Nitartha Digital Library
Tibetan
བར་དོ་ཐོས་གྲོལ་ཆེན་མོའི་ཆོས་སྐོར་ཕྱོགས་བསྒྲིགས།


   
   
   
   
   
   
   
   
   
   
   
  expand section
   
   
   
   
   
   
   
   
   
   
   
   
   
ཟབ་ཆོས་ཞི་ཁྲོ་དགོངས་རང་གྲོལ་ལས་ཚེ་འདས་རོ་བསྲེག་ཆོ་གའི་ཆ་ལག་རུས་ཆོག་ཚ་ཚ་གདབ་ཐབས་སྒྲིབ་ཚོགས་རྣམ་དག
   
   
   


 
previousཟབ་ཆོས་ཞི་ཁྲོ་དགོངས་རང་གྲོལ་ལས་ཚེ་འདས་རོ་བསྲེག་ཆོ་གའི་ཆ་ལག་རུས་ཆོག་ཚ་ཚ་གདབ་ཐབས་སྒྲིབ་ཚོགས་རྣམ་དགnext

ཟབ་ཆོས་ཞི་ཁྲོ་དགོངས་རང་གྲོལ་ལས་ཚེ་འདས་རོ་བསྲེག་ཆོ་གའི་ཆ་ལག་རུས་ཆོག་ཚ་ཚ་གདབ་ཐབས་སྒྲིབ་ཚོགས་རྣམ་དག

ཟབ་ཆོས་ཞི་ཁྲོ་དགོངས་རང་གྲོལ་ལས་ཚེ་འདས་རོ་བསྲེག་ཆོ་གའི་ཆ་ལག་རུས་ཆོག་ཚ་ཚ་གདབ་ཐབས་སྒྲིབ་ཚོགས་རྣམ་དག་བཞུགས་སོ། །

ཞི་ཁྲོ་སྐུ་གསུམ་ཡོངས་རྗོགས་ཕྱག་འཚལ་ལོ། །ཚེ་འདས་བདུན་ཚིག་རོ་བསྲེག་ལས་ཀྱི་མཐར། སྒྲིབ་དག་ཚོགས་རྫོགས་རུས་བུར་ཚ་ཚ་ཡི། གདབ་ཐབས་རིམ་པ་གསལ་བར་འདིར་བསྟན་ནོ། །དེ་ལ་བླ་མའམ་གང་ཟག་དམ་པ་ཁྱད་འཕགས་ཀྱི་སྐུ་གདུང་རིང་བསྲེལ་དང་བཅས་པར་ཕྱི་ནང་རྟེན་གསུམ་བཞེངས་ལུགས་སོགས་གཞན་དུ་ཤེས་ལ། འདིར་སོ་སྐྱེ་བ་དང་། ཐ་མལ་པའི་རུས་བུར་གདུང་ཚ་ཚ་གདབ་ཐབས་ཀྱི་རིམ་པ་ལ་མདོ་དོན་རྣམ་པ་དྲུག་སྟེ། སྐུ་གདུང་ཚ་ཚའི་ངོ་བོ་དང་། ངེས་ཚིག་དང་། དབྱེ་བ་དང་། ཐབས་དང་། འབྲས་བུའོ། །དང་པོ་ཚ་ཚའི་ངོ་བོ་ནི་ཆོས་སྐུའོ། །གཉིས་པ་ངེས་ཚིག་ནི། དབྱིངས་ནི་མཆོད་རྟེན་གྱི་ཡུམ། ཡེ་ཤེས་ནི་མཆོད་རྟེན་གྱི་ཡབ། དབྱིངས་དང་ཡེ་ཤེས་དབྱེར་མེད་སྤྲོས་པ་དང་བྲལ་བ་ནི་ཆོས་སྐུའི་མཆོད་རྟེན་ཏེ། ཡབ་ཡུམ་སྦྱོར་བ་མཛད་པའོ། །དེ་ལ་ཡེ་ཤེས་ལྔ་མ་འགགས་པར་ཤར་བ་ནི་ལོངས་སྤྱོད་རྫོགས་པ་སྐུའི་མཆོད་རྟེན་ཏེ་སྲས་སོ། །དེའི་ཐུགས་རྗེས་ཅིར་ཡང་སྣང་བར་མཛད་ཅིང་སྐད་ཅིག་ལས་ཀྱང་དུ་མར་སྤྲུལ་པ་ནི་ཚ་ཚ་སྟེ་སྤྲུལ་སྐུའི་མཆོད་རྟེན་ཅིར་ཡང་སྣང་བའོ། །གཟུགས་སུ་སྣང་བའི་སྐུ་ལ་ངོ་བོ་ཆོས་སྐུའི་གདུང་ལས་འགྱུར་བ་མེད་པས་ན་སྐུ་གདུང་ཞེས་བྱའོ། །དེས་ལས་དང་ཉོན་མོངས་བསྲེག་ཅིང་འགྲོ་བའི་དཔལ་དུ་གྱུར་བས་སྐུ་གདུང་འབར་བ་ཞེས་ཀྱང་བྱ། གསུམ་པ་དབྱེ་བ་ནི། མཚོན་བྱ་དོན་ཀྱི་སྐུ་གདུང་དང་། མཚོན་པའི་རྟགས་ཀྱི་སྐུ་གདུང་ངོ་། །དོན་གྱི་སྐུ་གདུང་གང་ཞེ་ན། གསང་བ་འདུས་པའི་རྒྱུད་ལས། ཆོས་སྐུ་རྒྱུ་འབྲས་རང་རྩལ་རྫོགས། ཞེས་པས།

རང་རིག་ཆོས་སྐུའི་མཆོད་རྟེན་དུ། མཆོད་རྟེན་ཡོངས་ཀྱི་རྒྱུ་འབྲས་རྫོགས་པར་བསྟན་ཏོ། །མཚོན་པ་རྟགས་ཀྱི་སྐུ་གདུང་ལ་ཡང་དབྱེ་ན། བདེ་བར་གཤེགས་པའི་སྐུ་གདུང་བཅུ་གཉིས་ལ་སོགས་༼མང་ཡང་༽མིང་གི་ཀྱང་། འདིར་བྱ་སླ་ལ་ཚེགས་ཆུང་ཞིང་འགྲུབ་ཆེ་བའི་སྐུ་གདུང་ཚ་ཚ་སྤྲུལ་སྐུའི་བཞེངས་ཐབས་སུ་བསྟན་པའོ། །བཞི་པ་ཚ་ཚ་གདབ་པའི་དགོས་ཆེད་ནི། བྱང་ཆུབ་བསྒྲུབ་པའི་ལམ་ཐམས་ཅད་ཀྱི་འགའ་ཞིག་གི་སྔོན་འགྲོ་ལ་དགོས། འགའ་ཞིག་གི་དངོས་གཞི་ལ་དགོས། འགའ་ཞིག་གི་རྗེས་བསྡུད་པ་ལ་དགོས། ཚོགས་རྫོགས་ཤིང་སྒྲིབ་པ་སྦྱངས་ཕྲིན་ལས་བཞི་ལ་སོགས་ལས་ཀུན་འགྲུབ་པའི་དགོས་ཆེད་ཡོད་དོ། །ལྔ་པ་སྐུ་གདུང་བཞེངས་ཐབས་དངོས་ལ་དོན་དྲུག་སྟེ། སྔོན་འགྲོ་དང་། དངོས་གཞི་དང་། རབ་གནས་དང་། རྗེས་དང་། ཁ་བསྒྱུར་གྱི་ལས་རིམ་དང་། ཕན་ཡོན་འབྲས་བུའོ། །ཐོག་མར་ཚ་ཚའི་སྔོན་གྲོ་ནི་རྒྱུད་ལས། སྦྱོར་བ་སྐྱབས་འགྲོ་སེམས་བསྐྱེད་ནས། སྨིན་པའི་ས་ལ་སྤོས་ཆུས་སྦྱངས། ཞེས་པས་རྣལ་འབྱོར་བས་སྐྱབས་འགྲོ་སེམས་བསྐྱེད་ཚད་མེད་བཞི་བསྒོམས་ལ། ས་བརྟགས་པ་ནི། རྡལ་རྡུལ་མེད་པའི་ས་སྤྱིན་བཟང་པོར། གདོན་དྲག་པོ་དང་། ས་རོ། ས་ཤིག །འབུ་སྲིན་ལ་སོགས་སྤང་ལ་སློང་བ་ནི། གཏོར་མ་བཏང་། སྤོས་ཆུས་སྦྱངས་ཤིང་བསྲུང་བ་ནི། རང་ཉིད་ཡི་དམ་དབང་ཆེན་དུ་བསྐྱེད་པའི་ང་རྒྱལ་བརྟན་པོས། སིང་ལྡིང་གི་ཕུར་པ་སོར་བརྒྱད་པ་གཅིག་གདེང་ལ། ༀ་བཛྲ་ཀི་ལི་ཀི་ལ་ཡ་སརྦ་དུཥྚན་ཧཱུྃ་ཕཊ༔ ཅེས་པའི་སྔགས་ལན་བདུན་གྱིས་གདབ་པས། ས་བདག་གདུག་པ་ཅན་བྲོས། ཤུལ་དུ་ས་དེ་རིན་པོ་ཆེ་སྣ་ལྔའི་ཕུང་པོར་འོད་དུ་ལྟེམ་གྱི་ཡོད་པར་བསམ་མོ། །གཉིས་པ་དངོས་གཞི་ནི། ས་དེ་བསྐོས་ནས་སྤུངས་པ་ལ་སྤོས་ཆུ་གཏོར། ཁྱད་པར་དུ་སློབ་དཔོན་ལྷའི་རྣལ་འབྱོར་དུ་གནས་པ་ནི། སྐད་ཅིག་གིས་དཔལ་རྡོ་རྗེ་སེམས་དཔར་བསྐྱེད་དེ་ལག་པར་རྟའི་ཕྱག་རྒྱ་བྱས་ལ། ཨཱོཾ་ཨ་ས་མི་ཏྲི་ས་མ་ཡེ་མ་ཧཱ་ས་མ་ཡ་སྭཱ་ཧཱ། ཞེས་རཏྣ་བསྡར་རོ། །དེ་ནས་གོང་དུ་བདུན་ཚིག་གམ། བསྲེག་ཆོག་གི་སྐབས་ནས་རུས་བུ་བསྡུས་པ་དེ་བྱེ་མ་ཅི་བཞིན་བཏགས་ལ་བསྲེ་ཞིང་ས་སྦྱངས་བར་བྱ་བ་ནི།

རང་ཉིད་བདུད་རྩི་འཁྱིལ་བར་གསལ་བའི། རྡོ་རྗེ་ཁུ་ཚུར་དང་ཐལ་མོ་ས་ལ་རེག་ནས། ཨཱོཾ་སྭཱ་བྷ་ཝ་ཤུདྡྷ༔ སརྦ་རྷརྨཱ་སྭ་བྷ་ཝ་ཤུདྡྷོ྅་ཧཾ། ཉེར་གཅིག་བརྗོད་པས། ཆོས་སྐུ་རྣམ་པར་དག་པར་བསམ། དེ་ནས་ལག་པ་རྡོ་རྗེ་རྩེ་ལྔ་པ་ཐོ་བའི་ཕྱག་རྒྱ་འོག་གཞི་རྡོ་རྗེའི་གདན་དུ་བསམ་ཞིང་བརྡུངས་པས། བདག་དང་ཚེ་འདས་ཀྱི་གཙོ་བྱས་འགྲོ་བ་ཀུན་གྱི་ལས་དང་ཉོན་མོངས་པའི་བག་ཆགས་ཐམས་ཅད་བྱང་བར་བསམ་ལ། ༀ་བཛྲ་མུ་ཀ་ར་ཨ་ཀོ་ཏ་ཡ་ཧཱུྃ་ཕཊ༔ ཅེས་བརྡུངས་པ་ལ། སྤོས་ཆུ་བྱང་ཆུབ་ཀྱི་སེམས་སུ་བསམ་ལ་བྲན་ནོ། །དེ་ནས་ཆོས་སྐུ་སྐྱེ་བ་མེད་པའི་རང་བཞིན་ལ་རྣམ་པ་རིན་ཆེན་ལྔའི་ཕུང་པོར་བསམ། ཡང་འབི་འབི་བྱས་ལ། ཨཱོཾ་མ་ཧཱ་ཤཱུ་ཱུནྱ་ཏཱ་ཛྙཱ་ན་བཛྲ་སྭཱ་བྷ་ཝ་ཨཱཏྨ་ཀོ྅་ཧཾ། ཞེས་པས་ཤེལ་གྱི་གོང་བུར་བསམས་པའི་ནང་དུ་གྲོ་ག་འམ། ཤིང་ཤུན་སོགས་ལ། ཨུཥྞི་ཥ་དང་། ཨཱོཾ་ཨཱཿཧཱུྃ། ཨཱོཾ་ཧཱུྃ་ཏྲྃ་ཧྲཱི་ཨཱཿཞེས་དང་། ཡིག་བརྒྱ་ཡེ་དྷརྨ་སོགས་སྒྲིབ་སྦྱངས་ཀྱི་གཟུངས་སྔགས་གང་ལྕོག་དྲི་བཟང་དང་། རིན་པོ་ཆེ་བཞུ་བའི་ཁུ་བས་བྲིས་ལ། འབྲུ་སྣ། རིན་པོ་ཆེ། དར་སྣ། སྨན་སྣ་ཚོགས་ས་དང་བཅས་པ་གཞུག་ཅིང་། ཨཱོཾ་ཧཱུྃ་ཏྲྃ་ཧྲཱི༔ ཨཱ་བཛྲ་གརྦྷེ་སྭཱ་ཧཱ། ཞེས་པས་འབི་འབི་ལ་བསྐུའོ། །དེ་ནས་ཡིག་བརྒྱའི་ཤམ་དུ། དྷརྨ་ཀཱ་ཡ་ཨ། ཞེས་ཆོས་སྐུ་ལམ་ལམ་བསམ་ལ། སྐུ་ཕོར་ཞིང་ཁམས་རྣམ་པར་དག་པར་འབི་འབི་བཞུག་གོ། ཨཱོཾ་བཛྲ་མུད་ཀ་༼མུཏྒ་༽ར། མུད་ཀ་༼མུཏྒ་༽ར། ཨ་ཀོ་ཊ་ཡ་ཨ་ཀོ་ཊཡ་ཧཱུྃ་ཕཊ༔ ཅེས་པས་ལན་གསུམ་དུ་བརྡེབ་ཅིང་། ཨཱོཾ་དྷརྨཱ་དྷརྟུ། དྷརྨ་དྷརྟུ་ུགརྦྷེ་སྭཱ་ཧཱ། སྐུ་ཕོར་ནས་ཕྱུང་བ་ཙམ་གྱིས་ལོངས་རྫོགས་སྤྱོད་པའི་སྐུར་ལམ་ལམ་དུ་བསམ་ཞིང་། ཨཱོཾ་ཤྭ་དྷ་མེ་སརྦ་པ་པཾ་ཤུདྡྷེ་ནི་ཤུདྡྷེ། བྷི་ཤུདྡྷེ་སརྦ་ཀརྨ་ཨ་པ་ན་༼ཨ་ཝ་ར་ཎ་༽བྷི་ཤུདྡྷེ་སྭཱ་ཧཱ་དང་། ཁྱད་པར་དུ་ཚེ་འདས་དོན་དུ་གདབ་པ་ལས། རང་ཉིད་ཀུན་རིགས་རྣམ་པར་སྣང་མཛད་དམ་དཔལ་རྡོ་རྗེ་སེམས་དཔར་ཡང་རུང་བས་ངན་སོང་ནས་དྲངས་བ་ནི། ཨ་ཎི་སུཾ་ཏྲི་པྲེ་དུའི་རྣམ་པར་བཀུག་ལ། ངན་སོང་སྦྱངས་བ་ནི། ༀ་ན་མོ་བྷ་ག་ཝ་ཏེ་སརྦ་དུརྒ་ཏེ་པ་རི་ཤྭ་དྷ་ནི་རཱ་ཛ་ཡ། ཏ་ཐཱ་ག་ཏཱ་ཡ་མུ་ཏྲ་ཨཱོཾ་ཨཱཿ་ཧཱུྃ་ཡ་ཐཱ། ཨརྷ་ཏེ། སམྱཀྶཾ་བྷུདྡྷ་ཡ། ཏདྱ་ཐཱ། ཨཱོཾ་ཤྭ་དྷ་ནི་ཤྭ་དྷ་ནི། སརྦ་

པ་པཾ་བི་ཤྭ་དྷ་ནི། ཤུདྡྷེ་བི་ཤུདྡྷེ་སརྦ་ཀརྨཱ་ཨ་ཝ་ར་ཎ་བི་ཤྭ་དྷ་ནི་སྭཱ་ཧཱ། ཞེས་པའི་སྔགས་ཀྱི་འོད་ཟེར་འཕྲོ་འདུས་ཚེ་འདས་དེ་ཉིད་དང་། སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་བག་ཆགས་ངན་སོང་ཡོངས་སུ་སྦྱོངས་པར་བསམ། ངན་སོང་ལས་གྲོལ་བར་བྱ་བ་ནི། ཨཱོཾ་སརྦ་བྷིད་ཨ་ཝ་ར་ཎ་བྷི་ཤྭ་དྷ། ཧ་ན་ཧ་ན་ཧཱུྃ་ཕཊ༔ ཨཱོཾ་སརྦ་བྷིད་ཧཱུྃ། ཨཱོཾ་སརྦ་བྷིད་སྭཱ། ཨཱོཾ་སརྦ་བྷིད་ཨཱ། ཨཱོཾ་སརྦ་བྷིད་ཊ་ཐཱ། ཨཱོཾ་སརྦ་བྷིད་ༀ། ཨཱོཾ་སརྦ་བྷིད་སྭཱ། ཨཱོཾ་སརྦ་བྷིད་ཤྭ། ཨཱོཾ་སརྦ་བྷིད་བྷ། ཨཱོཾ་སརྦ་བྷུདྡྷ་བྷུདྡྷ་ཨ་ཝ་ར་ན་ནི་ཧཱུྃ་ཕཊ། ཨཱོཾ་ཊ་ཏྲ་ཊ་ཏྲ་ཨ་ཝ་ར་ཎ་ནི་ཧཱུྃ་ཕཊ། ཨཱོཾ་བྷྲི་ཏ་བྷྲི་ཏ་སརྦ་ཨ་ཝ་ར་ཎ་ནི་ཧཱུྃ་ཕཊ༔ ཅེས་སྔགས་ཀྱི་འོད་ཟེར་འཕྲོ་འདུའི་ཚ་ཚ་ལྟ་བུའི་འོད་ཀྱི་སེམས་ཅན་ངན་སོང་ལས་གྲོལ་བར་བསམས། དེ་ནས་ངན་སོང་གི་སྒོ་ཕྱིར་འགེགས་ཏེ། ཨཱོཾ་ད་ཧ་ད་ཧ་སརྦ་ན་ར་ཀ་༼ག་༽ཏེ་ནི་ཧཱུྃ་ཕཊ༔ ཨཱོཾ་པ་ཙ་པ་ཙ་སརྦ་པྲེ་ཏ་ཀ་༼ག་༽ཏེ་ཧཱུྃ་ཕཊ༔ ཨཱོཾ་མ་ཐ་མ་ཐ་སརྦ་ཏིཪྱ་ཀ་༼ག་༽ཏེ་ཧཱུྃ་ཕཊ། དེ་ནས་ངན་སོང་གི་རྒྱུན་བཅད་པ་ནི། ཨཱོཾ་ཀང་ཀ་ནི་ཀང་ཀ་ནི། རོ་ཙ་ནི་རོ་ཙ་ནི། ཏྲོ་ཊ་ནི་ཏྲོ་ཊ་ནི། ཏྲཱ་ས་ནི་ཏྲཱ་ས་ནི། པྲ་ཏི་ཧ་ན་པྲ་ཏི་ཧ་ན། སརྦ་ཀརྨཱ་པ་རཾ་པ་རཱ་ཎ ི་ར་མེ་ཡེ་༼སརྦ་ས་ཏྭ་ནཉྩ་༽སྭཱ་ཧཱ། ཞེས་བརྗོད་པས། མི་དགེ་བཅུ་པོ་ཡེ་ཤེས་སུ་སྦྱངས། སྒྲིབ་པ་གཉིས་དག་ཆོས་སྐུར་སྦྱངས་པར་བསམ། གཤིན་ངན་སོང་ལས་གྲོལ་བར་ངེས་སོ། །ས་ལ་བཞག་པ་ནི། ཨཱོཾ་རཏྣ་ཀ་ནི་ཀ་ཡ་སྭཱ་ཧཱ། བཛྲ་ཏིཥྛ་ལྷན། ཞེས་པས་ཉི་ཟླའི་གདན་གྱི་སྟེང་དུ་ཚ་ཚ་སྤྲུལ་པའི་སྐུ་གདུང་། ཕྱི་མཆོད་རྟེན་རིན་པོ་ཆེ་སྣ་ལྔ་ལས་གྲུབ་པའི་ནང་དུ་གཞལ་ཡས་ཁང་ཡོངས་སུ་རྫོགས་པར་རྒྱ་ཁྱོན་སྟོང་གསུམ་དང་མཉམ་པར་རྩ་གསུམ་ཞི་ཁྲོའི་ལྷ་ཚོགས་ཐམས་ཅད་ཏིལ་གྱི་གང་བུ་བརྩེགས་པ་ལྟར་དཔག་ཏུ་མེད་པར་བཞུགས་པས་འགྲོ་བ་ཐམས་ཅད་ཀྱི་དོན་མཛད་པ་དང་། ཡང་བདག་དང་སྐུ་གདུང་རྣམས་ལས་འོད་ཟེར་འཕྲོས་ནས་ཚེ་འདས་བར་དོ་རིགས་དྲུག་ཏུ་གནས་པའི་ལུས་ངག་ཡིད་གསུམ་ལ་ཕོག །ལས་དང་བག་ཆགས་ཉོན་མོངས་པའི་སྡིག་སྒྲིབ་ཐམས་ཅད་སངས་སངས་དག་ནས་རྒྱལ་བ་ཞི་ཁྲོ་སྐུ་གསུམ་གྱི་ཞིང་དུ་བཀོད་པར་བསམ་མོ། །དེ་

ནས་གདུགས་འཁོར་གཟུག་ཅིང་། ༀ་བཛྲ་ཨ་ཡུ་ཥེ་སྭཱ་ཧཱ། བཛྲ་པྲ་མ་དྷ་ན་ཡེ་སྭཱ་ཧཱ། ཞེས་པས་བདག་དང་ཚེ་འདས་ཀྱི་གཙོ་བྱས་འགྲོ་ཀུན་ཐེག་པ་དགུའི་དོན་རྟོགས་ས་ལམ་ཡོངས་སུ་རྫོགས་པར་བསམ་མོ། །དེ་ནས་ནབ་བཟའ་གསོལ་ལ། ཨཱོཾ་ཨ་ར་ཛེ་བྷི་ར་ཛེ་སྭཱ་ཧཱ། ཞེས་པས་ལྷའི་ནབ་བཟའ་སྣ་ཚོགས་གསོལ་ཞིང་། རིན་པོ་ཆེའི་གདུགས་དང་ཏོག་དང་རྒྱལ་མཚན་དང་། བ་དན་དང་རཏྣའི་ཤར་བུ་དང་། དར་གྱི་ལྡ་ལྡི་ལྷབ་ལྷུབ་ལ་སོགས་མཆོད་པའི་སྤྲིན་དཔུང་དཔག་ཏུ་མེད་པས་བརྒྱན་ཅིང་། སྲིད་གསུམ་འགྲོ་དྲུག་རྒྱལ་ཆེན་བཞི་སོགས་ཀྱིས་མཆོད་ཅིང་བསྐོར་བ་བྱེད་པར་བསམ་མོ། །དེ་ལྟ་བུའི་ཚུལ་གྱིས་གང་འགྲུབ་ཏུ་བཏབ་ནས། གྲུབ་པ་དང་། གསུམ་པ་རབ་གནས་ནི། རྒྱས་པར་སྤྲོས་ན་ལོག་ཏུ་གསལ། བསྡུས་པ་འདི་ལ་དོན་གསུམ་སྟེ། བདག་བསྐྱེད་བསྒོམ་བཟླས་དང་། མདུན་གྱི་རྟེན་བསྐྱེད་དང་། ཡེ་ཤེས་བཀུག་བསྟིམ་མོ། །དང་པོ་ནི་གདན་གཙང་དུ་གྲལ་མཐུན་པར་བསྒྲིགས་ལ་དེའི་མདུན་དུ་ཕྱི་ནང་གསང་བའི་མཆོད་གཏོར་དང་། ཆོས་སྐྱོང་གི་གཏོར་མ། རིན་ཆེན་སྣོད་དུ་འཐོར་ནས་ལ་སོགས་བཤམས་ནས། སྐྱབས་འགྲོ་སེམས་བསྐྱེད་བདུན་རྣམ་དག་དང་བཅས་པ་བྱ། རང་ཉིད་སྐད་ཅིག་གིས་དམིགས་མེད་སྟོང་པའི་ངང་ལས། རིན་ཆེན་ཁྲི་རྐང་པད་མ་ཉི་ཟླ་བརྩེགས་པའི་སྟེང་དུ་ཧཱུྃ་དཀར་པོ་ཡོངས་སུ་གྱུར་པ་ལས། དཔལ་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་རྡོ་རྗེ་དང་དྲིལ་བུ་ཐུགས་ཀར་བསྣོལ་ཏེ་འཛིན་པ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་དུ་བཞུགས་པ་ལ་དར་དང་རིན་པོ་ཆེའི་རྒྱན་རྣམ་པ་སྣ་ཚོགས་ཀྱིས་བརྒྱན་པའི་ཐུགས་ཙིཏྟ་འོད་ཀྱི་གཞལ་ཡས་ཁང་ཆེན་པོར། རང་བྱུང་འོད་ལྔ་འཁྲིགས་པར་ཞི་བ་བཞི་བཅུ་རྩ་གཉིས་ལྷ་ཚོགས་དང་། གླད་པ་དུང་ཁང་གི་གཞལ་ཡང་ཁང་འཇའ་འོད་མེ་དཔུང་འཁྲུགས་པའི་ཀློང་དུ་ཁྲག་འཐུང་ལྔ་བཅུ་རྩ་བརྒྱད་བཞུགས་པ། དེ་ལྟར་ཞི་བའི་ལྷ་ཚོགས་རྣམས་ཀྱི་ཐུགས་ཀར་ཟླ་བའི་སྟེང་དུ་ཧཱུྃ་ལ་བྷོ་དྷིས་བསྐོར་བ། ཁྲོ་བོའི་ལྷ་

ཚོགས་རྣམས་ཀྱི་ཐུགས་ཀར་ཉི་མའི་སྟེང་དུ་ཧཱུྃ་ལ་རུ་ལུའི་ཕྲེང་བས་བསྐོར་བར་བསྒོམས་ལ། ཨཱོཾ་ཨཱཿ་ཧཱུྃ་བྷོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཛྙཱ་ན་དྷརྟུ་ཨཱཿཨཱོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། གང་སྐབས་བརྒྱ་རྩ་སོགས་བསྙེན་ནོ། །འདིའི་སྐབས་སུ་འཐོར་ནས་བྱིན་གྱིས་བརླབས་པ་ནི། མེ་ཏོག་གི་སྟེང་དུ་ཨཱཿཤིན་ཏུ་གསལ་ལ་དཀར་བ་གཅིག་འོད་དུ་ཞུ་བ་ལས། ཕྱི་འོད་ཕུང་དཀར་པོ་ལ་ནང་ཨཱཿདཀར་པོ་གྲངས་མེད་པར་མདུན་གྱི་ནམ་མཁའ་ནས་ཀྱང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐུགས་ཀ་ནས་ཨཱཿདཀར་པོ་དཔག་ཏུ་མེད་པ་བྱུང་ནས་ཐིམ་པར་བསམ་ལ། ཨཱོཾ་ཨཱཿཧཱུྃ། དང་། ཡེ་དྷརྨཱ་ཧེ་ཏུ་པྲ་བྷ་ཝཱ་ཧེ་ཏུནྟེ་ཥཱནྟ་ཐཱ་ག་ཏོ་ཧྱ་ཝ་ཏད། ཏེ་ཥཱཉྩ་ཡོ་ནི་རོ་དྷ་ཨེ་ཝཾ་བཱ་དཱི་མ་ཧཱ་ཤྲ་མ་ཎ་སྭཱ་ཧཱ། བརྒྱ་རྩ་བརྒྱད་སོགས་བསྙེན་པར་བྱའོ། །གཉིས་པ་ཚ་ཚ་རྣམས་དམ་ཚིག་གི་སྐུ་གདུང་བསྐྱེད་པ་ནི། ཨཱོཾ་སྭཱ་བྷ་ཝ་ཤུདྡྷ༔ སརྦ་དྷརྨཱཿསྭཱ་བྷ་ཤུདྡྷོ྅་ཧཾ། མ་ཧཱ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭཱ་བྷ་ཝ་ཨཱཏྨ་ཀོ྅་ཧཾ། སྔགས་ཀྱིས་མི་དམིགས་པར་བསམ། སྟོང་པའི་ངང་ལས། རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་མཆོད་རྟེན་དཀར་སེར་དམར་ལྗང་མཐིང་ཀ་སྣ་ཚོགས་པ་དང་བཅས་པ། དཔག་མེད་བརྗོད་ཀྱིས་མི་ལང་བ་རྣམས་ཀྱི་ནང་དུ་བྷྲཱུཾཿའོད་དུ་ཞུ་བ་ལས་བྱུང་བའི་གཞལ་ཡས་ཁཾ་གྲུ་བཞི་སྒོ་བཞི་རྒྱན་རྟ་བབ་གདུགས་ཏོག་ཆོས་འཁོར་རྣམས་ཡོངས་སུ་རྫོགས་པའི་དབུས་སུ་སེང་གེའི་ཁྲི། ཤར་དུ་གླང་པོ་ཆེ། ལྷོར་རྟ་མཆོག །ནུབ་ཏུ་རྨ་བྱ། བྱང་དུ་ཤང་ཤང་གི་ཁྲི་ལ་པད་མ་ཉི་ཟླའི་དབུས་སུ། རྣམ་པར་སྣང་མཛད་ཡབ་ཡུམ། རྡོ་རྗེ་སེམས་དཔའ་ཡབ་ཡུམ། རིན་ཆེན་འབྱུང་ལྡན་ཡབ་ཡུམ། སྣང་བ་མཐའ་ཡས་ཡུམ། དོན་ཡོད་གྲུབ་པ་ཡབ་ཡུམ་དེ་རྣམས་ཀྱི་གཡས་གཡོན་མདུན་རྒྱབ་རྣམས་སུ་སེམས་དཔའ་བརྒྱད། སེམས་མ་བརྒྱད། ཡུམ་ཆེན་བཞི། སྤྲུལ་སྐུ་ཐུབ་དྲུག་སྒོ་བ་ཡབ་ཡུམ་བརྒྱད། གཞན་ཡང་རྩ་གསུམ་ཞི་ཁྲོའི་ལྷ་ཚོགས་ཏིལ་གྱི་གའུ་ཁ་ཕྱེ་བ་ལྟར་གང་བ་དང་

བཅས་པ་རྣམས་ཀྱི་སྐུའི་གདངས་ལས། ཁྲག་འཐུང་གི་ལྷ་ཚོགས་རྣམས་སྟེང་གི་ནམ་མཁའ་ལ་མེ་རི་མེ་དཔུང་འབར་བའི་དབུས་སུ། ཁྲག་འཐུང་ཧེ་རུ་ཀ་རིགས་ལྔ་ལ་གནས་ཀྱི་ཀོའུ་རི་མ་བརྒྱད། ཡུལ་གྱི་ཕྲ་མེན་མ་བརྒྱད་དང་སྒོ་མ་བཞི། དབང་ཕྱུགས་མ་ཉི་ཤུ་རྩ་བརྒྱད་ཁྲག་འཐུང་ལྔ་བཅུ་རྩ་བརྒྱད་དང་བཅས་པ་རྣམས་མེ་ལོང་གི་གཟུགས་བརྙན་ལྟར་དབྱེར་མེད་དུ་གསལ་བ་ལ། གཞན་ཡང་མཁའ་འགྲོ་ཆོས་སྐྱོང་དང་བཅས་པས་བསྐོར་བར་བསམ། གསུམ་པ་ཡེ་ཤེས་ཀྱི་སྐུ་གདུང་བསྟིམ་ཞིང་རབ་གནས་ནི། བདག་ཉིད་རྡོ་རྗེ་སེམས་དཔའ་དང་མདུན་བསྐྱེད་ཀྱི་ལྷ་ཚོགས་རྣམས་ལས་འོད་ཟེར་གྱི་ཚོགས་དཔག་ཏུ་མེད་པ་འཕྲོས་ནས། ཆོས་ལོངས་སྤྲུལ་གསུམ་གྱི་རྟེན་ཕྱོགས་བཅུ་དུས་གསུམ་དང་རང་བཞིན་གྱི་གནས་ནས། རང་བྱུང་གི་མཆོད་རྟེན་རིང་བསྲེལ་གྱི་ཚོགས་བཅས་སྟོན་པའི་ཀ་ལི་ནི་བཅུ་གཉིས་ལ་སོགས་པ་(ཀ་ནི་ཀའི་མཆོད་རྟེན་སོགས་བཅུ་གཉིས་)རྣམས་ལ་ཕོག་པས། དེ་རྣམས་ཀྱི་ཐུགས་རྗེ་བྱིན་རླབས་ཚུར་བསྡུས་ཏེ་རྟེན་ལ་ཐིམ་པར་དམིགས་ལ། སྤོས་དང་རོལ་མོ་དབྱངས་ཀྱིས་འདི་ལྟར་སྤྱན་འདྲེན་ནོ། །ཧཱུྃ་མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང་། །བདུད་སྡེ་དཔུང་བཅས་མི་བཟད་འཇོམས་མཛད་ལྷ། །དངོས་རྣམས་མ་ལུས་ཇི་བཞིན་མཁྱེན་གྱུར་པ། །ཞི་ཁྲོ་རབ་འབྱམས་འཁོར་བཅས་གཤེགས་སུ་གསོལ། །ཆོས་སྐུ་ལོངས་སྐུ་སྤྲུལ་པ་སྐུ་ཡི་རྟེན། །ཕྱོགས་དུས་སྐུ་གདུང་རིང་བསྲེལ་དཔག་མེད་དང་། །རང་བྱུང་སྤྲུལ་པའི་མཆོད་རྟེན་བཅུ་གཉིས་སོགས། །སྐུ་གདུང་མཆོད་རྟེན་འདི་ལ་གཤེགས་ཤིང་བཞུགས། །ཨཱོཾ་སརྦ་ཀ་ནི་ཀ་ཛ་ཧཱུྃ་བཾ་ཧོ། ཞེས་དམ་ཚིག་དང་ཡེ་ཤེས་གཉིས་སུ་མེད་པར་འདྲེས་ནས་ཆོས་ཀྱི་སྐུའི་ངོ་བོ་ལས། རྣམ་པ་མཆོད་རྟེན་གྱི་རང་བཞིན་དུ་གྱུར་བར་བསམ་མོ། །བཞུགས་སུ་གསོལ་བ་ནི། ཧཱུྃ་གནས་ལྔ་ཡེ་ཤེས་ལྷུན་གྲུབ་དཀྱིལ་འཁོར་དུ། །ཐབས་དང་ཤེས་རབ་ཉི་ཟླ་པད་མའི་གདན། །སེང་གེ་གླང་ཆེན་རྟ་

མཆོག་རྨ་བྱ་སོགས། །མཛེས་ཤིང་ཡིད་འོང་བཤམས་པའི་ཁྲི་སྟེང་དུ། །བླ་མ་ཡི་དམ་དཀྱིལ་འཁོར་ལྷ་ཚོགས་དང་། །མཁའ་འགྲོ་དམ་ཅན་རྒྱ་མཚོ་བཞུགས་སུ་གསོལ། །པདྨ་ཙཎྚ་སུཪྱ་མཎྜལ་ཀ་མ་ལ་ཡེ་སྟྭྃ། ཞེས་བཞུགས་སུ་གསོལ་བ་འདིའི་སྐབས་སུ། འབྲུ་གསུམ་དང་། ཞི་ཁྲོ་སྤྱི་དྲིལ་རྟེན་འབྲེལ་སྙིང་པོ་རྣམས་བཟླས། དེ་ནས་རྟེན་ལ་མེ་ཏོག་འཐོར་བ་བཅས་ཀྱི་ལན་བརྒྱ་རྩ་བརྒྱད་དམ། ཉེར་གཅིག་བདུན་སོགས་གང་སྐབས་བསྟུན་ནོ། །ཨཱོཾ་དམ་ཚིག་རྣམ་པར་དག་པའི་བདེན་པ་དང་། སོགས་དང་། བཀྲ་ཤིས་ཚིགས་སུ་བཅད་པ་གཅིག་བརྗོད་ནས་ཕྱག་འཚལ་བ་ནི། ཧཱུྃ་དུས་གསུམ་བླ་མ་ཡི་དམ་མཁའ་མགྲོའི་ཚོགས། །མ་ལུས་འཁོར་དང་བཅས་པ་ཐམས་ཅད་ལ། །ནམ་མཁའི་མཐའ་ཁྱབ་བདག་གི་ལུས་སྤྲུལ་ཏེ། །ལུས་ངག་ཡིད་གསུམ་གུས་པའི་ཕྱག་འཚལ་ལོ། །ཨ་ཏི་པུ་ཧོ། པྲ་ཏི་ཛ་ཧོ། འགྲོ་བའི་བླ་མ་གཅིག་པུ་འདུས་པ་ཡི། །སེར་སྐྱའི་གྲོང་ཁྱེར་བཞི་རུ་གནས་མཛད་ཅིང་། །ཡོན་ཏན་རིན་ཆེན་བྱེ་བས་བརྒྱན་པ་ཡི། །བདེ་གཤེགས་མཆོད་རྟེན་རྣམས་ལ་ཕྱག་འཚལ་ལོ། །མ་ག་ཏ་ཡི་བྱང་ཆུབ་ཤིང་དྲུང་དུ། །ཆུ་བོ་ན་ཛཱ་ར་(ནཻ་རཉྫ་ན་)ཞེས་བྱ་བའི། འགྲམ་བཞུགས་མཆོད་རྟེན་ཡོན་ཏན་རྒྱ་ཆེ་བ། །བྱང་ཆུབ་རྟེན་དུ་གྱུར་ལ་ཕྱག་འཚལ་ལོ། །ཀ་ཤི་ཀ་ཡི་ཝཱ་ར་ཎཱ་སཱི་རུ། །ཆོས་ཀྱི་འཁོར་ལོ་རྣམ་གྲོལ་རྨད་བྱུང་བས། ཉོན་མོངས་སྒྲིབ་ཀུན་རྣམ་པར་སྦྱངས་མཛད་པའི། །ཡེ་ཤེས་མཆོད་རྟེན་བཞི་ལ་ཕྱག་འཚལ་ལོ། །མཉན་དུ་ཡོད་པར་གཞན་སྟོབས་ཚར་བཅད་དེ། །ཛེ་ཏཱའི་ཚལ་དུ་ཆོ་འཕྲུལ་ཆེན་པོ་ཡི། །ས་གསུམ་དགོངས་པ་མཆོག་ཏུ་བསྒྲུབ་མཛད་པ། །མུ་སྟེགས་ཕམ་མཛད་མཆོད་རྟེན་ཕྱག་འཚལ་ལོ། །གྲོང་ཁྱེར་དམ་པ་མཆོག་གི་གསལ་ལྡན་དུ། །ལྷ་རྣམས་གཤེགས་ཏེ་བླ་ན་མེད་པ་ཡི། །ཞབས་ལ་ཚངས་དབང་ཅོད་པཎ་འཁོར་གྱིས་མཆོད། །སུམ་ཅུ་ལྷ་ཡི་མཆོད་རྟེན་ཕྱག་འཚལ་ལོ། །དགེ་

འདུན་དབྱེན་དུ་སྔར་གྱུར་ཚེ། །སྟོན་པའི་ཉན་ཐོས་རབ་བདུན་པ། །རྒྱལ་པོའི་ཁབ་ཀྱི་འོད་མའི་ཚལ། །བྱམས་པའི་མཆོད་རྟེན་ཕྱག་འཚལ་ལོ། །སྐུ་ཚེ་འདུ་བྱེད་བཏང་བ་ལ། །སླར་ཡང་སྐུ་ཚེ་བྱིན་རླབས་ཤིང་། །རྣམ་གྲོལ་ཡངས་པ་ཅན་གྱི་ཚལ། །བྱིན་རླབས་མཆོད་རྟེན་ཕྱག་འཚལ་ལོ། །ཀུ་ཤའི་གྲོང་དུ་འགྲོ་བ་རྣམས། །དགེ་བ་ལ་ནི་སྦྱོར་མཛད་པ། །འགྲན་མེད་གྱད་རྣམས་གཟུངས་ཀྱི་ཚལ། །མཆོད་རྟེན་མྱ་ངན་འདས་ལ་ཕྱག་འཚལ་ལོ། །ཤཱཀྱ་ཐུབ་པའི་མཆོད་རྟེན་བརྒྱད་པོ་དང་། །ཕྱོགས་བཅུ་གཞན་དང་གཞན་རྣམས་ལ། །བཞུགས་པའི་མཆོད་རྟེན་ཀུན་ལ་འདུད། །བཞེངས་ལ་རྟག་ཏུ་སྤྱིར་ཕྱག་འཚལ། །ཨ་ཏི་པུ། ན་མོ་ཧཱུྃ། མཆོད་འབུལ་ནི། ཧཱུྃ་ཡེ་ནས་རྣམ་དག་རྒྱལ་བ་མཉེས་མཛད་པ། མེ་ཏོག་བདུག་སྤོས་སྣང་གསལ་སྣ་ཚོགས་དྲི། །སྒེག་མོ་ཕྲེང་ཐོགས་གླུ་གར་ཡིད་འོང་མ། །ཞི་ཁྲོ་རབ་འབྱམས་དཀྱིལ་འཁོར་མཉེས་གྱུར་ཅིག །ཨཱོཾ་བཛྲ་པུཥྤེ་དྷུཔྤེ་ཨ་ལོ་ཀེ་གྷནྡྷེ་ནཻ་ཝིདྱ་ཤབྟ་ཨཱཿཧཱུྃ། བརྗོད། དེ་ནས་བསྟོད་པ་ནི། ཧཱུྃ་མ་སྐྱེས་ཆོས་ཉིད་དག་པའི་ཕོ་བྲང་ནས། །ཞི་དང་ཁྲོ་ཚུལ་ཐབས་མཁས་ཐུགས་རྗེའི་བདག །ཡེ་ཤེས་ཆེན་པོ་འགྲོ་བའི་དོན་མཛད་པ། །ཞི་ཁྲོ་རབ་འབྱམས་ཚོགས་ལ་ཕྱག་འཚལ་བསྟོད། །དེ་ནས་ཕྲིན་ལས་གཞོལ་བ་ནི། ཐལ་མོ་མེ་ཏོག་དང་བཅས་ཀྱིས། ཕྱོགས་བཅུ་དུས་གསུམ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་བླ་མ་ཡི་དམ་མཁའ་འགྲོ་རྒྱལ་བ་ཞི་ཁྲོའི་ཚོགས་མ་ལུས་ཐམས་ཅད་བདག་ལ་དགོངས་སུ་གསོལ། ཆེ་གེ་མོའི་ཐོག་དྲང་བདག་དང་རྒྱུ་སྦྱོར་ཡོན་གྱི་བདག་པོ་ལ་སོགས་པའི་སེམས་ཅན་ཐམས་ཅད་ཀྱི་ཚོགས་གཉིས་ཡོངས་སུ་རྫོགས་པ་དང་། སྒྲིབ་པ་ཐམས་ཅད་སྦྱངས་པའི་ཕྱིར་འཕགས་པའི་ཚོགས་ཁྱེད་

རྣམས། རྟེན་འདི་རྣམས་འབྱུང་ཆེན་བཞིའི་གནོད་པས་མ་འཇིག་གི་བར་དུ་བཞུགས་ནས། གང་གིས་ཕྱག་འཚལ་བ་དང་། མཆོད་པ་ཕུལ་བ་དང་། རེག་པ་དང་། ས་དང་། ཆུ་དང་། རླུང་དང་རྡུལ་གྱི་རེག་པའི་སེམས་ཅན་ཐམས་ཅད་ཀྱི་ལས་སྒྲིབ་མ་ལུས་པ་དག་ནས། རྒྱལ་བ་ཐམས་ཅད་ལ་མི་ཕྱེད་པའི་དད་པ་ཐོབ་སྟེ། ཕྱིར་མི་ལྡོག་པའི་ས་ལ་གནས་པ་དང་། བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས་པར་བྱིན་གྱིས་བརླབ་ཏུ་གསོལ། ཨཱོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ། ལན་གསུམ་གསོལ་བ་དང་། གསོལ་བ་བཞིན་དུ་སྣང་ནས་འགྲོ་བའི་དོན་མཛད་པར་བསམ་མོ། །བཞི་པ་རྗེས་ཀྱི་བྱ་བ་ནི། ཆོས་སྐྱོང་གི་གཏོར་མ་བྱིན་གྱི་བརླབས་ནས་རྒྱས་བསྡུས་གང་རིགས་ཀྱིས་ཕུལ་ལ་གཉེར་གཏད་བཅོལ་གཏམས་བྱའོ། །དེ་ནས་ཚ་ཚ་རྣམས་བྲག་ཕུག་གམ་མཆོད་རྟེན་དྲུང་། ཁང་བུ་ལ་སོགས་འབྱུང་བས་གནོད་པས་འོ་མི་བརྒྱལ་བའི་སར་བཞུགས་སུ་གསོལ། བཀྲ་ཤིས། བསྔོ་བ། སྨོན་ལམ་རྒྱ་ཆེན་པོ་བཏབ་རྗེས་སུ། འཁོར་གསུམ་མི་དམིགས་པའི་ངང་དུ་རྒྱས་གདབ་པ་ལ་སོགས་རྣམས་སྤྱི་མཐུན་དུ་བྱའོ། །༈ ལྔ་པ་ལས་ཚོགས་ཁ་བསྒྱུར་དུ་བཏབ་པའི་རིམ་པ་འདིར་མ་སྤྲོས་གཞན་དུ་གསལ་ལོ། །༈ སྤྱི་དོན་དྲུག་པ་ཚ་ཚ་བཞེངས་པའི་ཕན་ཡོན་ནི། གསང་འདུས་རྒྱུད་ལས། དེས་ནི་སྐུ་གསུམ་ལྷུན་གྱིས་གྲུབ། །མ་གྲུབ་བར་དུ་འཁོར་ལོ་བསྒྱུར། །ཆོས་སྐྱོང་རྒྱལ་པོ་ཆེན་པོར་འགྱུར། །ཞེས་དང་། ཐུགས་རྗེ་ཆེན་པོ་གསང་འདུས་ལས། ཡོན་ཏན་མཐའ་ཡས་བསམ་པ་འགྲུབ། ཅེས་སོགས་དང་། གཞན་ཡང་མདོ་སྡེ་རྣམས་ནས་ཚ་ཚའི་ཕན་ཡོན་གྲངས་མེད་གསུངས་ཀྱང་། འདིར་ཡི་གེ་མང་བས་སོ། །དེ་ཡང་དོན་བསྡུས་ན་སྐུ་གདུང་ཚ་ཚ་སྤྲུལ་སྐུ། གསུང་སྙིང་པོ་ལོངས་སྐུ། ཏིང་ངེ་འཛིན་ཆོས་སྐུ། རེ་རེ་ལའང་སྐུ་གསུམ་ཡོངས་སུ་རྫོགས་ཤིང་དོན་ཆེ་བའི་ཕྱིར་ན། གནས་སྐབས་ལམ་གྱི་བར་ཆད་སེལ་ཞིང་། མཐར་ཐུག་སྐུ་གསུམ་འཐོབ་པར་འགྱུར་ཏེ་ངོ་མཚར་ཆེ་བས། འདི་ལ་བརྩོན་འགྲུས་ཀྱི་ནན་ཏན་དུ་

འབད་པར་རིགས་སོ། །དེ་ལྟར་པད་མའི་གཏེར་ཁ་གོང་འོག་དང་། ཀློང་ཆེན་རབ་འབྱམས་བཞེད་ལྟར་བསྒྲིགས་པ་འདི། ཆོས་འབྱུང་བདག་གིས་ལྷག་བསམ་དག་པའི་དགེས། ཚོགས་རྫོགས་སྒྲིབ་སྦྱངས་སྐུ་གསུམ་འབྲས་ཐོབ་ཤོག །དགེའོ། །དགེའོ། །དགེའོ།


previousཟབ་ཆོས་ཞི་ཁྲོ་དགོངས་རང་གྲོལ་ལས་ཚེ་འདས་རོ་བསྲེག་ཆོ་གའི་ཆ་ལག་རུས་ཆོག་ཚ་ཚ་གདབ་ཐབས་སྒྲིབ་ཚོགས་རྣམ་དགnext