Nitartha Digital Library
Tibetan
བར་དོ་ཐོས་གྲོལ་ཆེན་མོའི་ཆོས་སྐོར་ཕྱོགས་བསྒྲིགས།


   
   
   
   
   
   
   
   
   
   
   
  expand section
   
   
   
   
   
   
   
   
   
   
   
   
   
   
བདུན་ཚིགས་ཟླ་བ་སྒྲོན་མེ།
   
   


 
previousབདུན་ཚིགས་ཟླ་བ་སྒྲོན་མེ།next

བདུན་ཚིགས་ཟླ་བ་སྒྲོན་མེ།

༈ བདུན་ཚིགས་ཟླ་བ་སྒྲོན་མེ་བཞུགས་སོ། །

ན་མཿཤྲཱི་བཛྲ་ཡོ་ཀི་ན་མོ། །ཐམས་ཅད་མཁྱེན་པའི་ཡེ་ཤེས་སྐུ། །ཉིན་མོར་བྱེད་པའི་འོད་ལྟ་བུ། །པདྨ་རྒྱས་པ་འདབ་འདྲའི་སྤྱན། །སངས་རྒྱས་སེང་གེའི་གདན་བཞུགས་པ། །ལྷ་ཡི་མཆོག་གིས་ཕྱག་བྱས་པ། །སྤྱི་བོས་བཏུད་དེ་ཕྱག་འཚལ་ལོ། །བར་མའི་སྲིད་པའི་འགྲོ་བ་གང་། །རྗེས་སུ་བཟུང་ཕྱིར་དེ་ཡི་ཐབས། །གསང་ཆེན་རྟེན་འབྲེལ་ཟབ་མོའི་གནད། །རྒྱུད་སྒྲུབ་མན་ངག་དུ་མའི་དོན། །བླ་མའི་ཞལ་ལས་བྱུང་བ་ཡིས། །མྱོང་བའི་ངེས་ཐོབ་ཅུང་ཟད་བྲི། །འདིར་རྡོ་རྗེ་སློབ་དཔོན་ཀྱི་དབང་བསྐུར་བ་ཡང་དག་པར་ཐོབ་པའི་རྣལ་འབྱོར་པས་འགྲོ་བའི་དོན་བྱ་བ་ནི། རྣམ་པ་གཉིས་ཏེ། ཚེ་དང་ལྡན་པའི་དོན་བྱ་བ་དང་། ཚེ་ལས་འདས་པའི་དོན་བྱ་བའོ། །དེ་ལ་གསུམ་སྟེ། རོ་སྲེག་པ་དང་། བདུན་ཚིགས་ཀྱི་ཚིགས་ལ་རྟེན་འབྲེལ་ཟབ་མོའི་ཆོ་གས་གནས་སྤར་བ་དང་། རུས་བུ་ལ་སྐུ་གཟུགས་བཞེངས་ཏེ་ཚོགས་བསགས་པའོ། །དེ་ལ་གཉིས་པའི་བདུན་ཚིགས་ཀྱི་ཆོ་ག་ནི། སྤྱིར་ཐེག་པ་འོག་མས་བྱས་པའི་ལས་ཆུད་མི་འཛའ། མ་བྱས་པའི་ལས་དང་མི་འཕྲད། གཞན་གྱིས་བྱས་པ་བདག་ལ་མི་སྨིན། སྲིད་པ་བར་མའི་སེམས་ཅན་ལ་རྗེས་སུ་དགེ་རྩ་དང་སྨོན་ལམ་གཞན་གྱིས་བྱས་ཀྱང་དོན་མེད་པར་འདོད་དེ། སློབ་དཔོན་དབྱིག་གཉེན་གྱིས། མི་བདོག་དེ་ནི་དྲི་ཟའོ། །ཅེས་པ་ལ་སོགས་པ་གསུངས་སོ། །ཐེག་པ་ཆེན་པོ་པ། དེ་བཞིན་གཤེགས་པའི་སྦྱིན་སྟོབས། ཆོས་ཀྱི་དབྱིངས་ཀྱི་མཐུ་སྟོབས། བྱང་ཆུབ་སེམས་ཀྱི་བསམ་སྟོབས། རྟེན་འབྲེལ་ཟབ་མོའི་ཐབས་

སྟོབས་རྣམས་ཀྱིས། ཚེ་འདས་པའི་རྗེས་སུ་དགེ་བ་བྱས་ཤིང་སྨོན་ལམ་བཏབ་པ་ཙམ་གྱིས་ཇི་ལྟར་མཐུན་པའི་འབྲས་བུ་འབྱུང་ལ། གསང་བ་བླ་ན་མེད་པའི་ལུགས་ཀྱིས། བདུན་ཕྲག་རེ་རེའི་ཚིགས་ལ་བར་དོའི་ལུས་དེ་འཆི་ཆུང་རེ་བྱེད་པས། དེ་ལ་ཆོ་ག་ཕུན་སུམ་ཚོགས་པའི་ཕྱི་ནང་གསང་གསུམ་རྟེན་འབྲེལ་ཟབ་མོས། བར་དོའི་རྟེན་མཆོག་དུ་གྱུར་པ་དེ་ལ། རྣམ་པར་དག་པའི་བག་ཆགས་སྒོས་ནས། བསགས་སྦྱང་མྱུར་དུ་རྫོགས་ཤིང་། ས་ལམ་ཡོངས་སུ་སྦྱངས་པས། དག་པ་བདེ་ཆེན་གྱི་ཞིང་དུ་གནས་སྤོར་བར་བྱེད་པ་དེ་ནི། རྡོ་རྗེ་ཐེག་པའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཡིན་ཞིང་། ཁྱད་པར་རྣལ་འབྱོར་གྱི་རྒྱུད་དང་། རྣལ་འབྱོར་ཆེན་པོའི་རྒྱུད་ཀྱི་དགོངས་པ་ཡིན་ནོ། །དེང་སང་བདུན་ཚིགས་མདོ་ལུགས་ཞེས་ཐ་སྙད་བཏགས་ཤིང་། རྡོ་རྗེ་སློབ་དཔོན་གྱི་དབང་མ་ཐོབ་པར། བདུན་ཚིགས་ལ་གཤིན་པོའི་དོན་བྱེད་པས་བདུན་ཚིགས་ཞེས་བྱ། གནས་དམན་པ་གོང་དུ་སྤོར་བར་བྱེད་པ་ཡིན་པས། གནས་མཆོག་གམ་གནས་དགོངས་ཞེས་བྱའོ། །དེའི་ཁྱད་པར་གྱིས་གདམས་པ་ཏ་ཐའི་རྒྱུད་ལས། སྔོན་གྱི་མཁས་པ་ཆེན་པོ་རྣམས་ཀྱིས་བདུན་ཚིགས་ཆེན་པོ་དུ་མ་དང་། བླ་མ་དམ་པའི་གསུང་གིས་རྗེས་སུ་འབྲེངས་ལ། མྱོང་བའི་ངེས་ཤེས་ཅུང་ཟད་ཐོབ་པ་ལ་བརྟེན་ནས། ཆོ་ག་ཅིག་མན་ངག་ཞལ་གྱི་གདམས་པ་ཡི་གེར་བཀོད་པ་འདི་ཡིན་ཏེ། བདུན་ཚིགས་ཀྱི་ཆོ་ག་གནད་ཀྱི་གདམས་པ་དང་། གཤིན་པོ་ཐར་བའི་བགེགས་དང་བྲལ་ཞིང་། གསོན་པོ་བཀྲ་ཤིས་པར་བྱ་བའི་ཕྱིར་ལྕགས་དང་འབྲེལ་བའི་གནད་ཀྱི་གདམས་པ་དང་། ལྕགས་དང་བྲལ་བའི་རྣམ་ཤེས་དགུག་ཅིང་བསྟན་པར་བྱ་བ་གནད་ཀྱི་གདམས་པ་དང་། དེའི་རྒྱུད་ལ་ཚོགས་བསག་ཅིང་སྒྲིབ་པ་སྦྱང་བ་དང་། ཏིང་ངེ་འཛིན་ཟབ་མོས་ས་ལམ་སྦྱངས་པ་གནད་

ཀྱི་གདམས་པ་དང་། དེ་ལྟར་རྒྱུད་དག་པའི་རྟེན་གྱི་གང་ཟག་དེ་ལམ་བསྟན་ཞིང་གནས་སྤར་བ་གནད་ཀྱི་གདམས་པ་ལྔའོ། །དང་པོ་སྟ་གོན་གྱི་གདམས་པ་ནི། སྤྱིར་སྦྱངས་པའི་རྟེན་གསུམ་གསུངས་ཏེ། རྟེན་རྫོགས་པ་རོ་ལ་བརྟེན་ཏེ་སྒྲིབ་པ་སྦྱོང་བ་དང་། རྟེན་གྱི་ཆ་ཤས་རུས་བུ་ལ་བརྟེན་ཏེ་སྒྲིབ་པ་སྦྱང་བ་དང་། རྟེན་གྱི་མཚན་མ་དྲི་གོས་སམ། གཟུགས་ལ་བརྟེན་ཏེ་སྒྲིབ་པ་སྦྱང་བའོ། །གནས་ལུང་ཆེན་མོའི་རྒྱུད་ལས། རྒྱུ་གནས་ཞེས་བྱ་བའི་རྟེན་གསུངས་པ་ཡང་ཡོད། འདིར་རྟེན་གསུམ་ལས་འོག་མ་གཉིས་པོའི་ཆོས་སྟོན་པར་བྱེད་དེ། །དེ་ཡང་། དོན་གྱི་ལུས་ངག་ཡིད་གསུམ་ལ་འབྲལ་བ་མེད་པའི་གནད་ཀྱིས། ཇི་སྲིད་རྣམ་རྟོག་དང་བཅས་པ་དེ་སྲིད་དུ་ལུས་སྣང་བ་ཡོད་དེ། ཉིན་པར་རྨི་ལམ་གྱི་ལུས། བར་དོ་ན་ཡིད་ཀྱི་ལུས་ཡོད། དེ་ཡང་། བདུན་ཕྲག་དང་པོའི་ཕྱེད་ཡན་ཆད། སྔར་མ་ཤི་བའི་ལུས་སུ་ཡོད་པ་སྙམ་བྱེད་པའི་བག་ཆགས་ཀྱི་ལུས་དེ་བསྟན་ཅིང་། དེ་ལས་སྐྱེས་པའི་རང་གི་གོས་བཟང་ཞིང་ཡིད་དུ་འོང་བ་ལ་ཆགས། བདག་དུ་འཛིན་ཞིང་སྦུབས་སུ་འཇུག་པས་སྟེ། དེ་ཉིད་ཀྱི་བར་དོའི་ཤེས་པ་དེ་འཁོར་བ་དང་བརྟེན་ཞིང་། ཆགས་པའི་རྟེན་འབྲེལ་དུ་གྱུར་པས། དྲི་གོས་ཆ་བའི་རྒྱུ་མཚན་དེ་ཡིན་ནོ། །གསོན་པོའི་དུས་ན་ཡང་གཞན་ཇི་སྙེད་ཡོད་ཀྱང་། རང་གིས་ཡུལ་དེར་འགྲོ། ཁང་པ་དེར་འཇུག །གོས་དེའི་སྦུབས་སུ་ཞུགས་པ་བཞིན་ནོ། །དམ་པའི་ཆོས་མངོན་པ་ལས། གཟུགས་མ་གཏོག་པའི་ཕུང་པོ་བཞི་ལ་མིང་བཞིའི་རྣམ་པར་ཤེས་པ་ཞེས་གསུངས་པས་དང་། སྡུད་པ་ལས། མིང་གི་གཞི་ལས་བདུད་ནི་ཉེ་བར་མགོ་གྱུར་ཏེ། །ཅེས་ཇི་ལྟར་བཏགས་པའི་མིང་

ལ་བདག་གིར་འཛིན་ཞིང་དེའི་རྗེས་སུ་སེམས་བསྐྱེད་པ་སྟེ། བར་དོར་ན་མིང་བཞིའི་རྣམ་པར་ཤེས་པ་མཆོག་ཏུ་གྱུར་པ་ཡིན་པས། མཚན་བྱང་འཛུགས་པ་དང་མིང་ནས་འབོད་པ་དང་། གཟུངས་སྔགས་མིང་སྤེལ་དང་བཅས་པས་ཆོ་ག་བྱེད་པའི་རྒྱུ་ུམཚན་ཡང་དེ་བཞིན་ནོ། །སྙུག་རྒོད་སྔར་ལོངས་མ་སྤྱད་པ་ཅིག་དྲི་གོས་ཀྱི་དཀྱིལ་ན་ཡར་གཟུགས་ཏེ། དེའི་རྟེན་འབྲེལ་ལས་ཟབ་མོའི་ཆེ་བ་བླ་ཚེ་ཞེས་པ་བག་ཆགས་ཀྱི་རང་གཟུགས། སྐྱོན་ཡོན་གྱི་ཉེར་ལེན་ཅིག་ཡོད་པ་དེ། དེ་ཉིད་དུ་འཁོར་ཞིང་གཞན་མི་འཁྱམ་པའི་རྟེན་འབྲེལ་ཏེ། རྣལ་འབྱོར་པ་ནུས་པ་ཅན་གྱིས་སེང་ལྡང་ཕུར་བུ་ས་ལ་གདབ་པ་ན། གང་དགུགས་པར་བྱ་བའི་ཡུལ་དེ་གཞན་དུ་འགྲོ་བར་མི་ནུས་པ་བཞིན་ནོ། །མེ་ལོང་གཡའ་དྭངས་པ་ཅིག་དེ་ལ་བཏགས་ཏེ། རྟེན་འབྲེལ་རྫས་ཀྱི་ཆེ་བ་དེ་ལ་བརྟེན་ནས། ཤེས་པ་གསལ་བག་ཆགས་རྣམས་གོས་སླ་བ་དང་། བློ་ལྷན་ཕེབས་སླ་བ་དང། བློ་ལྷན་ཕེབས་ཤིང་གཞན་དུ་འགྲོ་སྙིང་མི་འདོད་པ་ཡིན་ནོ། །སྟེགས་བུ་དང་དར་དཔྱངས་ལ་སོགས་པ་དངོས་སུ་མཛེས་པའི་གཟུགས་བརྙན་བྱས་ལ། དེས་སྐྱབས་སམ་འཕྲས་ས་ལྟ་བུར་གྱུར་ནས་ཡིད་དུ་འོང་བ་དང་། ཉམས་དགའ་བ་དང་། ཤེས་པ་འཇུག་པའི་རྟེན་འབྲེལ་ཡིན་ནོ། །གནས་ཁང་བརྒྱན་ཞིང་བྱི་དོར་བྱ་བ་དང་། སྐུ་གསུང་ཐུགས་ཀྱི་རྟེན་རབ་གནས་བྱས་པ་བཀྲམ་པ་དང་། མཆོད་པའི་ཁྱད་པར་གཙང་ཞིང་མ་འབགས་པ་དང་། དྲི་མ་མེད་པའི་བཀོད་པ་ཁྱད་པར་འཕགས་པ་ཞི་བའི་བྲིས་དང་མཐུན་པར་བཤམས་ཏེ། དེ་དག་གིས་གསོན་གཤིན་ཐམས་ཅད་ལ་བཀྲ་ཤིས་པ་དང་། བདེ་ལེགས་འབྱུང་བའི་རྟེན་འབྲེལ་ལོ། །ཚེ་འདས་ཀྱི་ལུས་ངག་ཡིད་གསུམ་མ་དག་པའི་ཁམས་སུ་འཁོར་བའི་སྦྱོང་བྱེད་དུ། རྣམ་པར་དག་པའི་གཞལ་ཡས་ཁང་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་

སུམ་ཅུ་རྩ་བདུན་དག་པའི་རྡུལ་ཚོན་གྱི་དཀྱིལ་འཁོར་བྲི་ཞིང་། དེའི་བརྡ་དོན་ཕུན་སུམ་ཚོགས་པ་འཕྲོད་པའི་ཆོ་ག་ཤེས་ན་རབ་ཏུ་ལེགས། དེ་མ་གྲུབ་ན། ཁམས་གསུམ་ཆོས་ཀྱི་དབྱིངས་ངོ་བོ་རང་བཞིན་གྱི་རྣམ་པར་དག་པ་མཚོན་པའི་མཎྜལ་ཟླུམ་པོའམ། ཚོམ་བུའི་མཎྜལ་ཡང་རུང་སྟེ། མདུན་བསྐྱེད་ཀྱི་དཀྱིལ་འཁོར་གྱི་རྟེན་དེ་ལྟ་བུ་དགོས་པ་དང་། བུམ་པ་མཚན་ཉིད་དང་ལྡན་པ་དག་བཀྲུ་ཞིང་། དཀར་པོས་བཀྲུས་པས་ཐུགས་ཕྱག་མཚན་དང་བཅས་པ་ལེགས་པར་བཤམས་ཏེ། དེ་དག་ནི་སྦྱང་གཞི་སྦྱོང་བྱེད་ཀྱི་ལུས་ངག་ཡིད་གསུམ་ཀྱང་། སྐུ་གསུང་ཐུགས་ཀྱི་རྟེན་སྦྱང་ཞིང་། དེ་ཚེ་འདས་ཀྱི་ལུས་ཀྱི་དྲི་གོས་སམ། གཟུགས་བརྙན་དང་། ངག་གི་རྟེན་མིང་བྱང་དང་། ཡིད་ཀྱི་རྟེན་མེ་ལོང་ཡིན་ལ། སྦྱོང་བྱེད་ལྷའི་འཁོར་ལོ་སྐུའི་རྟེན་དཀྱིལ་འཁོར་དང་། གསུང་གི་རྟེན་བུམ་པ། ཐུགས་ཀྱི་རྟེན་ཕྱག་མཚན་ནམ། ཡང་ན་བུམ་པ་ལ་གསུམ་ཀ་ཚང་བ་ཡིན་ནོ། །དེ་གསུམ་གཉིས་སུ་མེད་པའི་ཐུགས་རྗེས་འབྲེང་ཞིང་དག་པ་ཡེ་ཤེས་ཀྱི་ངོ་བོར་དབྱེར་མེད་པའི་ཕྱིར་ཡེ་ཤེས་ལྔའི་གཟུངས་ཐག་གིས་སྦྲེལ་བ་ཡིན་ནོ། །བར་དོའི་ལུས་ལ་གནས་པ་རྩ་མེད་པས། གཡོ་བ་རླུང་མཆོག་ཏུ་གྱུར་པ་ཡིན་ཞིང་། དེའི་གཉེན་པོ་ས་ཡིན་ལ། བརྟན་པར་བྱེད་པ་རྩ་ཡིན། ས་གཏི་མུག་རང་གཟུགས། གཏི་མུག་ཡེ་ཤེས་ཀྱི་མེས་སྦྱངས་པས་མི་རྟོག་པའི་ཡེ་ཤེས་ཆེན་པོས་ལས་ཀྱི་རླུང་དབང་དུ་བྱེད་པའི་རྟེན་འབྲེལ་དུ། བྱེ་མ་བརྔོས་པས་བྲབ་པ་དང་། ཡུངས་ཀར་རམ། མེ་ཏོག་ལ་སོགས་པས་བྲབ་པར་གསུངས་པ་ཡིན་ནོ། །དེ་ལྟར་སྟ་གོན་རྣམས་གནས་ལུང་ཆེན་མོ་འམ། ཡོ་ག་ངན་སོང་སྦྱོང་བའི་ཆོ་ག་ནས་འབྱུང་བ་བཞིན་བརྡ་དོན་འཕྲོད་པར་བཤམས་ཏེ། གནད་ཀྱི་གདམས་ངག་དང་པོའོ། །གཉིས་པ་ལྕགས་

དང་བྲལ་བ་གནད་ཀྱི་གདམས་པ་ནི། དེ་བཞིན་གཤེགས་པས་འཆི་བར་གྱུར་ལུང་བསྟན་པའི་མདོ་ལས་གསུངས་པ། དྲི་ཟ་འཆི་ཁ་མའི་ཡིད་ལ་མངོན་པར་རྒྱུ་ཅེས་བྱ་བ་དང་། འཆི་ཁར་དེའི་དྲུང་དུ་གཉན་དེ། དབུགས་ལེན་ཞིང་། དེའི་ཕུང་པོ་ལ་བདག་དུ་འཛིན་ཞིང་། ཚེ་འདས་པའི་ལུས་བཟུང་ནས། གསོན་པོ་རྣམས་ལ་གནོད་པར་བྱེད་ཅིང་། ལན་ཆགས་ཀྱི་ལས་ཀྱི་དབང་གིས་ཚེ་འདས་ཉིད་ལའང་བར་དོ་དང་། མངལ་དུ་སྐྱེ་བ་བླང་ཀྱང་རུང་སྟེ། གནོད་པར་བྱེད་པ་ཡོད་དེ། དེ་ཤི་གསོན་གཉིས་ཀ་ལ་ཕན་གདགས་པའི་ཕྱིར་ཚར་བཅད་པ་དང་། ཡང་ལྷན་ཅིག་སྐྱེས་པའི་འདྲེ་ཞེས་སྟོབས་སྐྱེས་ཏེ། ལྷན་ཅིག་སྐྱེས་པའི་ལྷ་ཞེས་སྟོབས་ཆུང་བར་གྱུར་ནས། ཚེ་འདས་དེའི་གཟུགས་བཟུང་ནས་གནས་པ་དེ། འདྲེ་དེས་ཤིན་ཏུ་འཚེ་སྟེ། དེའི་རྟེན་འབྲེལ་གྱིས་གསོན་པོ་དག་ལའང་གནོད་ཅིང་། ཚེ་འདས་ཀྱི་བར་དོའི་ལུས་དེ་ཡང་བག་ཡངས་སུ་འགྲོར་མི་བཏུབ་པ་དང་། བདེ་ལེགས་ཀྱི་གེགས་བར་ཆོད་དུ་འགྱུར་ཏེ། དེ་ལྷན་ཅིག་སྐྱེས་པའི་ལྷ་ལ་སྟོབས་གདབས་ཏེ། ཕན་གདགས་པའི་ཕྱིར་འདྲེ་དེ་ཚར་བཅད་པས། གསོན་གཤིན་གཉིས་ཀ་ལ་ཕན་པར་གསུངས་སོ། །ཚེ་འདས་ཀྱི་རྣམ་ཤེས་བགེགས་ཀྱིས་ཚགས་བྱས་པ་ལྟ་བུ་མ་ཡིན་ཏེ། བགེགས་ཀྱིས་རྣམ་ཤེས་མཐོང་བ་དང་ཤེས་པར་མི་ནུས་ལ། ཤ་འཁོན་ལན་ཆགས་ཀྱི་བརྡ་དེད་ཀྱིས། ལས་ཀྱི་དབང་གིས་བར་དོའི་ཡིད་ལུས་དེ་ལ་སྣང་བ་ངན་པའི་སྡུག་བསྔལ་བསྐྱེད་པའི་ཕྱིར་འགྱུར་བ་ཡིན་ནོ། །དེ་ལྟར་གཤིན་པོ་ཚེ་ལས་འདས་པ་དེ་ལ་ལྷན་ཅིག་སྐྱེས་པའི་འདྲེ་དང་ཕ་མེས་ཀྱི་རུས་འདྲེ་ལ་སོགས་པ་རྟག་པར་གནས་པ་དང་། ཡི་དྭགས་ཁོག་དྲུངས་ལ་སོགས་འཆི་དབུགས་ལེན་ཞིང་ཚེ་སྲོག་འཕྲོག་པ་ཡོད་དེ། དེ་དག་གི་ལྕགས་ལེགས་པར་མ་ཕྲལ་ན། བར་དོའི་གནས་སྐབས་སུ་དུས་

ཐམས་ཅད་དུ་རྗེས་སུ་འབྲེང་ཞིང་རྣམ་ཤེས་དེ་ལག་ཏུ་མི་ཁུགས་ཤིང་གནས་སྤོར་བའི་བགེགས་བྱེད། སྐྱེ་བ་ཕྱི་མ་ཡང་རྗེས་སུ་འབྲེང་ཞིང་། མའི་མངལ་དང་བུ་ཆུང་གི་ལུས་ཚུན་ཆད་དུ་གནོད་པའི་གེགས། རྒྱུར་འདྲེར་འགྱུར་ཞིང་བྱང་ཆུབ་ལ་ཡང་བར་དུ་གཅོད་པའི་བདུད་དུ་གསུངས་ཏེ། ངན་སོང་སྦྱོང་རྒྱུད་ལས། ཚེ་ཕྱི་མའི་ལུས་བླངས་པ་ན་ཡང་གེགས་མེད་པར་འགྱུར་བའི་ཕྱིར་རོ། །ཅེས་པ་དང་། བར་དོ་དང་སྐྱེ་བ་ཕྱི་མ་ལ་རྗེས་སུ་འབྲེང་བའི་བགེགས་དང་། བྱང་ཆུབ་ལ་བར་དུ་གཅོད་པའི་བདུད་ཐམས་ཅད་དང་བྲལ་བ་དང་། གཉེན་འབྲེལ་ཤུལ་ན་མཆིས་པ་རྣམས་བཀྲ་ཤིས་ཤིང་། ཤི་ཁ་བཅད་པའི་ཕྱིར། ལྕགས་དང་ཕྲལ་བ་འདི་གལ་ཆེའོ། །དེ་ལ་ཚེ་འདས་དེའི་གསོན་བདུད་གཤིན་ལྕགས་སུ་བྱེད་པ་དེ་གདོན་གྱི་རིགས་གང་ཡིན་ཤེས་དགོས་ཏེ། ཀླུའམ་ས་བདག་གི་གདོན་ཡིན་ན། ཞི་བའི་ཆོ་ག་འབའ་ཞིག་གིས་གཤེད་དང་བྲལ་བར་བྱས་ཏེ། དེ་ཐམས་ཅད་ལའམ། གཙོ་གང་ཆེ་རྟོག་པ་ཞི་བས་སྦྱངས་པ་དང་། ཞི་དྲག་སྤེལ་མས་སྦྱང་པ་དང་། དྲག་པོས་སྦྱང་པ་དང་། ལྕགས་དང་བྲལ་བར་བྱས་ཏེ། དང་པོ་འཁྲུལ་འཁོར་ལེགས་པར་བྱས་ཏེ། གཤིན་པོ་ཚེ་ལས་འདས་པ་དང་། གསོན་པོ་ཤུལ་ན་ཡོད་པ་དང་། གདོན་གསོན་བདུད་དང་། གཤིན་ལྕགས་སུ་བྱས་པ་གསུམ་ལ་བྱམས་པ་རྩེ་གཅིག་ཏུ་བསྒོམ་ཞིང་། དེ་ཚད་དུ་ལོངས་པ་དང་། རིམ་གྱིས་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ལ་ཚད་མེད་པ་ཡུན་རིང་དུ་བསྒོམ་མོ། །དེ་ལ་བྱམས་པའི་སྟོབས་ཐོབ་པ་དང་། དེའི་ངང་ནས་གཏོར་མ་རྒྱན་ཅན་ཅིག་བཤམས་ལ། ཐུགས་ཀ་ནས་བྱམས་པའི་འོད་ཟེར་ལྕགས་ཀྱུ་ལྟ་བུས་གནོད་བྱེད་ཀྱི་གདོན་དེ་རང་དབང་མེད་པར་བཀུག་ནས། ཡིད་དགའ་བ་དང་བཅས་ནས། མདུན་དུ་འོང་བར་བསམ། དེ་ལ་ཏིང་ངེ་

འཛིན་རྒྱལ་པོ་དང་། སྔགས་དང་ཕྱག་རྒྱ་དང་བཅས་པས་ཇི་ལྟར་འདོད་པའི་རྗེས་དང་མཐུན་པའི་ཡས་སུ་བསྔོ་ཞིང་། བདེན་བརྡར་ལེགས་པར་བྱས་པ་ནི་ཞི་བས་སྦྱང་བའོ། །དེ་ནས་ཀླུ་བདུད་ཀྱི་གཏོར་མ་དེ། བརྔན་པའི་ཚུལ་གྱིས་ཕྱིར་བཏང་ཞིང་། སུམྦྷ་ནི་ལ་སོགས་བགེགས་མཐར་བྱེད་ཀྱི་སྔགས་ཀྱི་ཆབ་གཏོར་གྱི་རྗེས་ནས་ཁྱི་འབྲེང་བ་བཞིན། གཏོར་མའི་རྗེས་ནས་བགེགས་རྣམས་རིངས་པར་བསྐྲད་པ་ནི། ཞི་དྲག་སྤེལ་མས་སྦྱང་བའོ། །དེ་ནས་གུ་གུལ་གྱིས་བདུག །ཡུངས་ཀར་གྱིས་བྲབ། མཚོན་ཆས་བསྡིགས་ཁྲོ་བོའི་བསྟོད་པ་དང་སྔགས་སྣ་ཚོགས་བརྗོད་ཅིང་། ས་མ་ཏིས་རང་ཉིད་ཐུགས་དམ་ཁྲོ་བོར་གསལ་བའི་ཐུགས་ཀ་ནས། ཁྲོ་བོ་ཁྲོ་མོ་མེ་དང་བཅས་པ་སྤྲོས་ཏེ། ཚེ་ལས་འདས་པ་ལ་འཇུ་ཞིང་འཆང་བའི་གཤེད་པོ་དེ་བསྐྲད་ཅིང་དངངས་ནས་ཕྱི་ལྕགས་རི་མུ་ཁྱུད་ཀྱི་ཕྱི་རོལ་དུ་བསྐྲད་པས། ཚེ་འདས་པའི་རྣམ་ཤེས་དེ་བག་ཡངས་སུ་རྒྱངས་ཐོན་པར་བསྒོམ་པ་ནིི། དྲག་པོའི་སྦྱང་བའོ། །དེ་ལྟར་ཞི་དྲག་གསུམ་གྱིས་སྦྱང་བ་ནི། གཤེད་དང་བྲལ་བ་ཡིན་ལ། དེ་ལྟར་གཤེད་དང་བྲལ་ཡང་ལྕགས་དང་མ་བྲལ་ན། མཐར་མི་ཕྱིན་ཏེ། དཔེར་ན་མི་གཅིག་དགྲ་དང་འཕྲད་དེ་འཐབ་པ་ལས། ལན་ཅིག་དེ་གཉིས་བྲལ་ནས་གུད་གུད་དུ་མཐོང་དེ་དགྲ་དེ་མ་ཐུལ་ཅིང་ཁོན་བཅུག་སྦྱངས་ནས་ཡང་ནམ་འཕྲད་པའི་ཚེ་ན་འཐབ་པ་བཞིན་དུ། ལན་ཅིག་གཤེད་དང་ཕྲལ་ཡང་ད་དུང་གནོད་སེམས་ཀྱིས་གཤིན་ལྕགས་ཡོད་པས་ཡང་ནམ་འཕྲད་ཙ་ན་འཚེ་ཞིང་གནོད་པར་བྱེད་དེ། གཤིན་པོའི་རྣམ་ཤེས་དེ་བག་ཡངས་སུ་མི་ཕྱིན་ཞིང་། གསོན་པོར་བཀྲ་ཤིས་པ་དང་ཤི་ཁ་ཆོད་པ་མི་འབྱུང་བས། ལྕགས་དང་བྲལ་བ་ནི་གལ་ཆེ་ཞིང་བར་དོ་རྣམ་ཤེས་འགུགས་པའི་ཆོ་ག་བྱས་ནས་དྲི་མ་ལ་མ་བསྟིམ་བར་ལ། ཞི་དྲག་གསུམ་གྱིས་

ལྕགས་དང་བྲལ་བ་ནི། ཀླུའམ་ས་བདག་གི་གདོན་ལ་རང་གི་རིགས་དང་མཐུན་པའི་ཀླུ་གཏོར་དང་བ་སུ་ཀི་ལ་སོགས་བཏང་ཞིང་། བདེན་པ་ལེགས་པར་བརྡར་ཏེ། ལན་ཆགས་དང་ཤ་འཁོན་བཅུག་ལེགས་པར་སྦྱངས་ཏེ། ཞི་བའི་ཆོ་གས་ལྕགས་དང་བྲལ་ཞིང་། ཏིང་ལོ་དང་ཆང་བུ་ལ་སོགས་པ་ཞི་དྲག་ཕྱེད་མའི་ཆོ་ག་དང་། མཐར་དྲག་པོའི་སྔགས་ཀྱིས་ཅུང་ཟད་བསྡིགས་པར་བྱའོ། །བཙན་རིགས་ལ་སོགས་པའི་གདོན་ལ། རང་རང་གི་རིགས་དང་མཐུན་པའི་གཏོར་མ་རྒྱན་དང་བཅས་པ་འདོད་པའི་ཡས་བཏང་སྟེ། ལན་ཆགས་སྦྱང་བ་དང་། དྲག་པོས་ཚར་བཅད་དེ། མཐུ་དང་ནུས་པ་མེད་པར་བྱས་ལ། ཞི་དྲག་ཕྱེད་མས་ལྕགས་དང་བྲལ་བའོ། །རྒྱལ་པོའམ་ཐེའུ་རང་ལ་དྲག་པོ་ཁོ་ནས་ལྕགས་དང་བྲལ་ཏེ། གདོན་དེ་བསམ་ངན་སྦྱོར་རྩུབ་ཀྱི་མཐུ་དང་ནུས་པ་ཐམས་ཅད་དང་བྲལ་ནས། ཚར་ལེགས་པར་བཏུལ་ཏེ་ནུས་མེད་དུ་བྱས། ཚེ་འདས་དེ་མཐུ་སྟོབས་དཔག་ཏུ་མེད་པ་སྐྱེས་ཏེ། གདོན་དེས་བ་སྤུ་གཅིག་ཀྱང་གཡོ་མི་ནུས་ཤིང་། མིག་ཀྱང་བལྟ་མི་ནུས་པར་བསམ་མོ། །ཡང་ན་གདོན་དེ་བསྒྲལ་ཏེ་རྣམ་ཤེས་འོག་མིན་དུ་འཕངས་པ་ཡང་རུང་སྟེ། དྲག་པོས་ཕྲལ་བའོ། །མདོར་ན་དེ་ཐམས་ཅད་ལ་གཏོར་མ་དང་བླ་གླུད་ཀྱིས་བུ་ལོན་དང་ལན་ཆགས་ཐམས་ཅད་ཁྱེར་བར་བྱས་ནས། ཁོན་བཅུགས་སྦྱངས་པའམ། དྲག་པོས་མཐུ་དང་ཕྲལ་ཏེ། ནུས་མེད་དུ་བྱས་པའི་སྒོ་ནས། གསོན་གཤིན་གཉིས་ཀ་ལ་ཡང་། གནོད་སེམས་ཀྱིས་ཡིད་གཅུགས་མེད་པར་བྱས་པ་ནི་ལྕགས་དང་ཕྲལ་བའོ། །ལྕགས་དང་ཕྲལ་མ་ཕྲལ་གྱིས་སེམས་ཉམས་ནི། རང་ཉིད་ཡི་དམ་ལྷར་གསལ་བས། གདོན་དེ་ལ་ཤེས་པ་གཏད། སེམས་དཀྲུག་བསྲེས་ནས་བཞག་པས། ཤེས་པ་ཚུབ་རོང་འོང་ན་མ་བྲལ་བ་ཡིན་ལ། ཤེས་པ་བདེ་སང་གིས་འགྲོ་

ཞིང་བྱམས་པའི་ཏིང་ངེ་འཛིན་ལ་ནམ་བཞག་གིས་བྱམས་པའི་སྟོབས་ཆེན་པོ་སྐྱེས་ན་བྲལ་བ་ཡིན་ནོ། །བྱམས་པ་ལ་ཡུན་རིང་དུ་བཞག་པས་རང་གཞན་ཐམས་ཅད་ལ་འབྲས་བུ་འབྱུང་ཞིང་། བཀྲ་ཤིས་པའི་རྟེན་ཡིན་པས་གལ་ཆེའོ། །དེ་ལྟར་བྱམས་པའི་བཅོས་དང་གདོན་དང་གདོན་གང་ཡིན་ལ་ཞི་དྲག་གི་ཆོ་ག་གང་འཇུག་བྱེ་བྲག་མི་ཤེས་པར། མགོ་རིལ་རིལ་དང་ཕུར་པ་ཛཾ་ཛཾ་གྱིས་རང་གཞན་གཉིས་ཀ་ཅིར་འགྱུར་མི་ཤེས། གདོན་ཀླུ་གདོན་ལྟ་བུ་ལ་ཆོ་ག་དྲག་པོ་རྐྱང་པ་བྱས་ན། གཤིན་པོའི་ལྕགས་མི་ཕྲལ་ཞིང་། གསོན་པོའི་ཕྱི་སྐོར་དུ་ཟློག་གམ། ནང་དུ་ཟློག་གམ། རང་ལ་ཟློག་གམ་ཇི་ལྟར་ཡང་བར་ཆད་ཀྱི་རྒྱུར་འགྱུར་བས་བསམ་སྦྱོར་ཐམས་ཅད་གནད་ནས་འཛིན་པ་གལ་ཆེའོ། །གསུམ་པ་རྣམ་ཤེས་འགུགས་ཤིང་བརྟན་པར་བྱ་བ་གནད་ཀྱི་གདམས་པ་ནི། རང་ཉིད་བྱང་ཆུབ་ཀྱི་སེམས་ཀྱིས་ཁྱད་པར་དུ་བྱས་པའི་ལྷའི་ང་རྒྱལ་བརྟན་པོ་དང་། བྱམས་པའི་ཤུགས་ཆེན་པོས་རྩེ་གཅིག་ཏུ་བསྒོམ་ཞིང་། བྱམས་པ་ཚད་དུ་ལོངས་པ་དང་། དེའི་ངང་ནས་རྣམ་ཤེས་འགུགས་པའི་ཆོ་ག་བྱས་ཏེ་བྱམས་པ་དེ་དང་སྐད་ཅིག་ཀྱང་མ་བྲལ་བར། དྲི་གོས་གཟུགས་རྟེན་དེ་མིང་གི་ཡི་གེ་དང་པོའམ། ཎི་ཡོངས་སུ་གྱུར་པ་ལས་ཚེ་འདས་གང་ཡིན་དེར་བསྐྱེད་ལ། དེ་ནས་ཐུགས་ཀའི་ས་བོན་ལས་བྱམས་པའི་ལྷ་མོ་ལྕགས་ཀྱུ་མ་འཕྲོས་པས། ཚེ་འདས་པའི་རྣམ་ཤེས་དེ་བགེགས་དང་བྲལ་ནས། གུད་དུ་རྒྱངས་ཀྱིས་ཐོན་ནས་ཕྱོགས་ཐམས་ཅད་དུ་ཡེད་ཡེད་ཡོད་པ་དེ། ལྷ་མོ་དེའི་བྱམས་པའི་ལྕགས་ཀྱུས་སྙིང་ག་ནས་ཙེར་གྱིས་བཟུང་ནས། རང་དབང་མེད་པར་བཀུག་སྟེ་འོང་བར་བསམ་པའམ། ཡང་ན་ཐུགས་ཀའི་ས་བོན་ལས་བྱམས་པའི་འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས་ཏེ། རང་དབང་མེད་པར་བཟུང་བཀུག་པར་བསམ་ལ། ལྕགས་ཀྱུའི་ཕྱག་རྒྱ་

དང་ཨངྐུ་ཤེའི་སྔགས་ཀྱིས་བཀུག་ཏེ། དེ་ཡང་། ཆེར་མི་ཡུལ་ན་སྔ་མའི་བག་ཆགས་དང་བཅས་ནས་ཡོད་པས། ཎི་བཛྲ་ཨངྐུ་ཤ་ཛ༔ ཞེས་པའི་སྔགས་དང་། བདུན་ཕྲག་གཉིས་མན་ཆད་འགྲོ་བ་རིགས་དྲུག་གི་གནས་ན། རིགས་དྲུག་གང་དུ་སྐྱེས་པའི་ཕྱི་མའི་ལུས་ཀྱི་སྣང་བ་དང་བཅས་ནས་ཡོད་སྲིད་པས། ཨ་ཎི་སུ་ཏྲི་པྲེ་ཏུ་བཛྲ་ཨངྐུ་ཤ་ཛ༔ ཅེས་བརྗོད་ཅིང་། དགུགས་པའི་ཆོ་ག་བྱས་པས། ཚེ་འདས་པ་དེའི་གཟུགས་ཀྱི་རྣམ་པ་ཇི་ལྟ་བར་མདུན་དུ་འོང་བར་བསྒོམ་ཞིང་། སེམས་སམ་མཐོང་ཉམས་ལ་སོགས་པས་ཁུགས་པའི་མཚན་མ་མངོན་དུ་འགྱུར་གྱི་བར་དགུགས་པར་བྱའོ། །རང་འཕྲིན་ལས་ཀྱི་བསམ་པ་མེད་ཅིང་། བྱམས་པ་བརྩེ་སེམས་ཀྱིས་འགུགས་པའི་སྦྱོར་བ་བརྟན་པ་ཙམ་གྱིས་ཚེ་ལས་འདས་པ་དགའ་ཞིང་མྱུར་བར་འོང་བར་འགྱུར་རོ། །དཔེར་ན་མི་བྱམས་པས་མགྲོན་དུ་བོས་ན། དགའ་ཞིང་སྤྲོ་བས་མྱུར་དུ་འགྲོ་ལ། རེ་འདོད་ཀྱི་མགྲོན་དུ་བོས་ན་འགྲོ་བ་མི་སྤྲོ་བ་བཞིན་ནོ། །དེ་ན་བྱམས་པས་འགྲོ་བ་ཐམས་ཅད་འདུན་པར་བྱེད་པས། དགུག་པ་བྱམས་པའི་ལྕགས་ཀྱུ་མ་ཡོང་(ཡེངས་)བ་ཡིན་ནོ། །མིང་བཞིའི་རྣམ་པར་ཤེས་པ་མཆོག་ཏུ་གྱུར་པས། གདུངས་བས་མིང་ནས་བོས་པ་དང་། ཉེ་དྲུང་བརྩེ་བ་དྲུང་ན་ཡོད་པས་ཀྱང་ཉེ་བར་འཁོར་བའི་རྟེན་འབྲེལ་དུ་འགྲོ་བ་ཡིན་ནོ། །དེ་ལྟར་རྣམ་པར་ཤེས་པ་དགུག་ཅིང་མདུན་ཡོད་པ་དེ་ལ། ཞི་དྲག་འདྲེས་མ་གསུམ་གྱི་ལྕགས་དང་བྲལ་བའི་ཆོ་ག་གོང་བཞིན་བྱ། སྡིག་པ་དང་བྲལ་བའི་ཆོ་ག་བྱའོ། །ཚེ་འདས་དེ་གྲི་རུ་བསད་པའམ། མེ་གྲིའམ། ཆུ་གྲིའམ། ཐིབས་གྲིའམ། ལྕེབས་གྲིའམ། གང་དུ་ཤི་ཡང་དེའི་བག་ཆགས་དེ་ཤིན་ཏུ་འཇིགས་པར་ཡོད་པས། དེ་ལ་གྲི་འགྲོལ་ཀྱི་ཆོ་ག་མ་བྱས་ན། བག་ཆགས་དེ་

རྗེས་སུ་འབྲེངས་ནས་ཡང་ནས་ཡང་དུ་འཁྲུལ་ཞིང་། རྣམ་ཤེས་དགུག་ཅིང་བརྟན་པ་དག་པའི་བག་ཆགས་བགོ་དཀའ་བར་འགྱུར་རོ། །དེ་ལ་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱི་གདམས་ངག །མངའ་བདག་མྱང་རལ་པ་ཅན་གྱིས་ལྷོ་བྲག་ཁོ་ཐིང་གི་གཏེར་ཁ་ནས་ཐོན་པའི་གྲི་འགྲོལ་གྱི་ཆོ་ག་ནི། ཚེ་འདས་མདུན་དུ་གསལ་བར་བསྒོམ་ལ། དེའི་ལུས་ཡི་གེ་ཎི་སྔོ་སྐྱའི་དྲ་བས་སྦྲེལ་བར་ཀེང་རུས་ཀྱི་ལུས་ལྟ་བུ་ཡོད་པའི་སྙིང་ཁར། བར་དོའི་རྣམ་པར་ཤེས་པ་ཡི་གེ་ཨ་དཀར་པོའི་གཟུགས་ཀྱིས་གནས་པར་བསམ། དེ་ལ་རང་ཡི་དམ་གྱི་ལྷར་གསལ་བའི་ཐུགས་ཀ་ནས། ཡི་གེ་ཧཱུྃ་དཀར་པོའི་འོད་ཟེར་འཕྲོས་པས། ཧཱུྃ་དེ་དག་གི་ཎིའི་དྲ་བ་ལུས་ཀྱི་རྣམ་པ་ཅན་དེ་ཧྲུལ་བཤིག་པས། སྔ་མའི་ལུས་ཀྱི་བག་ཆགས་ངན་པ་དང་བྲལ་བར་བསམ། ཡང་ཐུགས་ཀའི་ས་བོན་ལས་ཕཊ་དམར་སེར་དཔག་ཏུ་མེད་པ་འཕྲོས་པས། ཀྵ་ཡིག་དེ་རྣམས་མི་སྣང་བར་གཏོར་བས། གང་གི་རྐྱེན་གྱིས་གྲིར་ཤི་བའི་འཇིག་སྐྲག་གི་སྣང་བ་དེ་སངས་ཀྱིས་ཡལ་བར་བསམ། ཨ་ཎི་ཀྵ་ཧཱུྃ་ཕཊ། ཅེས་བརྒྱ་རྩ་བརྒྱད་བརྗོད་ཅིང་། གཡས་སུ་ས་རྫར་མེ་བཞག །གཡོན་དུ་དྲི་ཆུ་བཞག །ཏིལ་ལམ། ཡུངས་ཀར་གྱིས་མཚན་བྱང་ལ་བྲབས། དྲི་གོས་སམ་གཟུགས་བརྙན་ལ་བསྐོར་ཞིང་། གཡོན་གྱིས་གཡས་ཀྱི་མེ་ལ་དོར། གཡས་ཀྱིས་གཡོན་གྱི་ཆུ་ལ་དོར། མཐར་ཧཱུྃ་དང་ཕཊ་ཀྱིས་ཎི་དང་ཀྵ་རྣམས་ཞིག་ཅིང་གཏོར་བས་མི་དམིགས་པར་གྱུར། ཎི་རང་བཞིན་མེད་པར་སོང་བས་སྔ་མའི་བག་ཆགས་ངན་པ་དག་ཅིང་། ཀྵ་ཡིག་རང་བཞིན་མེད་པར་སོང་བས་སྔ་མའི་འཇིག་སྐྲག་གི་བག་ཆགས་ངན་པ་དག་སྟེ། ལུས་དང་སྣང་བ་སངས་ཀྱིས་གྲོལ་ནས། བར་དོའི་རྣམ་ཤེས་ཨ་དངུལ་ཆུའི་མདོག་ལྟ་བུའི་གཟུགས་སུ་འཁྲིས་མེད་པར་རྒྱངས་ཀྱིས་ཐོན་པར་བསམ་ལ། དྲི་མ་དེ་ལན་ཅིག་བཤིག་ལ་

དཀོན་མཆོག་གསུམ་གྱི་བདེན་པ་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཐུགས་རྗེ་དང་། འཕྲིན་ལས་ཀྱི་བྱིན་རླབས་ཀྱིས་ཚེ་ལས་འདས་པ་ཆེ་གེ་མོ་ཞེས་བྱ་བའི་བག་ཆགས་ངན་པའི་ལྕགས་དང་བྲལ་བར་གྱུར་ཅིག །ཅེས་པ་དང་། སོར་མོ་བསྣོལ་བ་ཕྱིར་འགྲོལ་བའི་ཕྱག་རྒྱས་ༀ་བཛྲ་བྷཾ་དྷ་ཏྲ་ཐ། ༀ་སརྦ་བིན་དྷ་ཏྲ་ཐ། ༀ་བཛྲ་ས་མ་ཡ་ཏྲ་ཐ། ཅེས་བརྗོད་ལ། དེ་ནས་དྲིའི་ཆུ་དེས་མཚན་བྱང་བཀྲུས་ལ། དེ་ནས་ཆུ་དེ་མེ་ལ་བླུག་སྟེ། ལན་གསུམ་བསྐོར་བ་སྒོའི་ཕྱིར་དོར། དེ་ནས་དྲི་གོས་ལེགས་པར་བཅས་ལ། དཀྱིལ་འཁོར་གྱི་ལྷོའི་སྒོར་སྦྱོང་། སྟེགས་བུ་ཁྲུ་གང་བ་པདྨ་དཀར་པོའི་ལྟེ་བར་འཁོར་ལོ་སྔོན་པོ་བྲིས་པའི་སྟེང་དུ་བཞུགས་ཏེ། དྲི་གོས་དེ་ཚེ་ལས་འདས་པའི་ལུས་སུ་བསྒོམ། པྲ་བེ་ཤ་ཡ་ཕཊ་ཅེས་ལུས་ཀྱི་སྒོ་ཕྱེ། ཨ་བེ་ཤ་ཡ་ཨ། ཅེས་རྣམ་པར་ཤེས་པ་དེ་ལུས་ཀྱི་ནང་དུ་གཞུག །དེ་ལས་གཞན་དུ་མི་འགྲོ་ཞིང་བརྟན་པར་བྱ་བའི་ཕྱིར་ལུས་དེའི་སྙིང་ཀར་ཡེ་ཤེས་ཀྱི་རྡོ་རྗེ་རྩེ་དགུ་པ་བསམ། དེའི་ལྟེ་བ་ལ་ཡི་གེ་ཧཱུྃ་དཀར་པོ་བསམ། དེ་ལ་ཛ་ཞེས་བརྗོད། རྣམ་ཤེས་ཉེ་བར་དགུག །ཧཱུྃ་ཞེས་རྡོ་རྗེ་ལྟེ་བའི་ཧཱུྃ་ལ་བསྟིམ་ཞིང་གཞུག །བཾ་ཞེས་དེ་དང་དབྱེར་མེད་དུ་བཅིང་། རྐྱེན་ཀྱིས་གཡོ་མི་ནུས་ཤིང་། ཧོ་ཞེས་དགྱེས་པ་བསྐྱེད་དེ་གསལ་ཞིང་བརྟན་པར་བྱའོ། །དེ་ནས་གཤེད་དང་བྲལ་བས་བགེགས་ཀྱིས་ཕྱིན་ཆད་མི་ཚུགས་པའི་ཕྱིར་སྲུང་བ་བྱ་བ་ནི། རྡོ་རྗེ་རྩེ་གཅིག་པའི་ཕྱག་རྒྱས་ཏེ། དྲི་གོས་ཀྱི་སྤྱི་བོར་བཞག་སྟེ། ༀ་བཛྲ་ཙཀྐྲ་ཀ་ལ་ཤ་རཀྵ་ཧཱུྃ། ཅེས་བརྗོད་པས། ཚེ་ལས་འདས་པའི་ལུས་རྡོ་རྗེའི་ཁྲབ་ཀྱིས་ཞུ་ུལུགས་སུ་གྱུར་པར་བསམ། རྡོ་རྗེ་ཕྲ་མོས་བ་སྤུའི་བུ་ག་ཐམས་ཅད་གཏམས་ཏེ། བགེགས་ཀྱི་ཚོགས་ཀྱིས་ཚུགས་པར་མི་ནུས་པའི་ནུས་མཐུ་མཆོག་ཏུ་

གྱུར་པ་ཐོབ་པར་བསམ་ལ། སྤྱི་བོར་སྣ་ཚོགས་རྡོ་རྗེས་རྒྱས་གདབ་བོ། །དེ་ནས་བར་དོའི་གདམ་ངག་བརྡ་དོན་འཕྲོད་པ་ལེགས་པར་བཤད་པ་གལ་ཆེ་གསུངས་སོ། །དེ་ནས་ཕྱག་དང་། སྐྱབས་སུ་འགྲོ་བ་དང་། སྡིག་པ་བཤགས་པ་དང་། སྐྱབས་སུ་འགྲོ་བའི་རྗེས་འགྲོ་བ་བསྟན་པ་བགེགས་པ་དང་། སེམས་བསྐྱེད་པ་ལ་སོགས་པ་བྱས་ཏེ། དེ་ཐམས་ཅད་དུ་ཡང་ཚེ་འདས་པའི་རྣམ་པར་གསལ་བས་ཇི་ལྟ་བ་བཞིན་བྱེད་པར་བསྒོམ་ཞིང་། རྩེ་གཅིག་ཏུ་ཏིང་ངེ་འཛིན་དང་མ་བྲལ་བར་བྱས་པས། ཚེ་འདས་དེའི་རྗེས་སུ་འཇུག་ཅིང་། ཉམས་དགའ་བ་དང་ཤེས་པ་གསལ་ཞིང་བློ་ཕེབས་པ་འབྱུང་བ་ཡིན་ནོ། །ཆོ་ག་མཁན་པོ་རྣམས་བྱིང་རྨུགས་རྒོད་བག་ཏུ་གྱུར་ན་བར་དོའི་རྣམ་ཤེས་དེ་འདུག་མི་ཚུགས་ཤིང་། ཇི་ཞིག་ལ་རྐྱེན་ཅིག་གིས་བསྐྱོད་ནས་གར་འགྲོ་གཏོལ་མེད་པར་འགྲོ་བ་ཡིན་པས། སེམས་མ་ཡེངས་པ་བྱེད་པ་གལ་ཆེའོ། །བཞི་པ་ཚོགས་བསགས་ཅིང་སྒྲིབ་པ་སྦྱང་བ་དང་། ཏིང་ངེ་འཛིན་ཟབ་མོའི་ལམ་སྦྱང་པ་གནད་ཀྱི་གདམས་པ་ནི། རང་རང་གི་བདུན་ཚིགས་ཀྱི་ཆོ་གའི་ལུགས་ཐ་དད་པས་ལྷ་ཞལ་སྦྱོར་བའི་བར་དུ། སྦྱོར་མཚམས་ཀྱི་གསང་བ་བྱང་ཆུབ་ཀྱི་སེམས་ཀྱི་འཕྲོ་འདུས་སྦྱངས་པའམ། སྦྱོང་བྱེད་གཉེན་པོའི་ཡི་གེས་སྦྱངས་པའམ། ལྷ་སོ་སོའི་ཐུགས་ཀའི་ས་བོན་གྱི་འོད་ཟེར་གྱིས་སྦྱངས་པ་གསུམ་ལས། དང་པོ་ནི། རྣལ་འབྱོར་ཆེན་པོའི་ལུགས་ཀྱིས་དགྱེས་རྡོར་བདེ་མཆོག་གི་ཆོ་གའམ། གནས་ལུང་ལྟ་བུ་ཡིན་ན་དཀྱིལ་འཁོར་དུ་འཇུག་པ་དང་། དབང་བསྐུར་བའི་ཆོ་ག་རྒྱས་པར་བྱས་ལ། དེ་ནས་དཀྱིལ་འཁོར་དང་ཕྱིའི་མདུན་བསྐྱེད་ཀྱི་དཀྱིལ་འཁོར་གཉིས་ཞལ་སྦྱོར་དུ་གྱུར་པའི་བར་དུ་སྒྲིབ་པ་སྦྱོང་ཞིང་། ལམ་ཡོངས་སུ་རྫོགས་པར་བྱེད་པ་

ཡིན་ནོ། །དེ་ཡང་། མདུན་བསྐྱེད་ཀྱི་གཙོ་བོ་དང་། རྣམ་སྣང་ལྟ་བུའི་བར་དུ་བུམ་པའི་དཀྱིལ་འཁོར་བསྒོམས་ནས། མདུན་བསྐྱེད་ཀྱི་ནུབ་ལ་བུམ་པའི་དཀྱིལ་འཁོར་བྱས་པས། ལྷ་ཐམས་ཅད་ཞལ་སྤྲོད་དུ་འགྲོ་བ་ཡིན་ལ། དེའི་བར་དུ་ཚེ་འདས་ཀྱི་རྣམ་པར་ཤེས་པ་རིགས་དྲུག་གི་བག་ཆགས་རིམས་ཀྱིས་སྦྱངས་ཏེ། ལྷ་གཞོན་ནུའི་གཟུགས་ཀྱིས་གནས་པ་ལ། སྙོམས་འཇུག་བྱང་ཆུབ་སེམས་ཀྱི་འཕྲོ་འདུ་ཡིས། ཚེ་འདས་དེའི་ཕུང་ཁམས་སྐྱེ་མཆེད་རྩ་ཁམས་རླུང་སེམས་ཀྱི་རྟོག་ཚོགས་མ་ལུས་སྦྱངས་ནས། རང་གི་ལྷའི་དཀྱིལ་འཁོར་གྱི་འཁོར་དུ་བྱས་པས་ལྷག་པའི་ལྷ་དང་དབྱེར་མེད་པར་གྱུར་པ་ནི་ལམ་ཡོངས་སུ་སྦྱངས་པའོ། །གཉེན་པོའི་ས་བོན་གྱིས་སྦྱོང་ན། ཚེ་འདས་དེ་རང་དང་དཀྱིལ་འཁོར་གྱི་བར་དུ་གསལ་བར་བསྒོམས་ལ། དེའི་གནས་དྲུག་ཏུ་ཟླ་བའི་དཀྱིལ་འཁོར་རེ་བསམ། དེའི་སྟེང་དུ་རྐང་མཐིལ་དུ་དམྱལ་བའི་ས་བོན་དུཿནག་པོ་བསམ། གཤང་གཅིའི་བར་དུ་དུད་འགྲོའི་ས་བོན་ཏྲི་ལྗང་གུ་བསམ། ལྟེ་བར་ཡི་དྭགས་ཀྱི་ས་བོན་པྲེ་དམར་སེར། སྙིང་ཀར་མིའི་ས་བོན་ཎི་སྔོན་པོ། མགྲིན་པར་ལྷ་མིན་གྱི་ས་བོན་སུ་སེར་པོ། སྤྱི་བོར་ལྷའི་ས་བོན་ཨ་དཀར་པོ། དེ་དག་ཀྱང་འགྲོ་བ་ཕོ་མོའི་རྟེན་འབྲེལ་གྱིས། ཡི་གེ་ཟུང་སྦྲེལ་དུ་ཡོད་པར་བསམ། དེ་དག་གི་དུའི་གཡས་གཡོན་དུ། ཧཾ་ཏཾ་ལྗང་ཀུ་གཉིས། ཏྲིའི་གཡས་གཡོན་དུ། ༀ་མཾ་དཀར་པོ་གཉིས། པྲེའི་གཡས་གཡོན་དུ་པཾ་མཾ་སེར་པོ་གཉིས། ཎིའི་གཡས་གཡོན་དུ། ཧཱུྃ་མུཾ་སྔོན་པོ་གཉིས། སུའི་གཡས་གཡོན་དུ་ༀ་བཾ་དམར་པོ་གཉིས། ཨའི་གཡས་གཡོན་དུ་ཧཱུྃ་ཧཱུྃ་དཀར་པོ་གཉིས་བསམ། དེ་ནས་བདག་གི་ཐུགས་ཀའི་ས་བོན་གྱི་འོད་ཀྱིས་མདུན་གྱི་དཀྱིལ་འཁོར་དང་བུམ་པའི་ལྷའི་ཐུགས་དམ་རྒྱུད་བསྐུལ་ནས། དེ་རྣམས་ཀྱི་ཐུགས་ཀ་ནས་ཡེ་

ཤེས་ཀྱི་འོད་ཟེར་འཕྲོས་པས་ས་བོན་གྱི་ཡི་གེ་ལ་ཕོགས་པས། ཡི་གེ་དེ་དག་ལ་ཡེ་ཤེས་ཀྱི་འོད་ཟེར་འཕྲོས་ནས་སྦྱང་གཞི་རིགས་དྲུག་གི་ས་བོན་ལ་ཕོགས་པས། ཚེ་འདས་དེའི་རིགས་དྲུག་ཏུ་སྐྱེ་བའི་ངག་གི་ལས་དང་། རིགས་དྲུག་སོ་སོའི་ངག་གི་དུཿཁ་ཐམས་ཅད་སྦྱང་བར་བསམ་ཞིང་། གཟུངས་སྔགས་ཅི་རིགས་ཅིག་བཟླས་ཤིང་། བྱེ་མ་ལ་བྲབ། དེ་ནས་ངག་གི་ལས་དང་དུཿཁ་རྩ་བ་ནས་དག་སྟེ། ས་བོན་གྱི་ཡི་གེ་དེ་དག་འོད་དུ་ཡལ་བ་ལས། རང་རང་གི་ཐུགས་ཕྱག་མཚན་དུ་གྱུར་ཏེ། དེ་ལས་འོད་ཟེར་འཕྲོས་པས། རིགས་དྲུག་ཏུ་སྐྱེ་བའི་ཡིད་ཀྱི་ལས་དང་། རིགས་དྲུག་སོ་སོའི་ཡིད་ཀྱི་དུཿཁ་ཐམས་ཅད་སྦྱངས། ཕྱག་མཚན་དེ་དག་ཡོངས་སུ་གྱུར་པ་ལས། སྐུ་ཡོངས་སུ་རྫོགས་པ་རིགས་ལྔ་རྡོ་རྗེ་འཆང་དང་དྲུག་ཏུ་གྱུར་ཏེ། དེ་ལས་འོད་ཟེར་འཕྲོས་པས་རིགས་དྲུག་ཏུ་སྐྱེ་བའི་ལུས་ཀྱི་ལས་དང་། རིགས་དྲུག་སོ་སོའི་ལུས་ཀྱི་དུཿཁ་སྦྱངས་ཏེ། རིགས་དྲུག་གི་ལས་དང་བག་ཆགས་བག་ལ་ཉལ་ས་བོན་དང་བཅས་པ་ཐམས་ཅད་རྩ་བ་ནས་དག་སྟེ། ཚེ་འདས་ཀྱི་ལུས་ངག་ཡིད་གསུམ་ཕུང་པོ་ལྔ་དང་། ཉོན་མོངས་པ་ལྔ་དང་། འབྱུང་བ་ལྔ་དང་། རྣམ་པར་ཤེས་པ་ཚོགས་བརྒྱད་ལ་སོགས་པ་ཐམས་ཅད། རིགས་ལྔ་རྡོ་རྗེ་འཆང་དང་དྲུག་གི་ངོ་བོར་གནས་གྱུར་ནས། རིགས་དྲུག་གི་འཇིག་རྟེན་སྟོང་ནས་ཁམས་གསུམ་རྣམ་པར་དག་པའི་གཞལ་ཡས་ཁང་རྟེན་དང་བརྟེན་པ་དབྱེར་མེད་པའི་ལྷའི་འཁོར་ལོ་དེ་ཐམས་ཅད་དང་། དབྱེར་མེད་པ་ཆོས་ཀྱི་སྐུ་གཅིག་ཏུ་གྱུར་པར་བསྒོམ་པ་ནི་ལམ་སྦྱང་པའོ། །ཀཾ་ཀ་ནིའི་ཆོ་ག་ལྟར་ན། སྦྱང་བྱ་རིགས་དྲུག་གི་ས་བོན་གོང་བཞིན་བཀོད་ལ། སྦྱོང་བྱེད་གཉེན་པོ་ཀཾ་ཀ་ནིའི་སྔགས་ཀྱི་འཕྲེང་བས་སོ་སོར་བསྐོར་བར་བསམ་ལ། དེའི་འོད་ཟེར་གྱིས་རིགས་དྲུག་གི་ལས་དང་བག་ཆགས་སྦྱངས་ཏེ།

འགྲོ་བ་རིགས་དྲུག་གི་འཇིག་རྟེན་རྣམ་པར་དག་ནས། སྣོད་བཅུད་ཐམས་ཅད་མི་འཁྲུགས་པའི་སྐུར་བསྒོམ་པ་ནི་ལམ་སྦྱངས་པའོ། །དེ་ལ་ཐུགས་དམ་རྒྱུད་བསྐུལ་བ་ཞེས་པ་ནི། གནད་ཟབ་མོའི་གོ་རྒྱུ་རྟོགས་པ་དེའི་དོན་ནི་རང་ཉིད་བྱམས་པ་ཆེན་པོའི་སྤྲོས་པ་མེད་པའི་བྱང་ཆུབ་ཀྱི་སེམས་ལ་མཉམ་པར་བཞག་ལ། དེའི་ངང་ལས་བྱང་ཆུབ་ཀྱི་སེམས་ཀྱི་འོད་ཟེར་བུམ་པ་དང་དཀྱིལ་འཁོར་གྱི་ཟག་པ་མེད་པའི་བྱང་ཆུབ་ཀྱི་སེམས་ཀྱི་ཐུགས་དམ་གྱིས་རྒྱུད་བསྐུལ་ཏེ། ཐུགས་དམ་ནི་སེམས་ཅན་ཐམས་ཅད་ལ་བདེ་བ་དང་ལྡན། དུཿཁ་དང་བྲལ། བླ་ན་མེད་པའི་བྱང་ཆུབ་རིན་པོ་ཆེ་ཐོབ་པར་བྱ་བ་དེ་ཡིན་ལ། དེས་བདག་གི་དུག་གསུམ་མེད་པའི་སེམས་བྱམས་པ་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ཀྱི་ཐུགས་དམ་གྱི་རྒྱུད་བསྐུལ་བ་ཡིན་ཏེ། དཔེར་ན་འདོད་ཆགས་ཅན་གྱི་མི་འདོད་ཆགས་ཀྱིས་རྒྱུད་འཁུལ་བའམ། ཞེ་སྡང་ཅན་གྱི་རྒྱུད་ཞེ་སྡང་ཅན་གྱིས་འཁུལ་བ་ལྟར། སངས་རྒྱས་ཐམས་ཅད་ཀྱི་རྒྱུ་དུས་ཀྱི་ཐུགས་དམ་འབྲས་བུ་ཟག་པ་མེད་པའི་ངོ་བོར་ཡོངས་སུ་རྫོགས་པ་དང་། བདག་གིས་བསམ་པ་རྣམ་པར་དག་པ་དེ་ཆོས་ཉིད་གཅིག་པའི་རྟེན་འབྲེལ་གྱིས་རྒྱུད་འཁུལ་ཏེ། གདུལ་བྱ་དུས་ལ་བབ་པར་དགོངས་ནས། སྲིད་པ་བར་དོའི་སེམས་ཅན་དེ་ལ་ཡེ་ཤེས་གཟིགས་པ་འཇུག་ཅིང་ཐུགས་རྗེས་འཛིན་འཕྲིན་ལས་ཀྱིས་འདྲེན་པར་གྱུར་པ་ཡིན་ནོ། །རང་བསམ་པ་དུག་ཅན་གསུམ་གྱིས་སངས་རྒྱས་ཀྱི་རྒྱུད་བསྐུལ་བར་མི་ནུས་ཏེ། ཞེ་སྡང་ཅན་གྱི་མི་འདོད་ལྡན་གྱི་ཆགས་པ་མི་འཁྲུལ་བ་བཞིན་ནོ། །ཚུལ་དེ་ལྟ་བུས་ལས་དང་བག་ཆགས་ཀྱི་སྒྲིབ་པ་སྦྱོང་ཞིང་སྣོད་བཅུད་དག་པའི་ལྷ་རུ་བྱེད་པ་དེ་བདུན་ཚིག་ཀྱི་དངོས་གཞི་ཡིན་པས། བརྡ་དོན་འཕྲོད་པ་དང་། ཏིང་ངེ་འཛིན་བརྟན་པ་སྟོབས་སུ་གྱུར་པ་གལ་ཆེའོ། །དེ་ལྟར་ཡང་། ངན་སོང་སྦྱོང་རྒྱུད་

ལས། དེ་ལྟར་འོད་ཟེར་འཕྲོས་པ་ཡིས། ཚེ་འདས་པའི་ངན་སོང་ཐམས་ཅད་རབ་ཏུ་ཞི་སྟེ། སེམས་ཅན་དམྱལ་བ་དང་། ཡི་དྭགས་དང་། བྱོལ་སོང་དུ་སྐྱེས་པའི་སེམས་ཅན་ཐམས་ཅད་གྲོལ་བར་བདག་ཉིད་ཀྱིས་རབ་ཏུ་ཤེས་སོ། །འཇིག་རྟེན་ཀྱི་ཁམས་ཐམས་ཅད་རབ་ཏུ་སྣང་བར་བྱས་ཏེ། སྣང་བར་བྱས་ནས་ཀྱང་སངས་རྒྱས་ཀྱི་མཛད་པ་བཅུ་གཉིས་ཀྱི་ཚུལ་གྱིས་ཚུལ་དུ་བྱས་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀྱི་ཆོས་ཀྱི་ཡི་གེ་ཞུགས་པར་གྱུར་ཏོ། །ཅེས་སོ། །དེ་ལྟར་གསང་སྔགས་དང་གཟུངས་སྔགས་ཀྱི་སྡིག་པ་སྦྱང་ཞིང་རྟེན་འབྲེལ་ཟབ་མོའི་ཏིང་ངེ་འཛིན་གྱི་ས་ལམ་སྦྱངས་ནས། བྲབ་པ་དང་བཀྲུ་བའི་སྒོ་ནས་དུག་གསུམ་སྦྱངས་པ་ཡང་། གཙུག་དགུ་ལས། རུས་པའམ། གོས་སམ། མིང་ལ་ནི། རྡོ་རྗེ་ཆུ་ཡིས་བཀྲུ་བར་བྱ། ཡུངས་ཀར་མེ་ལོང་དང་ལྡན་པས། གསང་སྔགས་བཟླས་ཤིང་བརྡེགས་པར་བྱ། ཞེས་པས། བྱེ་མ་བརྔོས་པའམ། ཡུངས་ཀར་རམ། མེ་ཏོག་ལ་ཡང་རུང་སྟེ། བུམ་པ་དཀྱིལ་འཁོར་གྱི་ལྷའི་འོད་ཟེར་བྱེ་མའམ། ཡུངས་ཀར་ལ་ཕོག་པས་དེ་ཆོས་ཀྱི་ཡེ་ཤེས་གཙོ་བོར་གྱུར་པའི་ཡེ་ཤེས་ལྔའི་རང་བཞིན་དུ་གྱུར་པར་བསམ་ལ། གཟུང་སྔགས་ཀྱི་སྔགས་དེ་ནས་བྲབ་པའི་དུས་སུ། ཚེ་འདས་པའི་སེམས་རྒྱུད་ལ་གནས་པའི་ལས་དང་བག་ཆགས། བྱེ་མ་ཡེ་ཤེས་ལྔའི་འོད་ཟེར་ཅན་དེས། བྱ་སྒྲོ་མེས་བཅོམ་པ་བཞིན་དུ་གཞོབ་ཐུལ་སྦྱོང་ཞིང་། དུང་གི་རྡུལ་ཕྱིས་པ་བཞིན་དུ་སངས་དག་པར་བསམ་ཞིང་བྲབ་བོ། །བུམ་ཆུས་སྦྱོང་བར་བྱེད་དུས་སུ་ཡང་། རྣམ་རྒྱལ་གྱི་བུམ་ནང་གི་དཀྱིལ་འཁོར་གྱི་ལྷ་འོད་དུ་ཞུ་བ་ལས་ལྷའི་ངོ་བོ་ཆུའི་རྣམ་པ་ཅན་གྱིས་ཡེ་ཤེས་ཀྱི་ཆུ་རྒྱུན་དུ་གྱུར་པས། ཚེ་འདས་ཀྱི་ལས་དང་བག་ཆགས་ཐམས་ཅད་དག་པར་བསམ་ཞིང་བཀྲུ་བའམ། རིགས་དྲུག་སོ་སོའི་སྦྱོང་

བྱེད་ཀྱི་སྔགས་ཀྱིས་བཀྲུ་ཞིང་ལས་སོ་སོ་དག་པར་བསམ་པ་དང་། རིགས་དྲུག་སོ་སོའི་ལན་ཆགས་ཀྱི་གཏོར་མ་བཏང་ཞིང་ལན་ཆགས་སྦྱང་བ་ཡང་བྱའོ། །དེ་དག་གི་ཚིག་ཀྱང་དེ་བཞིན་གཤེགས་པ་གཞོན་ནུ་མེ་སྦྱིན་སྐྱེས་ཀྱི་ཞལ་ཟས་ལ་དུག་བཤམས་པ་དག་པར་བྱེད་པའི་བདེན་པའི་སྟོབས་བརྗོད་པའི་ཚིག་དང་། ཕ་རོལ་ཏུ་ཕྱིན་པ་དྲུག་གི་ཁྲུས་ཀྱི་བསྟོད་པའི་ཚིག་རྣམས་དང་། ངན་སོང་སྦྱོང་རྒྱུད་ལ་སོགས་པ་ནས་གསུངས་པའི་རིགས་དྲུག་སོ་སོའི་ལས་དང་ཉོན་མོངས་པ་སྦྱང་ཚུལ་གྱི་ཚིག་སྔགས་རྣམས་དང་། ངན་སོང་སྦྱོང་བའི་གཟུངས་ཀཾ་ཀ་ནི་ལ་སོགས་པ་བརྗོད་ཅིང་བཀྲུ་བ་དང་བྲབ་པར་བྱའོ། །དེ་ལྟར་རྣམ་པར་དག་པར་གྱུར་པས། ཚོགས་རྫོགས་ཤིང་སྒྲིབ་པ་སྦྱངས་པའི་ཚེ་འདས་དེ་ཆོ་ག་གསུམ་མམ་མངོན་བྱང་ལྔས་རང་རང་གི་ལྷར་བསྐྱེད། རྣལ་འབྱོར་ཆེན་པོའི་ལུགས་ལྟར་ན། ཡེ་ཤེས་གཞུག །བྱིན་གྱིས་བརླབ་དབང་བསྐུར་རྒྱས་གདབ་བོ། །དེ་ནས་གཙོ་བོའི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་དང་མི་འབྲལ་བར་བྱས་ཏེ། ཚེ་འདས་ཀྱི་ཁམས་དྲུག་རྣམ་པར་དག་པ་དང་། སངས་རྒྱས་ཐམས་ཅད་ཀྱི་ཆོས་སྐུ་སྤྲོས་པ་མེད་པའི་ཡེ་ཤེས་གཉིས་དུས་གསུམ་དུ་དབྱེར་མི་ཕྱེད་པའི་བླ་ན་མེད་པའི་སེམས་རྒྱ་ཆེར་མཆོག་ཏུ་བསྐྱེད་ལ། དེ་ལ་བརྟེན་ལམ་ཡོངས་སུ་རྫོགས་ཤིང་། སངས་རྒྱས་ཐམས་ཅད་བྱེད་པ་མེད་པར་གྱུར་པའི་སྨོན་ལམ་ཁྱད་པར་ཅན་གྱིས་ལམ་བསྟན་པའི་ཆོ་ག་རྣམས་བྱའོ། །ཆོ་ག་ཐ་དད་ཀྱི་ལུགས་ཀྱིས་བར་དོའི་སྣང་མུན་གྱིས་མུན་པ་འཐིབས་པོ་གསལ་ཞིང་། སངས་རྒྱས་རྣམས་ཀྱི་ཞལ་མཐོང་ཞིང་། མངོན་སུམ་དུ་མཇལ་བར་བྱ་བའི་སྣང་བ་བསྟན་པ་དང་། ཡོན་ཏན་གྱི་ཚོགས་ཐམས་ཅད་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་དབང་བསྐུར་བ་དང་། ཁྱི་སྙིང་ཁྲུ་ཁུ་ལ་ཆགས་པ་ལྟ་

བུའི་སྤྱོད་ཡུལ་གྱིས། ལོངས་སྤྱོད་ལ་མངོན་པར་ཞེན་ན་ལམ་གྱི་གེགས་སུ་འགྱུར་བས། དེ་ལ་རྫོངས་འདེབས་པ་ལྟ་བུའི་ཚུལ་གྱིས་ཟས་གཏད་ཅིང་ལོངས་སྤྱོད་བསྔོ་བ་ཡང་ཚེ་འདས་ལྷར་བསྐྱེད་ལ། གོས་ལྷམ་ལ་སོགས་འདོད་ཡོན་ལྔའི་མཆོད་པ་འབུལ་བའི་གཏད་ཡར་གྱིས་བར་དོའི་སེམས་ཅན་དབུལ་འཕོངས་དང་བཀྲེས་སྐོམ་གྱི་སྡུག་བསྔལ་དང་བྲལ་བར་བྱའོ། །རྣལ་འབྱོར་ཆེན་པོའི་ཆོ་ག་ཡིན་ན། བདག་བསྐྱེད་མདུན་བསྐྱེད་དཀྱིལ་འཁོར་མཆོད་པ་དང་། འོད་ཟེར་གྱི་འཕྲོ་འདུས་སྒྲིབ་པ་སྦྱང་བ་དང་། དེ་ནས་ཚེ་འདས་དེ་དཀྱིལ་འཁོར་དུ་བཅུག་ནས་དབང་བསྐུར་བ་དང་། ལྷར་བསྐྱེད་སྨིན་པར་བྱས་པ་ལ། རྟེན་འབྲེལ་ཟབ་མོའི་ཆོ་གས་ལམ་སྦྱོང་པས་ཏེ། འཆི་བའི་སྲིད་པ་དང་། བར་དོའི་སྲིད་པ་དང་། དེ་ཉིད་ལམ་ལྔས་འབྲས་བུ་ལམ་དུ་ངོ་སྤྲོད་པ་ནི། ཚོགས་ལམ་སྨི་ལམ་སྒྱུ་མ་ལྟ་བུས་ཏེ། །གཉིས་པ་དུ་བ་ལྟ་བུ་ཡིན། །གསུམ་པ་གློག་ལྟ་བུ་ཁྱོད་ཀྱིས་མཐོང་། །བཞི་པ་མར་མེ་ལྟ་བུས་ཏེ། ལྔ་པ་ཐམས་ཅད་སྟོང་པས་ཏེ། སངས་རྒྱས་ཉིད་ནི་འདི་ཡིན་ཏེ། །སྲིད་པ་བར་དོ་འདི་ཉིད་དུ། །ཁྱོད་ཀྱི་ལམ་ལྔ་མཐར་ཕྱིན་པས། ཕུང་པོ་ལྔ་ཉིད་སངས་རྒྱས་ལྔ། །ཉོན་མོངས་ལྔ་ནི་མཁའ་འགྲོ་ལྔ། །རྣམ་ཤེས་བརྒྱད་ནི་ཡེ་ཤེས་བརྒྱད། འབྱུང་བ་བཞི་ནི་ལྷ་མོ་བཞི། །སྲིད་པའི་འཁོར་ལོ་རྒྱུན་བཅད་ནས། ཆོས་ཀྱི་འཁོར་ལོ་རབ་བསྐོར་ཏེ། འཁོར་བ་མྱ་ངན་འདས་པར་འགྱུར། །ཞེས་ལམ་བསྟན་ཞིང་། གནས་སྤར་བ་སྟེ། ཆོ་ག་དེ་གཞུང་འབུམ་པ་ཉིད་ལས་གསུངས་སོ། །དེ་དག་གི་མཐར་ཚེ་འདས་ལྷར་བསྐྱེད་པ་གཙོ་བོའི་ཐུགས་ཀར་སྤར་བས། ཐུགས་གཉིས་སུ་མེད་པའི་ཡེ་ཤེས་དང་། དབྱེར་མེད་པར་བྱས་ཏེ། དེ་ལྟ་བུའི་ཆོ་གའི་རིམ་པ་ཐུན་བཞིར་བྱེད་པ། ཞག་བདུན་ནམ་བཞི་བཅུ་རྩ་དགུའི་

བར་བྱའོ། །དེ་ཡང་ངན་སོང་སྦྱོང་རྒྱུད་ལས། ཞག་བདུན་དཀྱིལ་འཁོར་དུ་བཅུག་ནས། །དབང་བསྐུར་ན་ཞག་བདུན་གྱིས་གདོན་མི་ཟ་བར་ངན་སོང་གི་སྒྲིབ་པ་ལས་རྣམ་པར་གྲོལ་བར་འགྱུར་རོ། །ཞེས་སོ། །ཡང་། རུས་པའམ། གོས་སམ། མིང་ལ་སོགས་པ་ལ་ཡང་། དབང་བསྐུར་བས་ངན་སོང་དུ་སྐྱེས་ཟིན་པ་ཡང་ངན་སོང་ལས་ཐར་བར་གསུངས་ཏེ། ཀྱེ་ལྷའི་བུ་རྣམས་ངན་སོང་དུ་སྐྱེས་ཟིན་པའི་སེམས་ཅན་གང་ཡིན་པ་དེ་རྣམས་ཀྱིས་མིང་ལ་ཡང་དབང་བསྐུར་བར་བྱོས་ཤིག །མཆོད་རྟེན་ལ་ཡང་དབང་བསྐུར་བར་བྱོས་ཤིག །ཆུང་ངུ་ན་དེ་དང་རིགས་མཐུན་པ་དང་། དེའི་བུ་དང་དེའི་རིགས་འཛིན་པའམ། འབྲེལ་ཡང་དབང་བསྐུར་བར་བྱོས་ཤིག །ཅེས་བྱ་བ་ལ་སོགས་པའམ། ཡང་མཚམས་མེད་པ་ལྔ་བྱས་པ་ཡང་རྣམ་པར་བྱང་བར་འགྱུར་ན། སྡིག་པ་ཆུང་ངུ་བྱས་པ་རྣམས་ལྟ་སྨོས་ཀྱང་ཅི་དགོས། ཞེས་རྒྱ་ཆེར་གསུངས་སོ། །མི་འཁྲུགས་པ་ལས་ཀྱི་སྒྲིབ་པ་ཐམས་ཅད་སྦྱོང་བའི་རྒྱུད་ལས་ཀྱང་། ཤི་སྟེ་དུས་ལས་འདས་ན། ཤི་འཕོས་པ་དེའི་མིང་ནས་སྨྲོས་ཏེ། དེའི་ཕྱིར་བྱམས་པ་སྙིང་རྗེས་ལན་བརྒྱའམ་སྟོང་ཁྲི་འབུམ་དུ་བཟླས་བརྗོད་བྱས་ན། སེམས་ཅན་དམྱལ་བར་སྐྱེས་སུ་ཟིན་ཀྱང་། དེའི་མོད་ལས་ཐར་བར་འགྱུར་རོ། །སའམ། ཏིལ་ལམ། ཡུངས་ཀར་རམ། ཆུའམ། གང་ཡང་རུང་བ་ལ་བཟླས་བརྗོད་བྱས་ཏེ། རུས་པའམ། ཤི་བའི་ལུས་ལ་གཏོར་རམ་ཁྲུས་བྱས་ན་ངན་སོང་དུ་སྐྱེས་པའང་ཞག་བདུན་གྱིས་གདོན་མི་ཟ་བར་ཐར་ཏེ། བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་དུ་སྐྱེ་བར་འགྱུར་རོ། །ཞེས་གསུངས། ལྔ་པ་རྣམ་ཤེས་གནས་སྤར་བ་ཞལ་གྱི་གདམས་པ་ནི། དེ་ནས་ནུབ་ཐ་མ་ཆོ་ག་གོང་མ་རྣམས་ལེགས་པ་ཚར་ནས། བྱང་བུ་བཅག་པའི་དུས་ལ་བབ་པ་དང་། ཚེ་འདས་དེ་ཉིན་མཚན་གང་ལ་ཤི་བའི་དུས་ཚིགས་སམ།

ཇི་ལྟར་བདེ་བ་ཡང་རུང་སྟེ། མཚན་བྱང་དེ་ཡང་སྐྱོལ་ནས་དག་པའི་ཕྱོགས་སུ་སྟེ། གཤིན་པོ་གྲིབ་ཅན་ཅིག་ཡིན་ན། གདུག་པ་ཅན་གྱི་ལུས་སྙིང་ཅན་ཅིག་གིས་བྱང་བུ་བཅག །འཛིན་པའི་ཉེ་དུ་ལ་རླུང་ངན་པ་ཡོད་ན་དྲུང་དུ་མི་བཞག །ཆོ་ག་ལུགས་གང་གིས་བྱེད་ཀྱང་། ཇོ་མོ་ལྷར་རྗེ་མའི་ཞལ་གྱི་གདམས་པ་རླུང་དང་སྦྲགས་ནས་འཕང་པའི་གདམས་པ་བྱས་ཏེ། རྣལ་འབྱོར་ཆེན་པོའི་ལུགས་ལྟར་ན། ཐོད་པ་དུམ་བུ་གཅིག་པའི་ནང་དུ་མིང་བྱ་གན་རྐྱལ་དུ་བཅུག་ལ་དཀྱིལ་འཁོར་གྱི་དབུས་སུ་བཞག །དེ་ནས་བདབ་གི་རླུང་སོགས་ནས་རྒྱུ་བའི་དུས་སུ། རླུང་ཕྱིར་དྲག་ཏུ་བུས་པས། རླུང་དེས་བར་དོའི་ཡིད་ལུས་སེམས་ཕྲལ་ནས། སེམས་རྣམ་པར་ཤེས་པ་ཨ་ཐུང་གི་ཚུལ་དུ་རྒྱངས་ཐོན་པར་བསམ། དེའི་འོག་ཏུ་ཟླ་བའི་དཀྱིལ་འཁོར་བསམ། ཡང་། རླུང་གཅིག་བུས་པས་ཟླ་བ་རླུང་གིས་བཏེགས་ནས། མདེའུ་རྩེ་ལ་ཡེར་གྱིས་བྱོན་པར། གནས་ལུང་ཆེན་པོའི་རྒྱུད་ལས། སའི་འོག་ཏུ་མདའ་འཕངས་པས། བར་སྣང་ལྷ་བྲན་ཐམས་ཅད་འཆི། །ཞེས་པའི་དོན་ཡང་དེ་ཡིན་ནོ། །དེ་ལྟར་མིང་བྱང་དེ་མདའ་རྩེ་ལ་བླངས་ཏེ། རང་གི་སྣ་བུག་གི་ཐད་གར་གཞུ་བཀང་སྟེ་བཟུང་། ཡང་། རླུང་ཅིག་བུས་ལ། དཀྱིལ་འཁོར་གྱི་བདག་པོའི་ཐུགས་རྒྱུད་བསྐུལ་ཏེ། ཐུགས་ཀ་ནས་ཡེ་ཤེས་ལྔའི་འོད་ཟེར་འཕྲོས་པས། ཚེ་འདས་ཀྱི་རྣམ་པར་ཤེས་པ་ཡི་གེ་ཨའི་གཟུགས་སུ་གནས་པ་དེ་ལ་ཕོག་པས། ཤེས་བྱའི་སྒྲིབ་པ་ཕྲ་ཞིང་ཕྲ་བ་རྐང་དང་སྲིན་ལ་གནས་པ་ཐམས་ཅད་སྦྱངས་པར་བསམས་ལ། ཨ་ཡཾ་ཛྙ་ན་བ་ར་ན་ཕཊ༔ ཅེས་མང་དུ་བཟླས་ཏེ། དེ་ནས་ཤེས་བྱའི་སྒྲིབ་པ་དག་སྟེ། ས་བཅུའི་བྱང་ཆུབ་སེམས་དཔར་གྱུར་པ་སྟེ། ཡང་། རླུང་ཅིག་བུས་པ་རླུང་དེ་དང་ཨ་ཐུང་འགྲོགས་ནས། རྩ་བའི་ཞལ་དུ་ཞུགས། ཐུགས་རྣམ་པར་མི་རྟོག་པའི་ཡེ་ཤེས་དང་

དབྱེ་བ་མེད་པར་འོད་གསལ་ཆེན་པོར་གྱུར་པ་ནི་ཆོས་ཀྱི་སྐུར་འཕངས་པའོ། །ཡང་། རླུང་གཅིག་བུས་པ་དེས་རྒྱུད་བསྐུལ་ནས། དེ་བཞིན་གཤེགས་པ་རིགས་པའི་ལྷ་མོ་དང་བཅས་པ་སྤྱན་དྲངས། གཙོ་བོའི་ཞལ་དུ་ཞུགས། བདེ་བའི་ངོ་བོར་ཞུ་བའི་ཆུས་ཡེ་ཤེས་ཆེན་པོའི་དབང་བསྐུར་བས་རྣམ་པར་མི་རྟོག་པའི་ངང་ལས་ཟུང་འཇུག་གི་སྐུར་བཞེངས། སྐུའི་དབྱིབས་བརྒྱུད། ཡབ་ཀྱི་རྡོ་རྗེའི་ལམ་ནས་ཐོན། ཡུམ་ཀྱི་པདྨ་ལ་འཕང་ནས། ཡབ་ཡུམ་གྱི་སྦྱོར་མཚམས་བདེ་བ་ཆེན་པོ་ཡན་ལག་བདུན་ལྡན་གྱི་ངོ་བོར་གནས་པ་ནི་ལོངས་སྐུར་འཕངས་པའོ། །ཡང་། རླུང་གཅིག་བུས་པས། དེས་རྒྱུད་བསྐུལ་ནས་བདེ་བ་ཆེན་པོའི་ངང་ནས་ཐུགས་རྗེས་སྤྲུལ་པའི་སྐུར་བཞེངས་ཏེ། ཧེ་རུ་ཀ་ཞལ་གཅིག་ཕྱག་གཉིས་པ་སྐུ་ཆུང་ལ་ཡན་ལག་རགས་པ་གཅིག་ཏུ་གྱུར་ཏེ། ཡབ་ཡུམ་གཡོན་ངོས་ནས་བཞུགས་པར་བསྒོམ་པ་ནི་སྤྲུལ་སྐུར་འཕངས་པའོ། །ཀྲི་ཡོག་གི་ལུགས་སུ་བྱེད་ན། གོང་བཞིན་དུ་རླུང་ལན་གསུམ་བུས་པས་དྲི་གོས་ཀྱི་ཁོག་ནས་རྣམ་པར་ཤེས་པ་ཨ་ཐུང་གཟུགས་སུ་རྒྱངས་ཐོན། དེའི་འོག་ཏུ་ཟླ་བའི་དཀྱིལ་འཁོར་གཅིག་བསམ། ཡང་། རླུང་གཅིག་བུས་པས། གཙོ་བོའི་ཐུགས་ཀ་ནས་ཡེ་ཤེས་ལྔའི་འོད་ཟེར་འཕྲོས་པས། ཤེས་པའི་སྒྲིབ་པ་མ་ལུས་པ་སྦྱངས། ཡང་རླུང་གཅིག་བུས་པ་ཨ་ཟླ་བ་རླུང་གི་བཏེགས་ནས། གཙོ་བོའི་ཐུགས་ཀར་ཐིམ། ཐུགས་རྣམ་པར་མི་རྟོག་པའི་ཡེ་ཤེས་དབྱེར་མེད་པར་བྱས་ཏེ། ཆོས་སྐུར་སངས་རྒྱས་པར་བསྒོམ་མོ། །དེ་ནས་ཡང་། རླུང་གཅིག་བུས་པས། དེས་ཐུགས་རྒྱུད་བསྐུལ་ནས། ཆོས་སྐུ་སྤྲོས་པ་མེད་པའི་ངང་ནས་ཐུགས་རྗེ་གཟུགས་ཀྱི་སྐུར་བཞེངས་ཏེ། གཙོ་བོ་ཅི་འདྲ་བའི་སྐུ་ཆུང་ལ་ཡན་ལག་རྫོགས་པ་གཅིག་གཙོ་བོའི་གཡོན་ངོས་སུ་བཞུགས་པར་བསམ། དེ་ལ་དྲིན་ལན་གྱི་མཆོད་པས་མཆོད་ལ།

གཞན་དོན་མཛད་པར་བསྐུལ་བ་གདབ་སྟེ། འོག་མིན་དུ་གཤེགས་སུ་གསོལ། དེ་དག་གི་དུས་སུ་སློབ་དཔོན་ཏིང་ངེ་འཛིན་བསྟན་པ་དང་། རང་ལ་མངོན་པར་རྟོགས་པ་གང་ཡོད་ཀྱིས་གསལ་གདབ། མཆོད་གཡོག་པ་རྣམས་ཀྱིས་ཀྱང་མ་ཡེངས་པར་ཏིང་ངེ་འཛིན་གྱི་སྟོབས་གདབ་ཅིང་རོལ་མོའི་སྒྲ་བསྒྲགས་པ་དང་། སྤོས་དང་། མེ་ཏོག་ཆར་དབབ་བྱའོ། །དེ་ནས་མཚན་བྱང་དེ་མེ་ལ་བསྲེག་པའམ་ཆུས་བཀྲུ་ཞིང་ཚིག་རྗེས་དོན་སྒོམ་ཞིང་སྟོང་པའི་འདྲེས་འདོན་པར་བྱའོ། །དེའི་ཐལ་བའམ་ཤུ་གུ་ལ་ཚ་ཚ་གདབ། དེ་ནས་རྗེས་ཀྱི་ཆོ་ག་དཀྱིལ་འཁོར་གྱི་ལྷ་དང་ཆོས་སྐྱོང་སྲུང་མ་རྣམས་ལ་གཏོར་མ་རྒྱ་ཆེན་པོ་ཕུལ་། གསོན་པོ་རྣམས་ལ་བཀྲ་ཤིས་པ་དང་། གཤིན་པོ་བྱང་ཆུབ་ཏུ་གནས་སྟོང་སྟོན་ཅིང་། ལམ་ལ་བར་ཆོད་སེལ་བར་གསོལ་བ་གདབ། ཡུལ་བདག་ལ་སོགས་ལའང་གཏོར་མ་བྱིན། བཟོད་པར་གསོལ་བ་དང་གཤེགས་སུ་གསོལ། །ལས་ཀྱི་རྗེས་བསྡུ་བ་ལ་སོགས་རྣམས། རྗེས་ཀྱི་ཆོ་ག་ཇི་ལྟ་བ་བཞིན་དུ་བྱ། སྡུག་བསྔལ་མཚོན་དང་བྱེ་མ་རྫས་དམན་པ་རྣམས་ཆུ་བོ་ཆེན་པོ་ལ་དོར། དེ་ནས་ཡོན་བདག་རྣམས་བཀྲ་ཤིས་པར་བྱ་བའི་ཕྱིར་ཁྲུས་བྱའོ། །གོས་གསར་པ་རྣམས་བགོས་ཏེ། བཀྲ་ཤིས་ཀྱི་དབྱངས་དང་ཚིག་མང་དུ་བརྗོད་ཅིང་། མེ་ཏོག་མགོ་ལ་བཞག །སློབ་དཔོན་གྱིས་ཡོན་བདག་དང་གནས་དང་ཡོ་བྱད་རྣམས་ལ་བསྲུང་བའི་འཁོར་ལོ་བརྟན་པོ་བསྒོམ་ལ། སྔགས་འཁོར་དང་། སྔགས་མདུད་གདབ་པར་བྱའོ། །བདུན་ཚིགས་ཀྱི་མན་ངག་ཟླ་བ་སྒྲོན་མེ་ཞེས་བྱ་བ་ཀུ་ས་ལི་པའི་སྤྲང་པོ་ཡང་དགོན་པས་ཡི་གེར་བཀོད་པ་རྫོགས་སོ། །འདི་མེད་བདུན་ཚིགས་བྱེད་པ་རྣམས། །

ལོང་བས་ལོང་ཁྲིད་མ་ལགས་སམ། །དེས་ན་འདི་ལ་ལེགས་པར་རྟོག །བདག་གཞན་གཉིས་ཀ་འགྱོད་མེད་མཛོད། །མངྒ་ལཾ། །


previousབདུན་ཚིགས་ཟླ་བ་སྒྲོན་མེ།next