Nitartha Digital Library
Tibetan
བར་དོ་ཐོས་གྲོལ་ཆེན་མོའི་ཆོས་སྐོར་ཕྱོགས་བསྒྲིགས།


   
   
   
   
   
   
   
   
   
   
   
  expand section
   
   
   
   
   
   
   
   
ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་ལས་བཏགས་གྲོལ་འཁོར་ལོ་ཆེན་མོ།
   
   
   
   
   
   
   
   


 
previousཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་ལས་བཏགས་གྲོལ་འཁོར་ལོ་ཆེན་མོ།next

ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་ལས་བཏགས་གྲོལ་འཁོར་ལོ་ཆེན་མོ།

༁ྃ༔ ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་ལས་བཏགས་གྲོལ་འཁོར་ལོ་ཆེན་མོ་བཞུགས་སོ༔ ༁ྃ༔

ཞི་ཁྲོ་སྐུ་གསུམ་ལྷ་ལ་ཕྱག་འཚལ་ལོ༔ ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་ལས༔ བཏགས་གྲོལ་འཁོར་ལོ་ཆེན་མོ་བྲི་བ་ནི༔ གཞི་མ་དར་རས་ཤོག་གུ་དཀར་འཇམ་ནི༔ མཐོ་གསུམ་གྲུ་བཞི་དབུས་སུ་མུ་ཁྱུད་བསྐོར༔ ལྟེ་བ་ལ་ནི་ཐིག་ལེ་ལྔ་ཚོམ་བྱ༔ དབུས་སུ་ཀུན་བཟང་ཤར་དུ་བུདྡྷ་ཀ༔ ལྷོ་རུ་རྣམ་སྣང་ནུབ་ཏུ་ཆེ་མཆོག་དང་༔ བྱང་དུ་བླ་མེད་རིག་འཛིན་ཡབ་ཡུམ་སོགས༔ མཚམས་བཞི་ལ་ནི་ཧཱུྃ་ཏྲྃ་ཧྲཱིཿཨ་བྲི༔ དེ་ཡི་ཕྱི་རིམ་མི་ཁྱུད་ཆེ་བ་ལ༔ ཕྱོགས་བཞི་ཐིག་ལེ་ལྔ་ཚོམ་ལྔ་ཚོམ་བྱ༔ དབུས་མར་རིགས་ལྔ་ཡབ་ཡུམ་སྙིང་སྔགས་བཀོད༔ གཡས་གཡོན་སེམས་དཔའ་མདུན་རྒྱབ་སེམས་མའི་སྔགས༔ མཚམས་བཞིར་ཐིག་ལེར་ཁྲག་འཐུང་ཡབ་ཡུམ་བརྒྱད༔ དེ་ཡི་ཕྱི་རིམ་ཐིག་ལེ་ཉི་ཤུ་དྲུག༔ རིག་འཛིན་ཡབ་ཡུམ་བཞི་དང་ཐུབ་པ་དྲུག༔ ཀཽ་རཱི་བརྒྱད་དང་སེང་ཧ་མ་མོ་བརྒྱད༔ ཕྱོགས་མཚམས་མ་ནོར་ས་བོན་སྙིང་པོ་བཀོད༔ དེ་ཡི་ཕྱི་རོལ་ཐིག་ལེ་ཉི་ཤུ་བརྒྱད༔ དབང་ཕྱུག་ཉེར་བརྒྱད་ས་བོན་སྙིང་པོ་དང་༔ དེ་ཡི་ཕྱི་རོལ་མུ་ཁྱུད་དག་ལ་ནི༔ ཡིག་བརྒྱ་དང་ནི་གནས་པ་རྒྱུན་གྲོལ་དང་༔ ཕྲིན་ལས་བཞི་ཡི་ཤམ་བུ་བཅས་པ་བྲི༔ ཕྱི་རིམ་འཇའ་ཚོན་ར་བས་བསྐོར་བར་བྱ༔ སྒོ་བཞི་ལ་ནི་ཐིག་ལེ་གསུམ་ཚོམ་བྱ༔ ནང་མ་བརྒྱད་ལ་སྒོ་བ་ཡབ་ཡུམ་བརྒྱད༔ ས་བོན་དང་ནི་སྙིང་པོ་བཀོད་པའོ༔ ཕྱི་མ་བཞི་ལ་གདོང་མོ་སྒོ་མ་བཞིའི༔

ས་བོན་སྙིང་པོ་བཅས་པ་བཀོད་ནས་ནི༔ དཀྱིལ་འཁོར་སྒོ་དང་བཅས་པ་ལེགས་པར་བྲི༔ དཀྱིལ་འཁོར་ཁྱམས་ཟུར་ཐིག་ལེ་བཞི་ཚོམ་བཀོད༔ ནང་མ་དག་ལ་ཁྲོ་ཆེན་སྙིང་པོ་བྲི༔ ཕྱི་མ་བཞི་ལ་རིགས་བཞིའི་ཕྱག་མཚན་བཀོད༔ གཡས་དང་གཡོན་དུ་རྒྱལ་སྲིད་སྣ་བདུན་དང་༔ བཀྲ་ཤིས་རྟགས་བརྒྱད་མཛེས་པའི་རྒྱན་གྱིས་སྤྲས༔ རབ་ལ་གསེར་དངུལ་འབྲིང་ལ་མཚལ་གྱིས་བྲི༔ ཐ་མ་ལ་ཡང་རྒྱ་སྣག་དྲི་བཟང་བྱུག༔ དར་སྣས་བཏུམས་ལ་མཛེས་པའི་ན་བཟའ་ཅན༔ རབ་ཏུ་གནས་ཚེ་ཚོགས་ཀྱི་འཁོར་ལོ་བསྐོར༔ གསོལ་བ་བཏབ་ཅིང་བཀྲ་ཤིས་སྨོན་ལམ་བྱ༔ སྐྱེས་པའི་མཆན་ཁུང་གཡོན་དུ་བཅང་པ་དང་༔ བུད་མེད་དག་གིས་མཆན་ཁུང་གཡས་སུའོ༔ དམ་པ་རིགས་བརྒྱའི་བཏགས་གྲོལ་ཆེན་མོ་འདི༔ གང་ལ་བཏགས་པ་དེ་ཉིད་གྲོལ་བར་ངེས༔ གདོད་མའི་སངས་རྒྱས་འོད་མི་འགྱུར་བའི་ས༔ སྐལ་ལྡན་སྐྱེས་བུ་རྣམས་ཀྱི་སྤྱོད་ཡུལ་ལོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ རིག་འཛིན་ཡབ་ཡུམ་གྱི་ས་བོན་ནི༔ ཡབ་ལ་ༀ་ར་ཙ་ཧྲི་ཡ༔ ཡུམ་ལ་ཧ་རི་ནི་ས་ཞེས་བྲིའོ༔


previousཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་ལས་བཏགས་གྲོལ་འཁོར་ལོ་ཆེན་མོ།next