Nitartha Digital Library
Tibetan
བར་དོ་ཐོས་གྲོལ་ཆེན་མོའི་ཆོས་སྐོར་ཕྱོགས་བསྒྲིགས།


   
   
   
   
   
   
ཞི་ཁྲོ་ན་རཀ་དོང་སྤྲུགས་ཀྱི་ཟིན་བྲིས།
   
   
   
   
   
  expand section
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཞི་ཁྲོ་ན་རཀ་དོང་སྤྲུགས་ཀྱི་ཟིན་བྲིས།next

ཞི་ཁྲོ་ན་རཀ་དོང་སྤྲུགས་ཀྱི་ཟིན་བྲིས།

ཞི་ཁྲོ་ན་རཀ་དོང་སྤྲུགས་ཀྱི་ཟིན་བྲིས་མཚོན་པ་ཙམ་གྱི་དབུ་བཞུགས་སོ། །

བླ་མ་ཞི་ཁྲོ་རབ་འབྱམས་ཀྱི་དཀྱིལ་འཁོར་ལ་ཕྱག་འཚལ་ལོ། །ན་རཀ་དོང་སྤྲུག་གི་ཟིན་བྲིས་མཚོན་པ་ཙམ་ནི། ཐོག་མར་ས་ཆོག་ལ་སྟེགས་ཀྱི་ཁར་བདག་བསྐྱེད་གཏོར་མ། གཡས་གཡོན་དུ་སྨན་རཀ། མདུན་དུ་ཆུ་གཉིས་ཉེར་སྤྱོད་ལྔ་བྲེང་ཚར་དུ་བཤམས། སྟེགས་བུ་ལ་བ་བྱུང་ལྔ་དང་དྲི་བཟང་བྱུགས་པའི་དབུས་སུ་ཚོམ་བུ་གཅིག་དགོད། མདུན་དུ་ཆུ་གཅིག་དང་ཉེར་སྤྱོད་ལྔ་དང་། ས་ལྷའི་གཏོར་མ་དང་དཀར་གཏོར་གཉིས་རྣམས་བཤམས། དེ་ནས་བདག་བསྐྱེད་ཀྱི་སྔོན་དུ་ཚིག་བདུན་གསོལ་འདེབས་དང་སྒྱུ་འཕྲུལ་ཞི་ཁྲོའི་གསོལ་འདེབས་ཀུན་བཟང་རྡོར་འཆང་། སྐྱེས་རབས་གསོལ་འདེབས་ཀྱང་བཏང་ནས། སྔོན་གཏོར་བྱིན་རླབས་ཨ་ཀཱ་རོ་སོགས། ཧཱུྃ། ཉོན་ཅིག་བགེགས་དང་ལོག་འདྲེན་སོགས་ནས་སྐད་ཅིག་དྲན་རྫོགས་སུ་གསལ་བར་གྱུར་པའི་བར་རོ། །ལྷ་རྣམས་སོ་སོའི་སྤྱི་བོར་སོགས་ནས་བཞུགས་པའི་འགྲོ་བ་ཀུན་ལ་འདུད་བར་རོ། །དེ་ནས་ཛབ྄་རྣམ་སྣང་ཐུགས་ཀྱི་དཀྱིལ་འཁོར་སོགས་བོ་དྷི་ཙིཏྟ་དང་རུ་ལུ་བརྒྱ་ཚར་རེ་བཟླ་ལ་ཨརྒྷཾ་པཱ་དྱཾ་སོགས་མཆོད་བསྟོད་གཞུང་བཞིན་དང་བསྡུ་རིམ། ཧོཿཆུ་ལས་ཆུ་བུར་སོགས་འཇའ་ལུས་ཟང་ཐལ་བཀྲ་ཤིས་ཤོག་བར་རོ། །ལས་བུམ་སྒྲུབ་པ་རྟ་མགྲིན་དམར་པོ་སོགས་ནས་མཆོད་བསྟོད་འོད་ཞུའི་བར་བྱ། དེ་ནས་བདག་བསྐྱེད་མཆོད་པ་བསྡུ་དཔོན་སློབ་རྣམས་ཀྱིས་སྟེགས་བུ་བསྐོར་ནས་འདུག་ལ་ས་ཆོག་གི་རཾ་ཡཾ་ཁཾ་སོགས་སྐྱོབ་པ་སངས་རྒྱས་སོགས་ནས་མགྲོན་རྣམས་རང་གནས་གཤེགས་པར་གྱུར་བར་རོ། །ས་ལྷའི་

གཏོར་མ་གང་བདེར་གཞག །དཀར་གཏོར་ཕྱི་རོལ་དུ་མཆོད། ཚོམ་བུ་དང་མཆོད་པ་བསྡུ། རྡོ་རྗེ་ཐལ་མོ་ས་ལ་བཞག་ནས་ༀ་ཧ་ན་ཧ་ན་སོགས་རཀྵ་རཀྵ། དེས་ས་ཆོག་ཚར་རོ། །༈ ཉིན་གཉིས་པ་སྟ་གོན་གྱི་བདག་བསྐྱེད་ནི། ཛབ་མཆོད་བསྟོད་བཅས་སྔ་མ་ལྟར་རོ། །དེ་ནས་ཐིག་གདབ་པ་ནི་སློབ་དཔོན་ནུབ་དང་སློབ་མ་ཤར་དུ་གནས་པས་ༀ་ཧཱུྃ་ཏྲཱཾ་སོགས་རིགས་ལྔའི་ངོ་བོར་གྱུར་ཞེས་བརྗོད་ལ། ཐམས་ཅད་ཀྱིས་བྷྲཱུཾ་ཛྙཱ་ན་ལན་གསུམ་དང་ཡེ་ཐིག་བརྒྱད་ནམ་མཁའ་ལ་མ་འཁྲུལ་པར་གདབ་པའི་སྒྲས་སངས་རྒྱས་ཐམས་ཅད་སོགས་ནས་ཆད་པར་བསམ་བར་རོ། །དེ་ནས་སྟེགས་བུ་ལ་ཐིག་ཆེན་བརྒྱད་སོགས་ཚང་བར་གདབ། དེ་ནས་ལྷ་སྟ་གོན་དབུས་དང་འདབ་བཞི། དེ་རྒྱབ་འདབ་བརྒྱད། དེ་རྒྱབ་བཅུ་དྲུག །དེ་རྒྱབ་སོ་གཉིས། དེ་རྒྱབ་བཞི་བཅུ་རྣམས་ལ་དྲིའི་ཐིག་ལེ་དང་ཚོམ་བུ་བཀོད་ལ། དབུས་སུ་མཉྫའི་ཁར་རྣམ་བུམ་ཁ་རྒྱན་གཟུངས་ཐག་ལྡན་པ་གཞག །མདུན་དུ་སྨན་རཀ་གཏོར་མ་ཆུ་གཉིས་ཉེར་སྤྱོད་ལྔ་བཤམས། བྱིན་རླབས་ༀ་བཛྲ་ཀྲོ་ཏ་ཧཱ་ཡ་སོགས་ཧཱུྃ་ཧྲཱིཿཋ། ཨེ་ཡཾ་རཾ་སུཾ་སོགས། བཛྲ་ལཾ་བྷོ་དྷ་ར་བྷྱོཿལྷ་རྣམས་སོ་སོའི་སྤྱི་བོར་སོགས་ནས་བསྟོད་པ་ཡན་ཆད་གཞུང་བཞིན་དང་། ཛབ་བརྒྱ་སྐོར་རེ་དང་། ༀ་ན་མོ་བྷ་ག་ཝ་ཏེ་ཅི་རིགས་དང་ལྷན་ཅིག་ཐུགས་ཀར་བསྡུས། དེ་ནས་བུམ་ཛབ྄་བདག་གི་ཐུགས་ཀ་ནས་སོགས་གཟུངས་ཐག་བཟུང་ལ་བདུན་གསུམ་ཉེར་གཅིག་སོགས་བཟླས་ལ་མཆོད་བསྟོད་གཞུང་བཞིན་དང་ལྷ་འོད་ཞུའི་བར་རོ། །དེ་ནས་དཀྱིལ་འཁོར་བསྐོར་ལ་སྤོས་དང་རྡོ་དྲིལ་འཛིན་པས་པུས་མོ་བཙུགས་ལ། ཧཱུྃ་ལས་ལྕེ་ནི་རྡོ་རྗེར་བསྒོམས་ལ་རྒྱལ་བ་སྲས་བཅས་སོགས་ནས་གནང་བར་མཛོད་བར་ལན་གསུམ་དང་འདེགས་རྒྱ་བཅས་

ཏིཥྛ་ལྷན། དམ་ཚིག་པ་རང་ལ་སྟིམ་ཡིག་བརྒྱ་བརྗོད་ལ་ཚོམ་བུ་མཆོད་པ་བཅས་བསྡུ། ཚོན་བླ་མའི་ཕྱག་མཚན་གྱིས་ཡིག་འབྲུ་བསྣོག་བྱིན་རླབས་ཚོན་སྣ་ལྔ་ལ་རིགས་ལྔའི་ས་བོན་བྲིས་ལ་བཀོད། མཆོད་པ་བཤམས་ཤིང་ༀ་ཧཱུྃ་ཏྲཱཾ་ཧྲིཿསོགས། རིགས་ལྔ་བདེ་བར་གཤེགས་ལ་ཕྱག་འཚལ་ལོ། །ཞེས་དང་ལྷ་འོད་དུ་ཞུ་བར་གྱུར། དཀྱིལ་འཁོར་བྲིས་ཟིན་པ་དང་ཐིག་ཚོན་ལྷག་མ་རྣམས་ལ་མཆོད་བསྟོད་དང་བཛྲ་མུཿས་གཤེགས་སུ་གསོལ། བླ་མས་སྤོས་སྣ་དྲངས་པས་བུམ་པ་གཉིས་ཙཀླི་སོགས་དབང་རྫས་ཕྱི་ནང་གི་མཆོད་པ་རྣམས་ཐོགས་ལ་རོལ་མོ་བཅས་པས་དཀྱིལ་འཁོར་ལན་གསུམ་བསྐོར་ལ་རྒྱན་དགོད་བྱ། དཀྱིལ་འཁོར་དབུས་སུ་མཉྫའི་ཁར་རྣམ་བུམ་ཙཀླི་བཅས་བཀོད། མཐའི་ཕྱོགས་བཞིར་གསང་མཆོད་སྨན་རཀ་གཏོར་གསུམ་ཉེར་ལྔ་རེ་སྟེ་བརྒྱ་རྩ་དེ་མཚུངས་པར་ཚོགས་རྫས་བཅས་ཉེར་ལྔ་རེ་སྟེ་བརྒྱ་རྩ། མར་མེ་བརྒྱ་རྩ། ཆུ་གཉིས་ཉེར་སྤྱོད་ལྔ་ཕྱོགས་བཞིར་ཚར་རེ། སློབ་དཔོན་མདུན་དུ་རྡོར་དྲིལ་ནང་མཆོད་ལས་བུམ་གཞག །དེ་ནས་དངོས་གཞིའི་འདོན་འགྲིག་གསོལ་འདེབས་སོགས་ནས་བཟུང་སྔོན་གཏོར་ཨ་ཀཱ་རོ་སོགས་ནས་ལས་བྱང་གཞུང་དེད་གྱིས་བདག་མདུན་བུམ་གསུམ་ཚང་མ་ཞི་ཁྲོའི་ཛབ་ལྔ་བརྒྱ་རེ་བཟླ། ན་མོ་བྷ་ག་ཝ་ཏེ་བརྒྱ་སྐོར་རེ་དང་། བདག་གི་ཐུགས་ཀ་སོགས་གཟུངས་ཐག་ལ་འཇུས་ཏེ་ཨ་ཨཱ་སོགས་བདུན་གསུམ་ཉེར་གཅིག་རེ་བཟླ། ལས་བུམ་རྟ་མགྲིན་དམར་པོ་སོགས། ༀ་བཛྲ་ཀྲོ་དྷ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥི་ག་ཏ་སོགས་བཅུ་ཙམ། མདུན་བསྐྱེད་ཀྱི་གཙོ་བོ་སོགས། ཡིག་བརྒྱ་བརྒྱ་ལྔ་བཅུ་གང་རིགས་དང་མཆོད་པ་པདྨ་རྒྱས་པ་ལྟ་བུ་སོགས་ནས། དྷརྨཱ་དྷརྟུ་པྲ་ཏི་ཙྪ་ཧོ། བསྟོད་པ་བརྗོད་མེད་ཤེས་རབ་སོགས་ནས། ༀ་ཨཱཿཧཱུྃ་གིས་ལྷ་འོད་ཞུ་བྱ། རིག་པའི་མེ་ཏོག་དོར་བ་ༀ་ཡེ་

ཤེས་རྒྱལ་པོ་སོགས། ཧོཿདེས་སྔ་ཆོག་ཚར། ཕྱི་ཆོག་སྐྱབས་སེམས་ཕ་མས་ཐོག་དྲངས་པའི་སོགས་ནས། ལས་བུམ་མ་གཏོགས་པའི་བདག་མདུན་བུམ་གསུམ་ཚང་བ་དང་། ཡིག་བརྒྱ་ཡན་ཛབ྄་སྐབས་བསྟུན་བཟླ། མཆོད་བསྟོད་སྔ་མ་བཞིན་དང་། ཕྱག་འཚལ་ཨ་ལ་ལ་ཧོཿཆོས་རྣམས་རྣམ་དག་སོགས། བཤགས་པ་ཨཱཿབདག་ཉིད་ཐ་མལ་སོགས། ཡིག་བརྒྱ་ཅི་ནུས། ཧོཿཐུགས་རྗེ་ཆེན་པོ་སོགས་དང་། ཨཱཿའཁོར་འདས་བྱེད་པོ་སོགས་ནས། ཤ་ས་མ༔ ཧོ་དགོངས་ཤིག་སྟོན་པ་སོགས། ཧོ་སྣང་སྲིད་ཡོངས་རྫོགས་སོགས། བླ་མས་ནང་མཆོད་བདུད་རྩི་འཐོར་ལ། ཧཱུྃ་བདེ་ཆེན་འཁོར་ལོ་སོགས། རཀྟ་མཆོད་ལ། ཧཱུྃ་ཀློང་ལྔ་སོགས་གཏོར་མ་བཏེགས་ལ། ཧཱུྃ་ཧྲཱིཿམ་བཅོས་ཀློང་ཡངས་སོགས། ཚོགས་བྱིན་རླབས། བདག་ཉིད་ཐུགས་ལས་རཾ་ཡཾ་ཁཾ་སོགས། དངོས་གྲུབ་སྩོལ། ཚོགས་ཕུད་རིམ་པ་གསུམ་སྤྲོས་ལ། ཧཱུྃ་རྩ་གསུམ་རིག་འཛིན་སོགས། དང་པོ་མཆོད། བར་པས་བཤགས་པ། ཧཱུྃ་བདག་གི་ཚེ་རབས་སོགས། བར་པ་མཆོད། ཐ་མ་བསྒྲལ་བསྟབ། ཧཱུྃ་མ་རིག་ལས་ཉོན་སོགས། གསུམ་ཀའི་ལྷག་མ་རེ་བཞག་པ་གཙང་ལྷག་ཡིན། མཚོ་དབུས་གེ་སར་གྱིས་ཚོགས་ལ་རོལ། ལྷག་མ་བསྡུས་པ་བཙོག་ལྷག་དང་དེའི་སྟེང་དུ་གོང་གི་གཙང་ལྷག་བསྣན་ལ་ལས་བུམ་གྱི་ཆུས་བསངས། ཧཱུྃ་དཀྱིལ་འཁོར་ཆེན་པོ་སོགས་ནས་ཁཱ་ཧི། མར་མེའི་བསྐང་བ། མར་མེ་བཏེགས་ལ། ཨཿ་ཀུན་གཞི་སོགས་ནས། གྲོལ་བར་ཤོག་བར་རོ། །ལྟ་བའི་བསྐང་བ། ཧོཿམཆོད་དུ་མེད་དེ་སོགས། ཀློང་དུ་ཨཱཿབསྐུལ་ཆད་ཐོ་སོགས་གཞུང་བཞིན་དང་། སིདྡྷི་ཕ་ལ་ཧཱུྃ། གསོལ་ཀ། མཆོད་པ་ཁ་གསོ་ལ། ༀ་བཛྲ་ཀྲོ་དྷ་ཧྱཱ་སོགས། གང་བར་གྱུར། སྨན་རཀ་གཏོར་གསུམ། ཧཱུྃ་དངོས་སུ་འབྱོར་དང་སོགས། ཨ་ལ་ལ་ཧོཿབརྗོད་མེད་ཤེས་རབ་སོགས། ཧཱུྃ་རིག་

འཛིན་འདུས་པ་སོགས། འཇའ་ལུས་ཟངས་ཐལ་བཀྲ་ཤིས་ཤོག་བར་རོ། །ཉིན་རྗེས་མ་རྣམས་ཀྱང་ཆོ་གའི་འགྲིག་རིམ་དེ་ལྟར་རོ། །སྒྲུབ་མཆོད་ཚར་ཉིན་ལྷག་མའི་མཐར་སྦྱིན་སྲེག་རང་གཞུང་ལྟར་གྲུབ་པར་བྱ། སྒྲུབ་ཁང་དུ་འོང་ནས་ཆད་བརྟན་བཏངས་ཤིང་། རྟ་བྲོའི་མཇུག་ཏུ་མཆོད་བསྟོད་ཉིན་སྔ་མ་རྣམས་བཞིན་བྱ། དངོས་གྲུབ་བླང་བ་ལ་རྣམ་བུམ་ཙཀླི་སྒྲུབ་གཏོར་བླ་མའི་ཕྱག་ཏུ་ཕུལ་ལ། ཧོཿརིག་འཛིན་དཀྱིལ་འཁོར་སོགས། སིདྡྷི་ཕ་ལ་ཧཱུྃ། བཤགས་པ། ༀ་ཁྱེད་ཀྱིས་སེམས་ཅན་དོན་སོགས། བཛྲ་མུཿས་གཤེགས་སུ་གསོལ་ལ་སེ་གོལ་གཏོགས། བསྡུ་རིམ། ཧོཿཆུ་ལས་ཆུ་བུར་སོགས། ལྷ་སྐུར་ལྡང་། བཀྲ་ཤིས། ཧཱུྃ་རིག་འཛིན་བརྒྱུད་པའི་བྱིན་རླབས་སོགས་བརྗོད། བླ་མས་རྡོར་དྲིལ་འཛིན་པས་ལྷ་མཚན་རྣམས་སྤྱི་བོར་བཀོད་ལ་ཨ་ཀཱ་རོ་དང་བཅས་རོལ་མོའི་སྒྲ་དང་བཅས་བྱང་ཤར་ནས་རེ་ཁཱ་གསུམ་བྲི་ལ་རྡུལ་ཚོན་བུམ་ནང་དུ་བླུག་ལ་མཆོད་པ་བཤམས་ཤིང་བསྔོ་སྨོན་བཀྲ་ཤིས་སྤྱི་ཁྱབ་ལྟར་དང་རྡུལ་ཚོན་ཆུ་བོར་གཤེགས་པར་བྱའོ། །དེ་ལྟར་ཞི་ཁྲོ་ན་རཀ་དོང་སྤྲུག་གི་ལག་ལེན་གཞུང་གི་དགོངས་པ་ལྟར་ཟིན་བྲིས་སུ་སྤེལ་བ་འདི་ནི་༧འགྱུར་མེད་ཚེ་དབང་མཆོག་གྲུབ་ཀྱིས་བྱས་པས་འདི་བཞིན་ཆད་ལྷག་ནོར་འཁྲུལ་མེད་པར་བགྱིས་པའི་དགེ་བས་ཞི་ཁྲོ་ངན་སོང་སྦྱོང་བའི་བསྟན་པ་ཡུན་རིང་དུ་གནས་པར་གྱུར་ཅིག། །།


previousཞི་ཁྲོ་ན་རཀ་དོང་སྤྲུགས་ཀྱི་ཟིན་བྲིས།next