Nitartha Digital Library
Tibetan
བར་དོ་ཐོས་གྲོལ་ཆེན་མོའི་ཆོས་སྐོར་ཕྱོགས་བསྒྲིགས།


   
   
   
   
   
   
   
   
   
   
   
  collapse section
སྐྱབས་ཡེ་ཆོས་སྐྱོང་གིས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousསྐྱབས་ཡེ་ཆོས་སྐྱོང་གིས།next

སྐྱབས་ཡེ་ཆོས་སྐྱོང་གིས།

༈ སྐྱབས་ཡེ་ཆོས་སྐྱོང་གིས། ཀུན་བཟང་ཡབ་ཡུམ་རིགས་བདག་གི་ཚུལ་དུ་མདུན་བསྐྱེད་ཀྱི་སྤྱི་བོ་དང་། བདག་བསྐྱེད་ཀྱི་དཀྱིལ་འཁོར་དབུས་པད་ཉི་ཟླ་བ་རིན་པོ་ཆེའི་ཁྲི་རྐང་བཞི་བརྩེགས་སུ་བཞུགས། རིགས་ལྔའི་དབུས་སེང་གེའི་ཁྲི་ལ་རྣམ་པར་སྣང་མཛད་དཀར་པོ་ཡུམ་སངས་རྒྱས་སྤྱན་མ་ཡིན་པ་དང་། ཤར་དུ་གླང་ཆེན་ཁྲི་ལ་རྡོར་སེམས་མཐིང་ཀ་ཡུམ་དབྱིངས་ཕྱུག་མ་ཡིན་པ་དང་། སེམས་མ་པུཥྤེ། ལ་སྱེ། མ་ལེ་གསུམ་གྱིས་གཡོན་དྲིལ་བུ་འཛིན་པ། གཞན་སེམས་མ་ལྔའི་གཡོན་ན་ཕྱག་མཚན་ཡོད་པ་ཞིག་མ་མཐོང་གསུངས། ཁྲོ་བོའི་ལྷ་ཚོགས་མདུན་བསྐྱེད་ཀྱི་ཞི་བའི་སྟེང་གི་ནམ་མཁའ་དང་། བདག་བསྐྱེད་ཀྱི་དུང་ཁང་གི་འཁོར་ལོའི་དབུས་སུ་བསྒོམ་པར་གསུངས། དཀྱིལ་འཁོར་གཙོ་བོ་ཀུན་ཏུ་བཟང་པོ་ཡབ་ཡུམ་ཡིན་གསུངས། སྦ་ཆུང་བླ་མ་འཇིགས་མེད་ཚུལ་ཁྲིམས་ནས། ཞི་ཁྲོ་འདི་ལ་མཉམ་བཞག་བསྒོམ་པའི་ལྷའི་གཙོ་བོ་རྣམ་པར་སྣང་མཛད་ཡིན། རྗེས་ཐོབ་སྤྱོད་ལམ་ལྷའི་གཙོ་བོ་རྡོ་རྗེ་སེམས་དཔར་གསུངས། དེས་ན་ཐུན་མཐར་མཆོད་བསྟོད་དང་བདག་འཇུག་དངོས་གྲུབ་བླངས་མཐར་གཙོ་བོ་གོ་འཕོས་ཏེ་རྡོ་རྗེ་སེམས་དཔའ་རུ་གསལ་བས་རྗེས་ཀྱི་བྱ་བ་ཚོགས་དང་གནས་འདྲེན་སོགས་ལ་འཇུག་གོ། །གསུངས་སོ། །ཆགས་མེད་རིན་པོ་ཆེའི། དེ་ནས་ཞི་བའི་ལྷ་ཚོགས་ཀུན་བསྐྱེད་པ། །དཀྱིལ་འཁོར་ནང་གི་དཀྱིལ་འཁོར་ཡར་ལ་བཏེགས། །ཀུན་བཟང་ཐུགས་ལས་ས་བོན་མར་འཕྲོས་པར། །ཁྲོ་བོའི་དཀྱིལ་འཁོར་འོག་ཏུ་བསྒོམ་པ་སྟེ། །ཁྲག་འཐུང་རིགས་བཞིའི་སྟེང་གི་དབུ་གཙུག་

ཐད། །ཞི་བ་རིགས་ལྔ་རིགས་བདག་ཚུལ་ཡིན་ཏེ། །འདི་དོན་བཀའ་བརྒྱད་གཞུང་ན་ཤིན་ཏུ་གསལ། །འདི་མིན་གཞན་དུ་ཡོད་པ་འཁྲུལ་ཚབ་ཆེ། །ཞེས་ལས་བྱང་ཆུང་བའི་དམིག་གནད་རིག་འཛིན་ཞལ་ལུང་ལས་སོ། །ཕུ་ཁུང་པདྨ་རྒྱལ་མཚན་གྱིས། ཕྱི་རིན་པོ་ཆེའི་གཞལ་ཡས་ཁང་ལ་ནང་ཀ་བ་སོགས་དྲག་པོའི་རྒྱན་ཆས་ཅན་གཞུང་ཚིག་ལྟར་ཞི་ཁྲོ་གཉིས་ཀས་བཞུགས་གནས་ནམ་མཁའ་ལ་འཇའ་ཤར་བ་ལྟ་བུར་བསྒོམ། གཞལ་ཡས་ཁང་གི་དབུས་ཀྱི་ནམ་མཁར་ཀུན་བཟང་ཡབ་ཡུམ་གདན་པདྨ་ཉི་ཟླ་བཞི་བརྩེགས་ཀྱི་སྟེང་དུ་བཞུགས། དེའི་འོག་སེང་གེའི་ཁྲི་ལ་རྣམ་སྣང་དབང་ཕྱུག་མ་ཡབ་ཡུམ་གཉིས་དང་སོགས་གཞུང་ལྟར་རོ། །ཞི་བ་འོག་དང་ཁྲོ་བོ་སྟེང་གི་ནམ་མཁར་གསལ་བར་གསུངས། ཚོགས་ཀྱི་དུས། བདག་མདུན་དབྱེར་མེད་ཀྱི་ཚེ་གཙོ་བོའི་ཐུགས་ཀ་ནས་ལས་ལྷ་རྡོར་སེམས་ཞིག་དཀྱིལ་འཁོར་གྱི་ཤར་ཕྱོགས་སུ་སྤྲོས་པའམ། བདག་མདུན་ཐ་དད་ཡིན་ཚེ་བདག་བསྐྱེད་དེས་ཚོགས་ཀྱི་ལས་རྣམས་བྱ། སྐབས་འདིར་མདུན་བསྐྱེད་ཞི་ཁྲོའི་གཙོ་བོ་གོ་འཕོ་མི་འཕོ་སྲོལ་གང་བྱས་ཀྱང་ཆོག །གང་ལྟར། ཧཱུྃ་ཉོན་ཅིག་སོགས། ཆེ་མཆོག་ཁྲོ་བོའི་ང་རྒྱལ་གྱིས་ཚོགས་ལ་བར་དུ་གཅོད་པའི་བགེགས་བསྐྲད། ལས་བྱང་གི་བགེགས་བསྐྲད་སྐབས་ཆེ་མཆོག་དེ་དང་འདྲ་གསུངས། རྡོར་སེམས་སུ་གསལ་བའི་ཐུགས་ཀའི་སྤྲོ་བསྡུས་བྱིན་རླབས་བྱས་ཏེ་ཚོགས་རྫས་འདོད་ཡོན་མཁའ་ཁྱབ་ཏུ་སྤེལ། རང་གི་སྙིང་ཁའི་འོད་ཟེར་གྱིས་ཚོགས་ཞིང་སྤྱན་དྲངས་པ་མདུན་རྟེན་ལ་བསྟིམས། བསྒྲལ་བའི་དུས། བདག་ཉིད་ཆེ་མཆོག་གི་སྐུར་བསྒོམ་ལ། མདུན་དུ་ཨེ་ལས་གྲུ་གསུམ་འབར་བའི་ཧོམ་དུ་ཎི་ཏྲི་ལས་དགྲ་བགེགས་དངོས་སུ་གསལ་བ་ལ་འགུགས་

གཞུགས་བྱ་གསུངས། བསྐུལ་པའི་དུས་སུ། ཞི་ཁྲོའི་ལྷ་ཚོགས་བཀའ་སྡོད་དང་བཅས་པ་ཞིང་བཅུའི་བསྟན་དགྲ་འདུལ་བའི་ཆེད་དུ་ཐུགས་ཆེར་ཁྲོས་ཏེ་དྲག་པོའི་ལས་ལ་བཞེངས་པར་བསམ་ལ་ཆད་ཐོའི་གཏོར་མ་དགྲ་བགེགས་ཀྱི་ཤ་ཁྲག་བདུད་རྩིར་སྤེལ་བ་བཀའ་གཏེར་གྱི་སྲུང་མ་དྲེགས་པ་སྡེ་བརྒྱད་སོགས་ལ་དམག་ལྟོའི་ཚུལ་དུ་མཆོད། དེ་རྗེས་གཏོར་མ་ཉིད་ཐོག་སེར་ནད་མཚོན་དུ་དམིགས་ནས་དགྲ་བགེགས་ཀྱི་སྟེང་དུ་ཟོར་ཐབས་སུ་རྦད་པ་རྗེས་མེད་རྡུལ་ཕྲན་དུ་བརླག་པར་བསམ། བཟོད་གསོལ་སྐབས་བདག་བསྐྱེད་ལས་ཀྱི་ལྷས་སྤྱི་བོར་རྡོར་སེམས་བསྒོམ། སྡེ་བདུན་གྱི་དུས་དཀྱིལ་འཁོར་གྱི་གཙོ་བོའི་ཐུགས་ཀ་ནས་ལས་བྱེད་ཀྱི་ལྷ་ཆེ་མཆོག་ཧེ་རུ་ཀའི་རྣམ་པར་ཐོན་ནས་ཤར་ཕྱོགས་ཀྱི་དུར་ཁྲོད་དུ་སོང་ནས་གསོལ་ལས་བྱེད་པའམ། ཡང་ན་དཀྱིལ་འཁོར་གྱི་གཙོ་བོའི་ང་རྒྱལ་གྱིས་ལས་བྱེད། འདི་དུས་གཉེན་པོ་ཡེ་ཤེས་ཀྱི་ལྷ་མ་གསལ་ན། དྲེགས་པ་ཅན་གྱི་གོང་མི་ནོན། མངག་པ་ལས་ཀྱི་ལྷ་མ་གསལ་ན། ཕྲིན་ལས་མི་འགྲུབ་པས་བསྐྱེད་རིམ་གྱི་ངར་དང་ལྡན་དགོས། བཤགས་པ་བརྒྱ་ཀློང་གི་དུས། དཀྱིལ་འཁོར་གྱི་ཕྱི་ཁྱམས་སུ་རང་དང་ཚེ་འདས་ཡོན་བདག་མཁའ་ཁྱབ་ཀྱི་སེམས་ཅན་རྣམས་ཐ་མལ་ལྟར་དུ་དམིགས་ལ། ལུས་ཀྱི་སྒོ་ནས་མོས་གུས་ཕྱག་གི་བཤགས་པ་ནི་བརྒྱ་ཕྱག་ལྟར་དང་། ངག་གི་སྒོ་ནས་བྱིན་རླབས་སྔགས་ཀྱི་བཤགས་པ་རྡོར་སེམས་བསྒོམ་བཟླས་ཀྱི་དུས་རང་གཞན་གྱི་སྤྱི་བོར་རྡོར་སེམས་བསྒོམ་ལ་བཟླ། སྒོ་གསུམ་ཆ་མཉམ་གྱི་བཤགས་པ་ནི། ཀློང་བཤགས་ནང་གང་ཡོད་ཡིན། བསྐང་བའི་སྐབས། ཕྱི་ཁྱམས་ལ་རང་གཞན་ཐམས་ཅད་ཀྱི་རྣམ་སྨིན་ལུས་མཆོད་རྫས་དང་། རང་རིགས་རང་བཞིན་དཀྱིལ་འཁོར་གྱི་ལྷའི་རྣམ་པར་བསྒོམ་པའོ། །མཆོག་ཆེན་པོ་ནི་མཐོ་རིས་

གསུམ། མཆོག་ཕྲན་ནི་ངན་སོང་གསུམ། ཡང་ན་ཞིང་བཅུའི་མི་བདུན་མཆོག་ཆེན། ངན་སོང་གསུམ་མཆོག་ཕྲན། ཕུར་པའི་བསྐང་བ་ནི། དཀྱིལ་འཁོར་གྱི་བྱང་དུ་སྐད་ཅིག་གིས་ཕུར་པའི་ལྷ་ཚོགས་གསལ་བཏབ་ལ་བསྐང་བ་བྱའོ། །གནས་འདྲེན་སྐབས། དཀྱིལ་འཁོར་གྱི་ཤར་ལྷོ་གང་རུང་གི་སྒོས་གཡོན་དུ་རང་རྡོར་སེམས་ཀྱི་རྣམ་པས་འཁོད་ལ། མདུན་དུ་ཚེ་འདས་དེ་ཉིད་དངོས་སུ་གསལ་བ་རང་གི་ཐུགས་ཀའི་འོད་ཟེར་གྱིས་རྣམ་ཤེས་འཁྱམས་པོ་ཡི་གེ་ཨ་དཀར་པོའི་རྣམ་པ་བཀུགས་ནས་མདུན་རྟེན་གྱི་སྤྱི་བོར་ནས་བསྟིམ་པ་གཤེད་འདྲེ་རྣམས་གཟུགས་དང་གྲིབ་མའི་ཚུལ་དུ་འཁོད་པར་དམིགས། འདི་སྐབས་ལམ་ལྔ་ནི། རིགས་དྲུག་གི་ལྷ་མིན་གྱི་སྟོད་རིགས་ལྷ་དང་སྨད་རིགས་དུད་འགྲོར་བསྡུས་ཏེ། དམྱལ་བ་གདུང་བའི་ལམ། ཡི་དྭགས་འགོགས་པའི་ལམ། དུད་འགྲོ་མུན་པའི་ལམ། ལྷ་གཡེང་བའི་ལམ། མི་འདོད་པའི་ལམ་དང་ལྔ། ཡང་ན་རྨི་ལམ་གྱི་ལམ། བག་ཆགས་ཀྱི་ལམ། ལས་མཐའི་ལམ། འཁྲུལ་འཁོར་མ་ངེས་པའི་ལམ། རྒྱུ་དང་འབྲས་བུ་སོ་སོར་མ་ངེས་པའི་ལམ་དང་ལྔའོ། །སྒོ་དབྱེ་སྐབས། བླ་མའི་ཕྱག་གི་རྡོ་རྗེ་ལ་འཇུས་ཏེ། གཡས་བསྐོར་ཀྱི་སྒོ་བ་རྣམས་ལ་ཕྱག་འཚལ། མཐར་ཤར་སྒོ་ནས་ཞུགས་ཏེ་ནང་གི་ཁྱམས་དབང་རྟགས་ལ་སློབ་བུ་རྡོར་སེམས་གྱི་རྣམ་པར་འཁོད་པར་མོས། དེ་ནས་བཟུང་བླ་མ་དང་དཀྱིལ་འཁོར་གྱི་ལྷ་གཉིས་དབྱེར་མེད་དུ་བསྒོམ། བུམ་དབང་ལ་ཕྱི་ཕན་པའི་དབང་ནི། སྤྲུལ་པའི་ལྷ་དང་སྤྱན་དྲངས་པའི་དབང་ལྷ་རྣམས་ཀྱིས་ཆུ་དང་། དབུ་རྒྱན། རྡོར་དྲིལ་མིང་དབང་རྣམས་བསྐུར་ཏེ་དབང་སོ་སོའི་སྐབས་སུ་རིགས་ལྔའི་རྣམ་པའི་དབང་གི་ལྷ་ཚོགས་སྤྱན་དྲངས་པ་དེ་རྣམས་ཀྱིས་བུམ་དབང་དང་ཕྱག་མཚན་ལྔའི་དབང་བསྐུར། དེ་ནས་སློབ་བུའི་སྙིང་ཀར་ཞི་བའི་

གདན་དང་། སྤྱི་བོར་ཁྲོ་བོའི་གདན་རྣམས་གསལ་ལ། དཀྱིལ་འཁོར་གྱི་ལྷ་རྣམས་ལས་ལྷ་གཉིས་པ་རེ་ཆད་དེ་སོ་སོའི་གདན་ལ་འཁོད་པར་མོས། རྗེས་དབང་བཞི་དང་། སྣ་བདུན། རྟགས་བརྒྱད་སོགས་ཀྱི་དབང་བསྐུར་ཏེ། དེ་ནས་ནམ་མཁར་བཞུགས་པའི་དབང་ལྷ་རྣམས་སློབ་མ་ལ་བསྟིམས། ལམ་བསྟན་གནས་སྤར་སྐབས། ཚེ་འདས་ཀྱི་སྤྱི་བོར་རིགས་ལྔའི་ཞིང་ཁམས་སྐད་ཅིག་གིས་གསལ་བཏབ་ལ། ཕུང་ལྔ་རྣམ་དག་ཡུམ་ལྔའི་མཁའ་ཀློང་དུ་རྒྱས་གདབས། དཀྱིལ་འཁོར་གྱི་ལྷའི་ཐུགས་ཀའི་འོད་ཟེར་མེ་དཔུང་ལྟ་བུར་འཕྲོས་པས་ཚེ་འདས་ཀྱི་ཕུང་ཁམས་ཐམས་ཅད་མི་དམིགས་པའི་དབྱིངས་སུ་སྦྱངས། ཡང་ན་མར་མེའི་དབུས་སུ་མེ་ལྷ་རྡོར་སེམས་བསྐྱེད་དེ་ཕུང་པོ་བསྲེགས་རྫས་ཀྱི་ཚུལ་དུ་འབུལ་ལོ། །ལར་ཆོ་ག་གཏོང་ལུགས་ཀྱི་ཕྱག་སྲོལ་དང་སྒོམ་དོན་སོགས་མཁས་གྲུབ་རྣམས་ལ་རང་ལུགས་ཐ་དད་དུ་ཡོད་པས་དགག་རྒྱུ་མེད། དེ་མིན་གཞན་ཕལ་ཚོས་འདི་ཡིན་གྱི་གཏད་སོ་མེད་པར་ལྟ་བའི་རྒྱས་འགེབ་ཡིན་ཁུལ་གྱིས་མུན་ནག་མཛུབ་གཡུག་དེས་གོ་ནམ་ཡང་མི་ཆོད་གསུངས། འཕྲོས་དོན། བདག་མདུན་གྱི་རྣམ་དབྱེ་ལ། བཞིན་དང་མེ་ལོང་གི་ཚུལ་དུ། ཐོག་མ་ནས་གྱེར་གཅིག་གིས་བདག་མདུན་ཐ་དད་དུ་བསྐྱེད་པ་དང་། ཡང་ན་བདག་བསྐྱེད་ལུས་དཀྱིལ་དང་། མདུན་བསྐྱེད་ཕྱི་དཀྱིལ་ལྷར་བསྒོམ་ཀྱང་ཆོག །ཡང་ན་བསྟོད་པའི་མཇུག་བར་དུ་བདག་མདུན་དབྱེར་མེད་ལ། དེ་ནས་ཡེ་ཤེས་པ་མདུན་དུ་ཕྱེས་ཏེ། ཛ྄བ་ཟླས་རྫོགས་མཐར་རང་ལ་རྒྱས་བསྟིམ་པའི་ལུགས་ཀྱང་འདུག །ཡང་ན་བདག་བསྐྱེད་གཅིག་པུ་ལ། བདག་མདུན་དབྱེར་མེད་ཀྱི་སྒྲ་བཏགས་པ་མ་གཏོགས་མདུན་བསྐྱེད་གཏན་ནས་མེད་པའི་ལུགས་ཀྱང་འདུག །འདིར་མཁས་པའི་

ཕྱག་སྲོལ་ཐ་དད་ལས། ཀཿཐོག་དགེ་རྩེ་སྤྲུལ་སྐུ་དང་། ཞེ་ཆེན་རྒྱལ་ཚབ་རིན་པོ་ཆེ་མཁས་དབང་དབོན་སྤྲུལ་གསུམ་གྱིས་ཕྱག་སྲོལ་ནི། འོག་ཁང་ཞི་བའི་དཀྱིལ་འཁོར་ཆོས་འཁོར་གདུགས་ཏོག་དང་བཅས་པའི་ནང་དུ་ཞི་བའི་ལྷ་ཚོགས་དང་། སྟེང་གི་ནམ་མཁར་ཤ་ཆེན་གྱི་ས་གཞི་ལ་དྲག་པོའི་གཞལ་ཡས་ཁང་སྒོ་བསྒྲགས་ཅན་ཙིཏྟའི་གདུགས་ཏོག་དང་བཅས་པའི་ནང་དུ་ཁྲོ་བོའི་ལྷ་ཚོགས་བསྐྱེད་པ། གང་དུའང་ཐོག་རེག་དང་བྲལ་བ། ནམ་མཁར་སྤྲིན་ལྡིང་བ་ལྟ་བུ་ཡིན་གསུངས། དགེ་མིང་མཆོག་སྤྲུལ་གིས་ནི། ཕྱི་རིན་པོ་ཆེའི་གཞལ་ཡས་ཁང་ལ། ནང་དྲག་པོ། སྟེང་སྒོ་བསྒྲགས་ཅན་མཆོད་རྟེན་གྱི་རྣམ་པའི་སྟེང་བུམ་པའི་ནང་དུ། ཞི་བའི་ལྷ་ཚོགས་དང་། འོག་ཏུ་ཁྲོ་བོའི་ལྷ་ཚོགས་བསྐྱེད་པ་ཡིན་གསུངས། མཁས་གྲུབ་ཀརྨ་ཆགས་མེད་ཀྱིས། ཕྱི་རིན་པོ་ཆེ་ལ་ནང་ཐོད་པའི་རྩིགས་པ་རཀྟའི་སྦྱར་ཞིང་གནམ་ལྕགས་ཀྱིས་གཟེར་བཏབ་པའི་སྟེང་དུ་ཞི་བ་དང་འོག་ཏུ་ཁྲོ་བོའི་ལྷ་ཚོགས་བསྐྱེད་པ་ཡིན་གསུངས། འབར་ཆུང་བཀྲ་ཤིས་རྒྱ་མཚོས། ཕྱི་དཀྱིལ་ཞི་བ། ནང་དཀྱིལ་དྲག་པོ་སྟེ་སྒོ་བསྒྲགས་ཅན་གྱི་སྟེང་དུ་ཁྲོ་བོ་དང་འོག་ཏུ་ཞི་བ་བསྒོམ་པ་ཡིན་གསུངས། ཁྲོམ་ཟ་བླ་མ་ངག་དབང་པདྨས། འོག་གཞི་ཞི་བ་སྒོ་རྐྱང་ལ། སྟེང་གཞི་དྲག་པོ་སྒོ་བསྒྲགས་ཅན་གྱི་ནང་དུ། ལྷ་ཡང་དེ་ལྟར་བསྐྱེད་པ་ཡིན་གསུངས།

སྐྱབས་ཡེ་ཆོས་སྐྱོང་གིས། ཞི་བའི་གཞལ་ཡས་ཁང་ལ་དྲག་པོའི་རྒྱན་བཀོད་པའི་དབུས་སུ་འོག་ཏུ་ཞི་བ་དང་། སྟེང་དུ་ཁྲོ་བོའི་ལྷ་ཚོགས་བསྐྱེད་པ་ཡིན་གསུངས། བདག་གིས་ཀྱང་དེ་ལྟར་བྱས་ཡོད། གཡག་ཟེ་གཏེར་སྟོན་གྱིས། ཞི་ཁྲོའི་འགྲེལ་པ་ལས། གཞལ་ཡས་ཁང་མཚན་ཉིད་ཡོངས་རྫོགས་གཅིག་གི་ནང་ན་འོག་ཏུ་ཞི་བ་དང་། དེའི་རང་མདངས་སྟེང་དུ་ཁྲོ་དཀྱིལ་ཉི་མ་དང་ཟེར་ལྟར་བདག་བསྐྱེད་རྫོགས་པའི་ཚུལ་དུ་ཉམས་སུ་བལྟར་བ་དང་། འབྲས་བུའི་དུས་སུ་ཕྱིའི་ཕུང་ཁམས་སྐྱེ་མཆེད་ཐམས་ཅད་མ་སྤང་གནས་སུ་དག་པ་ཞི་བ་དང་། ནང་གི་ཉོན་མོངས་པ་རྟོགས་ཚོགས་ཐམས་ཅད་མ་སྤངས་གནས་འགྱུར་གྱི་ཚུལ་ཁྲོ་བོར་སྨིན་པའོ། །ཞེས་གསུངས། ལར་གང་ལྟར་བགྱིས་ཀྱང་འགལ་བ་མེད་པས་མཁས་པ་སོ་སོའི་ཕྱག་སྲོལ་ལྟར་རང་བློ་ལ་གང་འཐད་བྱས་ཆོག་ནའང་། དམ་པ་གོང་མའི་ཕྱག་སྲོལ་ལ་མེད་པའི་ཅི་ཉན་གང་ཉན་ཀྱིས་ས་མི་ཆོད་པ་འདྲ་སྙམ། ལས་བྱང་ཆུང་བའི་རཀྟའི་སྐབས། མ་ཆགས་ནི་འདུ་ཤེས་གསུམ་གྱི་སྦྱོར་བ། ཆགས་བྲལ་ནི་ཟག་མེད་ཀྱི་བདེ་བ། ཆགས་པ་ཆེན་པོ་ནི་སོར་རྟོགས་ཡེ་ཤེས་ལ་འཇུག་སྙམ། གངས་རིའི་ཁྲོད་ཀྱི་སྨྲ་བའི་སེང་གེ་ཆེན་པོ་ཨོ་རྒྱན་འཇིགས་མེད་ཆོས་ཀྱི་དབང་པོའི་ཞི་ཁྲོ་བསྙེན་ཡིག་ལས། ལས་བྱང་ཆེ་ཆུང་གང་བྱེད་ཀྱང་། སྐབས་སུ་དལ་བུས་འདོན་བསྒོམ་བསྒྲགས་ཤིང་གཙོ་བོར་སེམས་ཀྱི་དམིགས་པ་ལ་སེམས་གཏོད་པ་ལས། འདོན་ལྟ་སོགས་ལ་བསམ་བློ་མི་གཏོང་བར། བསྐྱེད་རིམ་གསལ་འདེབས་བརྗོད་པ་ཚིག་གི་

སྒོ་ཟེར་བ་ཡིན་པས། བྲེལ་འདོན་མི་བྱེད་པར་སེམས་ལྷོད་ལ་ཕབ་ནས་ཚིག་རེ་རེ་བཞིན་དམིགས་འདོན་ཡ་མ་བྲལ་བར་བྱ། སྐབས་སུ་ཡེངས་ཤོར་ན་ཡང་བསྐྱར་མགོ་ནས་བཟུང་ཕྱིར་ལོག་དགོས། དེ་ལྟར་བྱས་ན་ཕྱིན་ཆད་ཡེངས་མི་འཆོར་བ་ལའང་ཕན་ནོ། །ལྷ་བསྒོམ་དངོས་གཞི་ལས་བྱང་ཆེ་བ་ལྟར་ཡི་གེ་སྤྲོས་ཏེ་བསྐྱེད་པ་འབྲུ་བསྐྱེད། ཆུང་བ་ལྟར་ན་ས་བོན་མེད་པ་ཐོལ་བསྐྱེད་དེ་གང་ལྟར་ཡང་འདྲ་བར་འབྱུང་བ་བཞི་རིམ་བརྩེགས་དང་གཞལ་ཡས་ཁང་བསྐྱེད་པ། གཞུང་ལྟར་ལ། གདན་རྣམས་ཀྱང་གཞལ་ཡས་ཁང་དང་མཉམ་དུ་བསྐྱེད། དེ་འཕྲལ་རང་སེམས་ཨ་ཡིག་ཕོ་བྲང་དབུས་ཀྱི་གདན་སྟེང་དུ་བབ་པ་སྐད་ཅིག་གིས་ཀུན་བཟང་ཡབ་ཡུམ་དུ་བསྐྱེད། དེ་ནས་རིམ་བཞིན་རིགས་ལྔ། སེམས་དཔའ། ཐུབ་དྲུག་སྒོམ་པ་རྣམས་གསལ་གདབ། རྣམ་སྣང་ཀུན་བཟང་ཡབ་ཡུམ་ཐོ་བརྩེགས་སུ་བསྒོམ་པ་མཆན་བུ་ལ་ཡོད་པ་ལྟར་རམ། ཡང་ན་རྣམ་སྣང་ཐུགས་ཀར་ཡེ་ཤེས་ཚུལ་དུ་བཞུགས་པ་གང་ལྟར་བྱས་ཀྱང་མི་འགལ་ལ། བདག་པོ་ཀུན་བཟང་འཁོར་ལོས་བསྒྱུར། །བཀའ་སྡོད་སྐྱེས་བུ་མདུན་ན་གནས། །ཞེས་པ་ལྟར། ཀུན་བཟང་གི་མདུན་དུ་རྣམ་སྣང་བསྒོམ་ཀྱང་ཆོག་པར་སེམས། གང་ལྟར་ཡང་། རིགས་ལྔ་རྣམས་དང་། སེམས་དཔའ་ཡབ་ཡུམ་བཅས་ཚོམ་སོ་སོའི་ལྷ་རྣམས་ཕྱོགས་ཕྱོགས་ནས་གཙོ་བོ་ལ་ཞལ་ཕྱོགས་པ་དང་། སྒོ་བ་རྣམས་སྒོ་ནང་ནས་ཞལ་ཕྱིར་ཕྱོགས་པ་ལྟར་བཞུགས་པར་བསྒོམ། ཁྲོ་བོའི་ལྷ་ཚོགས་རྣམས་སྟེང་ཁང་ན་བཞུགས་པ་དང་། ཞི་ཁྲོ་བསྲེས་ནས་བསྒོམ་པ་སོགས་སྣ་ཚོགས་མཛད་འདུག་པ་གང་ལྟར་བྱས་པས་ཀྱང་ཆོག་མོད་ཀྱི། གཞལ་ཡས་ཁང་གཅིག་པ་དེར་སྟེང་འོག་བྱས་ནས་བསྒོམ་པ་རང་ལུགས་ངན་སོང་སྦྱོང་བ་སོགས་དང་མཚུངས་ཤིང་། རྫོགས་ཆེན་སྐབས་གཞི་

གནས་ཀྱི་དཀྱིལ་འཁོར་བཤད་པ་དང་མཚུངས་པས། དེ་ལྟར་བྱེད་ཚེ། ཞི་བའི་ལྷ་ཚོགས་ཀྱི་དབུའི་སྟེང་། གཞལ་ཡས་ཁང་གི་ནང་གི་བར་སྣང་ལ། རང་བྱུང་རང་ཤར་ཀྱི་དཀྱིལ་འཁོར་སྒྲས་བསྟན་པ་ལྟར་གྱི་དབུས་དང་ཕྱོགས་སོ་སོར་ཁྲོ་བོར་བསྐྱེད་པ་ཡིན་ལ། དེ་ལྟར་ཞི་བ་རྣམས་དང་ཐོ་བརྩེགས་མར་བྱས་ནས་མི་བསྒོམ་པར་སྟེང་གི་བར་སྣང་ལ་ཡར་བཀྱེད་ནས་མེ་རི་མེ་དཔུང་གི་ཀློང་ན་བཞུགས་པར་བསྒོམ་པ་ཡིན། མདུན་བསྐྱེད་བུམ་བསྐྱེད་གཉིས་པོ་བསྙེན་པའི་ཚེ་མི་དགོས་པས་བདག་བསྐྱེད་ཁོ་ན་དང་། དེ་ལས་ཀྱང་དང་པོ་གཙོ་བོ་ཡབ་ཡུམ་ལ་སེམས་འཛིན་པ་གལ་ཆེ། ཚོགས་བསགས་སྐོང་ཆོག་དང་འབྲེལ་སྐབས་དང་སྒྲུབ་པ་དང་སྒྲུབ་ཆེན་ཀྱི་ཚེ་མདུན་བསྐྱེད་དགོས་ཀྱང་ཆོ་ག་གཅིག་པོ་དེའི་ཁོང་ནས་བདག་མདུན་མཉམ་བསྐྱེད་བྱེད་པ་ཡིན། གཞན་དོན་དབང་བསྐུར་གནས་འདྲེན་སོགས་དང་། བདག་འཇུག་སོགས་ཀྱི་ཚེ། བུམ་བསྐྱེད་ཀྱང་དགོས་པས། གསུམ་པོ་ཆོ་ག་གཅིག་པོ་དེའི་ཁོང་ནས་བསྐྱེད་པ་ཡིན་ཏེ། བསྐྱེད་ཚུལ་ཁྱད་པར་མེད་པས། བདག་བསྐྱེད་མདུན་བསྐྱེད་ཐོལ་བསྐྱེད་དང་། །འབྲུ་བསྐྱེད་བུམ་བསྐྱེད་གང་བྱེད་ཀྱང་། །བསྒོམ་ཁོག་བློ་ལ་བྱང་བ་གཅེས། །གསུངས་པ་ཡིན། རྣམ་པ་གསལ་བ། ང་རྒྱལ་བརྟན་པ་འདི་གཉིས་ལས་ང་རྒྱལ་བརྟན་པ་འདི་གལ་ཆེ། བཟླས་པའི་ཚེ། བདག་བསྐྱེད་ཁོ་ན་ལས་མེད་ཚེ། མདུན་བསྐྱེད་ཀྱི་ལྷ་ལ་ཕོག་ཅེས་པའི་ཚིག་བསྒྱུར་ནས་བདག་བསྐྱེད་ཀྱི་ཐུགས་ཀའི་སྔགས་ཕྲེང་ལས་སྤྲོ་བསྡུ་བྱེད་པ་ཡིན་གསུངས། རྒྱལ་སྲས་གཞན་ཕན་མཐའ་ཡས་ཀྱིས་དཀའ་འགྲེལ་སྐྱ་རེངས་དང་པོ་ལས། ཞི་ཁྲོའི་ལས་བྱང་དུ་རིགས་ཀྱི་གཙོ་བོ་རྣམ་པར་སྣང་མཛད་དང་། ཐུན་མཚམས་ལྷར་ལྡང་རྡོར་སེམས་དབུར་གསལ་བ་དང་། ལས་བྱང་གི་མངོན་རྟོགས་གཅིག་པུའི་

ཁོངས་སུ། བདག་བསྐྱེད་རྡོར་སེམས་ཀྱི་ཐུགས་ཀར་ཞི་བ་དང་། སྤྱི་བོར་ཁྲག་འཐུང་གི་ལྷ་ཚོགས་ལུས་དཀྱིལ་དང་། མདུན་བསྐྱེད་ཕྱི་དཀྱིལ་ལས་བྱང་ལྟར། སྟེང་དུ་ཞི་བ་འོག་ཏུ་ཁྲོ་བོ་ཡིན་ཏེ། སྟེང་དུ་བརྒྱ་བྱིན་པི་ཝཾ་དཀར༔ འོག་ཏུ་ཆོས་རྒྱལ་མེ་ཆུ་ནག༔ ཅེས་པས་ཞི་བ་སྟེང་ཁང་ཡིན་པར་བསྟན་པ་དང་། དཀྱིལ་འཁོར་ཁྱམས་ཀྱི་ཤར་ཕྱོགས་སུ༔ སེང་ཧ་སེང་གདོང་ཞེས་དང་། དཀྱིལ་འཁོར་ཕྱི་རིམ་མུ་རན་སྐྱོང་མཛད་མ༔ ལ་སོགས་པའི་ཚིག་གིས་ནུས་པས་སྟེང་ཁང་ན་ཁྱམས་མེད་པའི་ཕྱིར། ཁྲོ་བོ་འོག་ཏུ་གསལ་དགོས་པར་བསྟན་པ་ཡིན་གསུངས་སོ། །ཀུན་བཟང་ཐེག་མཆོག་རྡོ་རྗེས། དེ་ཡང་གསང་སྔགས་རྙིང་མ་ལ། བདག་མདུན་ཐ་མི་དད་པ་ཡིན་ལ། དེ་ནས་བདག་བསྐྱེད་ཀྱི་ལྷ་ནམ་མཁའི་ཟླ་བ་ལྟ་བུ་ལ་མདུན་བསྐྱེད་ནི་དེའི་རང་གདངས་ཆུ་སྣོད་ཀྱི་ཟླ་གཟུགས་ལྟ་བུ་དང་། བདག་བསྐྱེད་ནི་མིའི་བྱད་གཟུགས་བཞིན་ལ། མདུན་བསྐྱེད་དཀྱིལ་འཁོར་སྒྲུབ་རྫས་བུམ་པ་ལ་སོགས་མེ་ལོང་ནང་ལ་བཞིན་གཟུགས་མ་འགགས་པ་འཆར་བ་ལྟ་བུ་ཐ་མི་དད་པ་བདག་གིས་ཆོ་འཕྲུལ་དུ་ཤེས་པར་བྱའོ་གསུངས་སོ། །ཀུན་བཟང་ཐེག་མཆོག་རྡོ་རྗེའི་ཞི་ཁྲོའི་བསྙེན་བསྒྲུབ་ཉེར་མཁོའི་སྐབས། བླ་མ་གོང་མ་འགའ་ཞིག་གིས་འོག་ཁང་གི་ཞི་བ་དང་སྟེང་ཁང་ཁྲོ་བོའི་དཀྱིལ་འཁོར་མཛད་པ་ནི་ཆོས་སྤྱོད་དང་བསྟུན་པར་གནང་བས་འགལ་བ་མེད་མོད། འོན་ཀྱང་ལས་བྱང་ཆེ་ཆུང་དུ་སྟེང་འོག་གི་འགྲོས་མེད་པ་དང་། ན་རཀ་དོང་སྤྲུགས་སྡིག་སྒྲིབ་བཤགས་པའི་རྒྱལ་པོ་ཞེས་གསུངས་འདུག་པས་འདིར་ཞི་ཁྲོ་ཁྲོམ་དཀྲུགས་ཀྱི་ལུགས་འདི་སྨིན་གླིང་མཁན་ཆེན་གྱི་གཞུང་དང་སྦྱོར་བ་གནང་འདུག་པ་དེའི་རྗེས་

སུ་འབྲངས་ཏེ་དཀྱིལ་འཁོར་གྱི་གཞི་ཇི་ལྟར་བརྩམ་པ་ལ། ཞེས་གསུངས་སོ། །ཡང་རྡོ་གྲུབ་ཀུན་བཟང་གཞན་ཕན་གྱི་ཞི་ཁྲོའི་བསྙེན་ཡིག་ལས། ཚུལ་འདི་ནི་ཞི་ཁྲོ་རང་གཞུང་གི་དགོངས་པ་འཁོར་འདས་སྣང་སྲིད་དཀྱིལ་འཁོར་གཅིག་ཏུ་བསྒྲུབ་པའི་ལུགས་སུ་བྱས་པ་ཡིན་ལ། དེ་ལས་གཞན་པ་རྙིང་མ་རང་ལུགས་ཀྱི་བདག་མདུན་བུམ་གསུམ་ཐ་དད་དུ་ཆོ་ག་གཅིག་ཏུ་སྒྲུབ་ཚུལ་དང་ཛ྄བ་མ་ཐུག་བར་དེ་ལྟར་བསྒྲུབ་ནས་གདོད་ཛ྄བ་ཁང་དབྱེ་བ། བདག་བསྐྱེད་དམ་ཚིག་པ་དང་དེ་ལས་མདུན་དུ་ཡེ་ཤེས་པའི་དལ་སོ་སོར་ཕྱེ་སྟེ་མེ་རི་འདབ་སྦྱོར་དུ་བཞུགས་པའི་བསྐྱེད་ཚུལ་སོགས་སྐབས་ཐོབ་ལྟར་ཤེས་དགོས་སོ། །རྭ་ག་ཨ་གསེས་གུར་དྲག་རྣམ་བཤད་ལས། རྙིང་མ་རྣམས་ཀྱིས་སྔར་ནས་ལས་བྱང་མང་པོ་དུས་གཅིག་ལ་འདོན་ཆོག །གསར་མ་རྣམས་ཀྱིས་ནི་ཡི་དམ་གང་ཡིན་གཅིག་གི་བདག་བསྐྱེད་འདོན་ནས་དེ་ལ་མདུན་བསྐྱེད་ཆོས་སྐྱོང་བའི་གཏོར་མགྲོན་སྦྱར་བ་ཙམ་ལས། ཡི་དམ་གཅིག་གི་དཀྱིལ་འཁོར་བསྡུ་ཆོག་མ་ཚར་བར་ཡི་དམ་གཞན་འདོན་སྲོལ་མེད། བཏོན་ན་ལྷ་རྒྱབ་མས་སྔོན་མ་མནན་པ་འདྲ་གཅིག་འོང་ཟེར། དེ་ནི་ཅུང་ཞིག་རྟོག་པ་དམའ་བའི་དབང་དུ་ཡིན། རྟོག་པ་མཐོ་ན། ལྷ་སྔོན་མ་རྒྱབ་མའི་སྐུ་གནས་བསྒྱུར་དུ་རུང་ཟེར། འོན་ཀྱང་གྲྭ་ས་ཆེན་པོ་རྣམས་སུ་ནི་དཀྱིལ་འཁོར་གཅིག་གི་བསྡུས་ཆོག་མ་ཚར་བར་ལྷ་གཞན་འདོན་སྲོལ་མེད་དོ། །དེ་བས་འདིས་ལུགས་ལ་དེ་ལྟར་མངོན་རྟོགས་གཅིག་གིས། བདག་མདུན་ཆ་གཉིས་སམ་བུམ་བསྐྱེད་གཏོར་བསྐྱེད་སོགས་ཆ་བཞི་དུས་གཅིག་ལ་བསྐྱེད་ཆོག་གསུངས་སོ། །

ཡང་ཆགས་མེད་རིན་པོ་ཆེས། ལས་བྱང་རྒྱས་བསྡུས་གང་ལྕོག་ཚར་གཅིག་གིས། །བདག་མདུན་བུམ་པ་གཏོར་མ་བཞི་པོ་ལ། །དུས་གཅིག་དཀྱིལ་འཁོར་ཆ་ཚང་བསྐྱེད་པ་སྟེ། །སོ་སོར་འདོན་མི་དགོས་པ་རྙིང་མ་ཡི། །ཁྱད་ཆོས་ཡིན་པས་ཐེ་ཚོམ་བྱ་མི་འཚལ། །ཞེས་གསུངས་སོ། །ཐོས་གྲོལ་གྱི་ཛ྄བ་བཟླས་ཀྱི་མཇུག་གི་ཡིག་ཆུང་ནང་དུ་འདིའི་བསྐྱེད་རིམ་སྐབས་ཚིག་ཚོགས་འོས་མིན་སྣ་ཚོགས་མི་འདོན་པར། ལས་བྱང་གི་མངོན་རྟོགས་གཅིག་པུ་དེ་གྱེར་བའི་ཁོངས་ནས་བདག་མདུན་དུས་མཉམ་དུ་བདག་བསྐྱེད་རྡོར་སེམས་ཀྱི་ཐུགས་ཀར་ཞི་བའི་ལྷ་ཚོགས་དང་སྤྱི་བོར་ཁྲག་འཐུང་གི་ལྷ་ཚོགས་རྣམས་ལུས་དཀྱིལ་དུ་གསལ་བ་དང་། མདུན་བསྐྱེད་ཕྱི་དཀྱིལ་ལས་བྱང་ལྟར་བསྒོམ་པ་གྲུབ་ཐོབ་པདྨ་རིག་འཛིན་གྱི་བཞེད་པ་རྗེ་ནམ་མཁའི་མཚན་ཅན་གྱིས་ཞལ་ནས་ཐོས་པ་ཁུང་བཙུན་པར་མཐོང་ཞེས་གསུངས་པའི་དོན་དེ་ཀུན་གྱི་ཐུགས་ཉམས་སུ་བསྟར་བར་ཞུ། ཚོགས་ཀྱི་སྐབས་དང་། གནས་འདྲེན་སོགས་སུ་རྡོར་སེམས་དངོས་སུ་གསུངས་པའང་། རྡོར་སེམས་ལུས་དཀྱིལ་དུ་གསལ་བའི་ཏིང་འཛིན་ཁོ་ནས་ཆོག་གསུངས། ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་གྱི་བསྐྱེད་རིམ་སྐབས། ཛ྄བ་བཟླས་ཀྱི་མཇུག་ཏུ་ཡིག་ཆུང་ནང་དུ་རྒྱ་རོང་དབོན་སྤྲུལ་གྱིས་ཞལ་ནས། འདིའི་བསྐྱེད་རིམ་སྐབས་ཚིག་ཚོགས་འོས་མིན་སྣ་ཚོགས་མི་འདོན་པར་ལས་བྱང་གི་མངོན་རྟོགས་གཅིག་པུ་དེ་གྱེར་བའི་ཁོངས་ནས། བདག་མདུན་དུས་མཉམ་དུ་བདག་བསྐྱེད་རྡོར་སེམས་ཀྱི་ཐུགས་ཀར་ཞི་བའི་ལྷ་ཚོགས་དང་། སྤྱི་བོར་ཁྲག་འཐུང་གི་ལྷ་ཚོགས་རྣམས་ལུས་

དཀྱིལ་དུ་གསལ་བ་དང་། མདུན་བསྐྱེད་ཕྱི་དཀྱིལ་ལས་བྱང་ལྟར་བསྒོམ་པ་གྲུབ་ཐོབ་པདྨ་རིག་འཛིན་གྱིས་བཞེད་པ་རྗེ་ནམ་མཁའི་མཚན་ཅན་གྱིས་ཞལ་ནས་ཐོས་པ་ཁུང་བཙུན་པར་མཐོང་ཞེས་དང་ཚོགས་དང་གནས་འདྲེན་སྐབས་སོགས་སུ་རྡོར་སེམས་དངོས་སུ་གསུངས་པའང་རྡོར་སེམས་ལུས་དཀྱིལ་དུ་གསལ་བའི་ཏིང་འཛིན་ཁོ་ནས་ཆོག་གསུངས། །། །

ཀར་གླིང་ཞི་ཁྲོའི་སྐབས།

ཀར་གླིང་ཞི་ཁྲོའི་སྐབས། བདག་དོན་དུ་བསྙེན་པ་སྔོན་དུ་བཏང་བ་ལ་སྒོམ་རིམ་ལྷན་སྐྱེས་རང་གྲོལ་ལྟར་ལས་ཆོ་ག་དང་མ་འབྲེལ་ནའང་རུང་མོད། ད་ལྟ་ཧེ་པ་ཆོས་འབྱུང་གིས་གཏེར་གཞུང་གི་གནས་ལུགས་དང་མཐུན་པར་ཛ྄བ་ཁང་དབྱེ་བ་དང་། བཟླས་དམིགས་སྒྲུབ་ཆེན་ལྟར་འཕྲོ་འདུ་ཕྲིན་ལས་ཀྱི་རིམ་པ་ལས་གཞན་མ་བསྟན་པ་ནི། ལུས་དཀྱིལ་ལྟར་བསྙེན་པ་སྔོན་དུ་བཏང་དགོས་པའི་གསལ་ཁ་ཛ྄བ་བསྐུལ་མགོར་ཡིག་ཆུང་དུ་བཤད་པ་བཞིན་དང་། དེ་ལྟར་ནའང་མདུན་བསྐྱེད་ཛ྄བ་བསྐུལ་གྱི་དུས་སུ་ཛ྄བ་ཁང་དབྱེ་བ་མ་ཡིན་ནམ་སྙམ་ན། བཀའ་བརྒྱད་རང་ཤར་རྣམ་བཤད་ལས། བདག་མདུན་དབྱེར་མེད་སྐབས་དེ་ལྟར་དང་། མདུན་བསྐྱེད་ཡོད་ཚེ་དེ་ཉིད་གསལ་ཡང་གདབ་ཙམ་དུ་གསུངས་སོ། །དེས་ན་གྲོང་ཆོག་གི་སྐབས་སུ་མཆོད་རྫས་བྱིན་རླབས་ནས་སྒོམ་རིམ་ལྟར་བསྙེན་པ་སྔོན་དུ་བཏང་སྟེ། སྟོང་ཆེན་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་ངང་སྔ་མ་བསྡུ་ཞིང་། ཕྱི་མ་ལྡང་བ་ཡིན་ཅིང་། དེའི་ངང་ནས་ཤར་བ་ཉིད་བསྐྱེད་རྫོགས་ཟུང་འཇུག་གམ། བདག་མདུན་དབྱེར་མེད་ཡིན་ཕྱིར། གཏེར་གཞུང་ལས། ཕྱི་སྣོད་གཞལ་ཡས་ཁང་ཆེན་ཉིད༔ ནང་བཅུད་ལྷ་དང་ལྷ་མོར་གསལ༔ ལྷ་ཉིད་རང་ལ་རང་ཉིད་ལྷ༔ དབྱེར་མེད་དུ་མ་རོ་གཅིག་གནས༔ ཞེས་གསུངས་པ་ལྟར། ངོ་བོ་བདག་མདུན་བུམ་གསུམ་དབྱེར་མེད་ཡིན་པ་ལ། རྣམ་པ་སྒྱུ་འཕྲུལ་སོགས་ཀྱི་གླེང་གཞི་ལྟར། སྤྲུལ་གཞི་ཞི་བ་ལས་སྤྲུལ་པ་ཁྲོ་བོའི་དཀྱིལ་འཁོར་བྱུང་བ་སྟེ། གཏེར་གཞུང་ལས། སྣང་སྲིད་གཞིར་བཞེངས་རང་བྱུང་དཀྱིལ་འཁོར་དུ༔ ཆོས་སྐུ་ཞི་བའི་རིག་རྩལ་ཆོ་འཕྲུལ་ལས༔ གསུངས་པ་ལྟར༔ དེ་ཡང་སོར་སྐྱེས་མོས་པ་ལམ་བྱེད་ལྟར་བློས་ཀུན་ཏུ་བརྟག་པའི་བསྐྱེད་རིམ་ལ་སྟོང་

པས་རྒྱས་འདེབས་པ་ཉིད་ལ་ཟུང་འཇུག་གི་ཐ་སྙད་བརྟག་པ་ཙམ་མ་ཡིན་པར། གདོད་ནས་མ་སྐྱེས་ཡེ་ནས་རྣམ་དག་པའི༔ གསུངས་པ་བཞིན་ཡེ་ནས་ཡིན་པ་ལ་ཡིན་པ་བཞིན་ལམ་དུ་བྱས་ནས་མངོན་དུ་གྱུར་པའི་ཐབས་ཁྱད་དུ་འཕགས་པའོ། །བུམ་བཟླས་སྐབས། རྡོ་རྗེ་གསུམ་མཚོན་བྱེད། བུམ་པ། དུང་ཆུ། གཟུངས་རྡོར་གསུམ་མས་ནས་རིམ་བཞིན་བརྩེགས་པ་ལ་རྡོ་རྗེ་གསུམ་གྱི་ལྷ་སོ་སོར་གསལ་བ་ཉིད། མཐར་འབྲུ་གསུམ་བརྗོད་པས་འོད་དུ་ཞུ་ནས་སློབ་མའི་སྒོ་གསུམ་སྨིན་རུང་དུ་སྒྲུབ་པ་ནི་སྔ་འགྱུར་བའི་རྒྱུད་སྡེ་སྤྱི་དང་ཚོགས་ཆེན་འདུས་འགྲེལ་ལས་གསུངས་པས། རྒྱུད་སྡེ་འོག་མས་མཆོད་ཡོན་ཕུལ་བ་དང་མི་འདྲའོ། །འདི་དག་མཁས་གྲུབ་ཟམ་མ་ཆད་པ་ཀཿཐོག་བརྒྱུད་པའི་ཕྱག་བཞེས་ཡིན་པས་རང་སོར་བཞག་པར་བྱའོ། །

དྲིས་ལན་སྐོར།

༈ དྲིས་ལན་སྐོར། ༈ཞི་ཁྲོ་ཀར་གླིང་ལས་བྱང་རྒྱས་པ་ལས། དུག་ལྔ་ཡེ་ཤེས་ལྔ་རུ་བསྒྲལ་བའི་ཁྲག༔ མ་ཆགས་ཆགས་བྲལ་ཆགས་པ་ཆེན་པོའི་ཁྲག༔ གཉིས་མེད་འཛིན་བྲལ་གསང་བའི་ཁྲག་ཆེན་འདི༔ ཞེས་གསུངས་པ་འདི་གསུམ་ཀ་ཧ་མ་གོ་ཞིང་། མ་ཆགས་ཆགས་བྲལ་འདི་གཉིས་དོན་མི་གཅིག་པ་གང་ཡིན་པ་དང་། གཞན་དུ་མཱུ་ལ་རཀྟ་གསུངས་པ་གང་ལགས། ཞེས་གསུངས་པ། ཁྲག་འདི་གསུམ་ལ་མཚོན་བྱེད་ཕྱི་རོལ་རྫས་ཀྱི་སྐབས་སུ་རཀྟའི་རྫས་མཆོག་སོ་ལྔ་སོགས་ཀྱི་དབྱེ་བ་དགོས་དོན་མཚན་ཉིད་སོགས་རྙིང་མའི་གཞུང་ཆེན་རྣམས་སུ་རྒྱས་པར་འབྱུང་ཞིང་། འདི་སྐབས་ཀྱི་དངོས་བསྟན་ནི་མཚོན་བྱ་དོན་གྱི་རཀྟ་ཡིན་འདུག་པས། སྤྱིར་དུག་ལྔ་དག་པའི་ཡེ་ཤེས་ལྔ་དང་བྱེ་བྲག་ཆགས་བྲལ་བདེ་བ་ཆེན་པོ་དང་། ཁྱད་པར་ཟུང་འཇུག་གི་སྙིང་པོའི་དོན་ལ་ཁྲག་གི་བརྡས་བརྗོད་ཅིང་དེ་དག་རིམ་བཞིན་དུ། ལུས་དང་བྷ་ག་སྙིང་གི་ཁྲག་གསུམ་གྱི་རྣམ་དག་དུ་འགྱུར་བ་ལགས། ཡང་མ་ཆགས་སོགས་གསུམ་གྱི་དོན་ནི། མ་ཡིན་དགག་གི་སྒྲས་བརྗོད་པས་ཆགས་པ་རང་བཞིན་མེད་པའི་ཕྱོགས་ཙམ་མཐོང་བ་དང་མེད་དགག་གི་སྒྲས་བརྗོད་པས་ཆགས་པའི་རྒྱུ་སྤངས་པ་དང་། དགག་པའི་ཡུལ་ལས་འདས་པར་བརྗོད་པས་འདོད་ཆགས་ཀྱི་དེ་ཁོ་ན་ཉིད་ཇི་བཞིན་ཤེས་པ་སྟེ་གསུམ་ལ་དགོངས་ཤིང་ཟབ་གསང་གི་གནད་གཞན་ཡང་ཡོད་མོད་ཀྱི་མ་བྲིས། མཱུ་ལ་རཀྟ་ལ་ངོས་འཛིན་མང་ཡང་འགའ་ཞིག་པདྨ་རཀྟ་དང་པོར་བྱུང་བ་ལ་ངོས་འཛིན་པ་ལེགས། ༈དྲི་བ་བཅུ་བཞི་པ། དཔེ་རྒྱུན་དུ་མ་མཐོང་ཡང་ངག་ལས་ཀུན་རིག་གི་དགུང་ཞག་

གཅིག་དང་། ཞི་ཁྲོ་ཚར་གཅིག་ཕན་ཡོན་མཉམ་སྨྲ་སྲོལ་འདུག་པ། ཞི་བ་ལྷ་རྣམ་སྣང་གཙོ་བོ་ཡིན་པ་སོགས་གཅིག་ཕྱིར་རྒྱུད་མཐོ་དམན་ནམ། བཀའ་གཏེར་བྱིན་རླབས་ཀྱི་ཁྱད་སོགས་གང་ཡིན་དང་། ཞེས་གསུངས། དབང་དམ་ཚིག་ལྷ་སྔགས་ཏིང་ངེ་འཛིན་སོགས་ཚུལ་མཐུན་ཡོད་པ་ཞིག་གིས་ཞི་ཁྲོ་དང་ཀུན་རིག་སུ་ཡི་སྒོ་ནས་འགྲོ་དོན་མཛད་ཀྱང་ཕན་ཡོན་ཆེ། དེ་ལས་ལྡོག་པའི་གང་ཟག་ཞིག་གིས་དེ་བཞིན་མཛད་ཀྱང་ཕན་ཡོན་ཆུང་བ་ལས། ལྷ་ཡི་ངོ་བོ་ལ་མཆོག་དམན་གྱི་འདམ་ག་མ་ཤེས་ལགས། ༈དྲི་བ་བཅོ་ལྔ་པ། ལར་ཞི་ཁྲོ་འདི་ས་ཀར་རྙིང་སོགས་ཀྱི་འགྲོ་དོན་གདུལ་བྱའི་སྒོ་འབྱེད་ཕྲིན་ལས་ཆེ་ནའང་། དབང་ལུང་ཙམ་ལས་བསྐྱེད་རྫོགས་ཀྱི་གོ་དོན་བསྙེན་བསྒྲུབ་ཀྱི་ཟིན་བྲིས་སོགས་ཕྱག་ལེན་ཆེར་བསྟར་བ་མ་བྱུང་བ་འདི། དེ་དག་མི་དགོས་པའི་མིང་དོན་མཚུངས་པའི་ཐོས་གྲོལ་གྱིས་ཆོག་པའི་བྱིན་རླབས་ཁྱད་འཕགས་སམ། སྤྱིར་རྙིང་ལུགས་ཀྱི་དཀྱིལ་འཁོར་རིགས་འདི་དབང་ལུང་ཐོབ་ནས་བྱུང་རྒྱལ་དུ་སྤྱོད་པ་འདི། བསྙེན་སོགས་དག་པར་མ་བྱས་པའི་རྩ་ལྟུང་འབྱུང་མིན་དང་། གོ་དོན་མ་ཤེས་ན་རང་གཞན་འདི་ཕྱིར་སྨན་༼ཕན་༽ཡོན་འབྱུང་བ་ཡོད་མེད་གང་ལགས། ཞེས་གསུངས་པ། ཞི་ཁྲོའི་སྐོར་འདི་སྔོན་དུས་སྔགས་པ་ཚད་ལྡན་རྣམས་ཀྱིས་བསྙེན་སྒྲུབ་ཕྱག་ལེན་ཇི་བཞིན་བསྟར་བས་དངོས་གྲུབ་ཐོབ་པ་མང་དུ་བྱུང་ཚོད་དང་། དེང་སང་ཡང་མེད་པའི་ངེས་པ་གར་ཡོད། འོན་ཀྱང་ཞི་ཁྲོ་གཅིག་པུར་མ་ཟད་སྔགས་གསར་རྙིང་གི་བསྐྱེད་རྫོགས་འགྲོ་དོན་ཐམས་ཅད་དུས་དབང་གིས་མིང་ཙམ་དུ་གྱུར་པས་ཚུལ་ཇི་བཞིན་མཛད་མཁན་ཤིན་ཏུ་དཀོན་པར་མངོན་སུམ་གྱིས་གྲུབ། དེས་ན་དེ་རིགས་ཀྱི་འགྲོ་དོན་ཡང་རིགས་འགྲེ་ཆོག་པ་ཞིག་ཡོད་

ཚོད་འདུག །བསྙེན་སོགས་དག་པར་མ་བྱས་པའི་རྩ་ལྟུང་གི་ཁུར་བཞེས་མཁན་ཡང་ཕལ་ཆེར་ཡིན་པ་འདྲ་སྙམ། སྤྱིར་ཐོས་གྲོལ་གྱི་མིང་ཐོས་རུང་གསང་སྔགས་ཀྱི་སྒྲ་ཐོས་ཤིང་སྤྱོད་པ་ཙམ་ཡང་སྐལ་པ་བཟང་པོར་འཁུམས་པས་མཐའ་གཅིག་ཏུ་ཕན་ཡོན་མེད་ཅེས་སྨྲ་རྒྱུ་མ་ལགས། ༈དྲི་བ་བཅུ་དྲུག་པ། སྟོད་ཕྱོགས་སུ་ཉིན་རེར་སྦྱིན་བདག་སོ་སོར་ཞི་ཁྲོ་གཉིས་གསུམ་བྱ་བར་ཆ་ལག་འདོན་རེས་བྱེད་ཟེར་བས་དེས་ཆོ་གའི་ཡན་ལག་མ་ཚང་བར་མི་འགྱུར་བ་དང་། ཆོ་ག་ཞི་ཁྲོ་གཞུང་མ་བཏོན་པར་བྱང་བུ་དབང་སོགས་མཛད་རུང་མིན་གང་ལྟར་ལགས། ཞེས་གསུངས། ཞི་ཁྲོ་ཚར་གྲངས་ཀྱི་ཆ་ལག་ཟེར་བ་དེ་སྲུང་མ་རྣམས་ཀྱི་གཏོར་བསྔོས་ལ་ཟེར་ན་ནི། འདོན་རེས་བྱས་པས་ཆོ་གའི་ཡན་ལག་ཉམས་པར་ག་ལ་གྱུར། དེ་བཞིན་བྱང་བུ་སོགས་ལའང་བྱང་བུ་བཞུ་མཁན་གྱི་གང་ཟག་དེ་ལྷ་སྔགས་ཏིང་ངེ་འཛིན་གྱི་དགོངས་པ་ལས་ནམ་ཡང་མི་གཡོ་ཤིང་དེ་ཁོ་ན་ཉིད་ཀྱི་ཚུལ་ཕྱོགས་ཙམ་རྟོགས་པ་ཞིག་ཡིན་ན་སྤྲོས་བཅས་ཀྱི་ཆོ་གའི་ཡན་ལག་ཚང་མ་ཚང་ལ་མི་ལྟོས་པར་གནས་སྐབས་དེ་ཉིད་དུ་ཏིང་ངེ་འཛིན་གྱི་གནད་ཚང་ཞིང་རྫོགས་པར་བསྒོམ་ནུས་པའི་ཕྱིར་ལྟར་སྣང་གི་ཆོ་ག་སོགས་ཚང་བར་མི་འདོན་པ་ལྟར་ཡོད་ཀྱང་བྱང་བུ་བཞུ་རུང་ཞིང་། དབང་བསྐུར་བ་ཡང་དེ་དང་འདྲ། དེ་ལྟའི་གནང་ནས་འཛིན་མི་ནུས་པ་རྣམས་ཀྱིས་ནི་ནང་གི་དམ་ཚིག་དང་ཏིང་ངེ་འཛིན་གྱི་དྲི་ཙམ་ཡང་མི་བྲོ་བའི་ཁར་ཚིག་འབྲུ་སྐམ་པོ་དེའང་ཚང་བ་ཞིག་མི་འདོན་ཕྱིན་དེ་ལས་ཐ་ཆད་པ་ཅི་ཞིག་ཡོད། ༈དྲི་བ་བཅུ་བདུན་པ། ལར་ཕྲན་ལས་ངན་སྐུ་སྐྱེའི་མིང་བཏགས་ནས་ཡི་གེ་བྱང་བ་ཙམ་ཡང་མི་ཤེས་སྐབས་ནས་ཆོ་ག་ཞི་ཁྲོའི་དཀོར་ཟན་བྱས་པ་དང་། བླ་གྲྭ་

རྣམས་སྙིང་རྗེ་དང་བསྐྱེད་རྫོགས་ཡིད་ལ་མ་འཁོར་བར་སྐད་དང་རོལ་མོ་ལ་སྐྱབས་སུ་བཅོལ་བའི་སྤྲོས་བཅས་འདིས་ཤི་གསོན་འདྲེན་ནུས་སམ། རྣམ་སྨིན་ཅི་འགྱུར་དང་། འདི་རྣམས་རང་དང་རིགས་མཐུན་ཐ་ཤལ་རེ་གཉིས་ལ་ཕན་པའི་སླད་དུ་སྤང་བླང་ཞལ་གདམས་ཞིབ་པ་ཞུ་ལགས། ཞེས་གསུངས། འདི་སྐོར་དྲི་ལན་གོང་དུ་སོང་བ་རྣམས་ལས་རྟོགས་པར་ནུས་མོད། འོན་ཀྱང་སྤྲོས་བཅས་ཀྱི་གྱེར་དབྱངས་རོལ་མོ་སོགས་དང་ལྡན་དངས་བ་འདྲེན་པའི་དམིགས་རྐྱེན་དུ་འགྱུར་ན་ལེགས་པས་འགོག་པར་མི་ནུས་ལ། གདུལ་བྱ་འདྲེན་ནུས་མི་ནུས་ནི་རབ་ཏུ་ཟུང་འཇུག་གི་རྣལ་འབྱོར་གྲུབ་པ། འབྲིང་ལྟ་བ་ངེས་ཤིང་བསྐྱེད་རིམ་བརྟན་པ། ཐ་མའང་དམ་ཚིག་མ་ཉམས་ཤིང་ཕྱག་ལེན་མ་འཁྲུལ་བ་སྙིང་རྗེ་ཅན་ཀུན་སློང་བཟང་བ་ཞིག་མེད་ཐབས་མེད་པ་ལ་དེ་ལྟ་བུའི་མཚན་ཉིད་དང་ལྡན་མི་ལྡན་ལ་རག་ལས་པ་ལགས། དེ་བཞིན་ཉིད་ལྟ་བུས་ཚུལ་བཞིན་དུ་སྤྱོད་པར་མཛད་ཕྱིར་ནོངས་པ་མི་འབྱུང་ཡང་སྙིགས་དུས་ཀྱི་དཀོར་ཟན་ལས་ངན་ཚོ་ལ་དགོངས་ནས་དྲིས་འདུག་པས་དེ་དག་ནི་སྡོམ་པ་དམ་ཚིག་དང་ཚུལ་བཞིན་མི་ལྡན་པ་གཞིར་བཞག་ནས་ཀུན་སློང་རྙེད་པ་ཐོབ་རེ་དང་སྦྱོར་བ་ཆོས་གཟུགས་བརྙན་ཙམ་ཆོས་ལྟར་བཅོས་ནས་སྤྱོད་པའི་རྣམ་སྨིན་ཤིན་ཏུ་མི་བཟད་པའི་འབྲས་བུ་ངན་པ་ཉམས་སུ་བསྟར་དགོས་པ་གོར་མ་ཆགས། འདི་སྐོར་སྤང་བླང་གི་བསླབ་བྱ་ནི་དྲི་ལན་རྣམས་ཀྱི་ཞར་ལས་འབྱུང་ཕྱིར་ལོགས་སུ་འགོད་མི་དགོས་པར་འདུག །༈དྲི་བ་བཅོ་བརྒྱད་པ། ཁམས་ཕྱོགས་འདིར་ཤི་ནས་རོ་ཆས་སམ། ས་འོག་སྦ་ཐོན་ནས་འཕོ་བ་འདེབས་སྲོལ་འདུག་པས་རྣམ་ཤེས་བུད་ནས་འཕོ་བ་མཚན་ཉིད་པ་འདེབས་རྒྱུ་མེད་ཀྱང་། སྙིང་རྗེ་སྔོན་དུ་འགྲོ་བའི་དགུག་གཞུག །བླ་མ། ཚེ་འདས།

རང་སེམས་གསུམ་གཅིག་ཏུ་བསྲེས་ནས་འཕོས་ན་ཕན་ཐོགས་སམ། གཞན་དམིགས་བྱ་ཡོད་དམ། ཞེས་གསུངས་པ། རྣམ་ཤེས་འཕོ་ཀ་མ་ལ་རླུང་སྦྱོར་དང་ཏིང་ངེ་འཛིན་དང་རྟེན་འབྲེལ་གྱིས་རྣམ་ཤེས་ཚངས་བུག་ནས་འཕོ་བར་བྱེད་པའི་མན་ངག་ལ་འཕོ་བར་གྲགས་ཤིང་རྒྱུད་དང་འབྲེལ་བའི་གདམས་པ་ཁྱད་འཕགས་ཡོད་ལགས། རྣམ་ཤེས་འཕོས་ཚར་ནས་འཕོ་བ་བྱེད་པ་རྒྱུད་སོགས་དང་འགལ་བར་མ་ཟད་མིང་ཙམ་ལའང་གཞིག་པ་མཆུག་པའི་སྐྱོན་གནས་ཤིང་། རྣམ་ཤེས་འཕོས་ཟིན་པའི་སྐད་ཅིག་དེ་ཉིད་དུ་བར་སྲིད་འགྲུབ་པར་སྒྲོན་གསལ་སོགས་ལས་བཤད་པས་ནུས་པ་ཁྱད་པར་ཅན་ཐོབ་ན་མ་གཏོགས་སླར་ཕུང་པོར་རྣམ་ཤེས་འགུགས་པའི་དམིགས་པ་བྱས་ཀྱང་འགུགས་མི་ནུས་ཕྱིར་འཕོ་འདེབས་ཀྱི་གཟུགས་བརྙན་ཙམ་བྱེད་པ་ལ་དགོས་པ་མེད་པ་དང་། ནུས་པ་ཁྱད་པར་ཅན་ཐོབ་པ་ཞིག་ཡིན་ན། རྣམ་ཤེས་སླར་འགུགས་མི་དགོས་པར་དེ་ཉིད་དུ་གནས་སྤར་བས་ཆོག་པ་དང་། གཞན་རྒྱུད་སྡེ་ནས་གསུངས་པའི་གཤིན་པོའི་སྒྲིབ་སྦྱོང་གི་སྒོ་གང་འདོད་བྱར་ཡོད་པ་ལ་མཐའ་གཅིག་ཏུ་འཕོ་བའི་གཟུགས་བརྙན་ལ་འབད་དགོས་པའང་མ་ཡིན་ནོ། །༈ དྲི་བ་བཅུ་དགུ་པ། རྒྱུན་དུ་འབྲེལ་བའི་གཤིན་པོ་རྣམས་ལ་སྙིང་རྗེ་བསྲེ་བ། བསྔོ་སྨོན་འདི་རྣམས་ལས་རྒྱུན་དུ་ཐབས་གཞན་ཡོད་མེད་དང་། ཞེས་གསུངས་པ། རྒྱུན་དུ་གཤིན་པོ་ལ་ཕན་འདོགས་པའི་ཐབས་སྙིང་རྗེ་བསྲེ་བ་བསྔོ་སྨོན་ཙམ་དུ་མ་ཟད་ལྷ་སྔགས་ཏིང་ངེ་འཛིན་གྱི་བྱེད་པ་ཁྱད་པར་ཅན་མང་དུ་ཡོད་ལགས། ཞེས་གསུངས་སོ། །སི་ཏུ་པཎ་ཆེན་ནས།


previousསྐྱབས་ཡེ་ཆོས་སྐྱོང་གིས།next