Nitartha Digital Library
Tibetan
བར་དོ་ཐོས་གྲོལ་ཆེན་མོའི་ཆོས་སྐོར་ཕྱོགས་བསྒྲིགས།


   
   
   
   
   
   
   
   
   
   
   
  expand section
   
   
དྲི་མེད་རྒྱལ་པོ་བཤགས་པའི་རྒྱུད་ཀྱི་འགྲེལ་པ་དོན་གསལ་སྒྲོན་མེ།
   
   
   
   
   
   
   
   
   
   
   
   
   
   


 
previousདྲི་མེད་རྒྱལ་པོ་བཤགས་པའི་རྒྱུད་ཀྱི་འགྲེལ་པ་དོན་གསལ་སྒྲོན་མེ།next

དྲི་མེད་རྒྱལ་པོ་བཤགས་པའི་རྒྱུད་ཀྱི་འགྲེལ་པ་དོན་གསལ་སྒྲོན་མེ།

དྲི་མེད་རྒྱལ་པོ་བཤགས་པའི་རྒྱུད་ཀྱི་འགྲེལ་པ་དོན་གསལ་སྒྲོན་མེ་བཞུགས་སོ༔

བཤགས་པའི་རྒྱལ་པོ་ཡེ་ཤེས་སྐུ་མཆོག་ལ་དོན་གསུམ་གྱི༔ དང་པོ་ལུས་ཀྱི་སྒོ་ནས་བཤགས་པ་ལ་དོན་གསུམ་ལས༔ དང་པོ་ཐུགས་ཡེ་ཤེས་སྒོ་ནས་སྤྱན་དྲངས་ཤིང་བཞུགས་གསོལ་བསྟན་པ་ནི༔ དང་པོ་དབུའི་ཡི་གེ་ༀ་ཞེས་སྨོས་པ་ནི༔ བཤགས་པའི་གླུའི་ཡན་ལག་ཐམས་ཅད་རྫོགས་པར་སྟོན་པ་སྟེ༔ དེ་ཡང་ཡན་ལག་ནི་རྣམ་པ་ལྔ་སྟེ༔ བཤགས་པ་བྱེད་པའི་མཁན་པོ་དང་༔ བཤགས་སྦྱངས་དང་༔ བཤགས་པའི་ཚིག་དང་༔ བཤགས་པའི་རྒྱན་དང་༔ བཤགས་པའི་བྱིན་གྱིས་བརླབས་པར་བྱེད་པ་རྣམས་སོ༔ དེ་ལ་ཡི་གེ་ༀ་ནི༔ རྒྱལ་བའི་དཀྱིལ་འཁོར་ཆེན་པོ་དང་ཐ་མི་དད་པའམ༔ རྣལ་འབྱོར་པའི་སེམས་ཉིད་དང་དབྱེར་མེད་པའི་ཕྱིར་བཤགས་པ་བྱེད་པའི་མཁན་པོ་ཡིན་ནོ༔ དེ་བཞིན་དུ་ཚངས་པའི་དབྱངས་ཀྱིས་འདྲེན་པ་ཡིན་པས༔ བཤགས་པའི་དབྱངས་ཡིན་ནོ༔ དོན་ཆེན་པོ་སྟོན་པས་བཤགས་པའི་ཚིག་ཡིན་ནོ༔ དེས་སུ༔ མཐོ་དམན་གསལ་བར་བྱེད་པས་ན༔ བཤགས་པའི་རྒྱན་ཡིན་ནོ༔ ཡི་གེ་ༀ་གྱིས་སྣ་དྲངས་ནས་བཤགས་པ་དང་༔ ཚིག་ཐམས་ཅད་ཀྱང་གསང་སྔགས་བདེན་པའི་ངག་ཏུ་བྱིན་གྱིས་རློབས་པར་བྱེད་པས་ན༔ བཤགས་པའི་དབྱངས་དང་ཚིག་བྱིན་གྱིས་བརླབས་པར་བྱེད་པ་ཡིན་ལ༔ བཤགས་པའི་དབྱངས་དང་༔ ཡི་གེ་བྱིན་གྱིས་བརླབས་པར་བྱེད་པ་ཡིན་པས༔ དེ་ཕྱིར་ཡི་གེ་

ༀ་གྱིས་སྣ་དྲངས་པ་ཡིན་ནོ༔ ༀ༔ ཡེ་ཤེས་སྐུ་མཆོག་རང་བཞིན་དཀྱིལ་འཁོར་ནི༔ ཞེས་པ་ནི༔ རང་རིག་པ་བྱང་ཆུབ་ཀྱི་སེམས༔ ཡེ་ནས་རང་ལ་རང་ཆས་སུ་གནས་པའི་དོན་ཤེས་པ་ནི་ཡེ་ཤེས༔ སྐུ་ཐམས་ཅད་ཀྱི་ནང་ནས་མཆོག་ཏུ་གྱུར་པ་ནི་ཆོས་སྐུའོ༔ དེ་ཡང་ཆོས་ཀྱི་སྐུ་དེ་ལ་ཡེ་ནས་གནས་པའི་དོན༔ རྣལ་འབྱོར་པས་རིག་ཅིང་རྟོགས་པས་ན༔ ཡེ་ཤེས་ཆོས་ཀྱི་སྐུ་ཞེས་བྱའོ༔ དེ་ནི་རང་བཞིན་གྱི་དཀྱིལ་འཁོར་ཡིན་ཏེ༔ གཏན་ཚིགས་དུས་གསུམ་དུ་འདུས་མ་བྱས་ཤིང་༔ རང་བཞིན་གྱི་རྣམ་པར་དག་པའི་ཕྱིར་རོ༔ ཟླ་རྒྱས་བཞིན་དུ་སྤྲོས་པ་མི་མངའ་ཡང་༔ ཞེས་པ་ནི༔ ཆོས་ཀྱི་སྐུ་དེ་ཡང་དཔེར་ན༔ ཚེས་བཅོ་ལྔའི་ཟླ་བ་རྒྱས་པ་བཞིན་ཏེ༔ ཟླ་བ་ཟླུམ་ཞིང་ཉ་བའི་དུས་དེ་ན༔ ཕྱོགས་རིས་ཀྱི་སྤྲོས་པ་མེད་པ་བཞིན་དུ༔ ཆོས་ཀྱི་སྐུ་དེ་ཡང་ཆེ་བའི་ཡོན་ཏན་ཐམས་ཅད་རང་ཆས་སུ་རྫོགས་ཤིང་༔ སེམས་ཅན་གྱི་དོན་མཛད་མི་མཛད་ཀྱི་སྤྲོས་པ་མི་མངའ་བར་བཞུགས་པ་ཡིན་ནོ༔ གཟུགས་སྐུ་ཐུགས་རྗེ་དང་བཅས་པ་སྟོན་ནོ༔ ཐུགས་རྗེ་ཉི་གསལ་འོད་བཞིན་སྙོམས་མཛད་པའི༔ ཞེས་པ་ནི༔ སངས་རྒྱས་ཀྱི་ཐུགས་ནི་དམིགས་པ་མེད་པའི་སྙིང་རྗེ་ཆེན་པོ་སྟེ༔ དཔེར་ན་ཉི་མ་ཤར་བའི་དུས་ན་འོད་སེམས་ཅན་ལ་བཟང་ངན་མེད་པར་ཁྱབ་པ་བཞིན་དུ༔ སངས་རྒྱས་ཀྱི་གཟུགས་སྐུ་གཉིས་འགྲོ་བ་དྲུག་ལ་སྙོམས་པའོ༔ འདིར་གཤེགས་བདག་ལ་དགོངས་ཤིང་བཞུགས་སུ་གསོལ༔ ཞེས་པ་ནི༔ སྒྲུབ་པའི་གནས་འདིར་གཤེགས་སུ་གསོལ༔ ཉི་ཟླ་པདྨའི་གདན་ལ་བཞུགས་སུ་གསོལ༔ བདག་རྣལ་འབྱོར་པ་ཐུགས་ཀྱིས་དགོངས་སུ་གསོལ༔ ཞེས་བརྗོད་པས༔ དེ་ཡང་ཆོས་སྐུ་བརྗོད་པ་དང་བྲལ་བའི་ངང་ལས༔ གཟུགས་སྐུ་ཞི་ཁྲོའི་ལྷ་ཚོགས་འཁོར་དང་བཅས་པ་མ་ལུས་པ་ཐམས་ཅད་དང་༔ གཞན་ཡང་དུས་

གསུམ་གྱི་བདེ་བར་གཤེགས་པ་ཐམས་ཅད་དང་༔ བླ་མ་དང་རིག་འཛིན་མཁའ་འགྲོའི་ཚོགས་དང་བཅས་པ་བྱོན་པར་བསམ་མོ༔ བརྗོད་མེད་ཤེས་རབ་མི་གཡོ་ཆོས་ཀྱི་སྐུགཉིས་པ་སྐུ་གསུམ་ལ་ཆོས་སྐུ་ཞེས་བསྟན། ཕྱག་འཚལ་བ་བསྟན། ༔ ཞེས་པ་ནི༔ སྤྱིར་ཚོགས་ལ་རྒྱུ་བསོད་ནམས་དང་༔ འབྲས་བུ་ཡེ་ཤེས་གཉིས་ལས༔ འབྲས་བུ་ཡེ་ཤེས་ཀྱི་ཚོགས་རྫོགས་པ་ནི༔ ཆོས་ཀྱི་སྐུ་དྲི་མ་མེད་པ་ཡིན་ལ༔ དེ་ལ་ངག་གིས་བརྗོད་དུ་མེད༔ སེམས་ཀྱིས་བསམ་དུ་མེད༔ ཡིད་ཐ་མལ་པས་དྲན་དུ་མེད༔ རང་རིག་པའི་ཤེས་རབ་དྲི་མ་མེད་པས༔ རྟོགས་པ་ཡིན༔ དེའི་ཕྱིར་ཆོས་ཀྱི་སྐུ་དེ་མཐའ་དང་བྲལ་བ༔ ངང་གིས་མི་གཡོཆོས་སྐུ་བསྟན། ༔ ཡོངས་ཀྱི་མི་གསལ༔ ཅིའི་ངོ་བོ་ཡང་མ་གྲུབ་པར་གནས༔ བདེ་ཆེན་ལོངས་སྤྱོད་ལོངས་སྐུ་བསྟན། རྫོགས་སྐུ་རིགས་ལྔའི་གཙོ༔ ཞེས་པ་ནི༔ རྒྱུ་བསོད་ནམས་ཀྱི་ཚོགས་གསོག་པ་ལས་གྲུབ་པ་ལོངས་སྤྱོད་རྫོགས་པའི་སྐུ་སྟེ༔ ལོངས་སྐུ་འཁོར་འདས་ཀྱི་ཆོས་ཐམས་ཅད་མ་སྤང་བའམ༔ ཡབ་ཡུམ་ཁ་སྦྱོར་གྱི་ཟག་མེད་ཀྱི་བདེ་བ་ལོངས་སྤྱོད་རྫོགས་པའི་སྐུ་ཡིན་པས་ན༔ ལོངས་སྤྱོད་རྫོགས་པའི་སྐུའོ༔ དེ་ཡང་ལོངས་སྐུ་ལ་མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་༔ དཔེ་བྱད་བཟང་པོ་བརྒྱད་ཅུ་པོ་ཐམས་ཅད་རྫོགས་ཤིང་༔ དེ་ཡང་སྐུའི་ངོ་བོ༔ རིགས་ལྔའི་སངས་རྒྱས་ཡབ་ཡུམ་སྲས་དང་བཅས་པར་སྣང་བའོ༔ རིགས་ལྔའི་གཙོ་བོ་ནི༔ དཔལ་རྡོ་རྗེ་སེམས་དཔའ་ཡབ་ཡུམ་ཡིན༔ ཐུགས་རྗེ་ཐབས་མཁས་རྒྱ་ཆེན་རོལ་པ་ཡིསྤྲུལ་སྐུ་བསྟན། ༔ ཞེས་པ་ནི༔ སངས་རྒྱས་ཀྱི་ཐུགས་རྗེ་ཐབས་ལ་མཁས་པའི་བདག་ཉིད་ཅན་ཏེ༔ དེ་ཡང་ཅི་ལྟར་ཞེ་ན༔ ལྷ་ལ་ཐུབ་པ་ཆེན་པོ་སྲིད་ཐུབ་ཏུ་སྣང་ནས༔ ལྷ་ལྟུང་བའི་སྡུག་བསྔལ་གྱི་དོན་མཛད༔ དེ་བཞིན་དུ་ལྷ་མ་ཡིན་ལ་ཐུབ་པ་ཆེན་པོ་རྣམ་པར་རྒྱལ་བ་བསྟན་ནས༔ འཐབ་

རྩོད་ཞི༔ མི་ལ་ཐུབ་པ་ཆེན་པོ་ཤཱཀྱ་སེང་གེར་སྣང་ནས༔ སྡུག་བསྔལ་བརྒྱད་དང་བཅུ་དྲུག་གི་དོན་མཛད༔ བྱོལ་སོང་ལ་ཐུབ་པ་ཆེན་པོ་རྣམ་པར་གནོན་པ་མཐོང་ནས༔ གླེན་ལྐུགས་ཀྱི་དོན་མཛད༔ ཡི་དྭགས་ལ་ཐུབ་པ་ཆེན་པོ་རྣམ་པར་འབྱེད་པ་སྣང་ནས༔ བཀྲེས་སྐོམ་གྱི་དོན་མཛད༔ དམྱལ་བ་ལ་ཐུབ་པ་ཆེན་པོ་ཆོས་ཀྱི་རྒྱལ་པོར་རབ་ཏུ་སྣང་ནས༔ ཚ་གྲང་གི་དོན་མཛད་པའོ༔ ཞི་ཁྲོ་སྤྲུལ་པའི་སྐུ་ལ་ཕྱག་འཚལ་ལོ༔ ཞེས་པ་ནི༔ དེ་ལྟར་ཆོས་སྐུ་དང་༔ ལོངས་སྐུ་དང་༔ སྤྲུལ་སྐུ་གསུམ་ཡང་བསྡུ་ན་ཆོས་སྐུ་གཟུགས་སྐུར་འདུས་ལ༔ གཟུགས་སྐུ་ཐམས་ཅད་ཀྱང་ཞི་བ་དང་ཁྲོ་བོར་འདུས་པས༔ ཞི་བའི་ལྷ་སངས་རྒྱས་བཞི་བཅུ་རྩ་གཉིས་ལ་སོགས་པ་ཐམས་ཅད་དང་༔ ཁྲོ་བོའི་ཁྲག་འཐུང་ལྔ་བཅུ་རྩ་བརྒྱད་ལ་སོགས་པ་སྤྲུལ་པའི་སྐུར་བསྟན་པ་ཐམས་ཅད་ལ་ཕྱག་འཚལ་ལོ༔ ཞེས་བྱ་བའི་དོན་ཏོ༔ གསུམ་པ་ཕྱི་ནང་གསུམ་གྱི་མཆོད་པ་ནི་གང་འབུལ་ན་དངོས་སུ་འབྱོར་དང་ཡིད་ཀྱིས་རྣམ་སྤྲུལ་པའི༔ ཞེས་པ་ནི༔ དངོས་སུ་འབྱོར་དང་ཡིད་ཀྱིས་མཆོད་པ་ནི༔ སྤོས་དང་མེ་ཏོག་དང་མར་མེ་དང་བཤོས་གཙང་དང་༔ དྲི་ཆབ་ལ་སོགས་པ་ཕྱིའི་མཆོད་པ་རྫས་ལྔ་དང་༔ བདུད་རྩི་དང་༔ རཀྟ་དང་༔ གཏོར་མ་ལ་སོགས་ནང་གི་མཆོད་རྫས་གསུམ་པོ་དང་༔ དངོས་སུ་མ་འབྱོར་ན་ཏིང་འཛིན་རྣམ་པར་དག་པའི་ཡིད་ཀྱིས་་མཆོད་པའི་བྱེ་བྲག་མང་པོ་སྤྲུལ་ལ་འབུལ༔ ཇི་ལྟར་འབུལ་ན་ཀུན་ཏུ་བཟང་པོ་བླ་མེད་མཆོད་སྤྲིན་གྱིས༔ ཞེས་པ་ནི༔ དེ་ཡིད་ཀྱིས་ཇི་ལྟར་འབུལ་ན༔ དབྱིངས་ཀུན་ཏུ་བཟང་པོ་ཡིན་ལ༔ རྫས་ལས་ཁྱད་པར་གྱུར་པའི་ཕྱིར་ན༔ བླ་ན་མེད་པ་ཡི༔ དཔེར་ན་ནམ་མཁའི་སྤྲིན་ལྟར་མང་བའམ༔ བུང་འཐུགས་པར་དམིགས་པས༔ མཆོད་པའི་སྤྲིན་གྱིས་ནམ་མཁའ་གང་བར་དམིགས་པའོ༔ མཁའ་དབྱིངས་རྣམ་དག་རྒྱ་ཆེན་

ཡོངས་བཀོད་དེ༔ ཞེས་པ་ནི༔ ནམ་མཁའ་ནི་ཆོས་དབྱིངས་རྣམ་པར་དག་པའོ༔ ནམ་མཁས་གར་ཁྱབ་པར་མཆོད་པས་གང་བར་དམིགས་པ་ནི༔ རྒྱ་ཆེན་ཡོངས་སུ་བཀོད་པའོ༔ དེ་ཡང་ནམ་ཆོས་ཀྱི་དབྱིངས་རྣམ་པར་དག་པ་ཡུམ་གྱི་མཁའ་དབྱིངས་སུ་བསྒོམ༔ མཆོད་པ་ཀུན་ཏུ་བཟང་པོ་ཡབ༔ ཡེ་ཤེས་ཀྱི་རང་བཞིན་གྱིས་ཡོངས་སུ་གང་བར་བཀོད་དེ༔ གང་འབུལ་ན༔ ཕྱི་ནང་གསང་བའི་མཆོད་པ་རྒྱ་མཚོས་མཆོད༔ ཞེས་པ་ནི༔ དངོས་སུ་འབྱོར་བའི་མཆོད་པ་ནི༔ ཕྱིའི་མཆོད་པ་ཡིན་ལ༔ ནམ་མཁས་གར་ཁྱབ་པར་མཆོད་པས་ཁྱབ་པར་སྤྲུལ་པའི་ཏིང་འཛིན་་གྱིས་མཆོད་པ་ནི་ནང་གི་མཆོད་པའོ༔ ནམ་མཁའ་ཡུམ་གྱི་བྷ་ག་ལ༔ མཆོད་པ་ཀུན་ཏུ་ཡེ་ཤེས་ཀྱི་སྣང་བ་ནི་གསང་བའི་མཆོད་པའོ༔ དེ་ལྟ་བུའི་མཆོད་པ་དཔག་པར་དཀའ་བ་རྒྱ་མཚོ་ལྟ་བུར་མཆོད༔ གསང་བའི་མཆོད་པ་དངོས་གང་ཞེ་ན༔ ཀུན་ཏུ་བཟང་མོ་ཞེས་པའོ༔ གནས་གང་དུ་བསྒོམ་ན་ཀུན་ཏུ་བཟང་མོ་གསང་བའི་བྷ་ག་ལ༔ ཞེས་པ་ནི༔ ཡུམ་ཀུན་ཏུ་བཟང་མོའི་གསང་བའི་བྷ་ག་པདྨའི་གཞལ་ཡས་ཁང་དུ་བསམ་ལ་དབུལ་བ་ནི༔ ལྷ་གང་བསྒོམ་ན་རྒྱལ་བའི་དཀྱིལ་འཁོར་རབ་འབྱམས་མ་ལུས་ཀུན༔ ཞེས་པ་ནི༔ གཞལ་ཡས་ཁང་དེའི་དབུས་སུ༔ རྒྱལ་བ་རིགས་ལྔ་ཡབ་ཡུམ་བཅུ་ནི༔ དཀྱིལ་འཁོར་ལྷ་དང་ལྷ་མོ་ནི་འཁོར་མ་ལུས་པ་དང་༔ རབ་འབྱམས་སྤྲུལ་པ་མ་ལུས་པ་མང་པོ་དང་བཅས་པ་བསམ་གྱིས་མི་ཁྱབ་པ་ཀུན་དང་༔ བྱང་ཆུབ་སེམས་ཀྱི་མཆོད་པ་གང་ཡིན་ན་འདུ་འབྲལ་མེད་པའི་ངང་དུ་རོ་གཅིག་པས༔ ཞེས་པ་ནི༔ ཡེ་ནས་དུས་གསུམ་འབྲལ་བ་མེད་པ༔ ཆོས་ཀྱི་དབྱིངས་ཀྱི་ངང་དུ་རོ་གཅིག་པས༔ ཇི་ལྟར་འབུལ་ན་གཉིས་མེད་བྱང་ཆུབ་སེམས་ཀྱི་མཉེས་གྱུར་ཅིག༔ ཅེས་པ་ནི༔ ཡབ་ཡུམ་ཐབས་

དང་ཤེས་རབ་གཉིས་སུ་མེད་པའི་བྱང་ཆུབ་ཀྱི་སེམས་ཀྱིས༔ ཡི་དམ་དཀྱིལ་འཁོར་གྱི་ལྷ་རྣམས་མཉེས་པར་གྱུར་ཅིག་པའོ༔ དེ་ལྟར་རྟོགས་པ་ཉིད་གསང་བའི་མཆོད་པའོ༔ སེམས་ཀྱི་སྒོ་ནས་བཤགས་པ་ལ་གསུམ་སྟེ༔ སེམས་བསྐྱེད་པ་དང་༔ ལྟ་བ་བསལ་བ་དང་༔ དགོངས་སུ་གསོལ་བའོ༔ སེམས་ཀྱི་རང་བཞིན་ཆོས་དབྱིངས་ནམ་མཁའ་ཆེ༔ ཞེས་པ་ནི༔ ཆོས་ཐམས་ཅད་ཀྱི་རྩ་བ་ནི་རང་གི་སེམས་སུ་འདུས་པ་ནི༔ སེམས་ཀྱི་རང་བཞིན་སྤྲོས་པའི་མཚན་མ་ཐམས་ཅད་དང་བྲལ་བ༔ ཡེ་ནས་རྣམ་པར་དག་པ་ངང་གིས་མ་བཅོས༔ རང་བཞིན་གྱིས་འོད་གསལ་བའོ༔ ཆོས་དབྱིངས་རྣམ་དག་ཡེ་ནས་འོད་གསལ་ཞིང་༔ ཞེས་པ་ནི༔ ཆོས་ཉིད་བྱང་ཆུབ་ཀྱི་སེམས་ལ་གཟུང་འཛིན་གྱི་སྐྱོན་དང་བྲལ་ཏེ༔ ཡེ་ནས་རྣམ་པར་དག་པ་དེ༔ ཡེ་ཤེས་ཆེན་པོའི་འོད་སེམས་ཀྱི་དཀྱིལ་འཁོར་གསལ་བས་ན༔ འོད་གསལ་ཞེས་བྱ༔ དེ་ལྟར་རྟོགས་ན༔ རྣལ་འབྱོར་ཉིད་དབྱིངས་སྨྲ་བསམ་ལས་འདས་པའི༔ ཞེས་པ་ནི༔ ཆོས་ཀྱི་དབྱིངས་རྣལ་མ་ལ་རང་གི་རིག་པའི་བློ་འབྱོར་བ་ཉིད༔ རྣལ་འབྱོར་ཡིན་ནོ༔ དེ་ཉིད་སེམས་ཆོས་ཀྱི་དབྱིངས་ཡིན་ཏེ༔ ཆོས་ཀྱི་དབྱིངས་ནི་སྨྲ་བའི་ཚིག་གམ༔ བསམ་པའི་ཡུལ་ལས་འདས་པ་ཡིན་ནོ༔ དེ་ལྟར་རྟོགས་པར་བྱས་ལ་ཞེས་པའི་ཐ་ཚིག་གོ༔ མཉམ་ཉིད་བྱང་ཆུབ་སེམས་ལ་རྟག་ཏུ་འདུད༔ ཅེས་པ་ནི༔ གོང་མ་ལྟར་ཆོས་ཉིད་བྱང་ཆུབ་ཀྱི་སེམས་ལ༔ སངས་རྒྱས་དང་སེམས་ཅན་གཉིས་སུ་མེད་པས༔ མཉམ་ཉིད་གཉིས་སུ་མེད་པའི་བྱང་ཆུབ་ཀྱི་སེམས་དེ་ཁོ་ན་ཉིད་ཡི་དམ་གྱི་ལྷ་ཡིན་པས༔ དེ་ལ་བདག་སྒྲུབ་པ་པོ་སྐྱབས་སུ་མཆི་ཞིང་རྟག་ཏུ་འདུད་ཅེས་སེམས་བསྐྱེད་པའོ༔ ཀུན་བཟང་རྫོགས་ཆེན་ཡེ་ནས་གདལ་བ་ལ༔ ཞེས་པ་ནི༔ ཕྱི་སྣོད་ཀྱི་འཇིག་རྟེན་ཀུན་ཏུ་བཟང་པོའི་རང་བཞིན་ཏེ༔ ཆོས་ཀྱི་དབྱིངས་སུ་རྫོགས༔

ཆོས་ཀྱི་དབྱིངས་ཀྱི་གོང་ན་གཞན་མེད་པས་ན་ཆེན་པོ༔ ཆོས་ཀྱི་དབྱིངས་ལ་མཐའ་དབུས་མེད་པས་ན༔ གདལ་བ་ཆེན་པོ་ཀུན་ལ་ཁྱབ་པའོ༔ ནང་བཅུད་ཀྱི་སེམས་ཅན་ཀུན་ཏུ་བཟང་པོར་རྫོགས༔ དེ་ཡེ་ཤེས་ཆེན་པོའི་རང་བཞིན་ནོ༔ ཕྱི་ནང་གསང་བ་བཀོད་པའི་དཀྱིལ་འཁོར་ནི༔ ཞེས་པ་ནི༔ ཕྱི་གཟུགས་བརྙན་གྱི་དཀྱིལ་འཁོར་རོ༔ ནང་ཏིང་ངེ་འཛིན་གྱི་དཀྱིལ་འཁོར༔ གསང་བ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་ནི༔ གསེར་དངུལ་ཟངས་ལྕགས་ལུགས་སུ་བླུགས་པ་དང་༔ རྭ་ཤིང་རྡོ་ལ་འབུར་དུ་བརྐོས་པ་དང་༔ རས་བལ་ཐི་གུ་ཐེག་ཏུ་བཏགས་པ་ལ་སོགས་པའི་གཟུགས་སུ་སྣང་བ་ཐམས་ཅད་དོ༔ ནང་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་ནི༔ དམིགས་པའི་ཡུལ་ལྷ་བསྒོམ་པའོ༔ གསང་བ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར༔ དོན་དམ་པ་དང་ཀུན་རྫོབ་བོ་དྷི་ས་ཏྭ་གཉིས་སུ་མེད་པའོ༔ སྣང་སྲིད་རྣམ་དག་ལྷ་དང་ལྷ་མོའི་དབྱིངས༔ ཞེས་པ་ནི༔ སྣང་བ་ནི་འབྱུང་བ་ལྔ་ལས་བསྐྱེད་པའི་ཡུལ་རྣམས་ཏེ༔ དེ་ཡང་འབྱུང་བ་ཡུམ་ལྔའོ༔ སྲིད་པ་ནི་ནང་བཅུད་དུ་སྲིད་པའི་སེམས་ཅན་རྣམ་ཡིན་ཏེ༔ དེ་ཡང་ཡབ་ལྔའི་རང་བཞིན་ཏེ༔ དེ་ལྟར་རྟོགས་པས་སྣང་སྲིད་ལྷ་དང་ལྷ་མོའི་རང་བཞིན་དུ་དག་པས༔ ཆོས་ཀྱི་དབྱིངས་་ཆེན་པོའོ༔ འབྱུང་དང་འབྱུང་འགྱུར་ཡབ་ཡུམ་ལྷུན་རྫོགས་རྣམས༔ ཞེས་པ་ནི༔ འབྱུང་བ་ནི་འབྱུང་བ་ཆེན་པོ་ལྔའོ༔ འབྱུང་གྱུར་ནི་འབྱུང་བ་ཆེན་པོ་ལས་གྱུར་པའི་སེམས་ཅན་ཏེ༔ དེ་ཡང་འབྱུང་བ་ལྔ་ཡུམ་ལྔར་ལྷུན་གྱིས་རྫོགས༔ འབྱུང་བ་ཆེན་པོ་ཡབ་ལྔར་ལྷུན་གྱིས་རྫོགས༔ རྣམ་ཤེས་དབང་པོ་རྣམས་བྱང་ཆུབ་སེམས་དཔར་ལྷུན་གྱིས་རྫོགས༔ དེ་ཡུལ་སེམས་མར་ལྷུན་གྱིས་རྫོགས༔ དེ་བས་ན་ལྷུན་རྫོགས་ཞེས་སོ༔ ལུང་ཨ་ནུའི་ལྟ་བ་གསང་ཆེན་རབ་དགྱེས་གཟུངས་ཆེན་བདག་ཉིད་མའི༔ ཞེས་པ་སྟེ༔ ཡབ་

ཡུམ་ཐབས་དང་ཤེས་རབ་གཉིས་སུ་མེད་པའི་བྱང་ཆུབ་ཀྱི་སེམས་དེ་ཀུན་གྱི་ཐུན་མོང་དང་༔ མཚན་མའི་སྤྱོད་ཡུལ་དུ་མ་གྱུར་པས་གསང་ཆེན་ཐིག་ལེ་སྐུ་མཉམ་དུ་ལྟ་བས་རབ་དགྱེས༔ བཟུང་བ་ཅན་གྱིས་ཡུམ་ཉིད་ཆགས་པའི་ཡུལ་བདག་ཉིད་ཡིན་པའོ༔ མཁའ་དབྱིངས་ཀློང་ཡངས་པདྨོར་འཁྱིལ་བ་ནི༔ ཞེས་པ་ནི༔ ཡུམ་གྱི་མཁའ་ཆོས་ཀྱི་དབྱིངས༔ བྷ་ག་ཡེ་ཤེས་ཆེན་པོའི་ཀློང་ཡངས་པ་ན༔ པདྨ་རང་བྱུང་དུ་འཁྱིལ་བའི་གཞལ་ཡས་ཁང་ཆེན་པོར་གནས་པ་དེ་དང་༔ གཉིས་མེད་ཐིག་ལེ་ཆེན་པོར་འོད་གསལ་ཞིང་༔ ཞེས་པ་ནི༔ དོན་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པའི་རྟགས༔ ཡབ་ཡུམ་ཐབས་ཤེས་གཉིས་སུ་མེད་པའི་བྱང་ཆུབ་ཀྱི་སེམས༔ དཔེར་ན་མེ་ལོང་གཡའ་དག་པ་ལྟ་བུའི་ཐིག་ལེ་ཆེན་པོ་རང་བཞིན་དུ་གནས༔ མ་བཅོས་སྤྲོས་བྲལ་བྱང་ཆུབ་སྙིང་པོའི་སྐུ༔ ཞེས་པ་ནི༔ ཡེ་གདོད་མ་ནས་སངས་རྒྱས་པའི་རང་བཞིན་ཅན་དུ་གནས་པ་ནི༔ སངས་རྒྱས་སྒམ་པོས་མ་བཅོས༔ སེམས་ཅན་སྒྲིན་པོས་མ་བསླད༔ སྤྲོས་པའི་མཚན་མ་ཐམས་ཅད་དང་བྲལ་ཞིང་༔ བྱང་ཆུབ་ཀྱི་སེམས་ཀྱི་སྙིང་པོའི་རང་བཞིན༔ ཆོས་ཀྱི་སྐུ་གསང་བ་ཆེན་པོའི་རྟོགས་དཀའ་བར་གནས་སོ༔ ཅིར་ཡང་སྣང་བ་བདེ་ཆེན་གཡུང་དྲུང་ལྷ༔ ཞེས་པ་ནི༔ འཁོར་འདས་ཀྱི་ཆོས་ཐམས་ཅད་རང་གི་སེམས་སུ་སྣང་ལ༔ སེམས་ཉིད་ཅིར་ཡང་སྣང་བ་ཆེན་པོ་ལ་སྐྱེ་ཤི་མེད༔ བདེ་ཆེན་འདུ་འབྲལ་ལམ༔ འཇིག་པ་མེད་པས་གཡུང་དྲུང་ལྟ་བུའི་སྐུ་སྟེ༔ ནམ་ཡང་མི་འགྱུར་བ་གནས་པའོ༔ འདུ་འབྲལ་མེད་པ་གསང་བའི་དཀྱིལ་འཁོར་ནི༔ ཞེས་པ་ནི༔ ཆོས་ཀྱི་དབྱིངས་ཀུན་ཏུ་བཟང་མོ༔ རིག་པའི་ཡེ་ཤེས་ཀུན་ཏུ་བཟང་པོ༔ ཡབ་ཡུམ་དུས་གསུམ་དུ་འདུ་འབྲལ་མེད་པ་གསང་བ་མཆོག་གི་དཀྱིལ་འཁོར༔ བདག་ཉིད་ཆེན་མོ་རིགས་ལྔ་ཡབ་ཡུམ་དང་༔

ཞེས་པ་ནི༔ བདག་ཉིད་ཆེན་པོ་ནི༔ ཡིད་ཀུན་ཏུ་བཟང་པོ་དང་༔ ཆོས་སྐུ་ཀུན་ཏུ་བཟང་མོའོ༔ རིགས་ལྔ་ནི༔ རྡོ་རྗེ་སེམས་དཔའ་ཡབ་ཡུམ་དང་༔ རིན་འབྱུང་ཡབ་ཡུམ་དང་༔ སྣང་བ་མཐའ་ཡས་ཡབ་ཡུམ་དང་༔ དོན་ཡོད་གྲུབ་པ་ཡབ་ཡུམ་དང་༔ རྣམ་པར་སྣང་མཛད་ཡབ་ཡུམ་རྣམས་སོ༔ བྱང་ཆུབ་ལྕམ་དྲལ་ཁྲོ་བོ་ཁྲོ་མོའི་ཚོགས༔ ཞེས་པ་ནི༔ སའི་སྙིང་པོ་ལ་སོགས་ཏེ༔ རྣམ་པར་ཤེས་པའི་བྱང་ཆུབ་སེམས་དཔའ་ལྕམ་དྲལ་བརྒྱད༔ བྱམས་པ་ལ་སོགས་པ་དབང་པོའི་བྱང་ཆུབ་སེམས་དཔའ་ལྕམ་དྲལ་བརྒྱད༔ ཕྱོགས་སྐྱོང་གི་ཁྲོ་བོ་བཞི༔ ཁྲོ་མོ་བཞི་ནི་སྤྲུལ་སྐུ་ཐུབ་པ་ཆེན་པོ་དྲུག་དང་༔ ཞི་བའི་ལྷག་སྡུད་ཀྱི་མ་མོ་དང་༔ མཁའ་འགྲོ་མ་རྣམས་སོ༔ རྡོ་རྗེ་ལྷ་མོ་ཚོགས་རྗེ་ཚོགས་ཀྱི་བདག༔ ཅེས་པ་ནི༔ རྡོ་རྗེ་ཡེ་ཤེས་ཀྱི་མ་མོ་དང་༔ མཁའ་འགྲོ་མའི་ཚོགས་ཀྱི་བདག་པོ་ནི༔ དཔལ་ཧེ་རུ་ཀ་ཡིན་ཏེ༔ རིགས་ལྔ་དཔལ་ཆེན་ཁྲོ་རྒྱལ་ཡབ་ཡུམ་བཅུ༔ ཞེས་པ་ནི༔ བུདྡྷ་ཧེ་རུ་ཀ་ཡབ་ཡུམ་དང་༔ བཛྲ་ཧེ་རུ་ཀ་ཡབ་ཡུམ་དང་༔ རཏྣ་ཧེ་རུ་ཡབ་ཡུམ་དང་༔ པདྨ་ཧེ་རུ་ཀ་ཡབ་ཡུམ་དང་༔ ཀརྨ་ཧེ་རུ་ཀ་ཡབ་ཡུམ་དང་༔ དེ་ལྟར་རིགས་ལྔ་ཁྲག་འཐུང་ཡབ་ཡུམ་དང་༔ སྤྲུལ་པའི་ཁྲོ་བོ་ཧཱུྃ་ཀ་ར་ལ་སོགས་ཡབ་ཡུམ་བཅུ་རྣམས་དང་༔ གནས་དང་ཡུལ་གྱི་ཕྱག་རྒྱ་སྒོ་མ་བཞི༔ ཞེས་པ་ནི༔ ཀོའུ་རི་ལ་སོགས་གནས་ཀྱི་མ་མོ་བརྒྱད༔ སིང་ཧ་མ་ལ་སོགས་ཡུལ་གྱི་ཕྲ་མེན་བརྒྱད༔ ཕྱག་རྒྱ་བཞིའི་ལས་མཛད་པ་ཡེ་ཤེས་ཀྱི་སྒོ་མ་རྟ་གདོང་མ་ལ་སོགས་པ་བཞིའོ༔ ཡེ་ཤེས་སྤྲུལ་པའི་ལྷ་ཚོགས་མང་པོ་དང་༔ ཞེས་པ་ནི༔ གཞན་ཡང་ཡེ་ཤེས་ལྷ་ལས་སྤྲུལ་པའི་ཟ་བྱེད་དང་༔ གསོད་བྱེད་ཀྱི་ལྷ་ལྟ་བུའི་ཚོགས་དང་༔ མང་པོ་ནི་རིག་འཛིན་རྣམས་དང་༔ ཡང་དག་པར་འཕགས་པ་རྣམས་སོ༔ ཡང་ན་དཔལ་ཆེན་པོ་དང་༔ ཁྲོ་བོ་བཅུའི་ཐུགས་ལས་སྤྲུལ་པའི་ཟ་

བྱེད་དང་༔ ཕག་གི་མགོ་ཅན་དང་༔ གསོད་བྱེད་སྨིག་བུའི་མགོ་ཅན་རྣམས་སོ༔ མ་ལྟར་བྱམས་ཤིང་སྲིང་ལྟར་གདུང་ལ་སོགས༔ ཞེས་པ་ནི༔ བདག་རྣལ་འབྱོར་པ་ལྟ་བ་ཡངས་པ༔ སྒོམ་པ་གསལ་བ༔ སྤྱོད་པ་ཞིབ་པ༔ དམ་ཚིག་གཙང་བ་ལ༔ མ་བས་བྱམས་ཤིང་སྲིང་བས་གདུང་བའི་དབང་ཕྱུག་མ་ལ་སོགས་པས་བསྲུང་ཞིང་བསྐྱབས་པའོ༔ ལེགས་ཉེས་སྟངས་འཛིན་དམ་ཚིག་རྗེས་གཅོད་པའི༔ ཞེས་པ་ནི༔ གཞན་ཡང་དམ་ཚིག་གཙང་བ་ཞིག་ལགས་ན༔ ལས་ཀྱི་གཏད་མ་བྱེད་ལ༔ དམ་ཚིག་ཉམས་ན་ཉེས་པའི་ཆད་པ་གཅོད་པ་ནི༔ དམ་ཚིག་རྗེས་གཅོད་ཅིང་ལེགས་ཉེས་ཀྱི་ཞལ་ལྕེ་གཅོད་པའི་ལས་སོ༔ ཕྱི་ནང་མཁའ་འགྲོ་རྣལ་འབྱོར་མ་ཡི་ཚོགས༔ ཞེས་པ་ནི༔ ཕྱི་ལས་ལ་གྲུབ་པ་མ་མོ་ལྷག་མ་སྡུད་པ་རྣམས་དང་༔ ནང་གི་མཁའ་འགྲོ་མའི་ཚོགས་དང་༔ གཏོར་མ་ལ་དབང་བ་རྣམས་དང་༔ གསང་བའི་རྣལ་འབྱོར་མ་ལྟ་དགོངས་ལ་དབང་བྱེད་པ་རྣམས་དང་༔ ཚོགས་ནི་རིག་འཛིན་དང་༔ ཡི་དམ་གྱི་དང་༔ རྡོ་རྗེ་སློབ་དཔོན་དང་༔ མཆེད་ལྕམ་དང་༔ གྲོགས་པོ་རྣམས་སོ༔ དཔང་གྱུར་རྡོ་རྗེ་དམ་ཅན་དགོངས་སུ་གསོལ༔ ཞེས་པ་ནི༔ སྔར་གྱི་དམ་ཚིག་ཆག་ཉམས་དང་༔ ཞིག་རལ་རྣམས་བཤགས་པས་དག་ནས༔ ད་ཕྱིན་ཆད་མི་བྱེད་པའི་དཔང་པོར་བཞུགས་ནས༔ རྡོ་རྗེ་ཡེ་ཤེས་ཀྱི་ལྷ་ཞི་ཁྲོ་འཁོར་དང་བཅས་པ་དང་༔ དམ་ཚིག་ཉམས་པའི་ཤན་པ་བྱེད་པའི་མ་མོ་དང་མཁའ་འགྲོ་མ་དང་༔ ཡི་དམ་གྱི་ལྷ་དང་༔ རྡོ་རྗེ་སློབ་དཔོན་དང་༔ ས་ལ་གནས་པའི་རིག་འཛིན་དང་བཅས་པ་རྣམས་དཔང་པོར་བདག་རྣལ་འབྱོར་སྒྲུབ་པ་པོ་ལ་དགོངས་སུ་གསོལ༔ ཐུགས་རྗེ་གདུང་གསོབ་རྡོ་རྗེ་ཆེ་གེ་མོ༔ ཞེས་པ་ནི༔ ཐུགས་རྗེའི་བདག་ཉིད་ཡེ་ཤེས་ཀྱི་ལྷ་གདུང་ཚབ་པ་ནི༔ རྣལ་

འབྱོར་པ་བདག་ཡིན༔ དེ་རང་ཇི་ལྟར་ཡིན་ན༔ རྣལ་འབྱོར་པ་བདག་ཉིད་གསང་བའི་དཀྱིལ་འཁོར་བཞུགས་ནས༔ རིག་པའི་དབང་རྣམ་པ་ལྔ་ཐོབ་སྟེ༔ གསང་མཚན་བཏགས་ནས༔ དེ་ནས་བཤགས་པ་བྱེད་པའི་དུས་སུ་རང་གི་མཚན་གང་ཡིན་པ་ཕྱུངས་ནས་བཤགས་སོ༔ དེ་བཤགས་པས་ནམ་མཆིས་པའི་ཕྱེ་བ་ལྟར་རོ༔ ལྷ་དང་བླ་མ་དང་མཆེད་དང་༔ དབང་བསྐུར་བསྟན་པའི་དགོས་པ་ཡོད༔ འགྲོ་བའི་དོན་ཕྱིར་བྱང་ཆུབ་སེམས་བསྐྱེད་དོ༔ ཞེས་པ་ནི༔ འགྲོ་བ་སེམས་ཅན་མ་ལུས་པར་དོན་བྱ་བའི་ཕྱིར༔ ཐུགས་དང་པོ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས༔ དེ་ཡང་སྨོན་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས་འབྲས་བུ་སངས་རྒྱས་ཐོབ་པ་ལ་སྨོན་པའོ༔ འཇུག་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་ནི༔ བདག་གི་གསང་སྔགས་མ་ཧཱ་ཡོ་གའི་སྒོར་ཞུགས་པར་སེམས་བསྐྱེད་པའོ༔ བླ་མེད་གོ་འཕང་ཐོབ་པར་བྱ་བའི་ཕྱིར༔ ཞེས་པ་ནི༔ བདག་དོན་དུ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ་བའི་ཕྱིར༔ རང་དམ་ཚིག་དང་་སྡོམ་པ་ལ་གནས་ཏེ༔ གཞན་དོན་སེམས་ཅན་ཐམས་ཅད་ཐེག་པ་ཆེན་པོའི་ཆོས་ལ་བཀོད་པར་བྱ་བའི་ཕྱིར་དམ་བཅའོ༔ བསྟན་པ་རྒྱ་མཚོ་སོ་སོའི་འདུལ་ཁྲིམས་དང་༔ ཞེས་པ་ནི༔ སྤྱིར་སངས་རྒྱས་ཀྱི་བསྟན་པ་རྒྱ་མཚོ་ལྟ་བུ་གནས་པ་ལས༔ ཐེག་པ་སོ་སོའི་འདུལ་ཁྲིམས་ནི༔ ཉན་ཐོས་ཀྱི་འདུལ་ཁྲིམས་དང་༔ རང་སངས་ཀྱི་འདུལ་ཁྲིམས་དང་༔ བྱང་ཆུབ་སེམས་དཔའི་བསླབ་པ་དང་༔ རིག་པ་འཛིན་པའི་དམ་ཚིག་དང་༔ སོ་སོ་རང་རང་སྲུང་མཚམས་རེ་རེ་ཡོད་པ་ལས༔ སྐུ་གསུང་ཐུགས་དང་མཉམ་སྦྱོར་སྡོམ་པའི་མཆོག༔ ཅེས་པ་ནི༔ ཁྱད་པར་དུ་ནི་སངས་རྒྱས་ཀྱི་སྐུ་གསུང་ཐུགས་དང་༔ རང་གི་ལུས་ངག་ཡིད་གསུམ་མཉམ་པར་སྦྱོར་བ་ནི༔ བསླབ་པ་དང་ཚུལ་ཁྲིམས་མཆོག་ཏུ་

གྱུར་པའི་ཕྱིར༔ བྱང་ཆུབ་སེམས་དཔའི་སྔགས་ཀྲི་ཡོ་གའི་སྡོམ་པའོ༔ རྡོ་རྗེ་འདའ་དཀའ་དམ་ཚིག་གཏན་གྱི་གཉེར༔ ཞེས་པ་ནི༔ དེ་ལས་ཀྱང་ཁྱད་པར་རམ་མཆོག་ཏུ་གྱུར་པ་ནི༔ གསང་སྔགས་ནང་པ་རྡོ་རྗེ་ཐེག་པ་བསྐྱེད་པ་མ་ཧཱ་དང་༔ རྫོགས་པ་ཨ་ནུ་དང་༔ རྫོགས་པ་ཆེན་པོ་ཨ་ཏི་དང་གསུམ་གྱི་དམ་ཚིག་རྩ་བ་དང་ཡན་ལག་དང་བཅས་པ་རྣམས་ནི༔ འདའ་བར་དཀའ་བས་ན༔ རྣམ་པ་ཐམས་ཅད་མཁྱེན་པའི་སངས་རྒྱས་ཀྱི་བར་དུ་གཏན་གྱི་གཉེར་དུ་བསྲུང་བར་བྱའོ༔ སྤྱི་དང་ཁྱད་པར་ལྷག་པའི་དམ་ཚིག་རྣམས༔ ཞེས་པ་ནི༔ སྤྱིར་ཉན་ཐོས་དང་༔ རང་སངས་རྒྱས་དང་༔ བྱང་ཆུབ་སེམས་དཔའ་དང་མཐུན་པ་དང་༔ ཁྱད་པར་གསང་སྔགས་ཀྱི་རྩ་བ་དང་༔ ཡན་ལག་དང་༔ ལྷག་པར་དམ་བཅས་པའི་དམ་ཚིག་རྣམས་ཞེས་སོ༔ ཡང་ན་སྤྱིར་ཉན་ཐོས་དང་༔ རང་སངས་རྒྱས་དང་༔ བྱང་ཆུབ་སེམས་དཔའ༔ ཁྱད་པར་གྱི་ཀྲྀ་ཡ༔ ཡོ་ག་ཨུ་པ་ཡ༔ ལྷག་པའི་དམ་ཚིག༔ བསྐྱེད་པ་མ་ཧཱ་དང་༔ རྫོགས་པ་ཨ་ནུ་དང་༔ རྫོགས་པ་ཆེན་པོ་ཨ་ཏི་གསུམ་མོ༔ སྔ་ཕྱི་ནོངས་ཤིང་གཉེར་དུ་མ་འོངས་འཚལ༔ ཞེས་པ་ནི༔ སྔར་ཉན་ཐོས་ཀྱི་བསླབ་པ་ནོས་ནས༔ ཐ་མ་གསང་སྔགས་ཀྱི་དམ་ཚིག་ལ་ཐུག་གི་བར་དུ༔ སྔར་ནོངས་པར་བགྱིས་པ་དང་༔ ཕྱིས་ནོངས་པར་བགྱིས་པ་རྣམས༔ དེ་དག་བཤགས་པའི་གཉེར་དང་དུ་མ་ལོན་པས༔ སྔ་ཕྱིའི་ནོངས་པ་འབྱུང་ངོ་འཚལ་ཐམས་ཅད་བཤགས་པའི་ཡུལ་རྣམས་ཀྱི་སྤྱན་སྔར་བཤགས་སོ༔ ཡུན་དུ་མི་གཏོང་འདའ་བར་མི་བགྱིད་ལ༔ ཞེས་པ་ནི༔ ཡུན་རྣམས་ཐམས་ཅད་མཁྱེན་པའི་སངས་རྒྱས་མ་ཐོབ་ཀྱི་བར་དུ་གསང་སྔགས་མི་གཏོང་བ་ཡིན་ལ༔ སྐུ་གསུང་ཐུགས་དང་རྩ་བ་ཡན་ལག་དམ་ཚིག་ལས༔ དུས་ནམ་དུ་ཡང་འདའ་བར་མི་བགྱིད་དོ༔ དོན་ལ་གོལ་ཞིང་ལྡོག་སེམས་མ་མཆིས་

ཀྱང་༔ ཞེས་པ་ནི༔ དམ་ཚིག་དང་འདུལ་ཁྲིམས་བླངས་པའི་དོན་ལས་ལོག་པར་གོལ་ནས༔ ལྡོག་པའི་བསམ་པ་མེད་ཀྱང་༔ གདོད་བྱ་ལོང་ཡོད་སྙམ་པའི་ལེ་ལོ་ཡིས༔ ཞེས་པ་ནི༔ ད་གདོད་བྱའོ་སྙམ་པའི་བསམ་པ་དང་༔ ལོང་ཡོད་དུ་བསྡད་པ་དང་༔ ལེ་ལོ་ཆས་པ་དང་༔ གཡེང་བའི་དབང་གིས་བརྩོན་འགྲུས་ཞན་ཏེ༔ དཔེར་ན་པང་དུ་སྦྲུལ་བྱུང་བའམ༔ མགོ་ལ་མེ་ཤོར་བའམ༔ བླ་ཐོག་ཏུ་ཚ་བ་བོ་བ་འདྲ་བའི་བརྩོན་འགྲུས་མ་བྱུང་༔ ལེ་ལོ་ཆེས་པའི་དབང་དུ་ཐལ་བས༔ ཀློང་དུ་མ་གྱུར་རྩལ་ཤུགས་ཆུང་བ་དང་༔ ཞེས་པ་ནི༔ ལྟ་བ་ཡང་དག་པའི་ཀློང་དུ་མ་གྱུར་ཏེ༔ མ་གོ་ཞིང་མ་རྟོགས་པ་དང་༔ ཏིང་འཛིན་མི་གསལ་བ་དང་༔ སྤྱོད་པ་གསང་སྔགས་ཀྱི་སྤྱོད་པ་རླབས་པོ་ཆེ་སྤྱོད་པ་ལ༔ བློའི་རྩལ་ཤུགས་ཆུང་བ་དང་༔ ཤེས་བཞིན་མི་ལྡན་བག་མེད་དབང་གྱུར་ཏེ༔ ཞེས་པ་ནི༔ ཤེས་བཞིན་གྱི་བྱ་ར་དང་༔ ལུས་ངག་ཡིད་གསུམ་མི་ལྡན་པར༔ ཆང་དང་གཉིད་ཀྱི་དབང་གིས་བག་མེད་པར་གཟུ་ལུམ་དང་༔ རས་ཆོད་དང་༔ སྤྱོད་པ་ཚོམ་རལ་དུ་གྱུར་ཏེ༔ སྒོམ་ལ་མི་བརྩོན་བསྙེན་སྒྲུབ་གཡེལ་ལ་སོགས༔ ཞེས་པ་ནི༔ རྒྱུན་དུ་བྱ་བའི་དམ་ཚིག་གི་ལྷ་བསྒོམ་པ་ལ་མི་བརྩོན༔ བཟླས་པ་བྱ་བའི་དོན་ལ་མི་བརྩོན༔ ལོ་དུས་སུ་བྱ་བའི་སྒྲུབ་པ་ལ་མི་བརྩོན༔ དུས་བཞིན་དུ་བྱ་བའི་མཆོད་པ་ལ་མི་བརྩོན༔ ཚོར་དང་མ་ཚོར་མ་རིག་དབང་གིས་ན༔ ཞེས་པ་ནི༔ རྩ་བའི་དམ་ཚིག་ཚོར་བཞིན་དུ་ཉམས་པ་དང་༔ ཡན་ལག་གི་དམ་ཚིག་མ་ཚོར་བར་བགས་ཀྱིས་་ཉམས་པ་དང་༔ དེ་མ་གོ་ཞིང་མ་རྟོགས་མ་རིག་མ་ཤེས་པའི་རྩ་བ་དང་༔ ཡན་ལག་གི་དམ་ཚིག་ཉམས་པར་གྱུར་པའི་ལས་བགྱིས་པ་ཐམས་ཅད་དོ༔ སྟོན་པའི་བཀའ་དང་དམ་ལས་འགལ་གྱུར་ཏེ༔ ཞེས་པ་ནི༔ སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་རྡོ་རྗེ་སེམས་

དཔའི་བཀའ་བཀག་པ་དང་༔ རྡོ་རྗེ་སློབ་དཔོན་གྱི་གསང་བའི་དལ་དུ་དབང་བསྐུར་བའི་དུས་ཀྱི་དམ་ཚིག་ཁས་བླངས་པ་ཉམས་པ་དང་༔ ཡང་སངས་རྒྱས་ཀྱི་བཀའ་ནས་གསུངས་པ་དང་་འགལ་བ་དང་༔ བླ་མས་ཕོག་པའི་དམ་ཚིག་ལས་འགལ་བའམ༔ ཚུལ་བཞིན་མ་གྱུར་ཏེ༔ རྣལ་འབྱོར་གང་ཞིག་དམ་ཚིག་ཉམས་པ་དང་༔ ཞེས་པ་ནི༔ གསང་སྔགས་རྡོ་རྗེ་ཐེག་པ་ལ་སྤྱོད་པའི་རྣལ་འབྱོར་པ་གང་སུ་ཡིན་ཀྱང་རུང་སྟེ༔ རང་དང་པོར་དབང་ཞུས་དམ་ཚིག་ནོས་ནས་དམ་ལས་ཉམས་པ་དང་༔ གཞན་དམ་ཚིག་་ཉམས་པའི་ཉམས་སྐོངས་རྒྱ་ཆེན་པོ་བྱས་པ་དང་༔ ཉམས་གྲིབ་ཀྱིས་རང་ཡང་ཉམས་པ་དང་༔ སྐད་ཅིག་ཙམ་ཡང་སྨྲ་བར་མི་བྱ་སྟེ༔ ཞེས་པ་ནི༔ སྐད་ཅིག་ཙམ་མམ༔ ཡུད་ཙམ་མམ༔ ཐང་ཅིག་ཙམ་ཡང་འཕྲད་པར་མི་བྱ་བ་ནི༔ དེ་དང་གཏམ་ཡང་སྨྲ་བར་མི་བྱ་སྟེ༔ དེ་དང་ལྟ་སྤྱོད་ལྷན་ཅིག་ཏུ་བྱ་བའི་ཆོས་ཀྱི་གཏམ་དང་༔ ཚོར་བ་དང་༔ དལ་གཅིག་ཏུ་ཞུགས་པ་ལྟ་ཅི་སྨོས་ཏེ༔ ཞུགས་པར་མི་བྱའོ་ཞེས༔ བཀའ་ལས་བྱུང་ཞིང་དེ་ལྟར་མ་རྟོགས་ཏེ༔ ཞེས་པ་ནི༔ རྒྱལ་བ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་བཀའ་ལ་གསུངས་པའི་རྒྱུད་སྡེ་ཐམས་ཅད་ནས༔ དེ་ལྟར་ཉེས་དམིགས་བསམ་གྱིས་མི་ཁྱབ་པ་ནས་རང་ཉིད་ཤེས་རབ་ཆུང་ཞིང་གཏི་མུག་པས་དེ་ལྟར་དུ་མ་རྟོགས་པ་དང་༔ གཞན་ཡང་རྟོགས་ཀྱང་ཟས་ནོར་དང་༔ རྙེད་པ་དང་༔ བཀུར་སྟིའི་དབང་དུ་སོང་བ་དང་༔ ཚམ་རལ་དང་༔ ཐོ་ཅོ་དང་༔ བག་མེད་པའི་དབང་དུ་གྱུར་ཏེ༔ བཀའ་དང་འགལ་བའི་ལས་བགྱིད་པ་ཐམས་ཅད་དང་༔ གསང་སྒོ་འཆོལ་བས་དབྱེ་གསལ་དཀའ་བ་དང་༔ ཞེས་པ་ནི༔ སློབ་མ་ལ་དབྱེ་གསལ་དཀའ་བས་ཆོས་རབ་ཏུ་བཤད་པས༔ ཉམས་པ་ཀུན་གྱིས་ཀྱང་ཐོབ་སྟེ༔ གསང་སྔགས་ཟབ་མོ་གསང་སྒོ་འཆོལ་ནས་དམ་

ཉམས་པ་དང་༔ སྣོད་ངན་པ་རྣམས་ལ་མན་ངག་སྦྱིན་པ་དང་༔ མངོན་ཤེས་ཆུང་བས་སྐྱོན་ཅན་མ་རྟོགས་ཏེ༔ ཞེས་པ་ནི༔ མངོན་པར་ཤེས་པ་ཆ་ཕྲ་མོ་ཙམ་ཡང་མེད་པར༔ ཆུང་བའི་དབང་གིས་ཕྲིན་ལས་ལ་རྟག་པར་སྤྱོད་པ་ཡུམ་གྱི་བདུད་བཞིས་སྐྱོན་ཅན་མ་རྟོགས་ཏེ༔ ཉམས་དང་ཚོགས་འདྲེས་ཉམས་པ་བསྐོངས་པ་དང་༔ ཞེས་པ་ནི༔ དམ་ཉམས་ཡིན་པར་ངོ་མ་ཤེས་པ་སྟེ༔ དེ་ལྟ་བུའི་གང་ཟག་དང་ཚོགས་མཆོད་བསྒྲུབ་པ་གཅིག་ཏུ་བྱས་པ་དང་༔ གཞན་དམ་ཚིག་ཉམས་པ་ཆེན་པོར་གྱུར་པ༔ རང་གིས་བསྐོང་མཁན་བྱས་པས་གྲིབ་ཕོག་པ་དང་༔ ཉམས་དང་སྣོད་མིན་རྣམས་ལ་ཆོས་བཤད་དང་༔ ཞེས་པ་ནི༔ དམ་ཉམས་པ་དང་༔ གསང་སྒོ་གཡེལ་ཞིང་༔ སྲབ་ལ་འབྱར་མ་གསང་སྔགས་ཟབ་མོའི་སྣོད་དུ་མི་རུང་བ་རྣམས་ལ༔ གསང་སྔགས་ཀྱི་མན་ངག་ཟབ་མོ་སྦྱིན་པས་རང་ལ་གསང་སྒོ་ཡལ་བ་དང་༔ ཉམས་ལ་མི་འཛེམ་ཉམས་པའི་སྐྱོན་ལ་སོགས༔ ཞེས་པ་ནི༔ དམ་ཉམས་པ་ལ་མི་འཛེམ་པ་དང་༔ དེ་ལ་མི་འཛེམ་པའི་དབང་གིས༔ རང་ཡང་དམ་ཚིག་ཉམས་པ་དང་༔ གཞན་ཡང་དམ་ཚིག་ཉམས་པ་ལ་རང་གི་ཉམས་སྐྱོན་བྱས་པའི༔ གསང་སྔགས་རྡོ་རྗེ་ཐེག་པའི་ཆོས་ཟབ་མོ་བཤད་པ་དང་༔ ཚོགས་འཁོར་གཅིག་ཏུ་བྱས་པས་དམ་ཚིག་ཉམས་པའི་སྐྱོན་གྱིས་གོས་པ་ཐམས་ཅད་དང་༔ ཉམས་དང་འགྲོགས་ཤིང་ཉམས་པ་དེ་དག་གིས༔ ཉམས་གྲིབ་སྐྱོན་གྱིས་གོས་པར་གྱུར་ཏོ་འཚལ༔ ཞེས་པ་ནི༔ སྤྱིར་སྐྱེ་བོ་ལྟ་བུར་དམ་ཚིག་གཞི་ནས་མེད་པ་དང་༔ གསང་སྔགས་ནས་ཉན་ཐོས་ལྟ་བུར་དམ་ཚིག་ལས་ལོག་པ་དང་༔ ཕ་མ་བསད་པ་དང་༔ མཆེད་གྲོགས་བསད་པ་དང་༔ རྡོ་རྗེ་སློབ་དཔོན་གྱིས་བཀའ་བསླུས་པ་ལ་སོགས་པའི༔ དམ་ཚིག་གཞི་ནས་ཞིག་པ་དང་༔ གཉེན་པོ་ཞན་པས་དམ་

ཉམས་པ་དང་༔ རང་དམ་མ་འདྲེས་པ་ལ་སོགས་དང་༔ ཚོགས་ཀྱི་དཀྱིལ་འཁོར་བསྲེས་པ་དང་༔ དམ་ཉམས་དེ་ལྟ་བུའི་ཉམས་སྐོང་རྒྱ་ཆེན་པོ་བྱས་པ་དང་༔ ཉན་ཐོས་དང་རང་སངས་རྒྱས་ལ་སོགས་པ་རྣམས་ལ་གསང་སྔགས་ཀྱི་ཆོས་ཟབ་མོ་བཤད་པ་དང་༔ དེ་ལྟར་ཉམས་གྲིབ་ལ་མ་འཛེམ་པའི་སྐྱོན་བགྱིས་པའམ༔ བགྱིས་སོ་འཚལ་ཐམས་ཅད་ཅེས་བྱ༔ ཚེ་འདིའི་རྐྱེན་དང་ཡུན་གྱི་སྒྲིབ་གྱུར་རྣམས༔ ཞེས་པ་ནི༔ ཉམས་པའི་སྐྱོན་དེའི་དབང་གིས་ཚེ་འདིའི་རྐྱེན་དུ་གྱུར་པ་ནི༔ རང་ཉིད་ནད་མང་བ་དང་༔ བུ་སློབ་དང་ལོངས་སྤྱོད་འཁོར་ལ་སོགས་པ་མི་འཕེལ་བ་དང་༔ སྐྱེ་བོའི་ཡ་ག་ཆེན་པོ་དོན་མེད་པར་འོང་བ་དང་༔ ཚེ་འདས་ཀྱིས་བརྡུངས་ནས་དུས་མ་ཡིན་པར་སྲོག་ཟད་ནས་འཆི་བ་ལ་སོགས་པ་མདོར་ན་ཡིད་དུ་མི་འོང་བ་སྣ་ཚོགས་པ་འབྱུང་སྟེ༔ གསང་བ་སྙིང་པོ་ལས་ཀྱང་༔ སྔགས་པ་དམ་ཚིག་ཉམས་པ་ལས༔ ཡིད་དུ་མི་འོང་སྣ་ཚོགས་འབྱུང་༔ འབྲས་བུ་མི་འདོད་བཞིན་དུ་འདུ༔ ཞེས་སོ༔ འོ་དེས་གོ་ཆོད་དམ་སྙམ་ན་མི་ཆོད་དོ༔ དེ་ནི་ཉམས་པའི་སྔ་ལྟས་ཡིན་ལ༔ ཚེ་ཕྱི་མ་ལ་ཡུན་གྱི་སྒྲིབ་པར་གྱུར་པ་ནི༔ རྡོ་རྗེ་དམྱལ་བ་ཞེས་བྱ་སྟེ༔ དུས་ནམ་དུ་ཡང་ཐར་པའི་དུས་མེད་པར༔ ངེས་པར་སྐྱེ་བའི་སྒྲིབ་པར་གྱུར་པ་རྣམས༔ རང་གནོང་འགྱོད་པའི་སེམས་ཀྱིས་མཐོལ་བཤགས་ན༔ ཞེས་པ་ནི༔ དེ་དག་གི་དམ་ཚིག་ཉམས་པའི་སྐྱོན་ཐམས་ཅད་གསང་ཞིང་བཅངས་པའི་སྐྱོན་གྱིས་ནོངས་ཏེ༔ ད་འགྱོད་པའི་སེམས་ཀྱིས་སྐུ་གསུང་ཐུགས་དང་རྩ་བ་དང་ཡན་ལག་གི་དམ་ཉམས་ཉེས་བྱས་ཅི་མཆིས་པ་ཐམས་ཅད་བཤགས་པའི་ཡུལ༔ རྡོ་རྗེ་སློབ་དཔོན་དང་༔ ཡི་དམ་ལྷ་དང་༔ རིག་འཛིན་དང་༔ མཁའ་འགྲོ་དང་༔ ཆོས་སྐྱོང་རྣམས་ཀྱི་སྤྱན་སྔར་རང་ཉིད་བ་སྤུ་

ལྡང་བ་དང་༔ མཆི་མ་འཁྲུགས་པ་དང་གདུང་བའི་ཚིག་དང་བཅས་པས་མཐོལ་ལོ་བཤགས་པ་དྲག་པོ་འབུལ་ཞིང་མཆིས་ན༔ བྱམས་པའི་ཐུགས་རྗེས་བདག་ལ་དགོངས་ནས་ཀྱང་༔ ཞེས་པ་ནི༔ ཡེ་ཤེས་ལྷ་ཚོགས་རྣམས་འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ནས༔ དམིགས་མེད་ཡོངས་ལ་ཁྱབ་པའི་ཐུགས་རྗེ་ཆེན་པོ༔ ཉི་མ་སྤྲིན་མེད་ཀྱི་འོད་ལྟ་བུའི་ཁམས་གསུམ་སེམས་ཅན་མ་ལུས་པ་རྣམས་ལ༔ བྱམས་པའི་དབང་གིས་བདག་སྒྲུབ་པོ་རྣམས་ལ་ཐུགས་རྗེ་ཆེན་པོས་དགོངས་ནས་ཀྱང་༔ འབྱུང་ཆེན་ལྟོས་ཀྱི་ནམ་མཁའ་དང་མཉམ་པའི་དགོངས་སྤྱོད་ཟབ་མོས༔ བདག་རྣམ་པར་བཟུང་དུ་གསོལ་ལ༔ ཉམས་པ་དང་སྒྲིབ་པ་ཅི་མཆིས་པ་ཐམས་ཅད་དང་༔ ཤེལ་གོང་དག་པའམ༔ ཉི་མ་ལ་མུན་པ་མི་གནས་པ་ལྟར་དག་པར་མཛད་དུ་གསོལ༔ གཉིས་མེད་དབྱིངས་ལས་མི་འགྱུར་བདག་བཀོད་དོ༔ ཞེས་པ་ནི༔ བདག་རྣལ་འབྱོར་སྒྲུབ་པ་པོ་ལུས་ངག་ཡིད་གསུམ་དང་༔ ཁྱེད་ཡེ་ཤེས་ལྷའི་སྐུ་གསུང་ཐུགས་གཉིས་ཆུ་འདྲེས་པའམ༔ ནམ་མཁའ་ལས་ནམ་མཁའ་ཐིམ་པ་བཞིན་དུ༔ མཉམ་ཉིད་གཉིས་སུ་མེད་པར་བྱ་སྟེ༔ ཆོས་ཀྱི་དབྱིངས་རྣམ་པར་དག་པ་ལས་མི་འགྱུར་བར་བདག་ཉིད་ཀྱང་དགོངས་པ་དེ་ཉིད་ཀྱི་ངང་དུ་བཀོད་དོ༔ ཆོས་ཉིད་མཉམ་པ་མི་འགྱུར་བའི་ངང་ངམ་གྲལ་དུ་བཀོད་ནས་ཞེས་པའི་དོན་ཏོ༔ དམིགས་མེད་བཏང་སྙོམས་ངང་དུ་བཞུགས་ནས་ཀྱང་༔ ཞེས་པ་ནི༔ དོན་ཆོས་ཉིད་མ་དམིགས་ཤིང་༔ དམིགས་པ་མེད་པའི་དབྱིངས་ལ་རྒྱལ་བ་ཞི་ཁྲོ་ལ་སོགས་ཡི་དམ་དཀྱིལ་འཁོར་ལྷ་ཚོགས་དང་༔ ས་ལ་གནས་པའི་རིག་འཛིན་དང་༔ བླ་མ་དང་བཅས་པ་འདུ་འབྲལ་མེད་པར་བཞུགས་ནས་ཀྱང་༔ གཉིས་མེད་དོན་གྱི་ཚངས་པ་སྩལ་དུ་གསོལ༔ ཞེས་པ་ནི༔ བདག་རྣལ་འབྱོར་པ་དང་༔ ཡེ་ཤེས་ཀྱི་ཚོགས་

གཉིས་སུ་མེད་པར་གྱུར་ནས༔ ཀུན་རྫོབ་དམ་ཚིག་ལ་ཆགས་ཉམས་སུ་གྱུར་ཀྱང་༔ དོན་དམ་པར་ནི་དམ་ཚིག་ཉམས་ཆགས་དང་༔ འགལ་འཁྲུལ་དང་༔ ཞིག་རལ་དུ་གྱུར་པ་རྣམས་ཚངས་པར་མཛོད་ལ༔ ཡི་དམ་ལྷ་དང་གཉིས་སུ་མེད་པའི་སྐུ་གསུང་ཐུགས་དང་མཉམ་ཞིང་དབྱེར་མི་ཕྱེད་པའི་དངོས་གྲུབ༔ བདག་རྣལ་འབྱོར་པ་ཞེས་པ་ཐེག་པ་ནས་འགྱོད་ཚངས་བགྱིད་པ་ལ་སྩལ་དུ་གསོལ༔ དོན་དམ་བརྗོད་མེད་སྤྲོས་ལས་འདས་པ་ལ༔ ཞེས་པ་ནི༔ དོན་དམ་པ་ནི་བདག་དང་ལྷ་གཉིས་སུ་མེད་པ༔ ཆོས་ཐམས་ཅད་ཀྱང་མཚན་མའི་སྤྲོས་པ་ཐམས་ཅད་མཐའ་དག་ལས་ཀྱང་་འདས་པ་ཡིན་ལ༔ དེ་བས་ན་གཟུང་འཛིན་གྱི་རྟོག་པའམ༔ དམ་ཚིག་ཉམས་མ་ཉམས་ལ་སོགས་པའི་རྟོག་པ་ལྷ་ལ་ཡང་མེད་ལ༔ བདག་སྒྲུབ་པ་པོ་ལ་ཡང་ག་ལ་ཡོད་དེ་མེད་པའོ༔ དེ་བས་ན་དོན་དམ་པ་ནི༔ བརྗོད་པའི་ཚིག་མཚོན་པའི་མིང་ངམ༔ བརྡའམ༔ ཐ་སྙད་ཐམས་ཅད་ལས་འདས་པའི་རང་བཞིན་ཅན་ནོ༔ རྣམ་རྟོག་གང་ཡང་དམིགས་པར་མི་འགྱུར་ཏེ༔ ཞེས་པ་ནི༔ གཟུང་འཛིན་རྣམ་པར་རྟོག་པའམ༔ འཁོར་འདས་སམ༔ ལེགས་ཉེས་སམ༔ བཟང་ངན་ནམ༔ དགའ་མི་དགའམ༔ སྣང་སྟོང་ཐ་དད་དུ་འཛིན་པའི་ཞེན་པའི་སྣང་བ་ལ་སོགས་པ་དོན་དུ་མི་དམིགས་ཤིང་དམིགས་པར་མི་འགྱུར་ཏེ༔ ཀུན་རྫོབ་སྒྱུ་མ་ཙམ་གྱི་དབང་གིས་ན༔ ཞེས་པ་ནི༔ ཀུན་རྫོབ་སྒྱུ་མའི་མཚན་ཉིད་ཙམ་དུ་རྩ་བ་དང་ཡན་ལག་གི་དམ་ཚིག་ཉམས་པ་དང་༔ དམ་ལས་ལོག་པ་དང་༔ གཞན་ལས་ཁྲོས་པ་དང་༔ རྡོ་རྗེ་སློབ་དཔོན་དང་༔ མཆེད་དང་༔ ལྕམ་དྲལ་ལ་སྐུ་སྙིང་ནས་སྨད་པ་དང་༔ གསང་སྔགས་ཟབ་མོའི་གསང་སྒོ་ཡལ་ཏེ༔ གསང་སྔགས་ཀྱི་ལྟ་བ་ཟབ་མོ་དང་༔ སྤྱོད་པ་རླབས་པོ་ཆེན་གཞན་ལ་བསྒྲགས་པ་དང་༔ དེ་ལྟ་བུའི་ལས་བྱས་པ་ཡང་ཀུན་རྫོབ་སྒྱུ་མ་ཙམ་

དུ་གཟིགས་ལ༔ ཐུགས་དང་འགལ་བར་གྱུར་པ་བཟོད་པར་གསོལ༔ ཞེས་པ་ནི༔ རྒྱལ་བ་ཞི་ཁྲོ་ལ་སོགས་པའི་ཡེ་ཤེས་ཀྱི་ལྷ་ཚོགས་དང་༔ ས་ལ་གནས་པའི་རིག་འཛིན་ཕོ་མོ་བསམ་གྱིས་མི་ཁྱབ་པ༔ མ་མོ་དང་མཁའ་འགྲོ་ཆོས་སྐྱོང་བའི་སྲུང་མ་དམ་ཅན་རྣམས་ཀྱི་ཐུགས་དང་འགལ་བའི་ལས་སུ་གྱུར་པའམ༔ མ་འཚལ་པ་དང་༔ བག་མེད་པ་དང་༔ མ་འཐད་པ་དང་༔ མ་གུས་པ་དང་༔ ཚུལ་དང་མི་མཐུན་པའི་ལས་ཅི་བགྱིས་པ་ཐམས་ཅད་མ་མོ་དང་མཁའ་འགྲོ་དང་བཤགས་པའི་ཡུལ་རྣམས་བཟོད་པར་གསོལ༔ ཞེས་པའོ༔ རྫོགས་སོ༔ དེ་ལྟར་སེམས་གཡོ་མེད་པ་དང་༔ སྒྱུ་མེད་པ༔ ཟོག་མེད་པ༔ སྤ་ལོ་དང་ཚུལ་འཆོས་མེད་པ༔ རང་ཉིད་ཉེས་བྱས་ཁོ་ནར་འགྱོད་པ་དྲག་པོ་སྐྱེས་པའི་སྒོ་ནས་ལུས་ལ་བ་སྤུ་ལྡང་བ་དང་༔ མཆི་མ་འཁྲུགས་པ་དང་༔ དེ་ལའང་ལུས་ཙོག་པུར་བསྡད༔ ཐལ་མོ་ལེགས་པར་སྦྱར་བ་དང་༔ ངག་གི་གདུང་བའི་སྒོ་ནས་ཚིགས་སུ་བཅད་པས་དབྱངས་བཅས་པ་དང་༔ ཡིད་ཀྱི་གདུང་བ་ཁྱད་པར་ཅན་གྱི་སྒོ་ནས་བཤགས་པ་བྱས་ན་རྩ་བ་དང་ཡན་ལག་གི་དམ་ཚིག་ལ་འགལ་འཁྲུལ་དང་༔ ཞིག་རལ་དང་༔ ཆགས་ཉམས་ལ་སོགས་པ་འཁོར་བ་དང་ངན་སོང་གི་རྒྱུ་བསགས་པ་ཐམས་ཅད་དག་ནས་འཇིག་རྟེན་འདིར་ཡང་ཕ་ཚེ་རིང་བ་དང་༔ མ་ལོངས་སྤྱོད༔ བུ་སློབ་འཕེལ་བ་དང་༔ མི་ནད་ཕྱུགས་ནད་ཐམས་ཅད་རྒྱུན་ཆད་པ་དང་༔ ཆར་ཆུ་དུས་སུ་འབེབས༔ ལོ་ཕྱུགས་རྟག་ཏུ་ལེགས་ནས་སེམས་ཅན་ཐམས་ཅད་བདེ་སྐྱིད་ཕུན་སུམ་ཚོགས་པ་ཐོབ་པར་འགྱུར་བ་དང་༔ ཡང་ཆོས་སྒོར་ཞུགས་པའམ༔ ལམ་པའི་གནས་སྐབས་ན་ཡང་༔ ལྟ་དགོངས་དཔག་ཏུ་མེད་པ་ཐོབ་པ་དང་༔ ཏིང་འཛིན་དཔག་ཏུ་མེད་པ་རྒྱུད་ལ་སྐྱེས་པ་དང་༔ སྔོན་ཆད་མེད་པའི་ཉམས་ཁྱད་པར་

ཅན་སྐྱེ་བ་དང་༔ ཟག་མེད་ཀྱི་བདེ་བ་ཁྱད་པར་ཅན་རྒྱུད་ལ་སྐྱེ་བ་དང་༔ མཐར་ཐུག་འབྲས་བུའི་གནས་སྐབས་ན་ཡང་༔ གནས་སྐབས་ཀྱི་འབྲས་བུ་རིག་འཛིན་རྣམ་པ་བཞི་ཞེས་བྱ་སྟེ༔ རྣམ་པར་སྨིན་པའི་རིག་འཛིན༔ ཕུང་པོ་ལུས་ཀྱི་གྲོལ་བ་དང་༔ ལྷའི་སྐུར་སྨིན་པ་དང་༔ ཚེ་ལ་དབང་བའི་རིག་འཛིན་རང་དོན་དུ་ཚེ་ལོ་སྟོང་བཞུགས་ནས༔ གཞན་དོན་དགོས་བྱུང་ན༔ ལོ་བརྒྱད་བར་མར་མར་ལ་སྣུར་ལ་བཞུགས་པ་སློབ་དཔོན་པདྨ་ལྟ་བུ་དང་༔ ཕྱག་རྒྱ་ཆེན་པོའི་རིག་འཛིན་ཞེས་ཏེ༔ རང་ཉིད་བྱམས་པའམ༔ སའི་སྙིང་པོ་ལྟ་བུར་སྨིན་ནས་རིགས་ལྔའི་སྤྱན་སྔར་ཆོས་ཉན་པ་དང་༔ ལྷུན་གྱིས་གྲུབ་པའི་རིག་འཛིན་ཞེས་བྱའོ༔ དེ་རྣམས་ཀྱིས་ཡེ་ཤེས་སྐུ་མཆོག་གི་གཞུང་འགྲེལ་པ་དང་བཅས་པ་བསྟན་ཏོ༔ དྲི་མེད་རྒྱལ་པོ་བཤགས་པའི་རྒྱུད་ཀྱི་འགྲེལ་པ༔ ཨོ་རྒྱན་གྱི་གུ་རུ་རིན་པོ་ཆེ་པདྨ་འབྱུང་གནས་ཀྱིས་མཛད་པའོ༔ ༔


previousདྲི་མེད་རྒྱལ་པོ་བཤགས་པའི་རྒྱུད་ཀྱི་འགྲེལ་པ་དོན་གསལ་སྒྲོན་མེ།next