Nitartha Digital Library
Tibetan
བར་དོ་ཐོས་གྲོལ་ཆེན་མོའི་ཆོས་སྐོར་ཕྱོགས་བསྒྲིགས།


   
   
   
   
   
   
   
   
   
   
   
  expand section
   
   
   
   
   
   
   
བསྐང་བའི་ཆོ་ག་ཉམས་ཆག་རང་གྲོལ་གྱི་ལྷན་ཐབས་ས་བཅད་རིམ་པའི་ཆོས་བཤད།
   
   
   
   
   
   
   
   
   


 
previousབསྐང་བའི་ཆོ་ག་ཉམས་ཆག་རང་གྲོལ་གྱི་ལྷན་ཐབས་ས་བཅད་རིམ་པའི་ཆོས་བཤད།next

བསྐང་བའི་ཆོ་ག་ཉམས་ཆག་རང་གྲོལ་གྱི་ལྷན་ཐབས་ས་བཅད་རིམ་པའི་ཆོས་བཤད།

བསྐང་བའི་ཆོ་ག་ཉམས་ཆག་རང་གྲོལ་གྱི་ལྷན་ཐབས་ས་བཅད་རིམ་པའི་ཆོས་བཤད་ཅེས་བྱ་བ་བཞུགས་སོ། །

བཅོམ་ལྡན་འདས་ཞི་ཁྲོའི་ལྷ་ཚོགས་ལ་ཕྱག་འཚལ་ལོ། །བསྐང་བའི་ཆོ་ག་ཉམས་ཆག་རང་གྲོལ་གྱི་ལྷན་ཐབས་འདི་ལ། དང་པོ་དཀྱིལ་འཁོར་གྱི་ལས་རིམ་དང་། རྫས་དང་ཡོ་བྱད་ལ་སོགས་པ་མཆོད་གཏོར་བཤམས་པའི་ལས་རིམ་གཞུང་ལྟར་ལེགས་པར་གྲུབ་ནས། རྡོ་རྗེ་སློབ་དཔོན་དང་མཆེད་ལྕམ་རྣམས་ཁྲུས་བྱས་ལ། གོས་གསར་བ་དྲི་མ་མེད་པ་གོན། བྲེ་མོའི་གཏམ་སྤང་། སྣང་བ་བདེ་ཕྱམ་ཀྱིས་བཏང་ལ། མདུན་གྱི་ནམ་མཁར་སྐྱབས་ཡུལ་གསལ་གདབ་ཅིང་སྐྱབས་འགྲོ་ནས་བཟུང་སྟེ་གཞལ་ཡས་ཁང་བསྐྱེད་པ་ཡན་ཆད་རྒྱས་པར་བྱས་ལ། ལྷ་བསྐྱེད་པའི་སྐབས་སུ་ཡང་། རྒྱས་པ་ནི། ལས་བྱང་ཆེན་མོ་ལྟར་ལྷ་ཚོགས་གསལ་གདབ། བསྡུས་པ་ལས་བྱང་ཆུང་བ་ལྟར་བསྐྱེད་པར་བྱ། མདུན་དུ་མཆོད་པའི་དཀྱིལ་འཁོར་ཙམ་ཡིན་ཞིང་། སྤྲུལ་པ་སྲས་ཀྱི་ལྷ་ཚོགས་ཞེས་བྱའོ། །དེ་ལྟར་བདག་ཉིད་ཞི་ཁྲོའི་ལྷ་ཚོགས་སུ་གསལ་ལ། སྤྱན་འདྲེན། བཞུགས་གསོལ། མཆོད་བསྟོད་དང་བཅས་པ་ཐམས་ཅད་གྱེར་སྒོམ་རྒྱས་པར་བྱ། དེ་ནས་ཚོགས་འཁོར་ལ་སླེབ་པའི་སྐབས་འདིར། རྡོ་རྗེ་རྒྱལ་པོས་འདུས་པ་རྒྱ་མཚོ་རྣམས་ལ་འདི་སྐད་བརྗོད་པར་བྱའོ། །འོ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀུན་བཟང་བླ་མེད་ཀྱི་ས་ལ་འགོད་པར་བྱའོ། །དེའི་ཆེད་དུ་ན་རཀ་དོང་སྤྲུགས་ཀྱི་སྤྱི་ཁྲུས་འགྱོད་ཚངས་ཀྱི་རྒྱལ་པོ་གསན་སྙམ་པའི་ཐུགས་བསྐྱེད་སྔོན་དུ་བཏང་ནས་གསན་པར་ཞུ། འདིར་ལོང་ཁྱབ་དང་བསྟུན་ལ་ལས་རྒྱུ་འབྲས་ཀྱི་ཟབ་ཆོས་བཤད་པར་བྱའོ། །ཆོ་གའི་རང་གཞུང་ལས། དེ་ཡང་ཇི་སྐད་དུ། མ་རིག་རྨོངས་པའི་ལས་

དབང་གིས། །དམ་ཚིག་ཉམས་ཆག་འགལ་འཁྲུལ་བསགས། །ན་རཀ་འཁོར་བའི་རྒྱུར་གྱུར་པ། །བཤགས་སྦྱངས་དོང་སྤྲུགས་ཆོ་ག་བསྟན། །ཅེས་གསུངས་པས། འདིར་ན་རཀ་དོང་སྤྲུགས་རྣལ་འབྱོར་གྱི་སྤྱི་ཁྲུས་འགྱོད་ཚངས་ཀྱི་རྒྱལ་པོ་སྨྲེ་སྔགས་ཀྱི་ཆོ་ག་བསྟན་པར་བྱེད་པ་ལས། དང་པོ་ཡིད་ཆེས་པའི་ལོ་རྒྱུས་གཏན་ཚིགས་དང་། གཉིས་པ་ལག་ཏུ་བླང་བ་ཆོ་གའི་རིམ་པའོ། །དང་པོ་ལུང་ལས་ཀྱང་། གསང་ཆེན་ངེས་པའི་བཀའ་འདི་ལ། །ལོ་རྒྱུས་དོན་གྱིས་མ་བཤད་ན། །ཡིད་མི་ཆེས་པའི་སྐྱོན་དུ་འགྱུར། །ཞེས་གསུངས་པས། ཡིད་ཆེས་སྐྱེད་པར་བྱེད་པའི་ལོ་རྒྱུས་གཏན་ཚིགས་ལའང་གཉིས་ཏེ། བྲམ་ཟེ་དུང་གི་ཕྲེང་བའི་ལོ་རྒྱུས་དང་། འགྱོད་ཚངས་རྒྱལ་པོའི་འབྱུང་ཁུངས་དང་གཉིས་ལས། དང་པོ་ནི་ཉམས་ཆག་བསྐང་བའི་ལུང་ལས། འདོད་ཁམས་གནས་རིས་མ་ཀི་ན། བྲམ་ཟེ་དུང་གི་ཕྲེང་བ་ཅན་ཞེས་བྱ་བ་གོས་སུ་དུང་གི་ཕྲེང་བ་གོན་པ་རྫུ་འཕྲུལ་དང་ལྡན་པ་གཅིག་ལ། སློབ་མ་རྒྱལ་པོའི་ཕྲུ་གུ་གཅིག་ཡོད་པ་ལ། བྲམ་ཟེས་སློབ་མ་ལ་བསླབ་སྦྱང་རྫོགས་པར་བསླབས་ཏེ། རིག་པའི་གནས་ལྔ་ལ་མཁས་པར་གྱུར་པ་དང་། རྒྱལ་པོའི་ཕྲུ་གུས་བསམ་པ་ལ། ངའི་གོང་ན་སློབ་དཔོན་བྲམ་ཟེ་འདི་ཡིན་ན་མ་གཏོགས་པ་གཞན་སུ་མེད་པས། འདི་ངའི་གོང་དུ་མི་བཏང་བསམས་ཏེ། བྲམ་ཟེ་ལ་རྒུན་ཆང་དང་འབྲས་ཆང་བླུད་ནས་ར་རོ་བ་དང་བརྒྱལ་བས། མིག་ཁབ་ཀྱིས་བཙག །ལྕེ་ལྕགས་ཀྱུས་དྲངས་ཏེ་བཅད། ལུས་ལ་རུས་སྦལ་གྱི་ཁྲག་གིས་བྱུགས། བུད་མེད་མང་པོས་ལུས་བརྫ ི་རུ་བཅུག །སྒྱིད་པ་ཡང་བཅད་དེ་བཞག་པ་ལས། ནང་པར་བྲམ་ཟེས་དྲན་པ་གཅིག་རྙེད་ནས། མིག་ཕྱེས་ཏེ་བལྟ་བསམ་སྟེ་ལོང་ནས་མེད། གྲོང་ནང་དུ་གཅིག་ལ་འབོད་འདོད་དེ་ལྕེ་མེད། ལངས་ནས་འགྲོ་འདོད་ཀྱང་སྒྱིད་པ་བཅད་པ་དང་། བུད་

མེད་མང་པོས་ལུས་བརྫི་རུ་བཅུག་ནས། ལུས་འགུལ་མ་ནུས། ལུས་ལ་རུས་སྦལ་གྱི་ཁྲག་གིས་བྱུགས་པས་ཀྱང་ཆུ་བུར་དང་སྐམ་པ་མང་པོ་བྱུང་། ལུས་ཀྱང་འཁུམ། དྲན་པ་ཡང་ཉམས་པ་སྙམ་བྱེད་དེ། དེ་ནས་བྲམ་ཟེའི་བསམ་པ་ལ། བདག་འདི་ལྟར་ཉོན་མོངས་པར་གྱུར་པ་ལ་ཚེ་རབས་སྔོན་གྱི་ལས་ངན་གྱི་རྣམ་པར་སྨིན་པ་ཡིན་ནམ། འོན་ཏེ་འཕྲལ་གྱི་རྐྱེན་ཡིན་བརྟགས་པས། སློབ་མས་ཕྲག་དོག་བྱས་པར་རིག་ནས། བྲམ་ཟེས་དམོད་པ་བོར་བས། རྒྱལ་པོའི་ཕྲུ་གུ་ཁྱོད་ལ། ངས་སློབ་སྦྱང་རྫོགས་པར་བྱས་པ་ལ། ང་ལ་འདི་འདྲ་བའི་ལས་ངན་བྱེད་པ། ཁྱོད་ཀྱང་སྲོག་གི་ལན་ཆགས་ཀྱིས་ཚེ་ཐུང་ལ་སེམས་ཅན་ལུས་སྲུལ་པོ་གཅིག་ཏུ་སྐྱེས་ནས། དེའི་ལུས་ལ་མིག་མེད་པ་དང་། ལྐུགས་པ་དང་། མཛེ་དང་། ཤུ་བ་དང་། ལུས་ལ་ཤ་ཟ་མོ་སྟོང་གི་ཚང་བཅའ་བ་དང་། རྐང་པ་ཆད་པ་དང་། ཚེ་འཕོས་ནས་ཀྱང་དམྱལ་ཁམས་བཅུ་དྲུག་གི་ཁ་འཁོར་ནས་ཐར་བའི་དུས་མེད་པར་གྱུར་ལ། ཚེ་རབས་ཐམས་ཅད་དུ་འཕགས་པའི་ཞལ་ཉི་ཟེར་ཙམ་ཡང་མི་མཐོང་ཞིང་། བྱང་ཆུབ་ཀྱི་མྱུ་གུ་སྐམ་པར་གྱུར་ཅིག །ཅེས་དམོད་པ་བོར་བས། བྲམ་ཟེ་དེ་ཉིད་ཀྱང་ངན་སེམས་ཀྱིས་དམོད་པ་བོར་བའི་ལས་དབང་གིས། དུར་ཁྲོད་ཀྱི་ཤྭ་ན་མོ་ཁྲ་མགོ་དཀར་པོ་ཞིག་ཏུ་སྐྱེས་སོ། །དེའི་མོད་ལ་རྒྱལ་བུ་དེ་ཡང་ཤི་བར་གྱུར་ཏེ། བྲམ་ཟེའི་རིགས་ལ་བུ་ལ་གདུང་སེམས་ཅན་གཅིག་ཏུ་སྐྱེས་སོ། །བུ་འདོད་པའི་དོན་དུ་མོ་དང་པྲ་ལ་སོགས་བྱས་པ་ལས། ལན་ཆགས་ཀྱི་དབང་གིས་དུར་ཁྲོད་ཀྱི་ཤྭ་ན་མོ་ཁྲ་མགོ་དཀར་པོ་ཅན་དེ་ཚེ་འཕོས་ནས་སྐྱེ་བ་མཐོང་ངོ་། །ལོ་མང་དུ་ལོན་པ་དང་ངང་ཐུང་ནས་བྱ་མང་པོ་གསོས་ནས་བསད་པས་བུར་སྐྱེས་པ་ལ། བུ་དེའི་མགོ་ལ་ལྕགས་ཀྱི་འཛེར་པ་

གཅིག་སྐྱེས་ཏེ། སྤྱི་བོ་མན་ཆོད་ཐོད་པ་ཅི་བཞིན་ཁེབས་ཏེ། མདངས་ཀྱང་ཤོར། སྐྱེད་ཀྱང་མེད། དེ་ལ་མོ་དཔྱད་བྱས་པས། རིམ་གྲོས་མ་ཕན་ཏེ་ལན་ཆགས་ཀྱི་དབང་གིས་མ་བཟོད་དེ། ལྕེས་ལྡག་པས་ཆུང་དུ་སོང་སྟེ། མདངས་དང་ཡང་ལྡན། སྐྱེད་ཀྱང་ཤིན་ཏུ་ཆེ་བར་གྱུར་ཏེ། བུ་དེའི་མིང་ནི་བྲམ་ཟེ་མིའི་ཐོད་པ་ཅན་ཞེས་བྱ་བར་གྲགས་སོ། །དེ་ནས་འཛེར་པ་ཟད་དེ། ཕ་དེ་ལྕེ་བརྡོལ་ཏེ་ཤི་བར་གྱུར་ཏོ། །དེ་ནས་རང་གི་ཉེས་བྱས་དང་། བྲམ་ཟེའི་དམོད་པས་སེམས་ཅན་གྱི་ནང་ནས་ཀྱང་ལུས་སྲུལ་པོ་གཅེར་བུ་ཅན་ཞེས་བྱ་བར་སྐྱེས་ནས། ལུས་ལ་ནད་སྣ་ཚོགས་དང་། ཤ་ཟ་མོ་སྟོང་གིས་ལུས་ལ་ཚང་བཅའ་བ་དང་། བྱང་ཆུབ་ཀྱི་མྱུ་གུ་སྔོ་བསྐམས་པར་གྱུར་ཏེ། འགྲོ་བ་རིགས་དྲུག་གི་ལུས་དང་སྡུག་བསྔལ་དུས་ཅིག་ཏུ་མྱོང་ནས་ཤིན་ཏུ་སྡུག་བསྔལ་གྱུར་ཏེ། དེ་ནས་ཕྱོགས་བཅུའི་བདེ་བར་གཤེགས་པ་རྣམས་ཀྱི་ཐུགས་རྗེའི་ཡེ་ཤེས་རྩེ་གཅིག་པའི་ཐུགས་རྗེ་བྱམས་པས་འགྲོ་བའི་དོན་མཛད་དེ། བདེ་བར་གཤེགས་པ་རྣམས་ཀྱི་ཐུགས་ཀྱི་སྤྲུལ་པ་ལས། བཅོམ་ལྡན་ཀུན་ཏུ་བཟང་པོ་དང་། ཀུན་རིག་རྣམ་པར་སྣང་མཛད་གཉིས་སུ་སྤྲུལ་ཏེ། ཀུན་ཏུ་བཟང་པོས་བྱིན་གྱིས་བརླབས་པས་རྡོ་རྗེ་སེམས་དཔའ་སྤྲུལ། རྣམ་པར་སྣང་མཛད་ཀྱི་བྱིན་གྱིས་བརླབས་པས་ཕྱག་ན་རྡོ་རྗེར་སྤྲུལ་ནས་ཀུན་ཏུ་བཟང་པོ་དང་ཀུན་རིག་རྣམ་པར་སྣང་མཛད་གཉིས་ཀྱིས། རྡོ་རྗེ་སེམས་དཔའ་དང་ཕྱག་ན་རྡོ་རྗེ་གཉིས་ལ་བཀའ་སྩལ་པ། འདོད་ཁམས་གནས་རིས་མ་ཀི་ན་སློབ་མས་སློབ་དཔོན་ལ་ཉེས་པ་བྱས་པའི་རྣམ་སྨིན་གྱིས། སེམས་ཅན་ལུས་སྲུལ་པོ་གཅེར་བུ་ཅན་བྱ་བ་ཞིག་སྡུག་བསྔལ་སྣ་ཚོགས་ཀྱིས་གདུང་ནས་བྱང་ཆུབ་ཀྱི་མྱུ་གུ་སྐམ་ཏེ། ཚེ་འཕོས་ན་ཡང་དམྱལ་ཁམས་བཅུ་དྲུག་ལས་མི་ཐར་བས། དེའི་ལས་ཁྱེད་གཉིས་ཀྱིས་ཟློག་ཅིག །

དེའི་ལས་མ་བཟློག་ན་ལས་ཀྱི་རྣམ་པར་སྨིན་པ་གཞན་གྱིས་ངན་སོང་དུ་ལྟུང་བ་ནི་སླར་ཡང་ཐར་བར་སྲིད་ཀྱི། སློབ་དཔོན་ལ་སློབ་མས་ཉེས་པ་བྱས་པའི་རྣམ་སྨིན་ནི་ཐར་པའི་དུས་མེད་དོ། །ཞེས་བཀའ་སྩལ་པ་དང་། དེ་ནས་རྡོ་རྗེ་སེམས་དཔའ་དང་ཕྱག་ན་རྡོ་རྗེས་གསོལ་པ། འདུལ་བའི་དུས་ལ་བབ་ན་ཕན་བཏགས་ཀྱི། ཟློག་པའི་ཐབས་བསྟན་དུ་གསོལ། ཞེས་ཞུས་པས། ཀུན་ཏུ་བཟང་པོས་རྡོ་རྗེ་སེམས་དཔའ་ལ། རིགས་ཀྱི་བུ་རྣལ་འབྱོར་གྱི་སྤྱི་ཁྲུས་ན་རག་དོང་སྤྲུགས། འགྱོད་ཚངས་ཀྱི་རྒྱལ་པོ་འདི། སེམས་ཅན་དེའི་རྣ་བར་སྒྲོགས་ལ། ལུས་ངག་ཡིད་གསུམ་གྱི་སྒོ་ནས་འགྱོད་ཚངས་བྱེད་དུ་ཆུག་ལ་ཟློག་ཅིག་གསུངས། ཀུན་རིག་རྣམ་པར་སྣང་མཛད་ཀྱིས་ལག་ན་རྡོ་རྗེ་ལ། རིགས་ཀྱི་བུ་ཕྱི་ནང་གསང་གསུམ་གྱི་དབང་བསྐུར་ལ་ཟློག་ཅིག །ཅེས་བཀའ་སྩལ་པ་དང་། དེ་ནས་རྡོ་རྗེ་སེམས་དཔའ་དང་ལག་ན་རྡོ་རྗེ་གཉིས་ཀྱིས། བྲམ་ཟེ་མིའི་ཐོད་པ་ཅན་དང་། སེམས་ཅན་ལུས་སྲུལ་པོ་དེ་ཡི་དོན་དུ་བྱོན་ནས། རྡོ་རྗེ་སེམས་དཔས་བཀའ་སྩལ་པ། བྲམ་ཟེ་མི་ཡི་ཐོད་པ་ཅན་དང་། སེམས་ཅན་ལུས་སྲུལ་པོ་ཁྱོད་གཉིས་སྔོན་ཚེ་ཡང་སྔ་ལ། སློབ་དཔོན་དང་སློབ་མའི་དམ་ཚིག་ཉམས་པ་ཡིན་པས། བསྐལ་པའི་མཐར་ཡང་སྡུག་བསྔལ་ལས་མི་ཐར་བས། བཤགས་སྦྱོང་གྱིས་ཤིག །ཅེས་བཀའ་སྩལ་པ་དང་། བྲམ་ཟེ་མིའི་ཐོད་པ་ཅན་གྱིས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་དང་ཕྱག་ན་རྡོ་རྗེ་གཉིས་ལ་གསོལ་པ། བདག་ཅག་རྣམས་ལ་ཉེས་པ་བཤགས་ཐབས་བསྟན་དུ་གསོལ། ཞེས་སྨྲས་པ་དང་། ལག་ན་རྡོ་རྗེས་རིམ་པ་བཞིན་དུ་དབང་བསྐུར་བས། བྱང་ཆུབ་ཀྱི་མྱུ་གུ་སྔོ་བསྐམས་པ་སོས་ནས། བྲམ་ཟེ་མིའི་ཐོད་པ་ཅན་དང་། སེམས་ཅན་ལུས་སྲུལ་པོ་དང་། ཕྱོགས་བཅུའི་གསང་སྔགས་ཀྱི་སྒོར་ཞུགས་པའི་རྣལ་འབྱོར་ཕོ་མོ་རྣམས།

ཀུན་གཞིའི་བྱང་ཆུབ་ཀྱི་སེམས་དང་འཕྲད་པར་བྱས་ཏེ་འབད་པས་མཇུག་ཏུ་རིག་འཛིན་རྣམ་པ་ལྔ་ལ་རིམ་གྱིས་བགྲོད་པར་གྱུར་ཏོ། །ཞེས་གསུངས་སོ། །བྲམ་ཟེའི་ལོ་རྒྱུས་བསྡུས་པའོ། །མངྒ་ལཾ། ༈གཉིས་པ་འགྱོད་ཚངས་རྒྱལ་པོའི་བྱུང་ཁུངས་ནི། དྲི་མེད་བཤགས་རྒྱུད་ལས། དེ་ནས་གསང་བའི་བདག་པོ་ཆེན་པོ་ཡི། སྔོན་གྱི་རྣམ་པར་ཤེས་པ་སྦྱངས་སྦྱངས་པ་བྲམ་ཟེ་མིའི་ཐོད་པ་ཅན་ལ་སོགས་པའི་རྣལ་འབྱོར་པ་རྣམས་ལ། བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ཆེན་པོས་བཤད། ཕྱོགས་བཅུ་ན་བཞུགས་པའི་རྣལ་འབྱོར་ཕོ་མོ་རྣམས་ཀྱིས་ཞུས་པ་ནི་འདི་ལྟ་སྟེ། དེ་ནས་ཕྱོགས་བཅུ་ནས་ལྷག་པའི་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་རྣམས་དང་། རིག་འཛིན་ཕོ་མོ་བསམ་གྱིས་མི་ཁྱབ་པ་རྣམས་ཀྱིས་ལྷན་ཅིག་ཏུ་བརྐྱང་ཕྱག་འཚལ་ཞིང་། བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་དང་། ཆེ་མཆོག་ཧེ་རུ་ཀ་ལ་སོགས་པ་རིགས་ལྔའི་བདེ་བར་གཤེགས་པ་རྣམས་ལ་གསོལ་བ། བདག་ཅག་རྣམས་རང་བཞིན་སྒྱུ་འཕྲུལ་གྱི་དཀྱིལ་འཁོར་གྱི་ལྷ་རྣམས་ཀྱི་གྲྭལ་དུ་འཁོད་དེ། གསང་བའི་ཐེག་པ་ཆེན་པོ་འདི་ལ་སྤྱོད་ཅིང་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་དང་། ཆེ་མཆོག་ཧེ་རུ་ཀ་ལ་སོགས་རྣམས་ཀྱི་ཞལ་མཐོང་ཞིང་། ཕྱག་རྒྱ་ཆེན་པོའི་རིག་འཛིན་ལྷུན་གྱིས་གྲུབ་པར་འཚལ་བ་རྣམས། ཉམས་པ་དང་། ཆགས་པ་དང་། བག་ཆགས་ངན་པས་བསྒྲིབས་ཏེ་མཆིས་ན། ཉམས་ཆགས་དང་རྟོག་སྒྲིབ་སྦྱོང་བའི་ཐབས་ཤིག་གསོལ་ཞིང་ཞུ་ུན་གནང་བའི་སྐབས་དབྱེ་བར་གསོལ། ཅེས་ཞུས་པ་དང་། དེ་ནས་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོས། ཕྱོགས་བཅུ་ནས་ལྷགས་པའི་རིག་འཛིན་ཕོ་མོ་རྣམས་ལ་བཀའ་སྩལ་པ། འདི་ལྟ་བུའི་བཀའ་གསང་བ་བས་ཀྱང་ཆེས་གསང་བ། ཡང་གསང་ཐུགས་ཀྱི་མན་ངག་འདི་ལྟ་བུ་འདི་ནི།

དུས་གསུམ་སངས་རྒྱས་རྣམས་ཀྱི་གཤེགས་ཤུལ། རིག་འཛིན་ཕོ་མོ་རྣམས་ཀྱི་ལམ། རྣལ་འབྱོར་ཕོ་མོ་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྒྲུབ་པའི་གནས། འདི་ལྟ་བུའི་བཀའ་ཟབ་མོ་འདི་ནི། ཐོབ་པར་དཀའ་ན། བསྒོམ་ཞིང་བསྒྲུབ་པ་དང་། རྟོགས་པ་ལྟ་སྨོས་ཀྱང་ཅི་དགོས། འདི་ལྟ་བུའི་བཀའ་ཟབ་མོ་འདི་ནི། བསྐལ་པ་དཔག་ཏུ་མེད་པའི་སྔོན་རོལ་ནས་སྦྱངས་སྦྱངས་པའི་ལས་འཕྲོ་དང་། སྐལ་བར་ལྡན་པ་འགའ་དང་འགའི་སྤྱོད་ཡུལ་ཡིན་གྱི། གང་རུང་རུང་གི་ཐུན་མོང་ནི་མ་ཡིན་ནོ། །དེ་ལྟ་བུའི་སྒོར་ཞུགས་པའི་རྣལ་འབྱོར་པས། ཉམས་ཆགས་དང་རྟོག་སྒྲིབ་སྦྱང་བའི་ཐབས་མེད་པ་ནི་མ་ཡིན་ཏེ། ཐབས་ནི་ཡོད་དོ། །ཉན་ཐོས་ཀྱི་ཐེག་པ་ལྟར་འདུལ་ཁྲིམས་ཉམས་པར་གྱུར་ན་རྫ་བེའུ་ཆགས་པ་བཞིན། སླར་གསོ་བའི་ཐབས་མེད་པ་ནི་མ་ཡིན་ཏེ། གསང་སྔགས་ཀྱི་བཀའ་གསེར་དང་འདྲ་བ་འདིའི་སྒོར་ཞུགས་པའི་རྣལ་འབྱོར་ཕོ་མོ་རྣམས་ཉམས་ཆགས་བྱུང་བ་རྣམས་ལ་སྦྱོར་བའི་ཐབས་ནི་ཡོད་དེ། ཐུགས་ཡང་དག་པའི་བཀའ་གསང་བའི་ཉམས་ཆགས་བྱུང་བ་འདི་ནི། གསེར་དངུལ་གཞོམ་པ་དང་འདྲ་སྟེ། སླར་གསོ་བའི་ཐབས་ནི་ཡོད་དོ། །དེའི་ཐབས་ནི་ཅི་ལྟ་བུ་ཞེ་ན། རྣལ་འབྱོར་གྱི་སྤྱི་ཁྲུས་ངན་སོང་དོང་སྤྲུགས་ཞེས་བྱ་བ་བཞུགས་སོ། །དེ་ནས་ཕྱོགས་བཅུ་ནས་ལྷགས་པའི་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་རྣམས་ཀྱིས། བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ཉིད་ལ་འདི་སྐད་ཅེས་གསོལ་ཏོ། །ཨ་ལ་ལ་ཧོ། དཔལ་ཀུན་ཏུ་བཟང་པོ་ཨེ་མ་ཧོ། ངོ་མཚར་ཆེའོ། །ཞེས་ལུས་ཀྱི་ཡན་ལག་ལྔ་ས་ལ་བརྡབས་ཏེ། བརྐྱང་ཕྱག་ལན་སྟོང་དུ་འཚལ་ཞིང་འདི་སྐད་ཅེས་ཞུས་སོ། །དཔལ་ཀུན་ཏུ་བཟང་པོ་རྣལ་འབྱོར་ཕོ་མོ་རྣམས་ཀྱི་ཉམས་ཆགས་དག་པར་བྱེད་པའི་སྤྱི་ཁྲུས་ཞེས་བྱ་བ། འགྲོ་བ་ཡོངས་ལ་ཕན་འདོགས་པའི་

མན་ངག་ངན་སོང་དོང་སྤྲུགས་ཞེས་བྱ་བ་བཀའ་གསང་བ་བས་ཀྱང་ཆེས་གསང་བ་བདག་ཅག་རྣམས་ལ་བསྟན་དུ་གསོལ། ཨ་ལ་ལ་ཧོ། དེ་ནས་སྟོན་པ་ཀུན་ཏུ་བཟང་པོས་རྣལ་འབྱོར་པ་རྣམས་ལ་བཀའ་སྩལ་པ། བསྙེན་སྒྲུབ་རྣམ་པ་བཞིའི་སྒོར་ཞུགས་པའི་རྣལ་འབྱོར་ཕོ་མོ་རྣམས་ལ། སྤྱིར་དམ་ཚིག་གི་བསྲུང་མཚམས་བསམ་གྱིས་མི་ཁྱབ་པ་ཞིག་བཞུགས་པ་དེ་དག་ཀུན་ཀྱང་། རྩ་བའི་དམ་ཚིག་གསུམ་དུ་འདུས་སོ། །དེ་ཡང་ལུས་ངག་ཡིད་གསུམ་དུ་འདུས་ཏེ། ལུས་ངག་ཡིད་གསུམ་གྱི་སྒོ་ནས་ཉམས་ཆགས་བྱུང་བ་ནི། དེ་བཞིན་གཤེགས་པའི་སྐུ་གསུང་ཐུགས་ཀྱི་ཐུགས་རྗེའི་བྱིན་བརླབས་ཀྱིས་སྦྱོང་བའི་ཐབས་ནི་བཞུགས་སོ། །ཡིད་ཀྱི་སྒོ་ནས་ཉམས་ཆགས་བྱུང་ན་ཐུགས་ཀྱི་ལྟ་བས་བསྐངས་ཏེ། རྣལ་འབྱོར་གྱི་གྲལ་འདིར་འཁོད་པ་རྣམས་ཀྱི་ཡིད་དམ་སེམས་ནི། དོན་དམ་པར་ཐུགས་ཡང་དག་བའི་ཡེ་ཤེས་ཉིད་ཡིན་ཏེ། ཐུགས་ཡང་དག་པའི་ཡེ་ཤེས་ནི། རང་གི་ཀུན་གཞི་བྱང་ཆུབ་ཀྱི་སེམས་ཡིན་ཏེ། ཀུན་གཞི་མ་བཅོས་པའི་ཡིད་རང་བྱུང་གི་ཡེ་ཤེས་བདེ་བ་ཆེན་པོར་ཤར་བ་ནི། བསྲུང་དུ་མེད་པའི་དམ་ཚིག་ཆེན་པོ་ཡིན་ཏེ། ཀུན་གཞི་དེ་ལྟར་ཡིན་ཕན་ཆད། ཀུན་གཞི་བག་ཆགས་དང་བཅས་པས་བསྐྱེད་པའི་ཕུང་པོ་དང་། དབང་པོ་དང་། རྣམ་པར་ཤེས་པ་དང་བཅས་པ་མ་བྱུང་མ་སྐྱེས་པས། ཡེ་ནས་རང་བྱུང་ཆེན་པོ་ཡིན་ཏེ། དེ་ལྟར་རྟོགས་པའི་རྡོ་རྗེ་སློབ་དཔོན་དང་མཆེད་དང་ལྕམ་དྲལ་ཡང་ཡེ་ནས་མ་བྱུང་མ་སྐྱེས་པ་ཡིན་ཏེ། སྐུའི་དམ་ཚིག་ཉམས་ཆགས་ཐམས་ཅད་སྐོངས་སོ། །དེ་ལྟར་ཕུང་པོ་དང་དབང་པོ་དང་རྣམ་པར་ཤེས་པ་མ་བྱུང་མ་སྐྱེས་ཕན་ཆད། དེས་བརྗོད་པར་བྱ་བའི་བཟླས་བརྗོད་དང་། བསྙེན་སྒྲུབ་དང་། སྐུ་ཕྱག་རྒྱར་བསྒོམ་པར་བྱ་བ་ཡང་ཡེ་ནས་མ་བྱུང་མ་སྐྱེས་ཏེ། གླེང་བརྗོད་དང་རྩོལ་སྒྲུབ་ཀྱི་

མཐའ་ལས་འདས་པས། གསུང་གི་དམ་ཚིག་གི་ཉམས་ཆག་ཐམས་ཅད་སྐོངས་སོ། །དེ་ལྟ་བུའི་ཡེ་ནས་མ་བྱུང་མ་སྐྱེས་པའི་དོན་འདི་ནི། ཀུན་གྱིས་མི་རྟོགས་ཤིང་རྟོགས་པར་དཀའ་བས། རང་བཞིན་གྱིས་གསང་བ་ཆེན་པོ་ཡིན་ཏེ། ཐུགས་ཀྱི་དམ་ཚིག་སྐོང་བཤགས་ཀྱི་ལྟ་བ་བསྟན་པའོ་ཉམས་ཆག་ཐམས་ཅད་སྐོངས་སོ། །དེ་ལྟར་རྩ་བའི་ཉམས་ཆགས་གསུམ་པོ་བསྐངས་ཕན་ཆད། ཡན་ལག་གི་དམ་ཚིག་ཐམས་ཅད་ཀྱང་ཡེ་ནས་མ་བྱུང་མ་སྐྱེས་པས། ཡན་ལག་གི་དམ་ཚིག་ཉམས་ཆགས་ཐམས་ཅད་སྐོངས་སོ། །དེ་ལྟར་རྟོགས་པའི་རྣལ་འབྱོར་པ་རྣམས་ནི་མི་བསྲུང་བའི་བསྲུང་བ་ཆེན་པོ་སྟེ། དེའི་ལུས་ངག་ཡིད་གསུམ་གྱི་སྒོ་ནས་ཉམས་ཆགས་བྱུང་བ་རྣམས། སྐུ་གསུང་ཐུགས་ཀྱི་ཐུགས་རྗེས་སྐོངས་སོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། ཕྱོགས་བཅུ་ནས་ལྷགས་པའི་རྣལ་འབྱོར་ཕོ་མོ་རྣམས་ཀྱིས། སྟོན་པ་ཀུན་ཏུ་བཟང་པོ་ལ་འདི་སྐད་ཅེས་གསོལ་ཏོ། །ཨེ་མ་ངོ་མཚར་ཆེའོ། །སྟོན་པ་ཀུན་ཏུ་བཟང་པོ། མི་བསྲུང་བའི་བསྲུང་བ་ཆེན་པོ་བཀའ་སྩལ་པ་ངོ་མཚར་ཆེའོ། །ཨ་ལ་ལ་ཧོ། ཞེས་ལུས་ས་ལ་བརྡབ་ཅིང་བརྐྱངས་ཕྱག་འཚལ་ལོ། །དེ་ནས་ཡང་སྟོན་པ་ཀུན་ཏུ་བཟང་པོ་ལ། བཅོམ་ལྡན་འདས་རིགས་ལྔའི་སངས་རྒྱས་རྣམས་ཀྱིས་འདི་སྐད་ཅེས་གསོལ་ཏོ། །སྟོན་པ་ཀུན་ཏུ་བཟང་པོ་གོང་མ་ལྟ་བུའི་ཡེ་ཤེས་ཡེ་ནས་མ་བྱུང་མ་སྐྱེས་པ་དེ་གདོད་མ་ནས་རང་ཤེས་རིག་གི་རྒྱལ་པོ་རང་ལ་རང་གསལ་བར་རང་ཤར་བས། རྟོགས་པ་རྣམས་ལ་བསྲུང་རྒྱུ་ཡང་མེད་ལ། ཉམས་ཆགས་བསྐང་དུའང་མེད་ན། དེ་ལྟ་བུའི་དོན་དེ་མ་རྟོགས་པ་དང་། གསང་སྔགས་ཀྱི་སྒོར་ཞུགས་པ་ཙམ་གྱི་རྣལ་འབྱོར་པས་རྣལ་འབྱོར་དོན་གྱི་མན་ངག་ནི་མ་རྟོགས། ལ་ལས་ནི་ཚོགས་ཀྱི་སྤྱང་ཀི་བྱེད། ལ་ལས་ནི་གཡོ་སྒྱུ་དང་བསོགས་

འཇོག་བྱེད། ལ་ལས་ནི་དེ་བཞིན་གཤེགས་པའི་བཀའ་ལ་རས་ཆོད་བྱེད་པ་རྣམས་ཀྱི་དོན་ཆེད་དུ། ཉམས་ཆགས་བྱུང་བ་རྣམས་ལ་སྐོང་བའི་ཐབས་ཅི་མཆིས། དེ་དག་ལ་ཐུགས་རྗེས་བཟུང་བའི་ཐབས་ཤིག་བསྟན་དུ་གསོལ་ཞེས་ཞུས་པ་ལས། སྟོན་པ་ཀུན་ཏུ་བཟང་པོས་འདི་སྐད་ཅེས་བཀའ་སྩལ་ཏོ། །རྣལ་འབྱོར་པ་ལྟ་བ་དམན་ཞིང་ཤེས་རབ་ཞན་པ་རྣམས་ཀྱི་ཉམས་ཆགས་བསྐང་ཞིང་བཤགས་པའི་ཐབས་ནི་བཞུགས་སོ། །དེའི་ཐབས་ནི་རྡོ་རྗེ་སློབ་དཔོན་དང་། ཡི་དམ་གྱི་ལྷ་དང་། སྒྱུ་འཕྲུལ་ཞི་ཁྲོ་རབ་འབྱམས་ཀྱི་དཀྱིལ་འཁོར་དང་། གྲུབ་པའི་ས་ལ་གནས་པའི་རིག་འཛིན་ཕོ་མོ་རྣམས་མདུན་གྱི་ནམ་མཁའ་ལ་མངོན་སུམ་དུ་དམིགས་ཏེ། མཚན་ནས་བརྗོད་དེ་ལུས་ས་ལ་བརྡབ་ཅིང་བརྐྱངས་ཕྱག་འཚལ་ན་སྦྱོང་བའི་ཐབས་ཡིན་ནོ། །ཅེས་གསུངས་སོ། །དེ་ཡན་ཆད་ནི་ཡིད་ཆེས་སྐྱེད་པར་བྱེད་པ་ལོ་རྒྱུས་ཀྱི་རིམ་པ་ལགས་སོ། །བསྡུས་པ་ནི། ཐུགས་བསྐྱེད་སྔོན་དུ་བཏང་ནས་འདི་ནས་འཆད་པར་བྱའོ། །གསུམ་པ་ཉམས་སུ་ལེན་པའི་གདམས་པ་ཆོ་གའི་རིམ་པ་འདི་ལ་སྤྱི་དོན་གསུམ་སྟེ། སྔོན་འགྲོ་དང་། དངོས་གཞི་དང་། རྗེས་ཀྱི་ལས་རིམ་མོ། །སྤྱི་དོན་དང་པོ་སྔོན་དུ་འགྲོ་བའི་རིམ་པ་ལ་ཡང་། དཀྱིལ་འཁོར་གྱི་ལས་རིམ། རྫས་དང་ཡོ་བྱད་བཤམས་པའི་ལས་རིམ། ཆོ་ག་ཁོག་དབུབ་པའི་ལས་རིམ་དང་བཅས་པ་ལེགས་པར་གྲུབ་པའི་སྐབས་ཡིན། ད་སྤྱི་དོན་གཉིས་པ་དངོས་གཞི་ལ་གསུམ་སྟེ། འགྱོད་ཚངས་བཤགས་པའི་རིམ་པ་དང་གཅིག །ཐུགས་དམ་བསྐང་བའི་རིམ་པ་དང་གཉིས། བྱིན་རླབས་གནས་སྤར་གྱི་རིམ་པ་དང་གསུམ་དུ་སྟོན་པ་ལ། དང་པོ་འགྱོད་ཚངས་བཤགས་པའི་རིམ་པ་ལ་བཞི་སྟེ། ལུས་ཀྱི་སྒོ་ནས་མོས་གུས་ཕྱག་གི་

བཤགས་པ་དང་གཅིག །ངག་གི་སྒོ་ནས་བྱིན་རླབས་སྔགས་ཀྱི་བཤགས་པ་དང་གཉིས། ཡིད་ཀྱི་སྒོ་ནས་རྟོག་ཚོགས་ལྟ་བའི་བཤགས་པ་དང་གསུམ། ལུས་ངག་ཡིད་གསུམ་ཀྱི་སྒོ་ནས་སྨྲེ་སྔགས་འགྱོད་ཚིག་གི་བཤགས་པ་དང་བཞིའོ། །དེ་ཡང་དང་པོ་ལུས་ཀྱི་སྒོ་ནས་མོས་གུས་ཕྱག་གི་བཤགས་པ་སྟོན་ཏེ། སྟོན་པ་ཀུན་ཏུ་བཟང་པོའི་གསུང་ལས། ངའི་གསང་སྔགས་སྤྱད་ཉེས་པའི་དབང་གིས། ངན་སོང་དུ་ལྟུང་དོགས་པ་རྣམས་ཀྱི་དོན་དུ། འགྱོད་ཚངས་ཀྱི་ལེའུ་བཤགས་པའི་རྒྱལ་པོ་མདོ་ཅམ་ཞིག་སྟོན་གྱི། ཁྱེད་ཅག་རྣམས་ཀྱིས་ལུས་གཅེར་བུར་ཕྱུངས་ཏེ། ཆས་རབ་ཏུ་གྱིས་ལ། ཡན་ལག་ལྔ་ས་ལ་བརྡབ་སྟེ། བརྐྱངས་ཕྱག་འཚོལ་ཅིག །ཅེས་གསུངས་པས། དེ་ལྟར་ཕྱག་འཚལ་བའི་དུས་སུ། རང་གི་ལུས་ཀྱིས་ལྷ་ཚོགས་རྣམས་མདུན་དུ་བཞུགས་པར་དམིགས་ལ། མདུན་གྱི་ནམ་མཁའི་གནས་སུ་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་གཞལ་ཡས་ཁང་གི་ནང་དུ། བཅོམ་ལྡན་འདས་ཞི་ཁྲོ་དམ་པ་རིགས་བརྒྱའི་ལྷ་ཚོགས་ལ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པ་བཞུགས་པར་བསྒོམ་ལ། ཁྱད་པར་དུ་ཡང་། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་ཐུགས་ཡེ་ཤེས་ཆེན་པོའི་ཀློང་དཀྱིལ་ནས། རང་བཞིན་འོད་ལྔ་འཁྲུགས་པའི་དབུས་སུ། བཤགས་སྦྱངས་ཀྱི་དཔང་པོར་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ཡབ་ཡུམ་ལ། ཞི་བའི་ལྷ་ཚོགས་བཞི་བཅུ་རྩ་གཉིས་ཀྱིས་བསྐོར་བ། དེ་ཉིད་ཀྱི་ཐུགས་ཀར་བཅོམ་ལྡན་འདས་དཔལ་རྣམ་པར་སྣང་མཛད་ཡབ་ཡུམ་ཀྱི་ཐུགས་ཀར་ཡེ་ཤེས་རང་གསལ་གྱི་མེ་དཔུང་རབ་ཏུ་འབར་བའི་ཀློང་དཀྱིལ་དུ། བཅོམ་ལྡན་འདས་བུདྡྷ་ཧེ་རུ་ཀ་ཡབ་ཡུམ་ལ་ཁྲག་འཐུང་གི་ལྷ་ཚོགས་ལྔ་བཅུ་རྩ་

དྲུག་གིས་བསྐོར་བར་བསྒོམས་ལ། རང་རང་རྣམས་ཀྱི་ལུས་འདི་ནི་གཅིག་ཏུ་མ་ཡིན་པར་རྡུལ་སྙེད་དུ་སྤྲུལ་ནས། གུས་པས་གནས་ལྔ་ས་ལ་བརྡབ་ཅིང་བརྐྱངས་ཕྱག་འཚོལ་ཅིག །ངག་གིས་ཀྱང་ལྷ་ཚོགས་རྣམས་ཀྱི་མཚན་ཁ་ཏོན་དུ་བརྗོད་ཅིག །ཡིད་ཀྱིས་ཀྱང་སྔར་བྱས་ཀྱི་ལས་དང་སྒྲིབ་པ་ལ་འགྱོད་སེམས་དྲག་པོ་བསྐྱེད་ཅིང་། འཁོར་བ་ཐོག་མ་མ་མཆིས་པ་ནས་བསགས་པའི་ལས་དང་ཉོན་མོངས་པའི་སྡིག་སྒྲིབ་བག་ཆགས་ངན་པ་ཐམས་ཅད་དང་། གནས་སྐབས་ཀྱི་མི་མཐུན་པའི་ཕྱོགས་ངན་པ་དང་བཅས་པ་ཐམས་ཅད་སངས་སངས་དག་པར་བསམས་ལ་ཕྱག་འཚལ་བར་ཞུ། ཞེས་པ་ཁ་སྐོང་ཕྱག་འཚལ་བརྒྱ་རྩ་ལྟར་རམ། དྲི་མེད་བཤགས་རྒྱུད་ལྟར་གང་མོས་འཚལ་ལོ། །ཡང་གསན་པར་ཞུ། སྟོན་པ་ཀུན་ཏུ་བཟང་པོའི་གསུངས་ལས། གང་གིས་སྒྱུ་འཕྲུལ་ཞི་ཁྲོ་ཡི། །དཀྱིལ་འཁོར་ལྷ་ལ་ཕྱག་འཚལ་ན། །ཉམས་ཆགས་ཀུན་ཀྱང་བྱང་འགྱུར་ཏེ། །མཚམས་མེད་ལྔ་ཡི་སྡིག་ཀྱང་འབྱངས། །དམྱལ་བའི་གནས་ཀྱང་དོང་སྤྲུགས་ཏེ། །རིག་འཛིན་རྒྱལ་བའི་ཞིང་དུ་གྲགས། །ཅེས་གསུངས་པ་དང་། སྒྱུ་འཕྲུལ་ལས། དཀྱིལ་འཁོར་གྱི་ལྷ་དེ་རྣམས་ཀྱི་མཚན་རྣལ་འབྱོར་ཕོ་མོ་རྣམས་གྱི་ཐོས་པ་ཙམ་གྱིས་རྩ་བ་དང་ཡན་ལག་གི་དམ་ཚིག་ཉམས་ཆགས་ཐམས་ཅད་བསྐངས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་བསམ་གྱིས་མི་ཁྱབ་པ་དང་ལྡན་པར་གྱུར་ཏེ། ཡི་གེ་འཁོར་ལོ་ཚོགས་ཆེན་གྱི་ས་ལ་ལྷུན་གྱིས་གྲུབ་པར་གྱུར་ཏོ། །ཞེས་གསུངས། དེ་དག་ནི་ལུས་ཀྱི་སྒོ་ནས་མོས་གུས་ཕྱག་གི་བཤགས་པའི་རིམ་པའོ། །གཉིས་པ་ངག་གི་སྒོ་ནས་བྱིན་རླབས་སྔགས་ཀྱི་བཤགས་པ་ལ་གསུམ་སྟེ། ལྷ་

བསྐྱེད་པ་དང་། འཛབ་བཟླ་བ། སྒྲིབ་པ་སྦྱང་བའོ། །དང་པོ་ནི། རང་རང་རྣམས་ལུས་གནད་དྲང་པོར་བསྲངས་ལ། ཡིད་གཞན་དུ་མ་ཡེངས་པར། འདི་བཞིན་དུ་བསྒོམ་པར་ཞུ། རང་རང་རྣམས་ཐ་མལ་དུ་གནས་པའི་སྤྱི་བོར་པད་ཟླའི་གདན་ལ། རྡོ་རྗེ་རྩེ་ལྔ་ཧཱུྃ་དཀར་པོས་མཚན་པ་ལས་འོད་འཕྲོས་དོན་གཉིས་བྱས་ནས་ཚུར་འདུས་པ་ལས། དཔལ་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་གཡས་རྡོ་རྗེ་ཐུགས་ཀར་གཏོད་དེ་འཛིན་ཅིང་། གཡོན་དྲིལ་བུ་དཀུ་ུལ་བརྟེན་པ། ཅུང་ཟད་འགྱིང་བའི་ཚུལ་ཅན། ཞབས་སྐྱིལ་ཀྲུང་ཕྱེད་བཅས་ཀྱི་གཡས་པའི་མཐེ་བོང་ནས་རང་གི་སྤྱི་བོར་རེག་པ། ཞལ་འཛུམ་པ། སྤྱན་དྭངས་པ། རབ་ཏུ་དགྱེས་པ། དར་སྣ་ཚོགས་གྱིས་ཅོད་པན་དང་། རིན་པོ་ཆེའི་རྒྱན་དུ་མས་སྤྲས་པའི་ཐུགས་ཀར་ཟླ་བ་རྒྱས་པའི་སྟེང་དུ་ཧཱུྃ་ཡིག་དཀར་པོའི་མཐར་ཡི་གེ་བརྒྱ་པ་གཡས་སྐོར་དུ་འཁོར་བ་ལས་འོད་ཟེར་འཕྲོས་ཏེ། རང་བཞིན་གྱི་གནས་ནས་ཡེ་ཤེས་པ་སྤྱན་དྲངས། ཛཿཧཱུྃ་བཾ་ཧོཿདམ་ཚིག་པ་དང་གཉིས་སུ་མེད་པར་གྱུར། ཨརྒྷཾ་ལ་སོགས་ཀྱི་མཆོད་པ་ཕུལ་ལ། གཉིས་པ་ཛ྄བ་བཟླས་པ་ནི། ཐམས་ཅད་ཀྱིས་ཡིག་བརྒྱ་གསལ་དག་ཆུ་བོའི་རྒྱུན་བཞིན་བཟླ་བར་ཞུ། ཡིག་བརྒྱ་མི་ཤེས་པ་དག་ལ་ཉེ་བའི་སྙིང་པོ། ༀ་བཛྲ་ས་ཏྭ་ཨཱཿༀ་བཛྲ་ས་ཏྭ་ཧཱུྃ། ཞེས་པའི་ཛ྄བ་འདྲེན་པ་ཞུ་ཞེས་བརྗོད་ལ། ལོང་ཁྱབ་བྱུང་ན་ཐམས་ཅད་ཀྱིས་དཀྱིལ་འཁོར་ལ་བསྐོར་ཞིང་ལུས་ཀྱི་རྣམ་འགྱུར་གྱི་ཕྱག་རྒྱ་དང་གར་སྟབས་བྱ་ཞིང་། ངག་གི་མགྲིན་གཅིག་ཏུ་འཛབ་འདྲེན་ནས་རྡོ་རྗེ་སློབ་དཔོན་གྱིས་གྲངས་ཚོད་བཟུང་ལ། བརྒྱ་སྟོང་ངམ། གང་འགྲུབ་ལ་འབད་པར་བྱའོ། །འོ་ལགས་སོ། །གསུམ་པ་སྒྲིབ་པ་སྦྱང་བའི་དམིགས་པ་ནི། དེ་ལྟར་བཟླས་པ་བགྱིས་པའི་ཚེ། རྡོ་རྗེ་སེམས་དཔའི་ཐུགས་ཀར་སྔགས་ཀྱིས་བསྐོར་

བའི་སྔགས་ཀྱི་ཕྲེང་བ་གཡས་སྐོར་དུ་སྒ་ར་ར་འཁོར་བ་ལས་འོད་ཟེར་སྐར་མའི་ཕྲེང་བ་ལྟར་འཕྲོས་པས། བདེ་བར་གཤེགས་པ་ཐམས་ཅད་ཀྱི་རྒྱུད་བསྐུལ། སེམས་ཅན་གྱི་ལས་དང་ཉོན་མོངས་པའི་སྒྲིབ་པ་སྦྱངས་ཤིང་། སླར་འོད་ཟེར་ཚུར་འདུས། རྡོ་རྗེ་སེམས་དཔའི་སྐུ་གསུང་ཐུགས་ལ་ཕོག་པ་ལ། སྐུ་གསུང་ཐུགས་ཀྱི་རྒྱུད་བསྐུལ་ཞིང་། སྐུ་གསུང་ཐུགས་ལས་འོད་ཟེར་གྱི་རྒྱུན་བབས། ཞབས་གཡས་པའི་མཐེ་བོང་ནས་ངང་ན་ར་ར་བྱུང་ནས། རང་གི་སྤྱི་བོ་ཚངས་པའི་བུ་གར་ཞུགས་ཏེ། འཁོར་བ་ཐོག་མེད་ནས་བསགས་པའི་ལས་དང་ཉོན་མོངས་པའི་སྡིག་སྒྲིབ། དམ་ཚིག་གི་ཆགས་ཉམས་འགལ་འཁྲུལ་དུ་གྱུར་པའི་ཉེས་བྱས། ལུས་ངག་ཡིད་གསུམ་གྱི་རྒྱུད་ལ་ཅི་གནས་པ་ཐམས་ཅད་སངས་སངས་དག་ཅིང་མི་གནས་པར་ལུས་ཤེལ་སྒོང་དྲི་མ་མེད་པ་ལྟར་རམ། འོད་ཀྱི་རྣམ་པར་སྒོམས་ཤིག །བདག་ནི་མི་ཤེས་རྨོངས་པ་ཡིས། ཅེས་སོགས་བཤགས་སྡོམ་བྱས་ལ། མཐར་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་རང་རང་རྣམས་ལ་ཐིམ་ཞིང་དབྱེར་མེད་པར་གྱུར་པའི་སྨྲ་བསམ་བརྗོད་བྲལ་གྱི་ངང་ལ་བཞག་པར་ཞུ། ལུང་ལས། སངས་རྒྱས་རྣམས་ཀྱིས་ཆོས་བསྟན་པ། །རིམ་པ་གཉིས་ལ་ཡང་དག་བསྟེན། །བསྐྱེད་པ་ཡི་ནི་རིམ་པ་དང་། །དེ་བཞིན་རྫོགས་པའི་རིམ་པའོ། །ཞེས་གསུངས་སོ། །དཔལ་རྡོ་རྗེ་སེམས་དཔའི་ཞལ་ནས། བདག་གིས་ཡི་གེ་བརྒྱ་པ་ཞེས་བགྱི་བ། བདེ་བར་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀྱི་ཡང་སྙིང་། ཉམས་ཆགས་དང་རྟོག་སྒྲིབ་ཐམས་ཅད་སེལ་བར་བྱེད་པ་འདི་བརྗོད་ཀྱི། ཞེས་གསུངས་པ་དང་། དྲི་མེད་བཤགས་རྒྱུད་ལས། འདི་དག་དུས་གཅིག་ལ་ལན་བརྒྱ་རྩ་བརྒྱད་བཟླས་ན། ངན་སོང་གི་སྡུག་བསྔལ་ལས་ཐར་བར་འགྱུར་རོ། །ཡི་དམ་བྱས་ནས་འདོན་ན་མི་དེ་ཚེ་འདི་ཉིད་ལ་ཡང་

དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་སྲས་ཀྱི་དམ་པར་དགོངས་ནས་སྲུང་སྐྱོབ་མཛད་ལ། ཚེ་འཕོས་ནས་ཀྱང་བདེ་བར་གཤེགས་པ་རྣམས་ཀྱི་སྲས་ཉིད་དུ་གདོན་མི་ཟ་བར་འགྱུར་རོ། །ཞེས་པ་ལ་སོགས་རྒྱ་ཆེར་གསུངས་སོ། །དེ་དག་ནི་ངག་གི་སྒོ་ནས་བྱིན་རླབས་སྔགས་ཀྱི་བཤགས་པའོ། །དེ་ནས་བརྗོད་མེད་དོན་གྱི་བཤགས་པ་འདིའི་རྗེས་ཟློས་མཛད་པར་ཞུ། ཞེས་ཡེ་ཤེས་སྐུ་མཆོག་བྱ། སྐབས་འདིར་ཆོས་ཉིད་ཞི་བའི་ཀློང་བཤགས་དང་། ཁྲོ་བོའི་ཀློང་བཤགས་རྣམས་ལོང་ཁྱབ་དང་བསྟུན་ལ་བྱའོ། །གསུམ་པ་ཡིད་ཀྱི་སྒོ་ནས་རྟོག་ཚོགས་ལྟ་བའི་བཤགས་པ་བྱ་བ་ནི། སྐྱེས་བུ་དབང་པོ་ཡང་རབ་ཏུ་གྱུར་པ་རྣམས་ཀྱིས་འདི་ལྟར་སྤྱོད་དེ། དེ་ཡང་འཁོར་འདས་གཉིས་བསྡུས་ཀྱི་ཆོས་ཐམས་ཅད་ཡེ་གདོད་མ་ནས་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བ། དམ་ཚིག་ཉམས་བྱ་ཉམས་བྱེད་ཀྱི་སྒྲོ་སྐུར་དང་བྲལ་བས་བཤགས་བྱ་བཤགས་བྱེད་ཀྱི་མཚན་མ་རང་སར་དག །སྒྲིབ་པ་བསལ་བྱ་བསལ་བྱེད་མེད་པས་སྦྱང་བྱ་སྦྱང་བྱེད་ཀྱི་ཟང་ཟིང་ཐམས་ཅད་དང་བྲལ་བའི་ཕྱིར། གདལ་ཁྱབ་ལྷུན་འབྱམས་ཀ་དག་བཅིངས་གྲོལ་མེད་པའི་ངང་ལ་རང་བཞིན་གྱིས་ཕྱམ་མེར་བཞག་པར་ཞུ། དབང་པོ་འབྲིང་དུ་གྱུར་པ་རྣམས་ཀྱིས། ཕྱི་སྣོད་ཀྱི་འཇིག་རྟེན་འདི་གཞལ་ཡས་ཁང་། ནང་བཅུད་ཀྱི་སེམས་ཅན་ལྷ་དང་ལྷ་མོའི་རང་བཞིན། རྣལ་འབྱོར་པའི་ཕུང་པོ་ཁམས་དང་སྐྱེ་མཆེད་ཐམས་ཅད་ཞི་ཁྲོ་རང་གསལ་གྱི་ཕོ་བྲང་དུ། ཡེ་ནས་ལྷུན་གྲུབ་ཏུ་བཞུགས་པར་ཤེས་པའི་ངང་། ལྟར་སྣང་རྨི་ལམ་སྒྱུ་མ་ལྟ་བུ་བག་ཆགས་འགལ་འཁྲུལ་རྟོག་སྒྲིབ་ངན་གོམས་སུ་གྱུར་པ་ཐམས་ཅད་རྨི་ལམ་སྒྱུ་མ་ལྟ་བུའི་ངང་ནས། རང་བཞིན་རྣམ་དག་གི་དཀྱིལ་འཁོར་ལྷ་ཚོགས་སྤྲུལ་པའི་ཕོ་བྲང་དུ་

རང་འབྱོར་ཤུགས་འབྱུང་གི་ཚུལ་དུ་སྦྱང་བར་ཞུ། དབང་པོ་ཐ་མ་རྣམས་ནི། ཡང་དག་པའི་དོན་མཐར་ཐུག་པ་ནི་མ་རྟོགས། ང་བདག་གཉིས་འཛིན་གྱི་འཁྲུལ་པའི་ཕྱིར་ལུ་གུ་རྒྱུད་དུ་སྦྲེལ་བས་ལས་སྒྲིབ་ཤེས་ཕྱིར་ཉོན་མོངས་པ་རྟོག་ཚོགས་ཀྱི་མཐུས། འབྲས་བུ་བཅུད་དུ་སྨིན་པ་ལས་འགྱངས་ཤིང་། ཡིད་སྨོན་ཚིག་འབྲེལ་པ་ལ་ཨ་འཐས་ཏེ། གློ་བུར་གྱི་སྒྲིབ་བཅས་ཡང་དང་ཡང་དུ་བསགས་པས། སྒོ་གསུམ་ལས་རླུང་གི་སྒྲོག་གིས་དམ་དུ་བཅིངས་པ་ལ་བརྟེན་ནས། རྩ་བ་དང་ཡན་ལག་གི་ཆགས་ཉམས། ཉེས་ཚོགས་ཁྲེས་པ་རྣམས་སྦྱང་བར་འཚལ་ཏེ། འདི་ལྟ་བུ་ཁྱད་པར་རྨད་དུ་བྱུང་བ། ཐུན་མོང་མ་ཡིན་པའི་ཆོ་ག་ལ་བརྟེན་ནས། གཞུང་དྲི་མ་མེད་པ། བཀའ་དཔང་དུ་བཞག་སྟེ། ལུས་ངག་ཡིད་གསུམ་གྱི་རྩོལ་བ་དང་ལྡན་པས། དད་པ་མོས་གུས་ཀྱི་གདུང་ཤུགས་དྲག་པོ་བསྐྱེད། བརྩོན་འགྲུས་ཡེངས་མེད་ཀྱི་ལྕགས་ཀྱིས་བྲབས་ནས། ཤིན་ཏུ་གནོང་འགྱོད་དང་བཅས་པས་སྔར་བྱས་ཀྱི་ལས་ལ་འགྱོད་པ་དྲག་པོ་སྐྱེ་ཞིང་། ཕྱིན་ཆད་མི་བྱེད་པའི་དམ་བཅའ་མཛད་པར་ཞུ། དེ་ལྟར་གྱི་ངང་ནས་ལྟ་བའི་ཀློང་བཤགས་འདི་ལ་རྗེས་ཟློས་མཛད་པར་ཞུ། ཅེས་བརྗོད་ལ་ལྟ་བའི་ཀློང་བཤགས་དང་། དེ་དག་ནི་ཡིད་ཀྱི་སྒོ་ནས་རྟོག་ཚོགས་ལྟ་བའི་བཤགས་པའི་རིམ་པའོ། །བཞི་པ་ལུས་ངག་ཡིད་གསུམ་གྱི་སྒོ་ནས་སྨྲེ་སྔགས་འགྱོད་ཚིག་གིས་བཤགས་པ་ནི། འདི་ལྟར་བཀྲམ་པའི་དཀྱིལ་འཁོར་གྱི་ལྷ་ཚོགས་བླ་མ་ཡི་དམ་མཁའ་འགྲོ། རྒྱལ་བ་ཞི་ཁྲོ་རབ་འབྱམས་ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ། རྒྱལ་བ་སྲས་དང་བཅས་པ། སྤྲུལ་པ་ཡང་སྤྲུལ། དཔའ་བོ་དཔའ་མོ། དམ་པ་ཆོས་སྐྱོང་བའི་སྲུང་མ། ཡེ་ཤེས་དང་ལས་ལས་གྲུབ་པའི་ཕོ་ཉ་ལས་མཁན་དྲག་

བྱེད་བསྟན་སྲུང་། མཆེད་དང་ལྕམ་དྲལ་གྱི་ཚོགས་དང་བཅས་པ་ཐམས་ཅད་ཀྱི་སྤྱན་སྔར། ལུས་གུས་པས་པུས་མོ་བཙུགས། ཐལ་མོ་སྦྱར། ངག་གུས་པས་བཤགས་པའི་ཚིག་ཁ་ཏོན་དུ་བརྗོད། ཡིད་ཀྱིས་གུས་པ་སྐྱེད་ལ། བདག་རྣལ་འབྱོར་པ་རྣམས་ལ་དམ་ཚིག་འགལ་འཁྲུལ་ཉམས་ཆགས་ཏུ་གྱུར་པ་རྣམས་ཀྱིས། ལུས་ངག་ཡིད་གསུམ་གྱི་སྒོ་ནས་རྒྱུད་ལ་ཚེ་རབས་ལས་ཀྱི་སྡིག་སྒྲིབ་དང་། ཉོན་མོངས་པས་ཀུན་ནས་བསླངས་པའི་ཉེས་བྱས། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་རྩ་བ་དང་ཡན་ལག་གི་དམ་ཚིག་ཉམས་ཆགས་འགལ་འཁྲུལ་དུ་གྱུར་པ་ཅི་མཆིས་པ་ཐམས་ཅད་མཐོལ་ལོ་བཤགས་སོ་སྙམ་པའི་ངང་ནས་གསན་པར་ཞུ། ཁ་སྐོང་ཕྱག་འཚལ་བརྒྱ་རྩ་ལྟར་ཚིགས་སུ་བཅད་པ་འམ། དྲི་མེད་བཤགས་རྒྱུད་ལྟར། ཧོ་དགོངས་སུ་གསོལ། ཅེས་སོགས་སྤྱི་བཤགས་ཆེན་མོ་འམ་གང་མོས་བྱ་བ་ནི། རུ་ཏྲའི་སྨྲེ་སྔགས་བཤགས་འགྱོད་ཚིག་གི་བཤགས་པ་བྱེད་པའི་རྗེས་ཟློས་མཛད་པར་ཞུ། ཅེས་བརྗོད་ལ་སྨྲེ་བཤགས་བྱ། དེ་དག་ནི་ལུས་ངག་ཡིད་གསུམ་ཀའི་སྒོ་ནས་སྨྲེ་སྔགས་འགྱོད་ཚིག་གི་བཤགས་པའི་རིམ་པའོ། །དེ་རྣམས་ཀྱིས་འགྱོད་ཚངས་བཤགས་པའི་རིམ་པ་གྲུབ་པ་ལགས་སོ། །ད་ནི་གཉིས་པ་ཐུགས་དམ་བསྐང་བའི་རིམ་པ་ལ་བཞི་སྟེ། དང་པོ་ནི། ཕྱི་ཐུན་མོང་གི་མཆོད་པས་བསྐང་བ། གཉིས་པ་ཐུན་མོང་མ་ཡིན་པ་རྫས་ཀྱིས་བསྐང་བ་ལ་བཞི་སྟེ། བདུད་རྩི་སྨན་གྱིས་བསྐང་བ་དམར་ཆེན་རཀྟས་བསྐང་བ། རྨད་བྱུང་གཏོར་མས་བསྐང་བ། སྣང་གསལ་མར་མེས་བསྐང་བ་དང་བཞིའོ། །གསུམ་པ་ཁྱད་པར་བླ་མེད་ཚོགས་ཀྱིས་བསྐང་བ། བཞི་པ་དེ་ཁོ་ན་ཉིད་དོན་དམ་བྱང་ཆུབ་སེམས་ཀྱིས་བསྐང་བའོ། །དེ་ལྟར་ཐུགས་དམ་བསྐང་བའི་འབྲས་བུ་ནི། སྐོང་ལུང་ལས། འདི་ལྟར་བསྐངས་བའི་བྱིན་རླབས་ཀྱིས། །རྣལ་འབྱོར་ཕོ་མོ་ཆགས་ཉམས་

བསྐང་། །དཀྱིལ་འཁོར་ལྷ་ཚོགས་དགྱེས་པ་བསྐང་། །ཚོགས་ཆེན་གཉིས་རྫོགས་སྒྲིབ་གཉིས་བྱང་། །མཆོག་དང་ཐུན་མོང་དངོས་གྲུབ་ཐོབ། །གནས་སྐབས་རྣལ་འབྱོར་ཅི་བསམ་འགྲུབ། །ཅེས་པ་ལ་སོགས་པའི་ཡོན་ཏན་དཔག་ཏུ་མེད་པ་འབྱུང་བས། རྣལ་འབྱོར་པ་མཆེད་ལྕམ་རྣམས་ཀྱིས་བསྐང་གསོ་བྱེད་པའི་དུས་སུ། བསྐང་བའི་ཆོ་ག་རང་གཞུང་ལས། དར་དང་རིན་ཆེན་ཕྲེང་བས་མཛེས་པར་རྒྱན། དཔའ་རྟུལ་གྱི་ཉམས་བསྐྱེད། རིག་པ་ཧུར་ཕྱུངས། དབང་པོ་གཟེངས་བསྟོད། ལུས་གར་སྟབས། ངག་མགྲིན་གཅིག་ཏུ་དབྱངས་སྙན་པོ་ཡིད་ཀྱིས་ཀྱང་ཀུན་ཏུ་བཟང་པོའི་མཆོད་སྤྲིན་ལྟར་བསམ་གྱིས་མི་ཁྱབ་པར་དམིགས་ལ། ཅེས་གསུངས་པས། གཞུང་ལྟར་སྤྲོ་བ་བསྐྱེད་པའི་སྐབས་ལགས་སོ། །སྐབས་འདིར་ཚོགས་འཁོར་བཤམ་ཞིང་བགེགས་བསྐྲད། བསང་སྦྱང་། བྱིན་རླབས་བྱས་ནས། དེ་ནས་ཐུགས་དམ་བསྐང་བའི་རིམ་པ་ལ་འཇུག་པར་བྱའོ། །གསུམ་པ་བྱིན་བརླབས་གནས་སྤར་གྱི་རིམ་པ་ནི། གཞུང་ལས་ཤེས་པར་བྱའོ། །ནུབ་དང་པོའི་སྐབས་སུ་ཡིད་ཆེས་སྐྱེད་པར་བྱེད་པའི་ལོ་རྒྱུས་ཀྱི་རིམ་པ་བཤད་ནས། ནུབ་བར་མའི་སྐབས་སུ་དངོས་གཞིའི་རིམ་པ་ལ་འཇུག་ནས་བཤད་དོ། །ཐམས་ཅད་རྫོགས་པར་རྒྱས་པར་བཤད་ལ། གནས་སྤར་གྱི་རིམ་པ་ལ་འཇུག་གོ། སྤྱི་དོན་གསུམ་པ་རྗེས་གྱི་ལས་རིམ་ནི། སྤྱི་གཞུང་རྒྱས་པར་བྱའོ། །ལྷན་ཐབས་ས་བཅད་འདི་ནི། བདག་ཀུན་སྤོང་བ་ག་ག་དྷརྨཱ་ས་མུ་དྲས། བློ་དམན་རྣམས་ཀྱི་དོན་དུ་རེ་ཞིག་བྲིས་པས། བསྟན་པ་རིན་པོ་ཆེ་ལ་ཕན་ཞིང་། འགྲོ་ཀུན་ཀུན་བཟང་བླ་མེད་ཀྱི་ས་ལ་འཁོད་པར་ཤོག། །།


previousབསྐང་བའི་ཆོ་ག་ཉམས་ཆག་རང་གྲོལ་གྱི་ལྷན་ཐབས་ས་བཅད་རིམ་པའི་ཆོས་བཤད།next