Nitartha Digital Library
Tibetan
 
previousདཀའ་འགྲེལ་མེ་ཏོག་བ་ཀུ་ལ་འབྱེད་པའི་མཛེས་མའི་འགྲམ་ཆང་།next

དཀའ་འགྲེལ་མེ་ཏོག་བ་ཀུ་ལ་འབྱེད་པའི་མཛེས་མའི་འགྲམ་ཆང་།

ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་གྱི་དཀའ་འགྲེལ་མེ་ཏོག་བ་ཀུ་ལ་འབྱེད་པའི་མཛེས་མའི་འགྲམ་ཆང་ཞེས་བྱ་བ་བཞུགས་སོ། །

ན་མོ་གུ་རུ། དག་པ་གཉིས་ལྡན་ཆོས་ཀྱི་སྐུ་ནི་འདུས་མ་བྱས་པ་ཀུན་ཏུ་བཟང་། །ངེས་པ་ལྔ་ལྡན་ལོངས་སྤྱོད་ཡོངས་རྫོགས་ལྷུན་གྱིས་གྲུབ་པ་མཚན་དཔེའི་སྐུ། །རྒྱུན་ཆད་མེད་པར་སྙིང་རྗེ་ཆེན་པོ་འགག་མེད་སྤྲུལ་པའི་སྒྱུ་འཕྲུལ་གྱི། །སྤྲོ་བསྡུའི་བྱེད་པོ་རིགས་ཀུན་ཁྱབ་བདག་བླ་མ་མཆོག་ལ་ཕྱག་བགྱིའོ། །ཕུང་ཁམས་རྟོག་ཚོགས་དག་པ་ལྷ་ཡི་སྐུར། །སྨིན་པའི་རིགས་བརྒྱ་ཞི་དང་ཁྲོ་བོའི་གར། །རང་རིགས་དཀྱིལ་འཁོར་གསུམ་གྱི་རོལ་རྩལ་དུ། །ཡོངས་ཤར་བྱང་ཆུབ་སེམས་ལ་རྟག་ཏུ་འདུད། །རབ་འབྱམས་སྲས་བཅས་རྒྱལ་བ་རྒྱ་མཚོའི་སྤྲིན། །རང་བྱུང་མཚན་དཔེ་རྫོགས་པ་མཆོག་གི་སྐུར། །ངོ་མཚར་པདྨའི་དབུས་སུ་ཉེར་འཁྲུངས་པ། །ཨོ་རྒྱན་རྡོ་རྗེ་འཆང་གིས་དུས་ཀུན་སྐྱོངས། །འབུམ་ཕྲག་གནས་གསུམ་མཁའ་འགྲོའི་གར་མཁན་མ། །ཡེ་ཤེས་ཌཀྐིའི་གཙོ་མོར་དབང་བསྒྱུར་ཞིང་། །ཟབ་ལམ་གསང་ཆེན་བཀའ་ཡི་བསྡུ་བ་མོ། །རྒྱལ་ཡུམ་མཚོ་རྒྱལ་མ་དེ་སྤྱི་བོར་རོལ། །རྒྱལ་ཚབ་རིགས་ལྔ་དམ་པའི་རིགས་ཅན་ལྔ། །རྒྱ་བོད་ལོ་པཎ་དངོས་བརྒྱུད་ཡོངས་འཛིན་ཚོགས། །བརྒྱུད་གསུམ་དམ་པའི་བཀའ་དྲིན་ཀུན་གསལ་མའི། །ཕ་མཐའ་སོ་སྐྱེས་ཡིད་ཀྱིས་འཆང་ནུས་མིན། །བསླུ་མེད་རྡོ་རྗེའི་ལུང་གི་ལྡེེ་མིག་གིས། །མི་

ཤིགས་ཕྱག་རྒྱས་ཉེར་བཏབ་ཟབ་གཏེར་སྒོ། །འཛོལ་མེད་དུས་སུ་འབྱེད་པའི་སྙིང་སྟོབས་ཅན། །ཀ༵རྨ༵་གླི༵ང་པ༵་ཡང་ཡང་བསྔགས་བྱའི་ཡུལ། །ཧེ་རུ་ཀཿདཔལ་མཆོག་གི་དཀྱིལ་འཁོར་དུ། །གསང་རྒྱུད་རྒྱ་མཚོ་བསྲུང་བ་དམ་བཅའི་ཁུར། །མི་གཡེལ་རྡོ་རྗེའི་ཚིག་གི་གཡར་དམ་ཅན། །ཆོས་འདིའི་བཀའ་གཏེར་བསྲུང་མའི་ཕྲིན་ལས་སྒྲུབ། །སྔོན་བྱོན་གྲུབ་བརྙེས་དུ་མ་གཤེགས་པའི་ཤུལ། །རྒྱ་བོད་རིག་འཛིན་རྒྱ་མཚོས་བརྟགས་པའི་ཆོས། །སྒྱུ་འཕྲུལ་རྩ་བཤད་རྒྱུད་ཀྱི་ཡང་སྙིང་མཆོག །ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་ཞེས། །ཀུན་གསལ་ཁྱོན་དུ་བགྲོད་པའི་ཉི་ཟླ་བཞིན། །སྒྲིབ་གཉིས་མུན་པས་གདུང་བའི་འགྲོ་རྣམས་ཀུན། །མཐོང་ཐོས་དྲན་རེག་བླ་མེད་མཆོག་གི་སར། །འཁྲིད་པའི་ལམ་མཁན་གཅིག་ཏུ་གྱུར་པའི་ཆོས། །ཟབ་བརླིངས་རྡོ་རྗེའི་ཚིག་གིས་ཉེར་བཅིངས་པའི། །དཀའ་གནས་བ་ཀུའི་འདབ་མ་ཟུམ་པའི་རྒྱ། །ཐོས་བརྩོན་སྨིན་ལེགས་དགའ་མའི་འགྲམ་ཆང་གིས། །རྣམ་པར་ཕྱེའོ་དགའ་བས་དང་དུ་ལོངས། །དེ་ཡང་རང་ཅག་ལས་ཅན་ཡོངས་ཀྱི་འདྲེན་པ་ཟླ་མེད་བུ་རམ་ཤིང་པ་ཉིད། གཞི་ཀ་དག་ཆེན་པོའི་ངང་ནས་ལྷུན་གྲུབ་རིན་པོ་ཆེའི་སྣང་བ་ཤར་བ་ན་ཤར་གྲོལ་དུས་མཉམ་པའི་ཚུལ་གྱིས་མངོན་པར་རྫོགས་པར་སངས་རྒྱས་ཏེ་ཆོས་སྐུ་འགྱུར་བ་མེད་པའི་ཀློང་ན་སྟོན་པ་ཀུན་ཏུ་བཟང་པོའི་རྣམ་རོལ་ཏུ་བཞུགས་ནས་ཡེ་ཤེས་རང་གསལ་གྱི་འཁོར་རྒྱ་མཚོའི་ཚོགས་ལ་ཆོས་ཉིད་འཕོ་འགྱུར་དང་བྲལ་བའི་ཆོས་གསུངས་ཤིང་བཞུགས་པ་སྟེ། །དམ་པའི་ཆོས་པདྨ་དཀར་པོ་ལས། །བསྐལ་བ་བྱེ་སྟོང་བསམ་གྱིས་མི་ཁྱབ་པ། །དེ་ཡི་ཚད་ནི་ནམ་ཡང་མེད་པ་ནས། །བྱང་ཆུབ་མཆོག་རབ་དེ་ནི་ངས་རྙེད་དེ། །དེས་༼ངས་༽ནི་རྟག་ཏུ་ཆོས་ཀྱང་རབ་བསྟན་ཏོ། །ཞེས་

གསུངས་པ་ལྟར་རོ། །སྟོན་པ་དེ་ཉིད་ཀྱི་སྣང་བ་ལས་ལོངས་སྐུ་ཆེན་པོ་རྣམ་སྣང་གང་ཆེན་མཚོའི་སྒྱུ་འཕྲུལ་གྱི་བཀོད་པས་རང་དང་དགོངས་པ་མཉམ་པའི་འཁོར་རྒྱལ་བ་རྒྱ་མཚོའི་ཚོགས་ལ་རྫོགས་པ་ཆེན་པོ་བརྡ་ཚིག་ལས་འདས་པ་གསུངས་ཤིང་། དག་པའི་ས་ལ་གནས་པའི་སེམས་དཔའ་ཆེན་པོ་རྣམས་ཀྱི་སྣང་ངོར་ལོངས་སྐུ་ཆུང་ངུའམ་ཕྱེད་ལོངས་སྐུ་རུ་གྲགས་པ་སྤྲུལ་སྐུ་ཆེན་པོའི་སྟོན་པ་རིགས་ལྔར་སྣང་བ་ལས་ནུབ་བདེ་བ་ཆེན་པོའི་མགོན་པོ་འོད་དཔག་ཏུ་མེད་པའི་སྤྲུལ་བའི་སྒྱུ་འཕྲུལ་ཨོ་རྒྱན་གྱི་མཁན་པོ་པདྨ་འབྱུང་གནས་ཞེས་བྱ་བ་བསྐལ་བཟང་རྒྱལ་བ་ཀུན་གྱི་ཐུགས་བཅུད་གཅིག་ཏུ་བསྡུས་པ། འཛམ་གླིང་བདེ་བའི་རིགས་སྔགས་གྲུབ་པའི་དཔའ་བོ་དྷ་ན་ཀོ་ཥའི་མཚོ་གླིང་དུ་རང་བྱུང་པདྨའི་སྡོང་པོ་ལས་འཁྲུངས་པའི་ཚུལ་བསྟན་ནས་ད་ལྟའང་འཆི་མེད་རྡོ་རྗེའི་སྐུ་གྲུབ་པས་གཟུགས་སྐུའི་བཀོད་པ་མ་བསྡུས་པར་བཞུགས་ནས་བསྟན་པ་དང་དེ་འཛིན་པའི་སེམས་ཅན་རྣམས་ཀྱི་དོན་དུ་ཟབ་ལམ་གྱི་གདམས་པ་བགྲངས་ལས་འདས་པ་ཇི་སྙེད་ཅིག་གསུངས་པ་ལས། འདིར་ཞི་ཁྲོ་དགོངས་པ་རང་གྲོལ་ཞེས་བྱ་བ་རྫོགས་པ་ཆེན་པོའི་རྒྱུད་འབུམ་ཕྲག་དྲུག་ཅུ་རྩ་བཞི་སྤྱི་དང་སྒྲ་ཐལ་འགྱུར་རྩ་བའི་རྒྱུད་ལ་སོགས་པ་ཡང་དག་འོད་གསལ་གྱི་རྒྱུད་བཅུ་བདུན། རྒྱུད་ཕྲན་བཅུ་བདུན་སྒྱུ་འཕྲུལ་སྡེ་བརྒྱད་སོགས་སྤྱི་རྒྱུད། དགོངས་༼སྒོས་༽རྒྱུད་ན་རཀ་དོང་སྤྲུག །གླང་པོ་རབ་འབོག །མན་ངག་སྙིང་གི་གོང་བུ། ཞི་ཁྲོ་དཔང་ཀོང་གི་རྒྱུད། གཞན་ཡང་བཀའ་བརྒྱད་གསང་བ་འདུས་པའི་རྒྱུད། ཀློང་གསལ་ཉི་མའི་རྒྱུད། ལྟ་བ་ཀློང་ཡངས་ཀྱི་རྒྱུད་སོགས། དེ་རྣམས་ཀྱི་དོན་གྱི་སྙིང་པོ་གཅིག་ཏུ་བསྡུས་པ་ལས་བྱང་ཚོ༷ར་བ༷་ར༷ང་གྲོལ༷་རྒྱས་བསྡུས། ཞི་ཁྲོ་དཔང་ཀོང་གི་དོན་བསྡུས་པ་བརྒྱ༵་ཕྱ༷ག །དྲི་

མེད་ཕྱག་རྒྱུད་ཀྱི་དོན་བསྡུས་པ་ཀློང༷་བཤ༷གས། མན་ངག་སྙིང་གོང་གི་དོན་བསྡུས་པ་བསྒོམ་རིམ་ལྷན་སྐྱེས་ཡེ་ཤེས་དང་བག་ཆགས་རང་གྲོལ། དེ་དག་ཀུན་དང་གསང་བ་འདུས་རྒྱུད་ཀྱི་བསྡུས་དོན་བསྐང་བཤགས། ལས་བྱང་བསྐང་བཤགས་དབང་བསྐུར་རྒྱས་འབྲིང་བསྡུས་གསུམ་རིགས་དྲུག་གནས་འདྲེན་སྦྱིན་བསྲེགས་སྐོར་ལ་སོགས་པ་བསྐྱེད་པ་མ་ཧཱ་ཡོ་གའི་ཉམས་ལེན། མཆོག་དབང་སྐོར་གསུམ། ལུས་དཀྱིལ་བསྒོམ་རིམ། བག་ཆགས་རང་གྲོལ། འོག་སྒོ་བདེ་བ་ཆེན་པོའི་ཁྲིད་རྣམས་ལུང་ཨ་ནུ་ཡོ་གའི་ཉམས་ལེན། སྐྱེ་གནས་བར་དོ་དང་བསམ་གཏན་བར་དོའི་ཁྲིད། དེ་དོན་ངོ་སྤྲོད་རིག་པ་གཅེར་མཐོང་རང་གྲོལ་རྣམས། ཕྱག་རྫོགས་ཟུང་འཇུག་ཁྲིགས་༼ཁྲེགས་ཆོད་༽ཀྱི་ཉམས་ལེན། སྐུ་གསུམ་ངོ་སྤྲོད་ཐོད་རྒལ་སྒྲོན་མ་དྲུག་གི་ཁྲིད་སོགས་སྤྱི་ཏི་དང་ཡང་ཏི་དང་རྫོགས་ཆེན་མན་ངག་གི་སྡེ་རྣམས་ཨ་ཏི་ཡོ་གའི་སྐོར། དེ་དག་ལ་བརྟན་པ་མ་ཐོབ་ན་འཕོ་བ་ལམ་གྱི་སྐྱེལ་མ་དྲན་པས་སངས་རྒྱས་པ་དཔེར་ན་བདེ་མཆོག་རྒྱུད་ལས། བུ་ག་དགུ་ཡི་སྟེང་རོལ་ན། །འཕྲལ་དུ་ཡིད་ཀྱིས་འཕོ་བྱེད་པ། །ཉིན་བཞིན་བྲམ་ཟེ་གསོད་པ་དང་། །མཚམས་མེད་ལྔ་ཡི་ལས་བྱེད་པ། །ཆོམ་རྐུན་ལས་ཀྱིས་ལོངས་སྤྱོད་ཅན། །འདི་ཡི་ལམ་གྱིས་གྲོལ་འགྱུར་ཏེ། །སྡིག་པས་གོས་པར་མི་འགྱུར་རོ། །ཞེས་གསུངས་པ་ལྟ་བུ། འཕོ་བ་མ་ཐེབས་ན་བསུ་མ་ལྟ་བུའི་ཆོས་བར་དོའི་ངོ་སྤྲོད་ཐོས་པས་སངས་རྒྱས། དཔེར་ན་འཕགས་པ་སྡུད་པའི་སྒྲ་ཐོས་པས་གདུང་གསེབ་ཀྱི་བྱེའུ་གྲོལ་བ་ལྟ་བུ། ཐ་མལ་སྐྱེ་བོའམ་ཉམས་ལེན་མི་ཤེས་པ་དག་ལ་བཏགས་པས་གྲོལ་བ་འཁོར་ལོའི་གདམས་པ། དཔེར་ན་སོར་འབྲང་འཁོར་ལོ་སྡིག་ཅན་རོ་ལ་བཏགས་པས་གྲོལ་བ་ལྟ་བུ། ཟོས་པས་འཚང་རྒྱ་སྐྱེ་བདུན་རིལ་བུ། དཔེར་

ན་རྒྱལ་པོ་གྲགས་པ་མཐའ་ཡས་མངའ་འབངས་སྐུ་འཁོར་དང་བཅས་པ་སྐྱེ་བདུན་གྱི་ཤ་ཟོས་པས་མཁའ་སྤྱོད་དུ་སོང་ནས་གྲོང་ཁྱེར་སྟོང་བར་བཤད་པ་ལྟ་བུ། རེག་པས་འཚང་རྒྱ་བ་པདྨ་ཅན་ཞེས་པ་མཚོ་རྒྱལ་དང་མ་ཅིག་ལྟ་བུ། དཔེར་ན་དམ་པ་སངས་རྒྱས་འདས་པ་བོད་ཀྱི་དམ་པའི་གདུང་བཞུས་པ། རྒྱ་གར་ནས་དམ་པའི་སློབ་མ་གྲུབ་པ་ཐོབ་པ་གསུམ་བྱུང་ནས་ཆོས་མ་བྱས་པར་སངས་རྒྱས་པའི་གདམས་པ་ཐོབ་པ་གསུམ་ཡོད་དེ། འཕོ་བ། སྐྱེ་བདུན། ཕྱག་རྒྱ་མ་མཚན་ལྡན་ཐབས་ཀྱི་སྦྱོར་ཤེས་ན་གྲོལ་བས། དམ་པ་སྐྱེ་བདུན་གྱི་གདུང་བཞུས་པས་ཕུང་གསུངས་པ་ལྟ་བུ། དེ་དག་དང་མ་འཕྲད་པའི་ཚེ་འདས་ལ་རིགས་དྲུག་གནས་འདྲེན། བྱང་གཞི་སྨོན་ལམ། ཕུང་པོ་བསྲེགས་སྦྱངས། ལས་བཞིའི་སྦྱིན་བསྲེག་རྣམས་དང་། བསྒོམ་པར་འདོད་པ་དག་ལ་རང་རྒྱུད་འདུལ་སྦྱོང་གི་སྔོན་འགྲོ་དང་། སྐྱེ་གནས་བར་དོའི་ཁྲིད་ཀྱིས་ཞི་གནས་བསྐྱེད་ནས་ལྷག་མཐོང་ངོ་སྤྲོད་བསམ་གཏན་བར་དོའི་ཁྲིད་ཀྱི་ཉམས་ལེན་སྐྱོང་ཐབས། ཐོད་རྒལ་སྒྲོན་མ་དྲུག་གི་ཁྲིད་ཀྱི་སྣང་བཞིའི་ངོ་སྤྲོད། ཐོད་རྒལ་ནི་དཔེར་ན་བཅོམ་ལྡན་འདས་ཀྱི་འོད་གསལ་ནམ་མཁའི་དབྱིངས་སུ་གནས་པའི་ཐིག་ལེ་དཔེ་ནི་ཕྱག་རྒྱ་ཆེན་པོ་བརྙེས་པར་འགྱུར་བ་ཡིན་ནོ། །ཞེས་གསུངས་པ་ལྟ་བུ་དེ་དག་ཀྱང་གསལ་བའི་བོགས་འདོན་[ནོ། །]བདེ་བའི་བོག་འདོན་འོག་སྒོ་བདེ་བ་ཆེན་པོའི་ཁྲིད། མི་རྟོག་པའི་བོགས་འདོན་གཏི་མུག་ལམ་ཁྱེར་རྨི་ལམ་གྱི་ཁྲིད་སོགས་ཟབ་རྒྱས་ཆ་ཚང་འདི་ཉིད་ལས་ཅན་གྱི་རྗེ་འབངས་སྤྱི་དང་ཇོ་མོ་མཚོ་རྒྱལ་ཅོག་རོ་ཀླུའི་རྒྱལ་མཚན་རྣམས་ལ་གདམས་ཏེ་མ་འོངས་པའི་གདུལ་བྱ་ལ་དགོངས་ནས་སྒམ་པོ་གདར་རིར་གཏེར་དུ་སྦས་ནས། ཕྱིས་གླིང་པ་བཅུ་གཉིས་ཀྱི་ནང་ཚན་གཏེར་གྱི་རྒྱལ་པོ་གྲུབ་ཐོབ་

ཀརྨ་གླིང་པས་སྤྱན་དྲངས་ཏེ། གཏེར་གྱི་དངོས་སློབ་བཅུ་བཞིའི་ཡ་གྱལ་ཁྱད་པར་འཕགས་པ་སྐུ་སྲས་ཉི་ཟླ་ཆོས་རྗེ། དེས་བླ་མ་ཉི་ཟླ་འོད་ཟེར། དེས་བཀའ་བབ་ཆོས་བདག་ནམ་མཁའ་རྒྱ་མཚོ་ལ་བརྒྱུད་པ་དེ་གསུམ་གྱི་བར་དུ་གཅིག་བརྒྱུད་ལས་བཀའ་རྒྱ་མ་ཁྲོལ། དེ་ནས་སྤེལ་བའི་ལུང་བསྟན་ཆོས་བདག་རྒྱ་ར་བ་ནམ་མཁའི་མཚན་ཅན་ལ་ཡོད་པས་རིམ་པར་སྤེལ། ཁྱད་པར་དུ་སྐུ་ཚེའི་སྨད་ལ་བཀའ་རྒྱ་ཡོངས་རྫོགས་གྲོལ་ནས་དབང་ཁྲིད་རྒྱས་པའི་རྒྱུན་ཐུགས་ཆེན་ཀརྨ་ཆགས་མེད་ནས་གྲུབ་པའི་དབང་ཕྱུག་རྫོགས་ཆེན་རིན་པོ་ཆེ་པདྨ་རིག་འཛིན་ནས་བརྒྱུད་པའི་གསེར་ཟམ་མ་ཆད་པར་དར་རྒྱས་སུ་ཡོད་པའི་ཆོས་བཀའ་འདི་ལ། ཕ་རྒྱུད་ཀྱི་རིམ་ལྔ། མ་རྒྱུད་ཀྱི་ཕྱག་རྒྱ་བཞི། རྫོགས་རིམ་ཆོས་དྲུག །དྲིལ་བུ་རིམ་ལྔ། ནག་པོ་པའི་རྫོགས་རིམ་རྣམ་ལྔ། རྣལ་འབྱོར་བཞི། སྦྱོར་བ་ཡན་ལག་དྲུག་སོགས་བླ་མེད་ཀྱི་རྫོགས་རིམ་ཀུན་གྱི་གནད་འདུས་པ་འདི་ཉིད་ཀྱི་ལས་ཀྱི་བྱང་བུ་དང་དབང་དང་གནས་འདྲེན་གྱི་དཀའ་གནས་ཀྱི་སྐོར་ཅུང་ཟད་བྲི་བ་ལ། སྔོན་འགྲོ་དངོས་གཞི་རྗེས་གསུམ་ལས། དང་པོ་སྔོན་འགྲོ་ལ་གཉིས་ཏེ། དང་པོ་སྤྱིའི་སྔོན་འགྲོ་ལ་ས་ཆོག་དཀྱིལ་འཁོར་རྒྱན་བཀོད་སྔོན་འགྲོ་རིན་ཆེན་སྒྲོན་མེ་ལྟར་ལ། གཉིས་པ་ཁྱད་པར་གྱི་སྔོན་འགྲོ་ལ། ཐུན་ཁྱད་གཉིས་ལས། དང་པོ་ཐུན་མོང་དལ་འབྱོར་རྙེད་དཀའ་ནས་བླ་མའི་རྣལ་འབྱོར་བར་ཁྲིད་གཞུང་ལྟར་ལ། འདིའི་སྐབས་བརྒྱུད་པའི་གསོལ་འདེབས་ཕྱག་ལེན་ལ་གཏོང་བས། དེའི་དཀའ་གནས་ནི། ཆོས་སྐུའི་ཆོས་སྐུ༴ སོགས་སྟེ། དང་པོ་ཆོས་སྐུའི་དབྱེ་བ་ལ། དངོས་པོ་མཚན་ཉིད་དང་བྲལ་བའི་ཆོས་སྐུ། གནས་པ་ཁྱབ་ཚུལ་དང་འབྲེལ་བའི་ཆོས་སྐུ། རྣམ་དབྱེ་སྣང་ཚུལ་དང་འབྲེལ་བའི་ཆོས་སྐུ་དང་གསུམ་ལས། དང་པོ་ཆོས་

ཉིད་ཀྱི་ངོ་བོར་མ་གྲུབ་པས་སྤྲོས་མཐའ་བྲལ། དངོས་པོ་ངོས་བཟུང་ལས་འདས་པས་འཕོ་འགྱུར་མེད། མཐར་ཐུག་མངོན་དུ་གྱུར་པས་ཆོས་ཉིད་བསམ་གྱིས་མི་ཁྱབ་པའོ། །གཉིས་པ་ནི་འཁོར་འདས་ཀུན་ཁྱབ་ཀྱི་ཆོས་སྐུ་དག་པ་གཉིས་ལྡན་གྱི་ཆ་མངོན་དུ་གྱུར་པའོ། །གསུམ་པ་ནི། ཐེག་པ་སོ་སོ་ནས་རིག་པ་སྟོང་པ་ཡོན་ཏན་ལ་སོགས་པའི་ཆར་བསྟན་པའོ། །དེ་ཡང་ཡོངས་སུ་རྫོགས་པ་ཆེན་པོ་འདིར་རྣམ་པར་འཕྲུལ་བའི་དབྱེ་བ། ཆོས་སྐུའི་ཆོས་སྐུ་ཀུན་ཏུ་བཟང་པོ་སྟེ༔ དེའི་ཞིང་གི་ཁྱད་པར་བསམ་གྱིས་མི་ཁྱབ་པ། གནས་ཀྱི་ཁྱད་པར་བསམ་ལས་འདས་པའི་ཆོས་ཉིད། ཏིང་ངེ་འཛིན་གྱི་ཁྱད་པར་མི་གཡོ་བ་ཆེན་པོ། འཁོར་གྱི་ཁྱད་པར་སྣ་ཚོགས་རང་བཞིན་མི་གཉིས་པ། བསྟན་པའི་ཁྱད་པར་བརྗོད་དུ་མེད་པ། དུས་ཀྱི་ཁྱད་པར་གང་དུ་ཡང་འགྱུར་བ་མེད་པའོ། །ཆོས་སྐུའི་ལོངས་སྐུ་རྡོ་རྗེ་འཆང་ཆེན་པོ་སྟེེ། ཞིང་ཁམས་ཀྱི་ཁྱད་པར་རྡུལ་བྲལ་དྲི་མ་མེད་པ། དེ་བཞིན་དུ་གནས་དྲན་པ་ཡིད་ཀྱི་རྟོག་པ་རང་ཟད། ཏིང་ངེ་འཛིན་སེམས་དང་སེམས་བྱུང་གི་བྱུང་ཚོར་འགགས་ནས་ཡེ་ཤེས་རང་གསལ། འཁོར་སྟོང་པ་རང་སྣང་གི་བྱེད་པ་ཅན། བསྟན་པ་དམིགས་པ་ཡོངས་སུ་དག་པ། དུས་བརྟག་པ་མ་ཡིན་པའི་ཡེ་མཉམ་གདལ་བ་ཆེན་པོའོ། །ཆོས་སྐུའི་སྤྲུལ་སྐུ་ནི་སྟོན་པ་རྡོ་རྗེ་སེམས་དཔའ་སྟེ། ཞིང་ཁམས་ཀྱི་ཁྱད་པར་སྟོང་ཉིད་རྒྱ་མ་ཆད་པ་། གནས་ཐམས་ཅད་ཀྱི་འཆར་གཞི་གཏིང་གསལ་རང་གདངས་ཆེན་པོོ། ཏིང་ངེ་འཛིན་འགགས་མེད་རང་གསལ། འཁོར་རིས་མེད་འཆར་སྣང་དག་པ། བསྟན་པ་རང་བཞིན་མ་བཅོས་པ། དུས་སྙིང་པོ་མངོན་པར་སྣང་བའོ། །དེ་དག་ཀྱང་ཀ་དག་རང་གནས་ཀྱི་ཆོས་སྐུའི་ཆ་ནས་བཏགས་པ་ཙམ་ལས། དོན་གང་

དུའང་མ་གྲུབ་པའི་མཐའ་བྲལ་རྫོགས་པ་ཆེན་པོར་བཞུགས་པའོ། །དེ་ལྟ་བུའི་ཆོས་སྐུ་དེའི་སྐུ་ནི་སྟོང་གསལ་མཚན་མ་མེད་པ། གསུང་བརྗོད་མེད་སྒྲ་ཚིག་ལས་འདས་པ། ཐུགས་དྲན་བསམ་སྤྲོས་པ་མེད་པ། ཡོན་ཏན་ཕྱིར་མི་ལྡོག་པའི་འཕོ་འགྱུར་མེད་པ། ཕྲིན་ལས་ལྷུན་གྲུབ་འཆར་ཚུལ་མ་འགགས་པའི་གཞིར་གནས་པའོ། །གཉིས་པ་ལོངས་སྐུའི་དབྱེ་བ་ལ། འབྱུང་ཆེན་ངོ་བོའི་སྐུ། གནས་པ་ཁྱབ་ཚུལ་གྱི་སྐུ། སྣང་བ་ལམ་གྱི་སྐུ། གདུལ་བྱ་སྣང་ཚུལ་གྱི་སྐུའོ། །དང་པོ་ཆོས་སྐུའི་འཆར་གཞི་ལས་རང་ཤར་ཏེ་འོད་གསལ་ལྔ་ལྡན་གྱི་སྐུར་རྫོགས་པ་ནི། གཞི་སྣང་འབྱུང་བ་ཆེན་པོའི་རང་བཞིན་གསལ་བ། དྲོ་བ། བསིལ་བ། ཡང་པ། ཁྱབ་པའི་བདག་ཉིད་ཅན་ནོ། །གཉིས་པ་ནི། སངས་རྒྱས་དང་སེམས་ཅན་ཐམས་ཅད་ལ་འོད་དང་འོད་ཁྱིམ་གྱིས་ཁྱབ་པའི་ཆ་མངོན་དུ་གྱུར་པའོ། །གསུམ་པ་ནི། གཞི་སྣང་ཆོས་ཉིད་ཀྱི་ལོངས་སྐུ། སེམས་ཅན་ལ་བར་དོའི་སྐབས་སུ་སྣང་བ་དེ་སྐབས་འདིར་གདུལ་བྱ་འདྲེན་པའི་ལམ་དུ་ཆོས་སྐུའི་ནང་དབྱིངས་ལས་རང་ཤར་ཏེ་འོད་དང་ཁ་དོག་གི་ཀློང་ན་གཙོ་འཁོར་སོ་སོའི་ཚོམ་བུ་སྐུ་དང་ཡེ་ཤེས་ཡབ་ཡུམ་སྐུ་མདོག་ཕྱག་མཚན་ལ་སོགས་གསལ་བའོ། །བཞི་པ་ནི། ལོངས་སྐུས་འདུལ་བའི་གདུལ་བྱ་སོ་སོ་ལ་རིགས་དང་དཀྱིལ་འཁོར་སོ་སོར་སྣང་བའོ། །གདུལ་བྱའི་དབང་དུ་རྣམ་པར་འཕྲུལ་པའི་དབྱེ་བ་ལོངས་སྐུའི་ཆོས་སྐུ་ནི། རྣམ་སྣང་གངས་ཆེན་མཚོ་སྟེ། དེའི་བཞུགས་ཚུལ་ནི་ཕྱི་ནང་མི་སྒྲིབ་པ། ཟང་ཐལ་མདུན་རྒྱབ་མེད་པ། ཞལ་གང་ནས་བལྟས་ཀྱང་ཕྱོགས་ཀུན་ཏུ་ཡོད་པ། དེའི་ཞིང་ཁམས་ཀྱི་ཁྱད་པར་ཡོངས་སུ་བཀོད་པ་དེ། ཕྱག་མཐིལ་པདྨའི་སྟེང་ན་འཇིག་རྟེན་གྱི་ཁམས་ཉི་ཤུ་རྩ་ལྔར་མངའ་མཛད་པའོ། །གནས་རྣམ་དག་སྟུག་པོ་བཀོད་པ། འཁོར་ཉིད་

ལས་མི་གཞན་པ། བསྟན་པ་རང་བྱུང་གི་ཡེ་ཤེས་རང་སྣང་བ། དུས་རྟག་པ་མངོན་དུ་གྱུར་པའོ། །འདིར་རང་སྣང་གདོད་མ་ལ་ལྟོས་ནས་སྤྲུལ་བ་ཡིན་པས། གདུལ་བྱ་འདི་འོད་གསལ་(འོད་གསལ་འདི་གདུལ་བྱ་)ལ་ལྟོས་ནས་མཚན་དཔེ་རྫོགས་པའི་ལོངས་སྐུར་བཞག་པའོ། །ལོངས་སྐུའི་ལོངས་སྐུ་ནི་རིགས་ལྔའི་སངས་རྒྱས་ཏེ། དེའི་མཚན་ཉིད་ནི་ངོ་བོ་ཐ་དད་པ་ལ་རང་བཞིན་གཅིག་པ། ཞིང་ཁམས་ཁྱད་པར་སོ་སོའི་རིགས་ཀྱི་དཀྱིལ་འཁོར་གྲངས་མེད་པ། གནས་འོག་མིན་བདེ་བ་ཆེན་པོ། འཁོར་སོ་སོའི་རིགས་ལྔའི་བསྟན་པ་མཁྱེན་པའི་ཡེ་ཤེས་ལྔ་ལ་སྤྱོད་པ། དུས་ནི་སྣང་བ་འདུ་བ་མཆེད་པའོ། ལོངས་སྐུའི་སྤྲུལ་སྐུ་ནི་ཕྱག་ན་རྡོ་རྗེ་སྟེ༔ དེའི་མཚན་ཉིད་སྣང་ལ་རང་བཞིན་མེད་པ། གསལ་ལ་རྟོག་པ་མེད་པ། ཞིང་ཁམས་ཀྱི་ཁྱད་པར་ལྷ་དང་ལྷ་མོར་བསམ་གྱིས་མི་ཁྱབ་པ་ལ་ལོངས་སྤྱོད་པའི་སྣང་བ་དག་པའོ། །གནས་ལྕང་ལོ་ཅན་ཡེ་ཤེས་བཀོད་པའི་གཞིའོ། །དེ་ཡང་གནོད་སྦྱིན་གནས་པའི་ལྕང་ལོ་ཅན་མ་ཡིན་གྱི་རིགས་ལྔའི་ཞིང་སྣང་སྟེ། རང་བཞིན་གྱི་དག་ཅིང་འོད་ལྔའི་སྣང་བ་རང་གསལ་བ། ལོངས་སྤྱོད་ཆེན་པོའི་ཡེ་ཤེས་ལྔའི་རྣམ་པ་ལ་སྤྱོད་ཅིང་། ཉོན་མོངས་པའི་ཟུག་ངུ་དང་བྲལ་བའོ། །དེ་ལྟ་བུའི་ལོངས་སྐུའི་སྐུ་ནི་སྟོང་གསལ་འཇའ་ཚོན་ལྟ་བུ། གསུང་ནི་གདུལ་བྱའི་རང་སྣང་རྨི་ལམ་ལྟ་བུ། ཐུགས་ནི་མཚན་ཉིད་འཛིན་པའི་ཡེ་ཤེས་རྒྱུན་ཆད་མེད་པ། ཡོན་ཏན་ནི་སྐུ་མཚན་དཔེའི་འོད་ཟེར་རྫོགས་པ། གསུང་རང་བྱུང་གི་ཡི་གེར་འཆར་བ། ཐུགས་མངོན་ཤེས་དང་ཏིང་ངེ་འཛིན་གྱི་གཏེར་མངའ་བ། ཕྲིན་ལས་ནི་ཆོས་ཚད་མེད་པའི་འཁོར་ལོ་རྒྱུན་ཆད་མེད་པར་བསྐོར་བའོ། །གསུམ་པ་{ནི།} སྤྲུལ་སྐུའི་དབྱེ་བ་ལ། ཐུན་མོང་དང་ཐུན་མོང་མ་ཡིན་པ་

གཉིས་ལས། དང་པོ་ལྟར་ན་བཟོའི་སྤྲུལ་སྐུ་ནི། རིས་སུ་བྲིས་པ་ལུགས་སུ་བླུག་པ་ལ་སོགས་པའོ། །སྐྱེ་སྤྲུལ་ནི་སངས་རྒྱས་རྟ་དང་གླང་པོ་ཆེ་ལ་སོགས་པར་སྤྲུལ་པའོ། །མཆོག་གི་སྤྲུལ་པ་ནི་མཛད་པ་བཅུ་གཉིས་སྟོན་པའོ། །གཉིས་པ་ནི་ཐུན་མིན་ཐེག་པ་འདིའི། མ་དག་པའི་སྤྲུལ་སྐུ་ནི། རྔོན་པ་དང་སྨད་འཚོང་སོགས་སུ་སྤྲུལ་ནས་དོན་མཛད་པའོ། །སྐུ་སྤྲུལ་སྐུ་ནི་གདུལ་བྱའི་སྣང་ངོར། སྤྲུལ་པ་ཐུབ་པ་དྲུག་ལ་སོགས་པའོ། །རང་བཞིན་སྤྲུལ་སྐུ་ནི་རིགས་ལྔའི་ཞིང་ན་རིགས་ལྔའི་སངས་རྒྱས་ཀྱི་སྣང་བས་དོན་མཛད་པའོ། །དེ་ཡང་རྣམ་པར་འཕྲུལ་བ་གདུལ་བྱའི་དབང་དུ་བྱས་ན། སྤྲུལ་སྐུའི་ཆོས་སྐུ་ནི་རྡོ་རྗེ་སེམས་དཔའ་སྟེ༔ དེའི་མཚན་ཉིད་ནི་སྐྱེ་བ་བཞིའི་ལུས་སུ་བྱུང་ཞིང་མཛད་པ་སུམ་ཅུ་རྩ་དྲུག་མཐར་ཕྱིན་པ་ཞིང་ཁམས་ཀྱི་ཁྱད་པར་སྟོང་གསུམ་གྱི་སྟོང་བྱེ་བ་ཕྲག་བརྒྱའི་ཞིང་ལ་སོགས་ཚངས་ཆེན་གྱི་བསྐལ་བ་གཅིག་གིས་བསྡུས་པ་ལ་མངའ་མཛད་པའོ། །གནས་མེ་ཏོག་པདྨ་སྟོང་དང་ལྡན་པ། འཁོར་སྐྱེ་བ་བཞིའི་བསྡུས་པའི་འགྲོ་བ། བསྟན་པ་སྡེ་སྣོད་ཀུན་གྱི་རྩ་བ་སྒྲ་ཐལ་འགྱུར། དུས་ཚེ་ལོ་དཔག་མེད་ཐུབ་པའི་དུས་སུ་སྤྲུལ་སྐུའི་ལོངས་སྐུ་ནི་རིགས་གསུམ་མགོན་པོ་སྟེ༔ དེའི་ཞིང་ཁམས་གྱི་ཁྱད་པར་སྟོང་གསུམ་བྱེ་བ་ཕྲག་བརྒྱ། གནས་གདུལ་བྱ་དང་པོ་དང་སྦྱར་ན། འཁོར་ས་བརྒྱད་པའི་བྱང་ཆུབ་སེམས་དཔའ། བསྟན་པ་ངེས་དོན་གྱི་ཐེག་པ། དུས་ངེས་པ་མེད་པའོ། །སྤྲུལ་སྐུའི་སྤྲུལ་སྐུ་ནི་ཐུབ་ཆེན་དྲུག་པོ་སྟེ༔ ཁྱིམ་མེད་པར་རབ་ཏུ་བྱུང་ནས། ང་ཉིད་ཀྱི་མཛད་པ་ལ་ལོངས་སྤྱོད། ཞིང་ཁམས་ཀྱི་ཁྱད་པར་གླིང་བཞི་བྱེ་བ་ཕྲག་བརྒྱ་ལ་སོགས་པ་ལ་མངའ་མཛད་པའོ། །གནས་རིགས་དྲུག་སོ་སོའི་གདུལ་བྱའི་རང་གནས། འཁོར་རིགས་དྲུག་ལས་ཀྱི་སྐལ་ལྡན་

གྲངས་མེད་པ་ཐུན་མོང་མ་ཡིན་པའི་འཁོར་བྱང་སེམས་དཔག་མེད། བསྟན་པ་རྒྱུ་འབྲས་ཀྱི་ཐེག་པ་སྣ་ཚོགས། དུས་གདུལ་བྱ་ལ་ཆོས་སྟོན་པས་ངེས་པ་ཆེན་པོ་རྣམ་པར་གཅོད་པའི་དུས་སུ། དེ་ལྟ་བུའི་སྤྲུལ་པའི་སྐུ་ནི་འགྲོ་བ་གང་ལ་གང་མོས་སུ་སྣང་བ་དེ་ཡང་རང་རང་གི་ཆའི་མཚན་དཔེ་རྫོགས་པ། གསུང་ཡན་ལག་དྲུག་ཅུའི་དབྱངས་ལེགས་པའོ། །ཐུགས་ཇི་ལྟ་ཇི་སྙེད་ཀྱི་མཁྱེན་པ་རྒྱས་པ། ཡོན་ཏན་སྟོབས་སོགས་ཀྱི་ཆོས་མ་ལུས་པ་རྫོགས་པ། ཕྲིན་ལས་ཕུན་སུམ་ཚོགས་པ་ལྔའི་རང་བཞིན་དུ་བསྐོར་བའོ། །འདི་རྣམས་ཡེ་ཤེས་ཀྱི་དབྱེ་བ་སོགས་དང་གསང་བ་ཐོད་རྒལ་དང་སྦྱར་བའི་བཤད་པ་སོགས་ཡོད་ནའང་ཡི་གེས་འཇིགས་ཏེ་དེ་ཙམ་མོ། ལོངས་སྤྲུལ་ཕྱག་རྡོར་དང་། སྤྲུལ་ལོངས་རིགས་གསུམ་ནང་ ཕྱགརྡོར་བལྡབ་སྐྱོན་སྙམ་ན་མི་འགལ་ཏེ། ཨོ་རྒྱན་ཆེན་པོས་ལོངས་སྐུ་གསངབདག ་ཕྱག་ན་རྡོ་རྗེ་ལ། །ཞེས་ལོངས་སྐུ་དང་། སངས་རྒྱས་ཐུགས་ཀྱི་སྤྲུལ་པ་རྡོ་རྗེ་འཛིན། །སྐབས་འགར་སྤྲུལ་སྐུ་སྟེེ་སྟོན་འཁོར་དགོངས་པ་གཅིག་པའི་གང་འདུལ་གྱི་སྐུར་བསྟན་པ་ཡིན་པས་སོ། །དེ་བཞིན་དུ་སློབ་དཔོན་ཆེན་པོས་རྩ་བའི་བླ་མའི་བར་དུ་གསོལ་བ་བཏབ་ནས་རྗེས་འབྲེལ་སྨོན་ལམ་སྐོར་ལ། ཉན་ཐོས་སྡེ་བཞི་ནི། གནས་བསྟན་པ། ཕལ་ཆེན་པ། མང་པོས་བཀུར་བ། གཞི་ཐམས་ཅད་ཡོད་པར་སྨྲ་བའོ། །ཆོས་སྐུའི་ཐུགས་དགོངས་སོགས་ནི། འཁོར་འདས་སྤང་བླང་མེད་པར་སེམས་སུ་ཡོངས་སུ་རྫོགས་པ་སྐྱེ་མེད་སྤྲོས་པ་དང་བྲལ་བའོ། །ལོངས་སྐུའི་དགོངས་པ་ནི། སྟོན་འཁོར་སྣ་ཚོགས་པ་ཡེ་ཤེས་གཅིག་ལས་མི་གཉིས་པ་མེད་པར་རང་བཞིན་དབྱིངས་སུ་གསལ་སྟོང་དབྱེར་མེད་པར་བཞུགས་

པའི་འཁོར་འདས་གཉིས་མེད་དུ་གསལ་བའོ། །སྤྲུལ་སྐུའི་དགོངས་པ་ནི། དྲི་མ་མེད་པའི་ཏིང་ངེ་འཛིན། སེང་གེ་རྣམ་པར་བགྱིངས་པའི་ཏིང་ངེ་འཛིན་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་སོགས་ཀྱི་སྒྲའི་༼སྒྲས་༽ཡིད་བཞིན་ནོར་བུའི་ཏོག་གི་ཏིང་ངེ་འཛིན་རྣམས་སོ། །ཆོས་ལོངས་སྤྲུལ་གསུམ་གྱི་དགོངས་པ་བསམ་གྱིས་མི་ཁྱབ་པ་དེ་དག་ཐམས་ཅད་ཀུན་བཟང་རྡོ་རྗེ་འཆང་གཅིག་གིས་ཡོན་ཏན་རྫོགས་པའི་མཛད་པའོ། །གཞི་སྙིང་མེ་ཏོག་གིས་བརྒྱན་པའི་ཞིང་ཞེས་ཚངས་ཆེན་གྱི་ཞིང་གི་ཁུང་༼ཁོང་༽དུ་ཆུད་པའི་ནམ་མཁའ་ལ། གངས་ཆེན་མཚོའི་ཕྱག་གི་པདྨའི་དབུས་ཀྱི་ཕྲུམ་ཕྲུམ་ལ་སྟོང་གསུམ་ཉི་ཤུ་རྩ་ལྔ་བརྩེགས་མར་གནས་པའི་ཞིང་སྟེ། དེ་འདྲ་དཔག་ཏུ་མེད་པ་ལོངས་སྐུ་གཅིག་གིས་གདུལ་ཞིང་ངོ་། ཞིང་གཅིག་དེའི་ཚད་ནི་མི་མཇེད་འཇིག་རྟེན་གྱི་ཁམས་འབུམ་ཕྲག་བཅུའི་རྡུལ་ཕྲ་རབ་དང་མཉམ་པའོ། །སྟོང་གསུམ་མི་མཇེད་བྱེ་བ་ཕྲག་བརྒྱ་ནི། མཛོད་ལས། གླིང་བཞི་དང་ནི་ཉི་ཟླ་དང་། །རི་རབ་དང་ནི་འདོད་ལྷར་བཅས། །ཚངས་པའི་འཇིག་རྟེན་སྟོང་ལ་ནི། །སྟོང་ནི་སྤྱི་ཕུད་ཡིན་པར་འདོད། །དེ་སྟོང་ལ་ནི་སྟོང་གཉིས་པ། །བར་མའི་འཇིག་རྟེན་ཁམས་ཡིན་ནོ། །དེ་སྟོང་ལ་ནི་སྟོང་གསུམ་སྟེ། །ཅེས་སོ། །སྟོང་གསུམ་ཉི་ཤུ་རྩ་ལྔ་བརྩེགས་པའི་ནང་ཚན་བཅུ་གསུམ་པ། ཐུགས་ཀ་ན་གནས་པ་གསང་སྔགས་རྡོ་རྗེ་ཐེག་པའི་ཞིང་ཁམས་དུག་གསུམ་འདྲེས་མར་སྤྱོད་པས་ན་མི་མཇེད་ཅེས་བྱ་བ་སྟེ། ཞིང་དེའི་ཚད་གོང་སྨྲོས་ལྟར་གླིང་བཞི་ཉི་ཟླ་རི་རབ་འདོད་ལྷར་བཅས་ཚངས་པའི་འཇིག་རྟེན་ཏེ། དེ་སྟོང་ལ་སྤྱི་ཕུད་ཀྱི་སྟོང་། སྤྱི་ཕུད་སྟོང་ལ་བར་མའི་སྟོང་སྟེ་སྟོང་ས་ཡ་ཕྲག་འབུམ། བར་མ་སྟོང་ལ་སྟོང་གསུམ་འཇིག་རྟེན་ཆེན་པོའི་ཞིང་སྟོང་ཐེར་འབུམ་གཅིག་ཏེ་བྱེ་བ་ཕྲག་བརྒྱའོ། །གཉིས་པ་ཁྱད་པར་

གྱི་སྔོན་འགྲོ་ལ། ལས་བྱང་ཆེ་བ་སྤྱི་དོན་བཅོ་བརྒྱད་དེ། །བཀའ་བསྒོ་མཚམས་གཅོད་ཕྱག་རྒྱ་བཟུང་། །ཞེས་པ་ནས་ལེའུ་བཅོ་བརྒྱད་ལས་བྱང་གྲངས། ཅེས་པའི་བར་དང་། ལས་བྱང་ཆུང་བར། སྔོན་འགྲོ་དངོས་གཞི་རྗེས་གསུམ་མོ། །བཀའ་བསྒོ་མཚམས་གཅོད་བྱིན་རླབས་སོ། །ཅེས་པས་གཉིས་ཀ་དང་མཚུངས་པར། དང་པོ་བགེགས་ལ་བཀའ་བསྒོ་བ་ནི། ཧཱུྃཿང་ཉིད་ལྷ་ཡི་ང་རྒྱལ་༴ སོགས་ཅེས་པས། རྡོ་རྗེ་རྩེ་མོ་ལས། ཡི་གེ་ཧཱུྃ་ནི་ཅི་ཡིན་བརྗོད། །སྡུག་བསྔལ་འཆོས་ཤིང་འཇོམས་པར་བྱེད། །སྲིད་པའི་ཞགས་པ་གཅོད་བྱེད་ཅིང་། །གདུག་པ་དངངས་ཤིང་གསོད་བྱེད་པའི། །ཧཱུྃ་ནི་མཆོག་ཏུ་དྲན་པར་བྱ། །ཞེས་གདུག་པ་དངངས་པའི་ཡི་གེ་དྲངས་པ། རང་སེམས་རྟོག་པ་དང་བྲལ་བའི་ངང་ནས། སྐད་ཅིག་གིས་དཔལ་ཞེ་སྡང་རྡོ་རྗེ་ཧེ་རུ་ཀ་སྐུ་མདོག་མཐིང་ནག་དུར་ཁྲོད་རོལ་པའི་ཆས་ཅན་རྡོ་རྗེ་དང་དྲིལ་བུ་འཛིན་པའི་ཐུགས་ཀ་ནས་ཞི་ཁྲོའི་ལྷ་ཚོགས་འབར་བ་མཚོན་ཆ་ཐོགས་པ་སྐུ་ལས་ཁྲོ་ཆུང་ཐོག་སེར་མེ་མཚོན་དཔག་མེད་འཕྲོ་བས་ལུས་ངག་ཡིད་གསུམ་ལ་གནོད་པའི་བགེགས་ཚོགས། དཀྱིལ་འཁོར་གྱི་མདངས་འཕྲོག་པ། མར་མེའི་འོད་འཕྲོག་པ། བདུད་རྩིའི་ངད་འཕྲོག་པ། དཔལ་བཤོས་ཀྱི་བཅུད་འཕྲོག་པ། རཀྟའི་དྲི་འཕྲོག་པ་ལ་སོགས་མཆོད་པའི་མདངས་འཕྲོག་པའི་རིགས་ཉོན་མོངས་པ་མ་རིག་པ་ལས་འདུ་བྱེད་རྣམ་ཤེས་སྲེད་པ་ལེན་པ་སྲིད་པ་སྟེ་རྒྱུ་དྲུག་ལས། འབྲས་བུ་ལྷག་མ་དྲུག་པོ་བསྐྱེད་པས། འཁོར་བ་ཐོག་མ་མེད་པར་འཁྱམས་ནས་ཐར་བ་དང་ཐམས་ཅད་མཁྱེན་པའི་ལམ་བགེགས་པའི་འདྲེ་ཡིན་པས་འདིར་མ་འདུག་པར་གཞན་དུ་སོང་ཤིག །ཧཱུྃ་ཧཱུྃ་སྐབས་ཐོབ་ཀྱི་དགྲ་དང་བགེགས་ལ་འཇུག་པར་བཤད། ཨུ་ཙ་ཏ་ཡས་བསྐྲད་ཅིང་གཏོར། ཨོ་རྒྱན་ཆེན་པོས་གསུངས་ཕཊ་

ཞེས་རྩེ་མོར། ཡི་གེ་ཕཊ་ནི་ཅི་ཡིན་བརྗོད། །གདུག་དང་སྡུག་བསྔལ་འཇོམས་བྱེད་ཅིང་། །བདེ་བ་དག་ནི་འགུག་པར་བྱེད། །ཕཊ་ནི་འཇོམས་བྱེད་སྒྲ་ཡིན་ཏེ། །བགེགས་དང་བཅས་པ་འཇོམས་པར་བཤད། །ཞེས་འདིར་འཇོམས་པར་གྱིས་ཞེས་པའོ། །གོང་གི་མཚན་མ་ལྷ་ཡི་ཁུངས་ནི། འདི་ཡི་ལས་བྱང་འུབ་ཏུ་བསྡུས་པ་ཕྲིན་ལས་རང་གྲོལ་ལས། ང་ནི་ཁྲོ་རྒྱལ་ལས་ཀྱི་ཧེ་རུ་ཀ༔ སྐུ་མདོག་མཐིང་ནག་རྡོ་རྗེ་དྲིལ་བུ་འཛིན་ཅེས་པ་ལྟར་རོ། །གཉིས་པ་ལྷས་རྐུན་པོ་ཕྱིར་དབྱུང་ནས་སྒོ་བཅད་པའི་མཚམས་གཅོད་པ་ནི། རང་རྡོ་རྗེ་ཧེ་རུ་ཀཿརྡོར་སེམས་སུ་གནས་གྱུར་ནས། ཐུགས་ཀ་ནས་ཞེ་སྡང་རྡོ་རྗེ་དང་དབྱེར་མེད་པའི་ཕྱག་རྡོར་རྡོར་དྲིལ་འཛིན་པའི་ཐུགས་ཀ་ནས་རིགས་ལྔའི་ཕྱག་མཚན་དཔག་མེད་འཕྲོས་པས། ཤར་ཕྱོགས་ན་ཧཱུྃ་ལས་རྡོ་རྗེ་རིམ་པ་ལྔའི་གུར། ལྷོར་ཏྲཾ་ལས་རིན་པོ་ཆེ་རིམ་ལྔ། ནུབ་དུ་ཧྲཱིཿལས་པདྨ་རིམ་ལྔ། བྱང་དུ་ཨ་ལས་རྒྱ་གྲམ་རིམ་ལྔ། སྟེང་ཕྱོགས་སུ་ༀ་ལས་འཁོར་ལོ་རིམ་ལྔ། དེ་རྣམས་ཀྱི་ཕྱི་རོལ་ཏུ་རཾ་འཕྲོས་པའི་ཡེ་ཤེས་ཀྱི་མེ་དཔུང་རབ་དུ་འབར་བའི་གུར་ཏེ་རིམ་པ་དྲུག་གིས་གཏམས་པས་བར་མཚམས་ཐམས་ཅད་ཁྲོ་བོས་ཆོད་པ་དང་། མཚོན་ཆ་སྣ་ཚོགས་ཀྱིས་གང་ནས་བར་ཆད་གང་གིས་ཀྱང་མི་ཚུགས་པར་བསམ་ལ། ༀ་ཧཱུྃ་ཏྲཾ་ཧྲཱིཿ྄྄ཨཱཿརིགས་ལྔའི་ས་བོན། རཾ་མེ། ཧཱུྃ་མཚམས་བཅད་པ། བྷྲཱུཾ་ཆོས་ཀྱི་དབྱིངས། དྷི་རཾ་བརྟན་པ། བཛྲ་རྡོ་རྗེ། ཙཀྲ་འཁོར་ལོ། རཀྵ་བསྲུང་བ། ཧཱུྃ་ཐུགས་བསྐུལ་ནས་མཛོད་ཅེས་པ། ཕཊ་བགེགས་འཇོམས་པའོ། །དོན་ལ་རིགས་ལྔའི་ཕྱག་མཚན་རྡོ་རྗེ་འཁོར་ལོ་མེ་དཔུང་གིས་ཆོས་ཀྱིས་དབྱིངས་སུ་བརྟན་པར་བསྲུང་ལ་བགེགས་འཇོམས་པར་མཛོད་ཅེས་པའོ། །འདིར་རྡོར་སེམས་ཐུགས་ཀར་ཕྱག་རྡོར་བསྒོམས་པས་གཞུང་ལྟར་རྗེ་ཆགས་མེད་ཀྱིས་

བཞེད་དོ། །སྦྱོང་བྱེད་བགེགས་བསྐྲད་པ་དང་མཚམས་བཅད་པས། སྦྱང་བྱ་གནས་སྐབས་ཀྱི་འབྲས་བུ་ཆོས་བསྒྲུབ་པའི་བར་ཆད་ཞི་བ་དང་། སྦྱངས་འབྲས་མཐར་ཐུག་གི་འབྲས་བུ་བདུད་བཞི་རྩད་ནས་བཅོམ་པའི་དགོས་པ་ཡོད་དོ། །གསུམ་པ་ནི། ཐབས་ཤེས་ཡ་མི་བྲལ་བའི་ཕྱིར་དུ་ཕྱག་རྒྱ་གསུམ་བཟུང་བ་ནི། རང་རྡོར་སེམས་སུ་གསལ་བ་སྐུའི་དམ་ཚིག །ཧཱུྃ་ལས་བྱུང་བའི་ཡེ་ཤེས་ཀྱི་རྡོ་རྗེ་ཐབས་ཀྱི་རང་བཞིན་དྲན་རིག་ཐུགས་ཀྱི་དམ་ཚིག །ཨཱཿལས་བྱུང་བའི་དབྱིངས་ཀྱི་དྲིལ་བུ་གྲགས་པ་གསུང་གི་དམ་ཚིག་གསུམ་དྲན་པས་ལག་གཡས་གཡོན་གྱིས་རྡོ་རྗེ་གསོར་ཞིང་དྲིལ་བུ་དཀྲོལ་བས་འགྲོ་ཀུན་མ་རིག་པའི་གཉིད་ལས་སད་པར་བསམས་ལ། ༀ་བཛྲ་གྷནྡྷེ་དྷརྨཱ་ཧཱུྃ་ཨཱཿསྐྱེ་བ་མེད་པའི་ཆོས་ཀྱི་རྡོ་རྗེ་དང་། དྲིལ་བུ་མཆོག་ཏུ་བཟུང་། ཞེས་པ་ལྟ་བུའོ། །དེ་ལྟར་བྱིན་གྱིས་བརླབས་པས་རྡོར་དྲིལ་དེ་རིགས་ལྔའི་རྟེན་ཡིན་པས་ས་རྗེན་དང་འགོམས་པ་སོགས་མ་ཤོར་བར་བྱའོ། །སྣང་གྲགས་རིགས་གསུམ་ལྷ་སྔགས་ཏིང་ངེ་འཛིན་དང་མི་འབྲལ་བའི་དགོས་པ་ཡོད་དོ། །བཞི་པ་ཡན་ལག་བཅུ་པ་ནི། རྒྱས་པའི་དབང་དུ་བྱས་པ་ཡིན་ལ། དེ་དག་ཡན་ལག་བདུན་དུ་བསྡུ་ཚུལ་ནི། སྐྱབས་འགྲོའི་དམིགས་པ་གཏེར་སྟོན་བཀའ་བབ་ཀྱི་ཕྱག་བཞེས་ལྟར། མདུན་གྱི་ནམ་མཁར་པད་ཟླའི་གདན་ལ་བླ་མ་ཀུན་བཟང་ཡབ་ཡུམ་གཉིས་སུ་མེད་པ་ལ་བརྒྱུད་པའི་བླ་མ་རྣམས་ཀྱིས་བསྐོར་བ། མདུན་དུ་ཡི་དམ་རྣམ་པར་སྣང་མཛད་ལ་ཞི་ཁྲོ་རབ་འབྱམས་ཀྱིས་བསྐོར་བ། གཡས་སུ་ཤཱཀྱ་ཐུབ་པ་ལ་སངས་རྒྱས་སྟོང་གིས་བསྐོར་བ། རྒྱབ་དུ་ཡུམ་ཆེན་མོ་ལ་གསུང་རབ་ཡན་ལག་བཅུ་གཉིས། གཡོན་དུ་བྱམས་པ་མགོན་པོ་ལ་འཕགས་པའི་དགེ་

འདུན། མཐའ་སྐོར་དུ་དཔའ་བོ་མཁའ་འགྲོ་ཆོས་སྲུང་དང་བཅས་པས་བསྐོར་བར་བསམས་ལ། རང་བཞིན་༼གཞན༽རྩེ་གཅིག་གི་བྱང་ཆུབ་མ་ཐོབ་ཀྱི་བར་དུ་སྐྱབས་སུ་འགྲོ་བར་བྱའོ། །ༀ་ཨཱཿཧཱུྃ་ཞེས། ཐོབ་བྱ་སྐུ་གསུམ་གྱི་ཡི་གེས་དྲངས་པའི། ནམ་མཁའི་མཐར་ཐུག༴ སོགས་དང་། རང་དང་སེམས་ཅན་ཐམས་ཅད་ཀྱི་ལུས་རྡུལ་སྙེེད་དུ་སྤྲུལ་ནས་ཕྱག་འཚལ་བ། དངོས་འབྱོར་ཡིད་སྤྲུལ་གྱི་མཆོད་པ། སྡིག་སྒྲིབ་སྟོབས་བཞིའི་བཤགས་པ། རང་གཞན་གྱི་དགེ་བ་ལ་རྗེས་སུ་ཡི་རང་བ། སངས་རྒྱས་ལ་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བ། མྱ་ངན་ལས་མི་འདའ་བར་གསོལ་བ་འདེབས་པ། དགེ་བ་སེམས་ཅན་གྱི་དོན་དུ་བསྔོ་བ་རྣམས་ནན་ཏན་དུ་བྱའོ། །དེ་ཡང་སྐྱབས་འགྲོ་དང་ཕྱག་འཚལ་ང་རྒྱལ་གྱི་གཉེན་པོ། མཆོད་པ་འདོད་ཆགས། སྤྱན་འདྲེན་དང་སྡིག་བཤགས་ཞེ་སྡང་། ཡི་རང་ཕྲག་དོག །ཆོས་འཁོར་གཏི་མུག །བཞུགས་གསོལ་དང་གསོལ་འདེབས་ལོག་ལྟ། བསྔོ་བ་ཐེ་ཚོམ་གྱི་གཉེན་པོར་གསུངས་པའོ། །དེ་དག་གིས་ཆོས་བྱེད་སྔོན་དུ་རས་ཀྱིས་དྲི་མ་བཀྲུས་ཏེ་ཚོས་ཀྱིས་བསྒྱུར་བ་ལྟར། རང་གི་རྒྱུད་སྦྱངས་པས་བསྐྱེད་རྫོགས་རྒྱུད་ལ་སྐྱེ་བའི་དོན་བྱེད་པའི་དགོས་པ་ཡོད་དོ། །འདིར་སེམས་བསྐྱེད་མེད་སྙམ་ན་མ་ཡིན་ཏེ། དེ་དག་རྣམས་ཀྱི་སྐབས་སུ་སེམས་བསྐྱེད་གཙོ་བོར་གསུངས་པ་དང་བསྔོ་བའི་སྐབས་བདག་གིས་དུས་གསུམ་སོགས་དོན་ཚང་བའོ། །ལྔ་པ་མཆོད་པ་བྱིན་རླབས་ནི་རང་རྡོར་སེམས་ཀྱི་ཐུགས་ཀ་ནས་རཾ་འཕྲོས་པས་མཆོད་རྫས་ཀྱི་དངོས་འཛིན་ཐམས་ཅད་མེས་བསྲེགས། ཡཾ་འཕྲོས་པས་རླུང་གིས་གཏོར། ཁཾ་འཕྲོས་པས་ཆུ་ཡིས་བཀྲུས། དེ་གསུམ་འོད་དུ་ཞུ་ནས་མཆོད་རྫས་དང་འདྲེས་ཏེ་སྨན་གཏོར་རཀྟ་སོགས་མཆོད་པའི་དངོས་པོ་རྣམས། བདག་གཞན་ང་

ཁྱོད་གཙང་དམེ་སོགས་རྟོག་གཉིས་དག་ནས་སྣོད་བཅུད་ཐམས་ཅད་འདོད་ཡོན་མཆོད་པའི་རྣམ་པར་བསམ་པ་དང་། ནང་མཆོད་ཁྱད་པར་[ཅན་]རྣམས། ཀ་པཱ་ལའི་སྣོད་དུ་བདུད་རྩི་རིགས་ལྔ་ཡབ་ཡུམ་སྦྱོར་བའི་བྱང་སེམས་སྐུ་གསུང་ཐུགས་ཀྱི་བདུད་རྩི་དཀར་དམར་མཐིང་གསུམ་གྱི་རྣམ་པར་འཁྱིལ་བར་བསམ། ༀ་ཨཱཿཧཱུྃ་རྡོ་རྗེ་གསུམ་མམ་སྦྱོང་རྟོགས་སྦར་གསུམ་གྱི་ས་བོན། འོག་མ་རྣམས་ལ་འགྲེས། སརྦ་པཉྪ་ཨ་མྲྀ་ཏ་ཐམས་ཅད་བདུད་རྩི་ལྔ། ཧཱུྃ་དམ་ཚིག་གི་ངོ་བོར་ཞུ་བ། ཧྲཱིཿཡེ་ཤེས་ཀྱི་བདུད་རྩི་འགུགས་པའི་ས་བོན། ཋ་ཡིག་གིས་དེ་གཉིས་གཉིས་སུ་མེད་པར་གྲོལ་བར་བྱ་སྟེ། ཀུན་འདུས་ལས། ཋ་ནི་རྟེན་དང་བྲལ་བའི་སྒོ། །གནས་པ་མེད་པས་ཐམས་ཅད་གྲོལ། །ཞེས་གསུངས་སོ། །ༀ་ཧཱུྃ༴ རིགས་ལྔ་ཡབ་ཡུམ་གྱི་ས་བོན། ཨཱཿཧཱུྃ་དང་གོང་གི་ༀ་རྣམས་སྐུ་གསུང་ཐུགས་ཀྱི་བྱིན་རླབས་སོ། །ཧཱུྃ་བྱིན་གྱིས་བརླབས་པའི་ཡི་གེས་དྲངས་ནས། དམིགས་བསམ༴ སོགས་སྤྱི་དང་བྱེ་བྲག་བདུད་རྩི་བརླབས་པར་བྱའོ། །རཀྟ་དམར་གྱི་དུང་ཆེན་ཡངས་པའི་ནང་དུ་ཁམས་གསུམ་དུ་ཞེན་པའི་རྟོགས་ཚོགས་ཐམས་ཅད་བསྡུས་ཤིང་། སྟོང་གསལ་དུ་སྦྱངས་ནས་འགག་མེད་ཀྱི་རོལ་པར་རྒྱུ་དུག་གསུམ་དང་རྐྱེན་ཁམས་གསུམ་གྱི་ཉོན་མོངས་རྣམ་པར་དག་པའི་རྦ་ཀློང་ཁྲག་གི་རྒྱ་མཚོར་གྱུར་པར་བསམ་ལ། ཧཱུྃ་འདོད་ཆགས་ཞེ་སྡང༴ སོགས་བརྗོད། ༀ་ཨཱཿཧཱུྃ་གོང་ལྟར། མ་ཧ་རཀྟ་ཁྲག་ཆེན་པོའམ་ཆགས་པ་ཆེན་པོ། ཛྭ་ལ་འབར་བ། མཎྜལ་དཀྱིལ་འཁོར། ཧཱུྃ་ཧྲཱིཿཋ་གོང་ལྟར་རོ། །གཏོར་སྣོད་བྷནྡྷ་འབར་བར་གཏོར་རྫས་གཏི་མུག་གི་ངོ་བོ་མི་ཤཞེ་སྡང་བ་ལང་། ང་རྒྱལ་ཁྱི། འདོད་ཆགས་རྟ། ཕྲག་དོག་གི་ངོ་བོ་གླང་པོ་ཆེའི་ཤ་སྟེ། ཤ་ལྔ་རྣམ་པར་དག་པ་ཡེ་ཤེས་ལྔའི་རང་བཞིན་འདོད་

ཡོན་གྱི་ཕུང་པོར་བསམ་ལ། ༀ་ཨཱཿཧཱུྃ་གོང་ལྟར། མ་ཧཱ་བྷ་ལི་ཾཏ་ཆེན་པོ། ཏེ་ཛྭ་བྷ་ལི་ཾཏ་གཟི་བརྗིད་ཀྱི་གཏོར་མ། བྷ་ལ་བྷ་ཏེ་སྟོབས་ཀྱིས་ཞལ་ཟས། གུ་ཧྱ་ས་མ་ཡཱ་གསང་བའི་དམ་ཚིག །ཧཱུྃ་ཧྲཱིཿཋ་གོང་ལྟར་རོ། །ནང་མཆོད་ཐུན་མོང་བ་རྣམས་གཟུགས་ཀྱི་ལྷ་མོ་དཀར་མོ་མེ་ལོང་། སྒྲ་ཡི་ལྷ་མོ་སྔོན་མོ་པི་ཝཾ། དྲིའི་ལྷ་མོ་སེར་མོ་དུང་ཆོས་དྲིས་བཀང་བ། རོའི་ལྷ་མོ་དམར་མོ་རོ་བརྒྱ་ལྡན་པའི་ཞལ་ཟས། རེག་བྱའི་ལྷ་མོ་ལྗང་གུ་ན་བཟའ་སྣ་ཚོགས། ཆོས་ཀྱི་ལྷ་མོ་སྔོན་མོ་རྡོ་རྗེ་ཐོགས་པ། གཞན་ཡང་ཕྱི་མཆོད་རྣམས་མེ་ཏོག་མ་སེར་མོ་མེ་ཏོག །བདུག་སྤོས་མ་སྔོན་མོ་སྤོས་ཀྱི་རེང་བུ། མར་མེ་མ་དམར་མོ་རྩི་མར་འབྲུ་མར་གྱི་སྒྲོན་མེ། དྲི་ཆབ་མ་སེར་མོ་གཙང་མའི་དྲི་ཆབ། ཞལ་ཟས་མ་དཀར་མོ་བཤོས་གཙང་། རོལ་མོ་མ་ལྗང་གུ་རོལ་མོ་སྣ་ཚོགས་ཐོགས་པ་དེ་དག་རེ་རེ་ལས་རང་འདྲའི་ལྷ་མོ་དཔག་མེད་འཕྲོས་པས་གནས་གཟུགས་སོགས་ཕུང་ལྔའི་ཤེས་ཡུལ་སོ་སོར་ཞེན་པ་མེད་པར་བྱིན་གྱིས་བརླབས་པའོ། །ༀ་བཛྲ་པུཥྤེ་ཨཱཿཧཱུྃ་མགོ་མཇུག་གི་ༀ་སྐུ་དང་། ཨཱཿཧཱུྃ་གསུང་དང་ཐུགས་ཡེ་ཤེས་བསྐུལ་བའི་ས་བོན། རྡོ་རྗེ་མེ་ཏོག་སོགས་གོ་སླའོ། །དེ་དག་གིས་ཡོན་ཆབ་ལ་དྲི་ཟ་ཉེ་འཁོར། མེ་ཏོག་ལ་མེ་ཏོག་ཚེ་རྒྱལ། བདུག་སྤོས་ལ་དྲི་ཡི་ངད་ལྡན། མར་མེ་ལ་གྲིབ་གནོན་རྐུན་པོ། དྲི་ཆབ་ལ་བདུག་པ་དྲི་འཕྲོག །ཞལ་ཟས་ལ་ལོག་འདྲེན་གདོང་བརྒྱ་ཞེས་བྱ་བའི་བགེགས་རྣམས་སེལ་བའི་དགོས་པ་ཡོད་དོ། །སྦྱོང་བྱེད་བྱིན་རླབས་ཀྱི་རིམ་པས། སྦྱང་བྱ་ཕྱི་མ་འཁོར་བའི་གནས་ལུས་ཀྱི་བསོད་ནམས་ཆ་མཐུན་གྱི་ལས་བསོག་པ་སྦྱོང་། སྦྱངས་འབྲས་འོད་ཟེར་ཆེན་པོའི་དབང་བསྐུར་བ་དང་སངས་རྒྱས་ཀྱི་ཞིང་སྦྱོང་བའི་ཏིང་ངེ་འཛིན་རྟོགས་པའོ། །

གཉིས་པ་དངོས་གཞི་ལ། བསྒྲུབ་བྱའི་ལྷ་ངོས་བཟུང་བ་དང་། སྒྲུབ་བྱེད་ཆོ་གའི་རྣམ་བཞག་བསྟན་པའོ། །དང་པོ་ནི་ལུང་རིགས་མན་ངག་གསུམ་ལ་བསྟེན་ནས་བསྒྲུབ་བྱའི་ལྷ་ལ་ངེས་པ་རྙེད་དགོས་ཏེ། གཞན་དུ་བསྒྲུབ་བྱ་མེད་པའི་སྒྲུབ་བྱེད་ཙམ་དུ་ཟད་དོ། །བསྒྲུབ་བྱའི་ལྷ་ནི། འགྲོ་བ་ཐམས་ཅད་འོད་གསལ་བྱང་ཆུབ་ཀྱི་སེམས་སྟོང་གསལ་འགག་མེད། ངོ་བོ་སྟོང་པ། རང་བཞིན་གསལ་བ། ཐུགས་རྗེ་འགག་པ་མེད་པར་གནས་པ་ནི་གཞིར་གནས་ཀྱི་རིག་པའི་ངང་དུ་གནས་པ་སྟེ། མགོན་པོ་བྱམས་པས། རིགས་ཡོད་ཕྱིར་ན་ལུས་ཅན་ཀུན། །རྟག་ཏུ་སངས་རྒྱས་སྙིང་པོ་ཅན། །ཞེས་གསུངས་པ་ལྟར་དམ་ཚིག་སེམས་དཔའ་དང་སངས་རྒྱས་ཐམས་ཅད་ཀྱི་ཆོས་སྐུ་ནི་ཡེ་ཤེས་སེམས་དཔའ་སྟེ། དེ་གཉིས་གདོད་མ་ནས་དབྱེར་མེད་དུ་བཞུགས་པ་ནི་དམ་ཡེ་གཉིས་མེད་ཀྱི་དོན་ཏེ་དྲི་མ་སྦྱོང་བའི་གཞི་ནོར་བུ་རིན་པོ་ཆེ་ལྟ་བུའོ། །དེ་ལྟར་མ་རྟོགས་པས་ཐ་དད་དུ་འཁྲུལ་བ་ནི། སྦྱང་བྱའི་དྲི་མ་འདམ་རྫབ་ལྟ་བུའོ། །སྦྱོང་བྱེད་འཁྲུལ་བ་ཀུན་བཏགས་ཀྱི་ཆ་བསྐྱེད་རིམ་དང་། ས་བོན་གྱི་ཆ་རྫོགས་རིམ་གྱིས་སྦྱོང་ཞིང་། ཇི་ལྟར་སྦྱོང་ན་འཁྲུལ་བའི་ཆ་ལས་ཉོན་གྱི་སྡུག་བསྔལ་དེ་ཉིད་ལམ་བདེ་བ་ཆེན་པོར་སྒྱུར་བར་བྱེད་པ་ཡིན་ལ་སྒྱུར་ཚུལ་དེའི་རང་ངོ་ལ་བླང་དོར་མེད་པར་བཞག་པས་དག་སྣང་དུ་འཆར་བའི་གནད་ཀྱིས་གསང་སྔགས་ཀྱི་ཐེག་པ་འདིར་ཀུན་འབྱུང་བདེན་པའི་རང་བཞིན་ལམ་བདེན་དང་། སྡུག་བསྔལ་བདེན་པའི་རང་བཞིན་འགོག་བདེན་དུ་སྣང་བས་འབྲས་བུ་ལམ་བྱེད་ཀྱི་དོན་ཡིན་པས་མཚན་ཉིད་ཐེག་པ་ལས་འཕགས་པ་ཡིན་ནོ། །སྦྱང་བྱའི་དྲི་མ་སྦྱངས་པས་ཇི་ལྟ་བའི་ཡོན་ཏན་བརྙེས་ནས་ཐུགས་རྗེས་མཛད་པ་རྒྱུན་མི་འཆད་པར་དོན་མཛད་པ་ནི་སྦྱངས་འབྲས་ཏེ། ནོར་བུ་རིན་

པོ་ཆེ་དྲི་མ་ཐམས་ཅད་ལས་གྲོལ་བ་བཞིན་ནོ། །མདོར་ན་རྣམ་པ་ལམ་བྱེད་ཀྱི་འགག་དོན་ནི། སྣོད་བཅུད་ཀྱི་སྣང་བ་འདི་དག་རྟེན་དང་བརྟེན་པའི་དཀྱིལ་འཁོར་གྱི་རྣམ་པར་དམ་ཚིག་སེམས་དཔའ་ཡེ་ནས་ཡིན་བཞིན་དུ་བསྒོམ་པ་རྣམ་པ་ལམ་བྱེད་སྦྱང་གཞིའོ། །སྦྱངས་འབྲས་སངས་རྒྱས་ཐམས་ཅད་ཀྱི་ཆོས་སྐུ་ཡིན་པས་དེ་རྣམ་པ་ལམ་བྱེད། ཆོས་སྐུ་ཉིད་ཡེ་ཤེས་སེམས་དཔའ་གང་འདུལ་གྱི་རོལ་བ་ཞི་ཁྲོའི་རྣམ་པར་སྤྱན་འདྲེན་པ་དང་། གཞི་འབྲས་གཉིས་གདོད་མ་ནས་དབྱེར་མེད་དུ་བཞུགས་པ། དེའི་རྣམ་པ་ལམ་བྱེད་ཡེ་ཤེས་པ་དང་དམ་ཚིག་པ་དབྱེར་མེད་དུ་བསྟིམ་ནས་དམ་ཡེ་དབྱེར་མེད་ཉམས་སུ་ལེན་པའི་ལམ་ཁྱེར་གྱི་གནད་ཤེས་པར་བྱའོ། །རང་བཞིན་རྣམ་དག་གི་ལྷ་དེ་བསྒྲུབ་བྱའི་མཐར་ཐུག་ཡིན་པའི་ངེས་པ་རྙེད་པའི་ཐབས་ལ་འབད་པར་བྱའོ། །གཉིས་པ་ཆོ་ག་དངོས་ལ། ལས་བྱང་གཉིས་དགོངས་པ་མཐུན་པར། ཚོར་བ་རང་གྲོལ་ལས། ལྷ་བསྐྱེད་སྤྱན་འདྲེན་བཞུགས་གསོལ་ཞིང་། །ཕྱག་མཆོད་བསྟོད་བཤགས་བདུན་གྱིས་བསྟན། ཞེས་པ་ལྟར། དང་པོ་ལྷ་བསྐྱེད་པ་ནི། འདིར་ཡོ་ག་གསུམ་གྱི་དགོངས་པ་གཅིག་ཏུ་དྲིལ་བ་ལམ་འདིའི་དགོངས་པ་སྟེ། བསྐྱེད་པ་མ་ཧཱ་ཡོ་ག་ལྟར་དཀྱིལ་འཁོར་བསྒྲུབ་རྫས་མཚོན་བྱེད་དུ་བྱས་ནས། སྦྱང་བྱ་སྦྱོང་བྱེད་ངོ་འཕྲོད་པའི་དོན་གྱི་ཉམས་ལེན། རྫོགས་པ་ཨ་ནུ་ཡོ་ག་ལྟར་དཀྱིལ་འཁོར་ལུས་[ལ་]རྫོགས་[པ་]རྩ་རླུང་བརྡ་དོན་ངོ་སྤྲོད་དུ་༼གྱི་༽ཉམས་ལེན། རྫོགས་པ་ཆེན་པོ་ཨ་ཏི་ཡོ་ག་ལྟར་དཀྱིལ་འཁོར་སེམས་[ལ་]རྫོགས་པ་སྤྲོས་པ་རང་ཆོད་དང་ཐོབ་བྱ་སྐུ་གསུམ། སྙིང་པོ་དོན་ཁྲིད་གྱི་ཉམས་ལེན་དུ་ཉམས་སུ་ལེན་པ་སྟེ། རྒྱུད་ཆེན་གསང་འདུས་ལས། བསྐྱེད་དང་རྫོགས་དང་རྫོགས་པ་ཆེ། །གཅིག་ལ་

གཅིག་བརྟེན་གཅིག་གི་ངང་། །ཞེས་གསུངས་པ་ལྟར་རོ། །དེ་ལ་དང་པོ། རྒྱུ་ཏིང་ངེ་འཛིན་གསུམ་གྱིས་ཁོག་དབུབ་པ། འབྲས་བུ་རྟེན་དང་བརྟེན་པའི་དཀྱིལ་འཁོར་བསྐྱེད་པའོ། །འདིར་ཏིང་ངེ་འཛིན་གསུམ་གྱི་མགོ་འདྲེན་ལ་ༀ་ཨཱཿཧཱུྃ་གསུམ་འབྱུང་བ་ནི་ལམ་ཏིང་ངེ་འཛིན་གསུམ་གྱི་མཚོན་པའོ། །དང་པོ་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་ནི། ༀ། རྣམ་པར་རྟོག་གསུམ་བྲལ་བ༴ སོགས་ཞེས་པ། གཅེར་མཐོང་རང་གྲོལ་ལས༔ འདས་པའི་རྟོག་པ་རྗེས་མེད་ཡལ་བའི་གཏིང༔ མ་འོངས་རྟོག་པ་མ་སྐྱེས་སོ་མ་ལ༔ ད་ལྟར་བཟོ་མེད་རང་ལུགས་གནས་པའི་དུས༔ ཐ་མལ་རང་ཁ་དུས་ཀྱི་ཤེས་པ་ལ༔ ཞེས་གསུངས་པ་ལྟར་འདས་མ་འོངས་ད་ལྟ་དུས་གསུམ་གྱི་རྟོག་པ་གསུམ་དང་བྲལ་བའི་སེམས་ཉིད་ངོ་བོ་མ་གྲུབ་ཅིང་གདོད་མ་ནས་མ་བཅོས་པའི་སྟོང་ཉིད་དམིགས་མེད་འཛིན་བྲལ་རིག་པའི་ཡེ་ཤེས་གཞིའི་ཆོས་སྐུ་དེ་བཞིན་ཉིད་ཀྱི་ངང་ལ་མཉམ་པར་བཞག་པའོ། །མ་ཧ་ཤུ་ཛྙ་ཏ་ཛྙ་ན་སྟོང་པ་ཆེན་པོའི་ཡེ་ཤེས། ས་མ་ཏི་ཨ་སྐྱེ་བ་མེད་པའི་དམ་ཚིག་གོ །དེ་བསྒོམས་པས་ཡེ་ནས་མ་རིག་འཁྲུལ་ཉོན་གྱིས་འཁོར་བར་འཁྱམས་པའི་གཉེན་པོ་སྟོང་གསལ་འཛིན་མེད་བསྒོམ་པའི་འབྲས་བུ་ལམ་དུ་བྱེད་པས་ཆོས་སྐུ་ལས་གཟུགས་སྐུ་འབྱུང་བའི་དགོས་པ་ཡོད་དོ། །འདིས་སྦྱང་བྱ་ཉེར་ཐོབ་ཀྱི་ཕྲ་བ་ཐིམ་པས་ངོ་མ་ཤེས་ན་ལྡོག་པ་ཅན་གྱི་འོད་གསལ་དར་གཅིག་འོང་བ་དེ་ཡིན་ལ། སྦྱོང་བྱེད་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་བསྒོམས་པས་སྦྱང་འབྲས་སྤྲོས་བྲལ་གྱི་ཡེ་ཤེས་ཆོས་ཀྱི་སྐུ་ཐོབ་པའོ། །གཉིས་པ་ཀུན་སྣང་ནི། རྟོག་བྲལ་དེ་བཞིན་ཉིད་མ་རྟོག་པའི་འགྲོ་བ་ལ་སྒྱུ་མ་ལྟ་བུའི་སྙིང་རྗེ་བསྒོམ་པའོ། །བཛྲ་མ་ཧཱ་ཀ་རུ་ཎི་ཀ་ཐུགས་རྗེ་ཆེན་པོའི་རྡོ་རྗེ། ས་མ་ཏི་ཨ་སྐྱེ་

བ་མེད་པའི་དམ་ཚིག་གོ །དེས་ན་དེ་བཞིན་ཉིད་སྤྲོས་བྲལ་སྟོང་པ་ཉིད་དང་། རྒྱུ་ཏིང་མཚན་བཅས་ཡིག་འབྲུར་སྣང་བ་གཉིས་སྙིང་རྗེས་མཚམས་སྦྱར་ནས། སྟོང་ཉིད་སྙིང་རྗེའི་ཆོ་འཕྲུལ་གྱི་ཡི་གེ་འབྱུང་བའི་དགོས་པ་ཡོད་དོ། །སྦྱང་བྱ་བར་དོའི་ལུས་དབང་པོ་ཀུན་ཚང་རྨི་ལམ་གྱི་སྣང་བ་ལྟར་འཆར་བ་ཡིན། སྦྱོང་བྱེད་ཀུན་སྣང་གི་ཏིང་ངེ་འཛིན་གྱིས། སྦྱངས་འབྲས་སངས་རྒྱས་ཀྱི་ལོངས་སྐུ་མཚན་དཔེས་སྤྲས་པ་དེ་ཐོབ་པའོ། །གསུམ་པ་རྒྱུའི་ཏིང་ངེ་འཛིན་ནི། སྟོང་པ་ཉིད་དང་གསལ་ཆ་སྙིང་རྗེ་དབྱེར་མེད་པའི་ངང་ལས་རང་སེམས་འགག་པ་མེད་པའི་རིག་རྩལ་ཨ་མཐིང་ནག་གཅིག་ཏུ་གྱུར་པར་བསམ་མོ། །བཛྲ་ཙིཏྟ་རྡོ་རྗེའི་ཐུགས། ཧཱུྃ་ཐུགས་ཡེ་ཤེས་བསྐུལ་བའི་ས་བོན། ཨ་སྐྱེ་བ་མེད་པའོ། །འདིས་ནི་དཀྱིལ་འཁོར་གྱི་ལྷ་ཚོགས་བསྐྱེད་པའི་རྒྱུ་བྱེད་པ་དང་། རིག་པ་ལས་ལ་བཟུང་བའི་དགོས་པ་ཡོད་དོ། །སྦྱང་བྱ་ནི་གང་དུ་སྐྱེ་འགྱུར་གྱི་སྐྱེ་གནས་ལ་འཇུག་མ་རག་བར་དོའི་རླུང་སེམས་དེ་ཡིན་ལ། སྦྱོང་བྱེད་རྒྱུ་ཏིང་གིས། སྦྱངས་འབྲས་ལོངས་སྐུའི་རྩལ་ལས་གང་འདུལ་གྱི་སྤྲུལ་སྐུར་སྟོན་པའོ། །གཉིས་པ་ལ་འོག་གཞི་འབྱུང་བ་རིམ་བརྩེགས་བསྐྱེད་པ་དང་། རྟེན་གཞལ་ཡས་ཁང་བསྐྱེད་པའོ། །དང་པོ་ནི་ནམ་མཁར་གནས་པའི་རྒྱུའི་ཨ་ཡིག་རང་བཞིན་གྱིས་མ་གྲུབ་པ་འཇའ་ཚོན་ལྟ་བུ་ལས། ཨེ་མཐིང་ནག་གཅིག་འོག་ཏུ་ཆད་པ་ལས་ནམ་མཁའ་མཐིང་ནག་རྣམ་པ་ཆོས་འབྱུང་ཟུར་དྲུག་བསྣོལ་མ་འཕེལ་ཀ་གྱེན་དང་རྩ་བ་ཕྲ་བ་ཐུར་དུ་ཟུག་པ་འབྱམས་ཀླས་པ་དབྱིངས་ཕྱུག་མའི་མཁའ་ཀློང་རྣམ་དག །དེ་སྟེང་ཨ་ལས་ཡཾ་འཕྲོས་པས་རླུང་གི་དཀྱིལ་འཁོར་རྡོ་རྗེ་རྒྱ་གྲམ་གྱི་རྣམ་པ་ཁ་

དོག་སྣ་ལྔའི་མདོག་ཅན་འོད་ཟེར་སྣ་ལྔའི་མུ་ཁྱུད་ཀྱིས་བསྐོར་བ་དམ་ཚིག་སྒྲོལ་མའི་མཁའ་རྣམ་པར་དག་པ། དེ་སྟེང་མེའི་དཀྱིལ་འཁོར་མེད་པ་ནི། སྡུད་པ་ལས། མཁའ་ལ་རླུང་བརྟེན་དེ་ལ་ཆུ་ཡི་ཕུང་པོ་བརྟེན། །དེ་ལ་ས་ཆེན་འདི་བརྟེན་དེ་ལ་འགྲོ་བའང་བརྟེན། །ཞེས་གསུངས་པ་ལྟར། སྣོད་བཅུད་ཆགས་པའི་དུས་མེ་མངོན་གྱུར་དུ་མེད་པ་ལ་དགོངས་པའོ། །འོ་ན་མེ་གོས་དཀར་མོའི་མཁའ་རྣམ་པར་དག་པ་ཡེ་ནས་མེད་པ་ཞིག་ཡིན་སྙམ་ན་དེ་ཡང་མ་ཡིན་ཏེ། ཀློང་གསལ་ལས། མཁའ་ལ་རླུང་ཆགས་རྒྱ་གྲམ་ཚུལ། །རླུང་ལས་ཆུ་ཆགས་རྒྱ་མཚོར་འཁྱིལ། །ཆུ་ལས་ས་ཆགས་ད་ལའི་ཚུལ། །མེ་ནི་རླུང་གི་རྩལ་ཡིན་ནོ། །ཞེས་མེ་རླུང་གི་རྩལ་དུ་ཡོད་པས་ཁྱད་པར་མ་གསུངས་པའོ། །རླུང་དེ་ཡང་འབྱུང་བ་གསུམ་ཀའི་གྲོགས་ཡིན་ཏེ། རླུང་རྒྱ་གྲམ་གྱི་ལྟེ་བ་ལ་ཡེ་ཤེས་ཀྱི་དྲོད་བག་ཙམ་བྱུང་། དེ་ཆུ་ལ་ཕོག་པའི་རླངས་པ་མཐོ་གོང་གི་དུ་བ་ཙམ་བྱུང་། རླངས་པ་དེ་ས་དཀྱིལ་ལ་ཕོག་པས་ཆང་ལ་ཕབ་བཏབ་པའི་དྲོད་ཙམ་བྱུང་ཞེས་དང་། ཀློང་གསལ་ལས། རླུང་ཡང་ཀུན་གྱི་གྲོགས་ཡིན་ནོ། །འབྱུང་བ་གསུམ་ལ་མཉམ་པར་ཁྱབ། །ཅེས་གསུངས་པ་ལྟར་རོ། །རླུང་གི་དཀྱིལ་འཁོར་གྱི་སྟེང་དུ་བཾ་ལས་ཆུའི་དཀྱིལ་འཁོར་འོད་མ་ངེས་པ་ཁ་དོག་སྣ་ཚོགས་ཀྱི་འོད་ཀྱིས་བསྐོར་བ་མཱ་མ་ཀིའི་མཁའ་རྣམ་པར་དག་པ། དེ་སྟེང་ལཾ་ལས་རིན་ཆེན་གསེར་གྱི་ས་གཞི་གྲུ་བཞི་པ་མཐའ་འོད་ཟེར་སེར་པོས་བསྐོར་བ་སངས་རྒྱས་སྤྱན་མའི་མཁའ་རྣམ་པར་དག་པ། དེ་སྟེང་གསེར་གཡུ་སོགས་རིན་ཆེན་སྣ་ཚོགས་ཀྱི་རི་རབ་ཟུར་བཞི་དང་ལོགས་བཞི་སྟེ་བརྒྱད་དང་ལྡན་པའོ། །འདི་ཆུ་མཚམས་ཡན་ལ་བསྒོམ་པས་ཆོག་པའི་ཕྱིར་ཕྱེད་མར་བཅད་པའི་ཕྱེད་འོག་མ་བང་རིམ་བཞི་བརྩེགས་པའི་རྣམ་པ་དང་། ཕྱེད་གོང་མ་ཀུན་ནས་གྲུ་བཞི་པ་རྩ་

བའི་མཐའ་ལྕགས་རིའི་འཁོར་ཡུག་གི་བསྐོར་བའི་རྩེ་ནི་གཞལ་ཡས་ཁང་གི་འོག་གཞིར་གྱུར་པའོ། །འདིས་སྦྱང་བྱ་ནི་ལས་ཀྱི་བག་ཆགས་སེེམས་ལ་བསྒོས་པས་ཡུལ་སྣང་གྱུར་འབྱུང་བཞིའི་དཀྱིལ་འཁོར་རི་རབ་དང་བཅས་པ་གྲུབ་པས་དེ་སྦྱང། སྦྱོང་བྱེད་འབྱུང་བཞིའི་དཀྱིལ་འཁོར་བསྒོམ་པས། སྦྱངས་འབྲས་སངས་རྒྱས་ཀྱི་ཞིང་ཡུམ་ལྔའི་མཁའ་རྣམ་པར་དག་པ་ཡེ་ཤེས་ལྔ་ཐོབ་པའོ། །གཉིས་པ་ནི། རྒྱུ་ཡི་ཨ་ཡིག་ལས་འབྱུང་བཞི་རི་རབ་དང་བཅས་པའི་དྭངས་མ་གཅིག་ཏུ་འདུས་པའི་བྷྲཱུཾ་ཡིག་ཁ་དོག་ལྔ་ལྡན་གཞལ་ཡས་ཁང་བསྒོམ་པའོ། །གཞལ་ཡས་ཁང་གཞུང་ཚིག་ལ་ཅུང་ཟད་གསལ་ཆ་བྱས་ནས་བྲི་བ་ལ། ཕྲིན་ལས་རྣམ་བཞི་ཡོངས་སུ་ཁྱབ་པའི་བརྡར་འོག་གཞི་པདྨ་འདབ་མ་སྟོང་ལྡན་གྱི་ལྟེ་བར་ཉི་མའི་དཀྱིལ་འཁོར། དེའི་སྟེང་དུ་རྣམ་རྟོག་གི་འགྱུ་དྲན་རིག་སྟོང་དུ་གྲོལ་བའི་རྟགས་སུ་རྡོ་རྗེ་རྒྱ་གྲམ་ཕྱོགས་མདོག་ཅན། རྡོ་རྗེའི་ལྟེ་བ་གྲུ་བཞི་པ་འགྱུར་བ་མེད་པའི་བརྡར་གཞི་མཐིང་ག །དེའི་སྟེང་དགོས་འདོད་ཡིད་བཞིན་དུ་སྐོང་བའི་བརྡར་རིན་ཆེན་སྣ་ལྔའི་རྩིགས་པ་ནང་ནས་ཕྱིར་བཻཌཱུཪྱ་ཤེལ་ར་ག་གསེར། མརྒད་དེ་མཐིང་དཀར་དམར་སེར་ལྗང་གུའི་རིམ་པ་ལྔ་ལྡན། ཆེ་བའི་ཡོན་ཏན་དང་ལྡན་པས་གྲུ་བཞི་ཚད་མེད་པའི་སྒོ་བཞི་དང་ལྡན་པ། ཚོགས་བརྒྱད་དག་པའིི་ལྷ་བརྒྱད་དེ། ཁྱབ་འཇུག །མ་ཧཱ་དེ་ཝ། བྷྲིང་གི་རི་ཏི། དགའ་བྱེད་དབང་པོ། གཞོན་ནུ་སྨིན་དྲུག །ཚོགས་ཀྱི་བདག་པོ། མ་ཧཱ་ཀཱ་ལ། པཱ་ལ་པ་ཏྲའི་ཀ་གདུང་བྱས་པ། ཉེ་ཉོན་ཉི་ཤུ་དག་པའི་ལྷ་ཆེན་༼ཕྲན་༽གྱི་དྲལ་ཕྱམས། ཡོན་ཏན་ལྷུན་གྱིས་གྲུབ་པས་རིན་ཆེན་སྣ་ཚོགས་ཀྱི་ཐོག་ཕུབ་པ། རྣམ་ཤེས་ཡུལ་བརྒྱད་དང་བྲལ་བའི་རུས་སྦལ་བརྒྱད་དང་། ཐུགས་རྗེས་མི་གཏོང་བའི་བརྡར་ཆུ་སྲིན་གྱིས་ཀ་

གདན། བཀྲ་ཤིས་པའི་རྟགས་མུ་ཏིག་དང་རིན་པོ་ཆེའི་ཀ་རྒྱན། རྣམ་ཐར་བརྒྱད་དང་ལྡན་པའི་རྟགས་སུ་ཉི་མ་སོགས་གཟའ་བརྒྱད་དང་རྒྱུ་སྐར་གྱི་ཀ་ཞུ། ཆེ་བའི་ཡོན་ཏན་དང་ལྡན་པའི་རྟགས་རྩིགས་པའི་སྟེང་ཕ་གུ་སེར་པོ་རིན་པོ་ཆེའི་ཕྲས་བརྒྱན་པ། སྐྱོན་བྲལ་ཡོན་ཏན་དང་ལྡན་པས་ཕ་གུའི་སྟེང་དུ་ཆུ་སྲིན་མ་ཀ་རུའི་ཁ་ནས་དྲ་བ་དང་དྲྭ་ཕྱེད་ཀྱིས་མིག་ཚགས་སུ་བཀོད་པ། དཀོན་མཆོག་གསུམ་གྱི་ཆོས་སྒྲ་སྒྲོགས་པའི་དྲིལ་བུ་རྩ་བརྒྱད་དང་། མཚན་དཔེ་བརྒྱ་རྩ་བརྒྱད་དང་ལྡན་པའི་མཆོད་རྟེན་བརྒྱ་རྩ་བརྒྱད་ཀྱིས་བསྐོར་བ། བསྟན་པ་མི་ནུབ་པའི་རྟགས་སུ་རྒྱལ་མཚན་བཅུས་བསྐོར་བ། རྒྱལ་མཚན་བཅུ་ནི། རྒྱ་སྟེའུ་༼བྱེའུ་༽ལྕགས་ཀྱི་རྒྱལ་མཚན། གདུལ་བྱ་ཤ་བའི་རྒྱལ་མཚན། གཅན་གཟན་གཟིག་གི་རྒྱལ་མཚན། དམར་གསལ་ཁྲག་གི་རྒྱལ་མཚན། རྩལ་ཆེན་སེང་གེའི་རྒྱལ་མཚན། སྤྲུལ་བ་རྡོ་རྗེའི་རྒྱལ་མཚན། རིན་ཆེན་སྦྲུལ་ནག་གི་རྒྱལ་མཚན། དཔའ་བོ་སྟག་གི་རྒྱལ་མཚན། གཟི་མདངས་མིའི་རྒྱལ་མཚན། གཏུམ་ཆེན་དོམ་གྱི་རྒྱལ་མཚན་ནོ། །ཉོན་མོངས་པའི་རྣམ་རྟོག་དང་བྲལ་བའི་བརྡར་རི་དྭགས་ཀྲཥྞ་པ་ར་ཕོ་རྭ་ཡོད། མོ་རྭ་མེད་གཉིས་ཀྱི་བར་དུ་སེམས་ཅན་ལ་ཆོས་སྟོན་པའི་བརྡར། ཆོས་འཁོར་རིམ་པ་བཅུ་གསུམ་དང་ལྡན་པ། བྱམས་སྙིང་རྗེ་དང་ལྡན་པའི་གདུགས། ཐབས་ཤེས་འདུ་འབྲལ་མེད་པའི་དར་དཔྱངས་དང་བཀྲ་ཤིས་རྫས་ཀྱིས་བརྒྱན་པ། ཕྱི་རོལ་ཏུ་རྣམ་ཤེས་ཚོགས་བརྒྱད་གནས་སུ་དག་པའི་བརྡར་དུར་ཁྲོད་བརྒྱད་ཀྱིས་བསྐོར་བ་ནི། ཤར་དུ་དུར་ཁྲོད་བསིལ་བ་ཚལ། རི་ཆེན་པོ་ལ་གནས་པའི་མཆོད་རྟེན་བདེ་བྱེད་བརྩེགས་པ། བང་རིམ་སོགས་སྤྱི་མཐུན། རུ་ཏྲའི་སྙིང་། མ་མོ་ཀཽའུ་རི་སྔོན་མོ་ཁྲོ་མོའི་ཆས་ཅན་གཡས་ཞིང་དབྱུག་དང་གཡོན་བྷན་དམར། དེའི་དྲུང་ཉའི་ཤིང་

སྡོང་སེར་པོ་ལོ་མའི་ཁྲོད་ན། ཞིང་སྐྱོང་གནམ་འཕྲོ་རྣམས་ཁྲོ་མོ་དཀར་མོ་གླང་པོ་ཆེའི་མགོ་ཅན་གྲི་ཐོད་འཛིན་པ་ཤིང་གསེབ་ནས་ལུས་ཕྱེད་ཐོན་པ། ཕྱོགས་སྐྱོང་བརྒྱ་བྱིན་སེར་པོ་མིག་སྟོང་ཅན་གླང་ཆེན་ཞོན་པ། རྡོ་རྗེ་དཀར་པོ་རྩེ་གཅིག་འཛིན་པ་དབང་མོར་བཅས་པ། མཚོ་ནང་དུ་ཀླུ་མཐའ་ཡས་དཀར་པོ། སྤྲིན་སྒྲོགས་བྱེད་དཀར་པོ། སློབ་དཔོན་ཧཱུྃ་ཀ་ར་ཐུགས་ཀར་རྡོར་དྲིལ་བསྣོལ་ཐབས། སྟོབས་བཟང་གི་རོ། ལྷོར་དུར་ཁྲོད་སྐུ་ལ་རྫོགས། མཆོད་རྟེན་རིན་ཆེན་བརྩེགས། རུ་ཏྲའི་མགོ་གདུང་གཅིག་མཐིང་ག་རལ་བ་དམར་སེར་ཁྲོ་གདོང་མིག་གཉིས། ཙོའུ་རི་སེར་མོ་མདའ་གཞུ། དེའི་དྲུང་ཤིང་ཙུ་ཏ་སྔོན་མོའི་ཁྲོད་ན། ཞིང་སྐྱོང་འཚོ་བྱེད་མ་ཧེའི་གདོང་ཅན་གྲི་ཐོད། ཕྱོགས་སྐྱོང་གཤིན་རྗེ་མཐིང་ནག་ཐོད་དབྱུག་ཅན་མ་ཧེ་ལ་ཞོན་པ་ཆུང་མ་དང་བཅས། མཚོར་འཇོག་པོ་སེར་པོ། སྤྲིན་རྣམ་སྡུད་སྔོ་སྐྱ། འཇམ་དཔལ་བཤེས་གཉེན་བེ་ཅོན་སྡིག་འཛུབ། འཆི་བདག་གི་རོ་ནག་པོ། ནུབ་དུ་པདྨ་བརྩེགས། མཆོད་རྟེན་བདེ་རྒྱས། རུ་ཏྲའི་གློ་བ། པྲ་མོ་དམར་མོ་ཆུ་སྲིན་རྒྱལ་མཚན། ཤིང་ཨ་མ་ས་ལི་ཀཞིང་སྐྱོང་རོལ་ཆེན་ཆུ་སྲིན་གདོང་། ཕྱོགས་སྐྱོང་ཆུ་ལྷ་དམར་སྐྱ་སྦྲུལ་ཞག་ཆུ་སྲིན་ཞོན་པ་ཆུང་མར་བཅས། མཚོར་དུང་སྐྱོང་དམར་སྐྱ། སྤྲིན་སྒྲོགས་འཇིགས་དམར་ནག །ཀླུ་སྒྲུབ་སྲེག་པར། སྟོབས་ལྡན་གྱི་རོ། བྱང་ལང་ཀ་བརྩེགས་པར། མཆོད་རྟེན་དོན་ཡོད་ཕྲིན་ལས། རུ་ཏྲའི་མཚན་མ། བཻ་ཏ་ནག་མོ་རྡོ་རྗེ་དང་བྱིས་བམ་ཟ་བ། ཤིང་ཨ་སུ་ཏ་ན། ཞིང་སྐྱོང་དུད་ཁ་ཞེས་པ་རྟ་གདོང་ཅན་ལྗང་ཀུ། ཕྱོགས་སྐྱོང་གནོད་སྦྱིན་སེར་པོ་རིན་ཆེན་དབྱུག་པ་རྟ་དམར་ཅན་ཆུང་མར་བཅས། མཚོར་ཀླུ་སྟོབས་རྒྱས་ལྗང་གུ། མྱོས་སྤྲིན་ལྗང་གུ། པྲ་ཆེན་ཧ་སྟི་རྒྱ་གྲམ་དང་གླེགས་བམ། ཁྱབ་འཇུག་གི་རོ། ཤར་ལྷོ་ལྷུན་གྲུབ་

གཏེར་དང་། མཆོད་རྟེན་ཀོའུ་རི་ཤནྟིཾ། རུ་ཏྲའི་ལག་གཡས། མ་མོ་པུསྐ་སི་དམར་སེར་བྱིས་རྒྱུ་འདྲེན་པ། ཤིང་ནྱ་ཀྲོ་ཏ། ཞིང་སྐྱོང་འབྱུང་པོ་ར་གདོང་སེར། ཕྱོགས་སྐྱོང་མེ་ལྷ་དྲང་སྲོང་དམར་པོ་རྒན་པ་བགྲང་ཕྲེང་དང་སྤྱི་བླུགས་ར་ཞོན་ཆུང་མར་བཅས། མཚོར་པད་ཆེན་སྔོན་པོ། སྤྲིན་སྡུད་དམར་སེར། དྷ་ན་སང་ཀྲི་ཏ་ཐོད་རྔ་པད་ཕོར། དགའ་རབ་དབང་ཕྱུག་གི་རོ། ལྷོ་ནུབ་གསང་ཆེན་རོལ་པ། མཆོད་རྟེན་སྐད་དྲག་ཀ་ནི་ཀརུ་ཏྲའི་ལག་གཡོན། ཀསྨ་རི་ལྗང་གུ་རྡོ་རྗེ་ཐོད་ཁྲག་དཀྲུག་པ། ཤིང་བཞི་ཁྲི་གསང་ཆེན་འོད་པ། ཞིང་སྐྱོང་སྤྲུལ་བ་མི་གདོང་སྔོན་པོ། ཕྱོགས་སྐྱོང་སྲིན་པོ་སྨུག་ནག་རལ་གྲི་ཅན་མི་ཞོན་ཆུང་མར་བཅས། མཚོ་ཀླུ་ཧུ་ལུ་མུ་ཁ་སྨུག་པོ། སྤྲིན་བྷ་ན་སེར་ཁྲ། བི་མ་མི་ཏྲ་ཚེ་བུམ། ཚོགས་བདག་གི་རོ། ནུབ་བྱང་ཧེ་ཆེན་བརྡལ་བར། མཆོད་རྟེན་དགེ་ལྡན་མ་ཧཱ་བྷ། རུ་ཏྲའི་རྐང་གཡོན། སྨེ་ཤ་མཐིང་ནག་བྱིས་རོའི་སྙིང་ཟ་བ། ཤིང་ཏསྗ་མཐིང་ནག །ཞིང་སྐྱོང་ལྟོ་འཕྱང་ཤ་བའི་མགོ །ཕྱོགས་སྐྱོང་རླུང་ལྷ་དུད་ཁ་དཀར་མདངས་ཅན་བ་དན་ཤ་ཞོན་ཆུང་མར་བཅས། མཚོར་རིགས་ལྡན་ལྗང་གུ། སྤྲིན་ཆར་འབེབས་སེར་པོ། རམ་བུ་གུ་ཧྱ་ལྕགས་ཀྱུ་ཞགས་པ། བྷྲིང་གི་རོ། བྱང་ཤར་འཇིག་རྟེན་བརྩེགས་པར། མཆོད་རྟེན་ཤིང་ཀུན། རུ་ཏྲའི་རྐང་གཡས། ཙན་ཏ་སེར་སྐྱ་མི་རོ་སྟོད་སྨད་ཕྲལ་བ། ཤིང་ཏ་ལ་དམར་མདངས་ཅན། ཞིང་སྐྱོང་དྲེགས་པ་ལྕེ་སྤྱང་གདོང་། ཕྱོགས་སྐྱོང་དབང་ལྡན་སེར་པོ་རྩེ་གསུམ་ཅན་ཆུ་གླང་ཞོན་པ་ཆུང་མར་བཅས། མཚོར་ཀླུ་བ་སུ་དཀར་པོ། སྤྲིན་ཉ་ཆེན་ནག་པོ། ཤནྟི་ཾགྷརྦྷ་གྲི་ཐོད། སྨིན་དྲུག་གི་རོ། དེ་ལ་མཆོད་རྟེན་རྣམས་དཀར་པོ། ཤིང་སྤྲིན་སོགས་གསལ་ཀ་མེད་པ་ཅི་རིགས། ཞིང་སྐྱོང་བརྒྱད་གྲི་ཐོད་ཐུགས་ཀར་སྟེང་འོག་འཛིན་པ། མ་བརྒྱད་ཐོད་སྐམ་ལྔ་དང་ཁྲོ་

མོའི་ཆས་ཅན་སྤྱན་གསུམ། མཚོ་བརྒྱད་ཀླུ་སོ་སོའི་ཁ་དོག་སློབ་དཔོན་བརྒྱད་ཆོས་གོས་སྣམ་སྦྱར་ཟ་བེར་པད་ཞྭ་གསོལ་བ་རྡོར་དྲིལ་བསྣོལ་ཐབས། ཀླུ་བརྒྱད་སྦྲུལ་མགོའི་གདེངས་ཀ་ཐལ་སྦྱར་སྦྲུལ་མཇུག་ཅན་རི་བརྒྱད་གསེབ་ནས་དུག་སྦྲུལ་མང་པོ་ཐོན་པ། དུར་ཤིང་སྐམ་རྙིད་ཅན། དུར་ཁྲོད་ཀྱི་མཚམས་སུ་མཚོ་ཆེན་པོ། གཞན་ཡང་མེ་བརྒྱད་དང་། རིག་འཛིན་དཔའ་བོ་རྣལ་འབྱོར་མའི་ཚོགས་ཤ་ཟ་འབྱུང་པོ། བྱ་གཅན་གཏུམ་པ་མང་པོས་གང་བ། རོ་ལང་དང་། དུམ་བུ་ཀེང་རུས་ལ་སོགས་པ་བཀྲམས་པས་འཇིགས་པར་གནས་པབྱས་པའོ། །དེའི་ཕྱིར་བག་ཆགས་ཀྱི་དྲི་མ་དག་པའི་པདྨའི་རྭ་བ། ཆོས་ཉིད་སྐྱེ་འཇིག་དང་བྲལ་བའི་རྡོ་རྗེ་སོགས་ཕྱག་མཚན་ལྔའི་རྭ་བས་བསྐོར་བ། དེའི་ཕྱིར་ཕྱིན་ཅི་ལོག་གི་རྣམ་རྟོག་བསྲེགས་པའི་བརྡར་མེ་དཔུང་ཁ་དོག་སྣ་ལྔ་རབ་ཏུ་འཕྲོ་བའོ། །བྷྲཱུཾ་{ལས་}ཡེ་ཤེས་གཞལ་ཡས་ཁང་གི་ས་བོན། བྷི་ཤྭ་བྷི་ཤུདྡྷེ་སྣ་ཚོགས་རྣམ་པར་དག་པ། ཛྙཱ་ན་ཙཀྲ་མཎྜལ་བྷྲཱུཾ་ཡེ་ཤེས་ཀྱི་འཁོར་ལོའི་དབྱིངས། ཨ་རྒྱུ་ཡི་ཏིང་ངེ་འཛིན་གྱི་ཡི་གེཨེ་འབྱུང་བ་ནམ་མཁའི་ས་བོན། ཡཾ་རླུང་། བཾ་ཆུ། ལཾ་ས། བྷྲཱུཾ་ཆོས་ཀྱི་དབྱིངས། བྷི་ཤྭ་བྷི་ཤུདྡྷེ་ཨ་སྣ་ཚོགས་རྣམ་པར་དག་པ་སྐྱེ་བ་མེད་པ། བྷྲཱུཾ་ཧཱུྃ་དང་པོའི་གཞལ་ཡས་ཁང་གི་རྣམ་པ་གསལ་བ། བྷྲཱུཾ་ཧཱུྃ་གཉིས་པའི་རྣམ་དག་དྲན་པ། ཧཱུྃ་གིས་བརྟེན་པར་བྱས་པའོ། །མདོར་ན་ཟག་པ་མེད་པའི་ཡེ་ཤེས་ཆེན་པོའི་དཀྱིལ་འཁོར་དག་༼དོགས་༽པ་མེད་པར་ཆོ་འཕྲུལ་དུ་མ་འགགས་པར་འཇའ་ཚོན་བཞིན་དུ་ཤར་བ། ཕྱི་ནང་སྒྲིབ་པ་མེད་པ་ཟང་ཐལ་དུ་བསྒོམ་པར་བྱའོ། །དེ་དག་ནི་གཞུང་ཚིག་ལ་གསལ་ཆ་བྱས་ནས་བཀོད་པ་ལ། མ་ཚང་པའི་སྐོར་ཅུང་ཟད་ནི། དྲྭ་ཕྱེད་ཀྱི་སྟེང་རིན་པོ་ཆེའི་ཤར་བུ་

སྤྱི་བླུགས་མགོ་ཐུར་བསྟན་ལྟ་བུ་སྟེ། དངོས་སུ་མདའ་ཡབ་པདྨ་འདབ་མ་ཕྱེད་པའི་དབྱིབས། རྩིགས་འགྲམ་ན་འདོད་སྣམ་དམར་པོས་བསྐོར་བ་ལ་ལྷ་མོ་བཅུ་དྲུག །སྒོ་དང་སྒོ་འཁྱུད་ཀྱི་ཟུར་དང་མཚམས་བཞིར་ཟླ་ཕྱེད་རྡོ་རྗེས་བརྒྱན་པ་སྟེ། སྒོ་ལོགས་ཀྱི་ཟུར་བཞི་ནས་བུམ་པ་ལ་གནས་པའི་ཀ་བ་བཞི་བཞིས་བཏེག་པའི་རྟ་བབས་སྣམ་བུ་བརྒྱད་པ་བསིལ་ཁང་དང་ལྡན་པ། ནང་གི་ཕྱོགས་བཞི་ནས་ཀ་བས་བཏེག་པའི་རྡོ་རྗེའི་ཟླ་གམ་གདུང་ཆེན་བཞིས་མིག་མང་རིས་སུ་བྲིས་པས་མཛེས་པར་ཕུབ་པའི་དབུས་ཕྱུར་བུ་གྱུར་པའི་རྩེ་རྡོ་རྗེ་རིན་པོ་ཆེའི་ཏོག་གིས་མཛེས་པ། ནང་གི་ཤར་ནས་ཕྱོགས་བཞིར་དཀར་སེར་དམར་ལྗང་དྭངས་ཤིང་སྒྲིབ་པ་མེད་པའི་རང་བཞིན་ཅན་ནོ། །ཞིབ་པར་བློས་བསླངས་ལག་ཁྲིད་ཞིག་གལ་ཆེ་བས་དེ་ཙམ་མོ། །སྦྱང་བྱ་སེམས་ཅན་གྱི་ལོངས་སྤྱོད་པའི་ཡུལ་དང་ཁང་ཁྱིམ་ལ་སོགས་པའི་ཞེན་རྟོག་སྦྱང། སྦྱོང་བྱེད་གཞལ་ཡས་ཁང་བསྒོམས་པས། སྦྱངས་འབྲས་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་རྟེན་གནས་གཞས་ཡས་ཁང་ཡུམ་ལྔའི་མཁའ་རྣམ་པར་དག་པ་རྣམ་སྣང་གི་ངོ་བོར་རྟོགས་པའོ། །གཉིས་པ་བརྟེན་པ་ལྷ་བསྐྱེད་པ་ལ་ཞི་ཁྲོ་གཉིས་ལས། དང་པོ་ཞི་བ་བསྐྱེད་པ་ལ། སྤྱིར་ལམ་འདི་ཡོ་ག་གསུམ་གཅིག་དྲིལ་གྱི་དགོངས་པ་ཚང་སྟེ། ཨ་ཏི་ཡོ་ག་ལྟར་སྐད་ཅིག་དྲན་རྫོགས། ཨ་ནུ་ལྟར་མངོན་བྱང་ལྔ། མ་ཧཱ་ལྟར་ཆོ་ག་གསུམ་ལས། དང་པོ་ནི། ལས་བྱང་ཆེ་ཆུང་གཉིས་ཀར་སྐད་ཅིག་དྲན་རྫོགས་ཀྱི་ཚིག་དངོས་ཟིན་དུ་ཡོད་པ་ལྟར་རོ། །གཉིས་པ་ནི། ཆོས་ཀུན་དེ་བཞིན་ཉིད་དུ་བསྒོམ་པ་ནི། སྟོང་པ་ཉིད་ལ་མངོན་པར་བྱང་ཆུབ་པ་སྟེ། ཆོས་དབྱིངས་ཡེ་ཤེས་ཀྱི་བདག་ཉིད་དེ་བཞིན་གཤེགས་

པའི་རིགས་སོ། །པད་ཟླ་ཉི་མའི་དཀྱིལ་འཁོར་ནི་གདན་ཉི་ཟླ་ལས་མངོན་པར་བྱང་ཆུབ་པ་སྟེ། མེ་ལོང་ཡེ་ཤེས་དང་རྡོ་རྗེའི་རིགས་སོ། །ས་བོན་ཨ་ཡིག་ནི་གསུང་ཡིག་འབྲུ་ལས་མངོན་པར་བྱང་ཆུབ་པ་མཉམ་ཉིད་ཡེ་ཤེས་དང་རིན་ཆེན་རིགས་སོ། །ཕྱག་མཚན་རྡོ་རྗེ་མཐིང་ནག་བསྒོམ་པ་ནི། ཐུགས་ཕྱག་མཚན་ལས་མངོན་པར་བྱང་ཆུབ་པ་སྟེ་སོར་རྟོག་ཡེ་ཤེས་དང་པདྨའི་རིགས་སོ། དེ་ཡོངས་སུ་གྱུར་པ་ལས་བདག་ཉིད་ཀུན་བཟང་བསྐྱེད་པ་ནི། སྐུ་ཡོངས་སུ་རྫོགས་པ་ལས་མངོན་པར་བྱང་ཆུབ་པ་སྟེ། བྱ་གྲུབ་ཡེ་ཤེས་དང་ལས་ཀྱི་རིགས་སོ། །གསུམ་པ་ནི། རང་སེམས་སྟོང་གསལ་གྱི་ངང་ལས་སེམས་ཉིད་མི་འགྱུར་བའི་རྡོ་རྗེ་མཐིང་ནག་བསྒོམ་པ་ཐུགས་ཕྱག་མཚན་གྱི་ཆོ་ག །དེ་སྐྱེ་མེད་ཨ་ཡིག་གིས་མཚན་པར་བསྒོམ་པ་ནི། གསུང་ཡིག་འབྲུའི་ཆོ་ག །ཨ་ཡིག་དེ་ལ་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་ངོ་བོ་འདུས་པ་སྟེ། འགྲེལ་ཆུང་ལས། སྐུ་གསུང་ཐུགས་ཀྱི་ཀློང་ནས་ཨ་བྱུང་སྟེ། །ཨ་ནི་ཁོང་ནས་འབྱུང་བ་སྐྱེ་བ་མེད། །ཅེས་དང་། དེར་མ་ཟད་ཡི་གེ་ཐམས་ཅད་ཀྱི་ནང་ནས་མཆོག་དང་གཙོ་བོར་གྱུར་པ་སྟེ། མཚན་བརྗོད་ལས། ཨ་ནི་ཡིག་འབྲུ་ཀུན་གྱི་མཆོག །དོན་ཆེན་ཡི་གེ་དམ་པ་ཡིན། །ཞེས་གསུངས་སོ། །དེ་ལྟ་བུའི་ཨ་ཡིག་མཐིང་ནག་སྣང་སྟོང་གཉིས་མེད་ཀྱི་ངོ་བོ། མི་གཡོ། མི་འགྱུར། མངོན་པར་མི་འགྱུར། ཅི་ཡང་བསྒྱུར་དུ་མི་རུང་བ་སྟེ་བརྟན་པའི་ཚད་བཞི་དང་། སལ་ལེ། སང་ངེ་། ལྷག་གེལྷང་ངེ་སྟེ། གསལ་བའི་ཚད་བཞི་དང་༼སྟེ༽། གསལ་བརྟན་གྱི་ཚད་བརྒྱད་དང་ལྡན་པའི་ཡི་གེ་དེ་ལས་འོད་ཟེར་གྱིས་དོན་གཉིས་བྱས། འཕྲོ་འདུས་ཡོངས་སུ་གྱུར་པ་ལས་ཀུན་ཏུ་བཟང་པོ་འཁོར་འདས་མཉམ་ཉིད་དུ་མཁྱེན་པས་ཕྱག་གཡས་སྟེང་དུ་འགོད་

པའི་མཉམ་བཞག །ཡུམ་ཀུན་ཏུ་བཟང་མོ་ཡབ་ཀྱི་རྒྱབ་ངོས་སུ་ཀུན་ལ་ཁྱབ་པར་གནས་པས་ཕྱག་གཡོན་སྟེང་དུ་བཀོད་པའི་མཉམ་བཞག་ཅན་ཡབ་ཀྱི་གཡོན་ནས་འཁྲིལ་ཏེ་བསྒོམ་པ་ནི་སྐུ་ཡོངས་སུ་རྫོགས་པའི་ཆོ་གའོ། །སྔགས་དོན་ནི། ཧཱུྃ་བཛྲ་ཙིཏྟ་ཨ་ཞེས་ཧཱུྃ་ཡེ་ཤེས་ཀྱི་ས་བོན། བཛྲ་ཙིཏྟ་ནི་རྡོ་རྗེའི་ཐུགས་ཏེ་བསྐྱེད་པ་རྐྱེན་གྱི་སྔགས། ཨ་ནི་ས་བོན་ཏེ་རྒྱུ་མ་ནོར་བ་རྩ་བའི་སྔགས། ས་བོན་དང་བསྐྱེད་སྔགས་སྦྲེལ་ཏེ་བཟླས་པ་ལས་ཀྱི་སྔགས་སོ། །བཛྲ་ས་མནྟ་བྷ་དྲ་ༀ་ཞེས། བཛྲ་ས་མནྟ་བྷ་དྲ་རྡོ་རྗེ་ཀུན་ཏུ་བཟང་མོ་སྟེ་བསྐྱེད་པ་རྐྱེན་གྱི་སྔགས། ༀ་ཡུམ་གྱི་ས་བོན་ཏེ་རྒྱུ་མ་ནོར་བ་རྩ་བའི་སྔགས། དེ་གཉིས་སྦྲེལ་བ་ནི་བཟླས་པ་ལས་ཀྱི་སྔགས་སོ། །འདིར་མངོན་བྱང་ལྔ་དང་སྐད་ཅིག་དྲན་རྫོགས་རྡོ་རྗེའི་ཆོ་ག་གསུམ་དང་སྦྱར་བས་སྦྱང་བྱ་སྦྱངས་འབྲས་སོགས་བསམ་གྱིས་མི་ཁྱབ་པ་ཡོད་ནའང། མདོར་བསྡུ་ན་སྦྱོང་བྱེད་གཙོ་བོ་ཀུན་ཏུ་བཟང་པོ་བསྒོམས་པས། སྦྱང་བྱ་བར་དོའི་སེམས་ཅན་གྱི་རྣམ་ཤེས་ཕ་མའི་ཁུ་ཁྲག་༼གི་༽དབུས་སུ་ཞུགས་ནས་རིམ་གྱིས་ལུས་རྫོགས་ནས་ཕྱི་རོལ་དུ་བཙས་པའི་བག་ཆགས་སྦྱོང་བར་བྱེད། སྦྱངས་འབྲས་སངས་རྒྱས་རྣམས་སྤྲུལ་བའི་སྐུར་བཞེངས་ཚེ། ལྷུམས་སུ་ཞུགས་ནས་བལྟམས་ཚུལ་སྟོན་པའི་བར་གྱི་མཛད་པ་ཐོབ་པའོ། །དེ་བཞིན་དུ་སྦྱོང་བྱེད་ཡུམ་བསྒོམས་པས་སྦྱང་བྱ་བྱིས་པ་དེ་ནར་སོན་ནས་ཆུང་མ་ལེན་པའི་བག་ཆགས་སྦྱོང། སྦྱངས་འབྲས་སངས་རྒྱས་རབ་ཏུ་བྱུང་ནས་དཀའ་ཐུབ་མཛད་པ་རྣམས་ཐོབ་པའོ། །འདིར་བདག་བསྐྱེད་རྡོ་རྗེ་སེམས་དཔའི་སྙིང་ཀ་ན་ཞི་བ་དང་སྤྱི་བོར་ཁྲག་འཐུང་བསྒོམ་པ་ནི། བསྒོམ་རིམ་ལྷན་སྐྱེས་ཡེ་ཤེས་དང་བག་ཆགས་རང་གྲོལ་གྱི་དགོངས་པ་ལྟར་དང་། མདུན་བསྐྱེད་ལས་བྱང་དུ་གསུངས་པ་བཞིན་རྫོགས་ཆེན་པ་དབོན་རིན་པོ་ཆེ་རྡོ་

རྗེ་འཆང་ཀུན་གྲོལ་རྣམ་པར་རྒྱལ་བའི་ཕྱག་བཞེས་བཞིན་བཞེད་པ་ལ་འཁྲུལ་བ་མི་མངའ་བ་དེའི་ཤེས་བྱེད་ནི། ལས་བྱང་ཆེ་བའི་ཡིག་ཆུང་ལ་ཀུན་བཟང་ཡབ་ཡུམ་གྱི་ཐུགས་ཀར་རྣམ་སྣང་བསྐྱེད་གསུངས་པ་བདག་བསྐྱེད་ཀྱི་ཐུགས་ཀའི་ཐད་ཀྱི་བར་སྣང་དང་། ཀུན་བཟང་རྣམ་སྣང་གི་སྤྱི་བོར་བཏེགས་པ་མདུན་བསྐྱེད་ལ་དགོངས་པའི་༼གནད་དོ་༽དོན་ནོ། །དེ་ནས་འཁོར་བསྐྱེད་པ་ནི། རང་བཞིན་གཉིས་སུ་མེད་པའི་འཁོར་རིགས་ལྔ་ཡབ་ལྔ་དང་། ཡུམ་ལྔ་སྟེ་བཅུ། རིགས་ཁྱད་པར་ཅན་གྱི་འཁོར་རྒྱལ་སྲས་སེམས་དཔའ་དང་སེེམས་མ། འཇོམས་བྱེད་ཁྲོ་བོའི་འཁོར་སྒོ་བ་ཡབ་ཡུམ་དང་ཁྲག་འཐུང་གི་ལྷ་ཚོགས་སོ། །རིགས་ལྔ་ཡབ་ཡུམ་སོགས་ཀྱི་གདན་ནི་རྒྱལ་བའི་ཐུགས་མི་འཇིགས་པ་བཞི་མཚོན་པའི་དབུས་སུ་སེང་གེའི་ཁྲི། སྐུ་སྟོབས་བཅུ་དང་ལྡན་པའི་(རྟགས་སུ་)ཤར་དུ་གླང་ཆེན། ཡོན་ཏན་རྫུ་འཕྲུལ་གྱི་རྐང་པ་བཞི་དང་ལྡན་པའི་(རྟགས་སུ་)ལྷོར་རྟ། གསུང་དབང་བཅུ་དང་ལྡན་པའི་(རྟགས་སུ་)ནུབ་ཏུ་རྨ་བྱ། ཕྲིན་ལས་འགྲོ་བ་སྒྲོལ་བ་ལ་ཆགས་ཐོག་མེད་པའི་(རྟགས་སུ་)བྱང་དུ་ཤང་ཤང་གི་ཁྲི། ཐེག་བརྒྱད་ཀྱི་ཡོན་ཏན་ཐུགས་སུ་ཆུད་པའི་རྟགས་སུ་སེང་གེ་ལ་སོགས་པ་དེ་དག་རེ་རེ་ཡང་བརྒྱད་བརྒྱད་ཏེ་མཇུག་མ་ནང་དུ་བསྣོལ་ནས་རིན་པོ་ཆེའི་ཁྲི་རྐང་འདེགས་པའོ། །ཐུགས་རང་བཞིན་གྱིས་རྣམ་པར་དག་པས་འོད་གསལ་ཞིང་ཐབས་ཤེས་ཟུང་འཇུག་གི་ཉི་ཟླའི་དཀྱིལ་འཁོར་དང་། ཉེས་པའི་སྐྱོན་གྱིས་མ་གོས་པའི་བརྡར་པདྨ་དང་། གདུལ་བྱའི་རེ་བ་སྐོང་བའི་རིན་པོ་ཆེའི་ཁྲི་རྐང་མཛོད་མིག་བདུན་པའོ། །དེ་ཡང་ཀུན་བཟང་ཡབ་ཡུམ་རིགས་བདག་གི་ཚུལ་དུ་མདུན་བསྐྱེད་ཀྱི་སྤྱི་བོ་དང་། བདག་བསྐྱེད་ཀྱི་དཀྱིལ་འཁོར་དབུས་སུ་པད་ཉི་ཟླ་བ་རིན་

པོ་ཆེའི་ཁྲི་བཞི་བརྩེགས། རིགས་ལྔ་ལ་ལྔ་བརྩེགས། སེམས་དཔའ་ལ་སུམ་བརྩེགས། ཁྲོ་བོ་བཞི་ལ་ཉི་རྐྱང་། ཐུབ་དྲུག་ལ་པད་རྐྱང་ངོ་། སྦྱང་བྱ་སེམས་ཅན་རྣམས་སྐྱེ་གནས་པདྨ་དང་། ཕ་མའི་ཁུ་ཁྲག་གི་ཞེན་རྟོག་སྦྱང་། སྦྱོང་བྱེད་གདན་པདྨ་སོགས་ཀྱིས། སྦྱངས་འབྲས་སངས་རྒྱས་སྤྲུལ་བའི་སྐུ་འཁོར་བར་སྤྱོད་ཀྱང་མི་གོས་པ་དང་། ཐུགས་འོད་གསལ་བའི་ཐབས་ཤེས་ཟུང་འཇུག་གི་ཡེ་ཤེས་མཐར་ཕྱིན་པའོ། །གདན་དེ་ལ་བཞུགས་ཚུལ་ཡང་ཀུན་བཟང་དང་རིགས་ལྔ་མཛད་པ་རྫོགས་པའི་(བརྡར་)ཀུན་བཟང་རྡོར་སྐྱིལ་དང་། རིགས་ལྔ་ལ་མཉམ་སྐྱིལ་ཏེ་གཡོན་གྱི་བརླ་སྟེང་རྐང་གཡས་དང་། རྐང་གཡོན་བརླ་གཡས་པའི་འོག་ཏུ་བཞག་པ་སེམས་སྐྱིལ་ཡང་ཟེར། ཡུམ་ཀུན་ཏུ་བཟང་མོ་ཡབ་ཀྱི་རྒྱབ་ཏུ་ལོང་བུ་མདུད་པའི་པད་སྐྱིལ། རིགས་ཀྱི་ཡུམ་ལྔ་ནི། རང་དོན་བརྟུལ་ནས་གཞན་དོན་ལ་ཞུགས་ཕྱིར་བརྟུལ་ཞུགས་ཀྱི་སྐྱིལ་ཀྲུང་ཏེ་རྐང་མཐིལ་སྦྱར་བ་གཡོན་ཕྱོགས་ནས་འབྲེལ་བ་ཡབ་ཡུམ་བཅུ་རྒྱལ་པོའི་ཚུལ་དང་། སེམས་དཔའ་རྣམས་གཞན་དོན་མ་རྫོགས་པས་ཡབ་རྣམས་གཡས་དང་ཡུམ་རྣམས་གཡོན་ཅུང་ཟད་བརྐྱངས་པའི་ཕྱེད་སྐྱིལ་ཏེ་བློན་པོའི་ཚུལ་དང་། སྒོ་བ་ཡབ་ཡུམ་ནི་དམག་དཔོན་གྱིས་ཚུལ་ཏེ་གདུག་པ་ཚར་གཅོད་པས་ཞལ་ཕྱིར་གཟིགས་ནས་ཡབ་རྣམས་གཡས་དང་། ཡུམ་རྣམས་གཡོན་བརྐྱངས་པའི་གྱད་གྱི་དོར་སྟབས་ཅན། ཐུབ་དྲུག་ནི་སྐད་ཅིག་ཙམ་མི་གནས་པར་འགྲོ་དོན་ལ་གཤེགས་ཚུལ་གྱིས་དྲང་པོར་བཞེངས་པའོ། །བདག་བསྐྱེད་ཀྱི་དཀྱིལ་འཁོར་གྱི་དབུས་ཀུན་བཟང་ཡབ་ཡུམ་གྱི་མདུན་ཐུགས་ཀའི་ཐད་དང་། མདུན་བསྐྱེད་ཀྱི་ཀུན་བཟང་ཡབ་ཡུམ་གྱི་འོག་དང་སེང་གེའི་ཁྲི་ལ་ཀུན་བཟང་གི་ཐུགས་ལས་ༀ་དང་བཟང་མོའི་ཐུགས་ལས་ལཾ་འཕྲོས་པས་རྣམ་

སྣང་ཡབ་ཡུམ་ཡབ་ཀུན་ལ་དབང་བསྒྱུར་བའི་གཡས་འཁོར་ལོ་དང་། གཡོན་ཡེ་ཤེས་ཀྱི་ཡུལ་དབྱིངས་ཀྱི་ཕྱག་རྒྱ་འཁོར་ལོའི་མཚན་པའི་དྲིལ་བུ་བསྣམས་པའོ། །ༀ་ཛི་ན་ཛིཀ྄ཿༀ་ས་བོན་ཏེ་རྒྱུ་མ་ནོར་བ་རྩ་བའི་སྔགས། ཛི་ན་ཛིཀ྄ཿརྒྱལ་བ་རྒྱལ་ཏེ་དབྱིངས་སྤྲོས་བྲལ་ནི་མི་དགེ་བའི་ཆོས་ལས་རྒྱལ་ཞིང་། དེ་ལས་ཤར་བའི་འབྱུང་དང་འབྱུང་འགྱུར་གྱི་གཟུགས་ཀྱང་རྒྱལ་བའི་སྐུར་དག་པ་ནི། རྣམ་སྣང་སྟེ་བསྐྱེད་པ་རྐྱེན་གྱི་སྔགས། ས་བོན་དང་བསྐྱེད་སྔགས་སྦྲེལ་ནས་བཟླ་བ་ནི། བཟླས་པ་ལས་ཀྱི་སྔགས་དེ་འོག་མ་རྣམས་ལ་རིགས་དེས་འགྲེས་ཤེས་པར་བྱའོ། །ཡུམ་ལྔའི་སྔགས་ཀྱི་མགོ་འདྲེན། མཱུཾ་ལཾ་མཾ་པཾ་ཏཾ་སྟེ་ས་བོན་རྣམས་ནི། མ་ཀྴོ་ཐར་བ་སྟེ། རང་བཞིན་གྱི་རྣམ་པར་དག་པའི་དབྱིངས་མཚོན་པ་དང་། ལོ་ཙ་ནི་སྤྱན་མ། མ་མཱ་ཀི་བདག་མོ། པཱཾ་ར་གཱ་དཀར་མོ། རཱ་ཏི་སྒྲོལ་མ་ལྔའི་མིང་ཡིག་དང་པོ་ཐིག་ལེའི་བརྒྱན་པ་སྟེ་དཀར་ཆ་ཐབས་དང་མ་བྲལ་བ་མཚོན་པའོ། །ཡུམ་རྣམས་དབྱིངས་རྣམ་པར་དག་པའི་རྟགས་གཡས་དྲིལ་བུ་དང་། གཡོན་སོ་སོའི་རང་རྟགས་འཁོར་ལོ་སོགས་ཐུགས་ཀར་བསྣམས་པའོ། །ལཾ་ཏེ་ཤྭ་ར་ཏི་སྟྭཾཿལཾ་ནི་ས་བོན། ཏེ་ཤྭ་ཞེ་སྡང་། ར་ཏི་དགའ་མ། སྟྭཾ་ཁྱོད་ཅེས་ཡབ་བསྐུལ་བའོ། ཤར་གྱི་ཁྲི་སྟེང་རྡོར་སེམས་ཡབ་ཡུམ་མཐའི་རྟོག་པ་སེལ་ཕྱིར་གཡས་རྡོ་རྗེ་དང་གཡོན་རྡོ་རྗེས་མཚན་པའི་དྲིལ་བུ། ཡུམ་གཡས་རྡོ་རྗེས་མཚན་པའི་དྲིལ་བུ་དང་གཡོན་རྡོ་རྗེ་སྟེ། འོག་མ་རྣམས་ལ་རིགས་ལྔའི་ཕྱག་མཚན་སོགས་རིགས་དེས་འགྲེས། ཧཱུྃ་ཡབ་ཀྱི་ས་བོན། བཛྲ་ཌྷྲིཀ྄ཿརྡོ་རྗེ་འཛིན་པ་སྟེ། རྣམ་པར་དག་པ་བྱང་ཆུབ་ཀྱི་སེམས་དབྱེར་མི་ཕྱེད་པའི་རྡོ་རྗེ་མི་བསྐྱོད་པའོ། མུཾ་ཡུམ་གྱི་ས་བོན། དྷ་ཏི་ཤྭ་རི་སྟྭཾ། དབང་ཕྱུག་མ་ཁྱོད་ཞེས་པའོ། །རྡོར་སེམས་ཡབ་ཀྱི་ཐུགས་ནས་ཀྴིཾ་མཻ་འཕྲོས་པས་

གཡས་སུ་ས་སྙིང་གཡས་ཡེ་ཤེས་བསྐྱེད་པའི་རིན་ཆེན་མྱུ་གུ། གཡོན་དུ་བྱམས་པ་གདུང་བ་སྐྱོབ་པའི་ཀླུ་ཤིང་། ཡུམ་གྱི་ཐུགས་ནས་ཧཱུྃ་ཟུང་འཕྲོས་པས། མདུན་དུ་ལཱ་སྱེ་མ་གཟུགས་དག་ཕྱིར་གཡས་མེ་ལོང་། རྒྱབ་ཏུ་པུཥྤེ་མ་འདུས་པའི་རྟོག་པ་དག་ཕྱིར་གཡས་མེ་ཏོག་བསྣམས་པའོ། །ཀྵི་ཧཱི་ར་ཛ་སོགས་ཀྵི་ཏི་ཞེས་པའི་མིང་གི་དང་པོ་སྟེ་ས་བོན། ཧཱི་ར་ཛ་ཡ་ངོ་མཚར་རྒྱལ་པོ་སྟེ་ས་སྙིང་། སེམས་དཔའ་རྣམས་ཀྱི་སྔགས་མཐར་སྭཱ་ཧཱ་ནི་ཡོན་ཏན་ཁྱད་པར་ལས་དང་སྦྱར་བའི་མིང་སོ་སོ་དེ་དང་དེའི་ཆེད་དུ་གཞི་འཛུག །ས་པས་ལེགས་པར་བྱིན་ཞེས་པའོ། མཻ་ཏྲི་ནི་བྱམས་པའི་མིང་དང་པོ་ས་བོན། དྷ་ར་ཎི་གཟུང་མ་ཞེས་བྱམས་པས་རྗེས་སུ་འཛིན་པ་ཞེས་པའོ། །ཧཱུྃ་ས་བོན། ལ་སྱེ་སྒེག་མོ། ས་མ་ཡ་སྟྭཾ༔ དུས་ལ་བབ་ཅེས་ཡུམ་གྱིས་བསྐུལ་བ། ཧཱུྃ་ས་བོན། པུཥྤེ་མེ་ཏོག །ཨ་བཻ་ཤ་ཡ་སྟྭཾ༔ ཁྱོད་ཀྱི་དུས་ལ་བབས་ཞེས་པའོ། །གོང་བཞིན་འཕྲོ་འདུས་ལས་ལྷོར་རིན་ཆེན་འབྱུང་ལྡན་ཡབ་ཡུམ། ཆེ་བའི་ཡོན་ཏན་ལྷུན་གྱི་གྲུབ་པའི་བརྡར་གཡས་ནོར་བུ། གཡོན་དེས་མཚན་པའི་དྲིལ་བུ། ཡུམ་གྱི་ཕྱག་མཚན་གོ་ལྡོག །སྭ་ས་བོན། རཏྣ་ཌྷྲིཀ་རིན་ཆེན་འཛིན་པ་སྟེ། བསམ་པ་རྫོགས་པའི་སེམས་ཡོན་ཏན་རིན་པོ་ཆེའི་འབྱུང་གནས་ཉམས་སུ་མྱོང་ནས་འཛིན་པ་བྱེད་པར་ཚོར་ཕུང་དག་པ་རིན་འབྱུང་། མཾ་ས་བོན། མོ་ཧ་ར་ཏི་སྟྭཾ་གཏི་མུག་དགའ་མ་ཁྱོད་ཅེས་པའོ། གཡས་སུ་ཀུན་བཟང་། རེ་བ་སྐོང་བའི་རིན་ཆེན་སྙེ་མ། གཡོན་དུ་ནམ་སྙིང་ཉོན་མོངས་གཅོད་པའི་རལ་གྲི། མདུན་དུ་ཆོས་ཅན་གྱི་རྟོག་པ་དག་ཕྱིར་མ་ལེ་མ་ཕྲེང་བ། རྒྱབ་དུ་དྷུཔྤེ་མ་དྲིའི་ཞེན་པ་དག་པའི་སྤོས་ཕོར་བསྣམས་པའོ། །ཧཱུྃ་ས་བོན། སྭ་ར་ཛ་ཡ་སྭ་ནི་སནྟ་སྟེ་ཀུན་ནས་རྒྱལ་པོའི་ཆེད་དུ་ཞེས་ཀུན་བཟང་། ཏྲཾ་རིན་ཆེན་རིགས་ཀྱི་ས་བོན། ཨཱ་ནི་ཨཱ་ཀ་ཤ་ནི་༼སྟེ་༽

མཁའ། གྷརྦྷ་ཡ་སྙིང་པོ་སྟེ་ནམ་སྙིང་། ཏྲཾ་ས་བོན། མ་ལེ་ཕྲེང་བ། ས་མ་ཡ་ཧོ་དུས་ཡིན་ནོ་ཞེས་ལན་བྱིན་པ། ཛཿབཟུང་བའི་ས་བོན། དྷུ་པེ་བདུག་སྤོས་མ། པྲ་ཝེ་ཤ་ཡ་སྟྭཾ་ཁྱོད་ལ་རབ་ཏུ་ཞུགས་པའི་དུས་སོ། །ནུབ་ཏུ་སྣང་མཐའ་ཡབ་ཡུམ་གསལ་ལ་མ་ཆགས་པར་གཟིགས་པས་གཡས་པདྨ། གཡོན་དེས་མཚན་པའི་དྲིལ་བུ། ཨཾ་ས་བོན། ཨ་རོ་ལིཀ་ཆགས་ཆེན་ཏེ་སེམས་འདོད་ཅིང་རྩེན་པའི་མཚན་ཉིད་མཚོན་བྱེད་མཚན་མར་འཛིན་པ་འདུ་ཤེས་དག་པ་སྣང་མཐའ། པཾ་ཡུམ་གྱི་ས་བོན། རཱ་ག་ར་ཏི་སྟྭཾ་འདོད་ཆགས་དགའ་མ་ཁྱོད། གཡས་སུ་སྤྱན་གཟིགས་སྐྱོན་གྱི་མ་གོས་པའི་པདྨ། གཡོན་དུ་འཇམ་དཔལ་ཉོན་མོངས་དག་ཅིང་བློ་གྲོས་རྒྱས་པའི་ཨུཏྤལ། མདུན་དུ་གིརྟི་མ་སྒྲ་གནས་སུ་དག་ཕྱིར་པི་ཝཾ། རྒྱབ་ཏུ་ཨ་ལོ་མ་མ་འོངས་པའི་རྟོག་པ་དག་ཕྱིར་མར་མེ་བསྣམས་པའོ། །ཧྲཱིཿཧ་ཧཱུྃ་པདྨ་རིགས་ཀྱི་ས་བོན། པདྨ་པཱ་ཏ་མཾ་པདྨའི་ཕྱག་ཏེ་སྤྱན་རས་གཟིགས། མུཾ་ས་བོན། ཤྲཱི་ཨཾ་དཔལ་གསུང་གི། རཱ་ག་ཡ་ཆགས་པའི་ཆེད་དུ་འཇམ་དཔལ། ཧྲཱིཿས་བོན། གིརྟི་གླུ་མ། ར་ཧོ་ཧཾ་བདག་ཅག་སམ་ཡུམ་གྱིས་བསྐུལ་བ། བཾ་སྡོམ་ཞེས་པ་ས་བོན། དཱི་སྒྲོན་མེ། སུཀྐི་ཏི་བདེ་བ་མ་{ཡིན་མཛད་པའི}། ས་མ་ཡ་སྟྭཾ་དུས་ལ་བབ་ཞེས་བསྐུལ་བའོ། བྱང་དུ་དོན་གྲུབ་ཡབ་ཡུམ་ཕྲིན་ལས་བཞིས་ཉོན་མོངས་པ་གནོན་པའི་རྒྱ་གྲམ། དེས་མཚན་པའི་དྲིལ་བུ། ཧ་ས་བོན། པྲཛྙཱ་ཌྷྲིཀཿཤེས་རབ་འཛིན་པ་སྟེ། རྣམ་ཤེས་དོན་ལ་ཕྱིན་ཅི་མ་ལོག་པར་འཇུག་པའི་བློ་ནི་ཤེས་རབ་སྟེེ་འཛིན་པའི་འདུ་བྱེད་དག་པ་དོན་གྲུབ་ཀྱི་བསྐྱེད་སྔགས་སོ། །ཏཾ་ཡུམ་གྱི་ས་བོན། བཛྲ་ར་ཏི་སྟྭཾཿརྡོ་རྗེ་དགའ་མ་ཁྱོད་ཅེས་ཡབ་ཀྱིས་བོས་པའི་དོན་ནོ། །གཡས་སུ་སྒྲིབ་སེལ་ཉོན་མོངས་པ་ཆོས་ཉིད་དུ་མཁྱེན་པའི་པོ་ཏི། གཡོན་དུ་ཕྱག་རྡོར་ཉོན་མོངས་འཇོམས་པའི་རྡོ་རྗེ། སེམས་

དཔའ་ཡབ་བརྒྱད་ཀྱི་གཡོན་སྣང་སྟོང་གི་དྲིལ་བུ་བསྣམས་པའོ། །མདུན་ཏུ་གྷནྡྷེ་མ་ད་ལྟའི་རྟོག་པ་དག་ཕྱིར་དྲི་ཡིས་གང་བའི་དུང་ཕོར། རྒྱབ་དུ་ནཱིརྟཱི་མ་རོ་དག་ཕྱིར་ཞལ་ཟས་བསྣམས་པ། པུཥྤེ་ལ་སྱེ་མཱ་ལེ་གསུམ་གཡོན་དྲིལ་བུ་གཞན་ལྔའི་གཡོན་ལ་ཕྱག་མཚན་ཡོད་པ་ཞིག་མ་མཐོང་། ཐླྷི་ཾསྒྲིབ་སེལ་གྱི་བསྡུས་པའི་ས་བོན། སཱ་རཾ་བྷ་ཡ་དང་སྦྲེལ་བས་སྒྲིབ་པ་བསལ་བའི་ཆེད་དུའོ། ཛྷིཾ་རྒྱལ་བའི་ས་བོན། ཀུ་རུ་པཱ་ནི་དང་སྦྲེལ་བས་རྒྱལ་མཚན་ཏེ་ཕྱག་རྡོར། ཧོ་གཉིས་པའི་ས་བོན། གྷནྡྷེ་ཞེས་དྲི་མ། ཙིཏྟ་ཡ་ཧོ་ཐུགས་ཚིམ་པའི་དུས་ཡིན་ནོ་ཞེས་ཡབ་ལ་བསྐུལ་བ། ཨཱཿས་བོན། ནིརྟི་གར་མ། རཱ་ག་ཡ་མི་སྟྭཾཿཁྱོད་ལ་ཆགས་པར་བགྱིའོ་ཞེས་པའོ། །དེ་རྣམས་དང་། ཐུབ་དྲུག་སྒོ་བ་དང་བཅས་པའི་སྐུ་མདོག་ནི། རིགས་དང་འདྲེས་པའི་ཁ་དོག་གཉིས་ལས་དང་པོ་རིགས་ཀྱི་མཚན་མར་གྱུར་པ་སྤྱི་ཡི་ཁ་དོག་ཀྱང་ཆོས་ཉིད་མི་འགྱུར་བའི་བརྡར་ཆོས་དབྱིངས་ཡེ་ཤེས་དང་རྡོ་རྗེའི་རིགས་མཐིང་ག །ཉེས་སྐྱོན་གྱི་མ་གོས་པའི་བརྡར་མེ་ལོང་ཡེ་ཤེས་དང་དེ་བཞིན་གཤེགས་པའི་རིགས་དཀར་པོ། ཆེ་བའི་ཡོན་ཏན་རྒྱས་པའི་བརྡར་མཉམ་ཉིད་ཡེ་ཤེས་དང་རིན་ཆེན་རིགས་སེར་པོ། གདུལ་བྱ་རྗེས་སུ་ཆགས་པའི་བརྡར་སོར་རྟོག་ཡེ་ཤེས་དང་པདྨའི་རིགས་དམར་པོ། སེམས་ཅན་གྱི་དོན་ལྷུན་གྱིས་གྲུབ་པའི་བརྡར་བྱ་གྲུབ་ཡེ་ཤེས་དང་ལས་ཀྱི་རིགས་ལྗང་གུའོ། །བྱེ་བྲག་ནང་གསེས་སུ་ཀུན་བཟང་རྡོར་སེམས། བྱོལ་སོང་ཐུབ་པ་གསུམ་མཐིང་ག །བཟང་མོ། རྣམ་སྣང་། ས་སྙིང་། བྱམས་པ། ལ་སྱེ། པུཥྤེ། ལྷའི་ཐུབ་པ། རྣམ་རྒྱལ་ཡབ་ཡུམ་དགུ་དཀར་པོ། རིན་འབྱུང་ནམ་སྙིང་། དྷུཔྤེ་མ། མིའི་ཐུབ་པ། གཤིན་རྗེ་ཡབ་ཡུམ་དྲུག་སེར་པོ། སྣང་མཐའ། མར་མེ་མ། ཡི་དྭགས་ཐུབ་པ། རྟ་

མགྲིན་ཡབ་ཡུམ་ལྔ་དམར་པོ། དོན་གྲུབ། སྒྲིབ་སེལ། ཕྱག་རྡོར། གྷནྡྷེ། ནིརྟི། ལྷ་མིན་ཐུབ་པ། བདུད་རྩི་འཁྱིལ་བ་ཡབ་ཡུམ་བརྒྱད་ལྗང་ཀུའོ། །དམྱལ་བའི་ཐུབ་པ་ནག་པོའོ། །གཉིས་པ་རིགས་གཉིས་འདྲེས་ཀྱི་ཁ་དོག་ནི། དབྱིངས་ཕྱུག་དཀར་དམར། སྤྱན་མ་མཐིང་སྐྱ། མ་ཀི་སེར་སྐྱ། ཀུན་བཟང་དམར་སེར། མ་ལེ་སེར་སྐྱ། གོས་དཀར་དམར་སྐྱ། སྤྱན་གཟིགས་དཀར་དམར། འཇམ་དཔལ་དམར་སེར། གྷིརྟི་དམར་སྐྱ། སྒྲོལ་མ་ལྗང་སྐྱ་དང་བཅུའོ། །ཞི་བའི་ལྷ་ཚོགས་དེ་རྣམས་རྒྱན་ཆས་བཅུ་གསུམ་དང་ལྡན་པ་སྟེ། དེའི་སྡོམ་ནི། དར་གྱི་སྟོད་གཡོགས་སྨད་དཀྲིས་དང་། །ཅོད་པན་ཟི་ལྡིར་གར་དུང་ལྔ། །རིན་ཆེན་དབུ་རྒྱན་སྙན་ཆ་དང་། །མགུལ་རྒྱན་དོ་ཤལ་སེ་མོ་དོ། །ཕྱག་གདུབ་ཞབས་གདུབ་སྐ་རགས་བརྒྱན། །བསྡོམས་པས་རྒྱན་ཆས་བཅུ་གསུམ་མོ། །ཞེས་འདིའི་གཞུང་གི་ཞི་ཆས་དང་གཅིག་སྟེ། ཅུང་ཟད་འགྲེལ་ན། ཉོན་མོངས་པའི་གདུང་བ་ལས་སྐྱོབ་པའི་དར་དཀར་པོ། རྒྱུད་འཇམ་ཞིང་ཞི་དུལ་གྱི་ཡོན་ཏན་ལྡན་པའི་བརྡར་གསེར་གྱི་ངང་རིས་ཅན་ཏེ་{ཆད་དུ་མི་གསལ་བའི་}རང་བྱུང་གི་རི་མོ་ཅན་གྱིས་སྟོད་གཡོགས། ཚི་གུ་སྟེ་དར་སྣ་ཚོགས་བསྒྲིགས་པའི་སྨད་དཀྲིས། དར་སྣ་ལྔའི་ཅོད་པན། ཟི་ལྡིར་ཏེ་རྣ་ལྟག་ལས་ཨུཏྤལ་རྒྱས་པའི་རྣ་རྒྱན་གཉིས་ལས་དར་འཕྱང་བ། གར་གྱི་ཕུ་དུང་སྟེ་དར་ཆས་ལྔ། འདོད་ཡོན་མ་སྤངས་རྒྱན་དུ་རོལ་པའི་བརྡར་དང་པོ་རིན་པོ་ཆེའི་པྲོག་ཞྭའི་དབུ་རྒྱན་ནི་རིམ་པ་གསུམ་དང་ལྡན་པ། དབུ་སྐྲ་གྱེན་དུ་བཅིངས་པའི་སྟེང་དུ་གྱོན་པ། གཉིས་པ་རྣ་རྒྱན་ནི། རིན་པོ་ཆེའི་རྣ་གོར་ལ་རིན་པོ་ཆེ་སྣ་ཚོགས་ཀྱི་ཕྲས་མཛེས་པའོ། །གསུམ་པ་མགུལ་རྒྱན་ནི། གཡས་གཡོན་

དབུས་གསུམ་དུ་རིན་པོ་ཆེའི་གཞུང་གསུམ་བྱས་པའི་བར་རྣམས་རིན་པོ་ཆེའི་དྲྭ་བས་སྦྲེལ་བས་མགུལ་བར་འཁྱིལ་བའི་ཚུལ་དུ་ཡོད་པ། བཞི་པ་ལག་གདུབ་ནི་རིན་པོ་ཆེའི་གཞུང་གསུམ་གྱི་བར་དུ་རིན་པོ་ཆེའི་ཕྲེང་བས་སྦྲེལ་བ། ཆེ་བ་གཉིས་ཀྱིས་དཔུང་པ་དང་ཆུང་བ་གཉིས་ཀྱིས་མཁྲིག་མ་གཉིས་བརྒྱན་པ། ལྔ་པ་རྐང་གདུབ་ནི། ལག་གདུབ་དང་འདྲ་བ་ལས་མཐའ་མར་རིན་པོ་ཆེའི་ཟ་ར་ཚག་མང་པོ་འཕྱང་བ། དྲུག་པ་སྐ་རག་གམ་འོག་པགས་སམ་སྐེད་རྒྱན་ནི་དབུས་དང་གཡས་དང་གཡོན་དུ་རིན་པོ་ཆེའི་གཞུང་ལྔ་གྱེན་དུ་བྱས་པའི་བར་རྣམས་སུ་དྲྭ་བས་སྦྲེལ་ཞིང་སྨད་དུ་ཟ་ར་ཚག་མང་པོ་འཕྱང་བས་མདུན་ཕྱོགས་ནས་ཕྱིར་སྐེད་པ་བརྒྱན་པའོ། །བདུན་པ་དོ་ཤལ་ནི། རིན་པོ་ཆེའི་ཕྲེང་བས་མགུལ་ནས་བསྐོར་བས་ལྟེ་འོག་ཡན་ཆད་འཁོར་བའོ། །བརྒྱད་པ་སེ་མོ་དོ་ནི། རིན་པོ་ཆེའི་དོ་ཤལ་ལས་ཐུང་བའི་ཕྲེང་བ་ནུ་མའི་བར་སླེབས་པའོ། །ཞི་བའི་ལྷ་ཚོགས་དེ་རྣམས་ཚུལ་དགུ་དང་ལྡན་པ་སྟེ། སྐྱེ་བ་གནས་སུ་དག་པས་སྐུ་མཉེན་ཤ་ཆགས་པ། ན་བ་གནས་སུ་དག་པས་སྐུ་སྐབས་ཕྱེད་ཅིང་རིམ་པར་མཚམས་པས་ལྕུག་པ། འཆི་བ་གནས་སུ་དག་པས་སྐུ་ལྷོད་པར་མ་གྱུར་པས་འཁྲིལ་བག་ཆགས་ཤིང་ལྡེམ་པ་སྟེ་དྲང་བ། རྒས་པ་གནས་སུ་དག་པས་སྐུ་འཇམ་ཞིང་གཞོན་ཤ་ཆགས་པའི་ངང་ཚུལ་ཅན་དེ་ངོ་བོའི་ཡོན་ཏན་ལྔ་དང་། མཚན་བཟང་གི་མེ་ཏོག་ལ་དཔེ་བྱད་ཀྱི་འབྲས་བུ་སྤྲས་པས་སྐུ་གཙང་ཞིང་ཁ་དོག་གསལ་བ། ཟད་པར་རྫོགས་པས་སྐུ་བཀྲག་ཅིང་འཚེར་བ། བརྗིད་ཅིང་ཡིད་དུ་འོང་བས་ལྷུན་སྟུག་པ་། གདུལ་བྱ་རྣམས་ཟིལ་གྱིས་གནོན་པས་གཟི་བརྗིད་རབ་ཏུ་འཕྲོ་བ་སྟེ། རྣམ་པའི་ཡོན་ཏན་བཞི་དང་དགུའོ། །དེ་ཡང་མ་དག་པ་འཁོར་བའི་ཆོས་ཅན་གྱི་ཕུང་པོ་ལྔ་རིགས་ལྔ་

ཡིན་སྙམ་ན་མི་རུང་སྟེ། རྟོག་ཚོགས་འདི་སྦྱང་བྱའི་ཆོས་གློ་བུར་བ་ཡིན་པས། དཔེར་ན་མིག་ནད་ཀྱི་དུང་སེར་པོར་སྣང་བ་བཞིན་ནོ། །དེས་ན་རྟོག་པ་དང་ལྷ་གཉིས་ཆོས་མཐུན་དུ་བརྩི་བའང་། མངོན་ཞེན་ཅན་རྣམས་ལྷ་རྟོག་དབྱེར་མེད་ཀྱི་ཤེས་རབ་སྐྱེས་པ་ལ་ཁ་དྲང་བའི་ཐབས་སུ་གསུངས་པ་ཡིན་ནོ། །འོན་ཀྱང་ཕུང་སོགས་མིན་པའི་རིགས་ལྔ་གཞན་ལ་གྲུབ་སྙམ་ན་དེ་ཡང་མ་ཡིན་ཏེ། རང་བཞིན་གཉུག་མའི་ཕུང་པོ་ཡེ་ནས་རིགས་ལྔའི་སངས་རྒྱས་སུ་རྣམ་པར་དག་པ། དེ་ཉིད་ལམ་བསྒོམ་པས་མངོན་དུ་གྱུར་པ་ལ་འབྲས་བུ་རྣམ་པར་བཞག་པས་ན་རྟོག་ཚོགས་ལས་གཞན་དུའང་མེད་དེ། མིག་ནད་སྨན་གྱིས་སྦྱོང་པས་དུང་དཀར་པོ་སྣང་བ་བཞིན་ནོ། །དཔེ་དེ་བཞིན་དུ་ཤེས་པར་བྱའོ། །དེ་ནས་ཐུབ་དྲུག་བསྒོམ་པ་ནི། བདག་བསྐྱེད་ལུས་དཀྱིལ་ལྟར་དང་། མདུན་བསྐྱེད་དུ། ཤར་སྟོད་དང་། ནུབ་སྨད་དུ་ལྷ་དང་དམྱལ་བའི་ཐུབ་པ། ཤར་ལྷོར་ཐགས་བཟང་། ལྷོ་ནུབ་ཤཀཱ་ཐུབ། ནུབ་བྱང་སེངྒེ། བྱང་ཤར་ཁ་འབར་རྣམས་བསྒོམ་མོ། །ཕྱག་མཚན་ཡང་ང་རྒྱལ་འཇོམས་ཕྱིར་ལྷའི་ཐུབ་པ་པི་ཝཾ། ཕྲག་དོག་འཇོམས་ཕྱིར་ལྷ་མིན་ཐུབ་པ་གོ་མཚོན། འདོད་ཆགས་འཇོམས་ཕྱིར་མིའི་ཐུབ་པ་གསེག་པར། གཏི་མུག་སེལ་ཕྱིར་བྱོལ་སོང་གི་ཐུབ་པ་པོ་ཏི། སེར་སྣ་འཇོམས་ཕྱིར་ཡི་དྭགས་ཀྱི་ཐུབ་པ་སྒྲོམ་བུ། ཞེ་སྡང་འཇོམས་ཕྱིར་དམྱལ་བའི་ཐུབ་པ་མེ་ཆུ་བསྣམས་པ་ཚངས་པར་སྤྱོད་པའི་ཆ་ལུགས་ཅན་ནོ། །སྔགས་དོན་ༀ་ཕྱག་འཚལ་བའི་དོན། མུ་ནེ་རྣམས་ཐུབ་པ། ཀྲེ་ཾལྷའི་ས་བོན། བྲེ་ཾདུད་འགྲོ། ཏྲུཾ་ལྷ་མིན། ཀྵེ་ཾཡི་དྭགས། སྲུཾ་མི། ཡེ་དམྱལ་བའི་ས་བོན། སྭ་ཧ་ནི་འགྲོ་བའི་རིགས་དེ་དང་དེའི་བག་ཆགས་ཞི་བའི་ཆེད་དུ་གཞི་འཛུགས་པའི་དོན་ནོ། །ཐུབ་དྲུག་འདི་ལ་དཔལ་

འཛིན་གྱིས། མཛད་པ་བཅུ་གཉིས་སྟོན་ཚུལ། ཆོས་འཁོར་བསྐོར་ལུགས། བསྟན་པ་གང་ཡིན། དེ་འཛིན་འཁོར་རྣམས་མེད་ན་ཐུབ་པ་ཡིན་པའི་སྒྲུབ་བྱེད་གང་ཡིན་ཅེས་པར། དེའི་ལན་སྨིན་གླིང་ལོ་ཙཱ་བ་ཆེན་པོ་དྷརྨ་ཤྲི་སོགས་ཚད་ཐུབ་གོང་བྱོན་རྣམས་ཀྱིས་ལུང་རིགས་ཀྱི་སྒྲུབ་བྱེད་ཆོས་ཀྱི་སྣང་ཆེན་རྒྱས་པའི་འགྲམ་དུ་མེ་སྟག་གིས་གསལ་བྱེད་མི་དགོས་རུང་། ཟབ་ཆོས་འདིའི་རྒྱབ་བརྟེན་དུ་མདོ་ཙམ་བལྡབ་ཏེ་བྲི་ན། མཛད་པ་བཅུ་གཉིས་སྟོན་པ་ཁོ་ནས་ཐུབ་པ་ཡིན་ན། སྟོན་པ་ཐུབ་པའི་དབང་པོ་བརྩོན་འགྲུས་མཆོག་དང་ལྡན་པའི་ཚུལ་གྱིས་དཀའ་ཐུབ་མཛད་ལ། རྒྱལ་བ་བྱམས་མགོན་ཐུགས་བསྐྱེད་ཆེ་བའི་ཚུལ་གྱིས་དཀའ་སྤྱད་མི་དགོས་པའི་ཕྱིར་མཛད་པ་བཅུ་གཉིས་མི་ཚང་བས་སྟོན་པ་མིན་པ་ཁས་ལེན་ཨི་ནུས། ངེས་འབྱུང་དང་རོལ་རྩེད་མི་སྟོན་པའི་རྒྱལ་བ་མང་པོ་ཡོད་གསུངས་པ་ཨེ་མཐོང་། ཞིང་ཁམས་ལ་ལར་བདུད་མེད་པས་འདུལ་མི་དགོས་པ་དེ་རྣམས་ཐུབ་པ་མིན་ནམ། ཁྱོད་ཀྱི་འདོད་ལུགས་ལ་རྙིང་མ་མ་གཏོགས་ཐུབ་དྲུག་འདི་གཏན་ནས་མེད་སྙམ་པའི་ལོག་རྟོག་ཅིག་ཤོར་འདུག་སྟེ། སྟོན་པའི་མདོ་ལས། འཇམ་དཔལ་དེ་བཞིན་གཤེགས་པའི་སྐུ་གསེར་གྱི་ཁ་དོག་གིས་འདུལ་བ་ཡིན་ན་གསེར་གྱི་ཁ་དོག་དང་། དེ་བཞིན་བཻཌཱུཪྱ་དང་། ཨིནྡྷ་ཉིལ་དང་། སྤུག་དང་། མུ་ཏིག་དམར་པོས་འདུལ་བ་ལ་དེའི་ཁ་དོག་གིས་འདུལ་བའོ། །དེ་བཞིན་དུ་ལྷ་དང་། ལྷ་མིན་དང་། མི་དང་། དུད་འགྲོ་དང་། དམྱལ་བ་དང་། གཤིན་རྗེའི་འཇིག་རྟེན་དུ་དེ་དག་གི་གཟུགས་སུ་སྤྲུལ་ནས་ཆོས་སྟོན་ཏོ། །ཞེས་འདི་རྣམས་ཐུབ་དྲུག་མིན་པའི་ལུགས་ཅི་ཡོད། ཕལ་ཆེན་ལས། དེ་བཞིན་གཤེགས་པ་ལྷའི་གནས་སུ་དབང་བསྒྱུར་དུ་སྤྲུལ་ནས་དགེ་བཅུའི་ལས་ལམ་ལེན་དུ་འཇུག་གོ །ཞེས་པ་ནས།

ཡི་དྭགས་དང་དམྱལ་བའི་གཟུགས་ཀྱིས་འདུལ་བ་རྣམས་དེའི་གཟུགས་ཀྱིས་དོན་མཛད་དོ། །ཞེས་པའི་བར་གསུངས་པ་རྣམས་གང་ལ་ངོས་བཟུང་། མཚན་བརྗོད་ལས། ཕྱོགས་བཅུར་སྤྲུལ་བ་སྣ་ཚོགས་འགྱེད། །ཇི་བཞིན་འགྲོ་བའི་དོན་བྱེད་པ། །ཞེས་ཕྱོགས་བཅུའི་ནང་ན་རིགས་དྲུག་གི་ཞིང་མེད་དམ། སྤྲུལ་པ་སྣ་ཚོགས་ལ་ཐུབ་དྲུག་མེད་དམ་འགྲོ་བའི་ནང་ལ་རིགས་དྲུག་མེད་པའི་ལུང་ད་དུང་ཁྱེད་གནས་ངན་དོ་ཟླ་མེད་པ་ཞིག་ལ་བཞུགས་མེད་ན་སླར་འཚལ་བར་ཞུ། བཀའ་གདམས་བུ་ཆོས་ལས་ཀྱང་། རྒྱལ་བ་འབྲོམ་སྟོན་པ་ཉིད་རྒྱ་ནག་གི་ཡུལ་ཧ་ཤང་གི་གནས་སུ་རྒྱལ་བུ་བློ་གྲོས་འཕེལ་གྱི་སྐྱེས་རབས་ལས་ལན་ཅིག་ཧ་ཤང་གི་ཡུལ་འདིར་ཁོ་བོ་ནག་པོ་ཧ་སུ་བྱ་བར་གྱུར། བོན་དང་ཕྱི་པའི་ཆོས་སྦྱང་། བོན་པོ་དང་ཕྱི་བ་གཉིས་ཀས་ཁོ་བོ་མཆོད་པས། ཁོ་བོ་གུམ་མ་ཐག་ཏུ་དམྱལ་བའི་གནས་སུ་སྐྱེས་པས་གནས་དེ་ན་དམྱལ་བའི་ཐུབ་པ་ཞེས་བྱ་བའི་ལྷ་གཅིག་གདའ་བ་དེ་ན་རེ། ཁྱོད་ཀྱིས་བོན་དང་མུ་སྟེགས་ཀྱི་ཆོས་ལ་སྦྱངས་པས་འདིར་སྐྱེས་ཀྱི། ད་ཤེས་པར་མཛོད་ཟེར་ནས། ཚད་མེད་བཞི་བསྟན་པས་སྔར་གྱི་ལས་ལ་འགྱོད་པ་དྲག་པོ་སྐྱེས་ནས་ད་ལྟ་ཡན་ཆད་དུ་མཐོ་རིས་ཐོབ་ཅིང་བདེ་བ་འབྱུང་བ་ཡིན་ནོ། །ཞེས་གསུངས་པས་རྒྱལ་བ་འབྲོམ་སྟོན་པ་དེ་ཉིད་ཁྱོད་འདྲ་བའི་མཁས་པ་ཨོ་རྒྱན་རྡོ་རྗེ་འཆང་གི་བསྟན་པ་རིན་པོ་ཆེ་ལ་ལོག་རྟོག་གི་གཤེ་སྐུར་འདེབས་ཐུབ་པ་ཞིག་མིན་རུང་འཕགས་མཆོག་ཐུགས་རྗེ་ཆེན་པོ་མི་ཡི་ཟོལ་འཛིན་པ་གོར་མ་ཆག་པས་བརྫུན་གསུངས་པ་མིན་ལས་ཆེའོ། །འཇོམས་བྱེད་ཁྲོ་བོའི་འཁོར་ནི། ཀུན་ཏུ་བཟང་པོའིཐུགས་ཀ་ནས་ཁྲོ་བོ་ཡབ་བཞིའི་ས་བོན། ཧཱུྃ་བཞི་དང་། ཀུན་ཏུ་བཟང་མོའི་ཐུགས་ཀ་ནས་ཁྲོ་མོོ་ཡུམ་

བཞིའི་ས་བོན་ཛཿཧཱུྃ་སོགས། ཤར་སོགས་སྒོ་བཞིར་འཕྲོས་པས་སྒོ་བ་ཡབ་ཡུམ་བརྒྱད་ཚད་མེད་བཞིས་འགྲོ་བ་ཐུགས་རྗེས་འཛིན་པ་དང་། འཆིང་བ་དང་། མི་འཆོར་བའི་སྡོམ་པ་དང་། ཉོན་མོངས་ཐལ་བར་རློག་པའི་བརྡར་གཡས་ལྕགས་ཀྱུ་སོགས་དང་གཡོན་དྲིལ་བུ་བསྣམས། ༀ་ཡེ་ཤེས་ལྔ། བཛྲ་རྡོ་རྗེ། ཀྲོ་དྷ་ཁྲོ་བོ། བི་ཛཿཡ་རྣམ་པར་རྒྱལ་བ། ཧཱུྃ་ཐུགས་ཀྱི་ས་བོན། བཛྲ་ཨཾ་ཀུ་ཤ་རྡོ་རྗེ་ལྕགས་ཀྱུ་མ། ཛཿའགུགས་པ་དང་ས་བོན། དེ་བཞིན་ཡ་མནྟ་ཀ་གཤིན་རྗེ་གཤེད། པཱ་ཤ་ཞགས་པ་མ། ཧཱུྃ་འཆིང་བའི་ས་བོན། ཧ་ཡ་གྷྲཱི་ཝ་རྟ་མགྲིན། སྥོ་ཊ་ལྕགས་སྒྲོག །བཾ་སྡོམ་པའི་ས་བོན། ཨ་མྲྀ་ཏ་ཀུནྡྷ་ལི་བདུད་རྩི་འཁྱིལ་བ། གྷནྡྷེ་དྲིལ་བུ་མ། ཧོ་གཉིས་པའི་ས་བོན་ནོ། །ཁྲོ་བོ་ཡབ་ཡུམ་དེ་རྣམས་ཡེ་ཤེས་ལྔ་མཚོན་པའི་ཐོད་སྐམ་རིན་པོ་ཆེའི་ཟེ་པྲོག་དང་། དར་གྱི་ཅོད་པཎ་སོགས་དང་བཅས་པ། སེམས་བྱུང་ལྔ་བཅུ་གནས་སུ་དག་པའི་བརྡར་ཐོད་པ་སྐམ་རློན་རྙིད་གསུམ་གྱི་དོ་ཤལ་རིམ་གསུམ། ཚལ་བུའི་དཔུང་རྒྱན་ཏེ་གདགས་པའི་རྒྱན་གཉིས། སྟོབས་བཅུས་གཏི་མུག་བཅོམ་པའི་བརྡར་གླང་ཆེན་དང་། བྱང་ཆུབ་སེམས་ཀྱིས་འདོད་ཆགས་བཅོམ་པའི་བརྡར་ཞིང་ལྤགས་ཕྲག་པའི་སྟེང་ནས་ལག་པ་གཉིས་ཐུར་དུ་འཕྱང་ནས་མགོ་གཡས་ངོས་སུ་བསྟན་པ། དཔའ་བརྟུལ་དྲག་པོའི་ལས་ཀྱིས་ཞེ་སྡང་བཅོམ་པའི་བརྡར་སྟག་ལྤགས་ཀྱི་ཤམ་ཐབས་དང་། ཡུམ་རྣམས་འདོད་ཆགས་དག་ཕྱིར་གཟིག་ཤམ་སྟེ་བགོ་བའི་གོས་གསུམ། དཔྲལ་བར་ཐལ་ཆེན་གྱི་ཚོམ་བུ། སྨིན་མཚམས་སུ་རཀྟའི་ཐིག་ལེ། མགྲིན་པར་ཞག་གི་ཟོ་རིས་ཏེ་བྱུག་པའི་རྩི་གསུམ། དེ་དག་ལ་དུར་ཁྲོད་ཆས་བརྒྱད་ཟེར་ཏེ་སྔོན་དཔལ་ཆེན་པོས་རུ་ཏྲ་བསྒྲལ་བའི་དཔའ་རྟགས་ཀྱི་རྒྱན་ཆས་སོ། །ཀླུ་རྒྱལ་རིགས་དཀར་པོས་སྐྲ་ཆིངས། རྗེའི་

རིགས་སེར་པོས་སྙན་ཆ། བྲམ་ཟེ་དམར་པོས་སེ་མོ་དོ་དང་མགུལ་ཆུན། དམངས་རིགས་ལྗང་གུས་སྐ་རགས་དང་དོ་ཤལ། གདོལ་བ་ནག་པོས་གདུ་བུ་སྟེ་ཐམས་ཅད་ཀྱང་གདུག་པ་སྦྲུལ་གྱི་རྣམ་པ་ཅན་ནོ། །སྒེག་པ་ནི། སྐུ་ལུས་མཛེས་ལ་རྒྱན་གྱིས་བརྒྱན་ཅིང་ཡུམ་དང་འཁྲིལ་བ་སོགས་ཀྱིས་འཆོར་སྒེག་སྟེ་རྣམ་སྣང། དཔའ་བ་ནི་སྟོབས་དང་ལྡན་པས་ཐུབ་པར་དཀའ་བ་སྟེ་རིན་འབྱུང་། མི་སྡུག་པ་ནི་མཐོང་བ་ཙམ་གྱིས་འཇིགས་པའི་ཁྲོ་ཉམས་ཏེ་མི་བསྐྱོད་པའོ། །དེ་གསུམ་ནི་སྐུའི་ཉམས་སོོ། །རྒོད་པ་ནི། ཆགས་དགྱེས་དྲེགས་པའི་རྒྱུ་ལས་བྱུང་བ་བཞད་སྒྲ་སྟེ་འོད་དཔག་མེད། དྲག་ཤུལ་ནི་ཚིག་རྩུབ་མོས་གཤེ་བ་སྟེ་དོན་གྲུབ། འཇིགས་རུང་ནི་འབྲུག་ལྟར་ཆེམ་པའི་ང་རོ་སྒྲོག་པ་སྟེ་མཱ་མ་ཀཱི་དེ་གསུམ་གསུང་གི་ཉམས་སོ། །སྙིང་རྗེ་ནི། དམིགས་པ་མེད་པའི་ཐུགས་རྗེས་སེམས་ཅན་རྣམས་རྗེས་སུ་འཛིན་པ་སྟེ་སྒྲོལ་མ། རྔམ་པ་ནི། གདུག་པ་ཅན་ཞལ་དུ་གསོལ་བ་ལ་དཔའ་བ་གོས་དཀར་མོ། ཞི་བ་ནི། རྣམ་པར་མི་རྟོག་པའི་ཐུགས་ཏེ་སྤྱན་མའི་རང་བཞིན་དེ་གསུམ་ནི་ཐུགས་ཀྱི་ཉམས་སོ། །ༀ་ཨཱཿཧཱུྃ་བརྗོད་པས། དང་པོས་གཞི་ཡི་གནས་ལུགས་དྲན་པ། གཉིས་པས་ལམ་བསྐྱེད་རིམ་གསལ་བ། གསུམ་པས་འབྲས་བུ་ལམ་དུ་བྱེད་པའོ། ཡང་ན་ལུས་སྣང་སྟོང་། ངག་གྲག་སྟོང་། སེམས་གསལ་སྟོང་གསུམ་གྱི་དོན་དྲན་པ་སྙམ་སྟེ་སླར་དཔྱད་པར་བྱའོ། །དེ་ཡང་སྲ་བ་སའི་ཁམས་བརྟན་ཅིང་རྟེན་དུ་གྱུར་པས་ན་སྐུའི་རིགས་ཀྱི་ཡུམ་སངས་རྒྱས་སྤྱན་མ། མཉེན་པ་ཆུའི་ཁམས་ནི་རྒྱུད་བརླན་ཅིང་ཡོན་ཏན་སྡུད་པར་བྱེད་པ་རིན་ཆེན་རིགས་ཀྱི་ཡུམ་མཱ་མ་ཀཱི་ཡིན་ཀྱང་། དབང་ཆེན་གྱི་སྐབས་གོ་བརྗེས་པ་ནི་རིགས་གཙོ་བོར་བྱས་པའོ། །ཞི་བའི་དཀྱིལ་འཁོར་ལ་སྒོ་བ་ཁྲོ་བོ་ཡབ་ཡུམ་བརྒྱད་སྣང་བའི་རྒྱུ་

མཚན་ནི། འདི་རྣམས་ཁྲོ་བོའི་དཀྱིལ་འཁོར་ལ་དབང་བསྐུར་བྱེད་ཀྱི་དཀྱིལ་འཁོར་ཡིན་པས། དབང་ལྷ་གདན་གསུམ་ཚང་དགོས་པའི་ཕྱིར། གཤེགས་པ་དང་གཤེགས་མའི་གདན། སེམས་དཔའ་དང་སེམས་མའི་གདན། ཁྲོ་བོ་དང་ཁྲོ་མོའི་གདན་ཏེ། དེ་དག་ཀྱང་འོག་གི་གདན་ལྟ་བུ་མ་ཡིན་ཀྱང་གདན་འཛོམས་པའི་དོན་དང་། དབང་གི་འཕྲིན་ལས་ཀྱང་། རིགས་ལྔ་ཡབ་རྣམས་ཀྱིས་དབང་བསྐུར་བའི་དགོངས་པ་མཛད། ཡུམ་རྣམས་ཀྱིས་དབང་བསྐུར། སེམས་དཔའ་ཡབ་ཡུམ་ཀྱིས་བཀྲ་ཤིས་དང་མཆོད་པ་བྱས། ཁྲོ་བོ་དང་ཁྲོ་མོའི་བགེགས་བསྐྲད། ཅེས་པའི་དོན་ཡིན་པས་ཞི་བའི་ཁོངས་སུ་བསྡུས་པས་མི་འགལ་ལོ། །དེ་ནས་གཉིས་པ་ཁྲག་འཐུང་དྲུག་ཅུའི་ལྷ་ཚོགས་བསྐྱེད་པ་ནི། ཧཱུྃ་རང་བྱུང་རང་ཤར༴ སོགས་སྤྱིར་ཁྲོ་བོ་ལ་བཞི་སྟེ། བདག་མེད་རྟོགས་པའི་ཤེས་རབ་ནི་ངང་གིས་ཁྲོ་བ་སྟེ། དེས་ནི་རྣམ་རྟོག་གི་མཚན་མ་འཇོམས་པའི་ཕྱིར་རོ། །རང་རིག་པའི་ཡེ་ཤེས་ནི་རྟོག་པ་ངང་གིས་ཁྲོ་བ་སྟེ། དེས་འཁོར་བའི་ས་བོན་དྲུངས་ནས་འཇོམས་པའི་ཕྱིར་རོ། །ཐུགས་རྗེ་ཡེ་ཤེས་ཆེ་བ་ནི་ཤུགས་ཀྱིས་ཁྲོ་བ་སྟེ། འགྲོ་བའི་མི་མཐུན་པའི་ཕྱོགས་འཇོམས་པའི་ཕྱིར་རོ། །འཕྲིན་ལས་ཕྱག་རྒྱའི་ཁྲོ་བ་ནི། གདུལ་བྱའི་དབང་གིས་ཁྲོ་བོར་སྟོན་པ་སྟེ། ཇི་ལྟར་འཚམས་པས་གདུལ་བྱ་ནམ་ཡང་མི་འདོར་བའི་ཕྱིར་རོ། །དེ་ལྟར་བཞི་ལས། འདིར་ཕྱི་མ་ཕྱག་རྒྱ་ཆེན་པོའི་ཁྲོ་བོའོ། །མདུན་བསྐྱེད་ཀྱི་ཞི་བའི་སྟེང་གི་ནམ་མཁའ་དང་བདག་བསྐྱེད་ཀྱི་དུང་ཁང་གི་འཁོར་ལོའི་དབུས་སུ་རིན་པོ་ཆེའི་བྲག་སྟེང་། ཉོན་མོངས་གནས་སུ་དག་ཕྱིར་ཁྱུང་ཆེན་ཟུང་བཞིས་བཏེག་པའི་པདྨ་ཉི་ཟླ་བརྩེགས་པའི་དཀྱིལ་དུ་དབང་ཕྱུག་

ལྷ་ཆེན་པོ་རཱུ་ཏྲ་ཕོ་མོ་ཕྱིི་ཆིངས་སུ་བསྣོལ་བའི་སྟེང་ཀུན་བཟང་ཡབ་ཡུམ་ཀྱི་ཐུགས་ལས་ཁྲོ་བོའི་ས་བོན་ཧཱུྃ་འཕྲོས་པས་སྐད་ཅིག་གིས་ཆེ་མཆོག་ཧེ་རུ་ཀ་ཞབས་གཡས་བརྐྱངས་པས། །རཱུ་ཏྲ་ཕོའི་སོག་བཀྲག་༼ཕྲག་༽དང་། གཡོན་བསྐུམས་པས་མོའི་ནུ་མའི་བར་དུ་བརྫིས་པ། ཡུམ་གྱི་གཡོན་བརྐྱང་ནས་ཡབ་ལ་འཁྲིལ་བའོ། །(ཡབ་)གཡོན་བརྐྱང་དུ་བཞེད་པའང་སྣང་མོད་ཀྱང་རྒྱ་དཔེར་ཨཱ་ལི་དྷ་བ་དང་ཞེས་ཡབ་ཀྱི་གཡས་བརྐྱང་གི་སྐད་དོད་ཡོད་པར་བཤད་དོ། །དེའི་འོག་གི་དབུས་དང་ཕྱོགས་བཞིར་རྡོ་རྗེའི་བྲག་སྟེང་། དབུས་སུ་སེངྒེ་སྟག་གཟིག་གླང་པོ་ཆེ་རྣམས་གཡས་དང། གཡོན་ནས་རིམ་བཞིན་དོམ་མ་ཧེ་ཆུ་སྲིན་སྦྲུལ་ཏེ་བྱོལ་སོང་གི་གཙོ་བོ་བརྒྱད་ཀྱིས་བཏེག་པ་རིན་པོ་ཆེའི་ཁྲི་སྟེང་པད་ཉི། ལྷ་ཆེན་ཕོ་མོ་ཁ་སྦུབ་གན་རྐྱལ་གྱི་སྟེང་བུདྡྷ་ཧེ་རུ་ཀ་ཡབ་ཡུམ། ཤར་དུ་གཏི་མུག་དག་པའི་བརྡར་ཁྱུ་མཆོག་སྟེ། འདུལ་བ་ལུང་ལས་བ་གླང་གི་ཕྲུ་གུ་སེངྒེའི་འོ་མའི་གསོས་པ་ལ་བཤད་པའོ། །ལྷོར་ང་རྒྱལ་དག་པའི་མ་ཧེ། ནུབ་ཏུ་འདོད་ཆགས་དག་པའི་གཟིག །བྱང་དུ་ཕྲག་དོག་དག་པའི་སྟག །ཕྱོགས་རེར་ཟུང་གིས་བཏེག་པས། རིན་པོ་ཆེའི་ཁྲི་པད་ཉིའི་སྟེང་། ཤར་དུ་དྲི་ཟ། ལྷོར་གཤིན་རྗེ། ནུབ་དུ་ུསྲིན་པོ། བྱང་དུ་གནོད་སྦྱིན་ཕོ་མོ་ཁ་སྦུབ་གན་རྐྱལ་གྱི་སྟེང་བཛྲ་ཧེ་རུ་ཀ་ཡབ་ཡུམ་སོགས་རིམ་བཞིན་གཞུང་ལྟར་བསྐྱེད་དོ། །གཙོ་ཡུམ་ཕྱག་གཡས་རྡོ་རྗེ། བུདྡྷ་ཤྭ་རི་མས་གཡས་འཁོར་ལོ། དེ་བཞིན་བཛྲ་རྡོ་རྗེ། རཏྣ་རིན་པོ་ཆེ། པདྨ་ཤྭ་རིས་པདྨ་ཀརྨ་རྒྱ་གྲམ། གཡོན་རྣམས་ཐོད་ཁྲག་བསྣམས་པ། སྐུ་མདོག་སྨུག་ནག་སོགས་འཕྲིན་ལས་བཞི་དང་། ཁྱད་པར་དྲག་པོའི་མཛད་པ་མཐར་ཕྱིན་པ་སྨུག་ནག་སོགས་ནག་པོའི་སྒྲ་སྨོས་

པའོ། །ཡབ་རྣམས་སྐུ་སྟོང་པ་ཉིད་དང་། གསུང་སྨོན་པ་མེད་པ། ཐུགས་མཚན་མ་མེད་པ་སྟེ་རྣམ་ཐར་གསུམ་མཚོན་པའི་དབུ་གསུམ། ཡེ་ཤེས་ལྔ་(དང་)རང་བྱུང་གི་ཡེ་ཤེས་(ཏེ་)དྲུག་གི་དོན་མཛད་པའི་ཕྱག་དྲུག །ཡེ་ཤེས་དྲུག་གི་རྟགས་ཀྱི་ཕྱག་རྒྱ་རྡོ་རྗེ་ལ་སོགས་པའི་འོད་འབར་བའི་ཕྱག་མཚན་དྲུག་བསྣམས་པ། ཆོས་ཀྱི་དབྱིངས་ཀྱི་རྫུ་འཕྲུལ། ཡེ་ཤེས་ཀྱི་རྫུ་འཕྲུལ། ཚོགས་གཉིས་རྫོགས་པའི་རྫུ་འཕྲུལ། སྤྲུལ་བའི་རྫུ་འཕྲུལ་ཏེ་རྫུ་འཕྲུལ་གྱི་རྐང་བ་བཞི་དང་ལྡན་པའི་ཞབས་བཞིའོ། །སྔགས་དོན་ༀ་རྣམས་ཡེ་ཤེས་ལྔའམ་རྡོ་རྗེ་གསུམ་གྱིས་བདག་ཉིད་རབ་བསྔགས་ཀྱི་ས་བོན། བཛྲ་རྡོ་རྗེ། མ་ཧཱ་ཤྲི་ཧེ་རུ་ཀ་ཞེས་པ་ནི་སྤྱིའི་མཚན་སྔགས་འབོད་པ་སྟེ། མ་ཧཱ་ཆེན་པོ། ཤྲི་དཔལ། ཧེ་ནི་ཧེ་མ་ཏི་སྤྱོད་ཅིང་རྩེན་པ། རུ་ནི་རུ་དྷི་ར་སྟེ་ཁྲག །ཀ་ནི་བདག་པོའི་སྒྲ་སྟེ་ཁྲག་ལ་རོལ་བའི་དོན་གྱིས་ཁྲག་འཐུང་ངོ་། །དེ་དག་ནི་སྙིང་པོ་བསྐྱེད་པའི་སྔགས་སོ། །ཧཱུྃ་རྩ་བའི་ས་བོནཕཊ་ནི་བཀས་པར་གྱིས་ཞེས་པའོ། །མ་ཧ་ཀྲོ་དྷི་ཤྭ་རི་ཁྲོ་མོ་དབང་ཕྱུག་མ་ཆེན་མོ། སྟྭཾ་ཁྱོད་ཅེས་ཡབ་ཀྱིས་ཡུམ་ལ་བོས་པའི་དོན་ནོ། །ཁྲག་འཐུང་རིགས་ལྔའི་སྔགས་དེའི་འགྲེས་ཤིང་། བུདྡྷ་སངས་རྒྱས། བཛྲ་རྡོ་རྗེ། རཏྣ་རིན་པོ་ཆེ་། པདྨ་སྐད་སོར་བཞག །ཀརྨ་ལས་ཏེ་ཡབ་ཡུམ་ལྔའི་རིགས་སོ་སོའི་མཚན་ནོ། །ཐུགས་ཞི་བའི་ངང་ལས་གདུག་པ་འདུལ་ཕྱིར་ཁྲོ་གཉེར་དང་སྤྱན་སྡང་མིག་ཏུ་བགྲད་པ། འཁོར་བར་མི་ལྟུང་བའི་དབུ་སྐྲ་གྱེན་དུ་བརྫེས་པ་དང་། རྒྱན་སོགས་ནི་གོང་དུ་བཤད་པ་ལྟར་རོ། །རཱུ་ཱུཏྲ་ཆེ་ཆུང་ནི། མ་ཊཾ་རཱུ་ཏྲ་ནི་ཆེ་བ་དང་། མིའི་འགྲོ་བ་ཆུང་བ་སྟེ། མངའ་རི་པཎ་ཆེན་གྱིས་བཀའ་བརྒྱད་གཞལ་ཡས་ཁང་གི་སྐབས། རཱུ་ཏྲ་ཞིང་ཆེན་གྱི་པགས་པས་ཐོག་བཀབ་པ། ཞིང་ཆུང་མང་

པོའི་དྲལ་མ་ཞེས་གསུངས་པ་ཡིན་སྙམ་ངེས་པ་གསར་རྙེད་བྱུང་ན་འཛུད་པར་འཚལ། འདིར་ལས་དང་ལས་ཀྱི་འབྲས་བུ་མངོན་དུ་གྱུར་བའི་རུ་ཏྲ་ཞིང་ཆེན་དང་ཞིང་ཆུང་ཞིང་བཅུ་ཚང་བའི་ཞེས་གསུངས་པའི་དོན་གནས་སོ་མཆན། ལས་བྱང་ཆུང་བར་ཆེ་མཆོག་མེད་པ་བུདྡྷ་ཧེ་རུ་ཀ་དང་ངོ་བོ་གཅིག་པར་བྱས། བསྡུས་པའི་ཚུལ་ཁྲག་འཐུང་ང་བརྒྱད་ལས་མེད་པས་སབ་མི་དགོས། དེ་ནས་ཀཽ་རི་མ་བརྒྱད་བསྐྱེད་པ་ནི། ཕྱོགས་མཚམས་བརྒྱད་དུ་ཞིང་ཆེན་གྱི་གདན་ལ་ཤར་ནས་བརྩམས་ཏེ་ཞི་བའི་ལས་མཛད་པའི་ཁྲོ་མོ་དཀར་མོ་རྣམ་རྟོག་གཞོམ་ཕྱིར་གཡས་ཞིང་དབྱུག །གཡོན་ཐོད་ཁྲག །ཡོན་ཏན་རྒྱས་པའི་ཁྲོ་མོ་སེར་མོ་ཐབས་ཤེས་གཉིས་སུ་མེད་པའི་ཕྱིར་མདའ་གཞུ་གཙོ་མོའི་ཐུགས་ཀར་གཏོད་པ། ཐུགས་རྗེའི་ཆགས་པས་དབང་དུ་སྡུད་ཕྱིར་ཁྲོ་མོ་དམར་མོ་ཉོན་མོངས་ཆོས་ཉིད་དུ་འཛིན་པའི་བརྡར་ཆུ་སྲིན་གྱི་རྒྱལ་མཚན་དང་བྷནྡྷ། ལས་ཐམས་ཅད་འགྲུབ་པའི་ཁྲོ་མོ་ལྗང་ནག་ཆོས་ཉིད་འགྱུར་བ་མེད་པའི་བརྡར་རྡོ་རྗེ་རྩེ་དགུ་དང་བྷནྡྷ། ཐབས་ཤེས་མ་འགགས་པའི་ཁྲོ་མོ་དམར་སེར་ཉོན་མོངས་གནས་ནས་འདྲེན་ཕྱིར་ཕྱག་གཉིས་བྱིས་པའི་རོ་བཟུང་ནས་རྒྱུ་མ་གསང་གནས་ནས་འདྲེན་ཏེ་གསོལ་བ། ལས་བཞི་འགྲུབ་པའི་ཁྲོ་མོ་ལྗང་གུ་ཡེ་ཤེས་ཀྱི་ཀློང་དུ་འཁོར་བ་སྒྲོལ་ཕྱིར་གཡས་རྡོ་རྗེ་གཡོན་འཁོར་བ་ཞལ་དུ་གསོལ་ཕྱིར་ཐོད་ཁྲག་དཀྲུགས་ནས་འཐུང་བ། ཡོན་ཏན་ལྷུན་གྱིས་གྲུབ་ཅིང་སྐྱོན་གྱིས་མ་གོས་པའི་ཁྲོ་མོ་སེར་སྐྱ། མཐའ་གཉིས་དང་གཟུང་འཛིན་གྱི་རྟོག་པ་བྲལ་ཕྱིར་ཕྱག་གཉིས་བམ་རོའི་མགོ་ལུས་འདྲལ་བ། ཐབས་ཤེས་མི་འགྱུར་བའི་ཁྲོ་མོ་མཐིང་ནག་ཉོན་མོངས་ཆོས་ཉིད་དུ་བྲལ་ཕྱིར་གཡོན་བམ་རོ་དང་གཡས་ཀྱིས་དེའི་སྙིང་ཟ་བའོ། །ཐམས་ཅད་ཀྱང་ཞིང་གི་གཡང་གཞི་གསོལ་ནས་ཁྲོ་འཛུམ་བཞད་པའི་ཉམས་ཀྱིས་གཡས་

བསྐུམ་གཡོན་བརྐྱང་ནས་བཞུགས་པའོ། །ༀ་རབ་བསྔགས། བཛྲ་རྣམས་ནི་རྡོ་རྗེ་སྟེ་དབང་རྟགས་མཚོན་པའོ། མཇུག་གི་ཧ་བརྒྱད་ནི་རྩ་བའི་ས་བོན། ཀཽ་རཱི་ནི་དཀར་མོའམ་མཛོད་ལྡན། ཙཽ་རཱི་ཆོམ་རྐུན་མའམ་རྐུ་མོ། པྲ་མོ་ཧ་རྨོངས་མའམ་རྨོངས་མོ། བཻ་ཏ་ལི་རོ་ལངས་མའམ་ཐལ་བྱེད་མ། ཙཎྚ་ལི་གཏུམ་མོ། པུཀྐཱ་སཱི་སྦོས་མོ། གྷསྨ་རཱི་སྨེ་ཤ་ཅན་ནམ་དྲེད་མོ། སྨ་ཤ་ནི་དུར་ཁྲོད་མའམ་མ་ཚོགས་མའོ། །༼དེའི་ཕྱིར་༽དེ་ནས་སིང་ཧ་མ་བརྒྱད་དམ་ཡུལ་མ་བརྒྱད་ནི། ཞིང་ཆེན་གྱི་སྟེང་ཕྱོགས་མཚམས་བརྒྱད་དུ། རྟོག་པ་ཟིལ་གྱི་གནོན་པ་སེང་གདོང་མ་སྨུག་ནག་ཕྱག་གཉིས་ཞིང་ཆེན་བསྣམས་ཏེ་འཁོར་བ་གཏིང་ནས་སྤྲུགས་ཕྱིར་རལ་བ་བསིགས་ནས་གསོལ་བ། དཔའ་ཞིང་རྟུལ་ཕོད་པ་སྟག་གདོང་དམར་མོ་ཕྱག་གཉིས་ཐུར་དུ་བསྣོལ་ཏེ་འཁོར་བ་ཞེ་ལ་གནོན་ཕྱིར་མིག་འབྲུ་ཚུགས་སུ་ལྟ་བ། ཐབས་ལ་མཁས་པས་ཕུང་པོའི་བདུད་འཇོམས་ཝ་གདོང་མ་ནག་མོ་ལས་བྱང་ཆེ་བར་སྤུ་གྲི་དང་ཆུང་བར་བྱིས་བལྡག་བསྣམས་ཞེས་པའོ། །གཡས་སྤུ་གྲི་དང་གཡོན་བྱིས་པའི་༼རོ་༽གློོ་སྙིང་སོགས་ལྕེས་བལྡག་ནས་ཟ་བ། མེལ་ཚེ་མཁས་ཤིང་ལྷའི་བུའི་བདུད་འཇོམས་པ་མཐིང་ནག་སྤྱང་གདོང་མ་འཁོར་བ་དོང་ནས་སྤྲུག་ཕྱིར་མིག་འབྲུ་ཚུགས་སུ་བལྟས་ནས་བམ་རོ་ཟ་བ། མིག་རྣོ་ཞིང་ཤེས་བྱ་ལ་ཐོགས་པ་མེད་པའི་(ཕྱིར་)བཞད་གདོང་སམ་བྱ་རྒོད་མགོ་དཀར་སེར་དུག་གསུམ་རྩད་ནས་གཅོད་ཕྱིར་རོ་ཐོགས་ནས་རྒྱུ་མ་གསང་གནས་ནས་འདྲེན་པ། དབུགས་བྲལ་ལ་སྤྱོད་ཅིང་འཆི་བདག་གི་བདུད་འཇོམས་པ་ཀིང་ཀའམ་དུར་བྱའི་མགོ་ཅན་འཁོར་བ་དང་དུ་ལེན་ཕྱིར་ཞིང་ཆེན་འཕྲག་ལ་བཟར་ནས་དྲི་བསྣམས་པ། ཉོན་མོངས་ཟད་པར་

བྱེད་པ་བྱ་རོག་གདོང་ཅན་ནག་མོ་ཕྱག་གཡས་གཡོན་ཉོན་མོངས་བསྒྲལ་ནས་གསོལ་ཕྱིར་རལ་གྲི་དང་དུང་ཁྲག་འཐུང་བ། གདུལ་བྱ་ཕྲ་བའང་མི་གཏོང་བ་འུག་པའི་གདོང་ཅན་མཐིང་ནག་ལོག་རྟོག་འདྲེན་ཕྱིར་ཕྱག་གཡས་ལྕགས་ཀྱུ་དང་གཡོན་བྷནྡྷ་ཐོགས་པའོ། །དེ་དག་ཐམས་ཅད་མགོ་བརྙན་མི་སྲུན་པ་མི་ལྤགས་ཀྱི་སློག་པ་གསོལ་ནས་གཡོན་བརྐྱང་གིས་བཞུགས་པའོ། །ༀ་བཛྲ་སིང་ཧ༴ སོགས། ༀ་བཛྲ་གོང་འདྲ་ལ། མཇུག་གི་ཧེ་བརྒྱད་རྩ་བའི་ས་བོན། སེང་ཧ་མུ་ཁཱ་སེང་གདོང་མ། བྱཱ་ཀྲྀ་མུ་ཁཱ་སྟག་གདོང་མ། སྲི་ལ་མུ་ཁཱ་ཝ་གདོང་མ། ཤྭ་ན་མུ་ཁཱ་ཁྱིའམ་སྤྱང་གདོང་མ། གྲི་དྷ་མུ་ཁཱ་བྱ་རྒོད་གདོང་མའམ་བཞད་གདོང་མ། ཀིང་ཀ་མུ་ཁཱ་ཀིང་ཀའམ་དུར་བྱའི་གདོང་མ། ཁ་ཁཱ་མུ་ཁཱ། ཁ་གདོང་མའམ་བྱ་རོག་གདོང་མ། ཨུ་ལཱུ་མུ་ཁཱ་འུག་གདོང་མའོ། །སེང་ཧ་སོགས་བཞི་ནི་ཕྱོགས་ཀྱི་མཆེ་བ་ཅན། ཀྲིཏྟ་སོགས་བཞི་ནི་མཚམས་ཀྱི་གཤོགས་པ་ཅན་ནོ། །དེ་ནས་སྒོ་མ་བཞི་བསྐྱེད་པ་ནི། ཤར་སྒོ་ངོས་བྱམས་པའི་ངོ་བོ་རྟ་གདོང་མ་དཀར་མོ་འཁོར་བར་མི་གཏོང་བར་འཛིན་པ་གཡས་ལྕགས་ཀྱུ། ལྷོར་སྙིང་རྗེའི་ངོ་བོ་ཕག་གདོང་སེར་མོ་ལོག་རྟོག་འཆིང་ཕྱིར་གཡས་ཞགས་པ། ནུབ་ཏུ་དགའ་བའི་ངོ་བོ་སེང་གདོང་མ་དམར་མོ་ཉོན་མོངས་པ་སྡོམས་པས་གཡས་ལྕགས་སྒྲོག །བྱང་དུ་བཏང་སྙོམས་ཀྱི་ངོ་བོ་སྦྲུལ་གདོང་ལྗང་གུ་དུག་ལྔའི་རྟོག་པ་འཇོམས་པར་བྱེད་པས་གཡས་དྲིལ་བུ་གཡོན་རྣམས་བྷནྡྷ། ཆ་ལུགས་སོགས་གོང་ལྟར་རོ། །ༀ་དང་བཛྲ་འདྲ་ལ། མཇུག་གི་ཛཿཧཱུྃཿབཾཿཧོ་ས་བོན། ཨཾ་གུ་ཤ་ལྕགས་ཀྱུ་པ་ཤ་ཞགས་པ་སྥོ་ཊ་ལྕགས་སྒྲོགས་གྷནྡྷེ་དྲིལ་བུའོ། །དེ་ནས་དབང་ཕྱུག་ཉེར་བརྒྱད་བསྐྱེད་པ་ནི། དབང་མོ་རྩ་བའི་སྔགས་བྷྱོ་ཉེར་བརྒྱད་ནི་མ་མོའི་ཚོགས་ཀྱི་དོན་དང་། སྙིང་པོའང་ཡིན་ལ།

འབོད་པ་བསྐུལ་བའང་ཡིན་ནོ། །ཤར་སྟོད་ནས་གཡས་སྐོར་དུ་བཟུང་སྟེ། ཁྱོའི་མིང་ཆུང་མ་ལ་ཐོགས་པའི་སྲིན་པོ་དྷ་ཤ་གྲི་བའི་ཆུང་མ་སྲིན་མོ་ཆེན་མོ་མིའི་སྲིན་མོ་གཡག་གདོང་སྨུག་ནག་གཡས་རྡོ་རྗེ་གཡོན་ཐོད་ཁྲག །དེ་བཞིན་དུ་ཚངས་པའི་ཆུང་མ་སྦྲུལ་གདོང་མ་སོགས་ཤར་གྱི་མ་དྲུག་གཡས་རྡོ་རྗེ། ལྷོའི་མ་དྲུག་གཡས་རིན་ཆེན། ནུབ་ཀྱི་མ་དྲུག་གཡས་པདྨ། བྱང་གི་མ་དྲུག་གཡས་རྒྱ་གྲམ། དེ་དག་གི་ཤར་སྒོའི་ཐད་མ་དྲུག་གི་མཚམས་ཤར་ལྷོ་ནུབ་བྱང་དུ་ཁུ་བྱུག་མགོ་ཅན་སོགས་སྒོ་མ་བཞི་རྣམས་རིམ་བཞིན་རྡོ་རྗེ་རིན་ཆེན་པདྨ་རྒྱ་གྲམ་དེ་ཐམས་ཅད་ཀྱི་གཡོན་རང་རང་གི་ཕྱག་མཚན་བསྣམས་པའོ། །ཕག་གདོང་མཆེ་ཞག་ནི་ཞགས་པའི་སྣེ་མོ་གཉིས་ལ་མཆེ་བ་བཏགས་པའོ། །མེ་མོ་སྐྱིན་གདོང་ཞེས་པ་ནི་ལྷོ་འབྲོང་གི་མགོ་ཡིན་པར་བཤད། མདོ་བཤགས་རྒྱུད་སོགས་སུ་རྐྱིན་བུའི་མགོ་ཞེས་བཤད་པས། གང་སྦལ་གྱི་མགོ་ཅན་དུ་ངོས་འཛིན་པ་མང་ངོ་། །པར་མའི་ནང་མི་མོ་ཟེར་བ་བྲི་ནོར་འདྲ། ནུབ་ཀྱི་མ་དྲུག་ནི་པུ་ཤུད་མགོ་ཅན་གཡས་པདྨ་དང་གཡོན་མདའ་གཞུ་འགེང་བའོ། །སྲིན་མོ་ཆེན་མོ་མིའི་སྲིན་མོ་སོགས་སྲིན་པོ་དྷ་ཤ་གྲི་བའི་ཆུང་མ་བྱེད་དུས་སྲིན་མོ་ཐོད་རློན་འཛིན་པ་ཡིན་ཅིང་། ཕྱིས་མ་ཏྲང་རུ་ཏྲས་སྲིན་པོའི་ལག་ནས་ཕྲོག་སྟེ་ཆུང་མ་བྱས་པས་ཁོ་མགོ་བརྙན་ལ་དགའ་བས་གཡག་གདོང་སོགས་སུ་བསྒྱུར་བར་བཤད་དོ། །དེ་དག་ཀྱང་མི་ལྤགས་ཀྱི་གོས་དང་བདེ་བའི་ཡེ་ཤེས་ཀྱི་སྲིད་པ་འཇོམས་ཤིང་སྡུག་བསྔལ་ཟད་ཕྱིར་གཡས་བསྐུམ་གཡོན་བརྐྱང་གི་གར་སྟབས་རོའི་གདན་ལ་བཞུགས་པའོ། །འདིར་ཀོའུ་སེང་དབང་ཕྱུག་རྣམས་ཀྱི་མི་ལྤགས་ཀྱི་གོས་སོགས་ལས་བྱང་བརྒྱ་ཕྱག་རྣམས་སུ་གསལ་ཆ་མེད་པ་དང་བསྒོམ་རིམ་དུ་ཀཽ་རི་བརྒྱད་མི་ལྤགས་གསུངས་པ་དང་།

ལྷག་ཆོག་ཆེ་བར་དབང་ཕྱུག་ལ་མི་ལྤགས་དང་དེ་ཐམས་ཅད་དང་མཐུན་པར་སྒྱུ་འཕྲུལ་བླ་མར་ཀོ་སེང་དབང་ཕྱུག་དང་བཅས་པར་མི་ལྤགས་ཀྱི་སློག་པ་ཅན་ལས་གཞན་མ་བཤད་པས་དེ་ལྟར་དུ་བཀོད་པའོ། །ཁྲག་འཐུང་ཡབ་ལྔའི་ས་བོན། ་ལོག་འབྱུང་བའི་དོན། རྗེ་ཆགས་མེད་རིན་པོ་ཆེའི་རྙིང་ལུགས་ཀྱི་ཡིག་མདུན་དབུ་བཞག་པ་ངོས་ལ་བསྟན་པ་ཡིན་པས་འདི་ལ་འཁྲུལ་བ་མེད་གསུངས་པས། འདིར་ཡབ་ཀྱི་ས་བོན་གྱི་མདུན་ཡུམ་ལ་གཏད་པའི་དོན་་ལོག་དང་ཡུམ་གྱི་མདུན་ཡབ་ལ་གཏད་པའི་ཧཱུྃ་རྣལ་མ་སྟེ་ཐབས་ཤེས་རྒྱབ་མ་བསྣོལ་བའི་དོན་ཡིན་པར་བདག་གིས་སྙམ། སྦྱོང་བྱེད་འཁོར་གྱི་ལྷ་ཚོགས་བསྐྱེད་པས་སྦྱང་བྱ་བྱིས་པ་དེས་བུ་དང་བུ་མོ་བསྐྱེད་པ་སྦྱོང་ཞིང་། སྦྱངས་འབྲས་སངས་རྒྱས་ཐམས་ཅད་བདེ་ཆེན་དགྱེས་པའི་རོལ་མོའི་སྤྲུལ་བ་མཐའ་ཡས་པ་སྤྲོས་པ་དང་འཁོར་རྣམས་བྱང་ཆུབ་ལ་བཀོད་པས་རང་རིགས་སུ་བསྐྱེད་པར་མཚོན་པའོ། །སྐུ་ཕྱག་རྒྱའི་རྣལ་འབྱོར་དེ་རྣམས་ཀྱིས་ཕུང་ཁམས་སྐྱེ་མཆེད་ཡེ་ནས་ལྷ་ཡིན་པ་གསལ་ཐེབས་ནས་སྣང་བའི་བདེན་ཞེན་འགོག་པའོ། །དེ་ནས་གཉིས་པ་སྤྱན་འདྲེན་པ་ནི། གནས་གསུམ་བྱིན་གྱིས་བརླབས་པ་འདིར་མ་གསུངས་ཀྱང་བཀའ་གཏེར་སྤྱི་དང་ཞི་ཁྲོའི་སྐོར་ཕལ་ཆེ་བ་ལ་ཡོད་པས་དེ་ལྟར་ན། ལྷ་ཚོགས་རྣམས་ཀྱི་སྤྱི་བོར་ༀ་དཀར་པོ་ངོ་བོ་ཡབ་རྣམ་སྣང་དང་རིན་འབྱུང་འདྲེས་པ། ཡུམ་སྤྱན་མ་དང་བདག་མོ་(མ་མཱ་ཀི་)འདྲེས་མ། མགྲིན་པར་ཨཱཿདམར་པོ་དཔག་མེད་དང་དོན་གྲུབ། ཡུམ་གོས་དཀར་དང་སྒྲོལ་མ། སྙིང་ཁར་ས་བོན་མདུན་དུ་ཧཱུྃ་མཐིང་ག །རྡོར་སེམས་དང་༼མི་བསྐྱོད་པ་༽ཀུན་ཏུ་བཟང་པོ། ཡུམ་དབྱིངས་ཕྱུག་དང་བཟང་མོ་གཉིས་འདྲེས་མ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ངོ་བོ་རྡོ་རྗེ་

གསུམ་དུ་མོས་པར་བྱའོ། སྦྱང་བྱ་བྱིས་པ་དེས་ལུས་ངག་ཡིད་གསུམ་གྱི་ནུས་པ་ནར་སོན་པ་སྦྱོང་ཞིང་། སྦྱོང་བྱེད་གནས་གསུམ་བྱིན་གྱིས་བརླབས་པས། སྦྱངས་འབྲས་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་གསང་བ་ལ་མངའ་བརྙེས་པ་ཡིན་ནོ། །ཐུགས་ཀའི་ཧཱུྃ་དེ་ལས་འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས་པས་རང་རང་དང་འདྲ་བའི་ཡེ་ཤེས་པ་མདུན་གྱི་ནམ་མཁར་སྤྱན་དྲངས་པར་བསམས་ལ། གང་ནས་སྤྱན་དྲངས་ན། རང་བཞིན་ལྷུན་གྱིས་གྲུབ་པའི་ཞིང་ཆོས་ཀྱི་དབྱིངས་ནས་སོ། །གང་དུ་ན། ཏིང་ངེ་འཛིན་གྱིས་སྒྲུབ་པའི་གནས་འདིར་རོ། །གང་གི་གམ་ན་བདག་དམ་ཚིག་སེམས་དཔའོ། །གང་སྤྱན་དྲངས་ན་ཡེ་ཤེས་ཀྱི་དཀྱིལ་འཁོར་རོ། །ཇི་ལྟར་སྤྱན་དྲངས་ན། ཧཱུྃ་དཔེ་མེད་བསམ༴ སོགས་ཐུགས་བསྐུལ་བའི་ས་བོན་ཧཱུྃ་གིས་དྲངས་པས་གཞུང་ཚིག་ལྟར་ལ། ཕྱོགས་མེད་ཕྱོགས་དང་བྲལ་བའི་ཕྱོགས་མཚམས་ཞེས་པ། སྤྱིའི་དབང་དུ་ཞིང་ཁམས་ལ་ཆེ་ཆུང་མེད་རུང་། བྱེ་བྲག་ཏུ། ཆོས་སྐུའི་ཞིང་ནི། ཆོས་དབྱིངས་བརྡལ་ཁྱབ་ཆེན་པོའམ་ཞིང་དངོས་པོའི་ཆོས་ཀྱིས་ཚད་བཟུང་མེད་དེ་མཐའ་དང་མུ་མེད་པས་ཕྱོགས་མེད་དང་། ལོངས་སྐུའི་ཞིང་ནི་སྟོང་གསུམ་འཇིག་རྟེན་སྟོང་ལ་སྟོང་རྒྱུད་བཀོད་དང་པོ། དེ་སྟོང་ལ་སྟོང་རྒྱུད་བཀོད་བར་མ། དེ་སྟོང་ལ་མཚམས་སྦྱོར་ཡོངས་སུ་འདས་པ་ཞེས་རྒྱ་ཚད་ལས་འདས་པའི་ཕྱོགས་དང་བྲལ་བ་དང་། སྟོང་ཆེན་གཅིག་ལ་སྤྲུལ་སྐུ་ཐུབ་པ་གཅིག་གི་ཞིང་སྟེ། རིགས་ལྔའི་ཞིང་ལོངས་སྐུ་ཆུང་ངུ་ུདང་། སྤྲུལ་སྐུའི་ཞིང་ཆེ་བ་ཡིན་པས་ཕྱོགས་མཚམས་ཞེས་པའོ། །ༀ་ཡེ་ཤེས་ལྔ་བསྐུལ་བའི་ས་བོན། གུ་རུ་བཛྲ་ཨཾ་ཀུ་ཤ་ཛཿརྡོ་རྗེའི་བླ་མ་ལྕགས་ཀྱུས་འགུགས་ཞེས་པ་དང་། རིགས་ལྔ་སྤྱན་འདྲེན་གྱི་སྔགས། ༀ་ཨཱཿཧཱུྃ་སྐུ་གསུང་ཐུགས་བསྐུལ་བའི་ས་བོན། ༀ་ཧཱུྃ་ཏྲཾ༴

སོགས་རིགས་ལྔ་མཱུཾ་སོགས་ཡུམ་ལྔ་ཨཾ་ཀུ་ཤ་ཛཿལྕགས་ཀྱུས་འགུགས་ཞེས་པའོ། །ལ་སོགས་ནས་བྷྱོའི་བར་ཁྲག་འཐུང་དྲུག་ཅུའི་ས་བོན། ས་མ་ཡ་དམ་ཚིག །བཛྲ་ཨཾ༴ སོགས་གོང་ལྟར་རོ། །ཛཿཧཱུྃཿབཾཿཧོཿདམ་ཚིག་པ་ལ་ཡེ་ཤེས་པ་འགུགས་པ་དང་། གཉིས་སུ་མེད་པར་གཞུག་པ་དང་། བྱ་བ་མ་ཟིན་པར་མི་གཤེགས་པར་བཅིངས་པ་དང་། དགྱེས་བཞིན་དུ་བཞུགས་ཞེས་པའོ། །ཞེས་ཡེ་ཤེས་ཀྱི་ལྷ་ཚོགས་དམ་ཚིག་གི་དཀྱིལ་འཁོར་ལ་གཉིས་མེད་དུ་ཐིམ་པར་བསམས་ལ། གསུམ་པ་བཞུགས་གསོལ་བ་ནི། ཧཱུྃ་སྒྱུ་མ༴ སོགས་ཞེས་པས། སྒྱུ་མ་ནི་དངོས་པོའི་རྫས་གཅིག་ལ་སྔགས་བཏབ་ནས་དུ་མར་འཆར་བ་བཞིན་ཏིང་འཛིན་གཅིག་གི་རོལ་རྩལ་ལས་ཤར་བའི་གཞལ་ཡས་ཁང་སྣ་ཚོགས་རིན་ཆེན་པད་ཟླ་ལ་སོགས་གདན་ལ་ཟླ་གཟུགས་ཆུ་སྣོད་དང་ནམ་མཁའི་འཇའ་ལྟར་ཤར་བ་སྣང་ལ་རང་བཞིན་མེད་པར་བརྟེན་པ་དཀྱིལ་འཁོར་གྱི་ལྷ་ཚོགས་བྱང་ཆུབ་མ་ཐོབ་ཀྱི་བར་དུ་བཞུགས་སུ་གསོལ་ཞེས་པའོ། །ཨེ་ནམ་མཁའ། ཡཾ་རླུང་། བཾ་ཆུ། ལཾ་ས། བྷྲཱུཾ་གཞལ་ཡས་ཁང་། རཏྣ་རིན་པོ་ཆེ། པཾ་པདྨ། ཨ་ཙནྡྲ་ཟླ་བ། མ་སུཪྱ་ཉི་མ། མཎྜལ་རྣམས་དཀྱིལ་འཁོར། ས་མ་ཡ་དམ་ཚིག །ཏིཥྛ་བརྟན་པ། ལྷན་བཞུགས་ཤིག་ཞེས་སྤྱི་དང་། བྱེ་བྲག་དང་པོ་ཞི་བའི་བཞུགས་གསོལ་སྔགས། ༀ་ཨཱཿཧཱུྃ་སྐུ་གསུང་ཐུགས། ཧཱུྃ་བཞི་ཚད་མེད་བཞིས་ཐུགས་བསྐུལ་ནས་བཞུགས་ཞེས་པའི་དོན་ནོ། །གཉིས་པ་ཁྲོ་བོའི་བཞུགས་གསོལ་སྔགས་དོན། བྷྲཱུཾ་ཨེ་ཡཾ་བཾ་ལཾ་བྷྲཱུཾ། དབྱིངས་འབྱུང་བཞིའི་གཞལ་ཡས་ཁང་། རཏྣ་ཙཀྲ་སྟི་ར་བཾ་སོགས་འཁོར་ལོ་རིན་པོ་ཆེའི་གདན་ལ་གནས་པར་གྱུར་ཅིག །དེ་བཞིན་དུ་པདྨ་ཉི་མ་ཟླ་བ་རྣམས་གོང་ལྟར་རོ། །

ༀ་ཨཱཿཧཱུྃ་གསུམ་སྐུ་གསུང་ཐུགས་དང་ཧཱུྃ་གསུམ་སྐུ་གསུང་ཐུགས་བསྐུལ་ནས། ས་མ་ཡ་ཏིཥྛ་ལྷན་གོང་ལྟར་རོ། །སྦྱོང་བྱེད་ཡེ་ཤེས་པ་སྤྱན་དྲངས་ནས་བཞུགས་སུ་གསོལ་བས། སྦྱང་བྱ་བྱིས་པ་དེ་རང་མཐུན་གྱི་འགྲོ་བ་སྔ་མ་རྣམས་དང་བློ་གྲོས་ཀྱི་ནུས་པ་མཉམ་པ་དེ་སྦྱོང་། སྦྱང་འབྲས་སངས་རྒྱས་པའི་ཚེ་ན་དེ་བཞིན་གཤེགས་པའི་དགོངས་པ་དབྱེར་མེད་དུ་གྱུར་པའོ། །གཞན་ཡང་དམ་ཡེ་ལ་མཆོག་དམན་ཐ་དད་ཀྱི་ཞེན་པ་དང་། སངས་རྒྱས་ཀྱི་ཡེ་ཤེས་རང་སེམས་དང་དབྱེར་མེད་དུ་ཤེས་པ་དང་། ལྷ་ལོགས་ན་ཡོད་སྙམ་པའི་རྟོག་པ་སྦྱང་བའི་དགོས་པའང་ཡོད་དོ། །བཞི་པ་ཕྱག་འཚལ་བ་ནི། དམ་ཚིག་དང་ཡེ་ཤེས་གཉིས་མེད་དུ་རྟོགས་པ་ནན་ཏན་གྱི་ཕྱག་ཅེས་རྣལ་འབྱོར་པ་མཆོག་གི་ཕྱག་ཡིན་ལ། ཐུན་མོང་གི་ཕྱག་ནི་འཕྲུལ་དགའི་ལྷ་རྣམས་རང་རང་གི་སྤྲུལ་བའི་ལོངས་སྤྱོད་རྩེན་པའི་ཚུལ་གྱིས་བདག་གི་ཐུགས་ཀ་ནས་སྤྲུལ་བའི་ལྷ་མོ་གྲངས་མེད་པས་བརྡའ་ཕྱག་བཙལ་བར་བསམས་ལ། ཧཱུྃ་གིས་དྲངས་པས། ཡིད་ཤེས་ཏེ་ཡིད་ཀྱི་ཤེས་པ་རྣམ་པར་དག་པ་ཀུན་ཏུ་བཟང་པོའོ། །པར་མའི་ནང་ཡེ་ཤེས་ཟེར་བ་དག་བཅོས་མ་ཐུབ་པ་འདྲ། ཆོས་ཁམས་རྣམས་ནི། གང་གིས་གོ་ཕྱེ་བའི་དངོས་པོ་ཐམས་ཅད་སྣང་བར་བྱེད་པ་ནམ་མཁའ་ནི་ཆོས་ཀྱི་ཁམས་རྣམ་ཤེས་ཀྱི་ཡུལ་ཡིན་པས་གནས་སུ་དག་པ་ནི་ཀུན་ཏུ་བཟང་མོ་ཞེས་པའི་དོན་ནོ། །འདི་མན་གོ་སླའོ། །ལྔ་པ་མཆོད་པ་ལ། ཕྱི་མཆོད་རྣམས། སྤྲོས་པས་ལྷ་མོ་དེ་རྣམས་ཀྱིས་ལྷ་ལ་ལྷས་མཆོད་པའི་ཚུལ་གྱིས་ལུས་ཀྱིས་གར་སྟབས་བསྒྱུར། ངག་གིས་སྙན་པའི་གླུ་དབྱངས་སྒྲོག །ཡིད་ཀྱིས་དེ་འདྲ་དཔག་ཏུ་མེད་པས་མཆོད་རྫས་ཐོགས་ནས་ཆོས་ཀྱི་དབྱིངས་ཐམས་ཅད་ཁྱབ་པར་དམིགས་ནས་འབུལ་བར་བསམ་ལ། བདུད་རྩི་

བསྒྱུར་བའི་ཧཱུྃ་གིས་དྲངས་པས། ཐང་དང་ཆུ་ལས་སྐྱེས་པའི་རྣམ་པར་བཀྲ་བའི་མེ་ཏོག་དཀར་སེར་དམར་ལྗང་མཐིང་ག་སོགས་སྲིད་པ་གསུམ་ན་གཏོགས་ཚད་ཐམས་ཅད་དངོས་སུ་འབྱོར་བ་དང་། ཡིད་ཀྱིས་སྤྲུལ་པའི་མཆོད་པ་དཔག་མེད་སྐུ་དང་། ལྷན་སྐྱེས་དང་། སྦྱར་བ་ལས་བྱུང་བའི་དྲི་ཞིམ་བདུག་སྤོས་ཤངས་དང་། ཉི་ཟླ་ནོར་བུ་རྩི་བཅུད་འབྲུ་མར་གྱི་མར་མེ་སྤྱན་དང་། ཙནྡན་ཀུར་གུམ་ག་བུར་སོགས་དྲི་ལྡན་འོ་མ་ཆུ་སྣ་དང་སྦྱར་བའི་དྲི་ཆབ་ཐུགས་ཀ་དང་། རོ་མཆོག་བཅུད་ལྡན་གྱི་ཞལ་ཟས་སྣ་ཚོགས་ལྗགས་དང་། ཟིན་དང་མ་ཟིན་པའི་རྔ་ཏིང་གཡེར་ཁ་ལ་སོགས་རོལ་མོའི་རིགས་རྙན་ལ་འབུལ་བའོ། །དེ་ལྟར་བྱེ་བྲག་ཏུ་མཆོད་ནས། མདོར་བསྡུས་ཏེ་སྤྱིར་མཆོད་པ་ནི། ཧཱུྃ་བླ་མ་ཀུན་བཟང༴ སོགས་འདི་ནང་དག་པ་རྣམ་གསུམ་ཞེས་ལྷ་མོ་རྣམས་ཀྱིས་ལུས་དག་པས་དགའ་བའི་རྣམ་འགྱུར། ངག་དག་པས་སྙན་པའི་གླུ་དབྱངས། ཡིད་དག་པས་མཆོད་རྫས་རེ་རེ་དེ་འདྲ་དཔག་ཏུ་མེད་པར་སྤྲུལ་ནས་མཆོད་པའོ། །སྔགས་དོན་མགོ་མཇུག་གི་ༀ་ཨཱཿསྐུ་དང་གསུང་ཧཱུྃ་ཐུགས་བསྐུལ་ནས་ཡེ་ཤེས་ཀྱི་མཆོད་པ་འབུལ་བའི་ས་བོན་བཛྲ་ཀུན་གྱི་མགོར་སྦྱར་བས་སྟོང་ཉིད་རྡོ་རྗེའི་ལྷ་མོ་རྣམས་ཤེས་རབ་ཀྱི་ཕྱག་རྒྱར་མཚོན། པུཥྤེ་མེ་ཏོག་མ། དྷུཔྤེ་བདུག་སྤོས། ཨ་ལོ་ཀེ་མར་མེ། གྷནྡྷེ་དྲི་ཆབ། ནཻཝི་དྱ་ཞལ་ཟས། ཤབྟ་རོལ་མོ། པུ་ཛ་མཆོད་པ། ཧོ་ནི་མཉེས་པའི་ས་བོན་ཏེ་མཉེས་པར་མཛོད་ཅེས་པའོ། །དེ་དག་གི་མཚོན་དོན་དག་པ་ནང་གནས་ལུགས་དང་སྦྱར་ན་རང་རིག་ཡེ་ཤེས་ནི་རྣམ་པར་བཀྲ་བའི་མེ་ཏོག །དམིགས་མེད་ཀྱི་སྙིང་རྗེས་རྟོག་པ་བསྲེག་པའི་སྤོས། ལྷན་སྐྱེས་འོད་གསལ་གྱིས་མ་རིག་པའི་མུན་པ་སེལ་བའི་མར་མེ། སྤྲོས་བྲལ་ཡེ་ཤེས་ཀྱིས་ཆོས་ཐམས་ཅད་ལ་ཁྱབ་པ་ནི་བྱུག་པ། ཟག་མེད་ཏིང་ངེ་

འཛིན་གྱི་རོ་མྱོང་བ་ནི་ཞལ་ཟས། གྲགས་སྟོང་གཞོམ་མེད་ཀྱི་སྔགས་སྒྲ་ནི་རོལ་མོའོ། །ནང་མཆོད་ཐུན་མོང་བ་ནི་ཧཱུྃ་བླ་མ་ཀུན་བཟང༴ སོགས། ཧཱུྃ་མཆོད་པའི་ས་བོན་གྱིས་དྲངས་པས། སྣོད་བཅུད་ཀྱི་སྣང་སྲིད་དངོས་པོར་གཏོགས་ཚད་ཐམས་ཅད་གཟུགས་རྡོ་རྗེ་མ་ཤིན་ཏུ་མཛེས་ཤིང་སྐུ་མདོག་དཀར་མོ་མེ་ལོང་ཐོགས་པ། སྒྲ་རུ་གྲགས་ཚད་ཐམས་ཅད་སྒྲ་རྡོ་རྗེ་མ་སྔོན་མོ་པི་ཝཾ་བརྡུང་ཞིང་སྙན་པའི་གླུ་ལེན་པ། དྲི་རུ་མཚོན་ཚད་ཐམས་ཅད་རྡོ་རྗེ་དྲི་མ་སེར་མོ་དུང་ཕོར་དྲི་བཟང་གི་ཆུས་གང་བ་འཛིན་པ། རོ་མྱོང་བར་འོས་པ་ཐམས་ཅད་རྡོ་རྗེ་རོ་མ་ལྗང་གུ་པད་ཕོར་གྱི་ནང་དུ་རོ་བརྒྱའི་ཞལ་ཟས་འཛིན་པ། ཚོར་བས་ཁྱབ་ཚད་ཀྱི་རེག་བྱ་ཐམས་ཅད་རྡོ་རྗེ་རེག་མ་སྨུག་མོ་ལྷ་གོས་རིན་ཐང་དང་བྲལ་བའི་ན་བཟའ་སྣ་ཚོགས་འཛིན་པ། སེམས་ཀྱིས་ཁྱབ་ཚད་ཀྱི་དངོས་པོ་ཐམས་ཅད་རྡོ་རྗེ་ཆོས་མ་མཐིང་ག །རྡོ་རྗེ་བསྣམས་པ་རྣམས་ཀྱིས་དཀྱིལ་འཁོར་གྱི་ལྷ་ལ་ཕུལ་བར་བསམ་མོ། །སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་གྱི་རྩལ་ལས་སྣང་གྲགས་སྣོད་བཅུད་ཐམས་ཅད་དེ་དང་དེའི་ངོ་བོར་བལྟས་ནས་ཏིང་ངེ་འཛིན་གྱིས་ཐ་མལ་གྱི་སྣང་ཞེན་ཐམས་ཅད་སྦྱང་བ་གལ་ཆེ་ཞིང་། ཐུགས་ཀ་ནས་ལྷ་མོ་སྤྲོ་བ་ཙམ་གྱིས་ཆོག་པར་མི་འཛིན་ནོ། །སྔགས་དོན་ༀ་ཨཱཿདང་མཇུག་གི་ཧཱུྃ་སྔར་ལྟར། བཛྲ་རུ་པ་རྡོ་རྗེའི་གཟུགས་དེ་ཕུལ་བས་མཉེས་ནས་པྲ་ཏིཙྪ་མཉེས་པའི་ལན་བྱིན་པའོ། །དེ་བཞིན་ཤབྟ་སྒྲ། གྷནྡྷེ་དྲི། ནཻཝི་དྱ་རོ། འདི་ཞལ་ཟས་ཀྱི་སྐད་དོད་ཡིན་པས་རོ་མི་འཐད་ཟེར་བའི་བླུན་པོ་རྣམས་ཞལ་ཟས་རོ་མིན་པའི་ངེས་པ་སྨྲ་རྒྱུ་ཅི་ཡོད། སྤར་ཤེ་རེག་བྱ། དྷརྨ་ཆོས་སོ། དེ་དག་ནང་དང་སྦྱར་ན། ཡབ་ཡུམ་སྙོམས་འཇུག་གིས་ཕན་ཚུན་དགྱེས་པས་བལྟ་བ་གཟུགས། སྦྱོར་བ་ཧ་སིའི་སྒྲ། བདེ་བས་ཚིམས་པས་དྲི། ཞུ་བདེ་མྱོང་བས་རོ།

མཁའ་གསང་དང་ཁམས་དཀར་དམར་ཕན་ཚུན་རེག་པས་རེག་བྱ། དེས་ཕྱི་ནང་གི་ཆོས་ཐམས་ཅད་བདེ་སྟོང་དུ་འཆར་བས་ཆོས་སོ། །དེ་ནས་གསང་མཆོད་ནི། ངོ་བོ་ཡུལ་སྟོང་པ་ཉིད་ལས་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་ལྷ་མོ་དཀར་དམར་མཐིང་སེར་ལྗང་གུ་རང་རང་གི་ཕྱག་མཚན་རྣམ་འགྱུར་ཅན་དུ་ཐོན་ནས་སོ་སོའི་ཡུམ་དང་གཉིས་མེད་དུ་གྱུར་ནས་སྣང་བ་ཡུལ་ཅན་ཐབས་ཀྱི་རང་བཞིན་ཡབ་ཡུམ་རང་མདོག་གི་རིགས་དང་སྦྱོར་བའི་བྱང་སེམས་རྡོ་རྗེ་དང་པདྨའི་རྩེར་འདུས་པ་ལས་སྐྱེས་པའི་བདེ་བ་ཆེན་པོའི་རོས་གནས་བཞིར་ཁྱབ་པའི་དགའ་བ་བཞིའི་ཡེ་ཤེས་ཀྱི་རོལ་བར་སྤེལ་བའོ། །ༀ་སོགས་འདྲ་ལ། བཛྲ་དང་མཚམས་སྦྱར་བའི་འ་ཆུང་མར་སྦྱར་བ་ཨཱ་དཪྴེ་རྡོ་རྗེའི་མེ་ལོང་། མུ་རཉྫེ་རྔ་ཟླུམ། ཝི་ནི་གླུ་མ། གླུ་ལ་འཇུག་མོད་འདིར་སྤར་མ་ལྟར་ན་སྒྲ་སྤྱི་ལ་འཇུག་པའི་དབང་གིས། བམ་སེ་ཅང་ཏིལ། མི་དྷེ་ཀེ་རྫ་རྔའོ། །བདུད་རྩིའི་མཆོད་པ་ནི། ཧཱུྃ་རིགས་ལྔ་ཡབ་ཡུམ༴ སོགས། དེ་རྣམས་སྦྱོར་བའི་རྒྱུད་ལས་བྱང་སེམས་ཡེ་ཤེས་ལྔ་དང་སྐུ་ལྔའི་རྐྱེན་དུ་གྱུར་བའི་ཐབས་ཤེས་རོལ་བའི་བདུད་རྩི་བྷནྡྷའི་སྣོད་དུ་འཁྱིལ་བ་འཐེབ་སྲིན་ཉི་ཟླའི་སྐྱོག་གིས་བཅུས་ཏེ་ཕུལ་བས་ལྷ་ཚོགས་ཐམས་ཅད་བདེ་བའི་རོས་མཉེས་པར་བསམ་སྟེ། སྤྱི་དང་བྱེ་བྲག་ཏུ་འབུལ་བར་བྱའོ། །ༀ་ཨཱཿཧཱུྃ་སྐུ་གསུང་ཐུགས་དེ་མཉེས་ཕྱིར། སརྦ་པཉྩ་ཨ་མྲྀ་ཏ་ཐམས་ཅད་བདུད་རྩི་ལྔ། ཁ་རཾ་སྟོབས་པ། ཁཱ་ཧཱི་གསོལ་ཅིག་པའོ། །མཚན་དོན་ནང་དང་སྦྱར་ན། ཕུང་ལྔ་དབང་ལྔའི་དྭངས་མ་འཛག་མེད་དུ་བཅིངས་པ་ལས་འཆི་མེད་དུ་གྲུབ་པའི་བདུད་རྩིའོ། །དངོས་གྲུབ་ལེན་པ་ནི། སྐུ་གསུང་ཐུགས་ཐོབ་བྱེད་ཀྱི་སྙིང་པོ་ཧཱུྃ་གིས་དྲངས་པ་སྟེ། རྩེ་མོ་ལས། ཧཱུྃ་ནི་སྐུ་གསུང་ཐུགས་ཡིན་ཏེ། །རྡོ་རྗེ་ཐུགས་ནི་ཐོབ་

བྱེད་པའོ། །ཞེས་སོ། རིགས་ལྔ་ཡབ་ཡུམ་སྦྱོར་བའི་ཡེ་ཤེས་ཀྱི་བདུད་རྩི་སྟེ། གཞན་འཁོར་བའི་ཆོས་ཐམས་ཅད་སྙིང་པོ་མེད་པ་རྨི་ལམ་དང་སྨིིག་རྒྱུའི་རང་བཞིན་ཏེ། མུ་ཏིག་ཕྲེང་བར། གསོག་དང་ཡ་མ་བརླ་དང་ནི། །སྙིང་པོ་མེད་པ་སོགས་པ་ཡང་། །ཞེས་འཁོར་བའི་ཆོས་ཐམས་ཅད་ལ་སྙིང་པོ་མེད་ལ་འདས་པའི་ཉོན་མོངས་དུག་ལྔ་སེལ་བའི་བདུད་རྩི་དངོས་གྲུབ་ཀྱི་སྙིང་པོ་ཅན་བླངས་པས་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐོབ་པར་བསམ་ལ། ཀ་ཡ་སིདྡྷི་ༀ༴ སོགས་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ལུས་ངག་ཡིད་ལ་སྩོལ་ཞེས་པའོ། །རཀྟའི་མཆོད་པ་ནི། ཧཱུྃ་དུག་ལྔ༴ སོགས་ཏེ། འཁོར་བའི་རྩ་བ་དུག་ལྔའི་རང་བཞིན་ཁྲག་གི་རྒྱ་མཚོའི་རྣམ་པར་ཕུལ་བས་ལྷག་མ་མེད་པར་ཆེམ་ཆེམ་དུ་གསོལ་བས་དུག་ལྔ་ཡེ་ཤེས་ལྔའི་ངོ་བོར་བསྒྲལ་བར་བསམས་ལ། ༀ་ཨཱཿ་ཧཱུྃ་མ་ཧ་རཀྟ༴ སོགས་སྐུ་གསུང་ཐུགས་ཚིམ་པའི་ཁྲག་ཆེན་པོ་སྟོབ་ཀྱིིས་གསོལ་ཞེས་པའོ། །ལས་བྱང་ཆུང་བར་མ་ཆགས་ཆགས་བྲལ་ཆགས་པ་ཆེན་པོའི་ཁྲག །ཅེས་པ་ནི། ཆོས་ཐམས་ཅད་ལ་ཡུལ་སེམས་གཉིས་སུ་མེད་པར་གསལ་བ་ནི་མ་ཆགས་པའི་ཡེ་ཤེས་སོ། །དེ་ལ་གཉིས་སུ་ཞེན་ཅིང་ཆགས་པའི་དུས་ན་གཉིས་མེད་དུ་ཤེས་པའི་ལྟ་བ་དང་། འདུ་ཤེས་ག །སུམ་ལྡན་གྱི་བསྒོམ་པ་དང་། ཐབས་ཀྱིས་ཟིན་པའི་སྤྱོད་པས་འདོད་ཆགས་ལ་སྤྱོད་པ་ལྟར་སྣང་ཡང་ཐ་མལ་གྱི་ཆགས་པས་དྲི་མ་རྡུལ་ཙམ་ཡང་མེད་པས་ཆགས་བྲལ་དང། ཆོས་ཐམས་ཅད་ཤིན་ཏུ་རྣམ་པར་དག་པ་བདེ་སྟོང་ཟུང་འཇུག་རང་རིག་གི་ངོ་བོར་གྲོལ་བ་ནི། ཆགས་པ་ཆེན་པོ་བདེ་ཆེན་གྱི་ཡེ་ཤེས་སོ། །དེ་རྣམས་གསང་བ་བྷ་ག་ལ་བརྟེན་པའི་ཁྲག་ཆེན་པོས་མཆོད་པའོ། །ནང་ལྟར་ན་མཁའ་གསང་གི་རྩེར་ཉི་མའི་འགྲོས་བཅིངས་པས་འཁོར་བའི་རྒྱུན་གཅོད་པའོ། །

གཏོར་མ་ནི། ༀ་ཨཱཿཧཱུྃ་ཞེས་སྦྱོང་རྟོགས་སྦར་གསུམ་དང་། ཕུང་པོ་ལྔ་གནས་སུ་དག་པའི་གཏོར་མ་འདོད་ཡོན་གྱི་ཕུང་པོ་འཇིག་རྟེན་ཁམས་ཡོངས་སུ་གང་བ་བདུད་རྩིའི་རྒྱ་མཚོར་གྱུར་བ་ལྷ་རྣམས་ཀྱི་ལྗགས་རྡོ་རྗེའི་རྣམ་པ་འོད་ཀྱི་སྦུ་གུས་དྲངས་ཏེ་གསོལ་བས་ཐུགས་དམ་སྐོང་བར་བསམས་ལ། །ༀ་ཨཱཿཧཱུྃ་གུ་རུ་དྷེ་ཝ་ཌཱ་ཀི་ནི་བླ་མ་ཡི་དམ་མཁའ་འགྲོའི་སྐུ་གསུང་ཐུགས། མ་ཧ་བྷ་ལིང་ཏ་གཏོར་མ་ཆེན་པོ། གྷྲྀཧྞ་ཟུང་ལ། ཁཱ་ཁ་བསྟབས་པ། ཁཱ་ཧི་གསོལ་ཅིག །ༀ་ཨཱཿཧཱུྃ་བྷོ་དྷི་ཙིཏྟ་ནས་ཧཱུྃ་གིས་བར་གོ་སླ་ལ། མདོར་ན་ཞི་ཁྲོའི་སྐུ་གསུང་ཐུགས་ཀྱི་ལྷ་ཚོགས་ཀྱིས་ཨེ་དམ་བྷ་ལིང་ཏ་གཏོར་མ་འདི་ཟུང་ལ་བསྟབས་པར་གསོལ་ཅིག་ཅེས་པའོ། །ནང་དང་སྦྱར་ན། ཡུལ་ལྔའི་བཟའ་བ་དང་རྣམ་ཤེས་ཀྱི་བཏུང་བ་རྣམས་འོད་གསལ་ཀྱི་ཀློང་དུ་གསོལ་ཞིང་ཐིམ་པར་མཛོད་ཅིག་པའོ། །དྲུག་པ་བསྟོད་པ་ནི། ཆོས་ཉིད་ཀྱི་རང་སྒྲ་དང་ལྷ་མོ་རྣམས་ཀྱིས་བསྟོད་པར་བསམ་ལ། ༀ་བླ་མ་ཀུན་བཟང༴ སོགས་ༀ་གླུའི་ས་བོན་གྱིས་དྲངས་ནས་བསྟོད་པར་བྱའོ། །རིག་པ་ཟང་ཐལ༴ སོགས་ཀྱི་དོན། །རང་གི་རིག་པའི་གདངས་ཡེ་ནས་སྟོང་གསལ་འོད་ཀྱི་སྐུ་སྟེ། སེང་གེ་རྩལ་རྫོགས་ལས། སྐུ་ཡི་མཚན་ཉིད་འདི་ལྟ་སྟེ། །འགྱུར་བ་མེད་དང་གསལ་བ་དང་། །སྟོང་པ་དང་ནི་རྟོག་བྲལ་ལོ། །ཞེས་གསུངས་སོ། །རིག་པ་ཉག་གཅིག་གི་ངོ་བོ་རྡོ་རྗེ་ལུ་གུ་རྒྱུད་འགྱུ་འཕྲིག་ཅི་ལྟར་ཤར་བ་ཐམས་ཅད་རང་རིག་གི་འཆར་སྒོ་སྟེ། རིག་པའི་མཚན་ཉིད་འདི་ལྟ་སྟེ། ཕྲ་བ་ཉིད་དང་འཕྲོ་བ་དང་། །ལུ་གུ་རྒྱུད་དང་འགུལ་བའོ། །དེ་དག་ཀྱང་གང་ཤར་ལ་བཟོ་བཅོས་མེད་པར་བཞག་པས་དུག་ལྔ་སོགས་ཀྱི་རྟོག་པ་རང་སར་གྲོལ་བ་ནི། གཟུང་འཛིན་དང་བྲལ་བའི་གསལ་སྟོང་གི་ཡེ་ཤེས་ཏེ། ཡེ་ཤེས་མཚན་ཉིད་འདི་ལྟ་སྟེ། །སྟོང་དང་

གསལ་བའི་ཡེ་ཤེས་སོ། །ཞེས་པ་ལྟར་རོ། །དེ་ཡང་འདི་ལྟ་སྟེ། སྐུ་ལ་དབྱིངས་ཡོད་པའི་ཕྱིར། ཆོས་དབྱིངས་ཡེ་ཤེས་སོ། །དབྱིངས་ལ་གསལ་ཆ་ཡོད་པའི་ཕྱིར་མེ་ལོང་ལྟ་བུའི་ཡེ་ཤེས། གསལ་བ་ལ་གཉིས་མེད་ཡོད་པས་མཉམ་ཉིད་ཡེ་ཤེས། གཉིས་མེད་ལ་མཐོང་བ་ཡོད་པས་སོར་རྟོགས་ཡེ་ཤེས། མཐོང་བ་ལ་ཚད་ཡོད་པས་བྱ་གྲུབ་ཡེ་ཤེས་འབྱུང་ངོ་། །གཞི་སྣང་གི་ཡེ་ཤེས་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་ནི། ཆོས་སྐུའི་ཡེ་ཤེས་སོ། །མཚན་ཉིད་འཛིན་པའི་ཡེ་ཤེས་ལྔ་ནི་ལོངས་སྐུའི་ཡེ་ཤེས་སོ། །དཀར་གསལ་སོགས་ཁ་དོག་འཛིན་པའི་འོད་ལྔ་ནི། རང་ཤར་ལས། ཡེ་ཤེས་མི་འགྱུར་བའི་ཕྱིར་མཐིང་ག་བྱུང་ངོ་། །ཡེ་ཤེས་དག་པའི་ཕྱིར་དཀར་པོ། ཡེ་ཤེས་ལས་ཡོན་ཏན་འབྱུང་ཕྱིར་སེར་པོ། ཡེ་ཤེས་ལ་དབང་རྫོགས་པས་དམར་པོ། ཡེ་ཤེས་ལ་འཕྲིན་ལས་རྫོགས་པས་ལྗང་གུ་བྱུང་ངོ་། །ཞེས་སོགས་འདི་མན་གོ་སླ་ལ། སྣང་སྲིད་གཞིར་བཞེངས་ཞེས་པ། །གཟུགས་སྣང་སྐུ། སྒྲ་གྲགས་གསུང། དྲན་རྟོག་ཐུགས་དེ་ཐམས་ཅད་ཟུང་འཇུག་ཡེ་ཤེས་ཀྱི་ཕྱག་རྒྱར་ལ་བཟླ་བའོ། །དེ་ལྟར་བསྟོད་ནས་ལྷ་མོ་རྣམས་གཙོ་བོའི་ཐུགས་ཀར་བསྡུའོ། །སྦྱོང་བྱེད་ཕྱག་མཆོད་བསྟོད་པའི་ལས་རིམ་གྱིས། སྦྱང་བྱ་བྱིས་པ་དེ་ཉིད་ཉེ་དུ་རྣམས་ཀྱིས་གཅེས་སྤྲས་དང་བཟའ་བཏུང་གོས་རྒྱན་གནས་ཁང་སོགས་ལ་སྤྱོད་ཅིང་། ཡུལ་ནོར་གྱི་བཅད་རིས་དང་ཁེ་གྲགས་སྒྲུབ་པ་རྣམས་སྦྱོང་། སྦྱངས་འབྲས་སངས་རྒྱས་པའི་ཚེ་ན་དེ་ཉིད་དུ་མཆོད་སྤྲིན་རྟག་ཏུ་འབྱུང་བ་དང་། ཕྱག་གི་གནས་བླ་ན་མེད་པར་འགྱུར་བའོ། །བདུན་པ་བཤགས་པ་ལ། གང་ལ་བཤགས་ན། ༀ་ཨཱཿཧཱུྃ་སྐུ་གསུང་ཐུགས་ཀྱི་ཡི་གེས་དྲངས་ནས། བླ་མ་ཀུན་བཟང་ནས། སྤྲུལ་འཁོར་དགོང་།

བར་རོ། །གང་གིས་བཤགས་ན། བདག་དང་འཁོར་བའི༴ སོགས་ནས། འཁྲུལ་བའི་ལས་དབང་གིས་བར་རོ། །ཅི་ཞིག་བཤགས་ན། སྐུ་གསུང་ཐུགས་དང༴ སོགས་ནས། མཐོལ་ལོ་བཤགས། བར་རོ། དེ་ལྟར་བཤགས་པའི་ཉེས་བྱས། ཀློང་ཡངས་ངང་དུ་བཟོད་པར་མཛད་དུ་གསོལ། ཞེས་ཐུགས་རྒྱུད་བསྐུལ་བའོ། །འདི་སྐབས་བསྐྱེད་རིམ་ལ་བསླབ་པ་ནི། ཇི་སྐད་བཤད་པ་བཞིན་འབད་ཅིང་གསལ་མ་ཐེབས་ན་གཙོ་བོ་དང་རིགས་ལྔ་ཙམ། དེ་ཡང་གསལ་མ་ཐེབས་ན་གཙོ་བོ་ཡབ་ཡུམ་བརྡ་རྟགས་དང་བཅས་པ་གསལ་ཐུབ་ན་ཉི་མ་གཅིག་ཟིན་ན་འོད་རང་བཞིན་གྱི་འདུ་བ་ལྟར་འཁོར་ངང་གི་འདུ་བ་ཡིན་པར་གསུངས། འོན་ཀྱང་དེས་ཆོག་དང་ལེ་ལོའི་དབང་དུ་མི་བཏང་བར་རིག་རྩལ་སྦྱོང་ཕྱིར་བསྐྱེད་རིམ་ཕྲ་རགས་ལ་བསླབ་པ་ཤིན་ཏུ་གལ་ཆེའོ། །ཇི་ལྟར་ཞེ་ན། རྣམ་པ་གསལ་བ་དང་། ང་རྒྱལ་བརྟན་པ། རྣམ་དག་དྲན་པ། བདེ་གསལ་སྟོང་པ་ཉིད་ལ་བསླབ་པ་དང་བཞིའོ། །དང་པོ་ཐ་མལ་གྱི་སྣང་བ་ལྡོག་ཕྱིར་དཀྱིལ་འཁོར་ཡོངས་རྫོགས་གཅིག་ཅར་དུ་གསལ་བཏབ་སྟེ་སེམས་འཛིན་པ་སྤྱི་དང་། བྱེ་བྲག་གཙུག་ཏོར་ནས་གདན་གྱི་བར་སྐུ་དང་རྒྱན་ཆས་རྣམས་རེ་རེའི་རྣམ་པ་མ་ཟིན་བར་དུ་རིམ་བཞིན་གསལ་བཏབ་ནས་རྫིང་བུ་རྙོག་པ་མེད་པ་ན་གཟུགས་བརྙན་ཤར་བ་ལྟ་བུ་ཡིད་ཡུལ་དུ་ལྷམ་མེར་མ་གྱུར་བར་རྩེ་གཅིག་ཏུ་གསལ་གདབ་སྟེ་སེམས་འཛིན། དེ་ནས་ཐ་མལ་གྱི་ཞེན་པ་ལྡོག་ཕྱིར་རྟེན་དང་བརྟེན་པ་ཐམས་ཅད་རིག་རྩལ་ལས་ཤར་བའི་བདག་ཉིད་ངའོ་སྙམ་པའི་ང་རྒྱལ་ལ་སེམས་འཛིན། སྦྱང་བྱ་མ་དག་པའི་སྣང་བ་དང་། མ་དག་པར་ཞེན་པའི་ང་རྒྱལ་དེ། སྦྱོང་བྱེད་སྔ་མ་རྣམ་པ་གསལ་{གཉིས་}༼བ་ཉིད་༽དང་ཕྱི་མ་དག་པའི་ང་རྒྱལ་དུ་བསྒྱུར་བ་ཡིན་ནོ། །

གསུམ་པ་ལྷར་སྣང་དང་ང་རྒྱལ་དེའང་ཡང་དག་པའི་ཡེ་ཤེས་སུ་འཆར་བའི་དོན་དུ་སྔར་མངོན་རྟོགས་ཀྱི་དག་དྲན་དང་ཡེ་ཤེས་ཀྱི་ལྷ་དེ་དང་དེའི་ངོ་བོར་གདོད་ནས་ཡིན་སྙམ་པའི་དག་དྲན་ལ་མཉམ་པར་བཞག །བཞི་པ་ནི། ང་རྒྱལ་གྱི་རྒྱུན་ལྷང་ངེ་བ་དེ་འཛིན་མེད་སྒྱུ་མ་ལྟ་བུའི་རྒྱས་བཏབ་ནས་དཀྱིལ་འཁོར་ཐམས་ཅད་བདེ་གསལ་སྟོང་པ་ཉིད་ཀྱི་ཡེ་ཤེས་འཆར་བ་ལ་བསླབ་པར་བྱའོ། །མཐར་གསལ་སྣང་དང་ང་རྒྱལ་སྦྲེལ་བའི་ཏིང་ངེ་འཛིན་ལ་མ་ཡེངས་པ་མཉམ་པར་བཞག་གོ །དེས་སྐྱོ་ན་འདི་སྐབས་རྫོགས་ཆེན་དབོན་རིན་པོ་ཆེའི་ཕྱག་བཞེས་ཀྱི་འཛབ་དམིགས་ནི། ལྷ་ཚོགས་ཞི་བ་རྣམས་ཀྱི་སོགས་ནས་བསྐོར་བ་ལས་ཞེས་པའི་བར་གྱི་དམིགས་པ་གསལ་བཏབ། འོད་ཟེར་འཕྲོས་ཞེས་པ་ནས། འོད་ཟེར་འབར་ཡན་བདག་དོན་བྱིན་རླབས་བསྡུ་བའི་དམིགས་པའོ། །སླར་ཡང་ནས། ཐོགས་མེད་དུ་བསྒྲུབ་བར་བཀའ་བསྲུང་ལས་ལ་བཀོལ་བའི་དམིགས་པའོ། །སེམས་ཅན་ཐམས་ཅད་ལ་ཕོག་འོད་ཟེར་དེས་སྡིག་སྒྲིབ་དག་པར་བསམ་པ་ནི་གཞན་དོན་འཕྲིན་ལས་ཀྱི་དམིགས་པའོ། །སྣང་སྲིད་དག་པ། ཞེས་པ་ནས་གྱུར་གྱི་བར་བདག་གཞན་གཉིས་མེད་ཀྱི་བཟླས་པའོ། །སྔགས་དོན་ཨོ་རྒྱན་ཆེན་པོས། ༀ་དང་ཨཱཿདང་ཧཱུྃ་དང་གསུམ༔ དུས་གསུམ་སངས་རྒྱས་སྐུ་གསུང་ཐུགས༔ བྷོ་དྷི་ཙིཏྟ་བྱང་ཆུབ་སེམས༔ མ་ཧཱ་སུ་ཁ་བདེ་བ་ཆེ༔ ཛྙཱ་ན་དྷརྡྷུ་ཡེ་ཤེས་དབྱིངས༔ ཨཱཿནི་སྐྱེ་བ་མེད་པའོ། ཞི་བ་ལྷུན་གྲུབ་ཡེ་ཤེས་ལྷ༔ བཞི་བཅུ་རྩ་གཉིས་སྙིང་པོའོ༔ ༀ་ནི་སྐུ་ལྔ་ཡེ་ཤེས་ལྔ༔ རུ་ལུ་གནས་ལུགས་ཆོས་ཀྱི་དབྱིངས༔ འོག་མ་གནས་ལུགས་ཆོས་ཀྱི་སྐུ༔ ཧཱུྃ་ནི་འགག་མེད་ཐིག་ལེ་ཉིད༔ བྷྱོ་ནི་སྐྱེ་མེད་མཁའ་ལ་འཁྱིལ༔ ཧཱུྃ་ནི་སྐྱེ་འགག་གཉིས་སུ་མེད༔ ཁྲག་འཐུང་ཁྲོ་བོའི་རང་བཞིན་རྩལ༔

དྲུག་ཅུ་ཐམ་པའི་སྙིང་པོའོ༔ ཞེས་ཞི་ཁྲོ་སྤྱི་བསྡུས་གྱི་སྔགས་དང་། བྱེ་བྲག་ཧཱུྃ་བཛྲ་ཙིཏྟ་ཨཱཿསོགས་མངོན་རྟོགས་སུ་བཤད་པ་ལྟར་རོ། །དབང་ཕྱུག་ཉེར་བརྒྱད་ཀྱི་རྩ་སྔགས་འདི་སྐབས་བྱེ་བྲག་གི་གཞུང་འདི་ནི་ཕལ་ཆེར་འགྲེལ་དཀའ་བས་འདིར་བསྟན་གྱི་སྔགས་སྣག་བྲིས་དང་དོང་སྤྲུག་གི་སྔགས་མཚལ་བྲིས་གཉིས་ཀ་དོན་མཐུན་པར་འགྲེལ་ན། ༀ་རྣམས་ནི་རབ་བསྔགས། མ་ནུ་རཀྴ་སི་མིའི་སྲིན་མོ། བྷྱོ་རྣམས་ནི་མ་མོ་རྣམས་ཀྱི་སྙིང་པོ། པྲཧྨ་ཎི་པྲ་མ་ནི་ཚང་མ། རཻ་ཏྲི་རེའུ་ཏྲཱི་མ་དྲག་མོ། བེཥྞ་བཻ་བྷ་ན་བྷེ་ཁྱབ་འཇུག་མ། ཀུ་མཱ་ར་ཀེའུ་རི་མ་གཞོན་ནུ་མ། ཨིནྟྲ་ནི་ཨིནྟྲ་ཡ་ནི་དབང་མོ། བཛྲ་སིང་ག་ལཾ་སིང་ཧ་ཀ་ལ་ནི་རྡོ་རྗེ་དམར་སེར། ཨ་མྲྀ་ཏཾ་བདུད་རྩི་མ། སཻ་མྱ་སཻའུ་ནི་ཞི་བ་མ། དཎྚ་དཾ་ཏ་ན་ཧཾ་བེ་ཅོན་མ། རཀྴ་སཱི་སྲིན་མོ། བྷཀྴ་སི་བག་ཤ་སཻ་ཟལ་མོ། ར་ཏི་བཛྲ་ར་ཏྲི་མ་རྡོ་རྗེ་དགའ་བ་མ། རུ་དྷི་ར་མ་དྷུ་རེ་ཏྲེ་རེ་མ་ཏྲེ་ཁྲག་འཐུང་མ། ཨེ་ཀ་ཙ་ར་མ་གཅིག་པུར་སྤྱོད་མ། མ་ནོ་ཧུ་རཾ་མ་ནུ་ཧ་ར་མ་འདོད་པ་མའམ་ཡིད་འཕྲོག་མ། སིདྡྷི་ཀི་སི་ཏི་ཀ་གྲུབ་མ། ཙན་ཡ་ཞེ་བཱ་ཡ་བ་རླུང་མོ། མ་ཧཱ་མཱ་ར་ཎ་གསོད་བྱེད་ཆེན་མོ། ཨགྣེ་ཨགྣེ་མ་མེ་མོ། ཧཱ་ར་བ་ར་ཧི་ཕག་མོ། མུནྟྲི་ཙ་མུན་ཏྲི་རྒན་བྱེད་མ། པུ་ཏ་ནཾ་སུ་ཏ་ནི་སྣ་ཆེན་མ། ཝ་རུ་ཎིི་པ་ནི་བཛྲ་ཆུ་ལྷ་མ། བཛྲ་མ་ཧཱ་ཀ་ལི་རྡོ་རྗེ་ནག་མོ་ཆེན་པོ། བཛྲ་ཙ་ཀཱ་ལ་རྡོ་རྗེ་ར་གདོང་མ། ཀརྞ་བཛྲ་བུམ་པ་ཀ་ར་རྡོ་རྗེ་བུམ་སྣ་མ། བཛྲ་ལམ་བོ་དྷ་ར་ན། རྡོ་རྗེ་བསྡུས་འཛིན་མ་ཞེས་པའོ། །ཡང་ན་ཡིག་བརྒྱ་ནི། ༀ་མཆོག་གི་དངོས་གྲུབ་སྟེར་བའོ། །བཛྲ་ས་ཏྭ་ནི་རྡོ་རྗེ་སེམས་དཔའ། ས་མ་ཡ་དམ་ཚིག །མ་ནུ་པ་ལ་ཡ་རྗེས་སུ་སྐྱོངས་ཤིག །ཇི་ལྟར་སྐྱོང་ན་བཛྲ་ས་ཏྭ་ཏྭེ་ནོ་པ་ཏིཥྛ་ནི་རྡོ་རྗེ་སེམས་དཔའ་ཉེ་བར་གནས་པར་མཛོད་དེ་རང་གི་

བསམ་པ་བཞིན་དུའོ། དྲྀཌྡྷོ་མེ་བྷ་ཝ་བདག་ལ་བརྟན་པའི་རང་བཞིན་དུའོ། སུ་ཏྭཥྱོ་མེ་བྷ་ཝ་བདག་ལ་དགའ་བའི་རང་བཞིན་དུའོ། ཨ་ནུ་རཀྟོ་མེ་བྷ་ཝ་བདག་ལ་རྗེས་སུ་ཆགས་པའི་རང་བཞིན་དུའོ། །སུ་པོཥྱོ་མེ་བྷ་ཝ་བདག་ལ་མཛེས་པའི་རང་བཞིན་དུའོ། །སརྦ་སིདྡྷིམྨེ་པྲ་ཡཙྪཿབདག་ལ་དངོས་གྲུབ་ཐམས་ཅད་སྩོལ། སརྦ་ཀརྨ་སུ་ཙ་མེ་བདག་ལ་ལས་ཐམས་ཅད་སྩོལ་ཏེ། ཚུལ་དེ་ལྟ་བུའི་བདག་ལ་སྐྱོངས་ཤིག །བསྐྱངས་ནས་ཅི་བྱེད་ན། ཙིཏྟ་ཤྲྀ་ཡཾཿཀུ་རཱུ་བདག་གི་སྙིང་ལ་གནས་པར་མཛོད་ཅིག །གང་གནས་ཞེ་ན། ཧཱུྃ་ཆོས་ཀྱིས་དབྱིངས་མི་འགྱུར་བས་གནས་དང་། ཧ་བཞི་ནི་ཡེ་ཤེས་གཞན་བཞི། ཧོ་དབྱེར་མེད་པ། བྷ་ག་ཝཱན་བཅོམ་ལྡན་འདས། སརྦ་ཏ་ཐཱ་ག་ཏ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས། བཛྲི་མཱ་མེ་མུཉྩ་རྡོ་རྗེ་བདག་མ་འདོར། བཛྲ་བྷ་ཝ་རྡོ་རྗེ་ཅན་མཛོད། མ་ཧཱ་ས་མ་ཡ་ས་ཏྭ་ནི་དམ་ཚིག་སེམས་དཔའ་ཆེན་པོ། ཨ་ནི་སྐྱེ་བ་མེད་པ་སྟེ་སྔགས་དང་ལྷ་དང་སྒྲུབ་པ་པོ་རྣམས་རང་བཞིན་སྐྱེ་མེད་དུ་གཅིག་པའི་དོན་ནོ། །བུམ་བཟླས་སོགས་ཀྱི་སྐོར་མི་གོ་ས་མེད་པ་གཞུང་ལྟར་རོ། འདིའི་སྦྱང་བྱ་འཁོར་བར་མིང་ཚིག་ཡི་གེའི་ངག་གི་བརྗོད་པ་དུ་མ་དང་སྒྲ་དོན་འདྲེས་འཛིན་གྱི་རྟོག་པ་རྣམས་སྦྱང་ཞིང་། སྦྱོང་བྱེད་བཟླས་པའི་རྣལ་འབྱོར་གྱིས། སྦྱངས་འབྲས་སངས་རྒྱས་ནས་གདུལ་བྱ་ལ་ཆོས་འཁོར་བསྐོར་བ་སོགས་གསུང་རྡོ་རྗེས་དོན་མཛད་པའི་རྟེན་འབྲེལ་བསྒྲིགས་པའོ། །འདི་མཚམས་སྡེ་བདུན་དང་བརྒྱ་ཀློང་ཕྱག་ལེན་ལྟར་གཏོང་ངོ་། །གསུམ་པ་རྗེས་ཀྱི་ལེའུ་བདུན་གྱིས་བསྟན༔ ཚོགས་ལས་བསྐུལ་དང་ཆད་ཐོ་གཏོར་སྐྱོང་དང༔ གཏོར་བྲོ་བཀྲ་ཤིས་སྨོན་ལམ་བདུན་ཡིན་ནོ༔ ལས་

བྱང་ཆེ་བར་གསུངས་པ་ལྟར༔ སྤྱིར་ཚོགས་ཞེས་པའི་སྒྲ་དོན། དཀྱིལ་འཁོར་གྱི་ལྷ་ཚོགས་པས་ན་དགའ་ལྡན་ལྷའི་ཚོགས། རྣལ་འབྱོར་དམ་ཚིག་ཅན་ཚོགས་པས་ན་སྐལ་ལྡན་རྣལ་འབྱོར་ཀྱི་ཚོགས། བཟའ་བཅའ་ཤ་ཆང་སོགས་ཚོགས་པས་ན་འབྱོར་ལྡན་ཡོ་བྱད་ཀྱི་ཚོགས་ཅེས་བྱའོ། །དེ་ལྟར་ཚོགས་ཀྱི་ཡོ་བྱད་ཇི་ལྟར་འཛོམས་ཚད་སྟག་ལྤགས་སོགས་ཀྱི་སྟེང་དུ་བཤམས་ལ། བསང་ཆུས་བྲན་ཏེ། དང་པོ་བགེགས་ལ་བཀའ་བསྒོ་བ་ནི། ཧཱུྃ་བགེགས་སྔས་༼སྔངས་༽པས་དྲངས་ནས། ཉོན་ཅིག༴ སོགས་ཀྱིས་བགེགས་བསྐྲད། དེ་ནས་བྱིན་གྱིས་བརླབས་པ་ནི། སྐུ་གསུང་ཐུགས་ཀྱི་བྱིན་གྱིས་བརླབས་པའི་ཡི་གེ་ཧཱུྃ་བརྗོད་ནས་བདག་རྡོར་སེམས་སུ་གསལ་བའི་ཐུགས་ཀ་ནས་ༀ་དཀར་ཨཱཿདམར་ཧཱུྃ་མཐིང་ག་འཕྲོས་པས་ཚོགས་ཀྱི་ངོ་བོ་དང་ཕྱི་ནང་སྣོད་བཅུད་ཀྱི་འདོད་ཡོན་ཐམས་ཅད་ༀ་ཨཱཿཧཱུྃ་གསུམ་དུ་གྱུར་པར་བསམས། ཡི་གེ་དེ་གསུམ་ལས། རཾ་ཡཾ་ཁཾ་འཕྲོས་པས་ཚོགས་ཀྱི་དངོས་འཛིན་ཐམས་ཅད་བསྲེག་གཏོར་སྦྱང་ནས་ཡི་གེ་དེ་གསུམ་ཐམས་ཅད་འོད་དུ་ཞུ་ནས་བདུད་རྩི་དཀར་དམར་མཐིང་གསུམ་གྱི་རྣམ་པར་བསམས་ལ། ༀ་གྱིས་རྒྱ་ཆེར་གྱུར་པར་བསམས། ཨཱཿཡིས་འདོད་ཡོན་གྱི་ཕུང་པོར་གྱུར། ཧཱུྃ་གིས་ཉེས་སྐྱོན་ཐམས་ཅད་སྦྱངས། ཧྲཱིཿཡིས་སྣང་སྲིད་གང་། ཧ་ཧོས་ཟག་མེད་ཡེ་ཤེས་ཀྱི་བདུད་རྩིར་སྤེལ་ལ། འདི་སྐབས་དང་པོ་ཐུན་མོང་རྫས་ཀྱི་བསྐང་བ་ནི། ཧཱུྃ་ཞེས་ཐུགས་ཡེ་ཤེས་ཀྱི་བྱིན་གྱིས་བརླབས་པར་བསྐུལ་ནས། སྟོང་གསུམ་འདིའམ་གཞན༴ སོགས་མཆེད་ལྕམ་རྣམས་ཀྱིས་ཉེར་སྤྱོད་བདུན་སོགས་མཆོད་པ་རྣམས་ཐོགས་ནས་དཀྱིལ་འཁོར་ལ་བསྐོར་ཞིང་སྔར་བཤད་པ་ལྟར་སྟོང་གསུམ་འདིའམ་གཞན་སྟོང་གསུམ་ཉི་ཤུ་རྩ་སོགས་བསམ་

གྱིས་མི་ཁྱབ་པ་ན་ཡོད་པའི་མཆོད་ཡོན་མེ་ཏོག་སོགས་མཆོད་པའི་སྐབས་བཤད་པ་ལྟར་གྱིས་རྒྱུ་རྐྱེན་ལས་འདས་པའི་མཆོད་པ་ཆེན་པོ་འདིས་བཅོམ་ལྡན་འདས་ཞི་ཁྲོ་རབ་འབྱམས་ཞེས་སྟུག་པོ་བཀོད་དང་རིགས་ལྔའི་ཞིང་ཁམས་ན་བཞུགས་པའི་བཅོམ་ལྡན་འདས་རིགས་ལྔ་བདེ་བར་གཤེགས་པ་བྱང་སེམས་ཡབ་ཡུམ་སོགས་བཞུགས་ཚད་ཐམས་ཅད་ཞི་བ་རབ་འབྱམས་དང་། དུར་ཁྲོད་མེ་རི་འབར་བ་སོགས་མཁའ་སྤྱོད་ཞིང་ལྕང་ལོ་ཅན་ཨོ་རྒྱན་རང་བྱུང་གི་གནས་མ་ལ། རྒྱ་གར་དུར་ཁྲོད་བརྒྱད་སོགས་ན་བཞུགས་པའི་ཁྲོ་བོ་ཁྲོ་མོ་ཐམས་ཅད་ཁྲོ་བོ་རབ་འབྱམས་ཏེ་ཕྱི་ཡི་ཞི་ཁྲོ་རབ་འབྱམས་སོ། །སེམས་ཅན་ཐམས་ཅད་ཀྱི་རྡོ་རྗེ་ལུས་ཀྱི་ཕོ་བྲང་རྩ་རླུང་ཐིག་ལེ་རྣམ་པར་དག་པ་ན་ཞི་ཁྲོ་ཏིལ་གྱི་གོང་བུ་བཞིན་བཞུགས་པ་ནང་གི་ཞི་ཁྲོ་རབ་འབྱམས་དང་། མཚོན་བྱེད་རྟེན་གྱི་དཀྱིལ་འཁོར་ལ་མཚོན་བྱ་བརྟེན་པའི་ལྷ་ཚོགས་ནམ་མཁའི་ཁམས་གང་བར་བསྒོམ་པ་གསང་བའི་ཞི་ཁྲོ་རབ་འབྱམས་སོ། །ཆོས་ཀྱི་དབྱིངས་ནམ་མཁས་ཁྱབ་པའི་ཞི་ཁྲོ་རབ་འབྱམས་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་ལྷ་སྲིན་སྡེེ་བརྒྱད་ཡུལ་ལྷ་གཞི་བདག །རིགས་དྲུག་གི་སེམས་ཅན་ལན་ཆགས་ཀྱི་བདག་པོ་བདག་མོ་སོགས་ཀྱི་ཐུགས་ཀྱི་དམ་ཚིག་གཉན་པོ་བསྐང་ནས་ལས་ངན་རྣམ་པར་དག་སྟེ་ཞི་ཁྲོ་རབ་འབྱམས་ཀྱི་ངོ་བོར་གྱུར་པར་བསམ་མོ། །ཉམས་ཆགས་ཐམས་ཅད༴ ཞེས་ཉམས་པ་ནི། སྤྱི་མདོ་ལས། ཉམས་པར་གྱུར་པ་གང་ཞེ་ན། །ཀུན་ཏུ་ཉམས་པ་ཆེན་པོ་དང་། །རྩ་བ་ཉམས་དང་ཡན་ལག་ཉམས། །དེ་བཞིན་ཟླས་ཉམས་ཞར་ཉམས་ལྔ། །ཞེས་པས། ཉམས་པ་ཆེན་པོ་ནི། ཡུལ་བླ་མ་སོགས་ཆེས་ཆེར་གཉན་པ་ལ་ཀུན་དཀྲིས་དྲག་པོས་སྤྱད་པའམ་དུས་འདས་

རལ་པ་སོགས་ཡིན་ལ། རྩ་བ་ཉམས་པ་ནི། སྐུ་གསུང་ཐུགས་ཀྱི་དམ་ཚིག་ཉམས་པའོ། །ཡན་ལག་ཉམས་པ་ནི། ཤེས་པར་བྱ་བའི་དམ་ཚིག་ལྔ་སོགས་ཡན་ལག་གི་དམ་ཚིག་ཉེར་ལྔ་ཉམས་པའོ། །ཟླས་ཉམས་ནི། དམ་ཚིག་ཉམས་པ་དང་འགྲོགས་པའི་ཉེས་པའོ། །ཞར་ཉམས་ནི། གཞན་གྱི་ངོ་དགར་ཐལ་བའི་ཉེས་པའོ། །དེ་ཡང་ཉིན་མཚན་དྲུག་ཆའི་ནང་དུ་གཉེན་པོས་མ་སླེབ་ན་ཐུན་ཚོད་ལས་འདས་པ་ཞེས་བྱ། ཞག་གིས་ཆོད་ན་འགལ་བ་དང་། ཟླ་བས་བར་ཆོད་པ་ཚུན་ཆད་ཉམས་པ། ལོ་གཅིག་ཚུན་ཆད་འདས་པ། ལོ་གསུམ་ཚུན་ཆད་རལ་བ་ཞེས་རིམ་གྱི་ལྕི་བ་སྟེ། དེ་ཚུན་ཆད་སྙིང་ནས་འབད་དེ་བཤགས་ན་འདག་ལ། ལོ་གསུམ་ཕན་ཆད་གསོ་མི་རུང་བར་བཤད་དོ། ཆགས་པ་ནི། རང་གི་ཡི་དམ་གྱི་བསྙེན་པ་ཐ་ན་ཟླ་བ་ཚུན་དང་། ཚོགས་གཏོརའང་ཐ་ན་ལོ་ཟླ་ཚུན་ལ་ཆགས་ནས་འདས་ན་ཆགས་པའོ། །རྟོག་སྒྲིབ་ནི། དོན་དམ་བློ་ཐོག་ཏུ་བྱས་པའི་སྒྲིབ་པའོ། །ལས་ངན་སྡིག་སྒྲིབ་ནི་བསོད་ནམས་ཀྱི་ལས་ཀྱིས་མཐོ་རིས་གསུམ། བསོད་ནམས་མ་ཡིན་པའི་ལས་ཀྱིས་ངན་སོང་གསུམ། མི་གཡོ་བའི་ལས་ཀྱིས་བསམ་གཏན་གཟུགས་མེད་ཀྱི་ཁམས་ཏེ། སྡུག་བསྔལ་གསུམ་གྱི་ལས་ངན་པ་དང་། སྡིག་པ་ནི། ལུས་ངག་ཡིད་ཀྱི་མི་དགེ་བ་བཅུ། སྒྲིབ་པ་ལ་གཉིས་ཏེ། དུག་ལྔ་རང་མཚན་པའི་རྟོག་པ་ནི། ཉོན་སྒྲིབ་དང་། དུས་གསུམ་ཡིད་བྱེད་དེ་དོན་ལ་དག་བྱེད་གཉེན་པོ་ལ་ཞེན་པའི་སྒྲིབ་པ་ནི། ཤེས་སྒྲིབ་བོ། །ཁམས་གསུམ་འཁོར་བ་ནི། ནམ་མཁའ་ནས་མར་ཡོད་མིན་མེད་མིན་གྱི་སྐྱེ་མཆེད། ཅི་ཡང་མེད་པ། རྣམ་ཤེས་མཐའ་ཡས། ནམ་མཁའ་མཐའ་ཡས། སྐྱེ་མཆེད་མུ་བཞི་གཟུགས་མེད་ཁམས་ཏེ། ཏིང་ངེ་འཛིན་ཀྱི་ལུས་ཙམ་ལས་ཁམས་གཟུགས་མེད་པས་དེ་སྐད་ཟེར། དེ་འོག་གནས་གཞན་གྱི་

རྩེ་མོར་གྱུར་པ་འོག་མིན། དེ་ལས་མཆེད་པའི་གྱ་ནོམ་སྣང་བ། ཤིན་ཏུ་མཐོང་བ། མི་གདུང་བ། དེ་འོག་མི་ཆེ་བ། འབྲས་བུ་ཆེ་བའི་ལྷ། བསོད་ནམས་སྐྱེས། སྤྲིན་མེད། དགེ་རྒྱས། ཚད་མེད་དགེདགེ་ཆུང་། འོད་གསལ། ཚད་མེད་འོད་ལྷ། འོད་ཆུང་། ཚངས་ཆེན། ཚངས་པ་ཀུན་འཁོར། ཚངས་རིས་ཏེ་དེས་སྣང་བ་འོད་ཀྱི་ལུས་རྫུ་འཕྲུལ་གྱི་ཡས་མན་དུ་འགྲོ་བ་ལ། གཟུགས་ཁམས་ཟེར་རོ། །དེ་འོག་གཞན་འཕྲུལ། འཕྲུལ་དགའ། དགའ་ལྡན། འཐབ་བྲལ། སུམ་ཅུ་རྩ་གསུམ། རྒྱལ་ཆེན་རིས་བཞི་སྟེ་འདོད་ལྷ་དྲུག་དང་། ལྷ་མ་ཡིན། གླིང་བཞིའི་མི། ངན་སོང་གསུམ་རྣམས་ནི་འདོད་པ་ལ་མངོན་གྱུར་དུ་བརྟེན་པའི་འདོད་ཁམས་སོ། །འབྲས་བུ་སྐུ་གསུམ་ནི། དབྱིངས་ཐོག་ཏུ་རིག་པའི་ཡེ་ཤེས་གྲོལ་བ་ཆོས་སྐུ། དེ་ཉིད་ས་བཅུའི་སེམས་དཔའ་ལ་སྣང་བ་ལོངས་སྐུ། སོ་སྐྱེས་ལ་སྣང་བ་སྤྲུལ་སྐུའོ། །སྐོང་གྱུར་དབང་དང་དངོས་གྲུབ་ཅེས་སྐུ་ལྔ་ཡེ་ཤེས་ལྔའི་དབང་། ལྷག་བཅས་ལྷག་མེད་ཀྱི་བསྡུས་པས་མཆོག་གི་དངོས་གྲུབ། རྫུ་འཕྲུལ་དང་མི་སྣང་བ་སོགས་ཐུན་མོང་གི་དངོས་གྲུབ་མ་ལུས་པ་སྩོལ་ཞེས་པའོ། །དེ་ནས་ཐུན་མོང་མ་ཡིན་པ་བདུད་རྩིའི་བསྐང་བ་ནི། མཆེད་ལྕམ་རྣམས་ཀྱི་ལག་གཡས་བདུད་རྩི་ཐོགས་ལ་སྨན་རཀ་གཏོར་གསུམ་གྱི་དམིགས་པ་མཆོད་པའི་སྐབས་བཤད་པ་ལྟར་ལ་ཧཱུྃ་ཞེས་ཐུགས་ཡེ་ཤེས་ཀྱི་བྱིན་རླབས་བསྐུལ་པ་སྟེ་འོག་མ་རྣམས་ལ་སྦྱོར། ཀུན་གཞི་ཀློང་ཡང་སོགས་སྤྱིར་བདུད་རྩི་ལ་དབྱེ་བ་མང་ཡང་། མདོར་ན་འཁོར་འདས་ཐམས་ཅད་ཡེ་ནས་རྣམ་པར་དག་པ་ནི་བདུད་རྩིའི་ངོ་བོའོ། །ངེས་ཚིག་ནི། རྣམ་རྟོག་གི་བདུད་ལ་རིག་པ་ཡེ་ཤེས་ཀྱིས་རྩིས་འདེབས་པའོ། །དབྱེ་ན་མཚོན་བྱ་ཆོས་ཉིད་ཀྱི་བདུད་རྩི་དང་། མཚོན་བྱེད་རྟགས་ཀྱི་བདུད་

རྩིའོ། །མཐུན་དཔེ་ནི། ལྷའི་བདུད་རྩིས་དུག་འཇོམས་ཤིང་ན་བ་གསོས་པ་ལྟར་འདིས་དུག་ལྔ་འཇོམས་ཤིང་ན་བ་གསོས་ཀྱིས་སྨན་དུ་བསྒྱུར་བའོ། །དགོས་ཆེད་ལྷ་དང་སྲུང་མ་མཉེས་ནས་མཆོག་ཐུན་གྱི་དངོས་གྲུབ་ཐོབ་པའོ། །ཇི་ལྟར་འབུལ་བ་ནི། བདུད་རྩིའི་ངོ་བོར་གྱུར་ཚད་དང་རྣམ་སྨིན་གྱི་ལུས་ལ་གནས་པ་དབྱེར་མེད་དུ་གསལ་བཏབ་སྟེ་འབུལ་བའོ། །དེ་ལྟར་ཤེས་ནས་སངས་རྒྱས་དང་སེམས་ཅན་གྱིི་སྤྱི་གཞི་རང་བྱུང་ཀློང་ཡངས་ཆེན་པོའམ་ཀུན་གཞི་མཁའ་ཀློང་ཡངས་པའི་བྷནྡྷར་སྟོང་ཉིད་བྱང་ཆུབ་སེམས་ཀྱི་བདུད་རྩིས་བཀང་ནས་རྫོགས་པའི་སངས་རྒྱས་རྣམས་ཀྱི་ཆོས་ཀྱི་སྐུའི་ཐུགས་དམ་གཉན་པོ་ཡོངས་སུ་བསྐང་ཞེས་པ་དང་། བློ་ཡི་རང་མདངས་གསལ་བའི་བྷནྡྷར་ཤེས་རིག་སྒྲིབ་པ་མེད་པའི་ཡེ་ཤེས་ཀྱི་བདུད་རྩིས། ངེས་པ་ལྔ་ལྡན་ལོངས་སྤྱོད་རྫོགས་སྐུ་དང་། མཆོག་གི་འོད་གསལ་ཆེན་པོའི་བྷནྡྷར། བྱང་སེམས་ཐིག་ལེར་འབར་བའི་བདུད་རྩིས་སྤྲུལ་སྐུའི་ལྷ་ཚོགས། སྐུ་ཡི་སྐུ་སོགས་དབང་ཤེས་ཉི་ཤུ་རྩ་ལྔར་སྣང་བའི་བྷནྡྷར། སེམས་ཉིད་ཀྱི་ངོ་བོར་ཨ་དཀར་གནས་པ་དེ་ཉམས་སུ་བླངས་པས་རྒྱལ་བ་བཞི་བཅུ་རྩ་གཉིས་སུ་སྣང་བའི་ཞི་བ་དང་། མེ་ལོང་ཡེ་ཤེས་སོགས་ཡེ་ཤེས་ལྔའི་བྷནྡྷར། ཤེས་རབ་ཡུམ་ལྔའི་རང་གསལ་གྱི་བདུད་རྩིས་ཁྲོ་བོའི་ལྷ་ཚོགས་དང་། སྟོང་གསུམ་སྣོད་ཀྱི་བྷནྡྷར་རང་རིག་གི་ཁྱབ་པའི་བདུད་རྩིས་འཇིག་རྟེན་ཁྱབ་པར་བཀྲམས་པའི་དཀྱིལ་འཁོར་གྱི་ལྷ་ཚོགས་ཐུགས་དམ་བསྐངས་ཞེས་པའོ། །ཉམས་ཆགས༴ སོགས་གོང་ལྟར་རོ། །རཀྟའི་བསྐང་བ་ནི། རཀྟའི་ངོ་བོ་ལ་ལྔ་སྟེ། སྲིད་པ་གཞིའི་རཀྟ་ནི། འབྱུང་བ་ཆུ། སྣང་བ་རྩིའི་རཀྟ་ནི་ཁྲག་སོགས་དམར་པོའི་རིགས། འཁོར་བ་རྒྱུའི་རཀྟ་ནི་མངལ་ཁྲག །འགྱུར་མེད་དོན་གྱི་རཀྟ་ནི། སོར་

རྟོག་ཡེ་ཤེས་ཀྱི་བདག་ཉིད་སྣང་མཐའ། འབྲས་བུ་ཆེན་པོའི་རཀྟ་ནི། གདུག་པ་བསྒྲལ་བའི་སྙིང་ཁྲག་སྟེ་ལྔའོ། །གུ་ཧྱ་རཀྟ་ནི་པདྨ་རཀྟའོ། མ་ཧཱ་རཀྟ་ནི། རཱུ་ཏྲ་བསྒྲལ་བའི་ཁྲག་ཆེན་ལ་ཟེར། མཱུ་ལ་རཀྟ་ནི། སྤང་བྱའི་ཕྱོགས་ནས་བརྗོད་ན། འཁོར་བའི་རྩ་བ་མ་རིག་པ་རིག་པ་ཡེ་ཤེས་ཀྱིས་བསྒྲལ་བ་ནི། འཁོར་བ་བསྒྲལ་བའི་རཀྟའོ། །གཉེན་པོའི་ཕྱོགས་ནས་བརྗོད་ན། རྒྱུ་དུག་གསུམ་ལས་འབྲས་བུ་ཁམས་གསུམ་སྣང་བ་ཐམས་ཅད་ཡུམ་གྱི་མཁའ་ཀློང་དུ་དག་པ་བདེ་བ་ཆེན་པོའི་རཀྟའོ། །ངེས་ཚིག་ནི། ཁ་དོག་གི་སྐབས་སུ་དམར་པོ་ལ་འཇུག །བྱེད་ལས་ཀྱི་སྐབས་སུ་ཆགས་པ་ལ་འཇུག །དངོས་པོའི་སྐབས་སུ་ཁྲག་ལ་འཇུག་པའོ། །དེ་ལྟར་ཤེས་ནས་མཆེད་ལྕམ་རྣམས་ཀྱི་ལག་གཡོན་པས་རཀྟ་བཟུང་ནས་གཡས་པས་འཕྱར་ཞིང་དཀྱིལ་འཁོར་ལ་བསྐོར་ནས། སྤྱི་བོར་བདེ་ཆེན་གྱི་འཁོར་ལོའི་བྷནྡྷར་འཁོར་བའི་སྡུག་བསྔལ་ཐམས་ཅད་རྣམ་པར་གྲོལ་བའི་རཀྟས་བཀང་བ་དང། མགྲིན་པ་བཟའ་བཏུང་ལོངས་སྤྱོད་པའི་འཁོར་ལོའི་བྷནྡྷར་འདུས་བྱས་དང་འདུས་མ་བྱས་ཀྱི་ཁམས་ཀྱིས་བསྐྱེད་པའི་ཡེ་ཤེས་འཛིན་མེད་ཀྱི་རཀྟ་དང་། སྙིང་ཁ་ཆོས་ཀྱི་འཁོར་ལོའི་བྷནྡྷར་ཆོས་ཉིད་བསམ་བརྗོད་ལས་འདས་པའམ་བློ་ལས་གྲོལ་བའི་རཀྟ་དང་། ལྟེ་བ་ལུས་ཀྱིས་སྤྲུལ་གཞིའི་བྷནྡྷར་ཉོན་མོངས་སྲིད་པའི་རྩ་བ་དམར་ཆ་རྡུལ་གྱིས་བཀང་ནས་རྩ་མདུད་ཐམས་ཅད་གྲོལ་བའི་རཀྟ་དང་། གསང་གནས་བདེ་ཆེན་ཡེ་ཤེས་ཀྱི་འཁོར་ལོར་ཐབས་ཤེས་མཉམ་སྦྱོར་རྗེས་ཆགས་ཀྱི་ཐིག་ལེས་བཀང་བའི་རཀྟ་འབུལ་བའོ། །གཏོར་མ་ནི། ངོ་བོ་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པའོ། །ངེས་ཚིག་ནི། ཞེན་པས་མི་འཛིན་པར་གཏོར་བ་དང་། ཀུན་ལ་སྙོམ་པར་ཁྱབ་ནས་གཏོང་བས་མ་ཞེས་བྱ། དབྱེ་ན་ཕྱི་ནང་

གསང་བའི་གཏོར་མ་བསམ་གྱིས་མི་ཁྱབ་ཅིང་འདིར་རང་ལུས་དང་དབྱེར་མེད་པ་ཕྱི་ནང་གསང་གསུམ་གཅིག་ཏུ་བསྡུས་ནས་འབུལ་བ་སྟེ་མཆེད་ལྕམ་རྣམས་ཀྱིས་གཏོར་མ་དཀྱིལ་འཁོར་གྱི་ཕྱོགས་བཞིར་བཀྱག་ལ། ཐོད་པ་བྷནྡྷ་འབར་བའི་སྣོད་དུ་ཤངས་ཀྱི་རླུང་སྒྲོམ་སྟེ་སྣའི་དབང་པོ་ཉིད་ཀྱི་དཔལ་བཤོས། བདེ་ཆེན་འཁོར་ལོའི་རྩ་འདབ་འབར་བའི་མཐེབ་སྐྱུའམ་གཞན་རྣ་བའི་མཐེབ་ཀྱུའང་བཞེད་པ་དང་། ཤ་ལྔའི་སྒྲོན་མ་ལ། དབང་པོའི་དྭངས་མ་མིག་གི་ཛ་གད་སྟེ། སྤོད་ཀྱི་རིགས་ལ་འཇུག་པ་དང་། ཟན་དང་ཞིམ་མངར་མང་པོ་བསྡུས་པ་ལ་འཇུག་པ་ལ། འདིར་རྫས་སྣ་དང་ཆང་ལ་འཇུག་པས་བདུད་རྩིས་བྲན་པ་དང་། ཆགས་འཛིན་གྱི་སྒོ་དབང་ཤེས་ནང་དུ་སྡུད་པའི་ཐབས་དབང་པོ་ལྔའི་བྱེད་བཅིངས་ཀྱི་ཆགས་རྟོག་དབྱིངས་སུ་བསྒྲལ་བའི་རཀྟས་བྲན་པ་དང་། སྤྱི་བོའི་ཧཾ་ཟླ་བ་དང་། ལྟེ་བའི་ཨཾ་ཉི་མ་སྟེ་ཉི་ཟླ་ཁ་སྦྱོར་གྱི་གཏོར་གཞོང་། སྙིང་རང་བྱུང་གི་དཔལ་བཤོས། པདྨ་འདབ་བརྒྱད་ནི། སྙིང་གི་རྩ་ཆེན་བརྒྱད་དེ། རྩ་མཛེས་མ་ཞེས་བྱ་བས་ཀུན་གཞིའི་རྣམ་ཤེས་ཀྱི་ཁམས་བསྐྱེད། རོ་བཅུད་མས་ཉོན་ཡིད། ཀུན་ཁྱབ་མས་ཡིད། སུམ་སྐོར་མས་མིག །འདོད་མས་རྣ་བ། ཁྱིམ་མས་སྣ། གཏུམ་མས་ལྕེ། བདུད་བྲལ་མས་ལུས་ཀྱི་རྣམ་ཤེས་ཀྱི་ཁམས་བསྐྱེད་པ་སྟེ། དེ་བརྒྱད་ཀྱི་མཐེབ་སྐྱུ་ཀུན་གཞིའི་རྣམ་ཤེས་སོགས་ཚོགས་བརྒྱད་ནི། སྙིང་གའི་འཁོར་ལོའི་བྱེད་པ་བཅིངས་ནས་ཡེ་ཤེས་ལྔ་འབར་བའི་ཛ་གད་ཀྱི་བདུད་རྩི། དེའི་རྩ་ཆེན་བཞི་ལས་འཁོར་བ་འཆར་བའི་སྒོ་བཀགས་པས་འཁོར་བ་བསྒྲལ་བའི་རཀྟས་བྲན་པའོ། །རྩ་ཆེན་བཞི་ནི། སྙིང་ཁོང་གི་དབུས་ན་རྩ་ཡི་དྭངས་མ་རྩ་འདབ་རྒྱུས་པ་བརྡད་པ་འདྲ་བ་ཡོད་པ་རྩ་བཞིར་འདུ་སྟེ། མདུན་གྱི་གསུམ་ཆོས་ཉིད་ཀྱི་རྩ་སྟེ་སྐྱེ་བ་མེད་པའི་ལས་བྱེད།

གཡས་ཀྱི་གཅིག་ཡེ་ཤེས་རྩ་སྟེ་ཡེ་ཤེས་འཆར་བའི་ལས་བྱེད། གཡོན་གྱི་གཅིག་ཡོན་ཏན་གྱི་རྩ་སྟེ་མངོན་ཤེས་དང་འབྲས་བུའི་ཆོས་སྣང་བའི་ལས་བྱེད། རྒྱབ་ཀྱི་གསུམ་རང་རྒྱུད་ཀྱི་རྩ་སྟེ་ཤེས་པ་རྣམས་རྨོངས་ཤིང་འཇོམས་པའི་ལས་བྱེད་དོ། །ཅེས་སོ། །ལྤགས་པ་ཁྱབ་པར་བརྡལ་བའི་གཏོར་གཞོང་། རུས་པ་རང་བཞིན་དུ་གསལ་བའི་དཔལ་བཤོས། རང་སྣང་དུ་ཤར་བའི་ཤའི་མཐེབ་སྐྱུ། དབང་པོ་བཀྲག་མདངས་ཀྱི་བདུད་རྩི། དྭངས་མ་ཁྲག་དང་ཆུ་སེར་གྱི་རཀྟས་བྲན་པ་དང་། ལུས་ཁོག་པ་སྟོང་པའི་གཏོར་གཞོང་། མཆིན་པའི་དཔལ་བཤོས། གློ་མཚེར་མཁལ་མའི་མཐེབ་སྐྱུ། གུ་ཧྱ་སྟེ་གསང་བ་ནང་ཁྲོལ་དུ་གཏོགས་ཚད་ཀྱི་ཛ་གད་ཏེ་བདུད་རྩི། རང་སྣང་མཁྲིས་པའི་རཀྟས་བྲན་ནས་བསྐང་བའོ། །མར་མེའི་བསྐང་བ་ནི། མར་མེ་ཐོགས་ནས་དཀྱིལ་འཁོར་བསྐོར་ཏེ། མཚོན་བྱ་ལུས་ཅན་ཐམས་ཅད་ལ་རང་བྱུང་ཡེ་ཤེས་ཀྱི་སྒྲོན་མ་རང་ཆས་སུ་བཞུགས་པ་འཁོར་བའི་སྒྲིབ་པའི་མུན་པ་སེལ་བའི་མཚོན་བྱེད་ཉི་ཟླ་ནོར་བུ་སོགས་དང་རྩི་མར་འབྲུ་མར་གྱི་སྒྲོན་མེར་གཏོགས་ཚད་ཐམས་ཅད་རང་གཞན་གྱི་ལུས་དང་དབྱེར་མེད་དུ་འབུལ་བའོ། །དམིགས་པ་ནི། རྒྱལ་པོ་གསེར་ལག་ཅན་གྱིས་སངས་རྒྱས་མར་མེ་མཛད་ལ་མར་མེ་ཕུལ་བ་ལྟར། ཀོང་བུ་སྟོང་གསུམ་ཁྱབ་པར། སྡོང་བུ་རི་རྒྱལ་ལྷུན་པོ། མར་ཁུ་མཐའི་རྒྱ་མཚོ། འོད་ཀྱིས་སྲིད་རྩེ་ནས་མནར་མེད་ཡན་ཆད་ཀྱི་རིགས་དྲུག་གི་ཞིང་གསལ་ཞིང་འདྲེན་པ། ཡུན་ནི་དུས་གསུམ་གྱི་སངས་རྒྱས་ཇི་སྲིད་བཞུགས་པའི་བར། གྲངས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན་བཞུགས་པའི་སངས་རྒྱས་གྲངས་མེད་པ་རེ་རེའི་སྤྱན་སྔར་དེ་འདྲ་བའི་མར་མེ་དཔག་ཏུ་མེད་པར་བློས་སྤྲུལ་ནས་འབུལ་བར་བྱའོ། །དེ་ལྟར་ཤེས་ནས།

གདལ་ཁྱབ་ལྤགས་སོགས་ལྤགས་པ་ཡོངས་སུ་ཁྱབ་པར་གདལ་བའི་ཀོང་བུར། ཁྲག་དང་ཆུ་སེར་གྱི་མར་ཁུ། ཤ་དང་རུས་པའི་སྡོང་བུ། ཡེ་ཤེས་རང་གསལ་དུ་གནས་པའི་ལུས་ཀྱི་བཀྲག་མདངས་ཀྱི་སྒྲོན་མེ། ཐོད་པ་བྷནྡྷའི་ཀོང་བུར། ཀོ་རོ་ཙ་ན་སྟེ་ཀླད་པའི་མར་ཁུ། ཤེས་བྱ་གསལ་བའི་དབང་ཤེས་ཉི་ཤུ་རྩ་ལྔའི་སྡོང་བུ། མིག་སོགས་དབང་ལྔའི་སྒྲོན་མེ། ཙིཏྟ་སྙིང་གི་ཀོང་བུ། སྙིང་ཚུལ་དཀར་དམར་གྱི་མར་ཁུ། རྩ་ཆེན་བརྒྱད་པདྨ་འདབ་བརྒྱད་ཀྱི་སྡོང་བུ། ཚོགས་བརྒྱད་ཡེ་ཤེས་ལྔར་དག་པའི་སྒྲོན་མེ། རྩའི་དྭངས་མ་རྟ་རྔ་བཅུ་གཤག་ཙམ་གྱི་ནང་ན། ཁྲག་གི་དྭངས་མ་མཚལ་ཁུ་ལྟ་བུ། མེའི་དྭངས་མ་མེ་ལོང་ཉི་མས་དྲོས་པའི་ངད་ཙམ། རླུང་གི་དྭངས་མ་ས་འོག་གསེར་གྱི་རླངས་པ་ཙམ། ནམ་མཁའི་དྭངས་མ་བར་སྣང་སང་སང་སྟེ་དྭངས་མ་ལྔའི་ཀོང་བུར། རྩའི་དྭངས་མའི་འོད་སེར། ཁྲག་གི་འོད་དཀར། མེའི་འོད་དམར། རླུང་གི་འོད་ལྗང་། ནམ་མཁའི་དྭངས་མའི་འོད་སྔོན་ཏེ་སྒྲིབ་མེད་འོད་ལྔའི་མར་ཁུ། དོན་སྙིང་གློ་མཆིན་མཚེར་མཁལ་ལྔའི་སྡོང་བུ། འགྱུ་བྱེད་དབུགས་ཀྱིས་སྒྲོན་མེ། ཨ་ཝ་དྷཱུ་ཏི་སྟེ་དབུ་མ་ཡེ་ཤེས་ཀྱི་ཀོང་བུར་རང་གསལ་འོད་ཀྱི་སྟེ་བདེ་སྟོང་ངམ་སྲོག་རླུང་གི་མར་ཁུ། སྤྱི་མགྲིན་སྙིང་ལྟེའི་འཁོར་ལོ་བཞི། སྦར་བྱ་མེ། སྦར་བྱེད་རླུང་། གསང་གནས་ཀྱི་འཁོར་ལོ་ཏེ་བདུན་དང་། ཡང་ན་སྤྱི་མགྲིན་སྙིང་ལྟེ་གསང་གནས་ལྔའི་འཁོར་ལོ། གསང་གནས་ཀྱི་རྩེ་མོར་ནོར་བུའི་འཁོར་ལོ། གཙུག་ཏོར་གྱི་འཁོར་ལོ་སྟེ་འཁོར་ལོ་བདུན་བརྩེགས་ཀྱི་སྡོང་བུ། ཨ་ཧཾ་ཞི་བདེ་བྱང་སེམས་ཀྱི་སྒྲོན་མེ། སྙིང་དབུས་མི་ཤིགས་པའི་ཐིག་ལེ་འབར་བའི་ཀོང་བུར། རང་རིག་སྐྱེ་མེད་ཡེ་ཤེས་ཀྱི་མར་ཁུ། སྙིང་ནང་གི་རྩ་ཕྲན་བཅུ་ཡི་སྡོང་བུ།

རིག་པ་རང་བྱུང་གི་སྒྲོན་མེ། སྙིང་དབུས་ཡེ་ཤེས་ལྔའི་རྩའི་ཀོང་བུར། དབང་པོའི་ཆ་ལས་དབྱེ་ན། དབང་པོ་རབ་ཀྱི་མཐའ་མ། རབ་ཀྱི་འབྲིང་། རབ་ཀྱི་རབ། རབ་ཀྱི་མཆོག །རབ་ཀྱི་རྩེ་མོ། རབ་ཀྱི་ཕུལ། རབ་ཀྱི་མཐར་ཕྱིན་པ་སྟེ་བདུན། དེ་བཞིན་དུ་འབྲིང་གི་ཐ་མ་སོགས་བདུན་དང་། ཐ་མའི་ཐ་མ་སོགས་བདུན་ཚན་གསུམ་སྟེ་ཉི་ཤུ་རྩ་གཅིག་གི་དབང་པོ་མི་འདྲ་བའི་སེམས་ཉིད་ཨ་དཀར་པོ་དྲི་མ་མེད་པ་ཉེར་གཅིག་གི་མར་ཁུ། ཨ་ཡིག་དེ་རྣམས་ཀྱི་ཀློང་ན་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ལྔ་ལྔ་སྟེ་འབྲས་ཆོས་ཉེར་ལྔའི་ཡེ་ཤེས་འོད་ཟེར་གྱི་སྡོང་བུ། ཤེས་རབ་ཡུམ་ལྔའི་ངོ་བོར་དག་པའི་འབྲས་བུའི་སྒྲོན་མེ། །མཆོག་གི་སངས་རྒྱས་ཀྱི་ཞིང་ཁམས་འོད་གསལ་ཚད་དང་བྲལ་བའི་ཀོང་བུར། རང་གདངས་འགག་མེད་འོད་ཀྱི་མར་ཁུ། ཟུང་འཇུག་ཡེ་ཤེས་ཀྱི་ཐིག་ལེ་འབར་བའི་སྡོང་བུ། ཆོས་དབྱིངས་ཡེ་ཤེས་སོགས་ཡེ་ཤེས་ལྔའི་སྒྲོན་མེ། འཁོར་འདས་ཀྱི་འབྱུང་ཁུངས་ཀུན་གཞི་མ་བཅོས་ཀློང་ཡངས་ཀྱི་ཀོང་བུར། ཆོས་དབྱིངས་འགྱུར་མེད་ཀྱི་མར་ཁུ། བྱང་སེམས་དྲི་མ་མེད་པའི་སྡོང་བུ། ཆོས་ལོངས་སྤྲུལ་གསུམ་མི་འགྱུར་རྡོ་རྗེ་མངོན་པར་བྱང་ཆུབ་སྟེ། སྐུ་ལྔའི་སྒྲོན་མེ་སོགས་འབུལ་བར་བྱའོ། །འདི་དག་གི་སྐབས་སུ་རང་གི་རྣམ་སྨིན་ཀྱི་ལུས་མཆོད་རྫས་དང་རང་རིག་ལྷའི་རྣམ་པར་བསྒོམ་པའོ། །དེ་ནས་མཆེད་ལྕམ་རྣམས་ཀྱི་ལག་ཏུ་མར་མེ་དང་སྤོས་ཀྱི་རེང་བུ་ཐོགས་ལ་དཀྱིལ་འཁོར་གྱི་དྲུང་དུ་སྨོན་ལམ་གདབ་པ་ནི། ༀ་ཨཱཿཧཱུྃ་ཐོབ་བྱ་སྐུ་གསུམ་གྱི་ཡི་གེ་དང་། དུར་ཁྲོད་གསང་བ༴ སོགས། ཕྱི་ཡི་དུར་ཁྲོད་མེ་རི་འབར་བ་རྣམ་སྣང་ཆེན་པོའི་མདུན་བར་སྣང་གི་ཁམས། ས་ཐམས་ཅད་གདུག་པའི་དུག་ཚེར་གྱི་རང་བཞིན། རི་ཐམས་ཅད་ཀེང་རུས། རྩི་ཤིང་ནགས་ཚལ་ཐམས་ཅད་མཚོན་ཆ། ཆུ་

ཐམས་ཅད་རྣག་ཁྲག་རྦ་ཀློང་། གཅན་གཟན་གདུག་པ་ཅན་མང་པོ་རྒྱུག་པ། ཉིན་རླུང་ནག་འཚུབ་ཅིང་། མཚན་མེ་རི་འབར་བ་ཐོད་པའི་གཞལ་ཡས་ཁང་གི་དབུས་ཆེ་མཆོག་དང་ཁྲག་འཐུང་རིགས་ལྔ་ལ། ཡི་དམ་ཁྲོ་བོ་ཌཀྐི་ས་ཐོབ་ཀྱི་རིག་འཛིན་རྣམས་ཀྱི་དབང་བསྒྱུར་བ། དེས་འོད་ཟེར་ཙམ་ཕོག་པས་རྒྱན་བཀོད་པ་བརྡ་ཙམ་ཡོད་པའི་བསིལ་བ་ཚལ་སོགས་རྒྱ་གར་གྱི་དུར་ཁྲོད་བརྒྱད་སྤྲུལ་བའི་ཆོས་སྐྱོང་རྣམས་ཀྱི་བཞུགས་གནས་རྣམས་སོ། །ནང་གི་དུར་ཁྲོད་དབང་པོ་ལྔ་དང་རྣམ་ཤེས་ཚོགས་བརྒྱད་ཉོན་མོངས་པའི་རྣམ་རྟོག་གི་ཤ་ཟ་རོ་ལངས་རྒྱུ་བ། གསང་བའི་དུར་ཁྲོད་སེམས་ཉིད་དམ་ཡེ་དབྱེར་མེད་པ་ཕྱི་ནང་གསང་གསུམ་གྱི་དཀྱིལ་འཁོར་མཆོག་ཏུ་གྱུར་བ་ན་བཞུགས་པའི་རྡོ་རྗེ་སློབ་དཔོན་མཆེད་ལྕམ་ཐམས་ཅད་བརྩེ་བར་དགོངས་ཤིག་དང་། ཞེས་པའོ། །དེ་ཡང་མ་རིག་མུན་པའི་ནང་ཞེས་པ་གཟུགས་མེད་ཀྱི་ཁམས་དང་། གཅོང་རོང་ཟབ་མོ་ནི་ཡི་དྭགས་ཀྱི་ཡུལ། དམྱལ་བའི་ཟངས་ཁར་དམྱལ་ཁམས་བཅོ་བརྒྱད། གཅན་གཟན་གདུག་པའི་སྒྲ་སྐད་ནི་དུད་འགྲོ། ལས་ཀྱི་མཚོན་རྣོན་གྱི་དབལ་ནི་ལྷ་མིན་གྱི་གནས་རྣམས་སུ་མི་སྐྱེ་བའི་སྨོན་ལམ་དང་། བཤེས་གཉེན་བཀའ་དྲིན་ཆེ་བ་ནི་རྡོ་རྗེ་སློབ་དཔོན། དམ་ཚིག་གཅིག་པ་ནི་དབང་མཉམ་དུ་ཞུས་པའི་མཆེད། ཆགས་ལམ་པ་ཡིན་ན་གཟུངས་མ་སོགས་སོ། །མདོར་ན་ཚོགས་སྦྱོར་གྱི་ལམ་བསྒྲོད་ནས། རབ་དགའ། དྲི་མེད། འོད་འཕྲོ། འོད་འབྱེད། སྦྱང་དཀའ། མངོན་གྱུར། རིང་དུ་སོང་བ་སྟེ་མ་དག་ས་བདུན། མི་གཡོ། ལེགས་བློ། ཆོས་སྤྲིན་རྣམས་དག་པ་ས་གསུམ་སྟེ་ས་བཅུ་པོ་ལ་གྲངས་མེད་གསུམ་སོགས་ཡུན་དང་། ལུས་སྲོག་སྦྱིན་པ་སོགས་དཀའ་སྤྱད་མི་དགོས་པར་ཚེ་

འདིར་ཁྱད་པར་ཅན་གྱི་ལམ་འདིས་ཐོབ་པར་ཤོག་དང་། ཚེ་འདིར་ས་མ་ཐོབ་ནས་འཕོས་ན་འཁོར་བའི་གཡང་སར་མི་ལྟུང་བར། གསལ་བའི་མར་མེས་རྒྱུ་བྱས། ཞི་ཁྲོའི་ལྷ་ཚོགས་ཀྱིས་རྐྱེན་བྱས། སྨོན་ལམ་གྱི་མཚམས་སྦྱར་ནས། ངན་སོང་གསུམ་དང་། ལྷ་དང་ལྷ་མིན་རྣམས་ཀྱི་སྐྱེ་སྒོ་ཆོད་པར་ཤོག །ཤུལ་མཚོན་ཞིག་ཞེས་པ་རྗེས་སུ་འབྲང་བའི་དོན་ནོ། །ས་བཅུ་བགྲོད་པའི་ཚེ་ན་ཉོན་མོངས་བག་ཆགས་མ་ལུས་བྱང་བ་དང་། ཕྱིར་མི་ལྡོག་པ་ཞེས་པས་མོས་པས་སྤྱོད་པའི་ས་འཕགས་པ་མཚན་ཉིད་པ་མ་ཡིན་པའི་ཚོགས་ལམ་ས་གཅིག་དང་། སྦྱོར་ལམ་དང་པོ་གསུམ་ལ་གསུམ་གསུམ་སྟེ་དགུར་ཕྱེ་བའི་མིང་བཏགས་ཙམ་གྱི་སྦྱོར་ལམ་ས་བཅུ་དང་། འཕགས་ལམ་ས་བཅུ་གཉིས་ཀ་བསྟན་པ་ཡིན་ཏེ། གང་ཟག་དེ་ནི་བྱང་ཆུབ་སེམས་དཔའ་དང་སེམས་མ་ཁྲོ་བོ་ཁྲོ་མོ་རང་མཚན་པ་ཡིན་ཏེ། སྤྲུལ་བའི་སེམས་དཔའ་སེམས་མ་སོགས་མ་ཡིན་པར་དགོངས་ནས་མདུན་བསུས་རྒྱབ་བརྟེན་ཞེས་པ་རྣམས་དོན་དེ་ལ་དགོངས་པའོ། །འདི་ལ་མི་ཆང་གིས་བཟི་བ་ལྟར་སྔོན་ནས་ཁྲིད། རྒྱབ་ནས་སྐྱོར་ཞེས་བཞད་གད་བྱེད་འདུག་ཟེར་ཏེ། དོན་འདི་མ་གོ་བ་སྟེ། བདེ་མཆོག་ཉུང་ངུའི་རྒྱུད་ལས། །རྣལ་འབྱོར་པ་རྣམས་འཕོ་བའི་ཚེ། །ཁྲག་འཐུང་ལ་སོགས་རྣལ་འབྱོར་མའི། །སྣ་ཚོགས་གླུ་ཡིས་མཆོད་པ་ཡིས། མཁའ་སྤྱོད་གནས་སུ་ཁྲིད་པར་བྱེད། ཞེས་ཀླུ་སྒྲུབ་ཀྱི་རྡོ་རྗེའི་སྨོན་ལམ་དུ་དྲངས་པ་འཕྱས་པ་མ་ཡིན་ནམ། ཀུན་ཏུ་འོད་ཀྱི་ས་ནི་ཉི་མའི་དཀྱིལ་འཁོར་ལ་དུས་ཀུན་ཏུ་འོད་དང་ལྡན་པས་མུན་ནག་མེད་པ་དང་འདྲ་སྟེ། བར་ཆད་མེད་པའི་དོན་ཡིན་ཞིང་། དེ་ནས་བཟུང་འཕགས་པ་དེ་བཞིན་གཤེགས་པ་ཁོ་ན་ཡིན་པས། ཡི་དམ་ལྷ་ཚོགས་དང་དབྱེར་མེད་པའི་

དམ་པའི་ཤུལ་མཚོན་ཞིག་ཞེས་པའོ། །བཀྲ་ཤིས་ལྷ་མོ་བརྒྱད་ནི། པདྨ་ཅན་དང་འཇིགས་བྱེད་མ། །འཇིགས་བྲལ་མ་དང་རྣམ་རྒྱལ་མ། །འོད་ལྡན་མ་དང་མདངས་ལྡན་མ། །དྲི་མེད་མ་དང་ཡིད་བཟང་མ། །ཞེས་ལྷ་མོ་དེ་བརྒྱད་གང་ན་ཡོད་པར་བྱུར་འདྲེ་སྣ་ས་ནག་མོ་མེད་པ་བཞིན། ཡེ་ཤེས་ཁོ་ན་ལས་འཁོར་བའི་རྣམ་ཤེས་མེད་པའི་དོན་ནོ། རྡོ་རྗེ་འཛིན་པའི་ས་ནི། དཀྱིལ་འཁོར་བདག་པོ་རྡོ་རྗེ་འཛིན་པ། བདེ་མཆོག་གསང་འདུས་སོགས་ཡིན་ཏེ། སྐུ་དང་ཞིང་ཁམས་དང་འཁོར་སོགས་ལ་དབྱེ་བ་མེད་ཅིང་འཕགས་པ་སྟེ། དཀྱིལ་འཁོར་གྱི་གཙོ་བོ་དང་ལྷན་ཅིག་ཏུ། ལ་སྱེ་སོགས་ལྷ་མོ་བརྒྱད་དང་ཐ་དད་མེད་པར་ལོངས་སྤྱོད་པ་སོགས་དཀྱིལ་འཁོར་གྱི་འཁོར་ལོའི་རྣམ་པ་ཅན་ནོ། །པདྨ་ཅན་གྱི་ས་ནི། རིག་མ་དང་འདོད་ཡོན་ལྔ་ལ་རོལ་ཡང་པདྨ་ཆུའི་མི་གོས་པ་ལྟར་ཤེས་རབ་མའི་བདེ་བ་ཆེན་པོའི་ཡེ་ཤེས་ལ་རྟག་ཏུ་ུསྤྱོད་པས། རྟག་ཆད་མུ་བཞིའི་སྒོ་རང་བཞིན་དུ་གྲོལ་བས་སྒོ་མ་བཞི་དང་། ཏ་ཀྲིཏ་ཆེན་པོ་མཐར་བྱེད་ཀྱི་ཁྲོ་བོ་ཆེན་པོ་རྣམས་དང་ལྡན་པའོ། །འཁོར་ལོའི་ཚོགས་ནི། དུས་གསུམ་དུས་མེད་ཀ་དག་གི་དུས་ཏེ་དུས་ཀྱི་འཁོར་ལོའོ། །དེའི་དོན་ནི་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་དབྱིངས་སྙིང་པོ་ནི་གཅིག་ཡིན་ཏེ། །ཤཱཀྱའི་རྒྱལ་པོས་ཀྱང་ང་སྔོན་སངས་རྒྱས་འོད་སྲུང་དུ་གྱུར་བའི་ཚེ་ཞེས་འདས་མ་འོངས་ད་ལྟའི་སངས་རྒྱས་ཐམས་ཅད་དབྱིངས་གཅིག་པ་དང་། ཡི་དམ་ཞེས་པའང་ཆོས་དབྱིངས་དེ་བཞིན་ཉིད་ལས་གཞན་མེད་པ་དང་། ཡུམ་ཆེན་དང་རྡོ་རྗེ་ཕག་མོ་སོགས་དཀྱིལ་འཁོར་གྱི་དབང་ཕྱུག་མ་རྣམས་ཀྱང་དབྱིངས་ཁོ་ན་ཡིན་པས་དངོས་གྲུབ་བསྟན་གཟིགས་སུ་མ་མོ་སྲིད་པའི་རྒྱལ་མོས་རྣམ་སྣང་གདན་དུ་མཛད་པ་དང་ཞི་ཁྲོ་ཟིལ་གནོན་གྱིས་རྒྱལ་བ་རིགས་ལྔ་གདན་

དུ་མཛད་པ་སོགས་འདི་འདྲའི་རིགས་ལ་ལོག་རྟོག་གི་སྨྲེ་སྔགས་ཤོར་བའང་དོན་འདི་མ་ཤེས་ནས་བློར་མ་ཤོངས་པའོ། །བཀོད་པ་རབ་རྫོགས་སམ་རྣམ་དག་སྟུག་པོ་བཀོད་པ་ནི། ཆོས་སྐུའི་ཞིང་ཁམས་ཏེ་རྒྱན་སྟུག་པོ་བཀོད་པའི་མདོ་ལས་རྒྱ་ཆེར་གསུངས་པ་ལྟར། ཞིང་ཁམས་དེ་སངས་རྒྱས་ཀྱི་ཞིང་བཀོད་ནི་ཞི་བ་དང་ཁྲོ་བོ་ཆགས་ཅན་དང་ཆགས་བྲལ་སེམས་དཔའ་དང་རིག་འཛིན་སོགས་སྐུ་གསུམ་གྱི་ཞིང་ཁམས་རབ་འབྱམས་བསམ་བརྗོད་ལས་འདས་པ་ལ་དབང་ཐོབ་པའམ། སྤྲུལ་བའི་བདག་ཉིད་ཅན་ཏེ་ཤེས་སྒྲིབ་ཕྲ་ཞིང་ཕྲ་བ་སྦྱངས་ནས་རྣལ་འབྱོར་ཆེན་པོའི་བསྐྱེད་རིམ་དང་། རྗེས་སུ་རྣལ་འབྱོར་དང་། ཤིན་ཏུ་རྣལ་འབྱོར་རྣམས་ཀྱིས་བསྒོམ་འཛིན་གྱི་གཏད་སོ་ཕྲ་ཞིང་ཕྲ་བའང་ཞིག་ནས་འབྲས་བུའི་ཞིང་ཁམས་སུ་དབང་བསྒྱུར་བ་ཡོ་ག་གསུམ་གྱི་གོལ་ས་བཀགས་པའམ། ཡང་ན་རྩ་ཁམས་ཐམས་ཅད་ཀྱི་རྟེན་སྙིང་མདུན་ཆོས་ཉིད་ཀྱི་རྩ་ལ་སྦྱང་བྱ་སུ་དང་ཏྲི། སྦྱོང་བྱེད་ༀ། ཀུན་གཞིའི་རྣམ་ཤེས། གཡས་ཡེ་ཤེས་ཀྱི་རྩ་ལ། སྦྱང་བྱ་ཨ་དང་ནྲྀ། སྦྱོང་བྱེད་ཧཱུྃ། ཡིད་ཀྱི་རྣམ་ཤེས། གཡོན་ཡོན་ཏན་གྱི་རྩ་ལ་སྦྱང་བྱ་པྲེ་དང་དུཿསྦྱང་བྱེད་ཨཱཿཉོན་མོངས་པ་ཅན་གྱི་ཡིད། རྒྱབ་གྱི་གསུམ་རང་རྒྱུད་ཀྱི་རྩ་ལ་སྒོ་ལྔའི་ཤེས་པ་སྟེ་ཚོགས་བརྒྱད་རྟོག་པ་རྣམ་པར་དག་ནས་སྦྱོང་བྱེད་ཡི་གེ་གསུམ་གྱིས་རིགས་དྲུག་གི་སྐྱེ་སྒོའི་གོལ་ས་བཀག་ནས་བླ་ན་མེད་པའི་སྐུ་གསུང་ཐུགས་ལྷུན་གྱིས་གྲུབ་པའི་སའོ། །དེ་བ་ཀོ་ཤ་ནི། ལྷའི་མཛད་༼མཛོད་༽དེ་དེའི་ས་ནི། དཀྱིལ་འཁོར་ཆེན་པོ་གཅིག་གི་འཁོར་ལོས་བསྒྱུར་བ་ཙམ་མ་ཡིན་པར། སངས་རྒྱས་མཉམ་སྦྱོར། སྒྲུབ་ཆེན་བཀའ་བརྒྱད། དཔལ་ལྡན་རྒྱུ་སྐར་གྱི་དཀྱིལ་འཁོར་སོགས་དུ་མའི་འཁོར་ལོ་བསྒྱུར་བ། ཧེ་རུ་ཀ་ཐམས་

ཅད་ཀྱི་གཙོ་བོ། ཁྲོ་མོ་ཀུན་གྱི་དབང་ཕྱུག་ཆེན་མོའི་གོ་འཕང་མངོན་དུ་མཛད་པ་ཞིག་གོཚོམ་བུ་འབུམ་སྒྲུབ་ཅེས་པའང་འདིའི་རིགས་སོ། །ཞིང་ཁམས་གཞན་ཐམས་ཅད་ཐར་བའི་གྲོང་ཁྱེར་ནི་ཡིན་མོད། དེ་བ་ཀོ་ཤའམ་ཆགས་མེད་སྡུག་པོ་བཀོད་པ་ནི་ཐར་བ་ཆེན་པོའི་གྲོང་ཁྱེར་ཡིན་ལ། ཀུན་བཟང་འོད་དཔག་མེད་དང་ཡུམ་ཀུན་ཏུ་བཟང་མོ་གཉིས་སུ་མེད་པ་ཡང་དེ་ཡིན་ལ། བདེ་བ་ཅན་ནའང་སྐུ་གསུམ་གྱི་ཞིང་སོ་སོར་ཡོད་དེ། འོག་མིན་སྟུག་པོ་བཀོད་འདི་ལ་བདེ་བ་ཅན་ཟེར་ཏེ། ལང་གཤེགས་ཀྱི་འགྲེལ་པ་ཡེ་ཤེས་རྡོ་རྗེས་མཛད་པ་ལས་ཀྱང་བཤད་དོ། །ཡི་དམ་ལྷའི་སྲོག་སྐྱོབས་ཞེས་པའང་། ཡི་དམ་གྱི་དཀྱིལ་འཁོར་དུ་མའི་འཁོར་ལོས་བསྒྱུར་བའི་ཧེ་རུ་ཀ་ལ་སྲོག་གི་བརྡའ་སྦྱར་བ་ཡིན་ཅིང་། རྣམ་ཤེས་ཀྱི་སྲོག་འདིར་སྨྲ་བའི་གནས་མ་ཡིན་ནོ། །རྡོ་རྗེ་འཛིན་པའི་མིང་འཛིན་པ་ནི། ས་བཅུའི་རྒྱུན་མཐར་གནས་པའི་སེམས་དཔའ་ཆེན་པོ་རྣམས་སངས་རྒྱས་ཁར་ཕྱོགས་བཅུའི་སངས་རྒྱས་ཀྱི་ཉེ་རྒྱུས་དབང་བསྐུར་བའི་ཚེ། ཆུ་ཅོད་པཎ་ཕྱག་མཚན་མིང་གིས་དབང་བསྐུར། མངོན་བྱང་ལྔའི་སྒོ་ནས་མངོན་པར་རྫོགས་པར་སངས་རྒྱས་པ་ནི། སེམས་དཔའ་ཆེན་པོ་རྣམས་ལས་ཆེས་གསལ་བའི་ཏིང་ངེ་འཛིན་ཐོབ་ཅིང་། སངས་རྒྱས་སྔ་མ་རྣམས་དང་མཉམ་པའི་ཏིང་ངེ་འཛིན་ཐོབ་སྟེ། དེ་བཞིན་གཤེགས་པ་རྣམ་སྣང་སོགས་ཡི་དམ་རྣམས་ཀྱི་གྲལ་དུ་ཆུད་པའོ། །ཆོས་དབྱིངས་བདེ་བ་ཆེན་པོའམ། ལྕང་ལོ་ཅན་གྱི་ས་ནི། སངས་རྒྱས་སྔ་མ་རྣམས་ཀྱི་སྐུ་གསུམ་དང་། གསར་དུ་སངས་རྒྱས་པའི་གང་ཟག་དེའི་སྐུ་གསུམ་ནམ་མཁའ་ལ་ནམ་མཁའ་འདྲེས་པ་ལྟར་དབྱེར་མེད་དུ་གྱུར་པ་ལ་གྲུབ་པའི་འབྲས་བུ་མཆོག་གི་ཐ་སྙད་བྱས་པའོ། །སངས་རྒྱས་ཐམས་

ཅད་ཀྱི་ཆོས་སྐུ་དང་ལོངས་སྐུ་གཅིག་པའི་རྒྱུ་མཚན་ཡང་འདིའོ། །རྫོགས་པ་བླ་མེད་དམ་མ་སྤངས་ཡེ་ཤེས་བླ་མའི་ས་ནི། དུག་ལྔ་ཁམས་ལྔ་ལ་སོགས་འཁོར་བའི་ཆོས་ཐམས་ཅད་མ་སྤངས་གནས་སུ་དག་པས་འཁོར་འདས་དབྱེར་མེད་དུ་ཁྱབ་ཅིང་བརྡལ་བའི་ཏིང་ངེ་འཛིན་བརྙེས་ནས་འཁོར་འདས་སྤང་བླང་དང་བྲལ་བར་འུབ་ཀྱི་འདུས་པའོ། །སྲིད་གསུམ་ངང་རྫོགས་སམ་ཀུན་བཟང་དབྱེར་མེད་ཀྱི་ས་ནི། དུས་འཁོར་གྱི་སྐུ་གསུང་ཐུགས་ཡོངས་རྫོགས་ཀྱི་དཀྱིལ་འཁོར་དང་། མཁའ་འགྲོ་རྒྱ་མཚོ་དང་ཚོགས་ཆེན་འདུས་པའི་དཀྱིལ་འཁོར་ལྟ་བུ་སྲིད་པ་གསུམ་གྱི་གཟུགས་བཀོད་པར་ཤར་བའི་དཀྱིལ་འཁོར་ཆེན་པོ། །ཀ་དག་ཐིག་ལེ་ཆེན་པོ་ཉག་གཅིག་གི་སྒྱུ་འཕྲུལ། སངས་རྒྱས་ཀྱི་འོད་ཟེར་རྣམ་རོལ་ཆེན་པོའི་རོལ་བར་བཞེངས་པའི་འཁོར་བ་རང་གྲོལ་ཆེན་པོར་མཐའ་བསྡུས་པའོ། །ལྷུན་གྲུབ་ཡེ་ཤེས་སམ་བྱ་རྩོལ་གཉིས་མེད་ཀྱི་ས་ནི། དོན་དམ་པའི་བྱ་བ་དང་བྱེད་པ་ནི་ཀུན་བཟང་ཡབ་ཡུམ་ཡིན་ཅིང་། ཆོས་སྐུ་དེ་ནི་ཡེ་གདོད་མ་ནས་ལྷུན་གྱིས་གྲུབ་པའི་ཡེ་ཤེས་ཡིན་པས་ནམ་དུ་ཡང་སྐྱེ་བ་མེད་ཅིང་། ཡེ་ཤེས་དེ་ནི་ནམ་ཡང་འགག་པ་མེད་པས་ས་བཅུའི་སེམས་དཔའ་རྣམས་ལ་ལོངས་སྐུ་སྣ་ཚོགས་པར་ཤར་ཞིང་འཕགས་པ་{ཙམ་}དང་སོ་སྐྱེས་རྣམས་ལ་ཐབས་མཁས་པའི་ཐུགས་རྗེས་གང་ལ་གང་འདུལ་གྱིས་སྤྲུལ་སྐུ་སངས་རྒྱས་བྱང་སེམས་པཎ་གྲུབ་ཟམ་པ་ཡན་ཆད་དུ་སྤྲུལ་ནས་འགྲོ་བའི་དོན་མཛད་པའོ། །ས་འདི་རྣམས་ཐུན་མོང་གི་ས་བཅུ་ལྟར་གཅིག་རྗེས་ཀྱི་གཅིག་ལྟ་བུའི་གོ་རིམ་ཡོད་པ་རང་མིན་ཀྱང་སངས་རྒྱས་ཀྱི་ས་ཡི་སྐབས་གྱི་གནས་ལུགས་ཡིན་ནོ། །ཞེས་འདི་རྣམས་དམ་པ་གོང་མ་རྣམས་ཀྱིས་གསུངས་སོ། །གསང་བ་བླ་མེད་ཚོགས་ཀྱི་བསྐང་བ་ལ། ཚོགས་ཞིང་སྤྱན་

འདྲེན་པ་ནི། སྙིང་ཁའི་འོད་ཀྱིས་རང་བཞིན་དག་པའི་ཞིང་ནས་བླ་མ་དང་ཞི་ཁྲོའི་ལྷ་ཚོགས་མཁའ་འགྲོ་སྤྲིན་ཕུང་འཐིབས་པ་ནམ་མཁའ་འགེངས་པ་ཙམ་དུ་སྤྱན་དྲངས་པར་བསམ་ལ། ཧཱུྃ་ཐུགས་བསྐུལ་བའི་ས་བོན་དང་། འོག་མིན་ཆོས་དབྱིངས༴ སོགས་ཀྱིས་སྤྱན་འདྲེན་བྱ། །དེ་ནས་མཆོད་སྦྱིན་བྱ་བ་ལ། ཚོགས་ཆ་གསུམ་དུ་བཅད་ལ། གལྤོ་ལས། དང་པོ་འདོད་ཡོན་དྲུག་གིས་མཆོད། །གཉིས་པ་དམ་རྫས་བདུད་རྩིས་བཤགས། །གསུམ་པ་དགྲ་བགེགས་གཟུགས་ཕུང་སྟོབ། ཅེས་པས། དང་པོ་མཆོད་པ་ནི། དམ་ཚིག་གི་རྫས་རྣམས་འདོད་ཡོན་གྱི་ལྷ་མོའི་མཆོད་སྤྲིན་ནམ་མཁའ་གང་བར་ཕུལ་བས་དགྱེས་པར་བསམ་ལ། ཧཱུྃ་བླ་མ་ཀུན་བཟང༴ སོགས་སྡེ་བདུན་དང་བཅས་པར་འབུལ་ལོ། །བར་བ་བཤགས་པ་ནི། ཆ་གཉིས་པ་བདུད་རྩིར་ལྔར་དམིགས་ཏེ། ཕུལ་བས་ཐུགས་དམ་བསྐངས་ནས་འཁོན་གཅུགས་༼བཅུག་༽སོགས་ཉམས་ཆགས་ཐམས་ཅད་དག་པར་བསམ་མོ། །དེ་ནས་བསྐང་ཚོགས་ཀྱི་ཚོགས་བཤགས་ནི། ༀ་ཨཱཿཧཱུྃ་བྷོ་དྷི༴ སོགས་བརྗོད་པས་ལྷ་ཚོགས་གསལ་བཏབ་ནས། ཧཱུྃ་དབུས་ནས་བཛྲ་སཱ་ཏྭ༴ རྡོར་སེམས་སོགས་རིགས་ཀྱི་ཐུགས་རྣམ་པར་དག་པའི་དམ་ཚིག་རང་རིག་པའི་ཡེ་ཤེས་ཀྱིས་ལོག་རྟོག་འཇོམས་པའི་ཞེ་སྡང་གི་དམ་ཚིག་ཉམས་སོ་འཚལ་ཐམས་ཅད་མི་འཆབ་སྟེ་མི་གསང་བར་བཤགས་ཞེས་པ་དང་། དེ་བཞིན་རིགས་ཀྱི་དམ་ཚིག་ཆོས་ཐམས་ཅད་མཉམ་ཉིད་དུ་རྟོགས་པའི་ཚེ། ལྟ་བ་ལ་ཕྱོགས་རིས་དང་སྤྱོད་པ་ལ་བླང་དོར་གྱིས་མིག་འབྱེད་པ་མེད་པ་ནི་གཏི་མུག་དང་། རིན་ཆེན་རིགས་ཀྱི་དམ་ཚིག་མཉམ་ཉིད་རྟོགས་པའི་ལྟ་བ་གཤོངས་སུ་མི་འདེབས་༼འབེབས་༽པའི་ང་རྒྱལ་དང་། པདྨ་རིགས་ཀྱི་དམ་ཚིག་དེ་མ་རྟོགས་པ་ལ་དམིགས་མེད་ཀྱི་

སྙིང་རྗེ་ཆེན་པོའི་འདོད་ཆགས། ལས་ཀྱི་རིགས་ཀྱི་དམ་ཚིག་གཉིས་འཛིན་གྱི་ཞེན་རྟོག་མཉམ་ཉིད་ཀྱི་ཀློང་དུ་མི་ཤོང་བའི་ཕྲག་དོག་རྣམས་རྟོགས་གོམས་ཀྱིས་སྦྱོང་བས་མི་སྤོང་ངོ། །དེ་ལྟར་གསལ་བཀྲ་ལས། །ཡང་དག་དུག་ལྔ་ལོག་དུག་ལྔ། །ཞེས་སོ། །ལོག་པའི་དུག་ལྔ་རང་མཚན་པ་ཅིའི་ཕྱིར་མི་སྤང་ཞེ་{ན}། ཆོས་ཐམས་ཅད་རང་གི་ངོ་བོས་སྟོང་པས་སྤང་བྱ་མ་གྲུབ། ཐབས་ཀྱིས་ཟིན་ན་རྣམ་གྲོལ་གྱི་ལམ་ཡིན་པ་དང་། ཡེ་ནས་རིགས་ལྔའི་རང་བཞིན་ཡིན་པའི་ཕྱིར་རོ། །ༀ་གྷ་ན་ཙཀྲ༴ སོགས་ཡིག་བརྒྱ་བཟླའོ། །ཧཱུྃ་བདག་ཅག་འཁོར༴ སོགས་དང་སྡེ་བདུན་བཤགས་པ་རྣམས་བྱ། །དེ་ནས་ཚོགས་ཐ་མ་བསྒྲལ་བ་ནི། ཚོགས་ཟན་ཉ་བོ་ཧོམ་ཁུང་དུ་བཅུག་ནས་སློབ་དཔོན་གྱི་མདུན་དུ་བཞག་ལ། བདག་ཉིད་ཆེ་མཆོག་གི་སྐུར་གསལ་ལ། ཚོགས་བྱིན་རླབས་མ་བྱས་གོང་ཚོགས་ཟན་གུད་དུ་བཅད་པ་མིན་ན། ཧཱུྃ་ཞེས་འདོད་ཡོན་གྱི་ལྷ་མོ་ཕུར་རྩེས་རང་ལ་བསྟིམ། །སྣོད་ཨེ་ལས་གྲུ་གསུམ་ཐར་བ་མེད་པའི་ནང་ནྲྀཿཏྲིཿལས་དགྲ་བགེགས་ཀྱི་ཕུང་ཁམས་སྐྱེ་མཆེད་གསལ་བཏབ་ལ། འགུགས་གཞུགས་ལན་གསུམ་བྱས་ནས། །ཐུགས་དྲག་པོའི་ལས་ལ་བསྐུལ་བའི་ཡི་གེ་ཧཱུྃ་དང་། ཆོས་ཀྱི་དབྱིངས་ལས་གཟུགས་སྐུ་རྒྱལ་བ་ཞི་ཁྲོའི་ལྷ་ཚོགས་དྲག་པོའི་ལས་ལ་བཞེངས་པར་བསྐུལ་བས། བྷུདྡྷ་ཧེ་རུ་ཀའི་ལྷ་ཚོགས་རྣམས་ཀྱི་ཐུགས་ལས་ཕོ་ཉ་དྲག་སྔགས་ཀྱི་སྒྲ་དང་བཅས་པས་དགྲ་བགེགས་ཀྱི་བླ་སྲོག་རྟེན་ལ་བཀུག །བཛྲ་ཧེ་རུ་ཀའི་ལྷ་ཚོགས་རྣམས་ཀྱིས་སྐྱོབ་བྱེད་ཀྱི་ལྷ་དང་ཕྲལ། རཏྣ་ཧེ་རུ་ཀའི་ལྷ་ཚོགས་རྣམས་ཀྱིས་ཡན་ལག་རྣམས་བཅིངས་ནས་བྱད་དུ་བཅུག །པདྨ་ཧེ་རུ་ཀའི་ལྷ་ཚོགས་རྣམས་ཀྱིས་རི་རབ་ལྟ་བུའི་རྡོ་རྗེ་ཐོ་བས་རྡུལ་དུ་བརླག །ཀརྨ་ཧེ་རུ་ཀའི་

ལྷ་ཚོགས་རྣམས་ཀྱིས་དུག་ཁྲག་གིས་ཆར་ཕབས་སྟེ་མྱོས་སུ་གཞུག །ཀོའུ་སེང་དང་དབང་ཕྱུག་མས་བསྒྲལ་བའི་ལས་དང་ཞལ་དུ་བསྟབས་པར་མཛད། དེ་ཡང་བསྒྲལ་བྱ་སྒྲོལ་བྱེད་དེ་རྣམས་གཞི་ཆོས་སྐུ་གཅིག་གིས་འབྲེལ། ལམ་གཉེན་པོ་སྲོག་བདུད་གཤེད་གསུམ་སེམས་ཉིད་གཅིག་གིས་འབྲེལ། འབྲས་བུ་སྤྲོས་བྲལ་ཆོས་ཀྱི་དབྱིངས་སུ་རོ་གཅིག་པར་འབྲེལ་བ་ནི་ལྟ་བའི་རྫོང་། བདག་ཆེ་མཆོག་དང་སྒྲོལ་བྱེད་ཀྱི་ཕོ་ཉ་ཙཽ་རི་མ་སེར་མོ་གསལ་བ། ཕྱག་མཚན་མདའ་གཞུ་ཐབས་ཤེས་ཀྱི་མཚོན་ཆར་གསལ། གཟས་པ་པོ་ཉམས་པ་དངོས་སུ་གསལ་བ་གསུམ་ནི་སྒོམ་པའི་འཕྲང་། ཚེ་ཁྲུས་ཀྱི་དགོངས་པ་ཟབ་མོ་ནི་སྤྱོད་པའི་སྲོག་འཕྲོག་པའོ། །ཕོ་ཉ་ཙཽ་རི་སེར་མོས་ཐབས་ཤེས་མི་འབྲལ་བའི་མདའ་གཞུ་འགེངས་པས་གཟིར་བའི་མདའི་རྩེར་ཁོ་ཡི་ཚེ་དཔལ་ཨ་ཡི་རྣམ་པར་བླངས་ཏེ་རང་གི་སྙིང་ཁར་བསྟིམ་པ་ཚེ་ལུང་དང་། །ཡང་ཀུན་གཞི་ནྲྀའི་རྣམ་པར་མདིལ་རྩེ་ནས་སྐར་མདའ་ཆད་པ་ལྟར་ཕཊ་ཀྱིས་འཕངས་པས་ཀུན་ཏུ་བཟང་པོའི་ཐུགས་ཀར་ཐིམ་པར་བསམ་པ་ནི་ཁྲུས་ལུང་ངོ། །དེ་ནས་བག་ཆགས་ཀྱི་སྙིགས་མ་མཚོན་ཆ་ཐོགས་སྟེ། རྔམ་གློག་ལས། ཕོ་ནི་རྐང་པ་གཡས་ནས་གཏུབས། །མོ་ནི་རྐང་པ་གཡོན་ནས་གཏུབས། །ཅེས་པ་ལྟར་དུམ་བུར་བཅད་ནས་བསྟབས་པས་ལྷ་ཚོགས་ཐམས་ཅད་ཀྱིས་ལྷག་མེད་དུ་གསོལ་བར་བསམ་ལ། ཧཱུྃ་དང་པོའི་སངས་རྒྱས༴ སྔགས་དོན་གོ་སླ། སྐབས་འདིར་ཞི་ཁྲོའི་ལྷ་བསྐང་ནི། མཆེད་ལྕམ་རྣམས་ཀྱིས་བདུད་རྩི་སྦྲེང་། རཀྟ་ཕྱར། རོལ་མོ་སྣ་ཚོགས་དང་བཅས་དཀྱིལ་འཁོར་བསྐོར་ཞིང་། ཕྱི་ནང་གསང་གསུམ་ཀྱིས་མཆོད་སྤྲིན་རྒྱ་མཚོས་ལྷ་ཚོགས་མཉེས་པར་བསམས་ལ། ཧཱུྃ་ཐུགས་མཉེས་པའི་ས་བོན་གྱིས་

དྲངས་པས། རྣམ་ཤེས་ཕུང་པོ༴ སོགས། རྣམ་པར་ཤེས་པ་ནི་ཡུལ་རྣམ་པར་རིག་པའི་མཚན་ཉིད་ཅན་ཚོགས་བརྒྱད་དག་པ་ཐུགས་ཀྱི་བདག་ཉིད་རྡོ་རྗེ་སེམས་དཔའ་དང་། གཟུགས་ནི་གཟུགས་ཀྱི་མཚན་ཉིད་ཅན་གྱི་རྒྱུའི་གཟུགས་བཞིའམ་འབྲས་བུའི་གཟུགས་བཅུ་གཅིག་སྟེ་བཅོ་ལྔ་དག་པ་སྐུ་དང་མཐུན་པའི་རྣམ་སྣང་། ཚོར་བ་ནི་ཉམས་སུ་མྱོང་བའི་མཚན་ཉིད་ཅན་གྱི་ཆོས་བདེ་བ་དང་སྡུག་བསྔལ་བཏང་སྙོམས་ཀྱི་བསྡུས་པའི་ཡུལ་ལ་ལོངས་སྤྱོད་པའི་གཞི་ཡིན་པས་རིན་འབྱུང་། འདུ་ཤེས་ནི་མཚན་མར་འཛིན་པའི་མཚན་ཉིད་ཅན་གྱི་ཆོས་མཚན་མ་མེད་པ། མཚན་མ་དང་བཅས་པ་རྒྱ་ཆེ་བ་ཆུང་བ་ཚད་མེད་པ་སྟེ་ལྔ་ཕྱི་ནང་གི་ཆོས་བརྡའ་སྤྲོད་པའི་སྣང་མཐའ། འདུ་བྱེད་ནི། མངོན་དུ་འདུ་བྱེད་པ་སྟེ། ཀུན་ཏུ་འགྲོ་བ་ལྔ། ཡུལ་སོ་སོར་ངེས་པ་ལྔ། དགེ་བ་བཅུ་གཅིག །རྩ་ཉོན་དྲུག །ཉེ་ཉོན་ཉི་ཤུ། གཞན་གྱུར་བཞི་སྟེ་སེམས་བྱུང་ལྔ་བཅུ་རྩ་གཅིག་ལས་ཚོར་བ་དང་འདུ་ཤེས་ལོགས་སུ་བགྲང་བའི་ལྷག་མ་བཞི་བཅུ་རྩ་དགུ་ནི། བྱ་བ་བྱེད་པའི་བདག་ཉིད་ཡིན་པས་དོན་གྲུབ། དེ་ཡང་ཕུང་པོ་ལྔའི་མགོ་གཟུགས་ཕུང་བརྩི་ན། འདིར་རྣམ་ཤེས་དང་པོ་སྨོས་པ་ནི། གཟུགས་སོགས་སེམས་ཀྱི་རོལ་རྩལ་ཡིན་པས། སེམས་ཉིད་གཙོ་བའི་དབང་དུ་རྣམ་ཤེས་དང་པོ་སྨོས་པའོ། །དེ་བཞིན་འབྱུང་བ་ལྔ་ཡུམ་ལྔ། མིག་གི་རྣམ་ཤེས་སོགས་ཚོགས་བརྒྱད་སེམས་དཔའ་བརྒྱད། དེའི་ཡུལ་གཟུགས་སྒྲ་དྲི་རོ་འདས་མ་འོངས་ད་ལྟར་འབྱུང་བ་མ་ངེས་པ་སྟེ་སེམས་མ་བརྒྱད། ལུས་ཤེས། ལུས་དབང་། ལུས་ཀྱི་རེག་ཡུལ། རེག་ཤེས་ཏེ་ལུས་ཀྱི་ཆོས་བཞི་སྒོ་བ་བཞི། །རྟག་ཆད་བདག་མཚན་བཞི་སྒོ་མ་བཞི། དུག་ལྔ་དང་སེར་སྣ་དྲུག་ཐུབ་དྲུག །ཡིད་ནི་རྟོག་བཅས་འཁོར་བ། རྟོག་མེད་མྱང་འདས་གཉིས་ཀའི་བྱེད་པོ་ཀུན་བཟང་དང་།

ཡིད་ཀྱི་གཏན་ལ་དབབ་པར་བྱ་བའི་ཡུལ་ཆོས་ཀྱི་ཁམས་ཏེ་ཀུན་ཏུ་བཟང་མོའི་ངོ་བོར་རྣམ་པར་དག་པའོ། །རང་རིག་པའི་ཡེ་ཤེས་ཀྱི་ཉོན་མོངས་དུག་ལྔའི་རྟོག་པ་གནས་སུ་གྱུར་པ་ཆེ་མཆོག །མ་རིག་པས་བསྐྱེད་པ་ཉོན་མོངས་པ་ཐམས་ཅད་དག་པ་ཀྲོ་ཏི་ཤྭ་རི་སྟེ་གཙོ་བོ་ཡབ་ཡུམ་གཉིས་སོ། །དེ་བཞིན་དུ་ཁྲག་འཐུང་གཞན་སོགས་གོང་གི་ཞི་བའི་རིགས་འགྲེས་ལྟར་གོ་སླའོ། །ཁྲོ་བོ་དགུའི་ས་ནི་ཧེ་རུ་ཀ་ཞེས་པ་མཉམ་ཉིད་ཁྲག་འཐུང་དང་། གཞན་གུ་ཧྱ་ཧེ་རུ་ཀ་སོགས་གོ་སླའོ། །སྤོར་བྱེད་བརྒྱད་ནི། ཉུལ་བྱེད་ཡུལ་ཀུན་བཟང་དང་། ཆོས་ཀྱི་དབྱིངས་ཀུན་ཏུ་བཟང་མོ་དང་། ཐུབ་དྲུག་རྣམས་ཁྲོས་པ་ཁྲོ་མོའི་རྣམ་པར་གྱུར་པ་སྟེ། ཤར་ཕྱོགས་སུ་ཉུལ་བྱེད་གནས་གྱུར་པ་སྤོར་བྱེད་ཆེན་མོ་མི་བཟད་པ་སྣ་ཚོགས་འགྱུར་བའི་སྐུ་མདོག་[ཅན་]གཡས་ཉི་ཟེར་ཞགས་པ་གཡོན་བྷནྡྷ་རཀྟ། ལྷོར་མི་མགོན་ཐུབ་པ་གནས་གྱུར་པ་སྤོར་བྱེད་མདུང་ཐུང་འཕེན་སེར་ནག །ནུབ་ཕྱོགས་ཆོས་ཀྱི་དབྱིངས་བཟང་མོ་གནས་གྱུར་པ་སྤོར་བྱེད་དྲིལ་འཁྲོལ་མ་སྐུ་མདོག་མཚོན་དུ་མེད་པ། བྱང་ཕྱོགས་ལྷ་མིན་ཐུབ་པ་གནས་གྱུར་པ་སྤོར་བྱེད་སྐར་མདའི་གདོང་སྔོ་ནག་གཡས་སྐར་མདའ། ཤར་ལྷོ་ལྷ་འདུལ་ཐུབ་པ་གནས་གྱུར་པ་སྤོར་བྱེད་ཁྱུང་ཐོག་དཀར་སེར། ལྷོ་ནུབ་མཚམས་སུ་ཡི་དྭགས་ཐུབ་པ་གནས་གྱུར་པ་སྤོར་བྱེད་གློག་ཕྲེང་འཛིན་མ་དམར་ནག །ནུབ་བྱང་མཚམས་སུ་བྱོལ་སོང་ཐུབ་པ་གནས་གྱུར་པ་སྤོར་བྱེད་སེར་ནག་ཕྱེད་མ་སློག་ཤ་རྡེབས་ཞེས་པ། སྒྱ྄ུ་འཕྲུལ་བླ་མ་[ལས་]འདི་ལྟར་ཞིབ་པར་བྲི་བ་ནི། རྣལ་འབྱོར་སྨུག་ནག་ཉུལ་ཆེན་མ། །རལ་པ་ཁམས་ནག་གྱེན་དུ་འབར། །སླག་ཆེན་བརྗིད་པའི་གཡང་གཞི་གྱོན། །རྡོ་རྗེའི་སླག་ཤ་གཡས་པ་ན། །བྷནྡྷ་རཀྟ་གཡོན་པ་ན། །རོ་རློན་སྟེང་དུ་བརྐྱངས་བསྐུམ་བཞུགས། །ཞེས་

པས་སློག་ཤ་རྡེབས་ཞེས་པ་མི་ཡི་པགས་པའི་གཡང་གཞི་རྡེབས་པའོ། །བྱང་ཤར་མཚམས་སུ་དམྱལ་མགོན་ཐུབ་པ་གནས་གྱུར་པ་སྤོར་བྱེད་རལ་གྲི་འཛིན་སེར་ནག །དེ་རྣམས་རལ་པ་ཁམས་ནག་གྱེན་དང་། མི་ཡི་གཡང་གཞིའི་གོས། ཕྱུགས་༼བཤུག་༽པའི་གླུ་དང་ཧ་ཧའི་གད་མོ། གཡས་ཉི་ཟེར་ཞགས་པ་སོགས་རང་རྟགས། གཡོན་བྷནྡྷ་རཀྟ། རོ་རློན་པའི་སྟེང་དུ་གཡོན་བསྐྱང་གཡས་བསྐུམ་གྱིས་བཞུགས་པའོ། །བསྐང་རྫས་མཆོག་ཆེན་ཞེས་པ་མཐོ་རིས་ཀྱི་འགྲོ་བ་དང་། མཆོག་ཕྲན་ངན་སོང་གསུམ། ཡང་ན་མཆོག་བཀྲ་ཤིས་དག་པའི་ཞིང་སྐྱེ་བ་བདུན་པ། མཆོག་ཕྲན་ཐུགས་རྗེས་བཟུང་བྱ་ཞིང་བཅུའམ། ཡང་ན་མཆོག་ཞིང་བཅུ་ལས་སྐུ་དགྲ་གཉིས་གཅིག་ཏུ་བརྩིས་པའི་མི་བདུན་དང་། མཆོག་ཕྲན་ངན་སོང་གསུམ་རྣམས་སོ། །མཚན་ལྡན་ནི་གཟུངས་མ་མཚན་ལྡན་ནམ། ཡང་ན་བསྒྲལ་བའི་ཞིང་བཅུ་སྟེ། གསལ་བཀྲ་ལས། །དཀོན་མཆོག་སློབ་དཔོན་སྐུ་དགྲ་གཉིས། །དམ་ཉམས་ལོག་དང་འཁུ་བ་དང་། །འདུ་བར་འོང་དང་ཡོངས་ལ་གནོད། །དམ་དགྲ་ངན་པའི་ངང་ཚུལ་ཅན། །ངན་སོང་གསུམ་དང་བཅུ་པོ་ནི། རྣལ་འབྱོར་ཀུན་གྱི་དང་དུ་བླང་། ཞེས་སོ། །ཟལ་ལེ་ཞེས་པ་འབྲི། ཤེལ་སྒོང་ལུག །ཙ་ར་གཡག་གམ་ར་སྐྱེས། མཁའ་ལྡིང་བྱ་མོ་ནག་མོའམ་ཕུག་རོན་ནམ་བྱ་སྤྱི་ལ་འཇུག །མདངས་ཞེས་པ་སྲོག་དང་ལྡན་པ། ཕོ་ཡི་རྐང་བ་དུང་དང་། མོ་ཡི་རྐང་པ་ལ་གླིང་བུ་ཞེས་པས་རྐང་ཆེན་དུང་དང་གླིང་བུ་དང༔ སྙམ་ལ་དུང་གི་གླིང་བུ་ཞེས་པ་ཡིག་ནོར་འདྲ། །དེ་ནས་ཕུར་པའི་བསྐང་བ་ནི། ཞི་ཁྲོ་འདི་ཡི་ཁོག་རྣལ་འབྱོར་དབྱིངས་ཞི་བ་དང་། ཡང་དག་ཁྲོ་བོ་ཡིན་པ་དང་། སྔོན་སློབ་དཔོན་པདྨས་ཡང་ལེ་ཤོད་དུ་ཡང་དག་ལ་བརྟེན་ནས་མཆོག་གི་དངོས་གྲུབ་བསྒྲུབ་དུས། ཀླུ་གྱོང་བོ། བལ་ཡུལ་གློག་མ་

སྲིན། གནོད་སྦྱིན་རྒོད་མ་ཁ་རྣམས་ཀྱིས་བར་ཆད་བརྩམས་པ་དང་། ཕུར་བའི་ཏིང་ངེ་འཛིན་གྱིས་གཟིར་ནས་དམ་ལ་བཏགས་པས། ཡང་དག་ལམ་ལ་ཞུགས་པ་ལ་ཕུར་བ་སྐྱེལ་མ་དང་འདྲ་བས་བར་ཆད་སེལ་ཕྱིར་ཕུར་བའི་བསྐང་བ་འོང་དོན་དེ་ཡིན་ལ། ཕྱི་ཁྱམས་ལ་སྐད་ཅིག་གིས་གསལ་བཏབ་ལ་བཀའ་སྲུང་གི་ཚུལ་དུ། ཧཱུྃ་སྣང་སྲིད་ཕུར༴ སོགས་ཀྱིས་རྡོ་རྗེ་གཞོན་ནུ་ཡབ་ཡུམ། བཛྲ་ཀཱི་ལ་ཡ་སོགས་སྲས་བཞི། ཧཱུྃ་ཀཱ་ར་སོགས་ཁྲོ་བོ་བཅུ། སྒྲ་འབྱིན་མ་སོགས་ཁྲོ་མོ་བཅུ། ཕག་མགོ་ཅན་སོགས་ཟ་བྱེད་ཕ་བཅུ། སྨིག་བུ་སྟེ་གཙང་ཕག་མགོ་ཅན་སོགས་གསོད་བྱེད་མ་བཅུ། ཤྭ་ན། ཤ་ན། ཤི་ལ། ཤོ་ན་མུ་ཁ་སྟེ་ཤྭ་ན་མ་བཞི། རྡོ་རྗེ་ཡ་བྱིན། དེ་བྱིན། བསེ་བྱིན། ཕག་བྱིན་ཏེ་བསེ་མོ་བཞི། རེ་མ་ཏི། རེ་ཏྲི། རེ་ཛ། རེ་ཛུ་སྟེ། བདག་ཉིད་མ་བཞིསྲིན་པོ་གཤིན་རྗེ་བདུད་གནོད་སྦྱིན་རྣམས་ཀྱི་སྐྱེས་བུ་སྟེ་གིང་བཞི། མ་མོ་ཡེ་ཤེས་མཁའ་འགྲོ་མ། མ་མོ་ཡེ་ཤེས་ཤུགས་འགྲོ་མ། དེ་བཞིན་རྟག་འགྲོ་མ། ཟ་བྱེད། ཁ་འབར། རེ་མ་ཏི། གསལ་འགྲོ་སྟེ་མ་བདུན། སྲིང་མོ་ཆེན་མོ་འཚོ་བྱེད་མ། དེ་བཞིན་འཆང་བྱེད་མ། སྡོམ་བྱེད་མ། རླུང་འབྱིན་མ་སྟེ་སྲིང་མོ་བཞི། ཕྱི་ནང་གསང་བའི་རཱུ་ཏྲ་རྣམ་གསུམ་བསྒྲལ་ཕྱིར། རྡོ་རྗེ་རིགས་ཀྱི་གིང་ཆེན་བཞི་རིན་ཆེན། པདྨ། ལས་ཀྱི། སྟེང་འོག་གི་གིང་ཆེན་གཉིས་ཏེ་གང་ཆེན་བཅོ་བརྒྱད། །འབར་མ་ཆེན་མོ་སྐུ་འབར་མ། །འབར་མ་མེ་ཁྱེར་གློག་འཕྲེང་འཛིན། །འབར་མ་གཤིན་རྗེ་སྐར་མདའ་གདོང་། །འབར་མ་སྲིན་མོ་མདུང་ཐུང་འཕེན། །འབར་མ་ཀླུ་མོ་ལྕེ་འབེབས་མ། །འབར་མ་ཆེན་མོ་ཁྱུང་ཐོགས་མ། །འབར་མ་རླུང་བདག་རལ་གྲི་སྣ། །འབར་མ་འཇིགས་བྱེད་བ་ལང་སྣ། །འབར་མ་ཉི་མའི་ཞགས་པ་ཅན། ཞེས་འབར་མ་དགུ། རྡོ་རྗེ་ཕོ་ཉ་བཅུ་དྲུག །རིན་ཆེན། པདྨ།

ལས་ཏེ་ཕོ་ཉ་དྲུག་ཅུ་རྩ་བཞིའོ། །དེ་ནས་བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་རྣམས་ཀྱི་བསྐང་བ་མང་དུ་བྱ། གསུང་གི་རྩ་གསུམ་བསྐང་བ་དང་སྡེ་བདུན་བསྐང་བ་རྣམས་བྱ། འདི་སྐབས་རྣལ་འབྱོར་བའི་ཕུང་ཁམས་སྐྱེ་མཆེད་ཀྱི་ལྷ་རྣམས་མཆོད་པ་ནི། ལས་ཀྱི་རྡོ་རྗེས་སློབ་དཔོན་ལ་ཕྱག་བྱས་ནས། ཐོད་པ་དུམ་བུ་གཅིག་པའམ་གསུམ་པ་མ་དཱ་ནས་བཀང་བ་དང་། གྲོགས་གཞན་དག་གིས་མཾ་ས་ལ་སོགས་པའི་རྫས་རྣམས་ཐོགས་ཏེ། པདྨའི་ཕྱག་རྒྱ་སྔོན་དུ་འགྲོ་བས་གཡས་པས་རྩེ་གསུམ་གྱི་རྒྱ་སྟོན་ཞིང་། ཐུགས་མཉེས་པའི་ས་བོན་ཧོ་དང་། རྣལ་འབྱོར་ཕོ་མོ་སོགས་འདུས་པ་རྒྱ་མཚོ་རྣམས་ཞི་ཁྲོ་རབ་འབྱམས་སུ་གསལ་བ་ལ་ཆོས་དང་ལོངས་སྤྱོད་ཀྱི་ཕུན་སུམ་ཚོགས་པའི་དགའ་ལྡན་ལྷའི་ཚོགས་མཆོད་ལྟ་བུ་དཔག་ཏུ་མེད་པ་རང་གི་སྤྲུལ་པའི་ལོངས་སྤྱོད་བསམ་གྱིས་མི་ཁྱབ་པ་ལ། རང་གི་སྤྱོད་པ་ལྟར་འཕྲུལ་དགའ་ལྷའི་ཏིང་ངེ་འཛིན་གྱིས་སྤྲུལ་པའི་ཚོགས་མཆོད་བདུད་རྩིའི་རང་བཞིན་རོལ་ཞེས་པ་དང་། ཨ་ལ་ལ་སོགས་ངོ་མཚར་དགྱེས་པའི་མཆོད་པ་འབུལ་ལ། ལེན་པ་པོས་ཀྱང་པད་སྐོར་དང་རྩེ་གསུམ་གྱི་རྒྱས་ཧོ་ཞེས་པའི་ལན་དང་། སྐུ་རྡོ་རྗེ༴ སོགས་ཨ་ལ་ལ་གོང་བཞིན་གྱིས་བླངས་ལ་ཐ་མལ་གྱི་སྣང་བའི་བདེན་ཞེན་སྤངས་ཏེ་འཛིན་ཞེན་མེད་པའི་སྒོ་ནས་བདུད་རྩིའི་མཆོད་རྫས་ལྟེ་བའི་གཏུམ་མོ་མེས་བཞུ་བའི་དྭངས་མས་ལུས་ནང་གི་ལྷ་ཚོགས་མཆོད་པར་བསམས་ལ། ནང་གི་སྲེག་བླུགས་ཀྱིས་ལོངས་སྤྱོད་དོ། །ཚོགས་གྲལ་དུ་རྩོད་པ་དང་། ཀུ་ཅོ་དང་། ཐ་མལ་གྱི་སྣང་བའི་བདེན་ཞེན་སོགས་སྤངས་ཏེ། ཚིམས་པ་དང་། དགའ་བ་དང་། འཛིན་ཞེན་མེད་པར་བྱའོ། །འདི་ཡི་དམ་ཚིག་ལ། གྲུབ་པ་ཐོབ་པ་མ་གཏོགས་ཚོགས་ཆང་བྷནྡྷ་གང་ལས་མང་བ་

འཐུང་ན་ཆང་འཐུང་གི་ཉེས་པའི་སྟེང་མཁའ་འགྲོ་མའི་བཀའ་ཆད་འབབ། དགེ་སློང་དང་། བསྙེན་གནས་ལ་གནས་ཀྱང་ཐིགས་པ་ཙམ་མ་མྱོང་ན་རྩ་ལྟུང་བཅུ་གསུམ་པ་ཕོག །ཤ་ཆང་སྲེད་ཞེན་གྱིས་ཆེ་བར་ཟོས་ན་དུར་ཁྲོད་ཀྱི་གཅན་སྤྱང་དུ་སྐྱེ། ཁམ་གཅིག་ཙམ་མ་ཟོས་ན་རྩ་ལྟུང་ཕོག །ཚོགས་ལྷག་པོ་བླངས་ན་ཡི་དྭགས་མཆུ་བརྩིངས་དུ་༼བཅིངས་སུ་༽སྐྱེ། མ་གུས་པར་ས་རྗེན་ལ་བཞག་ན་བཀའ་ཆད་འོང་། ཟ་རུང་ངམ་མི་རུང་རྣམ་རྟོག་བྱེད་ཅིང་ཟོས་ན་ཆུ་བུར་ཅན་གྱི་དམྱལ་བར་སྐྱེ། ཚོགས་འབབ་མི་སྦྱིན། ཟོས་འཕྲོ་ལྷག་མར་དོར་རམ་དེར་བསྐྱུར། བསོག་འཇོག་གིས་རྗེས་ནས་ཟ་མི་རུང་། རབ་ལྟ་བ། འབྲིང་བསྐྱེད་རིམ། ཐ་མ་དད་གུས་དག་སྣང་གིས་ཟོས་ན་དངོས་གྲུབ་ཐོབ་པར་འགྱུར་རོ། །དེ་ནས་ལྷག་མ་ནི། དཀྱིལ་འཁོར་གྱི་ཤར་ལྷོའམ་བྱང་ཤར་དུ་ཞིང་ལྤགས་ལ་ཏྲིས་༼དྲི་༽དང་རཀྟས་ཆོས་འབྱུང་ཟླ་གམ་གསུམ་དང་བཅས་པའི་སྟེང་དུ་གཙང་ལྷག་དང་། དེ་ཡང་ལྷག་མ་བསོག་འཇོག་མེད་པར་བསྡུས། དམེ་གཏོར་མཆོད་པའི་རས་མ་དང་བཅས་པ་བཤམས། དབུས་སུ་མར་མེ་བཅུག །ཕེམ་གྱི་སྒྲས་ལྷག་སྡུད་ཀྱི་ཕོ་ཉ་རྣམས་སྤྲིན་གཏིབས་པ་བཞིན་བྱོན་པར་བསམ། ཕུད་གཙང་ཡར་གནས་ལ་སོགས་བསྔོ་ལ་ལྷག་མའི་སྟེང་དུ་བླུགས་ལ། ཧཱུྃ་བར་དུ་གཉིས་མེད༴ སོགས་མར་གནས་ལ་བསྔོ་བ་ནི། སློབ་དཔོན་ལྟ་དགོངས་ཅན་ཡིན་ན་ལྕེ་རྟ་མགྲིན་ཡབ་ཡུམ་རོལ་པ་མཛད་པས་བྱང་སེམས་ཕབ་པར་བསམ་ལ། ༀ་ཨཱཿཧཱུྃ་པཉྩ་ཨ་མྲྀ་ཏ་ཧཱུྃ་ཧ་ཧོ་ཧྲཱིཿས་བྱིན་གྱིས་བརླབས། ཞེས་ཛ་གད་ཀྱི་ཁ་འཕྲུ་བཏབ་པས་བདུད་རྩིར་སྤེལ། དབང་ཕྱུག་མ་རྣམས་དོན་ལ་ཡེ་ཤེས་ཀྱི་ལྷ་མོ་ཡིན་པས་ཤིན་ཏུ་གཙང་དགོས་ཏེ། རྣལ་འབྱོར་དམ་ཚིག་ཅན་མ་གཏོགས་ཚོགས་ཕུད་ལས་ལྷག་མ་མི་བསྡུ། མ་གཙང་ན་འཇིག་

རྟེན་ཁམས་སུ་དམར་ཡམས་འོང་བར་བཤད་དོ། །ཧཱུྃ་དཔལ་གྱི་བཀའ་ཉན༴ སོགས་བརྗོད་ལ། སྒྲུབ་ཁང་ནས་གོམ་པ་བདུན་ཅུའི་མཚམས་སྲིན་པོའི་ཟ་ལམ་ཡིན་པས་དེར་བསྐྱལ་ལོ། །ལྕེ་རྟ་མགྲིན་དུ་བསྒོམ་་པ་ཡང་དང་པོ་རྟ་མགྲིན་གྱིས་མགྲོན་དབང་དུ་བསྡུས་པའི་དུས་འབངས་སུ་མཆིས་ནས་འཕྲིན་ལས་བསྒྲུབ་པར་ཁས་བླངས་པས་སོ། །དབུས་ན་མི་འཚལ་དཀྱིལ་འཁོར་མུ་རན༴ སོགས་ཀྱི་དོན། ལུང་ལས། །རྫས་ཀྱིས་དབང་བསྐུར་རྡོ་རྗེ་ལག་ཏུ་གཏད། །མིང་གིས་དབང་བསྐུར་རང་མིང་སོ་སོར་བཏགས། །གནས་ཀྱིས་དབང་བསྐུར་དཀྱིལ་འཁོར་མུ་རན་བཀོད། །ཟས་ཀྱིས་དབང་བསྐུར་ལྷག་མ་ཁ་ཆུས་བཏབ། །ཅེས་པ་ལྟར་རོ། །དེ་ལྟར་ཚོགས་ཀྱི་ཕན་ཡོན་ཡང་། རྡོ་རྗེ་དྲ་བ་ལས། བསོད་ནམས་ནང་ནས་ཚོགས་འཁོར་མཆོག །ཚེ་འདིར་བསམ་པ་ཀུན་འགྲུབ་ཅིང་། །བགེགས་དང་བར་ཆད་ཞི་བ་དང་། །ཕྱི་མ་རིག་འཛིན་རྒྱལ་བའི་ཞིང་། །ཀུན་ཏུ་བཟང་པོ་ཐོབ་པར་འགྱུར། །ཞེས་སོ། །བཞི་པ་དེ་ཁོ་ན་ཉིད་ཀྱི་བསྐང་བ་ནི། ཐུགས་སྐྱེ་བ་མེད་པའི་དོན་ཧཱུྃ་དང་། དངོས་པོ་ཆོས་ཉིད༴ སོགས་དངོས་སྣང་ཐམས་ཅད་ཆོས་ཉིད་ཀྱི་ཀློང་ལས་མ་འདས་ཏེ། དབུ་མ་རིན་ཆེན་ཕྲེང་བ་ལས། བུ་རམ་རང་བཞིན་མངར་བ་དང་། །མེ་ཡི་རང་བཞིན་ཚ་བ་དང་། །དེ་བཞིན་ཆོས་རྣམས་ཐམས་ཅད་ཀྱི། །རང་བཞིན་སྟོང་པ་ཉིད་དུ་འདོད། །ཅེས་པ་ལྟར་རོ། །སྟོང་ཉིད་དེའི་རྩལ་དག་དང་མ་དག་གི་སྣང་བ་ཐམས་ཅད་རིག་པ་ཡེ་ཤེས་ཆེན་པོའི་ཀློང་དུ་བསྐང་བ་དང་། གོང་དུ་སྨོས་པ་ལྟར་ཐབས་ཤེས་བདེ་སྟོང་གི་གསལ་ཆ་འཁོར་གསུམ་ཡོངས་སུ་དག་པའི་ཤེས་རབ་ཀྱི་ཡེ་ཤེས་འབར་བའི་ཀློང་དང་། དེ་ལྟ་བུའི་གནས་ལུགས་མ་རྟོགས་པར་འཁྲུལ་

བའི་སྡུག་བསྔལ་གྱིས་བཅིངས་པའི་འགྲོ་བ་རྣམས་ཀ་དག་གདོད་མ་ནས་ཆོས་ཉིད་རྣམ་པར་དག་པའི་ཀློང་དང་། ཀུན་རྫོབ་འཁོར་བའི་ཆོས་དང་དོན་དམ་མྱང་འདས་ཀྱི་ཆོས་ཐམས་ཅད་གཉིས་མེད་བདེ་སྟོང་ཆེན་པོའི་ཀློང་དུ་རོ་མཉམ་པས་བསྐང་ཞེས་པའོ། །ཧོ་དགོངས་སུ་གསོལ༴ སོགས་བརྗོད། མ་ཧ་སིདྡྷི་དངོས་གྲུབ་ཆེན་པོ། ས་མ་ཡ་དམ་ཚིག །ཨེ་མ་ཧོ་ངོ་མཚར་ནས་དགྱེས་པ། ཨ་གསུམ་གྱིས་སྐྱེ་འགག་གནས་གསུམ་དང་བྲལ་བའི་ངང་ལ་མཉམ་པར་བཞག་གོ། །།འདི་སྐབས་གསོན་གཤིན་གྱི་དོན་དུ་གནས་འདྲེན་དང་དབང་སོགས་བྱེད་ན་དེ་རྣམས་ཀྱི་གོ་དོན་གལ་གང་ཆེའི་སྐོར་མདོ་ཙམ་ནི། གནས་འདྲེན་ནི། གསོན་གཤིན་གཉིས་ཀ་ལ་སྦྱར་ཆོག་སྟེ། གསོན་པོ་ལ་བསྐུར་དུས་རྣམ་ཤེས་འགུགས་པ་ཟས་བསྔོ་ལམ་བསྟན་གནས་སྤར་རྣམས་བསྒྱུར་༼བསྐྱུར༽། ཚེ་འདས་ཟེར་བ་རྣམས་སྐལ་ལྡན་དུ་བསྒྱུར། གལ་ཏེ་གསོན་པོ་དངོས་ཐག་རང་དུ་སོང་བས་མེད་ན་བྱང་བུ་དང་དབྱེར་མེད་དུ་བསམས་ལ་རྣམ་ཤེས་འགུགས་པ་དང་བསྲེག་པའི་དུས་ནད་གདོན་བར་ཆད་སྡིག་སྒྲིབ་རྣམས་བསྲེག་པར་བསམ་ལ། ཚེ་འགུགས་བཀྲ་ཤིས་བརྗོད་པ་སོགས་བྱ། དེས་ནི་དེ་ཡི་ཀེག་ཆེན་དང་འཆི་བ་བཟློག་པ་བླ་མ་གོང་མ་རྣམས་ཀྱིས་གསུངས། ཁྲུས་དང་དུག་བཅོམ་དབང་བསྐུར་ལ་སོགས་པས་ནད་གདོན་འཇོམས་པ་སྦྱོང་རྒྱུད་གྲྭ་ལྔ་སོགས་ཀྱི་དགོངས་པའོ། །རྡོ་རྗེ་མཁའ་འགྲོའི་རྒྱུད་ལས་ཀྱང་གསོན་ཤོག་བཞུ་ཐབས་དང་། མིང་གཟུགས་བསྲེགས་པའི་ཁུངས་སྦྱོང་རྒྱུད་ལས་ཀྱང་གསུངས། སྲོང་བཙན་སྒམ་པོས་ཕུང་པོ་རང་གི་བསྲེགས་ཐབས་གསུངས་པ་སོགས་ཀྱང་གསོན་པོ་ཉིད་ངེས་སོ། །དེ་ལྟར་ཚེ་

བསོད་འཕེལ་བ་དང་རྐྱེན་བཟློག་དུར་བསླུས་སོགས་འོང་བ་མཁས་གྲུབ་གོང་མ་རྣམས་ཀྱིས་ཀྱང་གསུངས། ཡང་ན་བྱང་བུའི་དོད་དུ་དམིགས་བྱའི་སྐྲ་སེན་{གྱིས་}ལ་གོང་གི་དམིགས་པ་དང་ལྡན་པས་བསྲེག་ཀྱང་ཆོག །འདི་ལྟར་མི་རུང་བར་སེམས་པ་དག་མཆིས་མོད་ཀྱང་། དེ་ལྟར་ཡིན་ན་རྒྱལ་བས་མངོན་སྤྱོད་ཀྱི་ལས་གསུངས་པ་དོན་མེད་དུ་ཐལ་ལོ། །གསོན་བྱང་གི་ཆོ་ག་དུ་མ་ཨོ་རྒྱན་ཆེན་པོའི་ཟབ་གཏེར་ལས་ཀྱང་གསུངས་སོ། །དེ་ནས་གཤིན་ཆོག་དུས། རོ་དངོས་ཡོད་ན་དང་། མེད་ན་བྱང་བུ་འབྲི་སྟེ། སྦྱོང་རྒྱུད་ལས། །དེ་ཡི་གཟུགས་བརྙན་བྲི་བའམ། །ཀུར་གུམ་གྱིས་ནི་མིང་ཡང་རུང་། །ངན་སོང་གསུམ་གྱི་འཇིགས་ཆེན་ལས། །སེམས་ཅན་རྣམས་ནི་གྲོལ་བའི་ཕྱིར། །བློ་ཆེན་རྣམས་ཀྱིས་དབང་བསྐུར་བྱ། །ཞེས་དང་། བྱང་གཏེར་འགྲོ་བ་ཀུན་གྲོལ་ལས། །རྣམ་ཤེས་བརྟེན་པའི་མཁར་ཡིན་པས༔ འདྲ་འབག་པུས་བཙུགས་ཐལ་སྦྱར་བ༔ ལག་ན་མེ་ཏོག་ཐོགས་པ་བྲིས༔ ཞེས་པ་ལྟར་ལ། རྒྱབ་ངོས་སུ་ཀུར་གུམ་གྱི་ཆུས་ཞི་ཁྲོའི་སྔགས་མཚན་དང་ཚེ་འདས་ཆྒཻས་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །སྒྲིབ་པ་སྦྱང་དུ་གསོལ། ལམ་བསྟན་དུ་གསོལ། མྱུར་དུ་འཚང་རྒྱ་བར་བྱིན་གྱིས་བརླབས་ཏུ་གསོལ༔ ཞེས་མན་ངག་ལས་བྱུང་བ་ལྟར་བྲི། འཕན་སོགས་གཞུང་དུ་གསུངས་པ་ལྟར་བསམས་ལ། ཇི་སྐད་དུ་ལེབ་ཕྱིང་དཀར་པོ་འདུག་[པའི་]གདན༔ ཞེས་པའི་སྟེང་དུ་བཞག །གཞན་མཁོ་ཆས་སྣ་ཚོགས་བསགས་ལ། རྟེན་བསྐྱེད་ཚེ་འདས་དེའི་མིའི་འགྲོ་བའི་བག་ཆགས་ཀྱི་རྟེན་ནྲྀ་ཡིག་གི་རྣམ་པ་ལ། རང་རྡོར་སེམས་ཀྱི་ཐུགས་ཀའི་ཧཱུྃ་འོད་ཀྱིས་ཕོག་པས་བར་དོའི་ཤེས་པ་དེ་ཨ་དཀར་པོའི་རྣམ་པར་གྱུར་ནས་རྟེན་གྱི་སྤྱི་གཙུག་ནས་ཞུགས་ཏེ་སྙིང་ཁར་ཐིམ་པར་བསམས་ལ། ཡིག་བརྒྱ་ཚར་གཅིག་

བརྗོད་པས་མཚམས་མེད་པ་བྱས་པ། དེ་བཞིན་གཤེགས་པ་བསླུས་པ། དམ་པའི་ཆོས་སྨད་པའི་ཉེས་པ་ཐམས་ཅད་བྱང་ཞིང་དངོས་གྲུབ་ཐམས་ཅད་ཐོབ་པའི་དགོས་པ་ཡོད་དོ། །ཞེས་དང་། ལྕགས་ཀྱུའི་ཕྱག་རྒྱ་མགོ་བོར་བཅིང་བར་བྱ་སྟེ། དེ་སྐད་ཡང་། །གསང་བའི་ལྕགས་ཀྱུས་བསྡམ་བྱས་ཏེ། །ཐ་མ་མཉམ་པར་བརྐྱང་ནས་ནི། །ཤི་བའི་མགོ་བོར་བཞག་ན་ནི། །སྲོག་གི་ཕྱིར་ཡང་ཐོག་༼ཐོན་༽པར་འགྱུར། །ཞེས་གསུངས་སོ། །ས་བླ་ཞེས་པ་བར་སྣང་གི་ཁམས་སོ། །ལམ་རྒྱུད་ལྔ་ནི། རྨི་ལམ་གྱི་ལམ། བག་ཆགས་ཀྱི་ལམ། ལས་ཀྱི་མཐའི་ལམ། འཁྲུལ་འཁོར་མ་ངེས་པའི་ལམ། རྒྱུ་དང་འབྲས་བུ་སོ་སོར་མ་ངེས་པའི་ལམ་མོ། །འདིར་སྟོད་ལུགས་པ་ཁ་ཅིག་རྣམ་ཤེས་འགུགས་པས་མི་ཁུགས་པས་དེ་དོན་དུ་དམིགས་ནས་ཆོ་ག་བྱས་པས་ཆོག །རྣམ་ཤེས་ཁུགས་ན་གསོན་པོར་འགྱུར་དགོས་སྙམ་ན་མི་སྐྱོན་ཏེ། བར་དོའི་རྣམ་ཤེས་ཁུགས་ནས་གསོན་པོར་འགྱུར་སྲིད་པ་དུས་འཁོར་གྱི་མཆོག་མི་འགྱུར་གྱི་སྐབས་དང་སྨན་མདོ་ནས་བཤད་ལ། གལ་ཏེ་སླར་མ་འཚོ་རུང་བར་དོའི་རྣམ་ཤེས་རྨི་ལམ་གྱི་སྣང་བ་ཙམ་འོང་བ་མངོན་པ་ལས་བཤད་པས་ཆོ་ག་བྱས་པས་ཕན་ཞིང་། སྐྱེ་བ་བླངས་ཟིན་ཞིག་ཡིན་ནའང་རྣམ་ཤེས་འགུགས་པའི་ཆོ་གས་ཕན་ཆེ་ལ། དཔེར་ན་དགྲ་བོའི་རྣམ་ཤེས་བཀུག་ནས་མངོན་སྤྱོད་བྱས་ན་དངོས་སུ་མ་ཁུག་ཀྱང་རྟེན་འབྲེལ་གྱིས་དེ་ལ་གནོད་པར་འགྱུར་བ་ལྟར་རོ། །དངོས་སུ་མ་ཁུགས་ན་དོན་མེད་དོ་སྙམ་ན། རང་ལྷར་བསྒོམས་པ་དངོས་སུ་མི་འགྱུར་བས་དེ་ཡང་དོན་མེད་དུ་འགྱུར་བའི་སྐྱོན་དུ་ཐལ་ལོ། །དེ་ནས་ཚེ་འདས་གཤེད་དང་ཕྲལ་བ་གལ་ཆེ་ཞིང་། བར་དོའི་སེམས་ཅན་དེ་བགེགས་ཀྱིས་བཟུང་ནས་ཐར་བ་ཐོབ་ཏུ་མི་འཇུག་པའི་དྲི་ཟ་པི་ཤ་ཙ་ན། གནོད་སྦྱིན་སྨྲ་འདོད། འབྱུང་

པོ་ཝ་ར་ཧི་ན། ཀུན་ཏུ་གཏོགས་འདོད་ཡི་དྭགས་གཤིན་རྗེའི་སྡེ་སོགས་ཤ་ཟ་དང་འབྱུང་པོ་བསམ་གྱིས་མི་ཁྱབ་ཅིང་། དེ་དག་གདོན་གསུམ་དུ་འདུ་ཞིང་། ཞི་སྦྱོང་གིས་ཀླུ་གདོན་མར་མེ་དང་ཆང་བུ་ཞི་བ། སུམ་བྷ་ནི་དྲག་པོ་སྟེ་ཞི་དྲག་ཕྱེད་མས་མོ་གདོན། རང་ཆེ་མཆོག་ང་རྒྱལ་དྲག་སྔགས་གུ་གུལ་ཡུངས་ཀར་རོལ་མོ་དང་བཅས་པས་བསྐྲད་པ་ནི། དྲག་པོ་སྟེ་ཕོ་གདོན་རྣམས་སྦྱང་བའོ། །ཨུ་ཙ་ཏ་ཡ་དང་། ཧཱུྃ་བཞིས་ཤར་ལྷོ་ནུབ་བྱང་གི་(བགེགས་)བསྐྲད་པའོ། །སློབ་དཔོན་རྡོར་སེམས་སུ་གསལ་བས་རིགས་དྲུག་གི་གནས་ནས་འགུགས་པར་བྱའོ། །དེ་སྐབས་མིང་བཞི་ནི། ཚོར་བ། འདུ་ཤེས། འདུ་བྱེད། རྣམ་ཤེས་ཀྱི་ཕུང་པོའམ། ཡང་ན་ས་ཡི་བྱེད་ལས་འདུས་པའི་ཤ་གཟུགས་དང་། ཆུ་ཡི་བྱེད་ལས་འདུས་པའི་སྒྱུ་མའི་ལུས་རྟེན་དྲི་ཟ་ཉེ་བར་འཁོར་བ། མེ་ཡི་བྱེད་ལས་འདུས་པའི་ཡིད་ཀྱི་གཟུགས་བརྙན་དབང་པོ་ཀུན་ཚང་པ་དང་། རླུང་གི་བྱེད་ལས་འདུས་པའི་ཐོག་བཅས་ལ་ཟང་ཐལ་དུ་བགྲོད་པའི་ཐོག་མེད་ཀྱི་རྫུ་འཕྲུལ་དང་ལྡན་པའོ། །ཨ་ནྲྀ༴ སོགས་རིགས་དྲུག་གི་གནས་གང་ན་ཡོད་ཀྱང་དགྱེས་སྤྲོ་དང་ལྡན་པར་ཁུགས་ཅིག་ཅེས་པའི་སྔགས་དང་བཅས་པས་བཀུག །ཚེ་ལས་འདས་པ་རྡོ་རྗེའི་དམ་ཚིག་གིས་བརྟེན་པར་མཛོད། སྔགས་དོན་ཡན་ཆད་བརྗོད་པ་༼པས་༽རྟེན་ལ་བསྟིམ། དེ་ནས་སྡིག་པ་སྦྱོང་བ་ལ་ཁྲུས་ཀྱིས་སྦྱང་བ་ནི། མཆོག་ཁྲུས་ཚར་ནས། སངས་རྒྱས་ཀྱི་སྐུ་བསིལ་བའི་ནུས་པ་དང་སྔགས་ཀྱིས་བསྒྲུབས་པའི་བུམ་ཆུས་ཁྲུས་བྱས་པས། སེར་སྣ་སོགས་ཕར་ཕྱིན་བཅུའི་མི་མཐུན་པའི་ཕྱོགས་བྱང་ཞིང་དག་ནས་ཕ་རོལ་ཏུ་ཕྱིན་པ་བཅུའི་ཡོན་ཏན་ཡོངས་སུ་རྫོགས་པར་བསམས་ལ། རོ་དངོས་དང་མིང་བྱང་ཡིན་ན་མེ་ལོང་ངོས་དང་ནུབ་ཐ་མར་དངོས་སུ་བཀྲུ་བའང་བཤད། ཕྱི་རོལ་བས་

སྔགས་དང་ཏིང་ངེ་འཛིན་མེད་པའི་ཆུ་གཙང་གིས་ཕ་མའི་རུས་པ་བཀྲུས་ན་ཕན་ཞེས་[ཟེར་ཡང་]ལམ་བསྒོམ་ན་མ་གཏོགས་ཆུ་སོགས་ཀྱིས་སྡིག་པ་མི་འདག་པས། དེའི་བག་ཆགས་དག་ཕྱིར་སངས་རྒྱས་ཀྱིས་སྔགས་ཀྱིས་བྱིན་གྱིས་བརླབས་པའི་ཆུས་ཕན་ཕྱིར་མདོ་རྒྱུད་རྣམས་སུ་དར་བའོ། །དེ་ནས་དུག་ལྔ་སྦྱང་བ་ནི་དཀོན་མཆོག་གསུམ་དང་རིགས་ལྔའི་ཐུགས་རྗེ་དང་བདེན་པ་བརྗོད་པས་ཚེ་འདས་ཀྱི་དུག་ལྔས་བསགས་པའི་སྡིག་སྒྲིབ་ཐམས་ཅད་དག་པར་བསམས་ལ། གཞུང་ཆེན་པོ་རྣམས་ལས་གསུངས་པ་ལྟར་བུམ་ཆུས་བཀྲུ། ཆགས་མེད་ཞབས་ཀྱིས་རྨ་བྱས་དུག་བཅོམ་ཕྱིར་ཡེ་ཤེས་ལྔ་ལྡན་གྱི་ཐིག་ལེའི་དབུས་ཧཱུྃ་ལ་སྔགས་ཀྱིས་བསྐོར་བའི་འོད་ཟེར་གྱིས་དུག་ལྔའི་སྒྲིབ་པ་དག་པར་བསམས་ལ་ཀུ་ཤ་རྨ་བྱའི་སྒྲོ་དང་ལྡན་པས་བྱབ་གསུངས། འབྱུང་བའི་དུག་སྦྱང་བ་ནི། ནང་ཤ་རུས་ལ་བརྟེན་པའི་དུག་ཐམས་ཅད་མདོག་སེར་ལ་མོག་པའི་རྣམ་པར་ཐོན། ཕྱིའི་འབྱུང་བ་ས་ལ་ཐིམ། སྦྱང་བྱ་གཏི་མུག་སྦྱོང་། སྦྱངས་འབྲས་རྣམ་སྣང་གི་ས་བོན་རྒྱུད་ལ་བཞག །དེ་བཞིན་ཁྲག་གི་དུག་སྔོ་ལ་མོག་པ། ཆུ་ལ་ཐིམ། ཞེ་སྡང་སྦྱང་། སྦྱངས་འབྲས་མི་བསྐྱོད་པ། དྲོད་ཀྱི་དུག་དམར་ལ་མོག་པ། མེ་ལ་ཐིམ། འདོད་ཆགས་སྦྱོང་། སྦྱངས་འབྲས་འོད་དཔག་མེད། དབུགས་(ཀྱི་དུག་)ལྗང་ལ་མོག་པ། རླུང་ལ་ཐིམ། ཕྲག་དོག་སྦྱང་། སྦྱངས་འབྲས་དོན་གྲུབ་རྣམས་སོ། དེ་རྣམས་ཀྱང་བརྟག་གཉིས་ལས། སྲ་བ་གཏི་མུག་ཆོས་ཀྱི་ཕྱིར། །གཏི་མུག་རྣམ་པར་སྣང་མཛད་བརྗོད། །ཆུ་ནི་མི་བསྐྱོད་གཟུགས་ཀྱི་ཕྱིར། །ཞེ་སྡང་འདྲེན་པ་མི་བསྐྱོད་པ། །དྲོད་ནི་རྟག་ཏུ་སྦྱོང་བར་འགྱུར། །འདོད་ཆགས་དཔག་མེད་རྡོ་རྗེ་ཡིན། །ཕྲག་དོག་དོན་ཡོད་གྲུབ་པ་ཉིད། །དོན་ཡོད་རླུང་ལས་འབྱུང་བ་ཉིད། །ཅེས་སོ། ཡང་ན་

ཡུམ་བཞིར་སྦྱར་ཡང་ཆོག །འབྱུང་བཞིའི་[དུག་]སྦྱོང་དགོས་པ་ཡང་། །སྲ་བ་ས་ཡི་ཁམས་ལས་གཏི་མུག་སྐྱེ་བས་གཏི་མུག་གི་ཕ་མར་བརྗོད་ལ། དེས་ན་གཏི་མུག་ཁྱོད་བསྒྲུབ་བྱའི་རྒྱུད་ལ་མི་གནས་པར་ཕྱི་རོལ་གྱི་ཕ་མ་སའི་ནང་དུ་སོང་ཞིག །དེ་བཞིན་གཞན་ལའང་སྦྱོར། གང་བའི་སྣོད་ཞེས་པ་ས་སོགས་རང་རང་གི་དངོས་པོ་མ་གཏོགས་རྫས་ཟུར་བ་མེད་པ་འབྱུང་བ་གང་ཡིན་པ་དེའི་སྣོད་དུ་སོང་ཞེས་པའོ། །ཕྱིར་བཟློག་གིས་སྡིག་པ་སྦྱང་བ་ནི། གཙུག་དགུ་ལས། དེ་ནས་ཕྱིར་བཟློག་བྱ་བ་ནི། །ཡུངས་དཀར་མེ་ཏོག་དང་ལྡན་པས། །གསང་སྔགས་བཟླས་ཤིང་བརྡེག་པར་བྱ། སྔགས་ནི། ༀ་སརྦ་པཱ་པཾ་ད་ཧ་ན་བཛྲ་ཧཱུྃ་ཕཊཿསྔགས་འདིས་ཡང་དག་བརྡེགས་ན་ནི། །ངན་སོང་ཐམས་ཅད་འཇིག་པར་བྱེད། །ཅེས་གསུངས་པས། བྱེ་མ་མི་ཁྱིའི་མ་འགོམ་པ་སྡིག་སྒྲིབ་བསྲེག་པའི་རྟེན་འབྲེལ་ཅུང་ཟད་ཐབ་ཏུ་བརྔོས་ལ་ཞི་ཁྲོའི་སྔགས་དང་གཙུག་ཏོར་རྣམ་རྒྱལ་དྲི་མེད་པདྨ་ཨིཥྞི་ཥ་སོགས་གཟུངས་བྱིན་རླབས་ཅན་བཟླས་ལ་བཏབ་པས་རྒྱལ་བ་སྲས་བཅས་ཀྱི་ཐུགས་རྗེ་བྱིན་རླབས་འོད་ཟེར་གྱི་རྣམ་པར་བྱེ་ཡུངས་ལ་ཐིམ་པར་བསམ་ལ། བྱེ་མ་དང་ཡུངས་དཀར་བསྲེས་ལ་བསྔགས་ནས་རོ་དང་རུས་པ་བྱང་བུ་སོགས་ལ་བྲབས་པས་ཕན་ཡོན་བསམ་གྱིས་མི་ཁྱབ་ཅིང་། མདོ་ཙམ་ནི། དོན་ཡོད་ཞགས་པའི་ཆོ་ག་ལས། གང་ན་སེམས་ཅན་གྱི་རུས་པ་ལ་བྱེ་མ་གཏོར་ན་དེར་བྱེ་མ་བབས་པས། སེམས་ཅན་དམྱལ་བ་དང་། ཡི་དྭགས་ཤ་ཟ་གནོད་སྦྱིན་སྲིན་པོའི་སྐྱེ་གནས་སུ་སྐྱེ་ནའང་དེའི་མོད་ལ་ཚེ་བརྗེས་ནས་མཐོ་རིས་སུ་སྐྱེ་བར་འགྱུར་ཞིང་། ནམ་ཡང་དམྱལ་བར་གཞོལ་བར་མི་འགྱུར་རོ། །ཞེས་གསུངས་སོ། །དེ་ནས་རིགས་དྲུག་གནས་ནས་འདྲེན་པ་ནི། སྔོན་ཐུབ་པའི་དབང་པོས་ལྷའི་[བུ་]

ནོར་བུ་དྲི་མ་མེད་པའི་འོད་དམྱལ་ཁམས་བཅོ་བརྒྱད་ནས་དྲངས་ཏེ་དགའ་ལྡན་ལྷའི་གནས་སུ་བཀོད་པ་དང་། འཇམ་དཔལ་མཚན་བརྗོད་ཀྱི་ཆོ་ག་རྣམས་ལས་གནས་འདྲེན་གསུངས་པ་ལྟར། རིགས་དྲུག་གི་གནས་སུ་སྐྱེས་པའམ་སྐྱེ་འགྱུར་གྱི་སྒྲིབ་པ་སྦྱང་ཕྱིར་ཚེ་འདས་ཀྱིས་གསོལ་བ་གདབ་པ་སོགས་ནས། བར་དོའི་ངོ་སྤྲོད་དང་སྔོན་བྱུང་དུང་ཕྲེང་ཅན་སོགས་ཀྱི་ལོ་རྒྱུས་སོགས་ཞིབ་གསལ་དུ་བརྗོད་པར་བྱའོ། །དེ་ཡང་བར་དོའི་ངོ་བོ་ནི། ཆོས་ཉིད་དེ་བཞིན་ཉིད་ལས་གཞན་དུ་སྣང་བ་དང་། གཞི་སྣང་ཡེ་ཤེས་ཀྱི་རྩལ་ལས་ཤར་བ་དག་པ་ཆོས་ཉིད་ཀྱི་བར་དོ་དང་། མ་དག་པའི་སྣང་བར་ཤར་བ་འཁྲུལ་བའི་བར་དོ། ངེས་ཚིག་ནི། ལས་སྔ་མས་འཕངས། ཕྱི་མར་མ་སྐྱེ་བར་མ་དོར་གནས་པའོ། །དབྱེ་བ་མང་ཞིག་ཡོད་ནའང་འདི་སྐབས་བཞིར་བསྡུ་སྟེ། དང་པོ་འདི་སྣང་སྐྱེ་གནས་ཀྱི་བར་དོ་ལ་ཐོས་བསམ་བསྒོམ་གསུམ་གྱིས་བར་དོ་ལ་རང་དབང་ཐོབ་པ་ཐི་བྱ་ཚང་ལ་འཇུག་པ་ལྟ་བུ་ཞིག་བསྒྲུབ་བྱའི་མཐར་ཐུག་པའོ། །སྐྱེས་ནས་འཆི་ནད་ཀྱི་ཐེབ་བར་རོ། །གཉིས་པ་འཆི་ཁ་སྡུག་བསྔལ་གྱི་བར་དོ་ལ་སྒེག་མོ་གཟུགས་བྱད་ལ་བལྟ་བ་ལྟ་བུ་འཆི་བ་ཆོས་སྐུར་གྲོལ་བ་ཞིག་དགོས། དེ་དག་ནི་འཆི་ཐག་ཆོད་ནས། རྣམ་ཤེས་ནམ་མཁའ་ལ་ཐིམ་པའི་བར་རོ། །གསུམ་པ་ཆོས་ཉིད་བར་དོ་ནི་རང་སྣང་ལ་ཡིད་ཆེས་པ་མ་པང་དུ་བུ་འཇུག་པ་ལྟ་བུ་བར་དོ་ལོངས་སྐུར་གྲོལ་བའོ། །འདིར་ཁ་ཅིག་ཆོས་ཉིད་ཀྱི་བར་དོ་མི་འཆར་ཟེར་བ་འོལ་ཚོད་ཙམ་སྟེ་རྔ་སྒྲ་སོགས་ཀྱི་ལུང་དང་། དཔལ་མཉམ་མེད་ཇོ་བོ་དི་བཾ་ཀ་རས། འཆི་ལྟས་རྫོགས་ནས་ནང་དབུགས་ཆད། །རིག་པ་རྩིང་པ་སྦུགས་སུ་འཚང་། །མཁའ་འགྲོ་ལྷ་གནས་རྩར་སོང་ཚེ། །དེ་དག་ཀུན་གྱི་སྣང་བ་འབྱུང་། །བག་ཆགས་བཟང་ངན་གོང་བཞིན་ནོ། །

རྣམ་སྣང་ལ་སོགས་དུ་མ་མཐོང་། །ཁྲོ་བོ་འཇིགས་པའི་ཆ་བྱད་ཅན། །དཔག་ཏུ་མེད་པ་མཐོང་ན་ཡང་། །སྐྱབས་གནས་དགྲ་བོ་ཉིད་དུ་འཁྲུལ། །ཞི་ཁྲོའི་ལྷ་ཚོགས་དཔག་མེད་མཐོང་། །གོམས་ན་སྐྱབས་གནས་དགའ་བར་ཚོར། །སྐྱབས་འགྲོ་གསོལ་འདེབས་འཕོ་བ་བྱ། །ཞེས་གསུངས་སོ། །བར་དོ་གཞིའི་འོད་གསལ་འཆར་ནས་ཡེ་ཤེས་ལྷུན་གྲུབ་ལ་ཐིམ་པའི་བར་ཆོས་ཉིད་ཀྱི་བར་དོའོ། །བཞི་པ་སྲིད་པ་བར་དོ་ནི་འཆི་བ་ཆོས་སྐུ་དང་བར་དོ་ལོངས་སྐུར་མ་གྲོལ་བར། བར་སྲིད་ལ་ལམ་དུ་བྱེད་པའི་ཡུར་བ་རྐང་ཆད་པ་ལ་ཝ་འཛུགས་པ་ལྟ་བུའི་གདམས་པས་སྐྱེ་བ་སྤྲུལ་སྐུར་གྲོལ་བར་འགྱུར་ཞིང་། སྐྱེ་བའི་རྟེན་མ་རྙེད་ནའང་ལུས་བརྗེས་ནས་ཞག་བདུན་ཕྲག་བདུན་ཚུན་ཆད་དུ་གནས་ཀྱི། དེ་ཚེ་ཕྱིར་བཟློག་གི་ཆོ་ག་སོགས་གལ་ཆེ་ཞིང་། དེ་ཚུན་ཆད་སྐྱེ་བའི་རྟེན་རྙེད་པར་འགྱུར་རོ། །ཕུང་པོ་ལས་རྣམ་ཤེས་ཐོན་ནས་སྐྱེ་སྲིད་མ་བཟུང་གི་བར་སྲིད་པ་བར་དོའོ། །སྤྱིར་སེམས་ཅན་རྣམས་འཆི་བའི་དུས་ཁ་ཆེམས་སོགས་འདྲི་མི་རུང་། ཕོ་མོ་གང་ཡིན་ཀྱང་གཞོག་གཡས་ས་ལ་ཕབ། སྣ་བུག་གཡས་ཟན་སོགས་ཀྱིས་བཀབ། དཀོན་མཆོག་གི་མཚན་བརྗོད། གནས་གསུམ་ཡིག་འབྲུ་གསུམ་ལ་སེམས་བཟུང་། སྤྱི་བོར་སྲུང་མ་འོད་དཔག་མེད་བསྒོམས་ལ་འཕོ་བ་ནན་ཏན་བྱའོ། །ཉིན་ཞག་ཕྲུགས་རེ་མ་བསྒུལ་ན་ལེགས། ཇོ་བོ་རྗེས་གསུངས། དེ་ཡང་གཟུགས་མེད་ནས་ཁམས་འོག་མ་གཉིས་སུ་སྐྱེ་ན་འདོད་གཟུགས་གཉིས་གཟུགས་ལ་བརྟེན་པའི་ཕྱིར་བར་དོ་ཡོད་ལ། དེ་གཉིས་ནས་གཟུགས་མེད་དུ་སྐྱེ་ན་གཟུགས་མེད་ཀྱི་ཕུང་པོ་འགྲུབ་པས་བར་དོ་མེད་དོ། །དེ་ནས་སྐྱོབ་པའི་ཐུབ་པ་དྲུག་ལ་སྐྱབས་གསོལ་བ། རིགས་དྲུག་གི་སྡུག་བསྔལ་

སེལ་བའི་ཕྱག་རྒྱ་དྲུག་སྦྱིན་པ། བདེ་གཤེགས་རྒྱལ་བ་དྲུག་གི་བུམ་པས་དབང་བསྐུར་བ། སྔོན་གྱི་ལན་ཆགས་ཀྱི་གཤེད་མ་དྲུག་ལ་གཏོར་མ་སྦྱིན་པ། བཅོམ་ལྡན་རྒྱལ་བ་དྲུག་གིས་དུག་ལྔ་དང་སེར་སྣ་དྲུག་གི་སྒྲིབ་པ་སྦྱོང་བ། རྐང་མཐིལ་གཡོན་པར་དམྱལ་བའི་ས་བོན་དུཿནག་པོ། གསང་གནས་[སུ་]པྲེ། ལྟེ་བར་ཏྲི། སྙིང་གར་ནྲྀ། མགྲིན་པར་སུ། སྤྱི་བོར་ཨ་རྣམས་ཐུགས་ཀའི་མེས་རིགས་དྲུག་གི་ས་བོན་བསྲེགས་པར་བསམ་པ་ཕྱིར་བཟློག་གི་སྦྱོང་པ་དྲུག །ཕ་རོལ་ཕྱིན་པ་དྲུག་གི་ཆུས་སྡིག་སྒྲིབ་བཀྲུ་བ། རིགས་དྲུག་གི་གནས་སུ་ཕྱིར་མི་ལྡོག་པའི་སྐྱེ་སྒོ་གཅོད་པ་རྣམས་བྱའོ། །ཐུབ་དྲུག་གི་ཕྱག་རྒྱའི་སྔགས་དོན་དུ་དམྱལ་བའི་ས་བོན། ད་ཧ་ད་ཧ་སྲེགས་སྲེགས། སརྦ་ཐམས་ཅད། ན་ར་ཀ་དམྱལ་བ། ག་ཏེ་འགྲོ་བ། ཧེ་ཏུཾ་རྒྱུ། ཧཱུྃ་སྡུག་བསྔལ་འཇོམས་པ། ཕཊ་བདེ་བ་འགུགས་པའོ། །པྲེ་ཡི་དྭགས་ཀྱི་ས་བོན། པ་ཙ་པ་ཙ་ཚོས་ཚོས། སརྦ་པྲེ་ཏ་ག་ཧེ་ཏུཾ། ཡི་དྭགས་སུ་འགྲོ་བའི་[རྒྱུ་]ཐམས་ཅད། ཏྲི་དུད་འགྲོའི་ས་བོན། མ་ཐ་མ་ཐ་ཆོམས་ཆོམས། སརྦ་ཏདྱ་ཏུརཡ་ཀ་ག་ཏེ་ཧེ་ཏུཾ་དུད་འགྲོར་འགྲོ་བའི་རྒྱུ་ཐམས་ཅད། སུ་ལྷ་མིན་ས་བོན། སརྦ་དུ་ལ་སྡུག་བསྔལ་ཐམས་ཅད། སརྦ་ཀརྨ་ལས་ཐམས་ཅད། པྲ་ཝེ་ཤ་ཡ་རབ་ཏུ་ཕྱེས། ཨ་ལྷའི་ས་བོན། སརྦ་ཏ་ཐཱ་ག་ཏ་དེ་བཞིན་གཤེགས་པ་ཐམས་ཅད། བྷི་དན་གཏུབས་བྱེད་ལ་འཇུག །ཁདྒ་རལ་གྲི། ཚིནྡྷ་ཚིནྡྷ་ཆོད་ཆོད། གནས་ཆེན་དུ་ༀ་ཡིག་ནོར་འདྲ། ནྲྀ་འདྲ་སྟེ་མིའི་ས་བོན། ཚིནྡྷ་གཉིས་གོང་ལྟར། སརྦ་ཨ་ཝ་ར་ཎ་ནི་སྒྲིབ་པ་ཐམས་ཅད་ཧཱུྃ་ཕཊ་གོང་ལྟར་རོ། །དངོས་གཞི་དཀྱིལ་འཁོར་དུ་འཇུག་ཕྱིར་གསོལ་བ་བཏབ་ནས་དཀྱིལ་འཁོར་དུ་འཇུག་པ་ལའང་། ཕྱི་མཚན་མའི་དཀྱིལ་འཁོར་དུ་ུའཇུག་པའི་ཡན་ལག་ཏུ་ཁྲུས་དང་བགེགས་བསལ་བ་སྔོན་དུ་

སོང་། ཕྱི་འཇུག་གི་དངོས་གཞི་མིག་དར་ཉོན་མོངས་པའི་བདུད་མཚོན་བྱེད་དར་དམར་པོས་གདོང་བཅིངས། ནང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་འཇུག་པའི་ཡན་ལག་ཏུ་བདེ་གཤེགས་རིགས་ལྔའི་ས་བོན་གྱིས་བརླབས་པའི་མེ་ཏོག་གཏད། ཚེ་འདིར་མ་ཆགས་པར་གདམས་པ་དང་གསོལ་འདེབས་སོགས་བྱས་ནས། ནང་འཇུག་གི་དངོས་གཞི་ཡེ་ཤེས་དབབ། སློབ་དཔོན་གྱི་ཐུགས་ཀ་ནས་སྤྲུལ་པའི་ལས་ཀྱི་༼རྡོ་རྗེས་༽སློབ་མ་ཁྲིད་ལ། དཀྱིལ་འཁོར་ཤར༴ སོགས་སྒོ་བཞི་ནས་སྒོ་བ་རྣམས་ལ་ཕྱག་བྱས་ནས་སྒོ་ཤག་གིས་ཕྱེ། སླར་ཡང་ཤར་སྒོ་ནས་ཞུགས། དཀྱིལ་འཁོར་[གྱི་]ཁྱམས་ལ་དབང་སྟེགས་པདྨ་འདབ་བརྒྱད་ལ་འཁོད་པར་བསམས་ལ། ནང་འཇུག་གི་ཡན་ལག་མེ་ཏོག་དོར། གཞན་གདོང་གཡོགས་བཀྲོལ་བ་རྣམས་བྱས། དཀྱིལ་འཁོར་གྱི་མཐོང་བ་བསྟན། ཕན་ཡོན་བརྗོད། དེ་ནས་དབང་གི་སྐབས་སུ་སྨན་ལྔ་ནི་ཀཎྜ་ཀ་རི། སླེ་ཏྲེས། ཤུ་དག་དཀར་པོ། ཆུ་སྲིན་སྡེར་མོ། དབང་ལག །(དབང་ལག །ཀན་ཌ་ཀཱ་རི། སླེ་ཏྲེས། ཅུ་གང་། ཤུ་དག་དཀར་པོ།) {པདྨ་དྲ་བར། ག་བུར། ཀུར་གུམ། ཅུ་གང་། གླ་རྩི། གྷི་ཝཾ་ལྔ།} ནད་ལྔ་ནི་རླུང་མཁྲིས་བད་ཀན་ཚ་གྲང་གཉིས་ཏེ་ལྔ། རྡོ་རྗེ་རིགས་ཀྱི་ཞིང་ཁམས་ལྔ་ནི། ཚོགས་སྦྱོར་མཐོང་སྒོམ་མཐར་ཕྱིན་པའི་ཞིང་དང་ལྔ། སྒྲིབ་པ་ལྔ་ནི། ནུས་མཐུ་སེལ་བྱེད་ཀྱི་སྒྲིབ་པ། དགེ་སྡིག་འཚལ་བའི་སྒྲིབ་པ། སྡུག་པོའི་སེམས་ཀྱི་སྒྲིབ་པ། སྒྲོ་བཏགས་ལག་ལེན་བདུན་གྱི་སྒྲིབ་པ། འདོད་པ་ཁོང་བཅུག་གི་སྒྲིབ་པའོ། །རྡོ་རྗེ་སེམས་དཔའི་སྐུ་ལྔ་ནི། ཆོས་ལོངས་སྤྲུལ་གསུམ་སྐུ། མི་འགྱུར་རྡོ་རྗེ་མངོན་པར་བྱང་ཆུབ་པའི་སྐུའོ། །འབྲུ་ལྔ་ནི། ནས་འབྲས་གྲོ་ཏིལ་མོན་སྲན་ནོ། །དུག་ལྔ་ནི། འདོད་ཆགས། ཞེ་སྡང་། གཏི་མུག །ང་རྒྱལ། ཕྲག་དོག་གོབཏང་སྙོམས་ལྔ་ནི། མཐོ་དམན་མེད་པའི་བཏང་སྙོམས། དུས་དང་རང་

བཞིན་བསྲུང་བའི་བཏང་སྙོམས། དུས་དང་དུས་མ་ཡིན་པའི་བཏང་སྙོམས། དགག་སྒྲུབ་མེད་པའི་བཏང་སྙོམས། ལས་སུ་རུང་བའི་བཏང་སྙོམས་སོ། །ཞིང་ཁམས་ལྔ་ནི། ཡོན་ཏན་ཀུན་ལྡན་གྱི་ཞིང་ཁམས། འབྱོར་བ་དྲུག་ལྡན་གྱི་ཞིང་ཁམས། འཕགས་ནོར་བདུན་གྱི་ཞིང་ཁམས། ཡོ་བྱད་རྣམ་དག་གི་ཞིང་ཁམས། མ་ཉམས་བྱད་༼སྤྱད་༽པའི་ཞིང་ཁམས་སོ། །སྒྲིབ་པ་ལྔ་ནི། རང་མེད་གཞན་སྟོན་གྱི་ཤེས་སྒྲིབ། ཅི་ཤར་གདོང་མེད་ཀྱི་ཤེས་སྒྲིབ། ཡ་བྲལ་ཁ་ཆོས་ཀྱི་ཤེས་སྒྲིབ། འཆི་འཕོ་ཤེས་པའི་ཤེས་སྒྲིབ། སྙོམས་འཇུག་གི་ཤེས་སྒྲིབ་ལྔ་དག་ནས་རྣམ་སྣང་གི་དབང་༼ཐོབ་པའོ། །༽རིན་པོ་ཆེ་ལྔ་ནི། གསེར་རཱ་ག་མུ་ཏིག་བྱི་རུ་མུ་མེན་ནོ། །པདྨ་རཱ་ག་མེད་ན་དངུལ་ཟངས་དུང་གསུམ་གང་རུང་ངོ་། །ཞིང་ཁམས་ལྔ་ནི། རིན་པོ་ཆེ་བཀོད་པའི་ཞིང་། སྟུག་པོ་བཀོད་པའི་ཞིང་། བདེ་བ་ཅན་གྱི་ཞིང་། མངོན་པར་དགའ་བའི་ཞིང་། ལས་རབ་བཀོད་པའི་ཞིང་ཁམས་སོ། །བྱམས་པ་ལྔ་ནི། དྲིན་ལན་བྱམས་པ་ཁོང་ཁྲོ་མེད་པ། རང་བཞིན་གྱི་བྱམས་པ་འདོད་སྲེད་མེད་པ། རྐྱེན་གྱིས་བསྐུལ་བའི་བྱམས་པ་གཏི་མུག་མེད་པ། ཕན་འདོགས་བསྒྲུབ་པའི་བྱམས་པ་ང་རྒྱལ་མེད་པ། སེམས་ཅན་ལ་དམིགས་པའི་བྱམས་པ་ཕྲག་དོག་མེད་པའོ། །སྒྲིབ་པ་ལྔ་ནི། གཏི་མུག་བྱིང་རྨུག་གི་སྒྲིབ་པ། བག་ཆགས་ཕྱི་ནང་གི་སྒྲིབ་པ། འཛིན་ཆགས་བཅིངས་བའི་སྒྲིབ་པ། རྣམ་སྨིན་གདོན་བགེགས་ཀྱི་སྒྲིབ་པ། རང་ཕྱོགས་ཅན་གྱི་སྒྲིབ་པ་དག་ནས་རིན་འབྱུང་སྐུ་ལྔའི་དབང་ཐོབ་པའོ། །དྲི་ལྔ་ནི། ཀུར་གུམ་གླ་རྩི་ཛཱ་ཏི་ཙནྡྷ་དཀར་དམར་རོ། །ཁ་ཅིག་ཛ་ཏིའི་དོད་དུ་ག་བུར་དང་། གླ་རྩིའི་དོད་ཨ་ག་རུ་བཤད་པས་ཉེར་ལྔའི་སྐབས་འདི་ལེགས། བླ་མེད་ལ་གླ་རྩི་མི་སྐྱོན། དུག་ལྔ་ནི། མཐོང་བའི་དུག །ཁ་རླངས་ཀྱི་དུག །སྦྱོར་བའི་དུག །བསམ་

པའི་དུག །རེག་པའི་དུག་གོདགའ་བ་ལྔ་ནི། འཕགས་༼ཕོངས་པ་ལ་༽པ་རབ་ཏུ་དགའ་བ། མོས་གུས་དང་ལྡན་པའི༴ བཙལ་དཀའ་རྙེད་པའི༴ ཞི་བར་གནས་པའི༴ མི་ཐུབ་པའི་དགའ་བའོ། །ཞིང་ཁམས་ལྔ་ནི། གཅིག་ཅར་གསུམ་གྱི་ཞིང་། སྐུ་ལྔ་རིག་འཛིན་གྱི་ཞིང་། བདེ་སྟོང་ཆེན་པོའི་ཞིང་། སྒྲིབ་གཉིས་མེད་པའི་ཞིང་། རྩོད་པ་མེད་པའི་ཞིང་ངོ་། །སྒྲིབ་པ་ལྔ་ནི་བཅུད་མེད་བརྟེན་པའི་ཤེས་སྒྲིབ། སྣོད་མིན་བརྟེན་པའི་ཤེས་སྒྲིབ། རྒྱུད་མ་དག་པའི་ཤེས་སྒྲིབ། ཚིག་དོན་མ་འདྲེས་པའི་ཤེས་སྒྲིབ། ཆོས་དང་མ་འདྲེས་པའི་ཤེས་སྒྲིབ་དག་ནས་སྣང་མཐའ་སྐུ་ལྔ་ཐོབ་པའོ། །སྙིང་པོ་ལྔ་ནི། ཆུའི་སྙིང་པོ་ལན་ཚྭ། མེ་ཏོག་གི་སྙིང་པོ་སྦྲང་རྩི། ཤིང་གི་བུ་རམ། སའི་ཨ་འབྲས་སམ་ཏིལ། {སའི་མལ་སྨན་སྙིང་ཨ་རུ་ར། །བླ་མེད་སྐབས་འབྲུ་སྙིང་ཆང་བྱས་ཀྱང་རུང་།} རྩི་ཐོག་གི་སྙིང་པོ་མར་རམ་འོ་མའོ། །ཕུང་པོ་ལྔ་ནི། གཟུགས་ཚོར་འདུ་ཤེས་འདུ་བྱེད་རྣམ་ཤེས་ཀྱི་ཕུང་པོའོ། །གཏེར་ལྔ་ནི། ཡེ་སངས་རྒྱས་པའི་ཐུགས་གཏེར། ཐུགས་རྗེའི་སྤྲུལ་པའི་དགོངས་གཏེར། དགོངས་པ་ལྷུན་གྲུབ་ཟབ་གཏེར། རྒྱལ་རིགས་དབྱེ་བའི་ཡང་གཏེར། གང་ཟག་རྒྱུ་བའི་གསང་གཏེར་རོ། །ཞིང་ཁམས་ལྔ་ནི། སྐྱེ་ཤི་མེད་པའི་ཞིང་། རྒྱུ་རྐྱེན་བྲལ་བའི་ཞིང་། ཡིད་བཞིན་ནོར་བུའི་ཞིང་། མཐའ་རྒྱས་ཀྱི་ཞིང་། རྒྱལ་སྲིད་བདུན་བཞིན་སྤྱོད་པའི་ཞིང་མཐོང་ནས་ཆོས་སྐུ་སོགས་དོན་ཡོད་གྲུབ་པ་སྐུ་ལྔའི་དབང་ཐོབ་པའོ། །བུམ་རྫས་ཉེར་ལྔ་མ་གཏོགས་ལྔ་ཚན་རྣམས་ཐང་ཡིག་ལས་གསུངས་སོ། །མཐའ་རྟེན་གྱི་དབང་ནི། དོན་ལ་ཤིས་བརྗོད་ཡིན་ཏེ། དེ་ཡང་བྱ་སྤྱོད་རྒྱུད་ལ་སངས་རྒྱས་ཀྱི་རྣམ་ཐར་དང་རྗེས་མཐུན་བཀྲ་ཤིས་རྫས་བརྒྱད་ཐོབ་ལ། རྣལ་འབྱོར་རྒྱུད་ལ་ཡོ་ག་རྒྱལ་པོ་དང་ཆོས་{ལུགས་}མཐུན་ཕྱིར་རྒྱལ་སྲིད་སྣ་བདུན་ཐོབ་ལ། བླ་མེད་རྒྱུད་ལ་སངས་རྒྱས་

ཀྱི་མཚན་དཔེ་དང་མཐུན་པར་བཀྲ་ཤིས་རྟགས་བརྒྱད་ཐོབ་ཅིང་། བླ་མེད་རྒྱས་པར་གསུམ་ཀ་སྦྱར་ལ། འདི་རུ་འབྲིང་པོ་སྣ་བདུན་དང་རྟགས་བརྒྱད་བསྐུར་བའོ། །སྣ་བདུན་བསྐུར་བའི་གནས་ཀྱང་། འཁོར་ལོ་ནོར་བུ་གཉིས་ལག་པར་བཞག །བཙུན་མོ་གཞོགས་གཡོན། བློན་པོ་གཡས། དམག་དཔོན་རྒྱབ། རྟ་གླང་གཉིས་མདུན་དུ་བསྐུར། བསྐུར་མི་བདེ་ནའང་དམིགས་པ་འདི་ལྟར་ངེས་དགོས་གསུངས། ཟས་བསྔོ་ནི། འདོད་ཡོན་ལྔ་ལག་ལེན་ལྟར་བཤམས་ལ། བྱིན་རླབས་སོགས་དང་ནམ་མཁའི་མཛོད་སྔགས་ཀྱིས་བསྔོས་ལ། བར་དོའི་ཡིད་ལུས་དྲི་ཡིས་ཚིམ་ཕྱིར་གསུར་བསྔོས་བྱ། འདིར་ཚེ་འདས་ལྷ་བསྐྱེད་ཟིན་ནས། ཚེ་འདས་ཟེར་མི་རིགས་སྙམ་ན་རྣམ་པ་ལྷར་གསལ་ཡང་ཐ་མལ་བའི་བག་ཆགས་ཤས་ཆེ་བས་གོ་སླ་བའི་ཆེད་དུ་མིང་ནས་སྨོས་པའོ། །དེ་ནས་ཞིང་དུ་སྨོན་ལམ་གདབ་པ་ནི། སྦྱང་བྱ་གཟུགས་ཀྱི་རང་བཞིན་ས་ལ་བརྟེན་པའི་བར་དོ་ས་ཡི་རང་བཞིན་གྱི་ལུས་མེད་པའི་སེམས་ཅན་དེ། ས་ཡི་སྙིང་པོ་སྦྱོང་བྱེད་ཡི་གེ་སུཾ་ལ་ལུས་བརྟེན་ནས་ས་རྣམ་པར་དག་པའི་ཞིང་ཁམས་སུ་སངས་རྒྱས་ཏེ་སེམས་ཅན་གྱི་དོན་བྱེད་སྙམ་པའི་སེམས་བསྐྱེད་ལ་མངོན་དགའི་ཞིང་དུ་སྐྱེས་ནས་སྦྱངས་འབྲས་ས་རྣམ་པར་དག་པ་རྒྱལ་བ་སྐྱེད་པའི་ཡུམ་སངས་རྒྱས་སྤྱན་མ་དང་གཉིས་སུ་མེད་པར་ཤོག་ཅེས་པའོ། །དེ་བཞིན་དུ་ལྷོ་ནུབ་བྱང་དང་སྦྱོོར། དེ་ནས་དབང་པོ་ལྔའི་ནད་དང་སྒྲིབ་པ་སྦྱང་བ་ནི་སེམས་དཔའ་ལྔའི་གཟུགས་ཡེ་ཤེས་ལྔ་མཚོན་བྱེད་མེ་ལོང་བསྟན་ལ། རྒྱལ་སྲས་ལྔའི་ཐུགས་རྗེས་ཚེ་འདས་ཀྱི་བསགས་པའི་དབང་པོ་སྒོ་ལྔའི་ནད་དང་སྒྲིབ་པ་བསལ་ནས་རྒྱལ་སྲས་ལྔའི་སྐུ་མཐོང་བ་དང་གསུང་ཐོས་པ་སོགས་དང་སྐྱབས་སུ་སོང་ནས་བྱིན་གྱིས་

བརླབས་པར་བསམས། ལམ་བསྟན་ཞིང་གནས་སྤར་བ་ནི། ནང་ཡེ་ཤེས་ལྔའི་སྣང་བ་མཚོན་བྱེད། མར་མེ་བསྟན་ནས་སྨོན་ལམ་བཏབ། ནུབ་ཐ་མར་མར་མེའི་དབུས་སུ་མེ་ལྷ་རྡོ་རྗེ་སེམས་དཔར་གསལ་བའི་ཐུགས་ཀའི་འོད་ཟེར་གྱིས་ཚེ་འདས་ལྷར་གསལ་རུང་། མ་དག་པའི་བག་ཆགས་གང་ཡོད་ཀྱི་ཆའི་ཕུང་པོ་ལྔ་བསྲེགས་ནས་རྡོ་རྗེ་སེམས་དཔའ་དང་དབྱེར་མེད་དུ་སངས་རྒྱས་པར་བསམས་ལ། ཟག་བཅས་ཀྱི་ཕུང་པོ་ཟག་མེད་དུ་སྦྱངས་པའོ། །དེ་དག་གི་ཚེ་མེ་པྲ་བརྟག་པ་ནི། སྦྱོང་རྒྱུད་ལས། སྡིག་པ་བཅོམ་པའི་མཚན་མ་ནི། །དཀར་པོ་ཉིད་དང་གཡས་སུ་འབར། །གྱེན་དུ་འབར་ཞིང་དྲི་མ་མེད། །ཟླུམ་ཞིང་རྣམ་པར་མི་འཕྲོ་བ། བརྟན་པ་གློག་བཞིན་དྲི་མ་མེད། །ཅེས་དང་། ཡང་ན་མེ་ལྷ་ཉིད་ཀྱི་ནི། །བདག་ཉིད་དེ་བཞིན་སྟོན་བྱེད་དེ། །ཟླ་བ་དྲི་མེད་དཀར་འདྲ་ལ། །བཞིན་མདོག་བཟང་ཞིང་ལྷམ་མེར་འབར། །ཞེས་པ། དེ་ནས་བྱང་བུའི་སྟེང་དུ་ཟླ་བ་ལ་གནས་པའི་ཨཱ་དཀར་ལས་བབས་པའི་བདུད་རྩིས་སྡིག་སྒྲིབ་སྦྱང་བར་བསམ་ལ། ངན་སོང་སྦྱོང་བའི་སྔགས་རྣམས་བཟླས་ནས་དྲི་བཟང་གི་ཆུས་བཀྲུས་ཏེ། རྩ་སྔགས་ལ་མིང་སྤེལ་གྱི་སྡིག་སྒྲིབ་སྦྱོང་བའི་ཤམ་བུ་གདགས་པ་བཟླ་བཞིན་དུ་སཙྪ་གདབ་པོ། །རབ་གནས་བྱས་ལ་བཞི་མདོའི་མཆོད་རྟེན་ནམ་ཆུ་བོ་ཆེན་པོར་སྐྱེལ་བ་དང་། ཡང་ན་བྱང་ཐལ་ཕྱིར་བཟློག་གི་བྱེ་ཡུངས་ཀྱིས་གཏོར་ནས་ཆུའམ་རླུང་གིས་སྦྱང་བར་བྱའོ། །རོ་དངོས་ཡིན་ན་སྦྱང་ཚུལ་ཞིབ་པ་དང་མཆོག་དམན་གྱི་སྐབས་ཐོབ་རྣམས་གཞན་དུ་ཤེས་པར་བྱའོ། །

དེ་ནས་གཉིས་པ་ཆོ་གའི་ལྷག་མ་ཐུགས་དམ་བསྐུལ་བ་ལ། སྔར་ཚོགས་ཀྱི་དགྱེས་པ་བསྐྱེད་པའི་དཀྱིལ་འཁོར་གྱི་ལྷ་ཚོགས་བཀའ་སྡོད་དང་བཅས་པ་བྱིན་ཐིབས་ཀྱི་ཆས་པར་བསམས་ལ། ཁམས་གསུམ་སེམས་ཅན་ངན་སོང་ལས་སྒྲོལ་ཕྱིར་ཞི་བའི་ལྷ་ཚོགས་དང་། ཉོན་མོངས་ལ་སོགས་ལོག་པར་འདྲེན་པའི་ཚོགས་འདུལ་ཕྱིར་ཁྲོ་བོ་དང་ཞིང་བཅུ་ཚང་བའི་བསྟན་དགྲ་འདུལ་ཕྱིར་ཕོ་ཉ་སྒོས་བསྐུལ་རྣམས་དང་སྡེ་བདུན་བསྐུལ་བ་རྣམས་བྱ། །གསུམ་པ་ཆད་ཐོ་ནི། ཆད་ཞེས་པ་ཁས་བླང་བའི་དོན་དང་། ཐོ་ནི་འདི་ཙམ་ཞིག་བགྱི་མི་བགྱི་ཞེས་པའི་དོན་ནོ། །གཏོར་མ་རྡོ་རྗེའི་འགྲོས་ཀྱིས་༼ཕྱིར་༽བྱུར་དུ་བཞག །སྨན་རཀ་བྲན། འབྲུ་གསུམ་གྱིས་བདུད་རྩིར་སྤེལ་ལ། དུས་གསུམ་ནི། འདས་མ་འོངས་ད་ལྟ་དུས་གསུམ་སྟེ། ཀུན་རྫོབ་ཀྱི་དུས་སོ། །ཆོས་ཉིད་འགྱུར་བ་མེད་པ་ནི་མ་ངེས་པའམ། ཀ་དག་གི་དུས་ཏེ་བསམ་གྱིས་མི་ཁྱབ་པའི་དུས་སོ། །དེ་ནས་བཟུང་སྟེ་ད་ལྟར་སྙིགས་མའི་དུས་ཡན་ཆད་དུ་བཀའ་དང་དམ་ལ་བཞག་པའི་དྲེགས་པ་རྣམས་ལ་གཏོར་མ་ཕུལ་ནས་ཕྲིན་ལས་བཅོལ་ལོ། །དེ་ནི་དམག་ལ་ཆས་ཁ་དམག་མི་ལ་སྟོན་མོ་གཏོང་བ་དང་འདྲའོ། །དེ་ནས་བསྲུང་མའི་གཏོར་མ་དེ་ངོ་བོ་ཡེ་ཤེས་རོལ་བའི་དྲེགས་པའི་དམག་ཚོགས། རྣམ་པ་ནད་མཚོན་ཐོག་སེར་འཁྲུགས་པས་གང་ལ་དམིགས་པའི་དགྲ་བགེགས་སིལ་བུར་བརླགས་ནས་རྣམ་ཤེས་ནག་ཐིབ་ཀྱིས་བསད་པར་བསམས་ལ། སྒོ་དབྱེ་བྱས་ནས་ཟོར་འཕེན་ནོ། །ཚོགས་ཐ་མ་བསྒྲལ་བ་དང་སྦྲེལ་བའི་ཟོར་འཕེན་པ་ནི་ཤིན་ཏུ་ལེགས་པ་ཡིན་ནོ། །བཞི་པ་བསྟན་མ་སྐྱོང་བ་ནི། གཏོར་གཞོང་ཏེ། དེ་བཤལ་བའི་ཕུད་ཀྱིས་བསྟན་གཏོར་ལ་བྲན་ཞིང་། འབྲུ་གསུམ་གྱིས་མི་ཟད་པའི་ལོངས་སྤྱོད་ཀྱི་གཏེར་དུ་སྤེལ་ཏེ། གཏོར་མགྲོན་

དབང་ཕྱུག་ཉེར་བརྒྱད། རྡོ་རྗེ་ཀུན་གྲགས། རྡོ་རྗེ་གཡའ་མ་སྐྱོང་། བཀྲ་ཤིས་ཚེ་རིང་མ། འབྲོག་ཆེན་འཁོར་འདུལ་ཏེ་བདུད་མོ་བཞི། གངས་དཀར་ཤ་མེད། གསེར་ཆེན་མཁའ་ལྡིང་། ཁ་རག་ཁྱུང་བཙུན། རྨ་རི་རབ་འབྱམས་ཏེ་གནོད་སྦྱིན་བཞི། གོང་བཙུན་དེ་མོ། བཙན་ལ་རོལ་མ། སྨན་བཙུན་ཨུག་ཆོས། གཡུ་ཡི་དྲིལ་ཆུང་སྟེ་སྨན་བཙུན་བཞི་{ཀ་}རྣམས་ཆོས་དང་གང་ཟག་བོད་ཁམས་གཡའ་མའམ་གཤའ་མར་སྐྱོང་བའི་ཚོགས་རྣམས་སྐད་ཅིག་ལ་གཤེགས་ནས་མགོ་འཕངས་སྨད་ནས་འཁོར་འབུམ་དང་བཅས་པས་གཏོར་མ་བླངས་ནས་འཕྲིན་ལས་བསྒྲུབ་པར་བསམས་ལ། གོམ་པ་བདུན་ཅུའི་སའི་ཐོག་ཁར་དབུལ་ལོ། །ལྔ་པ་གཏོར་བྲོ་ནི། གཏོར་གཞོང་ཁ་སྦུབ་པ་རི་རབ་ཏུ་གསལ་བའི་འོག་ཏུ་ཉོན་མོངས་པ་དགྲ་བགེགས་ཀྱི་རིགས་བཀུག་པར་བསམས་ལ་དགུག་གཞུག་བྱས་ནས་ཁྲག་འཐུང་རོལ་པའི་སྐུར་གྱུར་པས་བྲོ་བརྡུང་བས་དུག་ལྔ་ཡེ་ཤེས་ལྔའི་ངོ་བོར་དག་པར་བསམས་ལ། ཧཱུྃ་ཕྱོགས་མེད༴ སོགས་བརྗོད། དེ་དོན་སྤྱན་འདྲེན་དུ་བཤད་པ་ལྟར་རོ། སྔགས་དོན་ཅུང་ཟད་དབྱེ་ན། གང་གིས་མནན་ན་ༀ་ལཾ་ནས་ཧ་ལཾ་བར་ཏེ་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔའི་ས་བོན་གཞི་དབང་ཆེན་གྱི་ས་བོན་ལཾ་ཡིག་གི་བར་དུ་གནོན་ཅིག །སྔགས་བསྟིམ་ཏེ་གཟིར་བའོ། །ཇི་ལྟར་མནན་ན། སྟྭཾ་བྷ་ཡ་ནན་ཞེས་པའི་འོག་ཏུ་གཟིར་ནས་གནོན་ཞེས་པའོ། །གང་མནན་ན། སརྦ་ཤ་ཏྲུཾ༔ ཀ་ཡ་ཝཀཱ་ཙིཏྟ་སྟཾ་བྷ་ཡ་ནན། ཞེས་དགྲ་ཐམས་ཅད་ཀྱི་ལུས་ངག་ཡིད་གསུམ་སའི་འོག་ཏུ་གནོན་ཞེས་པའོ། །དེ་ནས་བཟོད་གསོལ་བཤགས་པ་ནི། བདག་ཉིད་སྤྱི་གཙུག༴ བརྗོད་པས་བཤགས་ཡུལ་གསལ་གདབ། ཡིག་བརྒྱ་བཟླས་པས་བསྐྱེད་པའི་སྐུ་མ་གསལ་བ།

དབྱངས་བཟླས་པས་སྔགས་མ་དག་པ། གསལ་བྱེད་བཟླས་པས་ཏིང་ངེ་འཛིན་གཡེལ་བའི་ཉེས་པ་ཐམས་ཅད་དག་པར་བསམས་ལ། མཐར་བཤགས་བྱ་བཤགས་བྱེད་ཐམས་ཅད་མི་དམིགས་པའི་ངང་ལ་མཉམ་པར་བཞག་ལ། ཀུན་གཞི༴ སོགས་བརྗོད། དེ་ནས་ལྷ་ལ་བཟོད་པར་གསོལ་བ་ནི། ཧོ་མཉེས་པའི་དོན་དང་། གང་ཡང་བདག༴ སོགས་དང་། དྲུག་པ་བཀྲ་ཤིས་ནི། དུས་གསུམ་རྒྱལ་བ་སྲས་དང་བཅས་པས་ནམ་མཁའ་ནས་དགའ་བའི་རྣམ་འགྱུར་གྱིས་བཀྲ་ཤིས་པའི་མེ་ཏོག་གི་ཆར་དབབ་པར་བསམས་ལ། །ༀ་སྟོང་ཞིང༴ སོགས། དེ་ཡང་རྩེ་མོར། ༀ་ནི་ཅི་ཞིག་ཡིན་པར་བཤད། །མཆོག་དང་ནོར་སྟེར་དཔལ་དང་གཡང་། །བསྐལ་བཟང་རྣམ་པ་དང་ལྡན་ཞིང་། །དམ་བཅའ་བ་དང་བཀྲ་ཤིས་དག །ནོར་བུ་འཛིན་པའི་སྙིང་པོ་ཡིན། །ཞེས་བཀྲ་ཤིས་པའི་ཡི་གེས་དྲངས་ནས་གཞུང་ལྟར་བཀྲ་ཤིས་བརྗོད། བདུན་པ་བསྔོ་སྨོན་ནི། འཁོར་གསུམ་ཡོངས་དག་གི་བསྔོ་བ་ནི། འཕགས་པ་རྣམས་ཀྱི་སྤྱོད་ཡུལ་ཡིན་ལ། འདིར་བསྔོ་བྱ་བསྔོ་ཡུལ་བསྔོ་བ་རྣམས་རྒྱལ་བས་བསྔོས་པ་བཞིན་དུ་སྒྱུ་མ་ལྟ་བུར་ཤེས་པའི་བསྔོ་བ་བྱ་སྟེ། ན་མོ་ཞེས་བསྔོ་ཡུལ་[ལ་]ཕྱག་འཚལ་བའི་ཡི་གེ་དང་། འཁོར་གསུམ་ཡོངས་དག་སོགས་བརྗོད། གཤེགས་གསོལ་ནི། རྟེན་མེད་ན་ཁྱེད་ཀྱི༴ སོགས་བརྗོད་ལ་ཡེ་ཤེས་པ་གཤེགས། དམ་ཚིག་པ་རང་ལ་བསྟིམ། རྟེན་ཡོད་ན་དམ་ཡེ་དབྱེར་མེད་དུ་རྟེན་ལ་བསྟིམས་ནས། གནས་བྱའི་སྔགས་དང་བརྟན་བཞུགས་བྱ། དེ་རྗེས་རྫོགས་རིམ་འོད་གསལ་གྱི་རྣལ་འབྱོར་ནི། བདག་ཉིད་ལྷ་ཡི་སྐུ་གསུང་ཐུགས་འོད་དུ་ཞུ་ནས་ནམ་མཁའ་ལ་འཇའ་ཡལ་བ་ལྟར་འོད་གསལ་སྟོང་པ་ཉིད་ཀྱི་ངང་ལ་མཉམ་པར་

བཞག །ཨ་གསུམ་བརྗོད་པས་སྐྱེ་འགག་གནས་གསུམ་དང་བྲལ་བའི་ངང་ལ་བཞག་པས་རྟག་མཐའ་བསལ། དེས་སྦྱོང་བྱེད་འོད་གསལ་དུ་བསྡུས་པས། སྦྱང་བྱ་བྱིས་པ་དེ་ཉིད་ལང་ཚོ་རྫོགས་ནས་འཆི་བ་སླར་ཡང་འབྱུང་བ་མཚོན་པས་དེ་སྦྱོང་། སྦྱངས་འབྲས་སངས་རྒྱས་ཀྱི་གཟུགས་སྐུ་ནི་ཆོས་སྐུའི་འཕྲིན་ལས་ཡིན་ཀྱང་། ཆོས་སྐུའི་ཡེ་ཤེས་ནི་དབྱིངས་ཀྱི་ངོ་བོ་ཡིན་པས་གཟུགས་སྐུ་ཡེ་ཤེས་སུ་ཐིམ་པའོ། །སླར་ཡང་སྐད་ཅིག་གིས་སྟོང་གསལ་གྱི་ངང་ལས་རྡོ་རྗེ་སེམས་དཔའི་སྐུ་སྣང་སྟོང་སྒྱུ་མ་ལྟ་བུར་ལངས་ཏེ་སྣོད་བཅུད་ལྷའི་འཁོར་ལོར་སྦྱངས། ཆད་མཐའ་བསལ་ནས་སྤྱོད་ལམ་རྣམ་བཞི་རྗེས་ཐོབ་ཀུན་ཏུ་ལྷ་སྔགས་ཏིང་ངེ་འཛིན་གྱི་རོལ་པ་རྒྱུན་ཆད་མེད་པ་ཆུ་བོའི་རྒྱུན་ལྟ་བུ་ལ་སྦྱང་ངོ་། །སྦྱོང་བྱེད་ཐུན་མཚམས་ཀྱི་ལྷར་ལྡང་བས། སྦྱང་བྱ་བར་དོའི་སྲིད་པ་སྦྱོང་ཞིང་། སྦྱངས་འབྲས་སངས་རྒྱས་གཟུགས་སྐུའི་སྣང་བ་རྒྱུན་མི་ཆད་པར་ལྡང་བར་མཚོན་ནོ། །དེ་ལྟར་ལྷའི་སྣང་ཞེན་བསླབ་པ་ཡན་ཆད་ལ་མཉམ་བཞག་གི་རྣལ་འབྱོར་དང་། དེ་ལས་ལངས་ནས་ངག་སྤྱོད་དང་འབྲེལ་བས་བཟླས་པའང་མཉམ་ལངས་ཀྱི་རྣལ་འབྱོར་རམ། །ཡང་ན་ལྷ་སྔགས་འོད་གསལ་གསུམ་ཀ་མཉམ་བཞག་དང་། དེ་ལས་ལངས་པའི་ཐུན་མཚམས་ཀྱི་བྱ་བ་མཉམ་ལངས་ཀྱི་རྣལ་འབྱོར་ཏེ་གཉིས་ཀ་གང་བྱས་ཀྱང་འདྲའོ། །དེའང་བསྐྱེད་པ་མ་ཧཱ་ཡོ་གའི་བསྐྱེད་རིམ་གསལ་སྣང་བརྟན་ཅིང་རྣམ་པ་གསལ་བ་སོགས་སེམས་འཛིན་བཞིར་དབང་ཐོབ་ནས་འཕྲིན་ལས་འདོད་དགུར་དབང་བསྒྱུར་ནུས་པ། ལུང་ཨ་ནུ་ཡོ་གའི་ནང་ཟབ་མོ་རྡོ་རྗེ་ལུས་ཀྱི་དཀྱིལ་འཁོར་ལ་བརྟེན་ནས་རྩ་རླུང་ཐིག་ལེ་ལས་སུ་རུང་བ། མན་ངག་རྫོགས་པ་ཆེན་པོ་ཨ་ཏི་ཡོ་

ག་ལྟར་གསང་བ་སེམས་ཀྱི་དཀྱིལ་འཁོར་རིག་སྟོང་སྤྲོས་བྲལ་ཆེན་པོར་ངོ་འཕྲོད་ཅིང་ཀ་དག་ཁྲེགས་ཆོད་གཏན་ལ་ཕེབས་ནས་ལྷུན་གྲུབ་ཐོད་རྒལ་འོད་གསལ་སྣང་བ་བཞིའི་ལམ་རྟགས་གསལ་ཐེབས་པ་སོགས་རྒྱུད་ལུང་མན་ངག་གསུམ་ཀའི་གནད་དོན་གཅིག་ཏུ་དྲིལ་བའི་གདམས་པ་ཆོས་ཚུལ་འདི་ལས་ལྷག་པ་ཞིག་གཞན་ན་མེད་པས་ཐར་འདོད་སྐལ་བཟང་ཡོངས་ཀྱིས་ཉམས་སུ་ལེན་པ་མཆོག་ཏུ་གཅེས་སོ། །སྨྲས་པ། ཕུང་ཁམས་གདོད་ནས་དག་པ་ཞི་ཁྲོ་ལྷ། །བསྐྱེད་རྫོགས་ལམ་གྱི་རིམ་པ་ལ་བརྟེན་ནས། །སྦྱང་བྱ་སྒྲིབ་གཉིས་བག་ཆགས་རྣམ་གྲོལ་ཏེ། །སྦྱངས་འབྲས་སྐུ་བཞིའི་གོ་སར་ཁྲིད་པའི་ལམ། ༡། གསང་རྒྱུད་གདམས་པ་རྒྱ་མཚོའི་བཅུད་ཕྱུང་བས། །ཟབ་ཆོས་དགོངས་དོན་དཀའ་གནས་བ་ཀུའི་འདབ། །ལུང་རིག་ཤེས་བརྩོན་ཁ་ཕྲུས་ཕྱེས་པ་འདི། །དམ་པའི་ཐུགས་དགོངས་རྫོགས་དང་རང་བློ་ངོར། ༢། གོམས་འདྲིས་བག་ཆགས་བཞག་ལ་ཕྱི་དུས་འདིར། །བདག་འདྲ་ཆོས་བརྒྱད་བསླུ་བྲིད་མི་མཁས་པས། །ལེགས་བཤད་རང་ཉིད་ངལ་བའི་རྒྱུ་ཙམ་ལས། གཞན་ལ་མི་ཕན་བསམ་ཀྱིན་མཆི་མ་དཀུ། ༣། འོན་ཀྱང་སྔ་འགྱུར་བསྟན་པའི་ཁང་བཟང་ཆེར། །ལུང་རིགས་མིག་སྟོང་བཀྲ་བའི་དཔལ་རྫོགས་ནས། །ཨོ་རྒྱན་རྡོ་རྗེ་འཆང་དེར་མི་ཕྱེེད་པའི། །དད་གསུམ་དམ་བཅའི་རྩེ་བརྒྱ་འཆང་ནུས་ཤིང་། ༤། རང་མོས་གོ་སར་སོན་པའི་ལག་རྗེས་སུ། །སྨིན་རྡོར་ཞེ་རྫོགས་ཉི་གྲགས་ཀཿཐོག་སོགས། །ཚད་མའི་ཕྱག་ལེན་སྔོན་བྱོན་དམ་པ་ཡི། །གསུང་རབ་རྣམས་ཀྱི་སྙིང་པོའི་བཅུད་བསྡུས་ཏེ། ༥། མ་ནོར་ཕྱོགས་གཅིག་བཀོད་འདི་རང་བསྟན་དང་། །དེར་འཛིན་དམ་པའི་ཚོགས་ལ་ཕན་སེེམས་ལས། །གཞན་དུ་འདིར་སྣང་སྒྲ་འཛིན་མཛེས་

བྱེད་དུ། །སྤྲོས་པ་མིན་ཕྱིར་རྣམ་སྨིན་དཀར་རམ་སྙམ། ༦། བླ་མེད་རྒྱུད་རྒྱལ་དཔག་ཡས་རྒྱ་མཚོའི་ཁྱོན། །རྟོག་གེའི་རྣམ་དཔྱོད་ཁྲོན་པའི་སྦལ་ཆུང་གིས། །མཐོང་མིན་རང་མཚང་བླུན་པོའི་འདམ་ཁྲོད་དུ། །ཞེན་པའི་ཚིག་དེ་དཔྱད་པ་གསུམ་གྱིས་བཤིག༧། ཆོ་གའི་ཕྱག་བཞེས་བསྐྱེད་རྫོགས་གནད་འགག་ཀུན། །ཡལ་བར་དོར་ནས་ཟ་འོག་གོས་བཟང་གིས། །ལྔ་འདུས་གོང་བུ་མཛེས་པའི་སྣང་བྲིད་ལ། །བརྟེན་ནས་ཆེན་པོའི་གོ་སར་འགྱིང་ན་ཡང་། ༨། རང་བསྟན་པདྨའི་སྐུད་པ་ཇི་བཞིན་དུ། །ཉག་འཕྲར་འགྱུར་བའི་སྐྱོན་འདི་མ་མཐོང་ནས། །ཚེ་འདིའི་ཆེ་ཐབས་འབའ་ཞིག་ལྷུར་ལེན་པའི། །སྲོལ་ངན་འདི་འདྲ་ནུབ་པར་སྙིང་ནས་གསོལ། ༩། ཟབ་དོན་གདམས་པའི་ཕ་མཐའ་ནམ་མཁའི་ཁྱོན། །བདག་བློ་སྦྲང་བུའི་རྩལ་གྱིས་མ་ཆོད་པས། །ནོངས་གྱུར་གང་མཆིས་དམ་པ་རྣམས་ཀྱི་དྲུང་། །ཇི་སྙེད་བསགས་པའི་སྡིག་དང་ལྷན་ཅིག་བཤགས། ༡༠། དེ་ལས་བྱུང་བའི་རབ་དཀར་དགེ་བ་དེས། །སྲིད་ཞིའི་རྒུད་པ་མཐའ་དག་རྣམ་གྲོལ་ཏེ། །འགྲོ་ཀུན་ཐེག་མཆོག་ཆོས་ཀྱི་དགའ་སྟོན་ལ། །སྤྱོད་པའི་སྐལ་པ་བཟང་པོར་ལོངས་སྤྱོད་ཤོག༡༡། བདག་ཀྱང་སྐྱེ་བའི་ཕྲེང་བར་རྒྱལ་བསྟན་སྤྱི། །ཁྱད་པར་སྔ་འགྱུར་པདྨའི་རིང་ལུགས་ཀྱི། །ཟབ་མོའི་གདམས་པས་བདག་རྒྱུད་ཡོངས་སྨིན་ནས། །མཐའ་ཡས་འགྲོ་བའི་ཉེར་འཚོར་འགྱུར་བར་ཤོག༡༢། མ་རིག་རྟོག་ཚོགས་འཁྲུལ་དགྲའི་སྦྱིན་རྐྱེན་བུ། །རྨད་བྱུང་གདམས་པའི་ཁྱབ་འཇུག་སྒྱུ་ཐབས་ཀྱིས། །དག་པ་ཡེ་ཤེས་མཆོག་གི་ནོར་འཛིན་མར། །བཅིངས་པའི་མཐུ་དཔལ་རྫོགས་པའི་བཀྲ་ཤིས་ཤོག༡༣། ཅེས་ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་གྱི་དཀའ་གནད་མེ་ཏོག་བ་ཀུ་ལ་འབྱེད་པའི་མཛེས་མའི་འགྲམ་ཆང་ཞེས་བྱ་བ་འདི་ནི་རྙིང་མའི་བཀའ་གཏེར་གྱི་ཆོ་ག་སྐར་ཚོགས་ལྟ་བུའི་ནང་

ནས་བོད་ཆེན་གྱི་ལྗོངས་འདིའི་སྐྱེ་དགུ་ཡོངས་ཀྱི་ཚེ་འདིའི་རྐྱེན་སེལ། ཕྱི་མའི་ཐར་ལམ་བར་དོའི་སྐྱེལ་མ་སོགས་གང་ལའང་འགྲོ་དོན་བྱིན་རླབས་ཀྱིས་ཚན་ཀ་ཁྱད་པར་དུ་གྱུར་རུང་། གདན་ས་ཆེན་པོའི་དམ་པ་རྣམས་ལས་རང་འདྲའི་སྔགས་ཆོག་པ་ཕལ་གྱིས་གཟུགས་བརྙན་གྱི་ཆོ་ག་ཙམ་ལས་མཚན་ཉིད་ཚང་བ་ཞིག་མི་འོང་བ་དང་། ལོག་རྟོག་ཚིག་ཡམ་བཟུང་བ་ཕལ་ཆེར་གྱིས་རྡོ་རྗེའི་ཚིག་བརླིང་མ་རྟོག་པར་གོ་བ་ཕྱིན་ཅི་ལོག་གི་དགག་བཞག་གིས་ཆོས་ལ་སྐུར་བ་འདེབས་པའི་ཉེས་པ་སེལ་བ་དང་། རང་གིའང་ཤི་གསོན་གྱི་དཀོར་ཟས་མུན་སྨག་ཏུ་ནས་འབྲུ་འཕང་བ་འདྲ་བའི་རྣམ་སྨིན་རང་ཐོག་ཏུ་མི་སྤུང་པའི་གོ་དོན་ཅུང་ཟད་སློང་ཐུབ་པའི་བློ་རྟེན་ཙམ་ཞིག་ཐོན་ན་སྙམ་པའི་འདུན་པ་ཡོད་ཐོག་མཁས་བཙུན་བཟང་གསུམ་ཞི་དུལ་གྱི་ཡོན་ཏན་སོགས་རྡོ་རྗེ་སློབ་དཔོན་གྱི་མཚན་ཉིད་ཀྱི་གཙོ་བོ་དང་ལྡན་པ་བླ་མ་དམ་པ་འཇིགས་མེད་ཐེག་མཆོག་གིས་ཁྱོད་ཀྱིས་དེ་འདྲ་ཞིག་ཐོན་ན་རང་བསྟན་རྗེས་འཇུག་ལ་ཕན་པས་རྩོམ་གཞིའི་ཡིག་ཆ་ཁོང་ནས་ཀྱང་སྒྲུབ་ཆོག་གསུངས་པས་དབུགས་དབྱུང་། རང་བསྟན་དང་རིག་པ་ལ་དགའ་བའི་བློ་ལྡན་སངས་རྒྱས་བསོད་ནམས་ཀྱིས་ཀྱང་། ཁྱོད་ཀྱིས་ཐོན་ངེས་གྱིས་དང་ཡིག་ཆ་འབྲི་སྨྱུག་རྣམས་ཀྱི་རོགས་ལྡན་ཆོག་གསུངས་པས་དགའ་སྤྲོ་མཛད་པ་དང་བཅས་ནའང་། སྤྱིར་སྔ་འགྱུར་གྱི་ཆོས་རྣམས་ལྷ་ཀླུ་མཁའ་འགྲོ་མ་སོགས་ཀྱི་༼ནས་༽གསང་མཛོད་བརྡོལ་བས་སྐད་རིགས་ཀྱང་ལེགས་སྦྱར་གཅིག་ཏུ་མ་ངེས་ཤིང་། ཚིག་དོན་ཀྱང་ཟབ་ཅིང་བརླིང་པས་སོ་སྐྱེས་ཀྱི་བློས་མི་དཔོགས་པ་དང་། ཁྱད་པར་ཞི་ཁྲོ་འདི་ཉིད་ཚིག་སྒྲོམ་ཆེ་ཞིང་རྟོགས་དཀའི་གནས་མང་ལ། ཡིག་ཆའང་འཛོམ་དཀའ་བས་འདི་འདྲ་ཞིག་རྩོམ་རུང་ངམ་མི་རུང་སྙམ་པའི་དེ་ཐོག་ཉིང་འཁྲུལ་གྱི་ཆ་ལ་རིགས་ཚ་སངས་རྒྱས་བཀྲ་ཤིས་ཀྱིས་པད་ཞྭ་གསར་བ་ཞིག་གྲུབ་ནས་ཕྲན་ལ་བསྐོན་པ་རྨིས་པས། རང་བློས་དཔྱད་ནས་མ་རིག་པ་སངས། ཤེས་བྱ་རྒྱས། ཐོག་མཐའ་བར་གསུམ་དུ་བཀྲ་ཤིས་པ་དང་། པད་ཞྭ་དེ་ཨོ་རྒྱན་ཆེན་པོའི་གསུང་གནང་ལ་དབང་ཐོབ་པའི་དབང་རྟགས་ཀྱི་ཅོད་པཎ་ཐོབ་པའི་འཁྲུལ་སྣང་བདེན་པའི་རྟེན་འབྲེལ་དུ་བྱས་ནས། རྙིང་མ་བཀའ་གཏེར་གྱི་སྐོར་དང་དམ་པ་རྣམས་ཀྱི་

གསུངས་ཚད་ཐུབ་དང་གསར་རྙིང་རིས་སུ་མ་ཆད་པའི་འགྲེལ་བཤད་ཁུང་ཐུབ་རྣམས་ཀྱིས་གཞི་བྱས། རང་གི་མཐོང་ཚད་དཔེ་ནས་མ་རྙེད་པ་བློས་ཚོད་ཀྱིས་ཅི་དཔོག་བྲིས་ནས་དཔྱད་བྱར་བཞག་སྟེ་སླར་བློ་ལྡན་རྣམས་ཀྱིས་འཛུད་རྒྱུ་ཅན་དུ་བྱས། སྔགས་དོན་ཕལ་དང་དག་སྡེབས་སྡེབ་སྦྱོར་གྱི་ཝརྡྷི་སོགས་ཁོ་བོ་སྒྲ་སྙན་ལ་སྦྱངས་པ་དམན་སྟབས་ཐོས་བརྩོན་ལྷུར་ལེན་པ་དཀོན་མཆོག་གིས་གྲོགས་ལྡན་བྱས། སྤྱིར་འདི་སྐོར་གྱི་རེ་ཟུང་མ་གཏོགས་དྲག་ཞན་སུས་ཀྱང་མི་ཆོས་ངག་འཇམ་ཙམ་ལས་ཁོ་བོ་ལ་གྲོང་བར་ཀུ་ཀུའི་རེ་བཞག་ཙམ་ཡང་མེད་རུང་། ཚད་ཐུབ་ཀྱི་རྡོ་རྗེ་སློབ་དཔོན་དམ་པ་རྣམས་ཀྱིས་མཁས་བཙུན་ཐུགས་གཏད་ཅུང་ཟད་ཡོད་པ་རིགས་གསུམ་རྡོ་རྗེའི་སྒྱུ་འཕྲུལ་ཤར་ཙོང་ཁ་པ་ཀུན་མཁྱེན་བློ་བཟང་གྲགས་པའི་གདུང་རིག་ཀྱི་གཟིག་གོས་བོང་བུས་གྱོན་དཔེས་མལ་རིགས་ཀྱི་བཙུན་པའི་གཟུགས་བརྙན་འཆང་བ་ཆོས་སྐྱོང་བཀྲ་ཤིས་སམ་པདྨ་བསྟན་འཕེལ་དུ་འབོད་པས་ན་ཚོད་ལྡན་གྱི་ལོའི་ཟླ་བ་བཅུ་གཅིག་པའི་ཚེས་བཅོ་བརྒྱད་གྱི་རྒྱལ་ཕུར་འགྲུབ་སྦྱོར་ལ་དབུ་བཙུགས། ལོ་དེ་གའི་ཆོ་འཕྲུལ་ཆེན་པོའི་དཀར་ཕྱོགས་ཀྱི་ཚེས་དགུ་སྤེན་པ་སྣྲར་མའི་འགྲུབ་སྦྱོར་གྱི་ཉིན་མཇུག་རྫོགས་པར་སྦྱར་བའི་དགེ་བས་རྒྱལ་དབང་པདྨ་འབྱུང་གནས་ཀྱི་ཐུགས་བཅུད་གསང་ཆེན་སྔ་འགྱུར་ཡོ་ག་གསུམ་གྱི་བསྟན་པ་རིན་པོ་ཆེ་ནུབ་པ་མེད་པར་བླ་ནས་བླ་མར་ཡོངས་སུ་རྒྱས་པའི་རྒྱུར་གྱུར་ཅིག །སརྦ་སིདྡྷི་མེ་པྲཙྪ། དགེའོ། །


previousདཀའ་འགྲེལ་མེ་ཏོག་བ་ཀུ་ལ་འབྱེད་པའི་མཛེས་མའི་འགྲམ་ཆང་།next