Nitartha Digital Library
Tibetan
བར་དོ་ཐོས་གྲོལ་ཆེན་མོའི་ཆོས་སྐོར་ཕྱོགས་བསྒྲིགས།


   
   
   
   
   
   
   
   
   
   
   
ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་གྱི་ལྷ་བསྒོམ་ཚུལ་ལ་མཁས་པ་རྣམས་བཞེད།
  expand section
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་གྱི་ལྷ་བསྒོམ་ཚུལ་ལ་མཁས་པ་རྣམས་བཞེད།next

ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་གྱི་ལྷ་བསྒོམ་ཚུལ་ལ་མཁས་པ་རྣམས་བཞེད།

ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་གྱི་ལྷ་བསྒོམ་ཚུལ་ལ་མཁས་པ་རྣམས་བཞེད་ཚུལ་མི་མཐུན་སྟེ། སྨིན་གླིང་ལོ་ཙཱ་བ་ཆེན་པོས་བཞེད་པ་ལ། འབྱུང་བ་རིམ་བརྩེགས་རི་རབ་དང་བཅས་པའི་སྟེང་དུ་པདྨ་དང་སྣ་ཚོགས་པའི་རྡོ་རྗེའི་ལྟེ་བར་གཞལ་ཡས་ཁང་རྟ་བབས་སྣམ་བུ་བཞི་པ། ནང་གི་ལྷ་ཡང་ཁྲོམ་དཀྲུགས་ཞེས་ཞི་ཁྲོ་གཉིས་བསྲེ་ནས་བསྒོམ་ཚུལ་སྤྱི་ཁྱབ་ལྟར་བར་ཁྱམས་གྲུ་བཞི་པ་ལ་ལྷ་སྣམ་རིམ་པ་གཉིས་དང་། དེའི་ནང་དུ་གྲུ་ཆད་བཅས་འཁོར་ལོ་ཉིས་རིམ་ནང་མའི་ལྟེ་བར་དབུས་ནས་ཆ་ཆེན་གཅིག་དང་ཕྱེད་ཀྱིས་འཁོར་བ། དབུས་མཐིང་ཤར་དཀར་སོགས་རིགས་ཀྱི་ཁ་དོག་ཐིག་ལེ་ལྔ་ཚོམ་གྱི་དབུས་མར་ཀུན་བཟང་ཡབ་ཡུམ། དེའི་གཡས་སུ་རྣམ་སྣང་ཡབ་ཡུམ། གཡོན་དུ་བུདྡྷ་ཧེ་རུ་ཀ་ཡབ་ཡུམ། མདུན་དུ་ཆེ་མཆོག་ཡབ་ཡུམ། ཤར་གྱི་ཐིག་ལེའི་ལྟེ་བར་རྡོར་སེམས། དེ་བཞིན་དུ་ལྷོ་རིན་འབྱུང་། ནུབ་ཏུ་སྣང་མཐའ། བྱང་དུ་དོན་གྲུབ་ཡབ་ཡུམ། རང་རང་གི་གཡས་གཡོན་དུ་ནང་དང་ཕྱིའི་སེམས་དཔའ་དང་། མདུན་རྒྱབ་དུ་ཡུལ་དུས་ཀྱི་སེམས་མ་དང་བཅས་པ་གཙོ་འཁོར་དྲུག་དྲུག །དེའི་ཕྱི་རོལ་གྱི་རྩིབས་བཞིར་ཆ་ཆེན་གཅིག་ཁྲག་འཐུང་རིགས་བཞི་ཡབ་ཡུམ། དེའི་ཕྱི་རོལ་གྱི་རྩིབས་བརྒྱད་ཆ་ཆེན་ཕྱེད་ལ་ཀཽ་རི་སོགས་གནས་ཀྱི་མ་མོ་བརྒྱད། སྟེང་འོག་དང་གྲུ་ཆད་བཞིར་ཐུབ་པ་དྲུག །ཁྱམས་ཀྱི་ལྷ་རྣམས་ནང་མར་སེང་ཧ་སོགས་ཕྲ་མིན་ཡུལ་མ་བརྒྱད། ཕྱི་མར་སྲིན་མོ་གཡག་གདོང་མ་

སོགས་ཕྱོགས་རེར་ལས་བཞིའི་དབང་མོ་དྲུག་རེ། སྒོ་ཕུབ་བཞིར་རྣམ་པར་རྒྱལ་བ་སོགས་མཐར་བྱེད་སྒོ་བཞི་ཡབ་ཡུམ། དེའི་ཕྱི་རོལ་དུ་རྟ་གདོང་མ་སོགས་སྒོ་སྐྱོང་གདོང་མོ་བཞི། སྒོ་ཡབ་བཞིར་རྡོ་རྗེ་ཁུ་བྱུག་གི་མགོ་ཅན་སོགས་སྒོ་སྐྱོང་དབང་མོ་བཞི་རྣམས་བསྒོམ། བསྐྱེད་ཚུལ་ཞིབ་པར་རང་གཞུང་གི་ཚིག་དོན་ལྟར་ཆོག་འགྲིགས་སྡིག་སྒྲིབ་རྣམ་སྦྱོང་ལ་བལྟས་ན་གསལ། གཞན་དུ་བླ་མ་གོང་མ་འགའ་ཞིག་གིས། འོག་ཁང་ཞི་བ་དང་སྟེང་ཁང་ཁྲོ་དཀྱིལ་དུ་མཛད་པ་ནི་ཆོས་སྤྱོད་དང་བསྟུན་པས་འགལ་བ་མེད་མོད། འོན་ཀྱང་ལས་བྱང་ཆེ་ཆུང་དུ་སྟེང་འོག་གི་འགྲོས་མེད་པས་ཁྲོམ་དཀྲུགས་ཀྱི་ལུགས་འདི་གཞུང་དང་འབྱོར་ལ། དེ་ལའང་རྣམ་སྣང་དབུས་སུ་བཀོད་པའི་སྟེང་བར་སྣང་ལ་ཀུན་བཟང་ཡབ་ཡུམ་འགོད་པའི་ལུགས་ཀྱང་དཔེ་ལ་ལའི་མཆན་དུ་བཤད་ཀྱང་། གཞན་དུ་དཀྱིལ་འཁོར་ནང་ནས་པད་འདབ་བཞི་འཁོར་ལོ་རྩིབ་བཞི་པད་འདབ་བཅུ་དྲུག་བཅུ་དང་འཁོར་ལོ་རྩིབ་བཅུ་དྲུག་རྣམས་ལ་འགོད་པའི་ལག་ལེན་སྣང་བ་ནི། ལས་བྱང་ཆེ་ཆུང་ཆོས་ཉིད་བར་དོའི་ངོ་སྤྲོད་སོགས་འདིའི་རྩ་བའི་ཡི་གེ་གང་དང་ཡང་མི་མཐུན་པས་བླུན་པོའི་རང་བཟོ་ཡིན་གསུངས། ཕྱིས་ཀྱི་མཁས་དབང་ཆེན་པོ་རྒྱལ་སྲས་གཞན་ཕན་མཐའ་ཡས་ཀྱི་གསུང་ལས་ནི་འདི་ལྟར། གཞལ་ཡས་ཁང་དངོས་སྒྱུ་འཕྲུལ་ཁྲོ་དཀྱིལ་ལྟར་སྒོ་སྦྲག་ཁྱམས་གཉིས་པ་དང་། རྟ་བབས་སྣམ་བུ་བརྒྱད་མ་དང་། རྟ་བབས་ཀྱི་སྟེང་གི་ཆོས་འཁོར་ཡང་རིམ་པ་བཅུ་གསུམ་པ་ཡིན་པས་དཀྱིལ་འཁོར་ཕྱི་དབྱིབས་མཆོད་རྟེན་རྩེ་ལྔ་པའི་རྣམ་པ་ཅན། སྟེང་ཁང་ཞི་བའི་དཀྱིལ་འཁོར་དང་འོག་ཁང་ཁྲོ་བོའི་དཀྱིལ་འཁོར་ཡིན་པས། ནང་གི་ལྷ་འགོད་ཚུལ་ཡང་དཀྱིལ་འཁོར་གྱི་དབུས་ཕྱུར་བུ་མཆོད་རྟེན་

གྱི་བུམ་པའི་རྣམ་པར་གྱུར་པ་དེའི་ནང་གི་ནམ་མཁར་ཞི་བའི་ལྷ་གནས་ཡེ་ཤེས་ཀྱི་འཁོར་ལོ་གདན་ཐབས་ཡིན་ངེས་འདྲ་རྩིབས་བཞི་པའི་ལྟེ་བ་དང་རྩིབས་རྣམས་སུ་རིགས་ལྔ་གཙོ་འཁོར་རྣམས་དང་། དེའི་སྟེང་འོག་གཉིས་རྩིབས་མཆན་བཞིར་ཐུབ་པ་དྲུག་བུམ་སྒོ་བཞིའམ་རྩ་བའི་དཀྱིལ་འཁོར་གྱི་བསིལ་ཁང་བཞིར་སྒོ་བ་རྣམས་བསྒོམ། ཀུན་བཟང་ཡབ་ཡུམ་ནི་རྣམ་སྣང་གི་སྤྱི་བོར་བསྒོམ་པ་དང་། ཞལ་སྤྲོད་དུ་བསྒོམས་པ་གང་བྱས་ཀྱང་ཆོག་པར་བཞེད་པར་མངོན། དཀྱིལ་འཁོར་གྱི་དབུས་ཀྱི་གཞིར་འཁོར་ལོ་རྩིབས་བཞིའི་ལྟེ་བར་ལས་བྱང་ཆེ་བར་ཆེ་མཆོག་དང་བུདྡྷ་ཧེ་རུ་ཀ་གཉིས་དང་། ཆུང་བར་ཆེ་མཆོག་མེད་པ་རང་རང་གི་གཞུང་ལྟར་བསྒོམ་དགོས་པ་འདྲ། ཆེ་མཆོག་དང་བུདྡྷ་ཧེ་རུ་ཀ། རྩིབས་བཞིར་ཁྲག་འཐུང་རིགས་བཞི་ཡབ་ཡུམ། གློ་འབུར་བཞི་དང་གྲུ་ཆད་ཀྱི་གྲྭ་བཞིར་གནས་མ་བརྒྱད། ཁྱམས་ཀྱི་ཕྱོགས་དང་མཚམས་རྣམས་སུ་ཡུལ་མ་བརྒྱད། སྒོ་ཕུབ་བཞི་སྒོ་སྐྱོང་གདོང་མོ་བཞི་དང་། དཀྱིལ་འཁོར་ནང་མའི་ཕྱི་རོལ་གྱི་ཁྱམས་ཀྱི་ཕྱོགས་བཞིར་དབང་མོ་དྲུག་དྲུག་དང་། དེའི་ཕྱི་རོལ་གྱི་སྒོ་བཞིར་དེའི་ནང་ཚན་གྱི་སྒོ་མ་བཞི། འབར་མ་བརྒྱད་དང་མ་བདུན་སྲིང་བཞི་སོགས་ནི་མགྲོན་ཐབས་ཀྱི་ལྷ་སྟེ། ཕྱི་རོལ་འཁོར་ཡུག་ཏུ་དུར་ཁྲོད་བརྒྱད་ཀྱི་ཆར་གནས་ལ། ཕུར་བའི་ལྷ་ཚོགས་ནི་སྲུང་བའི་འཁོར་ལོ་བསྒོམ་པ་ཡིན། ལྷ་རྣམས་ཀྱི་བཞུགས་སྟངས་ཡང་། ཞི་བའི་གཙོ་བོ་ཡབ་རྣམས་རྫོགས་པའི་སྐྱིལ་མོ་ཀྲུང་སྟེ་རྡོ་རྗེའི་སྐྱིལ་ཀྲུང་དང་། ཡུམ་རྣམས་བརྟུལ་ཞུགས་ཀྱི་སྐྱིལ་མོ་ཀྲུང་སྟེ་པདྨའི་སྐྱིལ་ཀྲུང་གིས་རང་རང་གི་ཡབ་ལ་འཁྲིལ་བ། སེམས་དཔའ་ཡབ་རྣམས་གཡས་ཅུང་ཟད་བརྐྱངས་པའི་ཕྱེད་སྐྱིལ་དང་། ཡུམ་རྣམས་གཡོན་ཅུང་ཟད་བརྐྱངས་པའི་ཕྱེད་སྐྱིལ་གྱིས་བཞུགས་པ། ཐུབ་དྲུག་བཞེངས་

སྟབས་དང་། སྒོ་བ་ཡབ་རྣམས་གཡས་བརྐྱངས་གྱད་ཆེན་པོའི་དོར་སྟབས་དང་། ཡུམ་རྣམས་གཡོན་བརྐྱངས་གྱད་ཀྱི་དོར་སྟབས། ཁྲོ་བོ་ལས་གཙོ་བོ་ཁྲག་འཐུང་ཡབ་ཡུམ་རྣམས་ནི་ཞི་བའི་སྒོ་བ་ཡབ་ཡུམ་དང་བཞུགས་སྟངས་མཚུངས་ལ། སྲས་མོ་ཉི་ཤུ་དང་། དབང་མོ་ཉེར་བརྒྱད་སྤྱིར་བཏང་གར་སྟབས་ཡིན་ཀྱང་། སྲས་མོ་རྣམས་གཡས་བསྐུམ་གཡོན་བརྐྱངས་དོར་སྟབས་བསྣོལ་བའི་གར་སྟབས་དང་། དབང་མོ་རྣམས་གཡས་བསྐུམ་པའི་རྟིང་པ་གསང་བར་གཏད་ཅིང་། གཡོན་བརྐྱངས་རང་རང་གི་གདན་ལ་རོལ་པ་སྐྱིལ་ཀྲུང་ཕྱེད་པའི་གར་སྟབས་ཀྱི་གནས་པར་གསུངས་སོ། །བཞུགས་ཚུལ་འདི་དག་ཀྱང་རྒྱུད་ཀྱི་དགོངས་པ་ལྟར་མཁས་པས་གསལ་བར་བྱས་པ་ཡིན་པས་དེང་སང་ལྷ་རིས་པ་དག་གིས་བཟོས་མཁས་ཁྱད་ཀྱིས་རྣམ་འགྱུར་སྣ་ཚོགས་བྱེད་པ་ནི་ཤིན་ཏུ་ནས་ཀྱང་མི་རུང་ངོ་། །ཆགས་མེད་རིན་པོ་ཆེས་ནི། དང་པོ་རང་ཉིད་ཀུན་བཟང་ཡབ་ཡུམ་བསྒོམ། ཡབ་ཡུམ་སྦྱོར་མཚམས་བྱང་སེམས་གྲུབ་པ་ཡི། །ས་བོན་སོ་སོར་སྤྲོས་ནས་གདན་ལ་བཞུགས། །དེ་དོན་རྒྱས་པ་ལས་བྱང་རྒྱས་པར་ལྟོས། །ལས་བྱང་བསྡུས་ཀྱང་བསྒོམ་ལུགས་དེ་དགོས་སོ། །རྣམ་སྣང་དང་ནི་བུདྡྷ་ཧེ་རུ་ཀ། དབུས་སུ་བསྒོམ་ན་ཞི་ཁྲོ་རབ་འབྱམས་ཡིན། །རྣམ་སྣང་བུདྡྷ་ཧེ་རུ་ཤར་དུ་བཞུགས། །རྡོར་སེམས་བཛྲ་ཧེ་རུ་དབུས་བསྒོམ་པ། །ན་རག་དོང་སྤྲུག་ཆོ་གར་འགྱུར་བ་ཡིན། །ཀོ་སེང་བསྒོམ་ཚུལ་མི་གསལ་ཡང་ཁྲག་འཐུང་བཞིའི་ཕྱི་རོལ་ཕྱོགས་འཚམས་སུ་ཀོ་རི་བརྒྱད་དང་། དེའི་ཕྱི་རོལ་དུ་གཞུང་ལྟར་སེང་ཧ་རྣམས་བསྒོམ་པ་ལས་གོ་ས་གཞན་མེད་པ་འདྲ། སྒྲིབ་སྦྱང་གཙོ་བོ་ཡིན་ན་འདི་བྱ་དགོས། །རྣམ་སྣང་རྡོར་སེམས་གང་རུང་ཐུགས་ལས་

སྤྲོས། །དཀྱིལ་འཁོར་དབུས་བཞུགས་ཀུན་བཟང་ཡར་ལ་བཏེག །རིག་བདག་ཚུལ་དུ་དབུ་ཡི་གཙུག་ལ་བཞུགས། །འདི་ནི་ལས་བྱང་ཆེ་བའི་ཡིག་ཆུང་གསལ། །དེ་ནས་ཞི་བའི་ལྷ་ཚོགས་ཀུན་བསྐྱེད་པ། །དཀྱིལ་འཁོར་ནང་གི་ནམ་མཁར་ཡར་ལ་བཏེག །ཀུན་བཟང་ཐུགས་ལས་ས་བོན་མར་འཕྲོས་པས། །ཁྲོ་བོའི་དཀྱིལ་འཁོར་འོག་ཏུ་བསྒོམ་སྟེ། །ཁྲག་འཐུང་རིགས་ལྔའི་སྟེང་གི་དབུ་གཙུག་ཐད། །ཞི་བ་རིགས་ལྔ་རིགས་བདག་ཚུལ་ཡིན་ཏེ། །འདི་དོན་བཀའ་བརྒྱད་གཞུང་བཞིན་ཤིན་ཏུ་གསལ། །འདི་མིན་གཞན་དུ་འདོད་པ་འཁྲུལ་ཚབ་ཆེ། །དེ་བཞིན་ཞི་བ་ཁྲོ་བོའི་སྒོ་སྲུང་ཡང་། །བྲི་དུས་གཡས་གཡོན་ཕྱོགས་སུ་བྲིས་ན་ཡང་། །བསྒོམ་དུས་ཐོ་བརྩེགས་བསྒོམ་པ་ལེགས་པ་ཡིན། །སྟེང་གི་བརྒྱ་བྱིན་ཀུན་བཟང་དབུར་མི་བསྒོམ། །མདུན་དུ་ཐད་དྲངས་ཙམ་དུ་བསྒོམ་པ་ཡིན། །འོག་གི་ཆོས་རྒྱལ་དཀྱིལ་འཁོར་འོག་ན་མིན། །ཞི་བའི་འོག་སྟེ་ཁྲག་འཐུང་གཙོ་བོའི་རྒྱབ། །ལས་བྱང་བསྡུས་པ་ཕལ་ཆེར་ཡིག་ཆུང་ལ། ཡིག་ཆ་ལ་ཞེས་པའི་དཔེ་ཡང་སྣང་། ཆེ་མཆོག་མེད་ཀྱང་བུདྡྷ་ཧེ་རུ་ཀ། དོན་གཅིག་ཕྱིར་ན་མ་ཚང་སྐྱོན་མེད་དེ། །སབ་པར་འདོད་ཀྱང་སབ་ན་འགལ་བ་མེད། །དཀྱིལ་འཁོར་ཕྱི་དང་རྡོ་ར་དུར་ཁྲོད་ནང་། །བར་ཁྱམས་དབང་ཕྱུགས་ཉི་ཤུ་རྩ་བརྒྱད་བསྒོམ། །སྒོ་མ་བཞི་ཡང་སྒོ་ཐད་ཕྱོགས་བཞིའོ། །ཞེས་གསུངས། དཔལ་སྤྲུལ་རིན་པོ་ཆེས་གསུངས་བསྙེན་ཡིག་ལས། ཀུན་བཟང་ཡབ་ཡུམ་དབུས་དང་། རྣམ་སྣང་ཀུན་བཟང་ཡབ་ཡུམ་དང་ཐོ་བརྩེགས་སམ། རྣམ་སྣང་གི་ཐུགས་ཀར་ཡེ་ཤེས་སེམས་དཔའི་ཚུལ་དུ་བཞུགས་པའམ་ཀུན་བཟང་གི་མདུན་དུ་རྣམ་སྣང་བསྒོམས་ཀྱང་ཆོག་པ་དང་། རིགས་ལྔ་རྣམས་དང་སེམས་དཔའ་ཡབ་ཡུམ་བཅས། ཚོམ་བུ་སོ་སོའི་ལྷ་རྣམས་ཕྱོགས་ཕྱོགས་ནས་གཙོ་བོ་ལ་ཞལ་ཕྱོགས་པ་

དང་། སྒོ་བ་རྣམས་སྒོ་ནས་ཞལ་ཕྱིར་ཕྱོགས། ཁྲོ་བོའི་ལྷ་ཚོགས་རྣམས་སྟེང་ཁང་ན་བཞུགས་པ་དང་། ཞི་ཁྲོ་བསྲེས་ནས་སྒོམ་པ་སོགས་སྣ་ཚོགས་མཛད་འདུག་པ་གང་ལྟར་བྱས་ཀྱང་ཆོག་མོད་ཀྱི། གཞལ་ཡས་ཁང་གཅིག་པོ་དེར་སྟེང་འོག་བྱས་ནས་བསྒོམ་པ་རང་ལུགས་ངན་སོང་སྦྱོང་བ་སོགས་དང་མཚུངས་ཤིང་། རྫོགས་ཆེན་སྐབས་གཞི་གནས་ཀྱི་དཀྱིལ་འཁོར་བཤད་པ་དང་མཚུངས་པས་དེ་ལྟར་བྱེད་ཚེ་ཞི་བའི་ལྷ་ཚོགས་ཀྱི་དབུའི་སྟེང་གཞལ་ཡས་ཀྱི་བར་སྣང་འདི་ལ། རང་བྱུང་རང་ཤར་དཀྱིལ་འཁོར་གྱི་སྒྲས་བསྟན་པ་ལྟར་གྱི་དབུས་དང་ཕྱོགས་སོ་སོར་ཁྲོ་བོའི་ལྷ་ཚོགས་བསྐྱེད་པ་ཡིན་ལ། དེ་ཡང་ལས་བྱང་ཆེ་བ་ལྟར་དབུས་སུ་ཆེ་མཆོག་དང་བུདྡྷ་ཧེ་རུ་ཀ་གཉིས་ཀ་དང་། ཆུང་བ་ལྟར་ན་བུདྡྷ་ཧེ་རུ་ཀ་ཁོ་ན་དང་། རྒྱལ་བ་རིགས་བཞིའི་དབུའི་སྟེང་གི་བར་སྣང་ལ་ཁྲག་འཐུང་ལྔ་དང་། དེའི་ཕྱི་རིམ་བཞིན་ཀཽ་སེང་སྒོ་མ་སོགས་བསྐྱེད། དེའི་ཕྱི་རོལ་དབང་ཕྱུག་མ་རྣམས་ཀྱང་ཕྱོགས་བཞིར་བདུན་རེ་བསྐྱེད་དེ། འདི་དག་ཞི་བ་རྣམས་ཐོ་བརྩེགས་ལྟར་མར་བཅད་ནས་མི་བསྒོམ་པར། སྟེང་གི་བར་སྣང་ལ་ཡར་བསྐྱེད་ནས་མེ་རི་མེ་དཔུང་གི་ཀློང་ན་བཞུགས་པར་བསྒོམ་པ་ཡིན། བཞེད་ཚུལ་འདི་དག་ལས་གཞལ་ཡས་ཁང་གཅིག་ལས་མི་བསྒོམ་ན་ལོ་ཆེན་གྱི་བཞེད་པ་དང་། ཉིས་རིམ་ཡིན་ཚེ་རྒྱལ་སྲས་གཞན་ཕན་པས་གསུངས་པ་ལྟར་བྱས་ན་གཞུང་དང་མཐུན་པར་སྣང་བས་དེ་གཉིས་གང་འདོད་པར་བསྒོམ་ན་ལེགས་པར་སྣང་ངོ་། །དགེའོ། །


previousཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་གྱི་ལྷ་བསྒོམ་ཚུལ་ལ་མཁས་པ་རྣམས་བཞེད།next