་འབྱུང་སྟེ། འབུམ་ལས། འདོད་པ་རྣམས་ནི་དུག་གི་ལོ་མ་ལྟ་བུའོ། །འདོད་པ་རྣམས་ནི་རལ་གྲིའི་སོ་ལྟ་བུའོ། །འདོད་པ་ནི་མི་གཙང་བའི་རླབས་ལྟ་བུའོ། །འདོད་པ་ནི་ཀིམྤ་ཀ་ཡི་འབྲས་བུ་ལྟ་བུའོ། །ཞེས་དང་། འདུལ་བ་ལས། ཀུན་དགའ་བོ། དུག་འདི་ནི་རྣོ་བ། དྲགས་པ། མི་བཟད་པ། རེག་ན་ཕུང་པར་བྱེད་པ་སོགས་དེ་ལྟ་བུའི་དུག་དྲགས་པོ་གཞི་མེད་དུ་བཅོམ་པའི་བདེན་ཚིག་བརྗོད་པ་ཡིན་ནོ། །དེ་བཞིན་དུ། ཞེ་སྡང་ཡང་། སྤྱོད་འཇུག་ལས། བསྐལ་པ་སྟོང་དུ་བསགས་པ་ཡི། །སྦྱིན་དང་བདེ་གཤེགས་མཆོད་ལ་སོགས། །ལེགས་སྤྱད་གང་ཡིན་དེ་དག་ཀྱང་། །ཁོང་ཁྲོ་གཅིག་གིས་འཇོམ་པར་འགྱུར། །ཞེས་དང་། ཞེ་སྡང་ལྟ་བུའི་སྡིག་པ་མེད། །བཟོད་པ་ལྟ་བུའི་དཀའ་ཐུབ་མེད། །ཅེས་པ་དང་། གཏི་མུག་ནི། ཀུན་ཏུ་རྨོངས་པས་ཆོས་ཀྱི་སྣང་བ་འགག །རྨོངས་པས་ལེགས་ཉེས་བླངས་

དོར་འབྱེད་པ་མིན། སོགས། རྣམ་འབྱེད་ལས་གསུང་པ་ལྟར་རོ། །དེ་དག་ལ་བསམ་ནས། གཤིན་གང་དུག་དང་བཅས་པ་རྣམས༔ སོགས་ནས། བཅོམ་མོ༔ ཞེས་བར་རོ། །དེ་དང་འབྲེལ་བར་འབྱུང་བ་བཞིའི་དུག་སྦྱང་བ་ནི། ཕྱི་ནང་སྣོད་བཅུད་ཐམས་ཅད་རྒྱུ་རྐྱེན་རྟེན་འབྲེལ་གནད་གཅིག་པའི་ལུང་ནི། ཇི་ལྟར་ཕྱི་རོལ་དེ་བཞིན་ནང་། །འགྱུར་བ་མེད་པའི་ཆོས་ཉིད་དོ། །ཞེས་པ་ལྟར་ཕྱི་རོལ་གྱི་འབྱུང་བ་ལྔའི་ཁམས་དང་། ནང་ཕུང་པོའི་ཤ་ཁྲག་དྲོད་དབུག་སེམས་དང་ལྔ་ཆོས་མཐུན། དེ་ལས་ས་ཁམས་ལ་ཤཤ་ལས་གཏི་མུག་གི་དུག་བྱུང་། དེ་ཡི་ཕྱིར་འབྱུང་ཁུང་ཕ་དང་། བསྐྱེད་བྱེད་མ་ལྟ་བུ་ས་ཁམས་ཡིན་པས། ས་ནི་དུག་གི་ཕ་ཡིན་ཏེ། །ས་ནི་དུག་གི་མ་ཡང་ཡིན། །ཞེས་དང་། དཀོན་མཆོག་གསུམ་དང་ཞི་ཁྲོ་རབ་འབྱམས་གྱི་བདེན་པ་དང་། བདེན་པའི་ཚིག་འདི་དག་གིས། ཤ་ཁམས་གཏི་མུག་ལས་གྱུར་པའི་དུག་ཐམས་ཅད་འབྱུང་བ་ས་ཡི་ནང་དུ་སོང་ཤིག །འབྱུང་བ་རང་མཚན་པ་བེམ་པོའི་རང་བཞིན་ཅན། དུག་ལ་སོགས་པའི་སྐྱོན་གྱིས་གང་བ་དེ་དུག་གི་རང་གནས་ཡིན་པས་དུག་གི་ནང་དུ་དུག་སོང་ཅིག །ཞེས་པའི་དོན་དུ་གོ་དགོས་ལ། དེ་བཞིན་དུ། ཆུ་ཁམས་ཁྲག །དེ་ལས་འདོད་ཆགས་དུག །མེ་ཁམས་ལས་དྲོད། དེ་ལས་ཞེ་སྡང་དུག །རླུང་ཁམས་ལས་དབུག །དབུག་ལས་ཕྲག་དོག་དུག །འབྱུང་བ་བཞིར་བཤད་པ་རང་མཚན་པ་དང་དུག་བཞི་སྦྱར། སེམས་དང་ནམ་མཁའ་ང་རྒྱལ་གསུམ་འབྱུང་བ་བཞི་སྤྱི་ལ་ཁྱབ་པའི་ཆོས་མཐུན་བསྒྲིག་སྙམ་མོད། དེ་ལྟར་ས་ཡི་དགོས་ཆོས་དེས་འབྱུང་བ་ལྷག་མ་གསུམ་ལ་ཡང་སྦྱར་བར་བྱའོ། །དེ་རྗེས་ཡི་གེ་བརྒྱ་པ་དང་། མགོན་པོ་མི་འཁྲུགས་པའི་གཟུང་སོགས་བཟླས་པས་ལྷ་སྔགས་ཏིང་འཛིན་བདེན་སྟོབས་དང་བཅས་པ་ཕྲུག་གཅིག་ཏུ་བྱ་བ་ནི། རྡོ་རྗེ་ཐེག་པའི་ཐབས་ལམ་དྲི་མ་

མེད་པའི་ཁྱད་ཆོས་སོ། །དེས་སྡོམ་བཞི་པའི་ལམ་ཁྱེར་བཤད་ནས། སྡོམ་ལྔ་པ་རྒྱུད་ལྔའི་ལྷ་ལ་སྐྱབས་སུ་འགྲོ་བ་ནི། སྤྱིར་དུག་ལྔའི་ལས་ཀྱིས་འཕངས་པའི་ལམ་རྒྱུད་ལྔ་འགྲོ་བ་ལྔ་དང་། དེ་ཡི་ཁར་སེར་སྣ་བསྣན་པས་ཉོན་མོངས་དྲུག་གི་ལས་ཀྱིས་འཕང་པའི་རིགས་དྲུག་དུ་བཤད། དེ་ཡི་དབྱེ་བསྡུ་ནི། མདོ་དྲན་པ་ཉེར་བཞག་དུ། ལྷ་མིན་དུད་འགྲོ་ཀླུ་དུད་འགྲོ། །ཞེས་བཤད་པ་ལྟར། དེ་གཉིས་དུད་འགྲོའི་ཁོངས་སུ་བསྡུས་པས་འདོད་ཁམས་ན་འགྲོ་བ་རིགས་ལྔར་བཤད། ཡང་བཤད་སྲོལ་མི་འདྲ་བ། ལྷ་མ་ཡིན་ལ་ཚེ་དཔལ་ལྷ་ཡི་རིགས། སྲོག་གཅོད་སྲིན་པོའི་རིགས། རྩུབས་འགྱུར་བདུད་ཀྱི་རིགས། གླེན་པ་ཀླུ་ཡི་རིགས་དང་བཞིར་བཤད་པས་སྔ་མ་ནི་ལྷ། གཉིས་པ་ནི་དམྱལ་བ། གསུམ་པ་ནི་ཡི་དྭགས། བཞི་པ་དུད་འགྲོའི་ཁོངས་སུ་བསྡུས་པའི་འགྲོ་བ་ལྔ། དེ་ལ་ལམ་རྒྱུད་ལྔ་ནི་དུག་ལྔ་རང་མཚན་པ་ཡིན་ལ། དེ་འགྲོ་བའི་ལམ་བྱས་ནས་འགྲོ་བ་ལྔར་འཁོར་བས་ན་དེ་སྐད་ཅེས་བྱའོ། །དེ་ལྟར་འགྲོ་བ་རིགས་དྲུག་གི་གནས་ནས་འདྲེན་པའི་གསོལ་བ་སྤྱིར་གདབས་པ་དང་། བྱེ་བྲག་སོ་སོ་ནས་འདྲེན་པ་གཉིས་ལས། དང་པོ་ནི། ཀྱེ་མ་མགོན་པོ་ཐུགས་རྗེ་ཅན༔ སོགས། གཉིས་པ། ཀྱེ་མ་སོགས། ཞེས་བླ་མ་དང་དཀྱིལ་འཁོར་བའི་ལྷ་ལ་གསོལ་བ་རྩེ་གཅིག་ཏུ་བཏབ་པས། དེ་དག་གིས། ཀྱེ་མ་ཚེ་འཕོས་སོགས། སྐྱབས་སུ་མཆི༔ ཞེས་པ་སྟེ། ཚེ་འཕོས་ཤིང་སྔ་མའི་ལུས་ནི་དོར། ལུས་ཕྱི་མ་ནི་མ་ལོན་ཡང་། བར་དོ་ཡིད་ཀྱི་ལུས་དྭངས་གསལ་ཐོག་མེད་ཁྱོད། འཁོར་བ་ཐོག་མེད་ནས། ཉོན་མོངས་པ་ཞེ་སྡང་གི་ཀུན་ནས་བསླང་བའི་རྒྱུས། མི་དགེ་བ་བཅུ་དང་ཁྱད་པར་སྲོག་བཅད་པའི་རྣམ་པར་སྨིན་པ་དམྱལ་བར་འགྲོ་བའི་ལས་བསགས་

ཚན་ཆེ་བའི་རྒྱུས། ན་རཀ་གི་གནས་སུ་སྐྱེ་སྲིད་ཀྱི། དེར་སྐྱེས་ན་ཚ་གྲང་དང་གསོད་གཅོད་ཀྱི་སྡུག་བསྔལ་བརྣག་དཀའ་བ་ཡོད་པས་མི་སྐྱེ་བའི་ཐབས་ལ་རེམས་དགོས་ཤིང་། གལ་ཏེ་ལས་ཀྱིས་དབང་མེད་དུ་སྐྱེས་ན། གནས་དེ་ན་ཀུན་བཟང་རྡོ་རྗེ་འཆང་གི་རྣམ་སྤྲུལ་དམྱལ་བའི་ཐུབ་པ་ཆོས་ཀྱི་རྒྱལ་པོ་ཞེས་བྱ་བ་བཞུགས་པས། དེ་ལ་གནས་ངན་དེ་ལས་སྒྲོལ་བའི་ཕྱིར། ཞེ་སྡང་གཟུང་འཛིན་ལ་སོགས། གསོལ་བ་གྱིས་ཤིག །ངེད་ཀྱང་རྒྱལ་བ་ཞི་ཁྲོ་རབ་འབྱམས་ཀྱི་དཀྱིལ་འཁོར་གཉན་པོ་འདིར། ཆོས་ཀྱི་རྒྱལ་པོའི་ཕྱག་མཚན་མེ་ཆུ་དང་། སྨན་ལྔའི་བུམ་པ། སོགས་ཀྱིས་དབང་བསྐུར་བས་ཁྱོད་ཞེ་སྡང་དམྱལ་བ་ནས་འདྲེན་པ་ཡིན་ནོ། །བརྡ་སྤྲད་ཅིང་། ཧཱུྃ༔ ཚ་གྲང་སྐྱོབ་བྱེད་མེ་ཆུ་སོགས། ཧཱུྃ༔ ཀུན་བཟང་ཡབ་ཡུམ་སོགས། ཐབས་དེ་དག་གི་སྒོ་ནས་ཐར་ལམ་བསྒྲུབ་པ་ལ་བར་དུ་གཅོད་ཅིང་། འཁོར་བ་ཐོག་མེད་ནས་སྲོག་གི་ལན་ཆགས་སྙེགས་པ་ལ། གཏོར་མ་འདོད་ཡོན་ལྔ་ལྡན་བྱིན་ནས་བཀའ་བསྒོ། ཧཱུྃ༔ གཏོར་མ་འདོད་ཡོན་སོགས། འདོད་ཆགས་ཞེ་སྡང་སོགས། དུག་སྦྱངས། ཧཱུྃ༔ འདི་ནི་བཟོད་པའི་སོགས། ཁྲུས་བྱ་ཞིང་། ཧཱུྃ་ས་འདི་བཅད་པ་སོགས། སླར་གནས་དེར་མི་ལྡོག་པའི་ཞེན་པ་བཅད་དེ་ས་མཚམས་དབྱེ་བ་ལགས། དེ་བཞིན་དུ། ཡི་དྭགས་ལ། སེར་སྣའི་དང་། བཀྲེས་སྐོམས། ཐུབ་པ་ཁ་འབར། ཕྱག་མཚན་སྒྲོམ་བུ། དྲི་ལྔའི་བུམ་པ། གཏོར་མ་དུག་སྦྱོངས་ཁྲུས་ས་བཅད་ཐམས་ཅད་གོང་ལྟར། དུད་འགྲོ་ལ། གཏི་མུག །བཀོལ་སྤྱོད། སེང་གེ་རབ་བརྟན། ཕྱག་མཚན་པུ་ཏི། འབྲུ་ལྔའི་བུམ་པ། གཏོར་མ། དུག་སྦྱོངས། ཁྲུས་ས་བཅད་སོགས་གོང་ལྟར་རོ། །གཞན་ཡང་ལྷ་མིན་དང་། ལྷ་དང་། མི་རྣམས་ཀྱང་རང་རང་གི་དགོས་ཆོས་ཁ་བསྒྱུར་བ་ལས། ཆོ་གའི་འགྲོས་དེ་ཡི་རིགས་བསྒྲེ་བ་ལས་གཞན་

མེད་དོ། །འདི་ལ་རི་བོ་དགེ་ལྡན་པས་དཀའ་རམ་ལུང་རིགས་ལ་མཁས་པ་དག་གིས། འགྲོ་བ་རིགས་དྲུག་བྱ་བ་ཡང་། དགེ་སྡིག་གི་འབྲས་བུ་འཁྲུལ་སྣང་དུ་ཤར་བ་ཞིག་མ་གཏོགས། རྟག་བརྟན་ཐེར་ཟུག་དུ་གྲུབ་པ་ཞིག་ཀྱང་མིན་ཏེ། སྤྱོད་འཇུག་ལས། ལྕགས་སྲེག་ས་གཞི་སུ་ཡིས་བྱས། །མེ་ཚོགས་འདི་དག་གང་ལས་བྱུང་། །དེ་ལྟར་དེ་དག་སྣང་བ་ནི། །སྡིག་སེམས་ཡིན་པར་ཐུབ་པས་གསུངས། །ཞེས་དང་། ས་འདི་གཅིག་པུ་ལ་སོ་སོའི་སྣང་བས། ལ་ལས་འདུག་པའི་གནས་སུ་འདུ་ཤེས་པ་དང་། ལ་ལས་ཁ་ཟས་སུ་ཤེས་པ་དང་། ལ་ལས་ཁང་པར་འདུ་ཤེས་པ་དང་། ལ་ལས་གོས་གྱི་འདུ་ཤེས་པ་དང་། ལ་ལས་གྲོགས་ཀྱི་འདུ་ཤེས་པ་དང་། ལ་ལས་དགྲ་ཡི་འདུ་ཤེས་པ་དང་། ལ་ལས་འདྲེ་ཡི་འདུ་ཤེས་སོགས་མང་དུ་སྣང་བ་ཐམས་ཅད་བློས་འཁྲུལ་སྣང་ཡིན་ཞིང་། དེ་དག་སྣང་བ་མི་འགལ་བ་ཡང་། མཛོད་ལས། དངོས་གཅིག་ཡིད་ནི་དུ་མའི་ཕྱིར། །ཐ་དད་དེ་དག་འགལ་བ་མེད། །ཞེས་པ་རིགས་དྲུག་གི་གནས་གཅིག་ནས་གཅིག་ཏུ་ལོང་བའི་ལག་མགོ་ནས་ཁྲིད་པ་ལྟ་བུ་ཞིག་མི་སྲིད་ལ། དེ་བདེན་ན་ཆོ་ག་མཁན་པོ་ཡང་དམྱལ་བའི་གྲོང་སྒོ་འགྲིམ་དགོས་པས། ལོག་པ་དང་ལོག་པའི་ལམ་ནི་འདིའོ་ཞེས་དགོངས་པ་རང་གྲོལ་དང་གནས་འདྲེན་ལ་དྲག་ཏུ་བཀྱོན་པར་སྣང་། བདག་གིས་སེམས་ཀྱིས་མ་བཟོད་པར་རྙིང་མའི་མཁས་པར་རློམ་པ་དག་ལ་རྒྱུ་མཚན་ཡང་ཡང་ཕུལ་ཡང་རྫོགས་པ་ཆེན་པོའི་མཉམ་བཞག་གི་རྣལ་འབྱོར་ལ་སུ་ཡང་རྒུལ་མ་ནུས་སོ། །མཁས་པའི་དབང་པོ་དེ་དག་གིས་ཀྱང་རྙིང་མ་ལ་ཞེ་སྙིང་ནས་ལོག་པར་རྟོག་པ་མིན་སྙམ་ཏེ། རྒྱུ་མཚན། གཏེར་སྟོན་ཆེན་པོ་ཀརྨ་གླིང་པའི་ཟབ་ཆོས་ཁྲོད་དུ་རྗེ་ཙོང་ཁ་པ་ལ་ལུང་བསྟན་ངན་པ་ཡོད་རྒྱུ་རེད་པས་བརྒྱུད་འཛིན་རྣམས་དེ་ཡི་ཞེ་ནད་ཀྱིས། སྤྱིར་རྙིང་

མ་སྨད་ཅི་ཐུབ་དང་། ཨོ་རྒྱན་དུས་གསུམ་མཁྱེན་པར་གཤེ་བསྐུར་དང་། དགོས་ཀརྨ་གླིང་པའི་ཆོས་ལ་སྙིང་ནས་གནག་པར་འགྱུར་ལ། དེ་ལ་དགེ་ལྡན་རིང་ལུགས་པ་རྣམས་ལ་ཐུགས་ཁག་ནི་ཆེར་མེད་པ་འདྲ་ལ། སྙིགས་མའི་དུས་སུ་སངས་རྒྱས་གཉིས་པ་འདི་ལྟ་བུ་ལ་ལོག་པའི་ལུང་བསྟན་འབྱུང་ཐབས་མེད་ལ། སྤྱན་རས་གཟིགས། རྒྱལ་བུ་དཀོན་མཆོག་འབངས་དང་། སྣང་བ་མཐའ་ཡས། དགེ་སློང་དྲི་མ་མེད་པར་གྲགས་ཏེ། གདོང་དམར་ཅན་འདུལ་བའི་བཀའ་བགྲོས་མཛད་ལ། སྣང་བ་མཐའ་ཡས་ཀྱིས། འདི་ནས་སྐྱེ་བ་གཞན་གྱིས་མ་ཆོད་པར། །བོད་ཁམས་མགོན་མེད་ཡུལ་དུ་ཐུགས་རྗེས་ཟུངས། །བོད་འདིར་རྒྱལ་པོ་དག་ལ་ཚད་མ་བྱེད། །མི་དབང་མཛོད་ལ་བོད་ཁམས་བདེ་བར་སྐྱོངས། །ཞེས་དཀོན་མཆོག་འབང་སྲོང་བཙན་སྒམ་པོར་སྐྱེ་བ་བཟུང་། སྣང་བ་མཐའ་ཡས་ཀྱིས། བདག་ཀྱང་གནས་དེར་ལྷ་འདྲེ་འདུལ་དུ་འགྲོ། །ཞེས་ཨོ་རྒྱན་ཆེན་པོ་དང་། སྤྲུལ་པ་གཅིག་ནི་རྒྱ་གར་གནས་ཆེན་འགྲིམས། །ཞེས་ཇོ་བོ་རྗེ་ཨ་ཏི་ཤ་དང་། སྤྲུལ་པ་གཅིག་ནི་བལ་བོའི་མཐུལ་དུ་འགྲོ། །ཞེས་བལ་པོ་པདྨ་བཛྲ་དང་། སྤྲུལ་པ་གཅིག་ནི་མདོ་ཁམས་སྨད་དུ་འགྲོ། །ཞེས་རྗེ་ཙོང་ཁ་པ་དང་བཞི་ཀ་སྣང་བ་མཐའ་ཡས་ཀྱིས་སྤྲུལ་པར་བཤད་པ་བཀའ་གདམ་གླེག་བམ་རིན་པོ་ཆེ་བསླུ་བ་མེད་པ་དེར་གཟིགས་པར་ཞུ། གཏེར་ཆེན་ཆོས་ཀྱི་རྒྱལ་པོ་ཀརྨ་གླིང་པས། ཨོ་རྒྱན་དུས་གསུམ་མཁྱེན་པའི་ཟབ་ཆོས་ལུང་བསྟན་བརྫུས་མ་དེ་འདྲ་ཅི་ལ་སྲིད། ཕྱི་རབས་པའི་གང་ཟག་དམ་སྲིའི་རྒྱུད་བརླམ་པ་ཞིག་གིས་ལྟ་གྲུབ་ཀྱི་ཆགས་སྡང་ཁོ་ནས་བསྟན་པ་སྤྱིའི་ལུང་བསྟན་དུ་གཏེར་ཆོས་ལ་ལྷད་བཅུག་པར་གོར་མ་ཆག་གོ། །དེ་མ་ཡིན་པའི་དགེ་ལྡན་

མཁས་པ་རྣམས་ཀྱང་ཐུགས་གཏིང་ནས་གསུངས་ན། ཚེ་གཅིག་ལ་རྟོག་གེས་རིག་པར་སྦྱངས་ཐག་ཆོད་ཀྱང་། སྔ་འགྱུར་རྙིང་མས་ནང་རྒྱུད་ཡོ་ག་གསུམ་གྱི་ཆོས་ཟབ་ཅིང་རྒྱ་ཆེ་བའི་དགོངས་པ་ཆ་ཤེས་ཙམ་ཡང་མ་རྟོགས་པའི་ཀླད་པའི་གྲོང་ཁྱེར་དུ་ལོག་པར་རྟོག་པའི་འབུ་ཞུག་པས་དཔྱོད་པའི་མགོ་རྨོངས་པ་ཡིན་ནོ། །རྒྱུ་མཚན་གནས་འདྲེན་ཆོ་གའི་མཁན་པོས་གཤིན་པོ་འདྲེན་སྟོན་བྱེད་པ་ལ་རིགས་དྲུག་གི་གནས་སོ་སོའི་གྲོང་སྒོ་ཉུལ་དགོས་པ་མ་ཡིན། གང་གིས་དགུག་ན་རང་དཀྱིལ་འཁོར་གྱི་གཙོ་བོ་རྡོ་རྗེ་སེམས་དཔའི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་ལྕགས་ཀྱུ་ལྟ་བུར་འཕྲོས་པས་ཚུར་དགུག་པ་ཡིན། རི་དྭགས་སྨས་མ་ཁྱིས་དེད་པ་བཞིན། གཤིན་པོའི་རྣམ་ཤེས་ཕར་འདེད་དགོས་པ་མ་ཡིན། གང་བཀུག་ན་ཚེ་འདས་ཀྱི་རྣམ་ཤེས་ཆོས་བདུན་ལྡན་མིང་བཞིའི་ཕུང་པོ་དྭངས་གསལ་ཐོག་པ་མེད་པའི་ཡིད་ལུས་དེ་བཀུག་པ་ཡིན། གང་ནས་བཀུག་ན། འགྲོ་བ་རིགས་དྲུག་ལམ་རྒྱུད་ལྔ། སྐྱེ་གནས་རྣམ་པ་བཞི། སྲིད་པ་བར་དོ་སོགས་གང་ན་གནས་པ་དེ་ནས་རང་དབང་མེད་པར་ཤོག་སྐྱ་རླུང་གིས་བརྡས་པ་བཞིན་ཨཿདཀར་པོའི་རྣམ་པར་བཀུག་པ་ཡིན། གང་དུ་བཀུག་ན་རྒྱལ་བ་ཞི་ཁྲོ་རབ་འབྱམས་ཀྱི་དཀྱིལ་འཁོར་རྟེན་བརྟེན་པ་དང་བཅས་པ་མེ་ལོང་དུ་གཟུགས་བརྙན་ཤར་བ་ལྟར་བཞུགས་པའི་དྲུང་དུ་བཀུག་པ་ཡིན། དེ་ལ་དགོས་ཆེད་ཅི་ཡོད་ན། འགྱོད་ཚངས་ལས། རང་བཞིན་སྒྱུ་འཕྲུལ་དཀྱིལ་འཁོར་ལ། །གང་ཞིག་གུས་པས་ཕྱག་འཚལ་ན། །ཉམས་ཆགས་ཀུན་ཀྱང་བྱང་བར་འགྱུར། །མཚམས་མེད་ལྔ་ལ་སྨོས་ཅི་དགོས། །ན་རཀ་གནས་ཀྱང་དོང་སྤྲུགས་ཏེ། །རིག་འཛིན་རྒྱལ་བའི་ཞིང་དུ་གྲགས། །ཞེས་མཐུ་དེ་ལྟ་བུ་ཡོད་པའི་ཕྱིར་རོ། །རྟེན་གང་ལ་དགུག་ན་ཆོས་བདུན་དང་ལྡན་པའི་རྟེན་མཚན་བྱང་ལ་སྲོག་

གཅོད་གཤིན་འདྲེ་དང་དབྱེར་མེད་པར་བཀུག་ནས་བསྟིམ་པ་ཡིན། འདི་ཁྱེད་དགེ་ལྡན་པ་རྣམས་ཀྱང་ཚེ་འདས་ཤེས་པ་བཞི་ལྡན་བཤད་པ་ན། དང་པོ་བགེགས་སུ་ཤེས་པ་ཞེས་འབྱུང་། བསྟིམ་པ་དེ་ལ་ཆོ་གའི་གོ་རིམ་ཇི་ལྟར་ན། དང་པོ་ཞི་དྲག་ཕྱེད་མས་བགེགས་སྦྱངས་གཤིན་འདྲེར་གཏོར་མ་སྦྱིན་ནས་ཕྱིར་བསྐྲད། སླར་ཡང་རྟེན་བསྐྱེད་རྒྱས་པར་རྣམ་ཤེས་དབྱེར་མེད་དུ་བསྟིམ་ནས། སློབ་བུའི་ཚུལ་དུ་བཞག །མཆོག་གི་ཁྲུས་དང་དམན་ཁྲུས་ཀྱིས་དྲི་མ་སྦྱངས། དེ་རྗེས་རྒྱལ་བ་རིགས་ལྔ། དཀོན་མཆོག་གསུམ་ཡུམ་བཞི་སོགས་ཀྱི་བདེན་པས་དུག་སྦྱོངས་བས་སྡིག་པ་སྦྱངས། དེ་རྗེས་ཕན་པའི་བསླབ་བྱ་ཆོས་བཤད་དེ། འགྲོ་བ་རིགས་དྲུག་སྐྱེ་བའི་རྒྱུ་དྲུག་བཤད། སྐྱེས་པའི་སྡུག་བསྔལ་དྲུག་བསྟན། སྐྱོབ་བྱེད་ཀྱི་ཐུབ་པ་དྲུག་ལ་གསོལ་བ་བཏབས། སྨིན་བྱེད་ཀྱི་དབང་དྲུག་བསྐུར། ཉོན་མོངས་པ་དྲུག་གི་དུག་བཅོམ། དྲི་མ་དྲུག་སྦྱངས་པའི་ཁྲུས་བྱས། ཕྱིར་མི་ལྡོག་པའི་ས་དྲུག་སྤར། དེ་ལྟ་བུའི་ཆོ་གའི་འགྲོ་བ་རིགས་དྲུག་ཏུ་སྐྱེ་བའི་རྒྱུ་དྲུག་ས་བོན་བག་ཆགས་དང་བཅས་པ་སྦྱངས། གནས་དེ་དག་གི་མཚང་རིག་ནས། སླར་དེར་མི་སྐྱེ་བའི་སྐྱེ་སྒོ་བཅད། མི་ལྡོག་པའི་ས་སྤར་ནས་ཞེན་པ་བཅད་པ་ཡིན། འདི་ལོག་པའི་ཆོ་ག་ཡིན་ན། ཀུན་རིགས་སོགས་གཤིན་ལུང་ཐམས་ཅད་མིང་མི་འདྲ་ཡང་དོན་གཅིག་ཏུ་འབབ། ཁྱེད་རྣམས་ཀྱང་ངན་སོང་སྦྱོངས་བའི་ཆོ་གའི་གཤིན་པོ་ཚུར་བཀུག་ནས་སྡུག་བསྔལ་སྦྱངས་པ་ཡིན་ནམ། ཕར་ངན་སོང་དུ་ཁྲིད་འགྲོ་བ་ཡིན། འོན་ཀྱང་གཞན་ལ་མེད་པའི་ཁྱད་པར་འགའ་ཞིག་ནི་ནང་རྒྱུད་ཡོ་ག་གསུམ་གྱི་ཁྱད་ཆོས་ཡིན་ནོ། །དེ་ལྟར་བྱས་པས་ཆོ་ག་མཁན་པོ་དམྱལ་བའི་གྲོང་སྒོ་འགྲིམ་པ་ཡིན་ན། ཁྱེད་རྣམས་གཤིན་ཆོག་ཀུན་རིགས་མཛད་དུས་དམྱལ་བའི་དྲུང་དུ་གཤིན་པོ་ཁྲིད་ནས་

འོ་བརྒྱལ་དགོས་པ་མིན་ལས་ཆེ། ད་ལྟ་རང་ཕྱོགས་མཁས་རློམ་འགའ་རེས་ཀྱང་། ཨོ་རྒྱན་ཆེན་པོའི་གནས་འདྲེན་འདི་དབང་པོའི་རིམ་པ་དང་སྦྱར་བ་ཡིན། ཞེས་སེང་གེའི་ང་རོ་སྒྲོག་པ་སྣང་། ཐམས་ཅད་ཀྱིས་གནས་འདྲེན་ཟེར་བའི་མིང་འདིས་མགོ་རྨོངས་ནས་འཁྲུལ་གཞི་བྱས་པར་སྣང་། དེ་ཇི་ལྟར་ན། རྫོགས་པའི་སངས་རྒྱས་ཀྱི་ཆོས་གསུང་ཚུལ་གསུམ། ཚད་པའི་ནད་ལ་ག་བུར་བཞིན། །གཉེན་པོའི་དོན་དུ་གསུངས་པ་དང་། །འོ་མ་ལས་ནི་མར་བཞིན་དུ། །བསྡུ་བའི་དོན་དུ་གསུངས་པ་དང་། །ཇི་ལྟར་སྐས་ཀྱི་ཐེམ་རིམ་ལྟར། །དབང་པོའི་དོན་དུ་གསུངས་པའོ། །ཞེས་གསུངས་མོད། འདིར་གནས་འདྲེན་གྱི་ཆོ་ག་ལ་དབང་པོའི་རིམ་པ་བཤད་པ་ཐ་སྙད་གང་ཡང་ཡོད་པ་མཐོང་ཐོས་དོག་གསུམ་མེད་པའི་ནང་གི་ལྷ་ཞལ་སྟོན་པའི་དཀོན་གཉེར་ཞིག་གིས་གསུང་དྲོན་མོ་ལས་ཅི། འགྲོ་བ་རིགས་དྲུག་གི་གནས་གཅིག་ནས་གཅིག་ཏུ་གཤིན་པོ་ལག་མགོ་ནས་བསྡུས་ཏེ་ཁྲིད་འགྲོ་བར་བསམ་པ་འདི་མིན་འཕེན་བྱེད་ལས་ནི་ཉོན་མོངས་པ་དྲུག་ལས་གཞན་མེད། འཕང་བའི་འབྲས་བུ་འགྲོ་བ་རིགས་དྲུག་ཡིན། དེར་སྐྱེས་པའི་མཚངས་བཤད་ནས་བློ་ལྡོག་པར་བྱས། དེ་ཡི་ཉེས་སྐྱོན་ཐམས་ཅད་སྦྱངས་པ་ལ། ལྷ་དང་སྔགས་དང་ཕྱག་རྒྱ་ཏིང་ངེ་འཛིན་གྱི་མཐུས་བསྒྲུབས། གང་དུ་སྐྱེས་པའི་(ཤིང་)གནས་པའི་ས་དེ་ནས། མི་ལུས་ཉམས་དགའ་བའི་གནས། རིག་འཛིན་རྒྱལ་བའི་གྲལ་འདིར་བཀོད་ནས། རྣམ་ཤེས་རིག་འཛིན་རྒྱལ་བའི་སྲས་སུ་གནས་སྤར་བ་ལ་ནོར་སོ་མི་འབྱུང་བ་ལགས། དེ་ལྟར་ཨོ་རྒྱན་རྡོ་རྗེ་འཆང་གི་དགོངས་པའི་དབྱིངས་ལ་སོ་སོའི་རྟོག་པས་ཆོས་བཅོས་བསྒྱུར་གྱིས་མི་རིགས་པར་སྨྲ་བ་མང་དུ་སྣང་བས། རང་གི་གོ་ཡུལ་དུ་ཤར་ཚོད་ཞིག་ཁ་ཡན་དུ་བཏང་བས་ལུང་རིགས་པ་ཚོ་ཐུགས་རྒྱལ་མི་བཞེངས་པར་

ཞུ། དེས་སྡོམ་ལྔ་པ་བཤད་པ་སོང་ནས། སྡོམ་དྲུག་པ་ནི། དྲུག་པ་དཀྱིལ་འཁོར་དལ་དུ་གཞུགས་པ་དང་། ཞེས་པ་ལ། མིག་རས། མེ་ཏོག་གཏད། མཎྜལ་དབུལ། ཆོས་བཤད། ཀྱེ་མ་མགོན་པོ་སོགས་ནས། རང་གཞུང་བཅོས་མེད་ལ། ཡེ་ཤེས་དབབ་པའི་སྐབས། འགྱོད་ཚངས་བྱ་བ་གནས་འདྲེན་རང་གཞུང་གི། སློབ་བུ་ཧཱུྃ་ལས་རྡོ་རྗེ་སེམས་དཔའ་སོགས་བྱིན་འབེབས་བྱ། །མེ་ཏོག་དོར། མིག་དབྱེ། མཐོང་བ་བསྟན་པ་རྣམས་ཀྱིས་སྡོམ་དྲུག་པའི་ཆོས་རྫོགས་པ་ཡིན། སྡོམ་བདུན་པ་ནི། བདུན་པ་དབང་བཞི་ཡོངས་རྫོགས་བསྐུར་བ་དང་། ཞེས་པས། ཐུན་མོང་རིགས་པའི་དབང་ལྔ་ནས། སྤྲོས་བཅས་བུམ་དབང་། ལྷ་སྐུ་ཕྱག་རྒྱའི་དབང་། མཐའ་རྟེན་གཏོར་མ། མཐར་མངའ་གསོལ་བདུན་དང་བརྒྱད་སོགས་སྤྲོས་བཅས་བུམ་དབང་ཆེན་མོ་ཐུན་མོང་གི་སློབ་མ་ལ་བསྐུར་བར་བྱ་བ་ཡིན་ལ། རང་ཕྱོགས་རྫོགས་ཆེན་པ། སྡོམ་ཚིག་དེད་ནས་བུམ་དབང་གི་མཐར། གནས་བསྡུས་ཀྱི། ཧཱུྃ་གསང་བ་ཡེ་ཤེས་སོགས། དབང་བཞིའི་རྣམ་བཤད་སྦྱར་བར་འདུག་ཀྱང་བུམ་དབང་ནས་བཀྲ་ཤིས་རྟགས་བརྒྱད་ཡན་ཆད། སྤྲོས་བཅས་བུམ་པའི་དབང་ཡིན་པས། བུམ་པ་དང་། ལྷ་སྐུ་ཕྱག་རྒྱའི་བར་དུ་དབང་གོང་མ་གསུམ་བསྐུར་བ་དེ་གོ་རིམ་མ་ཡིན་ཞིང་། སྡོམ་ཚིག་ལྟར་བསྐུར་ནའང་། དབང་ཡོངས་རྫོགས་གི་མཐར་བསྐུར་རྒྱུ་དང་། དེ་ཡང་གཤིན་དོན་ཙམ་དུ་ཕན་དབང་དང་། ནུས་དབང་ཙམ་དུ་དགོངས་པ་ཡིན་ཤེས་ཁ་བའི། གོང་མ་རྒྱུན་དུ་མ་སྦྱར་ཀྱང་ཉེས་པ་ཆེར་བསྐྱེད་པར་མི་འགྱུར་བ་འདྲ། གུད་དུ་བཀོལ་བའི་གོང་མ་གསུམ་གྱི་དབང་ཆོག་ལས། བསྐུར་བའི་དུས་གསུམ་དང་། དཀྱིལ་འཁོར་གསུམ་དང་གནས་གསུམ་སོགས་ཤིན་ཏུ་གསང་བའི་ཆོ་གར་བཤད་སྣང་བས་དགག་བྱ་དགོས་པ་གནད་ཆེ་

ཆུང་ལ་དཔྱད་དགོས་སོ། །དེ་ཡིས་སྡོམ་བདུན་པ་རྫོགས་ནས། སྐབས་འདིར་འདོད་ཡོན་གསུར་བསྔོ་བའི་སྲོལ་འཇོག་པའི་ཕྱག་ལེན་སྣང་ཡང་། འདི་ལ་དགའ་བོ་མངལ་འཇུག་གི་མདོའི་རྗེས་སུ་འབྲང་ནས། འདུལ་འཛིན་གྲགས་པ་རྒྱལ་མཚན་སོགས་ཀྱི་དཔྱད་པ་མང་དུ་སྣང་ཡང་། ད་ལྟ་དགེ་ལྡན་པ་རྣམས་ཀྱང་མི་གཏོང་ཁ་མེད་བྱེད་པའི་སྲོལ་འདུག །བདག་གིས་བླུན་ཚོད། ད་ལྟ་རྒྱ་ནག་གི་ཡུལ་གྲུ་(དུ)ཧོས་ཧོས་བྱ་བས། སྲོག་རང་གིས་མ་བཅད་པའི་ཤ་མི་ཟ་བ་དང་། ཤི་བའི་རྗེས་སུ་ཟས་སྐལ་ཐམས་ཅད་བསྡུས་ནས། དེ་ཡི་ཉེ་དུ་གང་ཡོད་འདུས་ནས་མྱ་ངན་དང་། ངུ་སྐད་འདོན་བཞིན་ཟ་ཅི་ཐུབ་དང་། འཐུང་ཅི་ནུས་བྱས་པས་གཤིན་པོ་དེའི་ཐོབ་པར་འདོད་པའི་ལོག་ཆོས་ལྟར། ཟས་རང་མཚན་པ་གཤིན་པོ་ལ་བསྔོས་ཀྱང་མི་ཐོབ་གསུངས་རྒྱུ་ཡིན་འདྲ། ཡེ་ཤེས་ལྷ་ལ་མཆོད་པའི་རྫས་སུ་བྱིན་གྱིས་བརླབས་ནས་ཕུལ་བས། ཚེ་འདས་སྒོ་ལྔའི་ཡུལ་གྱི་བག་ཆགས་སྦྱངས་ནས། རྒྱལ་བ་རིགས་ལྔའི་གོ་འཕང་ཐོབ་པ་སོགས་ནི་མཆོད་པ་སྤྱི་དང་ཅི་ཁྱད་པས་དགག་དུ་མེད་དོ། །འོན་ཀྱང་དུས་གསུམ་མཁྱེན་པས་སྡོམས་སུ་མ་བསྟན་པས་མ་བྱས་ཀྱང་ཆད་པའི་ཉེས་པ་མེད་འདྲ་སྙམས་སོ། །ཡང་སྡོམ་བརྒྱད་པ། བརྒྱད་པ་ཞིང་དུ་སྨོན་ལམ་གདབ་པ་དང་། ཞེས་པས། མི་མཇེད་འཇིག་རྟེན་གྱི་ཁམས་འདིའི་ཤར་ཕྱོགས་གང་གའི་ཀླུང་གི་བྱེ་མ་སྙེད་ཀྱི་ཞིང་འདས་པའི་ཕ་རོལ་ན། རྣམ་ཤེས་ཀྱི་ཕུང་པོ་གནས་སུ་དག་པ། མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་རང་རྩལ་རྡོ་རྗེ་སེམས་དཔའི་ཞིང་མངོན་པར་དགའ་བ་ཞེས་བྱ་བ། ཕུན་སུམ་ཚོགས་པའི་བཀོད་པ་བསམ་གྱིས་མི་ཁྱབ་པའི་རྟེན་བརྟེན་པ་དང་བཅས་པ། འབྱུང་བ་ས་ཁམས་རྣམ་པར་དག་པ་ཡུམ་ཆེན་མོ་སངས་རྒྱས་སྤྱན་མའི་དབྱིངས་

ལས་སྤྲུལ་ཞིང་བཞུགས་པའི་རྒྱུ་མཚན་དུ་བྱས་ནས། ཐམས་ཅད་ས་ཡི་རང་བཞིན་ཏེ། ཞེས་བརྗོད་ལ། དེ་ལྟ་བུའི་ཞིང་མཆོག་དེར། ཕུན་སུམ་ཚོགས་པ་ངེས་པ་ལྔ་ལྡན་དུས་རྟག་པ་རྒྱུན་གྱི་འཁོར་ལོར་གནས་པའི་ཞིང་དེ་ན་འཕོ་འགྱུར་དང་། སྐྱེ་ཤིའི་མཚན་མ་རང་སར་གྲོལ་བའི་ས་ལ་ཤི་ཞེས་བྱ་བ་མེད་ལ། ལུས་བོར་བའི་གཤིན་པོ་ཁྱོད་ལ་སོགས་པ་འདིར་གནས་པའི་སེམས་ཅན་ཞིང་དེར་སྐྱེ་བར་སྨོན་པ་དག་ཀྱང་། ཤ་ཁམས་ས་དང་དབྱེར་མེད་པའི་ལུས་དེ་སྲོག་འཚོ་བའི་རྟེན་ཡིན་ལ། སེམས་ཅན་སྲོག་ནི་ས་ཡིན་ཏེ། དེ་ལྟར་ས་ཁམས་ཤ་ཡི་རང་བཞིན་ལས། ལུས་ཅན་རྣམས་ཀྱི་སྙིང་དབུས་ན། དྭངས་མ་ལྔ་ལྡན་འོད་ཀྱི་གོང་བུའི་དཀྱིལ་ན་རང་རིག་དྲི་མ་མེད་པ་བཞུགས་ཏེ། སྒྲོན་མ་འབར་བ་ལས། འབྱུང་བའི་དྭངས་མ་ཀུན་འདུས་ནས། །དབང་པོའི་ཡུལ་ལ་འཆར་བྱེད་པ། །རྩ་ཡི་ནང་ན་འདི་ཉིད་གནས། །ཞེས་པ་ལྟར་འབྱུང་བའི་དྭངས་མའམ། སྙིང་པོ་ཞེས་བྱ་ལ། དེ་ལ་དྭངས་མ་ལྔ་གང་ཞེ་ན། ཤ་ཡི་དྭངས་མ་བྱེའུ་ལེབ་མའི་མགོ་ལྟ་བུ། ཁྲག་གི་དྭངས་མ་རྒྱ་མཚལ་ཅོག་ལ་མའི་ཁུ་བ་ལྟ་བུ། དྲོད་ཀྱི་དྭངས་མ་མེ་ལོང་ངོས་ལ་ཕོག་པའི་ཉི་ཟེར་ལྟ་བུ། དབུགས་ཀྱི་དྭངས་མ་གསེར་ཀྱི་རླང་པ་ལྟ་བུ། སེམས་ཀྱི་དྭངས་མ་བར་སྣང་གི་སེར་བུ་ལྟ་བུ་ཞེས་བཤད་སྲོལ་མི་འདྲ་བ་མང་སྟེ། དེ་ལྟ་བུ་ཤ་ཁམས་དང་དབྱེར་མེད་པའི་ཡི་གེ་སུམ་སེར་པོ་ཞིག་ཆད་དེ་མདའ་འཕང་བ་ལྟར། ཤར་ཕྱོགས་མངོན་པར་དགའ་བའི་ཞིང་དུ་སོང་ནས། ཡུམ་ཆེན་མོ་སངས་རྒྱས་སྤྱན་མ་དང་དབྱེར་མེད་དུ་གྱུར་ཅིག །ཅེས་སོ། །དེ་བཞིན་དུ་ལྷོ་ཕྱོགས་དཔལ་དང་ལྡན། ཐམས་ཅད་ཆུ་ཡི་རང་བཞིན་དེ། །ཆུ་ལ་ཤི་ཞེས་བྱ་བ་མེད། །སེམས་ཅན་སྲོག་ནི་ཆུ་ཡིན་ཏེ། །ཆུ་ཡི་སྙིང་པོ་བཾ་ཞེས་བྱ། །དེ་ལ་བརྟེན་ནས་བུ་ཁྱོད་ཀྱང་། །བྱང་ཆུབ་མཆོག་ཏུ་སེམས་

བསྐྱེད་དེ། །མ་མ་ཀི་དང་གཉིས་མེད་ཤོག །ནུབ་བདེ་བ་ཅན། ཐམས་ཅད་མེ་ཡི་རང་བཞིན་དེ། །མེ་ལ་ཤི་ཞེས་བྱ་བ་མེད། །སེམས་ཅན་སྲོག་ནི་མེ་ཡིན་ཏེ། །མེ་ཡི་སྙིང་པོ་རཾ་ཞེས་བྱ། །དེ་ལ་བསྟེན་ནས་བུ་ཁྱོད་ཀྱང་། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དེ། །གོས་དཀར་མོ་དང་གཉིས་མེད་ཤོག །འདི་ནས་བྱང་གི་ཕྱོགས་རོལ་ན། །ལས་རབ་རྫོགས་པའི་ཞིང་ཁམས་ཡོད། །ཐམས་ཅད་རླུང་གི་རང་བཞིན་ཏེ། །རླུང་ལ་ཤི་ཞེས་བྱ་བ་མེད། །སེམས་ཅན་སྲོག་ནི་རླུང་ཡིན་ཏེ། །རླུང་གི་སྙིང་པོ་ཡཾ་ཞེས་བྱ། །དེ་ལ་བརྟེན་ནས་བུ་ཁྱོད་ཀྱང་། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དེ། །དམ་ཚིག་སྒྲོལ་དང་གཉིས་མེད་ཤོག །འདི་ནས་དབུས་ཀྱི་ཕྱོགས་རོལ་ན། །སྡུག་པོ་བཀོད་པའི་ཞིང་ཁམས་སུ། །ཐམས་ཅད་ནམ་མཁའི་རང་བཞིན་ཏེ། །ནམ་མཁའ་ཤི་ཞེས་བྱ་བ་མེད། །སེམས་ཅན་སྲོག་ནི་ནམ་མཁའ་སྟེ། །ནམ་མཁའི་སྙིང་པོ་ཨེཿཞེས་བྱ། །དེ་ལ་བསྟེན་ནས་བུ་ཁྱོད་ཀྱང་། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དེ། །དབང་ཕྱུག་མ་དང་གཉིས་མེད་ཤོག །དེ་ལྟར་ཁམས་ལྔས་བསྐྱེད་པའི་ཤ་ཁྲག་དྲོད་དབུག་རྣམ་པར་ཤེས་པ་ལྔ་འཕོ་འགྱུར་སྐྱེ་འཆི་མེད་པའི་ཕུན་ཚོགས་ལྔ་ལྡན་ཞིང་དུ་འབྱུང་བའི་ས་བོན་ཡི་གེ་ལྔ་ཡི་གཟུགས་སུ་འཕོས། ཁམས་ལྔའི་བག་ཆགས་དབྱིངས་སུ་དག་ནས། འཁོར་བའི་གཞི་རྩ་ཆོད་ཅིང་སླར་མི་ལྡོག་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང་ཡུམ་ཆེན་ལྔ་དང་གཉིས་མེད་དུ་སྨོན་པ་ནི་དོན་བསྡུ་བའོ། །དེ་ལྟར་སྡོམ་བརྒྱད་པ་སོང་ནས། དགུ་པ་ནད་གདོན་སྡིག་སྒྲིབ་སྦྱངས་བ་དང་། ཞེས་པས། དེ་ཡི་རྗེས་སུ་དབང་པོ་ལྔ་ཡི་བག་ཆགས་སྦྱངས་ཤིང་། ཞེན་པ་གཅོད་པ་ནི། མཐོ་སྲིད་པའི་རྩེ་མོ་མན་ཆད་ནས། མནར་མེད་པའི་རྡོ་རྗེ་དམྱལ་ཁམས་ཡན་ཆད་ཐར་པའི་ལམ་གྱི་སྣང་བས་

སྟོང་ཞིང་། སྐྱེ་རྒ་ན་འཆིའི་ཆུ་བོ་བཞི། ཉོན་མོངས་པ་དུག་ལྔ་དུག་གསུམ། བསགས་བསྲུང་བརླགས་པའི་སྡུག་བསྔལ་གསུམ། སྡུག་བསྔལ་གྱི་སྡུག་བསྔལ། འགྱུར་བའི་སྡུག་བསྔལ། ཁྱབ་པ་འདུ་བྱེད་ལ་སོགས་པའི་སྡུག་བསྔལ་གསུམ་དང་། བཞི་དང་། བརྒྱད་དང་། བཅུ་དྲུག་ལ་སོགས་པའི་མུན་པ་སྨག་རུམ་འཁྲིགས་པའི་འཇིག་རྟེན་ཁམས་སུ་ཡང་ཡང་འཁྱམས་ཤིང་སྐྱབས་མགོན་རྩ་ལག་དང་བྲལ་བའི་ཉམས་ཐག་ཅིང་གདུང་བས་འོ་དོད་འབོད་པ་ཁྱོད། བསྐལ་པ་གྲངས་མེད་ཀྱི་གོང་ནས་འགྲོ་བ་མགོན་མེད་པ་འཁོར་བའི་མཚོ་ལས་སྒྲོལ་བའི་གཡར་དམ་དང་། སྙིང་རྗེའི་གོ་ཆ་མི་འདོར་བ་དུས་གསུམ་གྱི་རྒྱལ་བ་ཐམས་ཅད་ཀྱི་ཐུགས་ཉེ་བའི་སྲས་སུ་གྱུར་པ་བྱང་ཆུབ་སེམས་དཔའ་ས་ཡི་སྙིང་པོ་ལ་སོགས་པ་ཐུགས་རྗེ་ཅན་འདི་དག་གིས་ཁྱོད་བརྩེ་བའི་རྗེས་སུ་བཟུང་ནས་སྐྱོབ་པར་ཤོག་ཅིག །ཅེས་བདག་གི་སྨོན་ལམ་གྱིས་མཚམས་སྦྱར་བ་དང་། ཁྱོད་ཀྱང་རྩེ་གཅིག་པའི་ཡིད་ཀྱིས་དེ་ལྟར་གསོལ་བ་ཐོབ་དང་། བཅོམ་ལྡན་འདས་མགོན་པོ་རྡོ་རྗེ་སེམས་དཔའི་ཐུགས་མེ་ལོང་ལྟ་བུའི་ཡེ་ཤེས་རང་རྩལ་ལས། རྒྱལ་བའི་སྲས་པོ་བྱང་ཆུབ་སེམས་དཔའ་ས་ཡི་སྙིང་པོའི་ཐུགས་རྗེའི་མཐུ་དང་ནུས་པས་གཤིན་པོ་ཁྱོད་ཀྱི་ཚེ་རབས་མང་པོར་ལུས་ལ་མིག་རབ་རིབ་ལ་སོགས་པའི་དབང་པོའི་སྐྱོན་དང་ནད་ཀྱི་བག་ཆགས་སེམས་རྒྱུད་དུ་ཞེན་ནས་ཡོད་པ་དེ་སྦྱངས་ཏེ་བསལ། ཕྱི་མ་གང་དུ་སྐྱེ་འགྱུར་གྱི་ལུས་ལ་ནད་མེད་དེ་མི་མྱོང་བས། ཁྱོད་ཀྱང་དེ་ལྟར་དུ་གསོལ་བ་ཐོབ་ཅིག །གནས་སྐབས་འདིས་ཉི་ཚེ་བའི་གསོལ་འདེབས་ཙམ་མ་ཡིན་བསྐལ་པ་གྲངས་མེད་ཀྱི་གོང་ནས་ཚེ་རབས་ཐམས་ཅད་དུ་སྐྱབས་དང་། དཔུང་གཉེན་དུ་བརྟེན་པའི་ཡི་དམ་གྱི་ལྷ་མཆོག །རྒྱལ་སྲས་ས་ཡི་སྙིང་པོ་ཁྱོད་ལ་སྒོ་གསུམ་གུས་པ་ཆེན་པོས་

སྐྱབས་སུ་མཆིའོ། །ཐུགས་རྗེས་བསླུ་བ་མེད་པའི་བྱིན་གྱིས་རློབས་ཤིག །ཅེས་བརྗོད། དེ་བཞིན་དུ་ནམ་མཁའི་སྙིང་པོ། ཚེ་འདས་རྣ་བའི་དབང་པོ། སྤྱན་རས་གཟིགས། ཚེ་འདས་སྣ་ཡི་དབང་པོ། ཕྱག་ན་རྡོ་རྗེ། ཚེ་འདས་ལྕེའི། སྒྲིབ་པ་རྣམ་སེལ། ཚ་གྲངས་ནད་སེལ་རེག་བྱ་མྱོང་བར་ཤོག༔ སྔོན་ཚེ་གོང་ནས་བསྙེན་པའི་ལྷ༔ ཡི་དམ་ལྷ་མཆོག་འཁོར་བའི་སྐྱབས༔ རྒྱལ་སྲས་སྒྲིབ་པ་རྣམ་པར་སེལ༔ ལྷ་མཆོག་ཁྱོད་ལ་སྐྱབས་སུ་མཆི༔ ཐུགས་རྗེས་ཚེ་འདས་བྱིན་གྱིས་རློབས༔ {གསུམ་པ།} དེ་རྗེས་མར་མེ་ལ་བརྟེན་ཡེ་ཤེས་ལྔ་ཡི་སྣང་བ་ངོ་སྤྲད་པ་ནི། དཀྱིལ་འཁོར་གྱི་གཙོ་བོ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་ཡེ་ཤེས་ཀྱི་ལྷ་ཐམས་ཅད་ཐུགས་རྟོག་མེད་ཀྱི་ཡེ་ཤེས་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བའི་གཤིས་མ་བཅོས་པ་དེ་ལ་རང་བཞིན་ཞེས་བྱ་སྟེ། རང་བཞིན་དག་ནི་བཅོས་མིན་དང་། །གཞན་ལ་ལྟོས་པ་མེད་ཕྱིར་རོ། །རང་བཞིན་དེ་ལས་མ་གཡོས་བཞིན་དུ་རྩོལ་མེད་ཀྱི་ཐུགས་རྗེ་ཆེན་པོ་ཉི་མ་དང་འོད་བཞིན་དུ། དུས་ལས་མི་ཡོལ་བར་ཤུགས་ཀྱིས་དྲངས་པའི་ཚེ་འདས་ཁྱོད། སེམས་ཡེང་མ་ལམ་དུ་མ་བཏང་བར་དྲན་པའི་རང་སོ་ཟུང་ལ་ཉོན་ཅིག་ཅེས་གདམས་ནས། སྲིད་པའི་རྩེ་ནས་མནར་མེད་རྡོ་རྗེ་དམྱལ་བ་ཡན་ཆད་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་གནོད་པ་དུ་མའི་རྦ་རླབས་གཡོ་བ་རླུང་གིས་ཕྱོགས་ཀུན་ཏུ་བསྐྱོད་པ་ལྟར་འགྲོ་བ་རིགས་དྲུག་དུ་འཁོར་ཞིང་སེམས་ཅན་ལས་ངན་གྱི་མུན་པར་འཁྱམས་པ་ཁྱོད་ལ། དཀྱིལ་འཁོར་པའི་ལྷ་རྣམས་ཀྱིས་ཚད་མེད་པའི་ཐུགས་རྗེ་ཆེན་པོའི་ཤུགས་ཀྱི་མཚོན་བྱེད་རྫས་ཀྱི་མར་མེ་འདི་བསྟན་པས། མཚོན་བྱ་ཡེ་ཤེས་ལྔ་ཡི་སྣང་བ་ལ་འདེ་ཞིང་ལོངས་སྤྱོད་པར་གྱུར་ཅིག །ཅེས་སྤྱིར་དེ་ལྟར་སྨོན་ལམ་གདབ་ནས་བྱེ་བྲག་ཏུ་གཤིན་པོ་འདི་ཐར་པའི་ཞིང་དུ་འགྲོ་བ་ལ་བར་དོའི་

འཁྲུལ་སྣང་། སྐབས་འགར་མུན་པ་འཐིབས་པ་དང་། སྐབས་རེ་མགོ་རྨོངས་ནས་བླངས་དོར་མི་བྱེད་པ་དང་། སྐབས་རེ་མ་ཡིན་པ་ལ་ཡིན་པར་འཁྲུལ་ནས་མ་ཤེས་པ་དང་། རེ་འགའ་མཐོ་རིས་སུ་འགྲོ་བའི་ལམ་སྟོར་བ་དང་། དེ་དང་དེ་དག་གི་ཚེ་ན་མར་མེ་འདིས་གསལ་བར་གྱུར་ཅིག །ཅེས་སོ། །ཡེ་ཤེས་ལྔ་ཡི་སྣང་བ་རྒྱ་ཆེན་པོ་དང་ལྡན་པའི་མར་མེ་འདི་རྡོ་རྗེ་གསུམ་གྱི་དཀྱིལ་འཁོར་དང་མི་འབྲལ་བའི་སྔགས་འཆང་རྒྱལ་པོ་ངེད་ཀྱིས་བརྩེ་བའི་སེམས་ཀྱིས་གཏད་པའི་སྣང་བ་འདིས་སྣ་དྲངས་པ་ལ་བརྟེན་ནས་བུ་ཁྱོད། འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་དུ་ཡེ་ཤེས་ལྷ་ཡི་རང་ཞལ་མངོན་དུ་གྱུར་ནས་འཕྲད་པར་ཤོག་ཅིག །ཅེས་སྨོན་ལམ་གདབ་བོ། །དོན་དེ་དག་གསལ་གདབ་པའི་རྗེས་སུ་རྗོད་བྱེད་ཚིག་ནི། ཧཱུྃ་རང་བཞིན་ཤུགས་ཀྱིས་དྲངས་བའི་དྲན་པའི་སོགས། དེ་ཡི་རྗེས་སུ་ཕུང་པོ་ལྔ་ཡི་བག་ཆགས་སྦྱངས་པ་དང་། ཕུང་པོ་ལ་གཅེས་འཛིན་གྱི་ཞེན་པ་གཅོད་ཕྱིར་རྒྱལ་བ་རིགས་ལྔ་ལ་ཡོན་འབུལ་བ་ནི། ང་དང་བདག་ཏུ་འཛིན་པའི་འཁྲུལ་རྟོག་གི་ཕུང་པོ་ལྔ་ལ་གཅེས་འཛིན་གྱི་འཆིང་བ་དམ་པོ་ཞིག་ཡོད་པ་དེ་བཤིག་ནས་འབུལ་བ་སྟེ། གང་ལ་འབུལ་ན་སྔར་བཤད་པའི་འདི་ནས། ཤར་ན་མངོན་པར་དགའ་བའི་ཞིང་ཡོད་དེ། ཞིང་དེ་ན་རྫོགས་པའི་སངས་རྒྱས་རྣམ་པར་སྣང་མཛད་བཞུགས་ཤིང་། སྤྱིར་ཤར་ཕྱོགས་མངོན་པར་དགའ་བ་ན། རྡོ་རྗེ་སེམས་དཔའ་བཞུགས་དགོས་ཀྱང་། འདི་གཟུགས་ཕུང་ཡོན་དུ་འབུལ་བ་ལ། གཟུགས་ཀྱི་ཕུང་པོ་རྣམ་པར་སྣང་མཛད་དུ་དག་དགོས་ཏེ། བསྐངས་བཤགས་ལས། གཟུགས་ཀྱི་ཕུང་པོ་གནས་དག་པའི༔ རྣམ་པར་སྣང་མཛད་ཐུགས་དམ་བསྐངས། ཞེས་པ་ལྟར། གཙོ་བོ་གོ་འཕོས་པ་ཡིན། མཁས་རློམ་ལ་ལས་གནད་ཅི་ཡང་མ་གོ་

བར་མཁས་མཁས་ལྟར་གཙོ་བོ་འཕོ་མི་འཕོ་སོགས་བཤད་པ་ནི། མུན་ནག་མདའ་རྒྱང་ཤ་རེ་ཚ། དེ་བཞིན་དུ་དཔལ་དང་ལྡན་པར་རིན་ཆེན་འབྱུང་ལྡན། བདེ་བ་ཅན་ན་འོད་དཔག་མེད། ལས་རབས་རྫོགས་པར་དོན་ཡོད་གྲུབ་པ། འཐུག་པོ་བཀོད་པར་རྡོ་རྗེ་སེམས་དཔའ་རྣམས་བཞུགས་པའི། མགོན་པོ་ཐུགས་རྗེ་ཅན་དེ་དག་གི་མཚན་ཙམ་བཟུང་བས་ཀྱང་སྐད་ཅིག་རེ་རེས་ཞིང་དེར་སྐྱེ་བར་འགྱུར་ལ། ཚེ་ལས་འདས་པ་ཁྱོད་ཀྱང་ཞིང་དེར་སྐྱེ་བར་ཤོག་ཅིག་གི་སྨོན་ལམ་དྲག་པོ་ཐོབ་ཅིག །མིག་གི་དབང་པོའི་སྒོ་གཟུགས་ལ་ཞེན་པའི་བག་ཆགས་སྦྱངས་ཕྱིར། རྡུལ་ཕྲན་ཆ་མེད་འདུས་པའི་གཟུགས་ཕུང་རྣམ་པར་སྣང་མཛད་ལ་ཡོན་དུ་འབུལ། ཡོན་འདི་བཞེས་ལ། ཤར་མངོན་པར་དགའ་བ་ལ་སོགས་བགྲོད་པའི་ལམ་སྣ་འདྲེན་པ་དང་། སེམས་སྐྱེ་མེད་བྱང་ཆུབ་གནས་སུ་དྲོངས་ཤིག །ཅེས་གསོལ་བ་འདེབས། ཕུང་པོ་ལྔ་ནི། རྒྱན་སྟུག་པོ་བཀོད་པའི་མདོ་ལས། གཟུགས་ནི་གཟུགས་སུ་རུང་བའི་མཚན་ཉིད། ཚོར་བ་ནི་ཉམས་སུ་མྱོང་བའི་མཚན་ཉིད། འདུ་ཤེས་ནི་འབྱེད་པའི་མཚན་ཉིད། འདུ་བྱེད་ནི་ལས་གསོག་པའི་མཚན་ཉིད། རྣམ་པར་ཤེས་པ་ནི་དཔྱོད་པའི་མཚན་ཉིད། ཅེས་བཤད། འདྲ་དཔེ་ནི། ལང་ཀར་གཤེགས་པ་ལས། གཟུགས་ནི་དབུ་བ་རྡོལ་འདྲ་སྟེ། །ཚོར་བ་མིག་ལ་མདའ་ཕོག་འདྲ། །འདུ་ཤེས་སྨིག་རྒྱུ་ལྟ་བུ་སྟེ། །འདུ་བྱེད་སྦྲང་རྩི་ལྟ་བུ་ལ། །རྣམ་ཤེས་སྤྲེའུ་གར་མཁན་འདྲ། །ཞེས་སོ། །ཡོན་འབུལ་བ་འདི་གནས་འདྲེན་དགོས་ཆོས་ལས། གཤིན་ལུང་གཞན་ན་མེད་སྙམ་པའི་ངན་རྟོག་མི་འཐད་དེ། སྤྱོད་འཇུག་གཙོ་རྒྱལ་མ་ལས། བདག་ནི་འཇིགས་པས་རྣམ་སྐྲགས་ཏེ། །ཀུན་ཏུ་བཟང་ལ་བདག་ཉིད་འབུལ། །འཇམ་པའི་དབྱངས་ལའང་བདག་ཉིད་ཀྱི། །བདག་སོགས་ལུས་འདི་འབུལ་བར་བགྱི། །ཐུགས་རྗེའི་

སྤྱོད་པ་མ་འཁྲུལ་བར། །སྤྱན་རས་གཟིགས་མགོན་དེ་ལ་ཡང་། །ཉམ་ཐག་ང་རོའི་འོ་དོད་འབོད། །སྡིག་ལྡན་བདག་ལ་བསྐྱབ་དུ་གསོལ། །ཞེས་གསུངས་པ་ལྟར་རོ། །དེ་ལྟར་སྡོམ་དགུ་པ་སོང་ནས། བཅུ་པ་ལམ་བསྟན་གནས་སྤར་བྱ་བའོ། །ཞེས་གསུངས་པ་ལྟར། སྒོ་ལྔའི་རྣམ་པར་ཤེས་པའི་བག་ཆགས་ཞེན་པ་སྤངས་ཕྱིར་གནས་སྤར་བ་ལ། སྔ་འགྱུར་རྡོ་རྗེ་ཐེག་པའི་ཐབས་ལམ་དྲི་མ་མེད་པ། ལྷ་བསྐྱེད་པ་དང་། རྩ་ཁམས་སྦྱངས་པ་དང་། རླུང་གི་འཁྲུལ་འཁོར་དང་། ཚིག་གི་བརྡའ་སྤྲོད་པ་ཐམས་ཅད་ཐབས་ལམ་ཡིན་པས། དེ་དག་གཞུ་ལྟ་བུ་ལ། རིག་པ་སྟོང་གསལ་འོད་ཀྱི་གོང་བུ་ཤེས་རབ་མདའ་ལྟ་བུ། ཡེ་ཤེས་ལྔ་གཞུ་རྒྱུད་དང་ཆོས་མཐུན་པས། མཚོན་བྱ་ཐབས་ཤེས་ཟུང་འཇུག་ཡེ་ཤེས་ལྔ་ལ་མཚོན་བྱེད་རྫས་ཀྱི་མདའ་གཞུའི་མདེལ་རྩེ་ལ་བྱང་བུ་བཏགས་ནས་དཀྱིལ་འཁོར་དབུས་སུ་འཕེན་པར་བཤད་དེ། བརྡ་སྤྲད་པའི་ཚིག །ཧཱུྃ༔ ཐབས་ཀྱི་གཞུ་ལ་ཤེས་རབ་སོགས། སྤྱིར་བརྡ་སྤྲད་ནས། བྱེ་བྲག་ཏུ། ཞིང་ཁམས་འདི་ནས་ཤར་གྱི་ཕྱོགས་རོལ་ནས༔ སོགས། གཟུགས་ཀྱི་ཕུང་པོ་ༀ་དཀར་པོ་སོགས། གཟུགས་ཀྱི་ཕུང་པོའི་ངོ་བོ། ཞེས་གཟུགས་ལ་དཔྱོད་པའི་སྒོ་མིག་གི་དབང་པོ་རྣོ་ཡིན་ལ། དེ་ཡི་སྒོ་ལ་སེམས་ཞུགས་ནས་ཕྱི་བཟུང་བའི་ཡུལ་གཟུགས་སྣང་དཀར་དམར་སོགས་ལ། ནང་འཛིན་པའི་སེམས་ཀྱི་དཔྱད་པའི་གཟུང་འཛིན་གཉིས་ཀྱི་གཟུགས་ལ་ཞེན་པའི་འཁྲུལ་བ་བྱུང་ལ། འཁྲུལ་བ་གཟུགས་ཀྱི་བག་ཆགས་མིག་ལ་བསོགས་ནས་ཡོད་པས་དེ་སྦྱངས། སེམས་སླར་མིག་ལ་མི་ལྡོག་པའི་ཞེན་པ་གཅོད་ཕྱིར། མིག་གི་རྣམ་ཤེས་སུ་བཏགས་པ་ཏེ་ཡི་གེ་ༀ་དུ་བསྒྱུར་ནས་རླུང་གྱེན་དུ་དྲང་བའི་རྟ་ལ་བསྐྱོན་ཏེ། ༀཿརིང་པོར་བརྗོད་ཅིང་། རྩལ་པོ་ཆེའི་མདའ་འཕང་

བ་ལྟར་སྙིང་ནང་ནས་མིག་གི་དབང་པོའི་སྒོ་ལ་ཐོན་ཏེ། རྣམ་པར་སྣང་མཛད་ཡབ་ཡུམ་གྱི་བདེ་སྟོང་ཟུང་འཇུག་གི་སྦྱོར་མཚམས་སུ་ཐིམ་པས། རྒྱལ་བའི་སྲས་སུ་གྱུར་ཏེ་སངས་རྒྱས་པར་བསམ་ལ། ཕཊཿདྲག་པོར་བརྗོད་པར་བྱའོ། །དེ་བཞིན་དུ། ལྷོ་ཕྱོགས་རིན་ཆེན་འབྱུང་ལྡན་ཚོར་བའི་ཕུང་པོ་ངོ་བོ་སྭཿདང་། ནུབ་བདེ་བ་ཅན་དུ་སྣང་བ་མཐའ་ཡས་ཡབ་ཡུམ་ལ་ཨཾཿདམར་པོ་དང་། བྱང་ལས་རབས་རྫོགས་པར་དོན་ཡོད་གྲུབ་པ་ཡབ་ཡུམ་ལ་ཧཿལྗང་གུ། དབུས་རྡོ་རྗེ་སེམས་དཔའ་ཡབ་ཡུམ་ལ་ཧཱུྃཿམཐིང་ཁར་བསྒྱུར་ནས་སྤར་རོ། །སྔར་ཡོན་འབུལ་དུས་རྡོ་རྗེ་སེམས་དཔའི་གོ་སར་རྣམ་པར་སྣང་མཛད་སྤོ་བ་ནི། གཟུགས་ཁམས་རྣམ་པར་དག་པ་རྣམ་སྣང་ཡིན་ཞིང་། གཟུགས་ཕུང་ཡོན་དུ་དེ་ལ་འབུལ་དགོས་པ་ཡིན་པ་གོང་དུ་སོང་། ཡབ་རྣམ་པར་སྣང་མཛད་དང་། རྡོ་རྗེ་སེམས་དཔའ་གཉིས་གོ་བརྗེ། ཡབ་འཕོས་ཀྱང་ཡུམ་མི་འཕོ་བར། རྡོ་རྗེ་སེམས་དཔའི་ཡུམ་སངས་རྒྱས་སྤྱན་མ། རྣམ་པར་སྣང་མཛད་དང་སྦྱར་བ་ནི་ས་ཁམས་ཤ་དང་དབྱེར་མེད་པ་གཟུགས་ཀྱི་ཕུང་པོའི་ངོ་བོ་ༀཿདཀར་པོ་རྣམ་པར་སྣང་མཛད་ལ་སྤར་དུས་དེ་དང་སྙོམ་འཇུག་གི་ཡུམ་སངས་རྒྱས་སྤྱན་མ་ས་ཁམས་རྣམ་པར་དག་པའི་ངོ་བོ་ཤར་ཕྱོགས་ནས་མི་འཕོ་བ་ཡིན་ལ། རྣམ་པར་ཤེས་པའི་ཕུང་པོ་ཧཱུྃ་མཐིང་ཀ་དེ། རྣམ་ཤེས་རྣམ་པར་དག་པ་རྡོ་རྗེ་སེམས་དཔའ་ལ་སྤར་དགོས་པས། རྡོ་རྗེ་སེམས་དཔའ་དབུས་སུ་འཕོས་པ་སྟེ། དེ་ཡང་བསྐངས་བཤགས་ལས། རྣམ་ཤེས་ཕུང་པོ་གནས་དག་པའི། །རྡོ་རྗེ་སེམས་དཔའི་ཐུགས་དམ་བསྐངས། །ཅེས་སོ། །རྣམ་ཤེས་སེམས་ནམ་མཁའི་ཁམས་ཡིན་ལ། དེ་དང་ཆོས་མཐུན་པ་ཡུམ་དབྱིངས་ཕྱུག་མ་སྟེ། ནམ་མཁའི་ངོ་བོ་གནས་དག་པ། །དབྱིངས་ཕྱུག་མ་ཡི་ཐུགས་དམ་བསྐངས། །ཞེས་གསུངས་པས་དབུས་རྡོ་རྗེ་སེམས་

དཔའ་དང་སྙོམ་འཇུག་གི་དབྱིངས་ཕྱུག་འོང་བའི་རྒྱུ་མཚན་དེ་ལྟར་ཡིན་ནོ། །འདི་ལ་ཡང་མདའ་གཞུ་དངོས་སུ་བཤད་པ་བོན་པོའི་ལག་ལེན་དུ་བྲག་སྒོ་རབས་འབྱམས་པས་འཁྲུལ་སེལ་དུ་གསུངས་སྣང་ཡང་། མཚོན་བྱའི་དོན་མཚོན་བྱེད་དཔེ་ལ་བརྟེན་ནས་ངོ་སྤྲད་པ་མདོ་སྔགས་གཉིས་ཀའི་དགོངས་པ་ཡིན་ལ། རྡོ་རྗེ་ཐེག་པ་ཐབས་མང་བྱ་བ་མ་གསན་ནམ། མདའ་གཞུ་བཤད་པ་བོན་པོའི་ལག་ལེན་དུ་འགྲོ་ན། སློབ་དཔོན་ཨ་བྷྱ་ཀ་རས། ཐབས་ཀྱི་མདའ་ལྔ་ཤེས་རབ་ཀྱི་གཞུ་ལ་བཀང་པ་ཕྱོགས་མཚམས་སྟེང་འོག་ཀུན་ཏུ་འཕར་བའི་ཞེས་མདའ་གཞུས་དབང་བསྐུར་བ་རྡོ་རྗེ་ཕྲེང་བར་བཤད་པ་དང་། མདའ་གཞུའི་རྫས་དངོས་སུ་རྙིང་མ་བས་ཀྱང་ཕྱག་ལེན་མི་མཛད་ལ། དེའི་དོན་དགེ་ལྡན་པས་ཀྱང་སྦྱར་ཏེ། འཕོ་བའི་སྐབས། འོག་རླུང་དྲག་ཏུ་བསྐུམ་པའི་གཞུ་མོ་ལ། །ཧིག་གི་མདའ་སྦྱར་བླ་མའི་ཐུགས་ཀར་འཕོ། །གསུངས་མེད་དམ་ལགས། རྣམ་ཤེས་ཐུགས་ཀར་མི་འཕོ་བར་མཁའ་གསང་དུ་སྤར་དོན་ཅི་ཡིན་སྙམ་ན་མ་དག་རྣམ་སྨིན་གྱི་ལུས་ཕྱི་མ་ལེན་པ་ན་ཡང་། བར་སྲིད་ནས་ཕ་མའི་མངལ་དུ་ཉིང་མཚམས་སྦྱར་དགོས་པ་ཡིན་ལ། དེ་ལ་མངལ་སྒོ་དགགས་པ་དང་། ཕ་མ་གཉིས་ཡི་དམ་ཀྱི་ལྷ་ཡབ་ཡུམ་དུ་བསྒོམ་ནས་འཕེན་པ་དྲག་པོའི་རྣམ་ཤེས་མངལ་དུ་འཇུག་པར་བཤད་པས་འདིར་རྣམ་ཤེས་དཔའ་བོ་འབྲུ་ལྔར་བསྒྱུར་ནས་རིགས་ལྔ་ཡབ་ཡུམ་ཀྱི་བདེ་སྟོང་ཟུང་འཇུག་གི་སྦྱོར་མཚམས་སུ་བསྟིམས་པས་རིག་འཛིན་རྒྱལ་བའི་སྲས་སུ་གྱུར་ནས་སྤྲུལ་པས་འགྲོ་བ་སེམས་ཅན་གྱི་དོན་འབད་མེད་དུ་འབྱུང་བའི་དགོས་པ་སྟེ། མ་ཧཱ་ཡོ་གའི་ཁྱད་ཆོས་རྨད་དུ་བྱུང་བ་ཡིན་ནོ། །། །འདིར་སྨས་པ། དུས་གསུམ་མཁྱེན་པའི་འཁྲུལ་མེད་་་་་་་་་་་་་་་་་་་་དགོངས་པ་རང་

གྲོལ་གནས་འདྲེན་ཟབ་པའི་གནད། །བཀྲོལ་མཁས་ཉི་ཟླ་གཉིས་དང་བཀའ་བབ་གསུམ། །་་་་་་་་་་་་་་་་་་་་་་་་་་བཀའ་བབ་གངས་དཀར་ཏི་སེ་རྒྱང་རིང་ཡང་། །གནས་མདོ་རྫོགས་ཆེན་་་་་་་་་་་་་་་་་་་་་་་་་་་རྫ་ཆུ་གཡའ་ཆུ་གངས་ཆུ་ཀོ་མོག་ཆུའི། །ཕྱོགས་འདིའི་རྙོགས་མའི་ཆུ་ལ་འཐུང་ཉན་མེད། །རྡོ་རྗེའི་ཚིག་གིས་་་་་་་་་་་བརྩམས་པའི་སྤག །ལྷན་ཐབས་་་་་་་སྤྲད་པའི་རྒྱ་རི་འདིའི། །རང་གྲོལ་ཆོ་གའི་ཡོ་བ་ཡོ་འཁྲུགས་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ལམ་འདིའི་གླེག་བམ་ཆུ་དང་ལྷན་སྐྱེས་ཀྱང་། །ཆོག་སྒྲིབས་གནད་དམ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་འདི་མན་མ་དཔེ་མ་རྙེད། ༼༽མི་འདྲ་བ་ཐེ་ཚོམ་ཅན་འདམ་ངའི་རྟགས། {}ལྷག་མོ་ཡིན་ནམ་སྙམ་པའི་རྟགས། ་་་་་་་་་་་མ་དཔེ་མི་གསལ་བའི་རྟགས། []མ་དཔེ་ལས་ཆད་པ་ཡིན་སྙམ་པའི་རྟགས། ()གོ་བ་ལེན་བདེ་བའི་ཆེད་དུ་གསར་དུ་བསྣན་རྟགས། གསལ་བཤད་ཉུང་ངུ་། ༈དེ་ཡང་བར་དོ་ཐོས་གྲོལ་གྱི་ཆོས་སྐོར་འདི་དག་ནི་འཛམ་གླིང་མཁས་པ་དག་གིས་གདེང་འཇོག་མཐོན་པོར་གནང་བའི་ཆོས་ཚུལ་ཁྱད་པར་ཅན་ཞིག་ཡིན་པ་དང་། འདིའི་དབང་ལུང་དང་ཁྲིད་རྒྱུན་ཆོ་གའི་ཕྱག་བཞེས་སོགས་ད་དུང་རྒྱུན་མ་ཆད་པར་དར་ཁྱབ་ཆེ་བས། ཟབ་ཆོས་འདིའི་ཕྲིན་ལས་ཕྱོགས་བཅུར་རྒྱས་པའི་ཕྱིར། གསུང་འདི་དག་གལ་ཆེ་བའི་གནས་སུ་བཟུང་ནས་མ་དཔེ་འཚོལ་སྡུད་སོགས་ལ་

དཀའ་ངལ་མང་ཙམ་བྱས་ཏེ་དེབ་འདི་དག་བསྐྲུན་པ་ཡིན་ཀྱང་མ་དཔེ་ཇི་བཞིན་མ་ཆོད་པ་སོགས་སྐྱོན་དུ་མ་ཡོད་སྲིད་པས་རྒྱ་ཆེ་བའི་ཀློག་པ་པོ་རྣམས་ཀྱིས་དེ་ལུགས་ཐུགས་ངེས་དགོས་ཤིང་། གཞན་ཡང་གཏེར་ཁ་གསར་རྙིང་གི་ཐོས་གྲོལ་གྱི་ཆོ་གའི་སྐོར་གྱི་ཡི་གེ་དག་ནི་དར་ཁྱབ་ཆེ་བས་འདིར་འགྲེལ་བཤད་དག་གི་གཞི་བྱས་པའི་ཆོ་གའི་གཞུང་ཉུང་བསྡུས་ཙམ་ལས་མ་བཀོད་ལ། དེ་མིན་དབང་དང་འགྲེལ་བཤད་ཁྲིད་ཡིག་རྒྱབ་ཆོས་ཀྱི་ཆོས་ཚན་གང་རྙེད་མཐའ་དག་ཕྱོགས་བསྡུས་བྱས་ཡོད་པ་ཡིན་ནོ། །། །བླ་རུང་སྔ་འགྱུར་དཔེ་ཚོགས་རྩོམ་སྒྲིག་པས།


previousགཤིན་དོན་རིགས་དྲུག་གནས་འདྲེན་གྱི་གོ་དོན་གསལ་བྱེད་སྣང་བ། no next