Nitartha Digital Library
Tibetan
བར་དོ་ཐོས་གྲོལ་ཆེན་མོའི་ཆོས་སྐོར་ཕྱོགས་བསྒྲིགས།


   
   
   
   
   
   
   
   
   
   
   
  expand section
   
   
   
   
   
   
   
   
   
   
   
ཟབ་ཆོས་ཞི་ཁྲོ་རྫོགས་ཆེན་འཁོར་འདས་རང་གྲོལ་ལས་བཏགས་གྲོལ་གྱི་བཅང་ཐབས།
   
   
   
   
   


 
previousཟབ་ཆོས་ཞི་ཁྲོ་རྫོགས་ཆེན་འཁོར་འདས་རང་གྲོལ་ལས་བཏགས་གྲོལ་གྱི་བཅང་ཐབས།next

ཟབ་ཆོས་ཞི་ཁྲོ་རྫོགས་ཆེན་འཁོར་འདས་རང་གྲོལ་ལས་བཏགས་གྲོལ་གྱི་བཅང་ཐབས།

༁ྃ༔ ཟབ་ཆོས་ཞི་ཁྲོ་རྫོགས་ཆེན་འཁོར་འདས་རང་གྲོལ་ལས་བཏགས་གྲོལ་གྱི་བཅང་ཐབས་བཞུགས་སོ༔

རང་རིག་ལྷ་ལ་ཕྱག་འཚལ་ལོ༔ བཏགས་གྲོལ་ཇི་ལྟར་བཅང་ཐབས་ནི༔ དར་ཚོན་ལྔ་དྲིལ་རིན་ཆེན་གྱི༔ ཟ་མ་ཏོག་ཏུ་ལེགས་བཙལ་ལ༔ དྲོད་དང་མ་བྲལ་བཅང་བར་བྱ༔ དེ་ཡང་འགྲོ་འཆག་ཉལ་དུས་སུ༔ ཕྱག་བསྐོར་བཟའ་བཏུང་གར་རྒྱུག་མཆོང་༔ ཁྲུས་སམ་ཆུ་བརྒལ་མེར་མཆོང་ཡང་༔ རྒྱལ་ཚབ་འདི་དང་འབྲལ་མི་རུང་༔ སྐྱེས་པའི་མཆན་ཁུང་གཡོན་དུ་ཐོགས༔ བུད་མེད་དག་གི་གཡས་སུའོ༔ ཇི་ལྟར་ཀློག་པའི་རིམ་པ་ནི༔ དུས་ཚིགས་རྣམ་པ་བརྒྱད་ཡོད་དེ༔ ཉི་ཟླ་གཟས་ཟིན་ས་གཡོས་དང་༔ འོད་ཀྱི་སྣང་བ་སྒྲ་བྱུང་དུས༔ སད་སེར་བྱུང་དང་རིམས་ནད་དུས༔ མུ་གེ་ཕྱུགས་ནད་བྱུང་དུས་སོ༔ དང་པོ་ཉི་ཟླ་གཟས་ཟིན་ཚེ༔ ཕྱི་ནང་མཆོད་པ་གཞུང་བཞིན་བཤམ༔ རང་ཉིད་རྣམ་སྣང་ཡབ་ཡུམ་མཐིང་༔ ལྕེ་སྟེང་འཁོར་ལོ་དཀར་པོ་བསྒོམ༔ རྣལ་འབྱོར་དྲུག་གམ་དགུ་དག་གིས༔ ཀློག་པའི་ཆོས་སྒྲས་སྲིད་གསུམ་ཁྱབ༔ འོད་ཟེར་སེམས་ཅན་གྲོལ་བར་བསམ༔ ཚོགས་འཁོར་བསྐོར་ཚུལ་ཡོན་ཏན་རྣམས༔ འོག་ཏུ་འབྱུང་བས་ཤེས་པར་བྱ༔ གཉིས་པ་ས་གཡོས་དུས་ཀྱི་ཚེ༔ རང་ཉིད་མི་བསྐྱོད་ཡབ་ཡུམ་བསྒོམ༔ ལྕེ་སྟེང་རྡོ་རྗེ་རྒྱ་གྲམ་གསལ༔ རྣལ་འབྱོར་བདུན་གྱིས་ལེགས་པར་ཀློག༔ ས་གཡོས་ཚོར་ཚད་སེམས་ཅན་རྣམས༔ རྡོ་རྗེ་འཆང་གྲལ་འགྲོ་བར་འགྱུར༔ གསུམ་པ་འོད་སྣང་དུས་ཀྱི་ཚེ༔ རང་ཉིད་རིན་ཆེན་

འབྱུང་ལྡན་སེར༔ ལྕེ་སྟེང་རིན་ཆེན་འབར་བ་བསྒོམ༔ རྣལ་འབྱོར་ལྔ་ཡིས་ལེགས་པར་ཀློག༔ འདོད་དགུ་ཆར་འབབ་སྡུག་བསྔལ་སེལ༔ འོད་སྣང་མཐོང་བའི་སེམས་ཅན་ཀུན༔ ཀུན་བཟང་སར་ཕྱིན་ཐེ་ཚོམ་མེད༔ བཞི་པ་སྒྲ་ཉིད་འབྱུང་བའི་ཚེ༔ རང་ཉིད་སྣང་བ་མཐའ་ཡས་དམར༔ ལྕེ་སྟེང་པདྨ་འདབ་བརྒྱད་བསྒོམ༔ དགེ་སློང་ལྔ་དང་བུ་མོ་ལྔས༔ ལན་བརྒྱ་ཀློག་པར་འགྱུར་བ་ན༔ སྒྲ་དེ་སུས་ཐོས་སེམས་ཅན་རྣམས༔ བདེ་ཆེན་སངས་རྒྱས་ཐེ་ཚོམ་མེད༔ ལྔ་པ་སད་སེར་འབྱུང་དུས་སུ༔ རང་ཉིད་དོན་གྲུབ་ཡབ་ཡུམ་བསྒོམ༔ ལྕེ་སྟེང་རྒྱ་གྲམ་དྲིལ་བུ་བསྒོམ་༼རལ་གྲི་བསམ༽༔ དེ་ལས་འོད་འཕྲོས་བར་ཆད་ཞི༔ རང་རང་འདོད་པ་འགྲུབ་པར་བསམ༔ སྔགས་པ་དམ་ལྡན་བཅུ་གཅིག་གིས༔ ཉི་ཤུ་རྩ་གཅིག་ཀློག་པས་ན༔ སད་སེར་གང་རེག་སེམས་ཅན་རྣམས༔ སྡུག་བསྔལ་ཞི་ནས་མངོན་དགའ་རུ༔ འགྲོ་བར་ཐེ་ཚོམ་ཡོད་རེ་ཀན༔ དྲུག་པ་ཡམས་ནད་རིམས་ནད་ཚེ༔ དོན་གྲུབ་བསྒོམ་པའི་ལྕེ་སྟེང་དུ༔ ལྕགས་ཀྱུ་དག་ལས་འོད་ཟེར་འཕྲོས༔ རང་སྒྲས་འོད་ཟེར་ནད་ཞི་བསམ༔ བུད་མེད་རྒྱན་ལྡན་བདུན་མཆོད་ཅིང་༔ བྱིས་པ་རྣམས་ལ་སྟོན་མོ་བྱ༔ བཙུན་པ་སྡོམ་ལྡན་ལྔ་ཡིས་ནི༔ ཉི་ཤུ་རྩ་གཅིག་ཀློག་པས་ན༔ སྐྱེ་འགྲོ་ནད་ཀྱི་ཐེབས་ཚད་རྣམས༔ བདེ་ཆེན་གནས་སུ་འཚང་རྒྱའོ༔ བདུན་པ་མུ་གེ་འབྱུང་དུས་སུ༔ ཀུན་བཟང་ཡབ་ཡུམ་མཐིང་ཀ་བསྒོམ༔ ལྕེ་སྟེང་ཟླ་ཕྱེད་རྡོ་རྗེས་མཚན༔ འོད་ཟེར་འཕྲོས་པས་མུ་གེ་ཞི༔ དགོས་འདོད་འབྲས་བུས་གང་བར་བསམ༔ ཤན་པ་མུ་སྟེགས་སྡིག་ཅན་མཆོད༔ སྔགས་པ་དམ་ལྡན་བདུན་གྱིས་ནི༔ ཉི་ཤུ་རྩ་གཅིག་ཀློག་པས་ན༔ དམིགས་འཁོར་འདུས་ཚད་མུ་གེ་ཞི༔ ཀུན་བཟང་སར་འགྲོ་ཐེ་ཚོམ་མེད༔ བརྒྱད་པ་ཕྱུག་ནད་བྱུང་བའི་ཚེ༔ རང་ཉིད་ཀུན་བཟང་ཡབ་ཡུམ་བསྒོམ༔ བླ་མ་མཆེད་ལྕམ་གང་རྙེད་དགུས༔

ཉི་ཤུ་རྩ་གཅིག་བཟླས་བྱས་ནས༔ མར་མེ་ཉི་ཤུ་རྩ་གཅིག་སྦར༔ དེ་ཡིས་ནད་རྣམས་ཐམས་ཅད་ཞི༔ རིགས་དྲུག་སེམས་ཅན་ཐམས་ཅད་ཀུན༔ གདོད་མའི་དབྱིངས་སུ་འཚང་རྒྱའོ༔ དེ་ཡང་ཉིན་མཚན་ཐུན་གཅིག་ལ༔ ནམ་ལངས་དག་ནས་དྲོས་ཆེན་བར༔ འབྱུང་བ་བྱེར་བ་བྱ་བ་ཡིན༔ དེ་ནས་གུང་བར་ཟུག་པ་ཡིན༔ གོང་ཐིལ་པོ་ནི་སྙོམས་པ་ཡིན༔ ༼གུང་བཞི་མཐིལ་སོ་སྙོམས་པ་ཡིན༔ ༽གྲིབ་གསལ་༼བསིལ༽ཉི་ནུབ་བར་དུ་འཁྲུགས༔ མཚན་མོ་སྲོད་ལ་བྱེར་བ་སྟེ༔ སྲོད་ཡུལ་༼ཡོལ་༽ཟུག་ལ་ནམ་ཕྱེད་སྙོམས༔ ཐོ་རེངས་འཁྲུགས་པར་ཤེས་བྱས་ནས༔ བྱེར་བའི་དུས་སུ་བཀླག་པར་བྱ༔ ཟུག་པའི་དུས་སུ་བསྒོམ་པར་བྱ༔ སྙོམས་པའི་དུས་སུ་མཆོད་ཡུལ་འབོད༔ འཁྲུགས་པའི་དུས་སུ་ཚོགས་འཁོར་བྱ༔ གཞན་ཡང་ཉ་སྟོང་བརྒྱད་གསུམ་དང་༔ ཚེས་བཅུ་དབང་བསྐུར་ཚོགས་འཁོར་དུས༔ རྣལ་འབྱོར་དམ་ལྡན་ཀུན་འདུས་ནས༔ སེམས་བསྐྱེད་གཏིང་ནས་༼ཏིང་འཛིན་༽གསལ་བྱས་ཏེ༔ དག་ཅིང་གསལ་བར་ཀློག་པས་ན༔ སྣང་ཤེས་ཉམས་འཕེལ་ཏིང་འཛིན་སྐྱེ༔ ཉམས་ཆགས་བསྐང་ཞིང་སེམས་ཅན་གྱི༔ ནད་འཁྲུགས་མུ་གེ་ལ་སོགས་ཞི༔ ཡང་གཅིག་རྒྱུད་འདི་ཆུ་ཀླུང་གིས༔ རྦ་ལ་ལ་ཆས་ལེགས་བཏུམ་ནས༔ སྦ་ཞིང་ཡང་ན་ཆུ་འཁོར་བསྐོར༔ ཆུ་དེ་རྒྱ་མཚོར་འགྲོ་ངེས་བྱ༔ ཆུ་དེ་རེག་ཚད་སངས་རྒྱ་བར༔ ཐེ་ཚོམ་ཡོད་ན་སྟོན་པས་བསླུས༔ ཡང་ན་རི་མཐོའི་རྩེ་མོ་ལ༔ ཐོ་བརྩེགས་ལྟོ་བར་རླུང་འཁོར་བསྐོར༔ མཐོང་ཚད་རླུང་ཕོག་དེས་གཞན་ཕོག༔ བཟང་ངན་མེད་པར་འཚང་རྒྱའོ༔ ཆུ་ཆེན་མགོ་ལ་ཚར་གཅིག་ཀློག༔ ཁ་ཆུ་དེ་ལ་བསྐུར་ལ་བཏང་༔ ཆུ་དེ་འཐུང་ཚད་སྐྱེ་འགྲོ་རྣམས༔ གྲོལ་བ་ཐོབ་པ་ཐེ་ཚོམ་མེད༔ གྲོང་ཁྱེར་གཅིག་ལ་འདི་ཡོད་ན༔ གྲོང་ཁྱེར་ནང་གི་སྐྱེ་འགྲོ་རྣམས༔ གྲོལ་བ་ཐོབ་པར་ཐེ་ཚོམ་མེད༔ ཚོང་དུས་ཆེན་པོའི་བཞི་མདོ་རུ༔

ལན་བདུན་ཀློག་ལ་གང་འདུས་པའི༔ མི་རིགས་ཐམས་ཅད་ཡུལ་ཁམས་རྣམས༔ གྲོལ་བར་ཐོབ་པ་ཐེ་ཚོམ་མེད༔ ལུས་ལ་ཡོད་པའི་འབུ་སྲིན་དང་༔ ཤིག་སྲོ་ཡན་ཆད་གྲོལ་བ་ཐོབ༔ རང་ལ་རླུང་ཕོག་དེས་གཞན་ཕོག༔ སྡིག་སྒྲིབ་དག་ནས་གྲོལ་བར་འགྱུར༔ ཨེ་མ་འདི་འཛིན་སྐལ་བ་ཆེ༔ སྣང་སྟོང་དབྱེར་མེད་འཁོར་འདས་རང་གྲོལ་གྱི་རྒྱུད་ལས༔ བཏགས་གྲོལ་བཅང་ཐབས་དང་ཀློག་ཐབས་བསྟན་པའི་ལེའུ་སྟེ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔


previousཟབ་ཆོས་ཞི་ཁྲོ་རྫོགས་ཆེན་འཁོར་འདས་རང་གྲོལ་ལས་བཏགས་གྲོལ་གྱི་བཅང་ཐབས།next