Nitartha Digital Library
Tibetan
བར་དོ་ཐོས་གྲོལ་ཆེན་མོའི་ཆོས་སྐོར་ཕྱོགས་བསྒྲིགས།


   
   
   
   
   
   
   
   
སྤྱི་དོན་ས་བཅད་གསེར་གྱི་ལྡེའུ་མིག
   
   
   
  expand section
   
   
   
   
   
   
   
   
   
   
   
   
   
   
   
   


 
previousསྤྱི་དོན་ས་བཅད་གསེར་གྱི་ལྡེའུ་མིགnext

སྤྱི་དོན་ས་བཅད་གསེར་གྱི་ལྡེའུ་མིག

ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་གྱི་སྤྱི་དོན་ས་བཅད་གསེར་གྱི་ལྡེའུ་མིག་ཅེས་བྱ་བ་བཞུགས་སོ། །

ན་མོ་གུ་རུ་དེ་ཝ་ཌཱཀྐི་ནི་། གཞིར་སྣང་རྟོག་ཚོགས་མེད་བཞིན་སྣང་བའི་ཆ། །སྨིན་གྲོལ་རིམ་གཉིས་རྩལ་གྱིས་ལེགས་སྦྱངས་ཏེ། །ཡེ་གྲོལ་རང་རིག་ཀུན་ཏུ་བཟང་པོའི་ཞལ། །སྟོན་མཛད་སུམ་ལྡན་རྩ་བའི་བླ་མར་འདུད། །དེ་ལ་འདིར་གཏེར་ཆེན་ཀརྨ་གླིང་པའི་གཏེར་བྱོན་ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་འདི་ཉིད་ཁམས་དབུས་ཀུན་ཏུ་དར་ཆ་ཆེ་ཞིང་དགོངས་འགྲེལ་མཛད་པ་པོ་ཡང་མང་འདུག་པས་ངག་རྩོམ་ཅལ་ཅོལ་ལ་དགོས་པ་མི་འདུག་ཀྱང་། རང་འདྲའི་བློ་དམན་ཀུན་ལ་ཕན་ཕྱིར་སྒོམ་དོན་གྱི་མདོ་འགགས་ཅུང་ཟད་འབྲི་བ་ལ། སྤྱིར་གསང་སྔགས་ཉམས་སུ་ལེན་པ་ཐམས་ཅད་ཀྱི་གཞི་ལམ་འབྲས་བུའི་རྒྱུད་གསུམ་གྱི་གནས་ཚུལ་ཤེས་དགོས་པས། དེས་ན་གཞི་རྒྱུད་ནི་འཁོར་འདས་ཀྱི་སྤྱི་གཞི་སྣང་། ལུང་མ་བསྟན་པ་དེའི་ངང་ལས་སྲོག་རླུང་ཁྱབ་བྱེད་གྱེན་རྒྱུ་ཐུར་སེལ་མེ་མཉམ་སྟེ་ཡན་ལག་བཞི་ལྡན་གཡོས་པས་གཞི་སྣང་གི་ཤར་ཆ་ཐམས་ཅད་རང་རྩལ་དུ་རྟོགས་པ་གཞི་ལས་འཕགས་པ། ༡རང་ངོ་སྣང་བ། ༢བྱེ་བྲག་ཕྱེད་པ། ༣ཕྱེད་ཐོག་ཏུ་གྲོལ་བ། ༤བདག་གཞན་ལས་མ་བྱུང་བ། ༥རང་སར་གནས་པ། ༦དེ་ཀུན་ཏུ་བཟང་པོའི་ཁྱད་ཆོས་དྲུག་གིས་གདོད་མའི་ནང་དབྱིངས་སུ་གྲོལ་བ་ལ་ཞི་བ་མྱང་འདས་ཀྱི་ཞིང་ཟེར། གཞིར་སྣང་གི་ཤར་ཆ་དེར། བདག་ཉིད་གཅིག་པ།

ལྷན་ཅིག་སྐྱེས་པ་ཀུན་ཏུ་བཏགས་པ་སྟེ་མ་རིག་པ་གསུམ་དང་། རྒྱུའི་སྐྱེན་གཞི་ཉིད་ཁྱིམ་འོད་ལྟར་གནས་པ་རྒྱུའི་སྐྱེན་། བདག་པོའི་སྐྱེན་དེ་ལ་རྟོག་དཔྱོད་ཞུགས་པ་བདག་པོའི་སྐྱེན། དམིགས་པའི་སྐྱེན་དེ་ལས་ཡུལ་དང་ཡུལ་ཅན་དམིགས་པའི་སྐྱེན། དེ་མ་ཐག་པའི་སྐྱེན་གསུམ་པོ་དུས་མཚུངས་དེ་མ་ཐག་པའི་སྐྱེན། དེ་འཁྲུལ་བའི་སྐྱེན་དེ་བཞིའི་འཛིན་པ་ཞུགས་ཏེ། རྟེན་འབྲེལ་བཅུ་གཉིས་ཀྱི་མེད་བཞིན་སྣང་བའི་སྟོང་གཟུགས་རིགས་དྲུག་འཁོར་བའི་གྲོང་ཁྱེར་གྲུབ་པའི་དུས་འདིར་ལུས་ཅན་ཀུན་གྱི་སྙིང་ལ་ཀྱེ་རྡོར་ལས། ལུས་ཅན་སྙིང་ལ་གང་གནས་པ། །རང་བྱུང་ཟག་མེད་ཡེ་ཤེས་འགྱུར། །གནས་པའི་སེམས་ཉིད་འདི་ལ་གཞི་རྒྱུད་བདེ་གཤེགས་སྙིང་པོ་ཟེར། དེ་མངོན་དུ་གྱུར་བྱེད་ལམ་རྒྱུད་འབྲས་བུའི་ཐེག་པ་ཉམས་སུ་ལེན་ཐབས་ལ་མདོ་ཆིངས་གསུམ་ནི། འཇུག་སྒོ་སྨིན་བྱེད་ཀྱི་དབང་། གྲོལ་བྱེད་བསྐྱེད་རྫོགས་ཀྱི་གདམས་པ། མཐུན་གྲོགས་དམ་ཚིག་བསྲུང་བ་དང་གསུམ་ལས། དང་པོ་སྒོ་གསུམ་ཆ་མཉམ་དང་བཅས་པའི་སྒྲིབ་པ་བཞི། སྦྱོང་བྱེད་ཀྱི་ལམ་སྒོམ་པ་ལ་དབང་བའི་དབང་བཞིས་རྒྱུད་སྨིན་པར་བྱས་ནས། གཉིས་པ་གྲོལ་བྱེད་ཀྱི་ལམ་དངོས་སྒོམ་པ་ལ་བསྐྱེད་རྫོགས་གཉིས་ལས། རྫོགས་རིམ་མཚན་ཉིད་པ་ལ་ཟུར་དུ་གོ་བ་ཆགས་པའི་དབང་དུ་བྱས་ནས། འདིར་བསྐྱེད་རིམ་ལ་སྔོན་འགྲོ་དངོས་གཞི་རྗེས་གསུམ། སྔོན་འགྲོ་ལ་སྤྱི་དང་ཁྱད་པར་གཉིས་ཀྱིས། ངེས་འབྱུང་གིས་བློ་བཅོས་པ། ཐེག་པ་སྤྱིའི་རྨིང་རྡོ་སྐྱབས་སུ་འགྲོ་བ། ཐེག་ཆེན་གྱི་རྩ་བ་སེམས་བསྐྱེད་པ་དང་གསུམ་ཐུན་མོང་པ་དང་། སྡིག་སྦྱོང་རྡོར་སེམས་བསྒོམས་བཟླས། ཚོགས་བསགས་པའི་ཐབས་མཎྜལ། བྱིན་རླབས་མྱུར་དུ་འཇུག་པ་བླ་མའི་རྣལ་འབྱོར་དང་གསུམ་ནི་ཐུན་མིན་དེ་དྲུག་ནི་སྤྱིའི་སྔོན་འགྲོའོ། །ཁྱད་པར་ཅན་གྱི་སྔོན་འགྲོ་ལ་གཉིས། འགལ་རྐྱེན་བསལ་བ་ནི། གསོལ་འདེབས་

བགེགས་བསྐྲད་བསྲུང་འཁོར་བསྒོམ་པ་གསུམ་ཡིན། བགེགས་བསྐྲད་སྐབས་རང་དཔལ་ཆེན་པོ་ཆེ་མཆོག་ཧེ་རུ་ཀ་གསལ། མཐུན་རྐྱེན་བསྒྲུབ་པ་ནི། ཕྱག་རྒྱ་བཟུང་བ། ཡན་ལག་བཅུ་པ། མཆོད་པ་བྱིན་རླབས་གསུམ་ཡིན། ཕྱག་རྒྱའི་སྐབས་རྡོར་སེམས་སྐུའི་དམ་ཚིག །དྲིལ་བུ་གསུང་གི་དམ་ཚིག །རྡོ་རྗེ་ཐུགས་ཀྱི་དམ་ཚིག་གོ། །ལས་བྱང་ཆུང་བའི་སྐབས། བདེ་གཤེགས་དབང་ཕྱུགས་སེམས་ཅན་ལ། །དགོས་པ་གསུམ་གྱི་ལུས་འབུལ་ལོ། །ཞེས་པ་ནི། འདས་པའི་སངས་རྒྱས་བདེ་གཤེགས་སྲས་བཅས་ལ། ལུས་ཕུལ་བས་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔའི་ཡེ་ཤེས་ལ་དབང་ཐོབ་པའི་དགོས་པ་ཡོད། ད་ལྟར་གྱི་སངས་རྒྱས་བླ་མ་ལ་ལུས་ཕུལ་བས། དམ་པའི་ཡེ་ཤེས་ཁོང་དུ་ཆུད་པའི་དགོས་པ་ཡོད། མ་འོངས་པའི་སངས་རྒྱས་སེམས་ཅན་ལ་ལུས་ཕུལ་བས་འགྲོ་དོན་མཐར་ཕྱིན་པའི་དགོས་པ་ཡོད་གསུངས། ཡང་ན་སྒྱུ་འཕྲུལ་ལས། སྣོད་བཅུད་རྒྱུད་རྣམས་དག་རྟོགས་ཤིང་། ཞེས་པས། སྣོད་འབྱུང་བ་ཡུམ་ལྔ། བཅུད་ཕུང་པོ་ཡབ་ལྔ། རྒྱུད་རྣམ་ཤེས་ཚོགས་བརྒྱད་ཡེ་ཤེས་ལྔར་དག་པ་སྟེ། དག་པ་གསུམ་གྱི་ལུས་འབུལ་ལོ། །ཞེས་སོ། །དངོས་གཞི་མཉམ་བཞག་ལ་སྐུ་ཕྱག་རྒྱའི་རྣལ་འབྱོར་དང་། གསུང་བཟླས་པའི་རྣལ་འབྱོར་གཉིས་ལས། དང་པོ་སྐུ་ཕྱག་རྒྱའི་རྣལ་འབྱོར་ལ། ཏིང་འཛིན་གསུམ་གྱིས་ཁོག་ཕུབ་པ། རྟེན་དང་བརྟེན་པའི་དཀྱིལ་འཁོར་བསྐྱེད་པ། ཡེ་ཤེས་པ་སྤྱན་དྲངས་ཤིང་བརྟན་པར་བཞུགས་པ། ཕྱག་འཚལ་མཆོད་བསྟོད་བྱ་བ། དམིགས་པའི་གཙོ་བོ་ལྷའི་སྣང་ཞེན་ལ་བསླབས་པ་དང་ལྔ་ལས། དང་པོ་ལ་གསུམ་དེ་བཞིན་ཉིད་ཀྱི་ཏིང་འཛིན་ནི། སྦྱངས་བྱ་ལུས་ཅན་རྣམས་འཆི་བའི་ཚེ། འབྱུང་བཞིའི་ཐིམ་རིམ་སྣང་མཆེད་ཐོབ་གསུམ་ཉེར་ཐོབ་འོད་གསལ་ལ་ཐིམ་པའི་ཚེ།

སྟོན་གནམ་གཡའ་དག་པ་ལྟ་བུའི་གསལ་སྟོང་རྣམ་པར་མི་རྟོག་པ་དར་ཅིག་འཆར་བ་དེ་ཡིན། སྦྱོང་བྱེད་ༀ་རྣམ་པར་རྟོག་གསུམ་སོགས་དུས་གསུམ་གྱི་རྟོག་པ་དང་བྲལ་བ་ཐད་ཀའི་ཤེས་པ་བཟོ་མེད་ཀྱི་ངང་དུ་འཇོག །སྦྱངས་འབྲས་སངས་རྒྱས་ཆོས་སྐུའོ། །མར་འཆི་སྲིད་དང་མཚན་རྟོག་སྦྱངས་ཤིང་དག །ཡར་ཆོས་སྐུའི་འབྲས་བུ་རྫོགས་པར་བྱེད། བར་དུ་དོན་གྱི་འོད་གསལ་རྟོགས་པའི་སྨིན་བྱེད་དུ་འགྲོ། གཉིས་པ་ཀུན་སྣང་གི་ཏིང་འཛིན་ནི། སྦྱངས་བྱ་བར་དོའི་ཡིད་ལུས་མིང་བཞི་འདུས་པའི་ཕུང་པོ་དེ་ཡིན། སྦྱོང་བྱེད། ཨཿརྟོག་བྲལ་ངང་ལས་སོགས། གནས་ལུགས་མ་རྟོགས་པའི་སེམས་ཅན་ལ་སྒྱུ་མ་ལྟ་བུའི་སྙིང་རྗེ་བསྒོམ་པའོ། །སྦྱངས་འབྲས་ལོངས་སྤྱོད་རྫོགས་སྐུའོ། །མར་བར་དོའི་བག་ཆགས་དང་སྟོང་པ་ཕྱོགས་རིས་པའི་རྟོག་པ་སྦྱངས་ཤིང་དག །ཡར་ལོངས་སྐུ་འགྲུབ་རུང་གི་འབྲས་བུ་རྫོགས་པར་བྱེད། བར་དུ་ཡེ་ཤེས་ལྷ་སྐུར་ལྡང་བའི་རྒྱུ་སྙིང་རྗེ་བསྐྱེད་པའི་སྨིན་བྱེད་དུ་འགྲོགསུམ་པ་རྒྱུའི་ཏིང་འཛིན་ནི། སྦྱངས་བྱ་སྐྱེ་གནས་སུ་འཇུག་མ་རེག་པའི་རླུང་སེམས་ཡིན། སྦྱོང་བྱེད། ཧཱུྃ་གསལ་སྟོང་སྙིང་རྗེའི་སོགས། སྟོང་ཉིད་སྙིང་རྗེ་ཟུང་འཇུག་གི་ཡི་གེ་ཨ་མཐིང་ནག་བསྒོམ་པས། སྦྱངས་འབྲས་སྤྲུལ་སྐུའོ། །མར་སྐྱེ་གནས་སུ་འཇུག་པ་དང་སྣང་སྟོང་ཐ་དད་དུ་ཞེན་པའི་རྟོག་པ་སྦྱངས་ཤིང་དག །ཡར་སྤྲུལ་སྐུ་མངོན་དུ་འགྱུར་རུང་གི་འབྲས་བུ་རྫོགས། བར་དུ་ཡེ་ཤེས་ཀྱི་ལྷའི་སྐུར་མངོན་དུ་ལྡང་བའི་སྨིན་བྱེད་དུ་འགྲོ། གཉིས་པ་རྟེན་དང་བརྟེན་པའི་དཀྱིལ་འཁོར་བསྐྱེད་པ་ལ་གཉིས། རྟེན་གཞལ་ཡས་ཁང་བསྐྱེད་པ་དང་། བརྟེན་པ་ལྷ་བསྐྱེད་པའོ། །དང་པོ་ལ་གསུམ། འོག་གཞི་འབྱུང་བ་རིམ་བརྩེགས་བསྐྱེད་པ་དང་། བཞུགས་གནས་གཞལ་ཡས་ཁང་བསྐྱེད་

པ། གདན་བསྐྱེད་པ་དང་གསུམ། དང་པོ་འབྱུང་བ་རིམ་བརྩེགས་ཀྱི་སྦྱང་བྱ་ནི། མ་དག་པའི་འབྱུང་བཞི་རི་རབ་དང་བཅས་པ་སྟེ། སྦྱོང་བྱེད། ཧཱུྃ༔ སྟོང་གསལ་རང་བབ་གདོས་བཅས་སོགས། བསྲུང་འཁོར་གྱི་ནང་དུ་རྒྱུ་ཨ་ཡིག་ལས་འབྱུང་བཞི་རི་རབ་དང་བཅས་པའི་ས་བོན་རྣམས་འོག་ཏུ་ཆད་པ་ལས་འོད་ཟེར་འཕྲོས། འབྱུང་ལྔར་དེར་འཛིན་གྱི་ཞེན་རྟོགས་སྦྱངས། དངས་མ་འོད་ལྔའི་རྣམ་པར་བསྡུས་དེ་ཞུ་བ་ལས། ཨེ་ལས་ནམ་མཁའི་ཆོས་འབྱུང་བསྣོལ་མ་མཐིང་ཀ་གདེངས་ཀ་༼རྒྱ་༽གྱེན་ཏུ་སྐྱེས་ཤིང་རྩེ་མོ་ཕྲ་བ་ཐུར་དུ་ཟུག་པ་འབྱམས་ཀླས་པ་འོད་ཟེར་མཐིང་ཀའི་མུ་ཁྱུད་ཀྱིས་བསྐོར་བ། དེ་སྟེང་ཡཾ་ལས་རླུང་གི་དཀྱིལ་འཁོར་ཁ་ཏོག་ལྔ་ལྡན་རྒྱ་གྲམ་གྱི་རྣམ་པ་ཅན་འོད་ཟེར་ལྗང་ནག་གིས་བསྐོར་བ། དེ་སྟེང་བཾ་ལས་ཆུ་དཀྱིལ་ཁ་ཏོག་སྣ་ལྔ་ཟླུམ་པོར་འཁྱིལ་བ་འོད་ཟེར་དཀར་པོས་བསྐོར་བ། དེ་སྟེང་ལཾ་ལས་ས་དཀྱིལ་རིན་ཆེན་སྣ་ལྔ་ལས་གྲུབ་པ་གྲུ་བཞིའི་མཐའ་འོད་ཟེར་སེར་པོས་བསྐོར་བའི་དབུས་སུ། རིན་ཆེན་སྣ་ལྔའི་རི་རབ་བང་རིམ་བཞི་པའི་རྣམ་པ་ཅན་དུ་བསྐྱེད། རི་རབ་སྟེང་དུ་སྣ་ཚོགས་པདྨ་ལྟེ་བ་ལྗང་གུ་གེ་སར་དམར་སེར་ལེབ་ཆགས་ཅན་གྱི་སྟེང་དུ་ཉི་མའི་དཀྱིལ་འཁོར་གེ་སར་གྱི་རྒྱ་དང་མཉམ་པ། དེའི་དབུས་སུ་སྣ་ཚོགས་རྡོ་རྗེའི་ལྟེ་བ་མཐིང་ཀ་གྲུ་བཞི་རྭ་བཞི་ཕྱོགས་མདོག་ཅན་ཉི་དཀྱིལ་དང་མཉམ་པ་ལ་རི་རབ་ཀྱི་ཁ་ཁྱེར་དུ་རྡོ་རྗེ་རྭ་བའི་ལྕགས་རིའི་བསྐོར་བ་ལ། མེ་དཔུང་མཐའ་མེད་དུ་འབར་བ་ཕོ་བྲང་གི་འོག་གི་པད་འདབ་དང་རྡོ་རྗེ་རྭ་བའི་བར་འདི་ཤིན་ཏུ་རྒྱ་ཆེ་བ་ལ། དུར་ཁྲོད་ཆེན་པོ་བརྒྱད་ཀྱིས་བསྐོར་བ་དུར་ཁྲོད་ཀྱི་ཆས་རྣམ་རྫོགས་པ་ལམ་གྱིས་གསལ། སྦྱངས་འབྲས་ནི་ཆོས་ཀྱི་དབྱིངས་ཡུམ་ལྔའི་མཁའ་ཀློང་རྣམ་པར་དག་པའོ། །གཉིས་པ། གཞལ་ཡས་ཁང་གི་སྦྱངས་བྱ་ནི།

གང་དུ་སྐྱེས་པའི་ཁང་ཁྱིམ་སོགས་ཡིན། སྦྱོང་བྱེད་ཨ་ལས་བྷྲཱུཾ་འཕྲོས་སོགས་ཨ་ཡིག་ལས་བྷྲཱུཾ་ཡིག་ཁ་ཏོག་ལྔ་ལྡན་ཆད་པ་ལས། འོག་གཞི་རྒྱ་གྲམ་གྱི་ལྟེ་བར་བབ། དེ་ལས་འོད་ཟེར་སྤྲོ་བསྡུས་ཡོངས་སུ་གྱུར་པ་ལས། ཕྱི་རིན་པོ་ཆེའི་གཞལ་ཡས་ཁང་ལ། ནང་རྒྱན་ཀ་བ་སོགས། དྲག་པོའི་རྒྱན་ཆས་ཅན་གཞུང་ཚིག་ལྟར། ཞི་ཁྲོ་གཉིས་ཀྱི་བཞུགས་གནས་ནམ་མཁའ་ལ་འཇའ་ཤར་བ་ལྟ་བུར་བསྒོམ། ཧཱུྃ་དང་པོའི་རྣམ་པར་གསལ། གཉིས་པས་རྣམ་དག་དྲན། གསུམ་པས་བརྟན་པར་བྱས། འདི་སྐབས་མི་ནུབ་པའི་རྒྱལ་མཚན་བཅུ་ནི། རྒྱ་བྱེའུ་ལྕགས་ཀྱི་རྒྱལ་མཚན། གདུལ་བྱ་ཤ་བའི་རྒྱལ་མཚན། གཅན་གཟན་གཟིག་གི་རྒྱལ་མཚན། སྤྲུལ་པ་རྡོ་རྗེ་རྒྱལ་མཚན། རིན་ཆེན་སྦྲུལ་ནག་གི་རྒྱལ་མཚན། དཔའ་བོ་སྟག་གི་རྒྱལ་མཚན། གཟི་མདངས་མི་ཡི་རྒྱལ་མཚན། དམར་གསལ་ཁྲག་གི་རྒྱལ་མཚན། རྩལ་ཆེན་སེང་གེའི་རྒྱལ་མཚན། གཏུམ་པོ་དོམ་གྱི་རྒྱལ་མཚན་རྣམས་ཡིན་གསུངས། སྦྱངས་འབྲས་ནི་སངས་རྒྱས་རང་སྣང་གི་ཞིང་ཁམས་ཡིན། གསུམ་པ་གདན་གྱི་སྦྱང་བྱ་ནི། སྐྱེ་བ་ལེན་པའི་གནས་པདྨ་དང་ཁུ་ཁྲག །སྦྱོང་བྱེད་གཞལ་ཡས་ཁང་གི་དབུས་ཀྱི་ནམ་མཁའ་ཀུན་བཟང་ཡབ་ཡུམ་གྱི་གདན་རིན་ཆེན་པདྨ་ཉི་ཟླའི་གདན་བཞི་བརྩེགས། འོག་གཞིའི་དབུས་དང་ཕྱོགས་བཞིར་རིགས་ལྔའི་གདན་རིན་ཆེན་སེང་གེ་གླང་ཆེན་རྟ་མཆོག་རྨ་བྱ་ཤང་ཤང་པདྨ་ཉི་ཟླའི་གདན་ལྔ་བརྩེགས། སེམས་དཔའ་ཡབ་ཡུམ་རྣམས་ལ་པད་ཉི་ཟླ་གདན་སུམ་བརྩེགས། ཐུབ་དྲུག་གི་གདན། མཚམས་བཞི་དང་ཤར་ནུབ་ལ་པད་རྐྱང་དང་། སྒོ་བ་ཡབ་ཡུམ་གྱི་གདན་ལ་རིན་ཆེན་བྲག་རི་པདྨ་ཉི་ཟླ་དེ་བཞི་བརྩེགས། གཞལ་ཡས་ཁང་གི་ནམ་མཁར་ཁྲོ་བོའི་ཁྲི་གདན་ལ་སྟེང་གི་ནམ་མཁར་ལ་ཆེ་མཆོག་གི་གདན་རིན་

པོ་ཆེའི་བྲག་རི་པདྨ་ཉི་ཟླ་རུ་ཏྲ་ཁྱུང་ཆེན་ཕོ་མོ་དྲུག་བརྩེགས། །དེའི་འོག་ཏུ་བུདྡྷ་ཧེ་རུ་ཀའི་གདན་རིན་ཆེན་བྲག་རི་པདྨ་ཉི་ཟླའི་སྟེང་དུ་ལྷ་ཆེན་ཕོ་མོ་སེངྒེ་སྟག་གཟིག་དོམ་གླང་ཆེན་མ་ཧེ་ཆུ་སྲིན་སྦྲུལ་ཏེ་བྱོལ་སོང་བརྒྱད། ལྷ་ཆེན་ཕོ་མོ་དྲུག་བརྩེགས། ཕྱོགས་བཞིར་རིགས་བཞིའི་ཧེ་རུ་ཀའི་གདན་གཞན་འདྲ་བ་ལ། ཤར་དུ་དྲི་ཟ་ཁྱུ་མཆོག །ལྷོར་མ་ཧེ་གཤིན་རྗེ། ནུབ་ཏུ་གཟིག་དང་སྲིན་པོ། བྱང་དུ་སྟག་དང་གནོད་སྦྱིན། དེ་ཐམས་ཅད་དྲུག་བརྩེགས། དེའི་ཕྱི་ཀོ་སེང་སྒོ་མ་བཅས་ལ་ཞིང་ཆེན་བསྣོལ་བའི་གདན། ཕྱི་ཁྱམས་ལ་དབང་མོ་ཉེར་བརྒྱད་ཀྱི་གདན། ཞིང་རྐྱང་རེ་བཅས་གསལ། སྦྱང་འབྲས་སངས་རྒྱས་སྤྲུལ་སྐུ་འཁོར་བའི་ཉེས་སྐྱོན་གྱིས་མ་གོས་པ་དང་། ཐུགས་རང་བཞིན་གྱི་འོད་གསལ་བའོ། །གཉིས་པ་བརྟེན་པ་ལྷ་བསྐྱེད་པའི་སྦྱང་བྱ་ནི། སྐྱེ་གནས་བཞི་དང་ཁྱད་པར་མངལ་སྐྱེས་ཀྱི་དུས། ཁུ་རྡུལ་རྣམ་ཤེས་གསུམ་གཅིག་ཏུ་འདྲེས་ནས་རིམ་གྱིས་གྲུབ་ཅིང་བཙས་ཏེ་འཁོར་ལ་དབང་བསྒྱུར་བའི་བར་གྱི་བག་ཆགས་སྦྱོང་། སྦྱོང་བྱེད་ནི། ཧཱུྃ་བདག་ཉིད་ཐ་མལ་སོགས། རྒྱུའི་ཨཿཡིག་དེ་དབུས་ཀྱི་གདན་སྟེང་དུ་བབས། རྡོ་རྗེ་མཐིང་ནག་དུ་གནས་གྱུར་པ་ཐུགས་ཕྱག་མཚན་གྱི་ཆོ་ག །དེ་ལས་ཡི་གེ་ཨཿཡི་མཚན་པ་གསུང་ཡིག་འབྲུའི་ཆོ་ག །དེ་ལས་འོད་ཟེར་སྤྲོ་བསྡུས་ཡོངས་སུ་གྱུར་པ་དེ་ཀུན་བཟང་ཡབ་ཡུམ་རྒྱན་མེད་པ། སྐྱིལ་ཀྲུང་ཕྱག་མཚན་སྤང་པ་ལམ་གྱིས་གསལ་བ་ནི། སྐུ་ུཡོངས་རྫོགས་ཀྱི་ཆོ་གའོ། །ཨཿནི་རྒྱུ་མ་ནོར་བ་རྩ་བའི་སྔགས། ༀ་བཛྲ་ཙིཏྟ་ནི་བསྐྱེད་པ་རྐྱེན་གྱི་སྔགས། དེ་ཉིད་སྦྲེལ་བ་ནི་བཟླས་པ་ལས་ཀྱི་སྔགས་སོ། །ཀུན་བཟང་ཡབ་ཡུམ་གྱི་ཐུགས་ཀ་ནས་ༀ་ལཾ་སྤྲོས་ཏེ་འོག་གི་སེངྒེའི་གདན་སྟེང་དུ་བབས་པ་ལས་རྣམ་སྣང་ཡབ་ཡུམ་དཀར་པོ་འཁོར་ལོ་དང་དྲིལ་བུ་འཛིན་པ།

དེ་བཞིན་ཤར་དུ་གླང་ཆེན་གདན་སྟེང་དུ་ཧཱུྃ་མུཾ་སྤྲོས་དེ་རྡོར་སེམས་ཡབ་ཡུམ་མཐིང་གསལ་རྡོར་དྲིལ་འཛིན་པ། དེ་ཡབ་ཡུམ་གྱི་ཐུགས་ལས་ས་བོན་སྤྲོས་པས་གཡས་གཡོན་མདུན་རྒྱབ་ཏུ་སེམས་དཔའ་ཡབ་ཡུམ་རྣམས་བསྐྱེད། ལྷོར་རྟ་མཆོག་གི་གདན་སྟེང་དུ་སྭ་མཾ་སྤྲོས། རིན་འབྱུང་ཡབ་ཡུམ་སེར་གསལ་རིན་ཆེན་དྲིལ་བུ་འཛིན་པ། དེ་ཡབ་ཡུམ་ཐུགས་ལས་སེམས་དཔའ་ཡབ་ཡུམ་གོང་ལྟར། ནུབ་ཏུ་རྨ་བྱའི་གདན་སྟེང་ཨཾ་པྱཾ་སྤྲོས་པས་སྣང་མཐའ་ཡབ་ཡུམ་དམར་པོ་པདྨ་དྲིལ་བུ་འཛིན་པ། དེའི་ཐུགས་ལས་སེམས་དཔའ་ཡབ་ཡུམ་གོང་ལྟར། བྱང་དུ་ཤང་ཤང་གི་གདན་སྟེང་དུ་ཧཱ་ཏཱཾ་སྤྲོས་པས་དོན་གྲུབ་ཡབ་ཡུམ་ལྗང་གསལ་རྒྱ་གྲམ་དྲིལ་བུ་འཛིན་པ། དེ་ཡབ་ཡུམ་ཐུགས་ལས་སེམས་དཔའ་ཡབ་ཡུམ་རྣམས་གོང་ལྟར་བསྐྱེད། ༀ་ཨཱཿཧཱུྃ་དང་པོའི་གནས་གསུམ་དུ་འབྲུ་གསུམ་གསལ། གཉིས་པས་རྡོ་རྗེ་གསུམ་གྱི་ལྷ་ཚོགས་སྤྱན་དྲངས། གསུམ་པས་གཉིས་མེད་དུ་བརྟན་པར་མོས། ཞི་བ་ཉེར་དྲུག་ནི། ལོངས་སྐུའི་ཆས་ཅན་ཡིན། དར་གྱི་ཆས་གོས་ལྔ་ནི། སྟོད་གཡོག །སྨད་དཀྲིས། སྐུ་རེགས། ཅོད་པཎ། དར་དཔྱངས་ཏེ་ལྔ། རིན་པོ་ཆེའི་རྒྱན་བརྒྱད་ནི་དབུ་རྒྱན། སྙན་རྒྱན། མགུལ་རྒྱན། དོ་ཤལ། སེ་མོ་དོ། ཕྱག་གདུབ། ཞབས་གདུབ། དཔུང་རྒྱན་དེ་བསྡོམ་པས་བཅུ་གསུམ་མོ། །ཞི་ཚུལ་དགུ་ནི། སྐྱེ་བ་དག་པས་སྐུ་མཉེན་གཞན་སྣང་ཤ་ཆགས་པ། ན་བ་དག་པས་སྐུ་སྐབས་ཕྲ་སྦོམ་ཕྱེད་ཅིང་རིམ་པར་ལྕུགས་པ། འཆི་བ་དག་པས་སྐུ་འཁྲིལ་ཤ་ལྷོད་པོར་མ་གྱུར་བག་ཆགས་ཤིང་ཚིག་མཚམས་སོགས་འཕྲུལ་ལྡེམ་ལྡན་པ་ལྡེམས་པ། རྒ་བ་དག་པས་གཞོན་ཤ་ཅན་ཏེ་ངོ་བོའི་ཡོན་ཏན་ལྔ་ལྡན་པས་མཚན་དཔེ་ལྡན་པས་ཁ་ཏོག་གསལ་བ་མ་འདྲེས་པར་ཟད་པ་རྫོགས་པས་བཀྲག་ཅིང་འོད་ཟེར་འཕྲོ་བ་འཚེར་བ། ཡིད་དུ་འོང་

བས་ལྷུན་སྡུག་གཞན་ཟིལ་གྱིས་གནོན་པས་བརྗིད་བག་གི་མཛེས་པ་གཟི་བརྗིད་དེ་རྣམ་པའི་ཡོན་ཏན་བཞི་དང་བསྡོམ་པས་ཚུལ་དགུའོ། ཡང་ན་ང་རྒྱལ་དག་པས་སྐུ་མཉེན་པ། ཞེ་སྡང་དག་པས་སྐུ་ལྕུགས་པ། འདོད་ཆགས་དག་པས་སྐུ་ལྷོད་པོར་མ་སོང་བར་འཁྲིལ་བ། ཕྲག་དོག་དག་པས་དྲངས་ཞིང་ལྡེམས་པ། གཏི་མུག་དག་པས་གཞོན་ཚུལ་ཅན་ཏེ་ངོ་བོའི་ཡོན་ཏན་ལྔ། མ་རིག་པ་སངས་བས་སྐུ་གསལ་བ། ཡེ་ཤེས་རྒྱས་པས་འཚེར་བ། མཚན་དཔེ་ལྡན་པས་ལྷུན་སྡུག་པ། གཞན་ཟིལ་གྱིས་གནོན་པའི་གཟི་བྱིན་དང་ལྡན་པ་སྟེ་རྣམ་པའི་ཡོན་ཏན་བཞིའོ། །ཀུན་བཟང་ཡབ་ཡུམ་ཐུགས་ལས་ཀྲེཾ་བྲེཾ་སོགས་ས་བོན་སྤྲོས་ཏེ་པད་རྐྱང་སྟེང་དུ་བབ་པ་ལས། ཐུབ་པ་དྲུག་རྒྱན་རྣམས་མཆོག་གི་སྤྲུལ་སྐུའི་ཆ་བྱད་ཅན་བཞེངས་སྟབས་སུ་བསྐྱེད། ཀུན་བཟང་ཡབ་ཡུབ་གྱི་ཐུགས་ལས་ཧཱུྃ་ཧཱུྃ་སོགས་སྤྲོས་པས་ཕྱོགས་བཞིའི་གདན་སྟེང་དུ་བབས་པ་ལས་སྒོ་བ་ཡབ་ཡུམ་བསྐྱེད། དུར་ཁྲོད་ཆས་བརྒྱད་ནི། ཞིང་གླང་སྟག་གི་ལྤགས་པ་དེ་བསྒོ་བའི་གོས་གསུམ། སྦྲུལ་རིགས་ལྔ་དང་ཐོད་པ་སྐམ་རློན་ཏེ་གདགས་པའི་རྒྱན་གཉིས། ཁྲག་ཞག་ཐལ་བ་དེ་བྱུག་པའི་རྩི་གསུམ། བསྡོམ་པས་ཆས་བརྒྱད། ཀུན་བཟང་ཡབ་ཡུམ་གྱི་ཐུགས་ལས་ཧཱུྃ་སྦྲེལ་མ་ཆད་དེ། སྟེང་གི་ནམ་མཁར་ཁྱུང་གི་གདན་ལ་བབས་པས་ཆེ་མཆོག་ཡབ་ཡུམ་བསྐྱེད། ཆེ་མཆོག་ཡབ་ཡུམ་གྱི་ཐུགས་ཀ་ནས་ས་བོན་སྤྲོས་ཏེ་རིགས་ལྔའི་ཁྲག་འཐུང་རྣམས་དང་ཀོ་སེང་དབང་མོ་རྣམ་གསལ། སྒོ་མ་བཞིའི་ས་བོན་ཁྲག་འཐུང་རིགས་བཞིའི་ཐུགས་ལས་སྤྲོས་དགོས། ཁྲོ་བོ་རྣམས་སྔར་གྱི་ཆས་བརྒྱད་སྟེང་དུ། དཔལ་གྱི་ཆས་བཅུ་ནི། དྲེགས་པ་ལྷ་རྒྱུད་ལས། དབུ་སྐྲ་གྱེན་བརྫེས་འཁོར་བ་རུ་བཟློག་ཆས། །རྡོ་རྗེའི་ཁྱུང་གཤོག་ཐབས་དང་ཤེས་རབ་ཆས། །མཐིང་དམར་ཅོད་

པཎ་རྟག་ཆད་ཟིལ་གནོན་ཆས། །སྤྱི་གཙུག་རྡོ་རྗེ་སླགས་པ་རིགས་པའི་ཆས། །དབང་གི་བསེ་ཁྲབ་གཟི་འོད་འབར་བའི་ཆས། །གཉིས་མེད་སྦྱོར་བ་ཤེས་རབ་ཡུམ་གྱི་ཆས། །གནོད་གདུག་བཟློག་བྱེད་དཔའ་བོ་ལྕགས་ཀྱི་ཆས། །ཉོན་མོངས་བསྲེགས་བྱེད་ཡེ་ཤེས་མེ་ཡི་ཆས། །ཞེས་སོ། །དེ་སྟེང་གསལ་བའི་རྒྱན་ཉི་ཟླ་གཉིས་བསྣན་པས་དཔལ་གྱི་ཆས་བཅུའོ། །འདི་རྣམས་ཧེ་རུ་ཀས་རུ་ཏྲ་སྒྲོལ་སྐབས་དཔའ་བོའི་རྟགས་སུ་བཞེས་པའོ། །རུ་ཏྲ་ལ་ལས་ཀྱི་འབྲས་བུ་མངོན་དུ་གྱུར་པ་ནི་རུ་ཏྲ་ཆེན་པོ། ཞིང་བཅུ་ཚང་བ་ནི་རུ་ཏྲ་ཆུང་ངུའོ། །གར་གྱི་ཉམས་དགུ་ནི། མཛེས་པར་བརྒྱན་པས་སྐུ་སྒེག་པ། སྟོབས་དང་ལྡན་པས་དཔའ་བ། མཐོང་བ་ཙམ་གྱིས་འཇིགས་པ་སྟེ་སྐུ་ཡི་ཉམས་གསུམ། དགྱེས་ཆགས་བཞད་སྒྲ། ཚིག་རྩུབ་མོའི་གཤེ་བ། འབྲུག་ལྟར་ང་རོ་སྒྲོགས་པས་རྔམས་པ་སྟེ་གསུང་གི་ཉམས་གསུམ། སེམས་ཅན་རྗེས་སུ་འཛིན་པའི་སྙིང་རྗེ། ལས་ལ་རྔམས་པས་ཞེ་སྡང་། དྲག་པོའི་ཚར་གཅོད་པས་གཏུམ་པ་སྟེ་ཐུགས་ཀྱི་ཉམས་གསུམ་མོ། །སྲས་མོ་དབང་མོ་རྣམས་ནི་ཞིང་ལྤགས་ཀྱི་གོས་ཅན་ནོ། །ཞི་བ་རྣམས་འཇའ་འོད་ཀྱི་གུར་ཁང་དང་། ཁྲོ་བོ་ཁྲག་འཐུང་རྣམས་མེ་དཔུང་གི་ཀློང་དུ་གསལ། དཀྱིལ་འཁོར་ལ་བཀོད་པའི་ལྷ་རྣམས་ནི་རྩ་བའི་ལྷ་དང་། ཕྱི་ཁྱམས་དུར་ཁྲོད་བར་སྣང་སོགས་ལ་བཀོད་པའི་རྩ་གསུམ་ནི་མགྲོན་ཐབས་ཀྱི་ལྷ་ཡིན། སྦྱངས་འབྲས་ནི་སངས་རྒྱས་པའི་ཚེ་སྤྲུལ་པ་སྤྲོས་པ་དང་། འཁོར་རྣམས་བྱང་ཆུབ་ལ་བཀོད་པའོ། །གསུམ་པ་ཡེ་ཤེས་པ་སྤྱན་དྲངས་ཞིང་བརྟན་པར་བཞུགས་པ་ནི། སྦྱངས་བྱ་ནི་བྱིས་པ་སྟེ་དེ་རིས་མཐུན་བླ་མ་རྣམས་དང་བློ་མཉམ་པ་དེ་ཡིན། སྦྱོང་བྱེད་ཧཱུྃ་དཔེ་མེད་བསམ་བརྗོད་བྲལ་བའི་སོགས། ལྷ་ཚོགས་རྣམས་ཀྱི་གནས་གསུམ་འབྲུ་གསུམ་

ལས་འོད་ཟེར་འཕྲོས། ཡེ་ཤེས་པ་སྤྱན་དྲངས་ཏེ་དམ་ཚིག་པ་ལ་བསྟིམས། ཞི་བའི་བཞུགས་གསོལ་མཐར། ༀ་ཨཱཿཧཱུྃ་སྐུ་གསུང་ཐུགས། ཧཱུྃ་བཞི་ཚད་མེད་བཞི། ཁྲོ་བོའི་བཞུགས་གསོལ་མཐར། ༀཨཱཿཧཱུྃ་ུགསུམ་རྡོ་རྗེེ་གསུམ་དམ་ཡེ་དབྱེར་མེད་དང་། ཧཱུྃ་གསུམ་གསལ་དག་བརྟན་གསུམ། སྦྱངས་འབྲས་ནི་སངས་རྒྱས་པའི་ཚེ་རྒྱལ་བ་ཐམས་ཅད་དང་དགོངས་པ་གཅིག་ཏུ་གྱུར་བའོ། །བཞི་པ་ཕྱག་འཚལ་མཆོད་བསྟོད་བྱ་བ། སྦྱང་བྱ་ནི་བཟའ་བཏུང་གོས་རྒྱན་གནས་ཁང་ཡུལ་ནོར་ལ་ལོངས་སྤྱོད་པ་དེ་ཡིན། སྦྱོང་བྱེད་ཧཱུྃ་ཡིད་ཤེས་རྣམ་དག་སོགས། གཙོ་བོ་རྣམ་སྣང་དང་བུདྡྷ་ཧེ་རུ་ཀའི་ཐུགས་ཀ་ནས་རྡོར་སེམས་དང་བཛྲ་ཧེ་རུ་ཀ་ཞལ་གཅིག་ཕྱག་གཉིས་པའི་རྣམ་པར་ཐོན་ནས་ཕྱག་འཚལ་བ་དང་། རིག་མ་དཀར་སེར་དམར་ལྗང་མཐིང་ཀ་སོ་སོའི་ཡུམ་ལ་ཐིམ་སྟེ་སྦྱོར་མཆོད། སྨན་མཆོད། ཐོད་པའི་མཆོད་རྫས་ལྷའི་མཐེབ་སྲིན་ཉི་ཟླའི་གའུས་བཅུས་དེ་མཆོད་པ་སོགས། རཀྟ་གཏོར་མ་ཐམས་ཅད་ལ་ངོ་བོ་བདུད་རྩིའི་རང་བཞིན་ལྷ་ཚོགས་རྣམས་ཀྱི་ལྗགས་འོད་ཟེར་གྱི་སྦུ་གུས་དྲངས་ཏེ་གསོལ་བར་བསམ་པ་སོགས་ཡིན། སྨན་གྱི་སྟེང་དུ་འབྲུ་གསུམ་གསལ་བ་ལས་འོད་ཟེར་འཕྲོས། རང་གི་གནས་གསུམ་ཐིམ་པས་ཟག་བཅས་ཀྱི་སྙིང་པོ་གང་ཡང་མེད་པ་ལས་ཟག་མེད་མཆོག་གི་དངོས་གྲུབ་ཐོབ་པར་བསམ། ལས་བྱང་ཆུང་པའི་རཀྟའི་སྐབས། མ་ཆགས་ནི་འདུ་ཤེས་གསུམ་གྱི་སྦྱོར་བ། ཆགས་བྲལ་ནི་ཟག་མེད་ཀྱི་བདེ་བ། ཆགས་པ་ཆེན་པོ་ནི་སོར་རྟོགས་ཡེ་ཤེས་ལ་འཇུག་སྙམ། ཕྱི་བསྒྲལ་བའི་རཀྟ་དང་། ནང་སྦྱོར་བའི་རཀྟ། གསང་བ་འཛིན་མེད་ཀྱི་རཀྟའོ། །བསྟོད་པ་ལ། ༀ་བླ་མ་ཀུན་བཟང་ཆོས་ཀྱི་སོགས། ཆོས་ཀྱི་རང་སྒྲ་སྤྲུལ་བའི་རྡོར་སེམས་བཛྲ་ཧེ་རུ་ཀ་མཁའ་འགྲོ་གིང་ཆེན་

སོགས་ཀྱི་རོལ་མོའི་སྒྲ་ལ་དྲངས་ཏེ་བསྟོད་པར་དམིགས། སྦྱངས་འབྲས་ནི་སངས་རྒྱས་པའི་ཚེ་ཕྱག་མཆོད་བཀུར་བསྟིའི་གནས་སུ་གྱུར་པ་ཡིན། ལྔ་པ་དམིགས་པའི་གཙོ་བོོ་ལྷའི་སྣང་ཞེན་ལ་བསླབས་པ་ནི། ཐ་མལ་གྱི་སྣང་བ་འགོག་པའི་ཆེད་དུ་རྣམ་པ་གསལ་བ་དང་། བརྡ་རྟགས་ཀྱི་དག་དྲན་ནམ་རྣམ་དག་དྲན་པ། ཞེན་པ་འགོག་པའི་ཆེད་དུ་ལྷ་དེ་དངོས་ཡིན་སྙམ་པའི་ང་རྒྱལ་བརྟན་པ་དང་། ཡབ་ཡུམ་དགའ་བཞིས་དྲངས་པའི་བདེ་གསལ་སྟོང་པ་ཉིད་ལ་བསླབ་པ་རྣམས་ནི་དམིགས་པའི་མདོ་འགགས་ཡིན། ས་བཅད་གཉིས་པ། གསུང་བཟླས་པའི་རྣལ་འབྱོར་ལ། སྦྱངས་བྱ་ནི་མ་དག་འཁོར་བའི་སྒྲར་གྲགས་པ་ཐམས་ཅད་ཡིན། སྦྱོང་བྱེད་ནི་ལྷ་ཚོགས་ཞི་བ་རྣམས་ཀྱི་སོགས་གསལ་བཏབ་སྟེེ། ཛབ྄་དགོངས་ནི། ཟླ་བ་དཀར་ཕྲེང་ན ི་སྔགས་ཕྲེང་བཀོད་པ། འགལ་མེ་འཁོར་ལོ་ནི་སྔགས་ཕྲེང་འཁོར་བ། རྒྱལ་པོའི་ཕོ་ཉ་འགྱེད་པ་ལྟ་བུ་ནི་སྤྲོ་བསྡུས་དོན་གཉིས་བྱེད་པ། བུང་བ་ཚང་ཞིག་པ་ལྟ་བུ་ནི་སྣང་སྲིད་དག་པ་རབ་འབྱམས་སུ་གསལ་བ་དེའོ། །སྲོག་སྡོམ་པའི་གཟེར་བཞི་ནི། ཏིང་འཛིན་གནད་ཀྱི་གཟེར་ནི་གསལ་ཐེབ་པ། སྙིང་པོ་སྔགས་ཀྱི་གཟེར་ནི་སྔགས་ཕྲེང་འཁོར་བ། འཕྲོ་འདུ་དམིགས་པའི་གཟེར་ནི་འོད་ཟེར་སྤྲོ་བསྡུ་བྱེད་པ། དགོངས་པ་མི་འགྱུར་བའི་གཟེར་ནི་འཁོར་འདས་རིག་པའི་ཆོ་འཕྲུལ་དུ་དྲངས་པ་སོགས་དམིགས་གནད་དང་ལྡན་པས་བཟླ། བདག་མདུན་དབྱེར་མེད་ཡིན་ན་སྐབས་འདིར། ཕྱི་ཁྱམས་ལ་སྐད་ཅིག་གི་བུམ་པ་གསལ་བཏབ་སྟེ་བཟླ། བདག་མདུན་ཐ་དད་དང་ཛ྄བ་ཁང་དབྱེ་བ་གཉིས་ལ་བུམ་པ་དང་མདུན་རྟེན་དབྱེར་མེད་བྱེད། ལས་བུམ་ཡང་སྐད་ཅིག་གི་ཀྲོང་བསྐྱེད་བྱ། བུམ་ལྷ་འོད་ཞུ་བྱས་མཐར་གཞན་ལ་དབང་

བསྐུར་བ་སོགས་དགོས་ན་བདག་འཇུག་ནི། བདག་མདུན་དབྱེར་མེད་དུས་གཙོ་བོའི་ཐུགས་ཀ་ནས་ལས་ལྷ་རྡོར་སེམས་ཞིག་ཤར་སྒོར་སྤྲོས་ལ། དེ་ཡིས་དབང་བཞི་ལེན་པའི་དམིགས་པ་བྱ། བདག་མདུན་ཐ་དད་ལ་ལས་ལྷ་སྤྲོ་མི་དགོས། གཞན་འདྲ། དཀྱིལ་འཁོར་བའི་ལྷ་དང་རང་སེམས་དབྱེར་མེད་དུ་རྟོགས་པ་ནི་ནང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་འཇུག་པ་ཡིན་གསུངས། སྦྱངས་འབྲས་ནི་སངས་རྒྱས་པའི་ཚེ་གང་འདུལ་ཆོས་ཀྱི་འཁོར་ལོ་བསྐོར་བ་དེའོ། མཐར་དབྱངས་གསལ་ནི་སྔགས་དགྲ་གཤེད་ཀྱི་སྐྱོན་བསལ་བ་དང་། ཡིག་བརྒྱས་ལྷག་ཆད་ཁ་བསྐང་བ་དང་། རྟེན་འབྲེལ་སྙིང་པོས་སྔགས་ནུས་བརྟན་པར་བྱེད་དགོས་པ་ཡིན། སྤྱི་དོན་གསུམ་པ་རྗེས་ཀྱི་བྱ་བ་ལ། ཞར་བྱུང་ཆོ་གའི་ཡན་ལག་ཚོགས་ཀྱི་རིམ་པ་དང་། ཐུགས་འོད་གསལ་གྱི་རྣལ་འབྱོར་གཉིས་ལས། དང་པོ་དཀྱིལ་འཁོར་གྱི་ལྷ་ཚོགས་པས་དགྱེས་ལྡན་ལྷའི་ཚོགས། རྣལ་འབྱོར་བ་འདུས་པའི་སྐལ་ལྡན་མི་ཡི་ཚོགས། ཤ་ཆང་སོགས་འཚོགས་པའི་འབྱོར་ལྡན་ཡོ་བྱད་ཀྱི་ཚོགས་ཞེས་བྱའོ། དེ་ལ་སྟག་ལྤགས་སོགས་ཀྱི་སྟེང་དུ། ཚོགས་ཕུད་རིམ་པ་བཞིར་སྤྲོས་དེ་བྲན་ལ་རྫས་རྣམས་བཤམས། བདག་མདུན་དབྱེར་མེད་ཀྱི་ཚེ། གཙོ་བོའི་ཐུགས་ཀ་ནས་ལས་ལྷ་རྡོར་སེམས་ཞིག་དཀྱིལ་འཁོར་གྱི་ཤར་ཕྱོགས་སུ་སྤྲོས་པའམ། བདག་མདུན་ཡིན་ཚེ་བདག་བསྐྱེད་དེས་ཚོགས་ཀྱི་ལས་རྣམས་བྱ། སྐབས་འདིར་མདུན་བསྐྱེད་ཞི་ཁྲོའི་གཙོ་བོ་གོ་འཕོ་མི་འཕོ་བའི་སྲོལ་གང་བྱས་ཀྱང་ཆོག་གང་ལྟར་ཡང་། ཧཱུྃ་ཉོན་ཅིག་སོགས། ཆེ་མཆོག་ཁྲོ་བོའི་ང་རྒྱལ་གྱིས་ཚོགས་ལ་བར་དུ་གཅོད་པའི་བགེགས་བསྐྲད། རྡོར་སེམས་གསལ་བའི་ཐུགས་ཀའི་སྤྲོ་བསྡུས་བྱིན་རླབས་བྱས་ཏེ་ཚོགས་རྫས་འདོད་ཡོན་མཁའ་ཁྱབ་ཏུ་སྤེལ། རང་གི་སྙིང་གའི་འོད་ཟེར་གྱིས་

ཚོགས་ཞིང་སྤྱན་དྲངས་པ་མདུན་རྟེན་ལ་བསྟིམ། དེ་ནས་ཕྱིའི་ཚོགས་ནི། གལ་མདོ་ལས། དང་པོ་འདོད་ཡོན་དྲུག་གི་མཆོད། །གཉིས་པ་དམ་རྫས་བདུད་རྩིའི་བཤགས། །གསུམ་པ་དགྲ་བགེགས་གཟུགས་ཕུང་སྟོབས། །ཞེས་པས་དང་པོ་མཆོད་པ་འདོད་ཡོན་མཆོད་སྤྲིན་ནམ་མཁའི་ཁམས་གང་བར་སྤེལ་ཏེ་ཕུལ། བར་བ་བཤགས་པ་བདུད་རྩི་ལྔར་དམིགས་ཏེ་ཕུལ་བས་མཁོན་བཅུག་སྦྱང་། ཐ་མ་བསྒྲལ་བ་ལ། བདག་ཉིད་ཆེ་མཆོག་སྐུར་བསྒོམ་ལ། མདུན་དུ་ཨེ་ལས་གྲུ་གསུམ་འབར་བའི་ཧོམ་ཁུང་དུ་ནྲྀ་ཏྲི་ལས་དགྲ་བགེགས་དངོས་སུ་གསལ་བ་ལ་འགུག་གཞུགས་བྱ། ལྷ་ཚོགས་རྣམས་དྲག་པོའི་ལས་ལ་བསྐུལ་ཏེ་བཀུག །ཁྲག་འཐུང་རོལ་པའི་སྐུར་བཞེངས་བདག་མདུན་ཐུགས་ཀའི་འོད་ཟེར་གྱིས། ཁྱམས་ཀྱི་དྲག་སྡེ་འགུགས། གིང་སོགས་རྦད་དེ་འགུགས་པ། བདག་བསྐྱེད་དཔལ་ཆེན་པོའི་ཤང་སྒྲོམ་ལས། སྤྲུལ་པའི་བྱ་འུག་ཕོ་ཉའི་ཚོགས་ཀྱིས་དབྱེ་བ། བཅིང་བ། བརྡུང་བ། སྨྱོ་རུ་གཞུགས་པ་རྣམས་བྱ། འདི་སྐབས་གསལ་བ་གསུམ་ནི། མི་ལྡོག་པའི་ཕྱིར་དུ་སྒྲོལ་མཁན་གྱི་རྣལ་འབྱོར་དཔལ་ཆེན་པོར་གསལ། མི་འབྱམས་པའི་ཕྱིར་དུ་བསྒྲལ་བྱ་རཱུ་ཏྲ་དངོས་སུ་གསལ། མི་རྡུགས་པའི་ཕྱིར་དུ་སྒྲོལ་བྱེད་ཀྱི་ཕུར་པ་ཡཀྴ་ཀྲོ་དྷར་གསལ་བའོ། །ལྷ་གསུམ་ནི། ལྟ་བ་གྱད་ཀྱི་ལྷ། གཉེན་པོ་ཡེ་ཤེས་ཀྱི་ལྷ། མངག་པ་ལས་ཀྱི་ལྷའོ། །ལྟ་སྒོམ་སྤྱོད་གསུམ་ནི། ཏིང་འཛིན་གྱིས་བདག་སྒྲོལ་བའི་ལྟ་བ། སྙིང་རྗེས་གཞན་སྒྲོལ་བའི་སྒོམ་པ། དབང་པོ་ཡུལ་དུས་ཀྱི་སྒྲོལ་བའི་སྤྱོད་པ། རྫོང་ཕྲེང་སྲོག་གསུམ་ནི། ལྟ་བ་བློ་འདས་ཀྱི་རྫོང་། སྒོམ་པ་ཡེངས་མེད་ཀྱི་འཕྲེང་། སྤྱོད་པ་ངེས་མེད་ཀྱི་སྲོག་གོ། །ཕུར་བ་གསུམ་ནི། ཚད་མེད་སྙིང་རྗེའི་ཕུར་བ། བྱང་ཆུབ་སེམས་ཀྱི་ཕུར་

བ། མཚན་མ་རྫས་ཀྱི་ཕུར་བ། འཚེངས་བ་ལྔ་ནི། ཚེ་ལུང་གི་དགོངས་པས་རང་འཚེངས། ཁྲུས་ལུང་གི་དགོངས་པས་རཱུ་ཏྲ་འཚེངས། གནས་ལུང་གི་དགོངས་པས་འོག་མིན་དུ་སྦྱོར་མཆོད་འཚེངས། ཤ་ཁྲག་ཚོགས་སུ་སྟོབས་པས་དཀྱིལ་འཁོར་གྱི་ལྷ་ཚོགས་འཚེངས། གནོད་བྱེད་དང་བྲལ་བས་བསྟན་པ་རིན་པོ་ཆེ་འཚེངས་བའོ། །ཚེ་ཁྲུས་ཀྱི་དགོངས་པ་ནི། ཕུར་བ་སྲས་མཆོག་དང་། ཙོའུ་རི་མས་མདའ་གཞུའི་བྱ་བ་གཉིས་གང་བྱས་ཀྱང་ཆོག །ཕུང་ཁམས་རྟོག་ཚོགས་ཐམས་ཅད་ཀྱི་མཆོད་པ་ཡོད་ཕྱིར་ཚེ་ཁྲུས་མ་བྱས་ཀྱང་འགལ་བ་མེད་པ་འདྲ། ཀོ་སེང་སྒོ་མ་སྒྲོལ་གིང་ཚོགས་ཀྱིས་ཕུང་པོ་དུམ་བུར་གཏུབ་ཏེ་ཤ་ཁྲག་བདུད་རྩིར་སྤེལ་བ་སྟོབས་གིང་དཔའ་བོའི་ཚོགས་ཀྱིས་བསྟབས་པའི་ལས་བྱ། ནང་གི་ཚོགས་ནང་གི་ལུས་དཀྱིལ་གྱི་ལྷ་རྣམས་གསལ་བཏབ་ཏེ་བདུད་རྩིའི་མཆོད་རྫས་ལྟེ་བའི་གཏུམ་མོའི་མེས་བཞུས་པའི་དྭངས་མ་ལྷ་ཚོགས་རྣམས་ཀྱིས་ཞལ་དུ་གསོལ་བར་བསམ། གསང་བའི་ཚོགས་ནི། གཉིས་འཛིན་གྱི་ཞེན་རྟོག་འཛིན་པ་མེད་པའི་ངང་དུ་རོལ་པའོ། །ལྷག་མ་ལ་དཀྱིལ་འཁོར་གྱི་བྱང་ཤར་དུ་ཞིང་ལྤགས་ལ་དྲི་དང་རཀྟས་ཆོས་འབྱུང་དང་ཟླ་གམ་གསུམ་བྲིས་པའི་ཁར་གཙང་ལྷག་བཤམས་ལ་བསྒོམ་དོན་ནི། གྲུ་གསུམ་མཐིང་ནག་འབྱམས་ཀླས་པའི་གཞལ་ཡས་ཁང་གི་ནང་དུ། གལ་པོ་ལས། དབྱིངས་ནས་རྣམ་པར་བསྐུལ་བ་དང་། །བྱིན་གྱིས་ཡང་དག་བརླབས་པ་དང་། །ཐབས་ཆེན་ཡབ་དུ་བསྟན་པ་དང་། །ཤེས་རབ་ཡུམ་དུ་གནས་པ་དང་། །ཁྲོ་མོ་ཀོའུ་རི་བརྒྱད་རྣམས་དང་། །ཡུལ་གྱི་ཕྲ་མེན་ཆེན་མོ་དང་། །ཡེ་ཤེས་སྒོ་མ་བཞི་པོ་རྣམས། །ཡར་གྱི་གནས་བདུན་དཀྱིལ་འཁོར་དེ། །ཞེས་གསུངས་པ་ལྟར་གསལ་བཏབ་སྟེ། གཙང་ལྷག་གི་ཡར་གནས་རྣམས་མཆོད། དེ་རྩོག་ལྷག་དང་བསྲེས་པ་

སློབ་དཔོན་གྱི་ལྕེ་རྟ་མགྲིན་ཡབ་ཡུམ་སྦྱོར་བ་མཛད་པའི་བྱང་སེམས་བདུད་རྩིར་སྤེལ་ལ། སྔ་མ་ལས། རྫུ་འཕྲུལ་མཁའ་ལ་འགྲོ་བའི་སུམ་ཅུ་གཉིས། །སྦྱོར་དང་སྒྲོལ་ལ་དགའ་བའི་གིང་ཆེན་བརྒྱད། །ལིངྐ་ཚར་གསུམ་རྟོགས་ཚད་འབུལ་བ་དང་། །ལུས་ངག་ཡིད་ཀྱིས་གནོད་པའི་འབར་མ་བརྒྱད། །བདུད་སྲིན་མ་མོ་བདུན་དང་སྲིང་མོ་བཞི། །དྲུག་ཅུ་རྩ་བཞི་ཕོ་ཉའི་གནས་རྣམས་ཏེ་༼དག་གི་ཕོ་ཉ་རྣམས༽། །ལྷག་མ་དག་ལ་དབང་བའི་གནས་དྲུག་ཡིན། །ཉི་ཤུ་རྩ་བརྒྱད་ཕུད་ལྷག་གཉིས་ལ་དབང་། །ཞེས་གསུངས་པ་ལྟར། ཕྱི་ཁྱམས་གྲུ་གསུམ་མཐིང་ནག་འབྱམས་ཀླས་པའི་ནང་དུ་ཐོད་རྔ་དང་ཕེམ་གྱི་སྒྲས་མཁའ་འགྲོ་སོ་གཉིས་སོགས། མར་གྱི་གནས་བདུན་ཐམས་ཅད་བྱིས་ནག་ཆུ་ལ་རུབ་པ་ལྟར་བསྡུས་ལ། ལྷག་མ་རྣམས་བསྔོས་ཏེ་སྒྲུབ་ཁང་ནས་གོམ་པ་བདུན་ཅུའི་བར་མཚམས་སུ་སྲིན་མོ་ཟ་ལམ་དུ་མཆོད། དེ་ནས་བསྐུལ་པ་ནི། ཞི་ཁྲོའི་ལྷ་ཚོགས་བཀའ་སྡོད་དང་བཅས་པ་ཞིང་བཅུའི་བསྟན་དགྲ་འདུལ་བའི་ཆེད་དུ། ཐུགས་ཆེར་ཁྲོས་ཏེ་དྲག་པོའི་ལས་ལ་བཞེངས་པར་བསམ་ལ་ཆད་ཐོའི་གཏོར་མ་དགྲ་བགེགས་ཀྱི་ཤ་ཁྲག་བདུད་རྩིར་སྤེལ་བ་བཀའ་གཏེར་སྲུང་མ་དྲེགས་པ་སྡེ་བརྒྱད་སོགས་ལ་དམག་ལྟོའི་ཚུལ་དུ་མཆོད། དེ་རྗེས་གཏོར་མ་དེ་ཉིད་ཐོག་སེར་ནད་མཚོན་དུ་དམིགས་ནས་དགྲ་བགེགས་ཀྱི་སྟེང་དུ་ཟོར་ཐབས་སུ་རྦད་པ་རྗེས་མེད་རྡུལ་ཕྲན་དུ་བརླགས་པར་བསམ། དེ་ནས་གཏོར་གཞོང་དེ་ཉིད་སྨན་ཕུད་གྱིས་བཤལ་ནས་བརྟན་མའི་གཏོར་མ་ལ་བྲན་བཞིན། དེ་བདུད་རྩིར་སྤེལ་ལ་དབང་མོ་ཉེར་བརྒྱད་བསྟན་མ་བཅུ་གཉིས་རང་རང་གི་ཞོན་པ། འཁོར་སྨན་ཕྲན་འབུམ་དང་བཅས་པ་གླུ་གར་རོལ་མོའི་སྒྲ་དང་བཅས་ཏེ། འདུས་པ་ལ་བསྔོས་པས་རྣལ་འབྱོར་བའི་བྲན་བཞིན་ལས་བསྒྲུབ་པར་བསམ། བྲོ་བརྡུང་

ནི་སྙིང་གཟེར་ལས། མི་མཐུན་གླུ་སྣ་བླང་བ་ནི། །ལས་གཞུང་བྲོ་ཡི་བསྡུ་བ་ནི། །ཞེས་པས། དུག་གསུམ་འབར་བའི་ཧོམ་དུ་དམ་སྲི་འགབ་འདྲེ་བཀུགས་པའི་སྟེང་དུ་གཏོར་གཞོང་རི་རབ་ཏུ་གསལ་བས་མནན་པར་སྣང་སྲིད་ཁྲོ་བོའི་འགྱིང་གླུ་ལས་བཞིའི་རྔམས་བྲོ་བརྡུང་བར་དམིགས། བཟོད་གསོལ་ལ་བདག་བསྐྱེད་ལས་ཀྱི་ལྷའི་སྤྱི་བོར་རྡོར་སེམས་བསྒོམས། བཀྲ་ཤིས་ཀྱི་དུས་སྟེང་དུ་ནམ་མཁར་མགྲོན་ཐབས་ཀྱི་ལྷའི་མེ་ཏོག་གི་ཆར་ཕབ་སྟེ། བཀྲ་ཤིས་ཀྱི་གླུ་དབྱངས་སྒྲོགས་པར་བསམ། རྟེན་བཞུགས་ནི། སྣང་སྲིད་དག་པ་རབ་འབྱམས་སུ་གསལ་བའི་ཡེ་ཤེས་པ་རྣམས་རྟེན་ལ་བསྟིམ། །གཉིས་པ་ཐུགས་འོད་གསལ་གྱི་རྣལ་འབྱོར་ལ། སྦྱངས་བྱ་ནི། འཆི་བ་སླར་འབྱུང་བ་དང་བར་སྲིད་ཀྱི་བག་ཆགས་ཡིན། སྦྱོང་བྱེད་བདག་ཉིད་ཀུན་བཟང་ཡབ་ཡུམ་གྱི་ཐུགས་ལས་འོད་ཟེར་འཕྲོས་ཏེ་སྣང་སྲིད་ཐམས་ཅད་འོད་དུ་ཞུ་ནས། རིམ་གྱིས་ཐུགས་སྲོག་ཨཱཿཡིག་མི་དམིགས་པའི་ངང་ལ་བཞག །སླར་ཡང་འོད་གསལ་དེ་ལས། རྡོ་རྗེ་སེམས་དཔའི་སྐུར་ལངས་ཏེ་ལྷ་སྔགས་ཆོས་སྐུའི་ལམ་ཁྱེར་དང་མ་བྲལ་བར་བྱའོ། །སྦྱངས་འབྲས་ནི་གདུལ་ཞིང་རྫོགས་པའི་གཟུགས་སྐུ་རྣམས་ཆོས་སྐུའི་དབྱིངས་སུ་ཐིམ་པ་དང་། སླར་ཡང་འགྲོ་བའི་དོན་དུ་སྐུ་གསུམ་གྱི་ཞིང་སྣང་རྒྱུན་མི་ཆད་པར་འབྱུང་བ་དེ་དག་གོ། །མདོར་བསྡུ་ན། རིག་འཛིན་འཇིགས་མེད་གླིང་པས། བསྐྱེད་ཚུལ་འཁོར་བའི་རྣམ་པ་དང་མཐུན་པའི། །སྲིད་པ་གསུམ་པོ་མ་ལུས་སྦྱོངས་ཞིང་དག །མྱ་ངན་འདས་དང་བཞུགས་ཚུལ་མཐུན་པ་ཡིས། །ལྷ་ཡི་རྣམ་པས་འབྲས་བུ་གཞི་ལ་རྫོགས། །གཉིས་གའང་རྫོགས་པའི་རིམ་པའི་སྨིན་བྱེད་དུ། །འགྲོ་བའི་དག་རྫོགས་སྨིན་གསུམ་སྤྱི་ལ་གཅེས། །ཞེས་གསུངས་པ་ལྟར་རོ། །རྩ་

བའི་ས་བཅད་གསུམ་པ་མཐུན་གྲོགས་དམ་ཚིག་བསྲུང་བ་ལ། སྤྱི་དང་ཁྱད་པར་ལྷག་པའི་དམ་ཚིག་དང་གསུམ་ལས། དང་པོ་སྤྱིའི་དམ་ཚིག་ནི། སོ་ཐར་གྱི་སྐྱབས་གསུམ་འཛིན་པའི་དགེ་བསྙེན་ནས་བཟུང་། དགེ་སློང་གི་ཉིས་བརྒྱ་ལྔ་བཅུ། བྱང་སེམས་ཀྱི་རྩ་ལྟུང་ཉི་ཤུ། སྔགས་ཀྱི་ཕྱི་རྒྱུད་སྡེ་གསུམ་གྱི་རྩ་ལྟུང་བཅུ་བཞི་རྣམས་སོ། །གཉིས་པ་ཁྱད་པར་གྱི་དམ་ཚིག་ལ་ལྔ་ལས། དང་པོ་རྩ་བ་སྐུ་གསུང་ཐུགས་ཀྱི་དམ་ཚིག་ནི། གསལ་བཀྲ་ལས། བྱང་སེམས་རྣམ་གཉིས་སློབ་དཔོན་དྲུག །མཆེད་བཞི་སྔགས་གསུམ་ཕྱག་རྒྱ་བཞི། །གསང་བཅུ་རྩ་བར་ཤེས་པར་བྱ། །ཞེས་པ་ལྟར། ཀུན་རྫོབ་དོན་དམ་གྱི་བྱང་སེམས་གཉིས་དང་། བཀའ་དྲིན་ཐོབ་པ་ཙམ་དང་། མཁན་པོ། དབང་བསྐུར་བ། བཤགས་ཡུལ། ཆོས་གསུང་བ། མན་ངག་སྟོན་པ་སྟེ་སློབ་དཔོན་དྲུག །སྤྱིའི་མཆེད་སེམས་ཅན་ཐམས་ཅད། རིང་བའི་མཆེད་ཆོས་སྒོར་ཞུགས་ཚད། ཉེ་བའི་མཆེད་སྔགས་ལ་ཞུགས་ཚད། ནང་འདྲེས་ཀྱི་མཆེད་དབང་མཉམ་དུ་ཞུས་པ། མཆེད་བཞི་ཏེ་སྐུ་ཡི་དམ་ཚིག་གོ། རྩ་བའི་སྔགས། རྐྱེན་ཀྱི་སྔགས། ལས་སྔགས་དང་གསུམ། ལྷ་སོ་སོའི་སྐུ་གསལ་བ་ཕྱག་ཆེན། ཐུགས་ཀར་རང་རང་གི་ས་བོན་བསམ་ཞིང་སྔགས་བརྗོད་པ་ཆོས་རྒྱ། ཕྱག་མཚན་འཛིན་པའི་ཕྱག་རྒྱ་བཅའ་ཞིང་བསམ་པ་དམ་རྒྱ། ཕྱག་རྒྱ་བཅས་ནས་མདུན་དུ་བསྒྱུར་དེ་དཀྲོལ་བ་ལས་རྒྱ་སྟེ་གསུང་གི་དམ་ཚིག་གོ། ལྟ་སྤྱོད་ཟབ་མོ་གསང་བ་སོགས་ཐུགས་ཀྱི་དམ་ཚིག་གོ། གཉིས་པ་ཡན་ལག་གི་དམ་ཚིག་ཉི་ཤུ་རྩ་ལྔ་ལ། ཤེས་བྱ་ལྔ་ནི། ཕུང་པོ་ལྔ་སོགས་རིགས་ལྔར་ཤེས་པ། མི་སྤང་ལྔ་ནི་དུག་ལྔ་དང་དུ་ལེན་པ། སྤྱད་བྱ་ལྔ་ནི་སྲོག་

གཅོད་པ་དང་བརླང་ཚིག་སོགས། དང་དུ་བླང་བ་ལྔ་ནི། བདུད་རྩི་ལྔ། བསྒྲུབ་བྱ་ལྔ་ནི་ཤེས་བྱ་ལྔ་པོ་རྟོགས་སྒོམ་བྱེད་པའོ། །གསུམ་པ་རིགས་ལྔའི་དམ་ཚིག་ལ། ཚུལ་ཁྲིམས་གསུམ་དང་དཀོན་མཆོག་གསུམ་སོགས་དང་། དཀྱིལ་འཁོར་སོགས་མི་འབྲལ་བ་དེ་བཞིན་རིགས་ཀྱི་དམ་ཚིག །རྡོ་རྗེ་དང་དྲིལ་བུ་དང་ལྷ་བསྒོམ་པ་རྡོ་རྗེ་རིགས་ཀྱི་དམ་ཚིག །སྦྱིན་པ་རྣམས་བཞི་རིན་ཆེན་རིགས་ཀྱི་དམ་ཚིག །ཐེག་པ་གསུམ་འཛིན་པ་པདྨ་རིགས་ཀྱི་དམ་ཚིག །འགྲོ་དོན་ལ་བརྩོན་པ་ལས་ཀྱི་རིགས་ཀྱི་དམ་ཚིག །བཞི་པ་རྩ་ལྟུང་བཅུ་བཞི་ནི། དང་པོ་བླ་མ་བསླུས་པ། གཉིས་པ་རྒྱལ་བའི་བཀའ་འདས། གསུམ་པ་མཆེད་གྲོགས་ལ་སྡང་བ། བཞི་པ་བྱང་སེམས་སྤོང་བ། ལྔ་པ་སྨོན་སེམས་གཏོང་བ། དྲུག་པ་ཆོས་ལ་སྨད་པ། བདུན་པ་གསང་བ་བསྒྲགས་པ། བརྒྱད་པ་ཕུང་ཁམས་ལྷར་མ་ཤེས་པ། དགུ་པ་འཁོར་འདས་གཅིག་ཏུ་མ་རྟོགས་པ། བཅུ་པ་ཞིང་བཅུ་མ་བསྒྲལ་བ། བཅུ་གཅིག་པ་རིག་པ་རྟོག་གེས་འཇལ་བ། བཅུ་གཉིས་པ་གཞན་ལ་འཚམས་པའི་ཆོས་མི་སྟོན་པ། བཅུ་གསུམ་པ་གཙང་དམེའི་གཉིས་རྟོག་བྱེད་པ། བཅུ་བཞི་པ་འབྱུང་བ་ལྔ་དང་བུད་མེད་ལ་སྨོད་པའོ། །ལྔ་པ་སྦོམ་པོ་བརྒྱད་ནི། ཐ་མལ་བུད་མེད་བརྟེན་པ། བདུད་རྩི་རང་གར་ལེན་པ། དམ་མེད་ལ་ལྷ་སྐུ་༼གཟུགས་༽སོགས་སྟོན་པ། ཚོགས་འཁོར་དུས་ཐ་མལ་དུ་རྩོད་པ། སྣོད་ལྡན་ལ་ཆོས་ལོག་པར་སྟོན་པ། མི་ཤེས་བཞིན་རྡོ་རྗེ་འཛིན་པར་རློམས་པ། ཐེ་ཚོམ་ཅན་ལ་གསང་བ་སྒྲོགས་པ། སྔགས་ཀྱི་ལྟ་སྤྱོད་ལ་སྨོད་པ་དང་བརྒྱད་དོ། །གསུམ་པ་ལྷག་པའི་དམ་ཚིག་ནི། འཚམས་དང་བསྒྲུབ་ཆེན་དུས་བསྲུང་བ་ཡིན་ཏེ། ཞི་བ་ལྷ་རྒྱུད་ལས། གཅན་གཟན་སློབ་དཔོན་ལ་མི་འཚེ། རྒྱལ་པོའི་ཁྲི་མི་བཤིག །ཟ་མ་

ཏོག་ཏུ་དུག་བླ་མའི་ཡུམ་ལ་མི་སྤྱད། མི་བླུག །རིན་ཆེན་ལྕུགས་ཕྲན་མི་འབྲལ་ཞིང་། དད་ཅན་གྱི་ཚོགས་མི་བཅག །མ་དག་སྣོད་དུ་བུད་མེད་མཚན་ངན་ལ་མི་སྤྱད། དག་པ་མིན། །ཞུན་ཁོལ་ལྟ་བུ་མི་བཏུང་སྟེ། །མཁས་དང་དཀོན་མཆོག་གི་རྫས་ལ་མི་འབག །པདྨའི་ཟེ་འབྲུ་མཆེད་ཀྱི་ཡུམ་མི་སྤྱད། ཁ་མི་གསང་། །བུག་རྡོལ་སྣོད་དུ་སྣོད་ངན་ལ་གསང་སྔགས་མི་སྟེར། བཅུད་མི་བླུག །དོན་དང་མི་ལྡན་རྫས་མི་བརྟེན། ཐོད་ངན་སོགས། ཤེལ་གོང་མཁས་པའི་ཡོན་ཏན་མི་སྨད། འདམ་དུ་བསུབ་མི་བྱ། །ཡིད་བཞིན་ནོར་བུ་མཚན་བཟང་གི་རིག་མ་དང་རྫས་མི་སྤངས། མི་བསྲེགས་སྟེ། །ཁྱུང་ཆེན་གཤོག་པ་རིག་མ་སོགས་ཐབས་ཤེས། ཡ་མི་འབྲལ། །གནམ་ལྕགས་ངུར་མོའི་མཚོན་མཆེད་ལ་མི་འཐབ། མི་གདབ། །གཅན་གཟན་རོལ་པའི་གཞན་གྱི་ཟས། ལྷག་མི་སྤྱད། །རྡོ་རྗེའི་བྲག་ཆེན་དཀྱིལ་འཁོར་དང་སློབ་དཔོན་གདན་མི་བཤིག །མི་བཤིག་ཅིང་། །ར་བ་འདྲ་བའི་གཞན་གྱི་མཚམས་མི་རལ། མཚམས་མི་བྲལ། །སྒྲོན་མེ་རླུང་གི་ཏིང་འཛིན་ལ་བྱིང་རྨུག་མི་བཏང། བསད་པ་མིན། །ཡེ་ཤེས་ཆུ་རྒྱུན་སྔགས་རྒྱུན། བཅད་པ་སྤངས། །བཀའ་རྟགས་དབང་རྟགས་མི་བརྗེད། ཕྱག་རྒྱ་མི་འཕྱི་ཞིང་། །རྡོ་རྗེ་ཕ་ལམ་སྐྱེ་བོའི་མཐུ་བཟློག་མི་བྱ། མཁར་མི་བཟློག །གཙུག་གི་ནོར་བུ་བླ་མ་ལ་མི་སྨད། སྨྲ་མི་དབབ། འདི་དག་བསྲུང་བར་བྱ་བ་སྟེ། །ལྷག་པར་གཅེས་པའི་དམ་ཚིག་ཡིན། །ཞེས་སོ། །དེ་ཇི་ལྟར་བསྲུང་ཚུལ་ནི། གོང་གི་གནང་བཀག་མ་བརྗེད་པའི་དྲན་པ། ཉམས་མ་ཉམས་རྟོག་དཔྱོད་ཀྱི་ཤེས་བཞིན། གཟོབ་པ་ལྷུར་ལེན་པའི་བག་ཡོད། རང་ལ་བརྟེན་པའི་ངོ་ཚ་དང་། གཞན་ལ་ལྟོས་པའི་ཁྲེལ་ཡོད། ཉམས་པའི་ཉེས་དམིགས་ལ་འཇིགས་པ་དང་། མ་ཉམས་པའི་ཕན་ཡོན་ལ་སྤྲོ་བ། དེ་བདུན་གྱིས་བསྲུང་བར་བྱའོ། །བསྲུང་བའི་ཕན་ཡོན། ཉམས་པའི་ཉེས་དམིག་རྣམས། སྒྱུ་འཕྲུལ་ལས། རྩ་བའི་དམ་ཚིག་ཉམས་

གྱུར་ན། །སྒྲུབ་པ་ཐམས་ཅད་ལོགས་པར་འགྱུར། །ཡིད་དུ་མི་འོང་སྣ་ཚོགས་པས། །འབྲས་བུ་མི་འདོད་བཞིན་དུ་འབྱུང་། ཞེས་དང་། རྒྱུད་ལས། དམ་ཚིག་ཐེག་ཆེན་ཆོས་ཀྱི་སྲོག །མ་ཉམས་སྲུང་བའི་རྣལ་འབྱོར་ལ། །ཡེ་ཤེས་ཕོ་རྒྱུད་སྤྲིན་ལྟར་གཏིབས། །མ་དང་མཁའ་འགྲོ་གྲིབ་བཞིན་འབྲང་། །དམ་ཅན་མཁའ་འགྲོ་བྲན་ལྟར་འཁོར། །མཆོག་དང་ཐུན་མོང་དངོས་གྲུབ་འདུ། །ཞེས་སོ། །ཐུན་མཚམས་ཀྱི་བྱ་བ་ཆོས་སྤྱོད་ཀྱི་རིམ་པ་ལ། སྡེ་བདུན་གྱི་དུས་དཀྱིལ་འཁོར་གྱི་གཙོ་བོའི་ཐུགས་ཀ་ནས། ལས་བྱེད་ཀྱི་ལྷ་ཆེ་མཆོག་ཧེ་རུ་ཀའི་རྣམ་པར་ཐོན་ནས། ཤར་ཕྱོགས་ཀྱི་དུར་ཁྲོད་སོགས་ནས་གསོལ་ལས་བྱེད་པའམ། ཡང་ན་དཀྱིལ་འཁོར་གྱི་གཙོ་བོའི་ང་རྒྱལ་གྱིས་བྱེད། འདི་དུས་གཉེན་པོ་ཡེ་ཤེས་ཀྱི་ལྷ་མ་གསལ་ན། དྲེགས་པ་ཅན་གྱི་གོང་མི་ནོན། མངག་པ་ལས་ཀྱི་ལྷ་མ་གསལ་ན། འཕྲིན་ལས་མི་འགྲུབ་པས་བསྐྱེད་རིམ་གྱི་ངར་དང་ལྡན་དགོས། བཤགས་པ་བརྒྱ་ཀློང་གི་དུས་དཀྱིལ་འཁོར་གྱི་ཕྱི་ཁྱམས་སུ་རང་དང་ཚེ་འདས་ཡོན་བདག་མཁའ་ཁྱབ་ཀྱི་སེམས་ཅན་རྣམས་ཐ་མལ་ལྟར་དུ་དམིགས་ལ། ལུས་ཀྱི་སྒོ་ནས་མོས་གུས་ཕྱག་གི་བཤགས་པ་ནི་བརྒྱ་ཕྱག་ལྟར་དང་། ངག་གི་སྒོ་ནས་བྱིན་རླབས་སྔགས་ཀྱི་བཤགས་པ་སྤྱི་བོར་རྡོར་སེམས་བསྒོམ་བཟླས་ཀྱི་དུས་རང་གཞན་གྱི་སྤྱི་བོར་རྡོར་སེམས་བསྒོམ་ལ་བཟླ། སྒོ་གསུམ་ཆ་མཉམ་གྱི་བཤགས་པ་ནི། ཀློང་བཤགས་ནང་གང་ཡོད་དང་། ཡིད་ཀྱི་སྒོ་ནས་རྟོག་ཚོགས་ལྟ་བའི་བཤགས་པ་ནི། ལྟ་བའི་ཀློང་བཤགས་ལྟར་ལ། བཤགས་པ་འདི་རྣམས་ཀྱི་དུས། དམ་ཚིག་ཉམས་ཆགས་ཐམས་ཅད་བཤགས་པ་གཙོ་བོར་བྱེད་དགོས་པ་དམིགས་པའི་མདོ་འགགས་ནི་གཉེན་པོ་སྟོབས་བཞི་དང་། བཤགས་པའི་སྒོ་བཞི་དང་། གནོང་འགྱོད་དྲག་པོའི་

བཤགས་པ་ནི་གོ་སླ། ཉམས་པའི་བརྡ་སྦྱར་བའི་བཤགས་པ་ནི། དམ་ཚིག་འདི་རྣམས་སོ་ཞེས་བརྗོད་པ་དང་། ཡེ་ཤེས་ཀྱི་མེས་བསྲེགས་ཏེ་བཤགས་པ་ནི། ལྷ་ཚོགས་རྣམས་ཀྱི་ཐུགས་ཀ་ནས་འོད་ཟེར་མེ་ཞགས་ལྟ་བུའི་རང་བཞིན་གྱིས་བག་ཆགས་སྦྱང་བ་དང་། རང་བཞིན་མེད་པར་བཤགས་པ་ནི་དགེ་སྡིག་གང་ཡང་རང་མཚན་པ་ཞིག་མེད་པའི་གནས་ལུགས་གང་དུའང་མ་གྲུབ་པ་དེའི་ངང་ལ་མཉམ་པར་འཇོག་པ་རྣམས་ཡིན། བསྐང་བ་ལ། ཕྱི་ཐུན་མོང་རྫས་ཀྱིས་བསྐང་བ་ནི། བསྐང་རྫས་བྱིན་བརླབས་ནས། ནམ་མཁའ་བར་སྣང་ས་གཞི་སོགས། སྣང་བས་གར་ཁྱབ་ཐམས་ཅད་ཉེར་སྤྱོད་ཐོགས་པའི་མཆོད་པའི་ལྷ་མོས་ཁེངས་བར་དམིགས་ནས་ཕུལ། ནང་ཐུན་མོང་མ་ཡིན་པའི་རྫས་ཀྱིས་བསྐང་བ་ནི། སྐབས་འདིར་ཕྱི་ཁྱམས་ལ། རང་གཞན་ཐམས་ཅད་ཀྱི་རྣམ་སྨིན་གྱི་ལུས་མཆོད་རྫས་དང་། རང་རིག་རང་བཞིན་དཀྱིལ་འཁོར་གྱི་ལྷའི་རྣམ་པར་བསྒོམ་པའོ། །འདི་སྐབས་བཤགས་སྨོན་ལ། ཉམས་པ་ལྔ་ནི། སྤྱི་མདོ་ལས། ཉམས་པར་གྱུར་པ་གང་ཞེ་ན། །ཀུན་ཏུ་ཉམས་པ་ཆེན་པོ་དང་། །རྩ་བ་ཉམས་དང་ཡན་ལག་ཉམས། །དེ་བཞིན་ཟླས་ཉམས་ཞར་ཉམས་ལྔ། །ཞེས་པ་དང་། ཉམས་པ་ཆེན་པོ་ནི། རྩ་བའི་བླ་མའི་ཐུགས་དཀྲུགས་པ། རྩ་བ་ཉམས་པ་ནི། སྐུ་གསུང་ཐུགས་ཀྱི་དམ་ཚིག །ཡན་ལག་ཉམས་པ་ནི། དམ་ཚིག་ཉི་ཤུ་རྩ་ལྔ། ཟླས་ཉམས་ནི། དམ་ཚིག་ཉམས་པའི་མི་དང་འགྲོགས་པ། ཞར་ཉམས་ནི་ཀུ་རེ་དང་རྩེད་མོའི་ཕྱིར་དུ་ཉམས་པ་དང་ལྔའོ། །དེ་ཡང་ཞག་གིས་བར་ཆོད་ན་འགལ་བ། ཟླ་བས་བར་ཆོད་ན་ཉམས་པ། ལོ་གཅིག་གི་བར་ཆོད་ན་འདས་པ། ལོ་གསུམ་ཚུན་ཆོད་རལ་པ་ཞེས་བྱའོ། །

ཆགས་པའི་རང་བཞིན་རང་གི་ཡི་དམ་གྱི་བསྙེན་པ་དང་། ཚོགས་གཏོར་སོགས་ལེ་ལོའི་དབང་གིས་ཆགས་པ་ལ་ཟེར། རྟོག་སྒྲིབ་ནི། གནས་ལུགས་ཀྱི་དོན་ཡིད་དཔྱོད་ཀྱི་བློས་བྱས་པའི་སྒྲིབ་པ་ལ་ཟེར། ལས་ངན་ནི། བསོད་ནམས་མ་ཡིན་པའི་ལས་ཀྱིས་ངན་སོང་གསུམ། བསོད་ནམས་ཀྱིས་མཐོ་རིས་གསུམ། མི་གཡོ་བའི་ལས་ཀྱིས་གཟུགས་མེད་ཁམས་བསྐྱེད་པའོ། །སྡིག་པ་མི་དགེ་བ་བཅུ། སྒྲིབ་པ་ལྔ། དུག་ལྔའི་དབང་ཤོར་བའི་ཉོན་སྒྲིབ་དང་། དག་བྱེད་གཉེན་པོ་ལ་ཞེན་པ་ཤེས་སྒྲིབ་སོགས་གཞན་རྣམས་སླའོ། །མར་མེའི་སྨོན་ལམ་ནི། ཕྱི་ཁྱམས་ལ་རང་གཞན་རྣམས་ཀྱི་ལག་ཏུ་མར་མེ་རེ་ཐོགས་ནས། སྨོན་ལམ་གྱི་མཚམས་སྦྱར་ནས་དམིགས། གསང་བ་བླ་མེད་ཚོགས་ཀྱིས་བསྐང་བ་ནི། ལས་གཞུང་ལྟར་དང་། ཞི་བ་ལ་གནས་དག་དང་། ཁྲོ་བོ་གནས་གྱུར་གྱི་བསྐང་བ་བཏང་། མཆོག་ཆེན་ནི་མཐོ་རིས་གསུམ། མཆོག་ཕྲན་ནི་ངན་སོང་གསུམ། ཡང་ན་ཞིང་བཅུའི་མི་བདུན་མཆོག་ཆེན་དང་། ངན་སོང་གསུམ་མཆོག་ཕྲན། ཞིང་བཅུ་ནི་གསལ་བཀྲ་ལས། དཀོན་མཆོག་སློབ་དཔོན་སྐུ་དགྲ་གཉིས། །དམ་ཉམས་སླར་གསོ་ཞིང་ཉམས་ལོག་དང་གསང་སྔགས་ཀྱི་ཆོས་འཁུ་བ་དང་། །སྔགས་སྤྱོད་ལ་མི་དབང་བཞིན་དུ་འདུ་བར་འོང་དང་སེམས་ཅན་ཡོངས་ལ་གནོད། །དམ་དགྲ་ངན་པའི་མི་དགེ་བ་འབའ་ཞིག་ལ་འཇུག་པ་ངང་ཚུལ་ཅན། །ངན་སོང་སྡུག་བསྔལ་གྱི་རྒྱུ་ལ་སྤྱོད་པ་དགུ། འབྲས་བུ་ལ་སྤྱོད་པ་ངན་སོང་གསུམ་གཅིག་ཏུ་བརྩིས་པའི་གསུམ་དང་བཅུ་པོ་ནི། རྣལ་འབྱོར་ཀུན་གྱིས་དང་དུ་བླངས། །ཞེས་སོ། །མདངས་བསྐང་ཞེས་པ་སྲོག་དང་ལྡན་པ་ལ་ཟེར། ཕུར་པའི་བསྐང་བ་ནི། དཀྱིལ་འཁོར་གྱི་བྱང་དུ་སྐད་ཅིག་གིས་ཕུར་པའི་ལྷ་ཚོགས་གསལ་བཏབ་བསྐང་བ་བྱའོ། །སྡེ་བདུན་བསྐང་བ་ཡང་འདོན།

དེ་ཁོ་ན་ཉིད་ཀྱི་བསྐང་བ་ནི། རིག་པ་བརྟུལ་ཞུགས་ཀྱི་ངར་དང་ལྡན་པར་འཁོར་འདས་ཆོས་སྐུར་རྟོགས་པའི་ཀློང་དུ་བསྐང་བའོ། །གནས་འདྲེན་དང་དབང་གི་བསྒོམ་དོན་མདོ་ཙམ་ནི། རང་གཞུང་གི་ས་བཅད་བཅུ་ལ། དང་པོ་ཚེ་འདས་གཤེད་དང་བྲལ་བ་ནི། དཀྱིལ་འཁོར་གྱི་ཤར་ལྷོ་གང་རུང་གི་སྒོ་གཡོན་དུ། རང་རྡོར་སེམས་ཀྱི་རྣམ་པར་འཁོད་པ་ལ། མདུན་དུ་ཚེ་འདས་དེ་ཉིད་དངོས་སུ་གསལ་བ་རང་གི་ཐུགས་ཀའི་འོད་ཟེར་གྱིས། རྣམ་ཤེས་འཁྱམས་པོ་ཡི་གེ་ཨ་དཀར་པོའི་རྣམ་པ་བཀུགས་ནས་མདུན་རྟེན་གྱི་སྤྱི་བོ་ནས་བསྟིམ་པ་གཤེད་འདྲེ་རྣམས་གཟུགས་དང་གྲིབ་མའི་ཚུལ་དུ་འཁོད་པར་དམིགས་ལ། འདི་སྐབས་ལམ་ལྔ་ནི། འགྲོ་བ་རིགས་དྲུག་གི། ལྷ་མིན་གྱི་སྟོད་རིགས་ལྷ་དང་། སྨད་རིགས་དུད་འགྲོར་བསྡུས་ཏེ། དམྱལ་བ་གདུང་བའི་ལམ། ཡི་དྭགས་འགོགས་པའི་ལམ། དུད་འགྲོ་མུན་པའི་ལམ། ལྷ་གཡེང་བའི་ལམ། མི་འདོད་པའི་ལམ་དང་ལྔ། ཡང་རྨི་ལམ་གྱི་ལམ། བག་ཆགས་ཀྱི་ལམ། ལས་མཐའི་ལམ། འཁྲུལ་འཁོར་མ་ངེས་པའི་ལམ། རྒྱུ་དང་འབྲས་བུ་སོ་སོར་མ་ངེས་པའི་ལམ་དང་ལྔའོ། །གཏོར་མ་བྱིན་རླབས་བྱས་ཏེ་ལྷ་སྔགས་རྫས་ཞི་བ་གསུམ་གྱིས་ཀླུ་གདོན་སྦྱངས། ལྷ་རྫས་གཉིས་ཞི་བ་ལ། སྔགས་དྲག་པོ་སྟེ་ཕྱེད་མས་མོ་གདོན་སྦྱངས། ལྷ་ཆེ་མཆོག་སྔགས་དྲག་པོ་རྫས་གུལ་ཡུངས་ཏེ་དྲག་པོ་གསུམ་གྱིས་ཕོ་གདོན་སྦྱངས། གང་ལྟར་གཤེད་འདྲེ་རྣམས་ལ་དབང་པོ་ཚིམ་པའི་གཏོར་མ་བསྔོས་ཏེ་ཕྱིར་བསྐྲད་ནས་བསྲུང་འཁོར་བསྒོམས། གཉིས་པ་རིགས་དྲུག་གནས་ནས་བཀུགས་པ་ནི། མིང་བཞི་འདུས་པའི་བར་དོའི་རྣམ་ཤེས་དེ་རིགས་དྲུག་གནས་ནས་ཡང་ཡང་བཀུག །གསུམ་པ་རྣམ་ཤེས་རྟེན་ལ་

བསྟིམ་པ་ནི། ཚེ་འདས་དངོས་སུ་གསལ་བཞིན་པ་དེ་ལ་བསྟིམ། བཞི་པ་སྒྲིབ་སྦྱངས་དུག་ཁྲུས་བྱ་བ་ནི། ཕ་རོལ་ཕྱིན་བཅུའི་ཁྲུས་དང་། མཆོག་གསུམ་རིགས་ལྔའི་བདེན་སྟོབས་དང་། འབྱུང་བཞིས་བྱབ་པ་དང་། ཕྱེ་ཡུངས་བསྔགས་པས་བྲབ་པ་སོགས་ཀྱིས་སློབ་བུའི་རྒྱུད་ཀྱི་སྡིག་སྒྲིབ་ཐམས་ཅད་སྦྱངས། ལྔ་པ་རྒྱུད་ལྔའི་ལྷ་ལ་སྐྱབས་སུ་འགྲོ་བ་ནི། རིགས་དྲུག་སྐྱེ་བའི་རྒྱུ་དྲུག་བཤད། དེར་སྐྱེས་དེ་ལ་སྐྱོབས་པས་ན། ཐུབ་པ་དྲུག་ལ་སྐྱབས་གསོལ་ཏེ། སྡུག་བསྔལ་དྲུག་སེལ་བའི་ཕྱག་མཚན་དྲུག་དང་། སྐྱེ་སྒོ་གཅོད་བྱེད་ཀྱི་དབང་དྲུག་བསྐུར། ལན་ཆགས་གཏོར་མ་དྲུག་བསྔོ། རང་གི་ཐུགས་ཀའི་འོད་ཟེར་གྱིས་ཚེ་འདས་གནས་དྲུག་གི་ས་བོན་དྲུག་བསྲེགས། ཕར་ཕྱིན་དྲུག་གི་ཆུས་བག་ཆགས་ལྷག་མེད་དུ་སྦྱངས། རིགས་དྲུག་གི་གནས་ནས་དྲངས་ཏེ་མི་ལྡོག་པའི་ས་ལ་བཀོད། དྲུག་པ་དཀྱིལ་འཁོར་དལ་དུ་བཞུགས་པ་ནི། མིག་དར་གཏད་པ་ནས་སྡོམ་བཟུང་ཡན་ལ་ཕྱི་འཇུག་དང་། བྱིན་འབེབས་ནས་མཐོང་བ་བསྟན་པ་ཡན་ལ་ནང་འཇུག་ཟེར། བསྒོམ་དོན་ལ་གཞན་གོ་སླ་ཡང་སྒོ་དབྱེའི་སྐབས། བླ་མའི་ཕྱག་གི་རྡོ་རྗེ་ལ་འཇུས་ཏེ། གཡས་བསྐོར་གྱིས་སྒོ་བ་རྣམས་ལ་ཕྱག་འཚལ། མཐར་ཤར་སྒོ་ནས་ཞུགས། དེ་ནང་གི་ཁྱམས་དེར་དབང་སྟེགས་ལ་སློབ་བུ་རྡོར་སེམས་རྣམ་པར་འཁོད་པར་མོས། དེ་ནས་བཟུང་བླ་མ་དང་དཀྱིལ་འཁོར་གྱི་ལྷ་གཉིས་མེད་དུ་བསྒོམ། བདུན་པ་དབང་བཞི་ཡོངས་རྫོགས་བསྐུར་བ་ལ། རྒྱུ་གཉིས་ནི། རྩ་ཐིག་རླུང་གསུམ་དང་ཁམས་དྲུག་ལྡན་པའི་ལུས་རྟེན་ནི་མཚུངས་ལྡན་གྱི་རྒྱུ། དབང་རྫས་རབ་གནས་ཅན་ནི་ལྷན་ཅིག་བྱེད་པའི་རྒྱུའོ། །རྐྱེན་བཞི་ནི། དད་བརྩོན་ལྡན་པའི་སློབ་བུ་རྒྱུའི་རྐྱེན། ལྟ་དགོངས་ལྡན་པའི་སློབ་དཔོན་བདག་པོའི་རྐྱེན། རྫས་

སྔགས་ཏིང་འཛིན་གསུམ་འཛོམས་པ་དམིགས་པའི་རྐྱེན། དབང་བཞི་རིམ་ཅན་དུ་བསྐུར་བ་དེ་མ་ཐག་པའི་རྐྱེན་བཞིའོ། །བུམ་དབང་ལ་ཕྱི་ཕན་པའི་དབང་ནི། སྤྲུལ་པའི་ལྷ་དང་སྤྱན་དྲངས་པའི་དབང་ལྷ་རྣམས་ཀྱིས་ཆུ་དང་། དབུ་རྒྱན་རྡོར་དྲིལ་མིང་དབང་རྣམས་བསྐུར་ཏེ། དབང་སོ་སོའི་སྐབས་སུ་རིགས་ལྔའི་རྣམ་པའི་དབང་གི་ལྷ་ཚོགས་སྤྱན་དྲངས་པ་དེ་རྣམས་ཀྱིས་བུམ་དབང་དང་ཕྱག་མཚན་ལྔའི་དབང་བསྐུར། དེ་ནས་སློབ་བུའི་སྙིང་གར་ཞི་བའི་གདན་དང་། སྤྱི་བོར་ཁྲོ་བོའི་གདན་རྣམས་གསལ་ལ། དཀྱིལ་འཁོར་གྱི་ལྷ་རྣམས་ལས། ལྷ་གཉིས་པ་རེ་ཆད་དེ་སོ་སོའི་གདན་ལ་འཁོད་པར་མོས། གསང་བ་ཟབ་མོའི་དབང་ལ། གསང་དབང་ནི། དཀྱིལ་འཁོར་གྱི་གཙོ་བོ་ཡབ་ཡུམ་སྙོམས་པར་ཞུགས་པས་བྱང་སེམས་བདུད་རྩིར་ཕེབས་པ་སློབ་བུ་ལ་བླུད། ཤེར་དབང་ནི་མེ་ལོང་དང་ཤེལ་རྡོས་རིག་པའི་བརྡ་དོན་ངོ་སྤྲད། ཚིག་དབང་ནི། ཀ་དག་ལྷུན་གྲུབ་དབྱེར་མེད་པའི་ལྷ་ལྟ་བ་མངོན་སུམ་དུ་ངོ་སྤྲད། རྗེས་འབྲེལ་གཏོར་དབང་དང་། མཐའ་རྟེན་རྒྱལ་སྲིད་སྣ་བདུན་དང་། བཀྲ་ཤིས་རྟགས་བརྒྱད་སོགས་དབང་བསྐུར་ཏེ། ནམ་མཁར་བཞུགས་པའི་དབང་ལྷ་རྣམས་སློབ་མ་ལ་བསྟིམ་ནས། རབ་གནས་བྱ། དེས་སྒྲིབ་པ་བཞི་དག །དབང་བཞི་ཐོབ། ལམ་བཞི་བསྒོམ་པ་ལ་དབང་། སྐུ་བཞིའི་ས་བོན་རྒྱུད་ལ་བཞག་གོ། །འདིའི་སྐབས་གསུར་བསྔོ་མཛད་སྲོལ་འདུག །བརྒྱད་པ་ཞིང་དུ་སྨོན་ལམ་གདབ་པ། འབྱུང་ལྔ་རྣམ་པར་དག་པ་ཡུམ་ལྔའི་ཀློང་དུ་འཚང་རྒྱ་བའི་སྨོན་ལམ་འདེབས་པའོ། །དགུ་པ་ནད་དང་སྒྲིབ་པ་སྦྱངས་བ་ནི། རྒྱལ་སྲས་ལྔའི་ཐུགས་རྗེས་ཚེ་འདས་ཀྱི་དབང་པོ་སྒོ་ལྔའི་ནད་བསལ་ཏེ། འདོད་ཡོན་ལྔ་ལ་ལོངས་སྤྱོད་པར་བྱིན་གྱིས་བརླབས། གསུར་བསྔོ་འདིར་བྱས་ན་འཐད་

སྙམ། བཅུ་པ་ལམ་བསྟན་གནས་སྤར་བྱ་བ་ནི། ཐར་ལམ་གསལ་བྱེད་ཡེ་ཤེས་མར་མེ་བསྟན་ཏེ། རིགས་ལྔ་ལ་ཕུང་ལྔའི་ཡོན་འབུལ། ཐབས་ཤེས་ཟུང་འཇུག་གི་ལམ་བསྟན་ཏེ། ཚེ་འདས་ཀྱི་སྤྱི་བོར་རིགས་ལྔའི་ཞིང་ཁམས་སྐད་ཅིག་གི་གསལ་བཏབ་ལ། ཕུང་ལྔ་རྣམ་དག་ཡུམ་ལྔའི་མཁའ་ཀློང་དུ་རྒྱས་གདབ་པར་བྱའོ། །དཀྱིལ་འཁོར་གྱི་ལྷའི་ཐུགས་ཀའི་འོད་ཟེར་མེ་དཔུང་ལྟ་བུར་འཕྲོས་པས་ཚེ་འདས་ཀྱི་ཕུང་ཁམས་ཐམས་ཅད་མི་དམིགས་པའི་དབྱིངས་སུ་སྦྱངས། ཡང་མར་མེའི་དབུས་སུ་མེ་ལྷ་རྡོར་སེམས་བསྐྱེད་དེ་ཕུང་པོ་བསྲེགས་རྫས་ཀྱི་ཚུལ་དུ་འབུལ་ལོ། །ལར་ཆོ་ག་གཏོང་ལུགས་ཀྱི་ཕྱག་སྲོལ་དང་སྒོམ་དོན་སོགས་མཁས་གྲུབ་རྣམས་ལ་རང་ལུགས་ཐ་དད་ཡོད་པས་དགག་ཏུ་མེད། དེ་མིན་གཞན་ཕལ་བ་ཚོས། འདི་ཡིན་གྱི་གཏད་སོ་མེད་པར་ལྟ་བའི་རྒྱས་འགེབས་ཡིན་ཁུལ་གྱི་མུན་ནག་མཇུག་གཡུག་དེས་གོ་ནམ་ཡང་མི་ཆོད་པས། དེས་ན་ཐབས་ལམ་བསྐྱེད་རྫོགས་ཀྱི་ཕྱོགས་འདིར། རང་ཚོད་ཀྱི་གོ་དོན་རེ་ཨི་ཡོང་ལྟོས། འཕྲོས་དོན། བདག་མདུན་གྱི་རྣམ་དབྱེ་ལ་བཞིན་དང་མེ་ལོང་གི་ཚུལ་དུ། ཐོག་མ་ནས་གྱེར་གཅིག་གིས་བདག་མདུན་ཐ་དད་དུ་བསྐྱེད་པ་དང་། ཡང་ན་བདག་བསྐྱེད་ལུས་དཀྱིལ་དང་མདུན་བསྐྱེད་ཕྱི་དཀྱིལ་ལྟར་བསྒོམས་ཀྱང་ཆོག །ཡང་ན་བསྟོད་པའི་མཇུག་ཏུ། བདག་མདུན་དབྱེར་མེད་ལ། དེ་ནས་ཡེ་ཤེས་པ་མདུན་དུ་ཕྱེས་ཏེ། ཛ྄བ་བཟླས་རྫོགས་མཐར་རང་ལ་བསྟིམ་པའི་ལུགས་ཀྱང་འདུག །ཡང་ན་བདག་བསྐྱེད་གཅིག་པུ་ལ། བདག་མདུན་དབྱེར་མེད་ཀྱི་སྒྲ་བཏགས་པ་མ་གཏོག །མདུན་བསྐྱེད་གཏན་ནས་མེད་པའི་ལུགས་ཀྱང་འདུག །འདིར་མཁས་པའི་ཕྱག་སྲོལ་ཐ་དད་ལ། ཀཿཐོག་དགེ་རྩེ་སྤྲུལ་སྐུ་དང་། ཞེ་ཆེན་རྒྱལ་ཚབ་རིན་པོ་ཆེ་མཁས་དབང་དབོན་སྤྲུལ་གསུམ་གྱི་ཕྱག་སྲོལ་ནི།

འོག་ཁང་ཞི་བའི་དཀྱིལ་འཁོར་ཆོས་འཁོར་གདུགས་ཏོག་དང་བཅས་པའི་ནང་དུ་ཞི་བའི་ལྷ་ཚོགས་དང་། སྟེང་གི་ནམ་མཁའ་ཤ་ཆེན་གྱི་ས་གཞི་ལ་དྲག་པོའི་གཞལ་ཡས་སྒོ་བསྒྲགས་ཅན་ཙིཏྟ་གདུགས་ཏོག་དང་བཅས་པའི་ནང་དུ་ཁྲོ་བོའི་ལྷ་ཚོགས་བསྐྱེད་པ། གང་དུའང་ཐོག་རེག་དང་བྲལ་བ་ནམ་མཁར་སྤྲིན་ལྡིང་བ་ལྟ་བུ་ཡིན་གསུངས། དགེ་མང་མཆོག་སྤྲུལ་གྱིས་ནི། ཕྱི་རིན་པོ་གཞལ་ཡས་ཁང་ལ། ནང་དྲག་པོའི་སྒོ་བསྒྲགས་ཅན་མཆོད་རྟེན་གྱི་རྣམ་པའི་སྟེང་། བུམ་པའི་ནང་དུ་ཞི་བའི་ལྷ་ཚོགས་དང་འོག་ཏུ་ཁྲོ་བོའི་ལྷ་ཚོགས་བསྐྱེད་པ་ཡིན་གསུངས། མཁས་གྲུབ་ཀརྨ་ཆགས་མེད་ཀྱིས། ཕྱི་རིན་པོ་ཆེ་ལ་ནང་ཐོད་པའི་བརྩིགས་པ་རཀྟས་སྦྱར་ཞིང་གནམ་ལྕགས་ཀྱི་གཟེར་བཏབས་པའི་སྟེང་དུ་ཞི་བ་དང་། འོག་ཏུ་ཁྲོ་བོའི་ལྷ་ཚོགས་བསྒོམ་པ་ཡིན་གསུངས། འབར་ཆུང་བཀྲ་ཤིས་རྒྱ་མཚོས་ཕྱི་དཀྱིལ་ཞི་བ་དང་། ནང་དཀྱིལ་དྲག་པོ་སྟེ་སྒོ་བསྒྲགས་ཅན་གྱི་སྟེང་དུ་ཁྲོ་བོ་དང་། འོག་ཏུ་ཞི་བ་བསྒོམ་པ་ཡིན་གསུངས། ཁྲོམ་ཟ་བླ་མ་ངག་དབང་པདྨས་འོག་གཞི་ཞི་བ་སྒོ་རྐྱང་ལ། སྟེང་གཞི་དྲག་པོའི་སྒོ་བསྒྲགས་ཅན་གྱི་ནང་དུ་ལྷ་ཡང་དེ་ལྟར་བསྐྱེད་པ་ཡིན་གསུངས། སྐྱབས་ཡེ་ཆོས་སྐྱོང་གིས་ནི་ཞི་བའི་གཞལ་ཡས་ཁང་ལ། དྲག་པོའི་རྒྱན་བཀོད་པའི་དབུས་སུ་འོག་ཏུ་ཞི་བ་དང་། སྟེང་དུ་ཁྲོ་བོའི་ལྷ་ཚོགས་བསྐྱེད་པ་ཡིན་གསུངས། བདག་གིས་ཀྱང་དེ་ལྟར་བྱས་མོད། ལར་གང་ལྟར་བགྱིས་ཀྱང་འགལ་བ་མེད་པའི་མཁས་པ་སོ་སོའི་ཕྱག་སྲོལ་ལྟར། རང་བློ་ལ་གང་འཐད་བྱས་ཆོག་ནའང་། དམ་པ་གོང་མའི་ཕྱག་སྲོལ་ལ་མེད་པའི་ཅི་ཉན་གང་ཉན་གྱིས་ས་མི་ཆོད་པ་འདྲ་སྙམ། སྨྲས་པ། པདྨའི་ཐུགས་བཅུད་མཁའ་འགྲོའི་སྙིང་ཁྲག་ཟབ། །ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་གྱི། །ཆོ་གའི་རྣམ་བཞག་བསྐྱེད་རིམ་ལྷ་ཁྲིད་སྐབས། །འདི་

འདྲ་དགོས་ཞེས་སློབ་ཚོགས་བསྐུལ་ངོར་ཏུ། །རུ་སྦལ་འགྲོས་ཀྱིས་ཚིག་འགྲེལ་དཀའ་མོད་ཀྱང་། །དམ་པ་གོང་མའི་ཚད་གསུམ་གྱིས་གཞལ་བའི། །གཞུང་དོན་མཛོད་བརྒྱ་འགལ་མེད་བསྒྲུབ་པའི་ལུགས། །སྒོ་འབྱེད་ས་བཅད་གསེར་གྱི་ལྡེ་མིག་བརྩམས། །འདི་རུ་ཉེས་ཚོགས་མཁས་དབང་དམ་པའི་དྲུང་། །བཟོད་གསོལ་ལེགས་པའི་ཡོན་ཏན་མཆིས་སྲིད་ན། །སྔ་འགྱུར་རྡོ་རྗེ་ཐེག་པའི་ཞབས་འདེགས་དང་། །མཁའ་ཁྱབ་སྐུ་བཞིའི་གོ་འཕང་ཐོབ་ཕྱིར་བསྔོ། །ཞེས་རྒྱལ་དབང་པདྨའི་སྐུ་དྲིན་ལས། བོད་ཁ་བ་ཅན་གྱི་ལྗོངས་འདིར། བཀའ་གཏེར་གྱི་ཆོས་ཚུལ་བསམ་གྱིས་མི་ཁྱབ་པ་ཡོད་ཀྱང་། ཁྱད་པར་མདོ་ཁམས་སྨད་ཕྱོགས་འདིར། ཤི་གསོན་དཀོར་ཟས་ཧབ་ཐོབ་ཏུ་སྤྱད་པའི་ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་འདི་ཉིད་འགྲོ་དོན་ཤིན་ཏུ་རྒྱ་ཆེ་བ་དང་། དེར་མ་ཟད་ད་ལྟར་ལྷ་གནས་ཀྱི་རིམ་པ་དང་། བར་དོ་གོམས་འདྲེས་མེད་པ་ཞིག་ཡིན་ཀྱང་། དར་ཅིག་འཆར་བར་འགྱུར་བར་འདུག་པ་དང་། དམ་ཚིག་ཉམས་ཆགས་བཤགས་པ་ཐམས་ཅད་ཀྱི་འདི་མཐར་ཐུགས་པ་ཡིན་ཕྱིར་དེས་ན་སློབ་མ་གསར་བུ་རྣམས་ལ་གོ་བདེ་རེ་ཨེ་ཡོངས་ལ་ཕན་དུ་རེ་ནས་བསྐུལ་བ་པོ་རྣམས་ཀྱི་ངོ་མ་ལྡོག་ཙམ་དུ། ཞེ་ཆེན་པའི་སློབ་འབངས་ཐ་ཤལ་བ་པདྨ་གར་དབང་རྒྱལ་མཚན་གྱིས་ཕུག་དགོན་བདེ་ཆེན་ཆོས་འཁོར་ལྷུན་པོའི་ཡང་རྩེར་སྤེལ་བའི། ཡི་གེ་པ་ནི་ཕུན་ཚོགས་ཉི་མས་བྲིས་པ་དགེ་ཞིང་བཀྲ་ཤིས་འཕེལ་བར་གྱུར་ཅིག །ཞར་བྱུང་ནི། སྔ་འགྱུར་སྨིན་གླིང་གི་ཆོས་བརྒྱུད་འཛིན་པ་རྒྱལ་བ་ཕུག་ཁུངས་པའི་གདན་རབས་གསུམ་པ་པདྨ་གར་དབང་རྒྱལ་མཚན་ནི། ཞེ་ཆེན་དབོན་སྤྲུལ་མཐུ་སྟོབས་རྣམ་རྒྱལ་གྱི་སློབ་མ། མཁྱེན་བརྩེ་པདྨ་འོད་གསལ་མདོ་སྔགས་གླིང་པ་དང་། ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ་སོགས་དང་མཉམ་དུ་བཅུ་ཕྲག་རིག་པའི་གནས་རྣམས་ལ་མ་རྨོངས་པར་བསླབས་ནས་མཁས་པའི་ཕུལ་དུ་ཕྱིན་པ། ཡིག་རིགས་ཉི་ཤུ་འབྲི་འདོན་ཐུབ་པ་སོགས་མཁས་པའི་ཡོན་ཏན་གྱིས། དེ་སྐབས་མདོ་སྨད་ཀྱི་མཁས་པ་ཆེན་པོ་ཀཿཐོག་དགེ་རྩེ་མ་ཧཱ་པཎ་ཆེན་དང་མཁྱེན་དཔྱོད་མཉམ། ཞེ་ཆེན་དབོན་སྤྲུལ་རྣམ་ཐར་ལས། ཕུག་ཁང་པདྨ་རྒྱལ་མཚན་ནི། ཐུན་མོངས་དང་ཐུན་མིན་གྱི་རིག་པའི་གནས་ལ་ཤེས་

རབ་གསུམ་གྱི་སྤོབས་པ་མཆོག་ཏུ་དགེ་བ་ཞེས་སོགས་བསྔགས་པ་རྒྱ་ཆེར་མཛད་པ་དང་། གྲུབ་དབང་རྫོགས་ཆེན་པའི་མཁན་སྤྲུལ་སྡེ་དགོན་སོགས་ཆེ་དགུ་མང་རབས་དང་འདུས་པ་ཡོངས་རྫོགས་ནས་ཞུ་བ་ཕུལ་བ་ལྟར། རྫོགས་སྤྲུལ་བཞི་པ་མི་འགྱུར་ནམ་མཁའི་རྡོ་རྗེའི་རྣམ་ཐར་གྱི་མཇུགས་ཡོངས་རྫོགས་ཡང་རྗེ་པདྨ་གར་དབང་རྒྱལ་མཚན་འདི་ཉིད་ཀྱིས་བརྩམས་པ་དང་། གཞན་ཡང་ཀར་གླིང་ཞི་ཁྲོའི་འགྲེལ་བ་སྤྱི་དོན་གསེར་གྱི་ལྡེའུ་མིག་འདི་ཉིད་བརྩམས་པ་སོགས་སྐུ་ཚེ་གང་བོར་གསང་སྔགས་སྔ་འགྱུར་བའི་བསྟན་པ་འཛིན་པ་ལ་བཤད་སྒྲུབ་གཉིས་ཀྱིས་དུས་འདའ་བར་མཛད་པའི་ཚུལ། དབོན་སྤྲུལ་མཐུ་སྟོབས་རྣམ་རྒྱལ་གྱི་རྣམ་ཐར་སྐལ་བཟང་མགྲིན་རྒྱན་ལས་འདི་ལྟར་གསུངས་ཏེ། བྱང་འབྲོག་རྫ་རྒྱུད་ཉིན་སྲིབ་ལ། །རྙིང་མ་དང་དགེ་ལྡན་གྱི་བསྟན་པ་སྤེལ་མའི་ཚུལ་དུ་ཡོད་པ། སྔོན་ཆད་རྙིང་ལུགས་ལ་མཚམས་པ་གྲུབ་ཆེན་པདྨ་ཀུན་བཟང་དང་དགེ་ལྡན་ལུགས་ལ་མིང་དགེ་རྒོད་ཚངས་པ་དགེ་ལེགས་ཡར་འཕེལ་གཉིས་བསྟན་འཛིན་གྱི་སྐྱེས་བུ་དགེ་བའི་བཤེས་གཉེན་མཆོག་ཏུ་གྲགས་ཤིང་། ཕྱིས་རྙིང་ལུགས་ལ་ཕུ་ཁང་བླ་མ་པདྨ་རྒྱལ་མཚན་དང་། དགེ་ལུགས་ལ་ཆུ་ཧོར་དགེ་བཤེས་འཕགས་པ་བློ་བཟང་གཉིས། མཁས་གྲུབ་ཕུལ་བྱུང་མངའ་བས་ཆོས་སྨྲ་བའི་སྤོབས་པས་འགྲོ་ཀུན་རྗེས་སུ་འཛིན་ནུས་པའི་གྲགས་པ་ཐོབ་པ་ཞིག་བྱུང་བ་ཡིན་ནོ་ཞེས་གསུངས་པ་སོགས་ཀྱིས་མཚོན་ལུང་རྟོགས་ཀྱི་ཡོན་ཏན་མཐའ་ཡས་པའི་རྣམ་ཐར་མངའ་བའི་སྨྲ་བའི་སེང་གེ་ཞིག་ཡིན་པར་ངེས་སོ། །


previousསྤྱི་དོན་ས་བཅད་གསེར་གྱི་ལྡེའུ་མིགnext