Nitartha Digital Library
Tibetan
བར་དོ་ཐོས་གྲོལ་ཆེན་མོའི་ཆོས་སྐོར་ཕྱོགས་བསྒྲིགས།


   
   
   
   
   
   
   
   
   
   
   
  expand section
   
   
   
   
   
   
ཞི་ཁྲོ་ན་རཀ་དོང་སྤྲུག་གི་ཆོ་ག་ལས་བརྒྱ་ཕྱག་སྡིག་སྒྲིབ་རང་གྲོལ་གྱི་མཚམས་སྦྱར་ངན་སོང་རང་གྲོལ།
   
   
   
   
   
   
   
   
   
   


 
previousཞི་ཁྲོ་ན་རཀ་དོང་སྤྲུག་གི་ཆོ་ག་ལས་བརྒྱ་ཕྱག་སྡིག་སྒྲིབ་རང་གྲོལ་གྱི་མཚམས་སྦྱར་ངན་སོང་རང་གྲོལ།next

ཞི་ཁྲོ་ན་རཀ་དོང་སྤྲུག་གི་ཆོ་ག་ལས་བརྒྱ་ཕྱག་སྡིག་སྒྲིབ་རང་གྲོལ་གྱི་མཚམས་སྦྱར་ངན་སོང་རང་གྲོལ།

༁ྃ༔ ཞི་ཁྲོ་ན་རཀ་དོང་སྤྲུག་གི་ཆོ་ག་ལས་བརྒྱ་ཕྱག་སྡིག་སྒྲིབ་རང་གྲོལ་གྱི་མཚམས་སྦྱར་ངན་སོང་རང་གྲོལ་ཞེས་བྱ་བ་བཞུགས་སོ། །

འོ་ན་ད་ལམ་སྐབས་འདིར་ཁྱེད་རྣམས་གསན་འཚལ། ཞི་ཁྲོ་བསྐང་བཤགས་ཉམས་ཆགས་རང་གྲོལ་འདི་ནི་དོན་ལ་བཤགས་པའི་ཆོ་ག་རྒྱས་པ་ཅིག་ཡིན་ཏེ། ངེད་རང་རྣམས་ནམ་འཆི་ཆ་མེད་པས་སྡིག་པ་བཤགས་པ་འདི་ཤིན་ཏུ་གལ་ཆེ་བ་ཡིན། དེ་ཡང་དུག་གསུམ་གྱིས་ཀུན་ནས་བསླངས་ཏེ་མི་དགེ་བ་བཅུས་བསྐྱེད་པའི་འབྲས་བུས་ངན་སོང་གསུམ་དུ་སྐྱེས་ཏེ་༼སྐྱེ་སྟེ་༽༔ རིན་ཆེན་ཕྲེང་བར། ཆགས་དང་ཞེ་སྡང་གཏི་མུག་དང་། དེས་བསྐྱེད་ལས་ནི་མི་དགེ་བ། མི་དགེ་ལས་ནི་སྡུག་བསྔལ་དང་། དེ་བཞིན་ངན་འགྲོ་ཐམས་ཅད་དོ། །ཞེས་ག །སུངས་སོ། རྒྱུ་མཐུན་གྱི་འབྲས་བུ་ནི། གསོད་པ་ཡིས་ནི་ཚེ་ཐུང་འགྱུར། རྣམ་པར་འཚེ་བས་གནོད་པ་མང་། བརྐུས་པ་ཡིས་ནི་ལོངས་སྤྱོད་ཕོངས། བྱི་ཕོ་བྱས་པས་དགྲ་ཟླར་བཅས། བརྫུན་དུ་སྨྲ་བས་སྐུར་པ་སྟེ། ཕྲ་མ་ཡིས་ནི་བཤེས་དང་འབྱེད། ཚིག་རྩུབ་ཉིད་ཀྱིས་མི་སྙན་ཐོས། མ་འབྲེལ་བས་ནི་ཚིག་མི་བཙུན། བརྣབས་སེམས་ཡིད་ལ་རེ་བ་འཇོམས། གནོད་སེམས་འཇིགས་པ་སྦྱིན་པར་བྱེད། ལོག་པར་ལྟ་བས་ལྟས་ངན་ཉིད། ཅེས་དང་། དབང་འབྲས་ནི། ཕྱི་རོལ་གཟི་ཆུང་གནོད་པ་མང་། རྡུལ་འཁྲིགས་དྲི་ང་མཐོ་དམན་ཅན། ཚ་སྒོ་ཅན་དང་ལོག་པ་དང་། འབྲས་བུ་ཁ་ཕྲ་ཆུ་ངམ་མེད། ཅེས་གསུངས་པ་ལྟར་རོ། །དེ་ལྟར་སྡིག་པ་དེ་རྣམས་མ་བྱང་བར་ཤི་ན་

ཐར་མེད་ངན་སོང་གི་བཙོན་དོང་དུ་ཚུད་ཉེན་ཆེ་སྟེ། སྤྱོད་འཇུག་ལས། བདག་ནི་སྡིག་པ་མ་བྱང་བར། །སྔོན་དུ་འགུམ་པར་འགྱུར་དུ་མཆི། །ཅི་ལྟར་འདི་ལས་ངེས་ཐར་བར། །མྱུར་བའི་ཚུལ་གྱིས་བསྐྱབ་ཏུ་གསོལ། །ཅེས་གསུངས་སོ། །སྡིག་པ་བཤགས་ན་མི་དག་པ་གཅིག་ཀྱང་མེད་དེ། སྔོན་སོར་ཕྲེང་ཅན་གྱིས་མི་དགུ་བརྒྱ་དང་གོ་དགུ་བསད་པ་དང་། བདེ་བྱེད་ཀྱིས་མ་བསད་པ་དང་། མཐོང་ལྡན་ཞེས་པས་ཕ་བསད་པ་དང་། སྐྱེ་བོ་བུད་མེད་ལ་ལྷག་པར་ཆགས་པ་རྣམས་ཀྱང་བཤགས་པ་རེ་རེ་ཙམ་བྱས་པས་སྡིག་པ་དག་ནས་དགྲ་བཅོམ་ཐོབ་པ་དང་། རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་སྟེ། གང་ཞིག་སྔོན་ཆད་བག་མེད་གྱུར་པ་ལས། །ཕྱིས་ནས་བག་དང་ལྡན་པར་གང་གྱུར་དེའང་། །ཟླ་བ་སྤྲིན་བྲལ་ལྟ་བུར་རྣམ་མཛེས་ཏེ། །དགའ་བོ་སོར་ཕྲེང་མཐོང་ལྡན་བདེ་བྱེད་བཞིན། །ཞེས་གསུངས་སོ། །ད་ལམ་འདིར་ལུས་ངག་ཡིད་གསུམ་གྱི་སྒོ་ནས་བཤགས་པ་ཡིན་ཏེ། ན་རཀ་དོང་སྤྲུག་གི་རྒྱུད་ལས་རྡོ་རྗེ་སེམས་དཔས་བཀའ་སྩལ་པ། ཉོན་ཅིག་ལས་ངན་གཅེར་བུ་ཁྱོད། ལུས་ཀྱི་སྒོ་ནས་བརྐྱང་ཕྱག་འཚོལ། ངག་གི་སྒོ་ནས་ཀྱང་ཕྱག་འཚལ་ཞིང་དཀྱིལ་འཁོར་ལྷ་ཚོགས་རྣམས་ཀྱི་མཚན་ནས་བོས། ཡིད་ཀྱི་སྒོ་ནས་འགྱོད་པ་དྲག་པོ་བསྐྱེད་ལ་ཕྱིར་བཤགས་ཀྱིས་ཤིག་གསུངས་པ་དང་། ཞི་ཁྲོ་གསང་བ་ཡོངས་རྫོགས་ཀྱི་རྒྱུད་གསང་བ་འདུས་པ་ལས། གང་གིས་རྒྱལ་བ་ཞི་ཁྲོ་ཡི༔ དཀྱིལ་འཁོར་མཚན་ཐོས་ཕྱག་འཚལ་ན༔ ཉམས་ཆགས་མ་ལུས་ཀུན་བྱང་ན༔ མཚམས་མེད་ལྔ་ལ་སྨོས་ཅི་དགོས༔ ན་རཀ་གནས་ཀྱང་དོང་སྤྲུག་སྟེ༔ རིག་འཛིན་རྒྱལ་བའི་ཞིང་དུ་དྲངས༔ ཞེས་གསུངས་སོ། །བརྒྱ་ཕྱག་སྡིག་སྒྲིབ་རང་གྲོལ་འདི་ལ། ཕྱག་འཚལ་བའི་ཕན་ཡོན་དང་མཚན་ཐོས་པའི་ཕན་ཡོན་གཉིས་ལས༔ དང་པོ་

ཕྱག་འཚལ་བའི་ཕན་ཡོན་ནི༔ འཕགས་པ་སྤྱན་རས་གཟིགས་ཀྱི་མདོ་ལས། སངས་རྒྱས་མཆོད་རྟེན་ཐལ་སྦྱར་ཕྱག་འཚལ་བ། །མཐོ་རིས་འཇིག་རྟེན་གནས་ཤིང་ལྷ་དབང་འགྱུར། །མིར་གྱུར་ན་ཡང་མི་ཡི་རྒྱལ་པོར་འགྱུར། །དེ་ནི་ནམ་ཡང་ཡོངས་སུ་ཉམས་མི་འགྱུར། །སངས་རྒྱས་མཆོད་རྟེན་ཐལ་སྦྱར་ཕྱག་འཚལ་བ། །དེ་ནི་ནམ་ཡང་ངན་སོང་ཕྱིས་མི་ལྟུང་། །འཇིག་རྟེན་འདིར་དེ་འདོད་པ་རབ་ཏུ་སྤངས། །ནོར་ཅན་ནང་ན་ཕྱུག་ཅིང་ནོར་མང་འགྱུར། །ཞེས་དང་༔ གང་ཞིག་སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ལ། །བསྐལ་པ་བྱེ་བ་གཞལ་ཡས་རེ་སྟོང་བྱེད་པ་བས། །གང་ཞིག་ཕྱི་མ་མི་བཟད་བསྐལ་པ་འདི་ལ་ནི། །མཆོད་རྟེན་ཕྱག་འཚལ་དེ་ཡི་བསོད་ནམས་ཤིན་ཏུ་ཆེ། །ཞེས་གསུངས་སོ། །སངས་རྒྱས་འདི་དག་གི་མཚན་ཐོས་པའི་ཕན་ཡོན་ནི། རིན་ཆེན་དྲྭ་བ་ཅན་གྱིས་ཞུས་པའི་མདོ་ལས། མི་ཡི་དབང་པོ་འཇིག་རྟེན་མགོན། །སྐྱོབ་པ་རྣམས་ཀྱི་མཚན་ཐོས་པས། །བསྐལ་བ་བརྒྱ་ཡི་ཐ་མ་ཡི། །འཁོར་བ་དག་ནི་བཟློག་པར་འགྱུར། །ཞེས་དང་༔ སངས་རྒྱས་དབུ་རྒྱན་གྱི་མདོ་ལས། གང་གིས་སངས་རྒྱས་མཚན་ཐོས་ནས། །འཇིག་རྟེན་འདི་དག་མཆོག་གི་ལེགས་པར་རྙེད། །ཅེས་དང་། རྫོགས་པ་ཆེན་པོ་ཀློང་ཆེན་གྱི་རྒྱུད་ལས། །དཀྱིལ་འཁོར་ལྷ་ཚོགས་འདི་དག་གི། །མཚན་ནི་ལན་གཅིག་ཐོས་པས་ཀྱང་། །ན་རཀ་སར་ནས་༼ས་ནི་༽དོང་སྤྲུག་ཏེ། །རིག་འཛིན་རྒྱལ་བའི་ཞིང་དུ་གྲགས། །ཞེས་གསུངས་སོ། །དེ་ལྟ་བུའི་ཕན་ཡོན་ཡིད་ལ་བཞག་པར་ཞུ། །དེ་ཡང་དཔལ་གསང་བ་འདུས་པའི་རྒྱུད་ཀྱི་རྒྱལ་པོ་ལས། །བདེ་གཤེགས་བླ་མ་ཡོངས་རྫོགས་རྣམས། །དབང་པོའི་མངོན་སུམ་འདྲ་བར་དམིགས། །ན་རཀ་དོང་སྤྲུག་བརྒྱ་ཕྱག་འཚལ། །ཞེས་གསུངས་པས། མདུན་གྱི་ནམ་མཁར་སངས་རྒྱས་

ཞི་བའི་ལྷ་ཚོགས་བཞི་བཅུ་རྩ་གཉིས། བཅོམ་ལྡན་འདས་ཤྲཱི་ཧེ་རུ་ཀ་དྲག་པོའི་ལྷ་ཚོགས་ལྔ་བཅུ་རྩ་བརྒྱད་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བསྐོར་ནས་བཞུགས་པའི་དྲུང་དུ། ཚེ་ལས་འདས་པ་ཆེ་གེ་མོའི་ཐོག་དྲངས་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་ཉེས་ལྟུང་ཐམས་ཅད་བཤགས་སྙམ་པའི་འདུན་པ་རྩེ་གཅིག་གི་ངང་ནས། དེ་རྣམས་ཀྱི་ཕྱག་འཚལ་ཡུལ་གྱི་བདེ་བར་གཤེགས་པ་རྣམས་ཀྱི་སྐུ་མདོག་ཕྱག་མཚན་གསལ་འདེབས་པའི་ཚིག་གསུམ་པོ་བརྗོད་ཚེ་ཉོན་ལ་ཡིད་ཡུལ་དུ་གསལ་ཐོབ། ཚིག་བཞི་པའི་སྐབས་སུ་མཚན་ནས་བརྗོད་པའི་རྗེས་ཟློས་དང་མཉམ་དུ། ངག་གི་ཕྱག་འཚལ་བ་དང་ལུས་ཀྱིས་ཐལ་མོ་སྦྱར་ནས་མགོ་བོ་འདུད་པ་རེ་མཛོད། ན་མོ་དང་པོའི་སངས་རྒྱས་སོགས་བྱའོ། །༈ འོ་དེ་ལུས་ཀྱི་སྒྲིབ་པ་དག་པར་བྱེད་པའི་བརྒྱ་ཕྱག་སྡིག་སྒྲིབ་རང་གྲོལ་ཞེས་བྱ་བ་ཡིན། གཉིས་པ་རྡོ་རྗེ་སེམས་དཔའི་སྒོམ་བཟླས་ནི། ན་རཀ་དོང་སྤྲུག་ལས༔ ཆོས་སྐུ་ཀུན་ཏུ་བཟང་པོས་རྡོ་རྗེ་སེམས་དཔའ་ལ་བཀའ་སྩལ་པ། སྤྲུལ་སྐུ་རྡོ་རྗེ་སེམས་དཔའ་ཁྱོད་ཀྱིས། རིགས་ལྔའི་ཡི་གེ་བརྒྱ་པའི་གསང་སྔགས་འདི་སེམས་ཅན་ལུས་སྲུལ་པོ་དེའི་རྣ་བར་སྒྲོགས་ལ་ཐོན་ཅིག །ཅེས་བཀའ་སྩལ་བའི་དོན་འདི་ལྟར་སྒོམས་ཤིག །ཚེ་ལས་འདས་པ་ཆེ་གེའི་ཐོག་དྲངས་རང་རེ་སེམས་ཅན་ཐམས་ཅད་ཀྱི་སྤྱི་བོར་པདྨ་དང་ཟླ་བའི་གདན་ལྔ་ཚོམ་གྱི་དབུས་སུ་བུདྡྷ་རིགས་ཀྱི་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ། ཤར་དུ་རྡོ་རྗེ་རིགས་ཀྱི་རྡོ་རྗེ་སེམས་དཔའ་སྔོན་པོ། ལྷོར་རིན་ཆེན་རིགས་ཀྱི་རྡོ་རྗེ་སེམས་དཔའ་སེར་པོ། ནུབ་ཏུ་པདྨ་རིགས་ཀྱི་རྡོ་རྗེ་སེམས་དཔའ་དམར་པོ། བྱང་དུ་ལས་ཀྱི་རིགས་ཀྱི་རྡོ་རྗེ་སེམས་

དཔའ་ལྗང་གུ། གཙོ་བོའི་དབུ་སྟེང་དུ་དེ་བཞིན་རིགས་ཀྱི་རྡོ་རྗེ་སེམས་དཔའ་འོད་ལྔའི་ཁ་དོག་ཅན། ཐམས་ཅད་ཀྱང་ཕྱག་གཡས་རྡོ་རྗེ་ཐུགས་ཀར་འཛིན་ཅིང་གཡོན་དྲིལ་བུ་དཀུར་བརྟེན་པ་དར་དང་རིན་པོ་ཆེས་བརྒྱན་ཅིང་མཚན་དཔེ་འབར་བ། དེ་རྣམས་ཀྱི་ཐུགས་ཀར་ཟླ་བའི་སྟེང་དུ་ས་བོན། ཨཱོཾ་ཧཱུྃ་སྭཱ་ཨཱྃ་ཧཱ་ཧྲཱིཿརྣམས་ལ་རིགས་སོ་སོའི་ཡིག་བརྒྱས་བསྐོར་བ་ལས་འོད་འཕྲོས་པས་རྡོ་རྗེ་སེམས་དཔའ་རིགས་དྲུག་གི་ལྷ་ཚོགས་འཁོར་དང་བཅས་པ་སྤྱན་དྲངས་གཉིས་སུ་མེད་པར་ཐིམས་པས་རྡོ་རྗེ་སེམས་དཔའ་རིགས་དྲུག་གི་ཞལ་ནས་འདི་སྐད་གསུངས་པའི་མོས་པ་མཛོད། བདག་གིས་ཀྱང་ཡི་གེ་བརྒྱ་པ་ཞེས་བྱ་བ་བདེ་བར་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀྱི་ཡང་སྙིང་། ཉམས་ཆགས་དང་སྡིག་སྒྲིབ་དག་པར་བྱེད་པ་འདི་བརྗོད་ཀྱི། རྣལ་འབྱོར་པ་སྡིག་སྒྲིབ་ཅན་ཉམས་ཆགས་བསོག་འཇོག་ཅན། བག་ཆགས་ངན་པ་ཁྱོད་ཉོན་ཅིག །ཧཱུྃ་བཛྲ་ས་ཏྭ་ས་མ་ཡཱཿམ་ནུ་པ་ལ་ཡཿབཛྲ་ས་ཏྭ་ཏྭེ་ནོ་པ་ཏིཥྛ་ཊྲིཌྷོ་མེ་བྷ་ཝ༔ སུ་ཏོཥྱོ་མེ་བྷ་ཝ༔ སུ་པོཥྱོ་མེ་བྷ་ཝ༔ ཨ་ནུ་རཀྟོ་མེ་བྷ་ཝ༔ སརྦ་སིདྡྷིམྨེ་པྲ་ཡཙྪ༔ སརྦ་ཀརྨཱ་སུ་ཙ་མེ་ཙིཏྟཾ་ཤྲེ་ཡཾ་ཀུ་རུ་ཧཱུྃ༔ ཧ་ཧ་ཧ་ཧ་ཧོ༔ བྷ་ག་ཝཱན་སརྦ་ཏ་ཐཱ་ག་ཏ་བཛྲ་མ་མེ་མུཉྩ་བཛྲཱི་བྷ་ཝ་མ་ཧཱ་ས་མ་ཡ་ས་ཏྭ་ཨཱཿརྡོ་རྗེ་རིགས་ཀྱི་ཡིག་བརྒྱ་དང་༔ སྭཱ་རཏྣ་ས་ཏྭ་ས་མ་ཡཿམ་ནུ་པཱ་ལ་ཡཱ༔ རཏྣ་ས་ཏྭ་ཏྭེ་ནོ་པ་ཏིཥྛ་དྲིཌྡྷོ་མེ་བྷ་ཝ༔ སུ་ཏོཥྱོ་མེ་བྷ་ཝ༔ སུ་པོཥྱོ་མེ་བྷ་ཝ༔ ཨ་ནུ་རཀྟོ་མེ་བྷ་ཝ༔ སརྦ་

སིདྡྷིམྨེ་པྲ་ཡཙྪ༔ སརྦ་ཀརྨ་སུ་ཙ་མེ་ཙིཏྟཾ་ཤྲེ་ཡཾ་ཀུ་རུ་ཧཱུྃ༔ ཧ་ཧ་ཧ་ཧ་ཧོ༔ བྷ་ག་ཝཱན་སརྦ་ཏ་ཐཱ་ག་ཏ་རཏྣ་མ་མེ་མུཉྩ་རཏྣ་བྷ་ཝ་མ་ཧཱ་ས་མ་ཡ་ས་ཏྭ་ཨཱ༔ ཨཾ་པདྨ་ས་ཏྭ་ས་མ་ཡཿམ་ནུ་པ་ལ་ཡཱཿཔདྨ་ས་ཏྭ་ཏྭེ་ནོ་པ་ཏིཥྛ་དྲིཌྡྷོ་མེ་བྷ་ཝཿསུ་ཏོཥྱོ་མེ་བྷ་ཝ༔ སུ་པོཥྱོ་མེ་བྷ་ཝ༔ ཨ་ནུ་རཀྟོ་མེ་བྷ་ཝཿསརྦ་སིདྡྷིམྨེ་པྲ་ཡཙྪ༔ སརྦཀརྨ་སུ་ཙ་མེ་ཙིཏྟཾ་ཤྲེ་ཡཾ་ཀུ་རུ་ཧཱུྃཿཧ་ཧ་ཧ་ཧ་ཧོཿབྷ་ག་ཝཱན༔ སརྦ་ཏ་ཐཱ་ག་ཏ་པདྨ་མ་མེ་མུཉྩ་པདྨ་བྷ་ཝ་མ་ཧཱ་ས་མ་ཡ་ས་ཏྭ་ཨཱཿཧ་ཀརྨཱ་ས་ཏྭ་ས་མ་ཡཱཿམ་ནུ་པ་ལ་ཡཱཿཀརྨ་ས་ཏྭ་ཏྭེ་ནོ་པ་ཏིཥྛ་དྲིཌྡྷོ་མེ་བྷ་ཝ༔ སུ་ཏོཥྱོ་མེ་བྷ་ཝ༔ སུ་པོཥྱོ་མེ་བྷ་ཝ༔ ཨ་ནུ་རཀྟོ་མེ་བྷ་ཝ༔ སརྦ་སིདྡྷིམྨེ་པྲ་ཡཙྪ༔ སརྦ་ཀརྨ་སུ་ཙ་མེ་ཙིཏྟཾ་ཤྲེ་ཡཾ་ཀུ་རུ་ཧཱུྃ༔ ཧ་ཧ་ཧ་ཧ་ཧོ༔ བྷ་ག་ཝཱན་སརྦ་ཏ་ཐཱ་ག་ཏ་ཀརྨ་མ་མེ་མུཉྩ་ཀརྨཱ་བྷ་ཝ་མ་ཧཱ་ས་མ་ཡ་ས་ཏྭ་ཨཱཿༀ་བུདྡྷ་ས་ཏྭ་ས་མ་ཡ༔ མ་ནུ་པཱ་ལ་ཡ༔ བུདྡྷ་ས་ཏྭ་ཏྭེ་ནོ་པ་ཏིཥྛ་ཊྲྀཌྡྷོ་མེ་བྷ་ཝ༔ སུ་ཏོཥྱོ་མེ་བྷ་ཝ༔ སུ་པོཥྱོ་མེ་བྷ་ཝ༔ ཨ་ནུ་རཀྟོ་མེ་བྷ་ཝ༔ སརྦ་སིདྡྷིམྨེ་པྲ་ཡཙྪ༔ སརྦ་ཀརྨཱ་སུ་ཙ་མེ་ཙིཏྟཾ་ཤྲེ་ཡཾ་ཀུ་རུ་ཧཱུྃ༔ ཧ་ཧ་ཧ་ཧ་ཧོ༔ བྷ་ག་ཝཱན་སརྦ་ཏ་ཐཱ་ག་ཏ་བུདྡྷ་མ་མེ་མུཉྩ་བུདྡྷ་བྷ་ཝ་མ་ཧཱ་ས་མ་ཡ་ས་ཏྭ་ཨཱ༔ ༀ་ཨཱཿཧཱུྃ་སྭཱ་ཧཱ༔ ཨཱོཾ་བཛྲ་ས་ཏྭ་ས་མ་ཡ༔ མ་ནུ་པཱ་ལ་ཡ༔ བཛྲ་ས་ཏྭ་ཏྭེ་ནོ་པ་ཏིཥྛ་དྲིཌྡྷོ་མེ་བྷ་ཝཿསུ་ཏོཥྱོ་མེ་བྷ་ཝཿསུ་པོཥྱོ་མེ་བྷ་ཝཿཨ་ནུ་རཀྟོ་མེ་བྷ་ཝཿསརྦ་སིདྡྷིམྨེ་པྲ་ཡ་ཙྪ་སརྦ་ཀརྨཱ་སུ་ཙ་མེ་ཙིཏྟཾ་ཤྲེ་ཡཾ་ཀུ་རུ་ཧཱུྃ༔ ཧ་ཧ་ཧ་ཧ་ཧོཿབྷ་ག་ཝན་སརྦ་ཏ་ཐཱ་ག་ཏ་བཛྲ་མ་མེ་མུཉྫ་བཛྲཱི་བྷ་ཝ་མ་ཧཱ་ས་མ་ཡ་ས་ཏྭ་ཨཱ༔ རིགས་སོ་སོའི་ཡིག་བརྒྱ་གསུངས་པའི་མོད་ལ། སྐུ་ལས་བདུད་རྩིའི་རྒྱུན་བབས་རང་གཞན་ཐམས་ཅད་ཀྱི་ཚངས་བུག །་ནས་ཞུགས་ལུས་ཐམས་ཅད་གང་། འགྲོ་བ་རིགས་དྲུག་གི་སྡུག་བསྔལ་མྱོང་བའི་རྒྱུ་སྡིག་སྒྲིབ་ཉེས་ལྟུང་ཐམས་ཅད་དག་ནས་ལུས་ཤེལ་སྒོང་ལྟར་གྱུར། སླར་ཡང་སེམས་དཔའ་དྲུག་གི་སྐུ་ལས་འོད་ཟེར་ནམ་མཁའི་མཐའ་ཁྱབ་པར་འཕྲོས། གསུང་ཡི་གེ་བརྒྱ་པ་འབྲུག་ལྟར་བསྒྲགས་པས་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་དག་ནས། ངན་སོང་གསུམ་དང་རིགས་དྲུག་གི་སྡུག་བསྔལ་དོང་ནས་སྤྲུགས་ཏེ། རིག་འཛིན་རྒྱལ་བའི་ཞིང་དུ་སྐྱེ་བར་གྱུར་ཨྃ་

སྙམ་པས། རྡོ་རྗེ་སེམས་དཔའི་སྙིང་པོ་འདི་འུར་འདོན་མཛོད། ཨཱོཾ་བཛྲ་ས་ཏྭ་ཧཱུྃཿབརྒྱ་རྩ་བརྒྱད་བཟླས། ད་འདིའི་རྗེས་ཟློས་མཛོད། ཚེ་འདས་ལུས་ཀྱི་ལས་ནི་རྣམ་པ་གསུམ། །ངག་གི་རྣམ་པ་བཞི་དག་དང་། །གང་ཡང་ཡིད་ཀྱི་རྣམ་གསུམ་པོ། །མི་དགེ་བཅུ་པོ་སོ་སོར་བཤགས། །ཚིག་མཇུག་དེ་ལན་གསུམ་རྗེས་ཟློས་བྱ། འོ་དེ་ལྟར་གསོལ་བ་བཏབ་པས་རྡོ་རྗེ་སེམས་དཔའ་རིགས་དྲུག་པོ་འོད་དུ་ཞུ་ནས་བདག་ལ་ཐིམས་པས་རྡོ་རྗེ་སེམས་དཔའ་རིགས་དྲུག་གི་སྐུ་གསུང་ཐུགས་དང་རང་གི་ལུས་ངག་ཡིད་གསུམ་དབྱེར་མེད་པའི་མོས་པ་མཛོད། དེ་ངག་གི་སྒོ་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་དག་པར་བྱེད་པ་རྡོ་རྗེ་སེམས་དཔའི་བསྒོམ་བཟླས་ཡིན། ད་ཡིད་ཀྱི་སྒོ་ནས་བཤགས་པའི་ཐབས་ནི། ལས་རྣམ་པར་དག་པའི་མདོ་ལས། གང་ཞིག་བཤགས་པ་བྱེད་འདོད་ན། །དྲང་པོར་འདུག་ལ་ཡང་དག་ལྟོས། །ཡང་དག་ཉིད་ལ་ཡང་དག་བལྟ། །ཡང་དག་མཐོང་ན་རྣམ་པར་གྲོལ། །འདི་ནི་འགྱོད་ཚངས་མཆོག་ཡིན་ནོ། །ཞེས་གསུངས་སོ༔ དེའི་དོན་ནི་ཞི་ཁྲོ་དགོངས་པ་རང་གྲོལ་གྱི། རིག་པ་ཅེར་མཐོང་ངོ་སྤྲོད་ལས། ཨེ་མ་ཧོཿསེམས་ཞེས་བྱ་བའི་རིག་རིག་ཏུར་ཏུར་པོ༔ ཡོད་ནི་གཅིག་ཀྱང་ཡོད་པ་མ་ཡིན་ཏེ༔ འབྱུང་ནི་འཁོར་འདས་བདེ་སྡུག་སྣ་ཚོགས་འབྱུང་༔ འདོད་ནི་ཐེག་པ་བཅུ་གཉིས་ལྟར་དུ་འདོད༔ མིང་ནི་བསམ་གྱིས་མི་ཁྱབ་སོ་སོར་བཏགས༔ ལ་ལ་དག་གིས་སེམས་ཉིད་སེམས་ཉིད་ཟེར༔ མུ་སྟེགས་ལ་ལས་བདག་ཅེས་མིང་དུ་བཏགས༔ ཉན་ཐོས་པས་ནི་གང་ཟག་བདག་མེད་ཟེར༔ སེམས་ཙམ་པས་ནི་སེམས་ཞེས་མིང་དུ་བཏགས༔ ལ་ལས་དབུ་མ་ཞེས་པའི་མིང་དུ་བཏགས༔ ལ་ལས་ཤེས་རབ་ཕ་རོལ་ཕྱིན་པ་ཟེར༔ ལ་ལས་བདེ་གཤེགས་སྙིང་པོ་མིང་དུ་བཏགས༔ ལ་ལས་

ཕྱག་རྒྱ་ཆེན་པོ་མིང་དུ་བཏགས༔ ལ་ལས་ཐ་མལ་ཤེས་པ་མིང་དུ་བཏགས༔ ལ་ལས་ཐིག་ལེ་ཉག་གཅིག་མིང་དུ་བཏགས༔ ལ་ལས་ཆོས་ཀྱི་དབྱིངས་ཞེས་མིང་དུ་བཏགས༔ ལ་ལས་ཀུན་གཞི་ཞེས་པའི་མིང་དུ་བཏགས༔ ཞེས་གསུངས་སོ། །འོ་ན་སེམས་དེ་བདེ་གཤེགས་སྙིང་པོ་ཡིན་ན། དེ་ཅི་ལྟར་ཉམས་སུ་ལེན་སྙམ་ན། གྲུབ་ཆེན་ས་ར་ཧའི་ཞལ་ནས། ཀྱཻ་ཧོ་མ་ཡེངས་སེམས་ཀྱི་རང་བཞིན་རང་གིས་རང་ལ་ལྟོས། །རང་གི་དེ་ཉིད་རང་གིས་རྟོགས་གྱུར་ན། །ཡེངས་པའི་སེམས་ཀྱང་ཕྱག་རྒྱ་ཆེན་པོར་འཆར། །ཞེས་གསུངས་པ་དང་། གྲུབ་ཆེན་བིར་ཝ་པས། ཀུན་གྱི་གཞི་རྩ་ཡིད་ཀྱི་ངོ་བོ་གང་ཡིན་ལྟོས། བལྟས་པས་མ་མཐོང་ཡིད་དང་བྲལ་ན་ངེས་པར་གྲོལ། ཞེས་དང་། རྗེ་མི་ལ་རས་ཆེན་གྱི་ཞལ་ནས། ལྟ་བ་ཡིན་པར་ངེས་ཀྱི་རང་གི་སེམས་ལ་ལྟོས། །སེམས་ལས་ལོགས་སུ་ལྟ་བ་བཙལ་བ་ན། །གྱད་ཀྱིས་ནོར་ཚོལ་འདྲའོ་ཨ་ངེ་ལྷ་རྗེ་སྟོན་པ་བ། །ཞེས་དང་༔ རྗེ་རྒོད་ཚང་པས། རང་གི་སེམས་ལ་ཅེར་གྱིས་ལྟོས། །བལྟས་པས་མི་མཐོང་དངོས་མེད་དེ། །ཞེས་གསུངས་པ་ལྟར་རོ། །དེ་ངོ་མི་ཤེས་སྙམ་ན། ཨོ་རྒྱན་རིན་པོ་ཆེའི་ཞལ་ནས། རིག་པ་མངོན་སུམ་འདི་ཀ་ཡིན་པ་ལ། །རང་སེམས་མ་རྙེད་བྱ་བ་ཅི་ལ་ཟེར། །གསལ་རིག་རྒྱུན་ཆད་མེད་པ་འདི་ཀ་ལ། །སེམས་ངོ་མ་མཐོང་བྱ་བ་ཅི་ལ་ཟེར། །ཡིད་ཀྱི་བསམ་མཁན་ཁོ་རང་ཡིན་པ་ལ། །བཙལ་བས་མ་རྙེད་བྱ་བ་ཅི་ལ་ཟེར། །མ་བཅོས་རང་སར་བཞག་པས་ཆོག་པ་ལ། །གནས་སུ་མ་བཏུབ་བྱ་བ་ཅི་ལ་ཟེར། །ཞེས་དང་། ཡང་ལྟོས་ཡང་ལྟོས་རང་གི་སེམས་ལ་ལྟོས། །ཕྱི་རོལ་ནམ་མཁའི་དབྱིངས་ལ་ཕར་བལྟས་པས། །སེམས་འདི་འཕྲོས་པའི་འཕྲོ་ས་མི་གདའ་ན། །ནང་དུ་རང་གི་སེམས་ལ་ཚུར་བལྟས་པས། །རྟོག་པ་འཕྲོ་བའི་འཕྲོ་མཁན་མི་གདའ་ན། །རང་

སེམས་འཕྲ་འཕྲོ་མེད་པའི་ས་ལེ་བ། །རང་རིག་འོད་གསལ་སྟོང་པ་ཆོས་ཀྱི་སྐུ། །སྤྲིན་མེད་དངས་པའི་མཁའ་ལ་ཉི་ཤར་འདྲ། །རྣམ་རྟོག་མི་གདའ་ཅིར་ཡང་ས་ལེར་མཁྱེན། །ཞེས་གསུངས་པ་ལྟར་མཉམ་པར་ཞོག །མཉམ་པར་བཞག་མི་ཤེས་པ་རྣམས་ཀྱིས་དམ་པ་རིགས་བརྒྱའི་ཐུགས་ཀྱི་ཡང་སྙིང་འདི་ལ་འུར་འདོན་ཅིག་མཛད་པར་ཞུ། བོ་དྷི་ཙིཏྟ་བསྐུལ། ཞེས་བྱ་བ་འདི་ནི་ཚེས་བཅུའི་ཉིན་པར་རྣལ་འབྱོར་བ་ཀརྨ་ཨ་རཱ་གས་བྲིས་པའོ། །


previousཞི་ཁྲོ་ན་རཀ་དོང་སྤྲུག་གི་ཆོ་ག་ལས་བརྒྱ་ཕྱག་སྡིག་སྒྲིབ་རང་གྲོལ་གྱི་མཚམས་སྦྱར་ངན་སོང་རང་གྲོལ།next