Nitartha Digital Library
Tibetan
བར་དོ་ཐོས་གྲོལ་ཆེན་མོའི་ཆོས་སྐོར་ཕྱོགས་བསྒྲིགས།


   
   
   
   
   
   
   
   
   
   
   
  expand section
   
   
   
   
   
   
   
   
   
   
ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་ལས་བཏགས་གྲོལ་འཁོར་ལོ་ཆུང་ངུ་།
   
   
   
   
   
   


 
previousཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་ལས་བཏགས་གྲོལ་འཁོར་ལོ་ཆུང་ངུ་།next

ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་ལས་བཏགས་གྲོལ་འཁོར་ལོ་ཆུང་ངུ་།

༁ྃ༔ ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་ལས་བཏགས་གྲོལ་འཁོར་ལོ་ཆུང་ངུ་བཞུགས་སོ༔

ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་ལས༔ བཏགས་གྲོལ་འཁོར་ལོ་ཆུང་ངུ་བྲི་བ་ནི༔ དར་རས་གྲོ་ཤོག་གང་འཛོམ་སོར་བརྒྱད་ལ༔ རྡོ་རྗེའི་གདོང་གི་ལིང་ཚེ་བཞི་རུ་བཀོད༔ ཁྲོ་ཆེན་བཞི་ཡི་སྙིང་པོ་བཀོད་པ་ནི༔ ལིང་ཚེ་དང་པོ་མགོ་བོ་ཕྱིར་བསྟན་བྲི༔ ༀ་བཛྲ་ཀྲོ་ཏ་ཀྱེ་མ་ཀྱེ་རི་ཞེས་ཚང་མ་དང་༔ བདག་འཆང་བ་པོའི་ཕུང་པོའི་བདུད་བཅོམ་ནས༔ སེང་གེའི་སྒྲ་གཞོན་ནུ་བུམ་པའི་སྐུ་དང་གཉིས་སུ་མེད་པར་འཚང་རྒྱ་བར་གྱུར་ཅིག༔ ལིང་ཚེ་གཉིས་པ་དག་ལ་བྲི་བ་ནི༔ ༀ་བཛྲ་ཀྲོ་ཏ་མ་ཧཱ་མུ་དྲ་ཛྙཱ་ན་ཞེས་པ་དང་༔ བདག་འཆང་བ་པོའི་ཉོན་མོངས་པའི་བདུད་བཅོམ་ནས༔ སེང་གེའི་སྒྲ་བཛྲ་ཧེ་རུ་ཀ་དང་གཉིས་སུ་མེད་པར་འཚང་རྒྱ་བར་གྱུར་ཅིག༔ ལིང་ཚེ་གསུམ་པ་ལ་མགོ་བོ་ཕྱིར་བསྟན་བྲི༔ ༀ་བཛྲ་ཀྲོ་ཏ་ཨ་མྲྀ་ཏ་ཞེས་པ་དང་༔ བདག་འཆང་བ་པོའི་ལྷའི་བུའི་བདུད་བཅོམ་ནས༔ སེང་གེའི་སྒྲ་བདུད་རྩི་འཁྱིལ་པ་དང་གཉིས་སུ་མེད་པར་འཚང་རྒྱ་བར་གྱུར་ཅིག༔ ལིང་ཚེ་བཞི་པ་དག་ལ་བྲི་བ་ནི༔ ༀ་བཛྲ་ཀྲོ་ཏ་ཧ་ཡ་གྲཱི་ཝ་ཞེས་པ་དང་༔ བདག་འཆང་བ་པོའི་འཆི་བདག་གི་བདུད་བཅོམ་ནས༔ སེང་གེའི་སྒྲ་རྟ་མགྲིན་རྒྱལ་པོ་དང་གཉིས་སུ་མེད་པར་འཚང་རྒྱ་བར་གྱུར་ཅིག༔

ལིང་ཚེ་བཞི་༼ལྔ་༽པ་མགོ་བོ་ཤར་ནུབ་བསྟན༔ མགོ་ཞབས་མ་ལོག་དར་སྣས་༼ལྔས་༽ལེགས་པར་བཏུམས༔ དེ་ལྟར་རབ་གནས་ལྡན་པ་བཏགས་གྱུར་ན༔ འཁོར་བ་ལས་གྲོལ་ངེས་པར་གདོན་མི་ཟ༔ བཏགས་གྲོལ་འཁོར་ལོ་འདི་ལ་རབ་འབྲིང་གསུམ༔ གླེགས་བམ་མ་ལ་ཆེ་ཆུང་རྣམ་པ་གཉིས༔ ཀློག་པའི་བཏགས་གྲོལ་དཀྱུས་སོར་བརྒྱད་པ་དང་༔ ཞིང་ལ་སོར་བཞི་དག་ལ་ལེགས་བྲིས་ཀློག༔ བཏགས་པ་ལ་ནི་སོར་བཞི་ཆུར་ཞིང་མཉམ༔ མགོ་ཞབས་མ་ལོག་བྲི་བ་ལག་ལེན་ཡིན༔ ཡང་ཟབ་སེན་མོ་བཞི་བསྒྲིགས་བྱེད་པའང་བཤད༔ བཏགས་པས་གྲོལ་པའི་ཟབ་ཆོས་ཨེ་མ་ཧོ༔ སྐལ་ལྡན་ལས་འཕྲོ་ཅན་གྱི་སྤྱོད་ཡུལ་ལོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ སྒམ་པོ་གདར་གྱི་རིའི་བྲག་ནས་འགྲོ་བའི་དཔལ་མགོན་ཀརྨ་གླིང་པས་བཏོན་པའོ༔ དགེའོ༔ ༁ྃ༔ གསང་སྔགས་རིག་སྔགས་གཟུངས་སྔགས་གསུམ༔ ཕ་རྒྱུད་མ་རྒྱུད་གཉིས་མེད་རྒྱུད༔ དེ་ཉིད་རིགས་མཐུན་ཀླད་ཀོར་སྦྱར༔ གསང་སྔགས་ཕ་མ་གཉིས་མེད་རྒྱུད༔ ཀླད་ཀོར་མ་ང་གཉིས་ཨོམ་ཧཱུང་ཀ་ལྡན༔ རིགས་སྔགས་མ་རྒྱུད་ཀླད་ཀོར་མ་ཨོམ་ཧཱུམ༔ གཟུངས་ཨོང་ཧཱུང་སྔགས་ཕ་རྒྱུད་ཀླད་ཀོར་ང་༔ ཕྱི་ནང་གསང་གསུམ་སྒྲུབ་པ་ཡང་༔ ཕྱི་སྒྲུབ་ང་ལ་ནང་སྒྲུབ་མ༔ གསང་སྒྲུབ་མ་ང་གཉིས་ཀ་ལྡན༔ ཡང་སྙིང་འདུས་པའི་རྒྱུད་ལས་ཀྱང་༔ ཨོང་དང་ཧཱུྃ་ཞེས་དར་བཟླས་ན༔ བདག་དོན་ཉན་རང་བཟླས་པ་སྟེ༔ ཧྲཱིཿབཞག་ཕྱི་ཡི་བཟླས་པ་ཡིན༔ ཨཱོམ་དང་ཧཱུམ་ཞེས་མར་བཟླས་ན༔ གཞན་དོན་ནང་གི་བཟླས་པར་གསལ༔ ཨཱོང་ཧཱུམ་བདག་གཞན་ཟུང་འཇུག་ཡིན༔ ཨོམ་དང་ཧཱུང་ཡང་དེ་བཞིན་ཟབ༔ སྲོག་ལྡན་རབ་ཏུ་གསང་བར་ངེས༔ ཞེས་གསུངས་ཡི་དམ་སྙིང་པོ་མ༔ ཐུགས་སྲོག་ས་བོན་གྱིས་བརྒྱན་པ༔ ཤིན་ཏུ་ཟབ་

པའི་བཟླས་པར་གསུངས༔ དེང་སང་ཕར་ཆེར་ཧཱུམ་དུ་འབོད༔ འདི་ཡང་རྒྱུད་དང་མི་མཐུན་ཏེ༔ མ་རྒྱུད་ཁོ་ནའི་ཕྱོགས་སུ་ལྷུང་༔ ཀླད་ཀོར་བཤད་པའི་ལེའུའོ༔ དེ་ནས་ལྔ་ལྡན་ཡི་གེ་བཤད༔ འབྲུ་གསུམ་སྭཱ་ཧཱ་ཧྲཱིཿལ་སོགས༔ ཕར་ཆེར་ཡེ་ཤེས་ལྔ་ལྡན་ལ༔ དེང་སང་མཚན་ཉིད་མ་ཚང་སྟེ༔ རྒྱ་དཔེ་ༀ་ལ་རིང་ཆ་མེད༔ ཅེས་པ་འདིའི་རྗེས་འབྲངས་ནས༔ ༀ་ལ་ཡེ་ཤེས་ལྔ་ལྡན་མེད༔ རྒྱུད་ཀྱི་རྗེས་སུ་མ་འབྲངས་པར༔ རྒྱ་དཔེའི་ཨཱོཾ་ལ་ཡིད་རྟོན་མེད༔ ཨཱོཾ་(ཨཱོྂ་)ལ་སྐུ་ལྔ་ཡེ་ཤེས་ལྔ༔ ཡུམ་ལྔ་འབྱུང་ལྔ་རིགས་ལྔ་སྟེ༔ ཡེ་ཤེས་ཡི་གེ་ཨཱོཾ་(ཨཱོྂ་)ལ་རྫོགས༔ དྲྭ་བ་སྡོམ་པའི་རྒྱུད་ལས་ཀྱང་༔ ཨཱཿནི་རྣམ་སྣང་འ་མི་བསྐྱོད༔ ན་རོ་རིན་ཆེན་འབྱུང་ལྡན་ལ༔ ཟླ་ཚེས་སྣང་བ་མཐའ་ཡས་ཏེ༔ ཐིག་ལེ་དོན་ཡོད་གྲུབ་པའོ༔ ཨཱོཾ་ནི་བདེ་གཤེགས་ལྔའི་རང་བཞིན༔ ཞེས་གསུངས༔ ཞི་ཁྲོའི་སྤྱི་རྒྱུད་ལས་ཀྱང་༔ ཡི་གེ་ཨཱོཾ་(ཨཱོྂ་)དུ་སྣང་བ་ནི༔ ཨ་ཉིད་མ་སྐྱེས་ཆོས་ཀྱི་སྐུ༔ ཆོས་ཉིད་བརྡལ་བ་ཆེན་པོའི་ངང་༔ ན་རོ་མཉམ་ཉིད་ཡེ་ཤེས་ཏེ༔ ཐམས་ཅད་ངོ་བོ་མཉམ་ཉིད་སྐུ༔ ཟླ་ཚེས་གསུང་གི་རང་བཞིན་ཏེ༔ སོ་སོར་རྟོག་པའི་ཡེ་ཤེས་ལ༔ ཐིག་ལེ་ཀུན་ཏུ་མ་སྤྲོས་པས༔ མེ་ལོང་ལྟ་བུའི་ཡེ་ཤེས་ངང་༔ འ་ནི་འདྲེན་པའི་ལྕགས་ཀྱུ་སྟེ༔ ཕྲིན་ལས་རྣམ་བཞི་ལྷུན་གྱིས་མཛད༔ བྱ་བ་ནན་ཏན་ཡེ་ཤེས་ཡིན༔ ཡེ་ཤེས་ལྔ་དང་སྐུ་གསུང་ཐུགས༔ ཡོན་ཏན་ཕྲིན་ལས་ཨཱོཾ་(ཨཱོྂ་)ལ་རྫོགས༔ དེ་ཕྱིར་ཨཱོཾ་(ཨཱོྂ་)ནི་རྒྱལ་བའི་སྐུ༔ ཡེ་ཤེས་ༀ་(ཨཱོྂ་)དུ་སྣང་བ་ནི༔ ཨཿཉིད་མ་སྐྱེས་ཆོས་ཀྱི་དབྱིངས༔ ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཡིན༔ ཟླ་ཚེས་ཀུན་ནས་མ་འདྲེས་པ༔ སོ་སོར་རྟོགས་པའི་ཡེ་ཤེས་ཡིན༔ ཀླད་ཀོར་ཀུན་ལ་གསལ་བས་ན༔ མེ་ལོང་ལྟ་བུའི་ཡེ་ཤེས་ཡིན༔ འ་ནི་ནན་ཏན་ཆེན་པོ་སྟེ༔ བྱ་བ་ནན་ཏན་ཡེ་ཤེས་ཡིན༔ ཡེ་ཤེས་ལྔ་ལས་མི་འདའ་བས༔ བྱིང་དུ་མཉམ་ཉིད་ཡེ་ཤེས་ཡིན༔

ཨཱ་ལ་ཡེ་ཤེས་རྣམ་ལྔ་རྫོགས༔ དེ་ཕྱིར་སངས་རྒྱས་ཀུན་གྱི་གསུངས༔ ཡི་གེ་ཧཱུྃ་དུ་སྣང་བ་ནི༔ ཧ་ནི་རྟོགས་པ་མཐར་ཕྱིན་པས༔ ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཡིན༔ འ་ནི་གསལ་དག་རང་བྱུང་སྟེ༔ མེ་ལོང་ལྟ་བུའི་ཡེ་ཤེས་ཡིན༔ ཟླ་ཚེས་ཟུང་དུ་སྤྲོས་པ་སྟེ༔ སོ་སོར་རྟོགས་པའི་ཡེ་ཤེས་ཡིན༔ ཐིག་ལེ་སྐྱེ་མེད་དབྱིངས་ལ་བཀོད༔ དེ་ཕྱིར་མཉམ་ཉིད་ཡེ་ཤེས་ཡིན༔ ཞབས་ཀྱུ་འདྲེན་པའི་ཡེ་ཤེས་ཀྱི༔ རྒྱུ་དྲུག་དབྱིངས་སུ་འདྲེན་པར་བྱེད༔ བྱ་བ་ནན་ཏན་ཡེ་ཤེས་ཡིན༔ ཡེ་ཤེས་ལྔ་ཉིད་ཆོས་ཀྱི་དབྱིངས༔ དུས་གསུམ་བདེ་བར་གཤེགས་པ་ཡི༔ ཡེ་ཤེས་ཡི་གེ་ཧཱུྃ་ལ་རྫོགས༔ དེ་ཕྱིར་སངས་རྒྱས་ཀུན་གྱི་ཐུགས༔ ཞེས་གསུངས་འབྲུ་གསུམ་ལྔ་ལྡན་ལ༔ ཧྲཱིཿཡང་དེ་བཞིན་ལྔ་ལྡན་ཏེ༔ སྭཱ་ཧཱ་ཡི་གེ་ལྔ་དང་ལྡན༔ དེ་ལྟར་མཚན་ཉིད་ལྡན་པ་ཡི༔ སྔགས་ནི་བྱིན་རླབས་ནུས་པར་ལྡན༔ ཅུང་ཟད་རེས་ཀྱང་ནུས་པ་ཉམས༔ ཟུར་ཆགས་སྔགས་ལ་ནུས་པ་མེད༔ དེ་ལྟར་མ་འདྲེས་ཤེས་པར་མཛོད༔ ལྔ་ལྡན་གྱི་ཡི་གེ་བཤད་པའི་ལེའུ་འོ༔ གཞན་ཡང་སྔགས་ཀྱི་སྒྲ་སྦྱོར་ལ༔ སཾ་སྐྲྀ་ཏ་ནི་དབུས་ཀྱི་སྐད༔ གཞན་ཡང་མ་འདྲེས་རང་སྒྲ་ལ༔ བོད་ཡིག་ཕྱེད་དང་དྲུག་པ་མེད༔ ཅ་ཆ་ཇ་ཞ་ཟ་འ་དྲུག༔ ང་སྒྲ་སྔགས་ལ་འབྱུང་བ་སྟེ༔ རྒྱ་གར་སྤྱི་ཡི་སྒྲ་འགྱུར་ལ༔ ཡི་གེ་དྲུག་པ་འདྲེས་པ་མང་༔ གླིང་གཞན་དག་གི་སྒྲ་ཡིག་ནི༔ དབུས་སུ་འདྲེས་པ་འདི་ལྟ་སྟེ༔ ཟ་ཧོར་ཡུལ་ན་ཟ་ཡོད་དོ༔ ཅོག་རོའི་ཡུལ་ན་ཅ་ཡོད་དོ༔ ཁ་ཆེའི་ཡུལ་ན་ཆ་ཡོད་ཅིང་༔ འཇང་གི་ཡུལ་ན་ཇ་ཡོད་ལ༔ འ་ཞའི་ཡུལ་དུ་འ་ཡོད་ཅིང་༔ ཞང་ཞུང་ཡུལ་ན་ཞ་ཡོད་པས༔ དེ་དག་དབུས་སུ་འགྱུར་བའི་སྒྲ༔ ཡོད་ཕྱིར་སྔགས་ལ་བྱུང་གྱུར་ཀྱང་༔ སུན་འདོན་པ་ནི་མི་རུང་སྟེ༔ དབུས་སུ་སྒྲ་རིགས་མང་བའི་ཕྱིར༔ བོད་ཀྱི་ཐོན་མི་སམྦྷོ་ཏྲས༔ ཡུལ་དྲུག་ནས་ནི་ཡི་གེ་དྲུག༔ བཙལ་ནས་བོད་ཀྱི་སྐད་ལ་སྦྱར༔ དེ་བཞིན་རྒྱ་གར་ལ་

ཡང་ཡོད༔ འ་ནི་རྒྱ་གར་རང་ཆ་སྟེ༔ ཡི་གེའི་ཤད་དང་མཚུངས་འདྲ་ཡོད༔ རྒྱ་གར་སཾ་སྐྲྀ་ཏ་ཡི་སྐད༔ སུམ་ཅུ་རྩ་གསུམ་གྱི་ལྷ་དང་མཐུན་པ༔ པྲ་ཀྲྀ་ཏི་ཡུལ་ཏེ་སོ་སོའི་སྐད་འོད་གསལ་གྱི་ལྷ་དང་མཐུན་པ༔ ཨ་ཝ་བྷྲཾ་ཤ་ད་ཏ༔ ཟུར་ཆག་གི་སྐད་ཤ་ཟ་རྣམས་དང་མཐུན་པ༔ པི་ཤ་ཙི་ཏེ༔ གནས་གཙང་མ་རིགས་ཀྱི་ལྷ་རྣམས་དང་མཐུན་པའི་སྐད༔ བོད་སྐད་དུ་དོན་ཇི་ལྟ་བ་བཞིན་བསྒྱུར་དུ་མ་ཐུབ་སྟེ༔ རྒྱུད་གཅིག་ལའང་འགྱུར་མི་འདྲ་བ་མང་པོར་སོང་བའོ༔ ༁ྃ༔ ཨཱོྂ་ཞི་ཁྲོ་ལྷ་རྒྱུད་ལས་ཐིག་ལེ་མེ་ལོང་ཡེ་ཤེས༔ ཟླ་ཚེས་སོར་རྟོག་ཡེ་ཤེས༔ ན་རོ་མཉམ་ཉིད་ཡེ་ཤེས༔ ཨ་ཆོས་དབྱིངས་ཡེ་ཤེས༔ འ་བྱ་གྲུབ་ཡེ་ཤེས༔ ཨཱོྂ་ཐིག་ལེ་མེ་ལོང་ཡེ་ཤེས༔ ཟླ་ཚེས་སོར་རྟོག་ཡེ་ཤེས༔ ཨ་ནི་ཆོས་དབྱིངས་ཡེ་ཤེས༔ བྱིང་དུ་མཉམ་ཉིད་ཡེ་ཤེས༔ འ་བྱ་གྲུབ་ཡེ་ཤེས༔ ཧཱུྃཐིག་ལེ་མེ་ལོང་ཡེ་ཤེས༔ ཟླ་ཚེས་སོར་རྟོག་ཡེ་ཤེས༔ ཧ་ཆོས་དབྱིངས་ཡེ་ཤེས༔ འ་མཉམ་ཉིད་ཡེ་ཤེས༔ ཞབས་ཀྱུ་བྱ་གྲུབ་ཡེ་ཤེས༔ དྲྭ་བ་སྡོམ་པའི་རྒྱུད་ལྟར་ན༔ ཨཱོྂ་ཐིག་ལེ་དོན་གྲུབ༔ ཟླ་ཚེས་སྣང་བ་མཐའ་ཡས༔ ན་རོ་རིན་ཆེན་འབྱུང་ལྡན༔ ཨ་ནི་རྣམ་པར་སྣང་མཛད༔ འ་མི་བསྐྱོད་པ༔ འ་ཨ་ཤ་ས་མ་ཧ༔


previousཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་ལས་བཏགས་གྲོལ་འཁོར་ལོ་ཆུང་ངུ་།next