Nitartha Digital Library
Tibetan
བར་དོ་ཐོས་གྲོལ་ཆེན་མོའི་ཆོས་སྐོར་ཕྱོགས་བསྒྲིགས།


   
   
   
   
   
   
   
   
   
   
   
  expand section
   
   
   
   
   
   
   
   
   
   
   
   
   
   
   
སྦྱངས་ཆོག་ཉུང་བསྡུས་འདིར་འགོད་ལ།
   


 
previousསྦྱངས་ཆོག་ཉུང་བསྡུས་འདིར་འགོད་ལ།next

སྦྱངས་ཆོག་ཉུང་བསྡུས་འདིར་འགོད་ལ།

སྦྱངས་ཆོག་ཉུང་བསྡུས་འདིར་འགོད་ལ། །བླ་མ་ལྷ་ཡིས་གནང་བ་སྩོལ། །དེའང་རྒྱུད་སྡེ་འགྲོ་ཀུན་ལྟ་བུ་སྤྱོད་པ་རྣལ་འབྱོར་རྒྱུད་ཡིན་ཀྱང་ལྟ་བ་བླ་མེད་ཡིན་པས་གོང་འོག །ཀུན་རིགས་ཀྱི་རྒྱུད་ནི་གི་དཀྱིལ་འཁོར་བསྒྲུབ་པ་སྔོན་དུ་སོང་ནས། བྱེས་དེ་ལ་གཤིན་པོ་རྗེས་འཛིན་ལ་མདོ་སྔགས་ཀྱི་ལུགས་གཉིས་ལས་ཏུ་སྔགས་ཆོག་ལ་བསྟེན་པ་ཐབས་ཁྱད་པར་ཅན་དུ་བསྟན་ཏེ། ཀྱཻ་རྡོར་གྱི་རྩ་རྒྱུད་བརྟགས་གཉིས་ཀྱིས། རྡོ་རྗེ་གུར་གྱི་རྒྱུད་ལས། རྡུལ་ཚོན་དཀྱིལ་འཁོར་བྲིས་ནས་ནི། །གཤིན་ལ་གསོན་བཞིན་དབང་བསྐུར་ན། །ངན་སོང་གསུམ་དུ་སྐྱེས་ན་ཡང་། །དེ་ཉིད་ཀྱིས་ནི་ཐར་བར་འགྱུར། །བྱ་རྒྱུད་མཁའ་འགྲོ་མ། ཞེས་དང་། ཡོ་གའི་སྦྱོང་རྒྱུད་ལས། ཀྱེ་ལྷའི་བུ་རྣམས་ངན་སོང་དུ་སྐྱེས་ཟིན་པ་དེ་དག་གི་མིང་ལ་ཡང་དབང་བསྐུར་ཞིང་གཟུགས་བརྙན་ལའང་དབང་བསྐུར་བར་བྱོས་ཤིག །མཆོད་རྟེན་ལ་ཡང་དབང་བསྐུར་བར་བྱོས་ཤིག །རང་གི་ལྷའི་སྐུ་ལ་ཡང་དབང་བསྐུར་བར་བྱོས་ཤིག །ཆུང་ངུ་ན་དེའི་རིགས་མཐུན་པའི་ཡུལ་གྱི་མི་དང་། དེའི་བུ་དང་དེ་དང་རུས་མཐུན་པ་དང་། དེའི་མིང་འཛིན་པ་འམ་མཐུན་པ་དང་། བྲན་ལ་ཡང་དབང་བསྐུར་བར་བྱོས་ཤིག །ཞག་བདུན་དུ་དཀྱིལ་འཁོར་དུ་བཅུག་སྟེ་དབང་བསྐུར་ན་གདོན་མི་ཟ་བར་ཞག་བདུན་ནས་ངན་སོང་གི་སྒྲིབ་པ་དག་ལས་རྣམ་པར་ཐར་བར་འགྱུར་རོ། །ཞེས་གསུངས་པས་སྦྱང་བ་དང་། དབང་གང་བྱེད་པ་ལ་འགྲོ་ཀུན་སོགས་ཆོ་ག་གང་ཡིན་ཀྱང་ལྷོ་སྒོ་ཡིན་པའི་ཁྱབ་སྟེ་ལྷོ་ཕྱོགས་གཤིན་རྗེའི་ཡུལ་ཡིན་པས་འཆི་ཟིན་གྱི་ཚེ་འདས་དེ་འཆི་བདག་གི་ཡུལ་དེར་ཁྲིད་པ་དེ། དཀྱིལ་འཁོར་གྱི་ལྷོ་ཡི་སྒོ་ཕྱོགས་སུ་བཀོད་པའི་རྟེན་ལ་ཁྲུས་བྱས་ཆས་སུ་འཇུག་གནས་ཡིག་གདགས་པའི་རོ་དངོས་སམ་

ཚེ་འདས་དེའི་ཡོ་བྱད་དང་བྱང་བུ་རྒྱན་སོགས་ཅི་རིགས་བཞག །བྱང་བུའང་ཚེ་འདས་དེའི་གཟུགས་ལུས་ཙོག་པུར་འདུག་ཅིང་ཐལ་མོ་སྦྱར་ནས་མེ་ཏོག་གི་ཕྲེང་བ་འཛིན་པ་ཞིག་བྲིས་ནས་སྙིང་གར་མིང་ཡིག་དངོས་ཀྱི་མཚན་པ་ཞེས། བསོད་ནམས་ཞེས་པའི་མིང་ཡིག་དང་པོ་བ་དང་། མགོན་པོ་ཞེས་པར་མ་ལྟ་བུ་ཐིག་ལེས་བརྒྱན་པ་བྲི་ན། བཾ་དང་མཾ་ལྟ་བུའམ་ཡང་ན་མིའི་ས་བོན་ཎི་ཡིག་འབྲི་བར་བཤད། དེའང་མིང་ཡིག་བ་ལྟ་བུ་འབྲི་བ་ནི་གཤིན་པོ་ཉིད་ཐ་སྙད་མིང་གིས་བཏགས་ཙམ་དུ་ཤེས་པའི་སྣང་ཙམ་ཡིན་པ་དང་། ཐིག་ལེས་བརྒྱན་པ་ནི་སྟོང་པར་མཚོན་བྱེད་ཡིན་པས་བ་ཡིག་གིས་སྣང་བ་ཐིག་ལེའི་སྟོང་པ་སྟེ་ཚེ་འདས་ཀྱི་སྒོ་གསུམ་གཤིན་གསོན་རྣམས་སྣང་སྟོང་ཟུང་འཇུག་གི་དོན་དུ་ངེས་པའི་སྒོ་ནས་འགྲོ་ཀུན་ལྟར་ན་དང་པོ་སྤྱན་རས་གཟིགས་ཞིག་གསལ་བཞིན་པས་ཞི་བའི་ངང་ནས་མཐར་ཁྲོ་བོ་རྟ་མགྲིན་གྱི་སྐུར་བཞེངས་པར་བསམ་ནས་པདྨ་ཏ་ཀྲིད་སོགས་ཀྱི་ལས་སྔགས་ཀྱིས་ཆུས་བསངས། ཤཱུ་ནྱ་ཏས་སྦྱངས། སྟོང་པའི་ངང་སོགས། རྟེན་བསྐྱེད། བདེན་སྟོབས་ཀྱི་སྐབས་སུ་རང་ཉིད་ལས་ཀྱི་ལྷ་ཁྲོ་བོ་རྟ་མགྲིན་ལྟ་བུའི་གི་ཐུགས་ཀའི་སྲོག་ཡིག་ལས་འོད་ཟེར་འཇིག་རྟེན་གྱི་ཁམས་ཐམས་ཅད་ཁྱབ་པར་འཕྲོས་པས་ཚེ་འདས་ཀྱི་རྣམ་པར་ཤེས་པ་འཇིག་རྟེན་གྱི་ཁམས་གང་ན་གནས་ཀྱང་། དབྱིབས་ལ་ཨ་ཤད་ཀྱི་རྣམ་པ་ཁ་དོག་དམར་ཞིང་གསལ་བ་མར་མེ་ལྟ་བུའི་རྣམ་པ་དང་། ཨ་དཀར་པོའི་རྣམ་པར་བཀུགས་ནས་རྟེན་ཀྱི་སྙིང་གར་བསྟིམ་པའི་མོས་པ་ངེས་པར་བྱ་དགོས། དེ་ལྟར་འགུགས་བསྟིམ་བྱས་ནས་རྣམ་ཤེས་དངོས་སུ་ཁུག་པ་ཡང་སྲིད་པ་དང་། དེ་མིན་ཀྱང་བར་དོ་བ་དེས་ཚེ་སྔ་མའི་གྲོགས་བླ་མ་སོགས་རྨི་ལམ་ཙམ་དུ་མཐོང་བར་བཤད་པས། བར་དོ་བ་དེར་འོང་ནས་རྨི་ལམ་རྨི་བ་བཞིན་དུ་ཆོ་ག་ལ་ཞུགས་ན་བར་དོའི་སྐབས་དེར་དབང་པོ་ཤིན་ཏུ་རྣོ་བས་ཕན་ཐོགས་

ཚབས་ཤིན་ཏུ་ཆེ་བར་བཤད། སྐྱེ་བ་གཞན་བླང་ཟིན་ན་ཡང་ཆོ་ག་བཞིན་དུ་ཚེ་འདས་དེར་དམིགས་ནས་བྱས་ན་སྐྱེ་གནས་ནས་ཐར་བར་འགྱུར་བ་སྔ་མའི་ལུང་གིས་ཤེས་སོ། །སྤྱིར་སྦྱང་བ་ལ་གསུམ་དང་དྲུག་གི་རྣམ་དབྱེ་བཤད་དོ། །གསུམ་ནི་དང་པོ་བགེགས་སྦྱངས་བ། བར་དུ་སྡིག་པ་སྦྱངས་བ་སྡིག་པ་དང་དྲི་མ་གཉིས་ལས་སྤྱི་དང་བྱེ་བྲག་གི་ཁྱད་པར་ཡོད་དེ། སྡིག་པ་ནི་སྤྱི་ལ་དྲི་མ་ནི་བྱེ་བྲག་གོ། །དེ་ཡང་ལས་ཉོན་གཉིས་སྡིག་པ་དང་ཉོན་མོངས་པ་དྲི་མ་ཡིན་པའི་ཕྱིར་རོ། །ཐ་མ་དྲི་མ་སྦྱངས་བའོ། །དྲུག་ནི། ངན་སོང་སྦྱངས་བ༡། བགེགས་སྦྱངས་བ༢། སྡིག་པ་སྦྱངས་བ༣། དྲི་མ་སྦྱངས་བ༤། བཀྲ་མི་ཤེས་པ་སྦྱངས་བ༥། ལམ་སྦྱངས་བ་༦དང་དྲུག་གོ། །དེ་ལ་སྔ་མ་གསུམ་ཕྱི་མ་དྲུག་གི་ནང་དུ་འདུ་བས་ཕྱི་མ་ལྟར་བཤད་པ་ལ་དྲུག་ལས། དང་པོ་ངན་སོང་སྦྱངས་བ་ནི། སརྦ་པཱ་པཾ་ཨ་ན་ཡ་ཧཱུྃ་ཞེས་པ་ནི་སྡིག་པ་འགུགས་པའི་སྔགས་ཏེ་སྡིག་པ་ཐམས་ཅད་ཁུག་ཅེས་པ་དང་། ༀ་སརྦ་ཨ་པཱ་ཡ་ཨ་ཀརཥ་ནི་བི་ཤྭ་དྷ་ནི་བཛྲ་ཧཱུྃ་ཕཊ་ཞེས་པ་ངན་འགྲོ་འགུགས་པའི་སྙིང་པོ་ཡིན། སྔགས་དོན་ནི་སྡིག་སྒྲིབ་ཅན་གྱི་ངན་སོང་གི་འགྲོ་བ་ཐམས་ཅད་བཀུག་ནས་སྒྲིབ་པ་རྣམ་པར་སྦྱོངས་བ་ལས་མི་འདའ་བའི་རྡོ་རྗེ་ཞེས་བོས་ནས་དེ་ལྟར་གྱིས་ཤིག་ཅེས་བསྐུལ་གསོལ་བྱས་པའོ། །དེ་ནས་ངན་འགྲོ་བ་རྣམས་དཀྱིལ་འཁོར་གྱི་ཕྱིའི་འཁྱམས་སུ་དུར་ཁྲོད་སོགས་སུ་འཁོད་པར་དམིགས་ལ་དེ་ནས་ངན་སོང་དུ་སྐྱེ་འགྱུར་གྱི་སྡིག་པའི་ས་བོན་བཾ་ཡིག་ནག་པོ་ཀུན་དཀྱིལ་འཁོར་ཕྱི་ཁྱམས་སུ་སོགས་ལ་འཁོད་བཞིན་པ་དག་གི་བཾ་ཡིག་ལ་ཐིམ་པ་དང་ཡང་ན་ཚེ་འདས་ཀྱི་སྙིང་གར་སྡིག་པའི་ས་བོན་བཾ་ཡིག་ནག་པོ་གནས་པ་ལ་ངན་སོང་སྐྱེ་དང་སྐྱེས་འགྱུར་གྱི་འགྲོ་བ་རྣམས་ཀྱི་བཾ་ཡིག་ནག་པོའི་རྣམ་པ་ཀུན་མཚོ་ལ་ཁ་བ་བབས་པ་ལྟར་ཐིམ་པར་དམིགས་ནས་དཀྱིལ་འཁོར་གྱི་ལྷ་རྣམས་ལ་སྐྱབས་སུ་འགྲོ་བར་བསམ་ལ་

རང་གིས་ཀྱང་སྐྱབས་འགྲོའི་ཚིག་བརྗོད་སྐབས་དང་སྡིག་སྦྱོངས་ཀྱི་སྔགས་བརྗོད་སྐབས་སུ་ངན་འགྲོ་ལ་དེ་རྣམས་ཀྱི་སྡིག་པ་དག་ནས་ལྷའི་ཞབས་དྲུང་དུ་སྐྱེས་བར་མོས་དགོས་སོ། །སརྦ་བིད་ཏྲཊ་ཞེས་པ་ནི་ཐམས་ཅད་རིག་པ་ཞེས་སངས་རྒྱས་རྣམས་ལ་འབོད་པར་བསྐུལ་ནས་སེམས་ཅན་རྣམས་སྡིག་སྒྲིབ་ལས་ཁྲོལ་ཅིག་ཅེས་དང་། བཛྲ་བནྡྷ་ཏྲཊ་ནི་དཀྱིལ་འཁོར་གྱི་གཙོ་བོའི་ཐུགས་རྣམ་པར་མི་རྟོགས་པའི་ཡེ་ཤེས་རྡོ་རྗེས་དེའི་ལས་ཉོན་གྱི་འཆིང་བ་ཀུན་ཁྲོལ་ཅེས་པའོ། །དམིགས་བྱ་ངན་སོང་འགུགས་པ་དང་སྡིག་པ་ཕྲལ་བའི་སྔགས་དང་ཏིང་ངེ་འཛིན་ཕྱག་ལྷ་དབྱེ་བའི་རྒྱ་ལྟར་རྒྱ་རྣམས་ཟིན་རྗེས་སུ་གནས་གསུམ་བྱིན་རླབས་དང་། གནས་ཉེར་གཉིས་བྱིན་རླབས་བྱ་བར་གསུངས་པས། སརྦ་བིད་ལ་ༀ་ཨ་སོགས་བཏགས་པས་བྱ་བར་གསུངས། གནས་ཉེར་གཉིས་ནི། སྦྱོང་རྒྱུད་ལས། སྙིང་ག་ལྐོག་མ་ཁ་ཕྱོགས་སུ། །སརྦ་བིད་ཀྱིས་བྱིན་གྱིས་བརླབས། །དཔྲལ་བ་མཛོད་སྤུ་རྣ་བ་གཉིས། །མགོ་བོ་སྤྱི་བོ་དཔུང་པ་གཉིས། །སྣ་དང་སྐེད་པ་པུས་མོ་བོལ། །ལོང་བུ་ུརྒྱ་ཚིག་སྣ་ཡི་རྩེ་མོ་དང་། །མིག་གཉིས་དང་ནི་གསང་བ་ཡི། །དབང་པོ་རྣམས་ཀྱི་གནས་དང་ནི། །ཞེས་པར་བྱིན་གྱིས་བརླབས་པར་གསུངས། །དེ་ལྟར་བྱིན་གྱིས་བརླབས་པའི་དགོས་པ་ནི། སྡིག་ལས་སྲུང་བའི་གོ་ཆའི་ཆེད་ཡིན་པར་བཤད་དོ། །གཉིས་པ་བགེགས་སྦྱངས་བ་ནི། དེའང་ཚེ་འདས་དེ་ཉིད་གསོན་པོའི་དུས་ན་ཚེ་གནས་པ་ལ་བར་ཆད་བྱེད་ཅིང་ཤི་བའི་འོག་ཏུ་སྔོན་ཚེ་འདས་དེའི་ཟས་གཏམས་འགྲོ་འདུག་བྱེད་ཚུལ་གྱི་རྒྱུ་མཚན་རྣམས་ཤེས་པར་བྱས་ནས་ཚེ་འདས་དེའི་ཆ་བྱད་ཀྱིས་ཉེ་དུ་སོགས་ལ་རྨི་ལམ་སྟོན་པ། གཤིན་པོའི་རོའི་ཟུར་དུ་ཉན་མ་ཉན་གྱི་གཟུགས་མེད་ཀྱི་གཏམ་སྨྲ་བ། ཁྱིམ་གྲོགས་ཀྱི་ཆེ་གེ་མོ་ལྟ་བུ་གཞན་གྱི་རྒྱུད་བརླམས་ནས་བདག་ཁྱོད་ཀྱི་ཚེ་

འདས་ཡིན་ཞེས་སྨྲ་བ་སོགས་ཀྱིས་ཉེ་དུ་རྣམས་བསླུ་ཞིང་ད་དུང་གཤིན་པོ་དེ་ཉིད་ཀྱི་གང་དུ་སྐྱེ་བ་བླང་བའི་རྗེས་སུ་འབྲང་ནས་བདེ་བ་དང་དགེ་བ་ལ་བར་དུ་གཅོད་པ་དང་། ཚེ་འདས་བར་དོ་ལ་གནས་པ་དེ་ཉིད་ཐབས་སྣ་ཚོགས་ཀྱིས་ངན་སོང་དུ་ཁྲིད་པའི་ཡི་དྭགས་གཤིན་རྗེའི་ཆ་བྱད་ཅེས་པ་དྲི་ཟ་ཁྱབ་བྱེད་དང་། བི་ཤ་ཙ་ན་དང་། གནོད་སྦྱིན་སྨྲ་འདོད་ཀྱི་རིགས་དང་། འབྱུང་པོ་ཝ་ར་ཧིནྟ་ཀུན་ཏུ་གཏོགས་འདོད་ཅེས་བྱ་བ་ལ་སོགས་པ་ལ་གཏོར་མ་སྦྱིན་ནས་བསྐྲད་དགོས་པར་གསུངས་པས་བགེགས་དེ་རྣམས་བཀུགས་ཏེ་བྱིན་རླབས་སྔོན་དུ་འགྲོ་བས་ཅོག་རྡོག་གམ་མཐེབ་སྐྱུ་སྔགས་ཀྱིས་བསྔོ་ལ་ཞི་བས་སྦྱངས་པ། ཏིང་ལོ་མར་མེ་ཆངས་བུ་སྦྲགས་ནས་རྟེན་ལ་ཕྱིར་བསྐོར་རྡོར་བསོར་སུཾ་བྷ་ནི་བརྗོད་ནས་བསྔོ་བ་ནི་ཞི་དྲག་ཕྱེད་མས་སྦྱངས་པ། རང་ཉིད་ལས་ཀྱི་ཁྲོ་བོའི་ང་རྒྱལ་ལ་གནས་པའི་བདེན་སྟོབས་དང་དྲག་སྔགས་བརྗོད་པ་གུ་གུལ་གྱིས་བདུག་ཡུངས་ཐུན་གྱིས་བྲབ་རོལ་མོ་དྲག་ཏུ་བྱ་བ་ནི་དྲག་པོའི་སྦྱངས་བ་ཡིན། མཐེབ་སྐྱུའམ་ཅོག་རྡོག་མགྲོན་ཟན་གྱི་ཚུལ་དུ་སྦྱིན། ཏིང་ལོ་ལམ་གྱི་སྒྲོན་མེ་ཆངས་བུ་ལམ་རྒྱགས་འམ་ལམ་གྲོའི་ཚུལ་དུ་བསྔོ་བར་གསུངས་སོ། །གསུམ་པ་སྡིག་སྒྲིབ་སྦྱངས་བ་ནི། ཟ་བྱེད་རྡོ་རྗེ་མཁའ་འགྲོ་མ་ལྟ་བུ་གཅེར་བུ་ཞལ་གཅིག་ཕྱག་གཉིས་ཀྱི་རྡོར་དྲིལ་ཐུགས་ཀར་བསྣོལ་ཐབས་སུ་བསྣམས་པ་ཞལ་གདངས་པ་ལྗགས་འདྲིལ་བ་མཆེ་བ་གཙིགས་པའི་བདག་ཉིད་ཅན་དུ་བསྐྱེད་ནས་གཤིན་པོའི་མིང་སྨྲོས་པའི་སྦྱིན་སྲེགས་བྱས་ན་གཤིན་པོ་ལྷར་སྐྱེས་པ་སྦྱོངས་རྒྱུད་དང་དེ་ཉིད་བསྡུ་བ་ལས་གསུངས་པས། སྤོས་ཕོར་གྱི་མེའམ་ཏིང་ལོའི་མེ་ནང་དུ་ཟ་བྱེད་མཁའ་འགྲོ་བསྐྱེད་ནས། ཚེ་འདས་ཀྱི་རྐང་པའི་འོག་གི་རླུང་དཀྱིལ་གཡོས་ལྟེ་བའི་གཏུམ་མོ་འམ་དྲོད་ལ་ལ་ཕོག་པས་དེས་བསྐུལ་ཏེ་ཚེ་འདས་ཀྱི་སྙིང་གར་སྡིག་པའི་ས་བོན་བཾ་ཡིག་ནག་པོའི་རྣམ་པར་

ཡོད་པ་ལ་ཕོག་པས་དེ་གནས་གྱུར་ཏེ་སྡིག་པ་རྭ་ཅན་གྱི་རྣམ་པར་སྣ་བུག་ནས་བྱུང་སྟེ་ཏིལ་ལ་ཐིམ་པར་བསམ་པའམ། བཾ་ཡིག་གི་ཕྲེང་བ་ནར་ནར་བྱུང་སྟེ་ཏིལ་ལ་ཐིམ་པར་བསམ་པས་ཏིལ་སྡིག་པ་རྭ་ཅན་དུ་གྱུར་པར་མོས། རང་གི་མཛུབ་མོ་དང་མཐེ་བོང་ངམ་མཐེབ་སྲིན་གཉིས་ཀྱི་བར་དུ་ཧཱུྃ་བསམ་ལ་དེས་སྡིག་གཟུགས་བཅད་དེ་ཁྲོ་བོའི་ཞལ་དུ་ཕུལ་བར་མོས་ཏེ་ཏིལ་མེ་གཏོར། སརྦ་པཱ་པཾ་ད་ཧ་ན་གྷསྨི་ཀུ་རུ་ཚེ་འདས་ཀྱི་སྡིག་སྒྲིབ་ཐམས་ཅད་ཤནྟིཾ་ཀུ་རུ་སྭཱ་ཧཱ། མཐར་མི་དམིགས་པར་བྱའོ། །ཡང་ན་ཚེ་འདས་ཀྱི་སྙིང་གར་སྡིག་པའི་ངོ་བོ་བཾ་ཡོངས་སུ་གྱུར་པ་སྡིག་གཟུགས་སྔོ་ཞིང་རིད་པ་མཚན་མའི་འབྲས་བུ་འཕྱང་བ་ཞིག་སྣ་ནས་ཐོན་པ་མདུན་དུ་ཁྲོ་བོ་རྡོ་རྗེ་གནོད་སྦྱིན་ཞལ་གཅིག་ཕྱག་གཉིས་པ། གཡས་མཆེ་བ་ཕྱར་བ། གཡོན་མཆེ་བ་དང་བཅས་པའི་སྡིག་མཛུབ་མཛད་པ་དེས་སྔར་གྱི་སྡིག་པའི་ངོ་བོར་གྱུར་པའི་སྡིག་གཟུགས་དེ་མཆེ་བས་དུམ་བུར་གཏུབས་ཤིང་གསོལ་བར་བསམ་ན་སྡིག་པ་འདག་ཚབས་ཆེ་བར་ཡང་བཤད་དོ། །གཞན་ཡང་སྔགས་ཀྱིས་སྦྱང་བ་ནི་ཆུའམ་ཡུངས་དཀར་བྱེ་མ་ས་སོགས་ལ་གཟུངས་ཆེན་དྲི་མེད་རྣམ་གཉིས་བྱང་ཆུབ་རྒྱན་འབུམ་གསང་བ་རང་བསྲེལ་རྟེན་འབྲེལ་སྙིང་པོ་སྡེ་ལྔ་བཟླས་ནས་ཚེ་འདས་ཀྱི་རྟེན་ལ་བྲབ་ན་ཕན་ཡོན་ཆེ་བར་གསུངས་ཏེ། མི་འཁྲུགས་པའི་གཟུངས་ངན་སོང་རྒྱུན་གཅོད་ཀྱི་སྔགས་ལན་བདུན་བཟླས་ནས་རུས་པའམ་མིང་བྱང་ཕུང་པོ་ལ་བྲབ་ན་དེ་ངན་སོང་གང་དུ་སྐྱེས་ཀྱང་དེའི་ལུས་ལ་མེ་ཏོག་གི་ཆར་བབས་པས་ངན་འགྲོ་ལས་ཐར་བར་འགྱུར་བ་དང་། རྣམ་རྒྱལ་མའི་གཟུངས་རྒྱས་པ་དང་བསྡུས་པ། ཨ་མྲྀ་ཏ་ཨཱ་ཡུརྡདེ་སྭཱ་ཧཱ་གང་རུང་དང་། དྲི་མེད་གཉིས་ཀྱི་གཟུང་ཉེར་གཅིག་པདྨོ་ཎི་ཥ་སོགས་བཟླས་ཏེ་བྲབ་

པར་བྱའོ། །ལས་སྒྲིབ་འཇོམས་པའི་གཟུངས་བཟླས་པས་བྲབ་བཀྲུ་བྱས་ན་ངན་སོང་དུ་སྐྱེས་ཟིན་པ་ཡང་ཞག་བདུན་ནས་ཐར་ཏེ་མཐོ་རིས་ཀྱི་འཇིག་རྟེན་དུ་སྐྱེ་བར་འགྱུར་རོ། །ཞེས་གསུངས་པ་དང་། རྣམ་རྒྱལ་མའི་གཟུངས་ཀྱིས་མཐུས་ངན་འགྲོ་དག་ལས་ཐར་བར་འགྱུར་རོ་ཞེས་དང་། དྲི་མེད་ཀྱི་གཟུངས་ལས་བྱེ་མ་ལ་ཉེར་གཅིག་བཟླས་ཏེ་དུར་ཁྲོད་དུ་གཏོར་ན་གང་གི་རུས་པ་ལ་ཕོག་པ་དེ་དག་སེམས་ཅན་དམྱལ་བར་སྐྱེས་པ་དེ་ནས་ཡོངས་སུ་ཐར་དེ་མཐོ་རིས་སུ་སྐྱེས་པར་འགྱུར་རོ། །མཐོ་རིས་སུ་སྐྱེས་པ་དེ་དག་གི་ལུས་ལ་མེ་ཏོག་གི་ཆར་ཕབ་པར་འགྱུར་རོ། །ཞེས་གསུངས་པ་དང་། དོན་ཞགས་ཆོ་ག་ཞིབ་མོ་ལས། ༀ་པདྨོཥྞཱིཥ་བཟླས་ཏེ་བཀྲུ་བྲབ་བྱས་ནས་སེམས་ཅན་དམྱལ་བར་སྐྱེ་འགྱུར་དང་། དགེ་སློང་བསླབ་སྡོམ་ཉམས་པ་ཚུལ་ཁྲིམས་གཞན་འཆལ་རལ་མཁན་སློབ་མ་ལ་མ་གུས་པའི་ལས་{ལྡན་}དག་ལ་བྱེ་མ་གཙང་མར་ལན་བདུན་བཟླས་ཏེ་དུར་ཁྲོད་དམ་ཐལ་བའི་ཕུང་པོ་ལ་གཏོར་ན་སེམས་ཅན་དེ་དམྱལ་བའམ། ཡི་དྭགས་སམ་ཤ་ཟའམ་གནོད་སྦྱིན་ནམ་སྲིན་པོའི་སྐྱེ་གནས་སུ་སྐྱེས་ན་དེའི་མོད་ལ་ཚེ་འཕོས་ཏེ་མཐོ་རིས་སུ་གཞོལ་བ་དང་། ནམ་ཡང་སེམས་ཅན་དམྱལ་བར་གཞོལ་བར་མི་འགྱུར་རོ། །ཞེས་གསུངས་སོ། །དམིགས་པ་ནི། བྱེ་ཡུངས་ཆུ་སོགས་ཀྱི་སྟེང་དུ་ཟླ་ཉི་གང་རུང་གི་གདན་ལ་{སྔགས་}རང་རང་གི་སྔགས་ཕྲེང་བཀོད་པ་ལས་འོད་ཟེར་ཡར་སྤྲོས་མཆོད་པར་བྱས་འཕྲོས་རྒྱལ་བ་སྲས་བཅས་ཀྱི་བྱིན་རླབས་ཐམས་ཅད་སྔགས་ཀྱི་རྣམ་པར་སྔགས་ཕྲེང་དུ་བྱེ་ཡུངས་སོགས་ལ་བསྟིམ་སྟེ་དབྱེར་མེད་རོ་གཅིག་གྱུར་པར་མོས་ཏེ་བཟླ་བ་དང་། ཤེལ་ལྟར་དག་པར་བསམ་དགོས་པར་བཤད་དོ། །སྔགས་དོན་ཡང་། ༀ་ནི་སངས་རྒྱས་ཀྱི་སྐུ་གསུང་ཐུགས་གསུམ་མཚོན་བྱེད། ཨ་མྲྀ་ཏ་ཨ་ཡུརྡ་

དེ་སྭཱ་ཧཱའི་དོན་འཆི་བ་མེད་པའི་ཚེ་སྦྱིན་མ་ཞེས་རྣམ་རྒྱལ་མར་འབོད་ཚིག །སྭཱ་ཧཱ་ནི་འཆི་མེད་རྡོ་རྗེའི་སྲོག་གི་ཚེའི་གཞི་ཚུགས་ཞེས་པའོ། །པདྨོཥྞཱིཥ་ནི་པདྨའི་སྤྱན་རས་གཟིགས་གཙུག་ཏོར་དྲི་བི་མ་ལེ་མ་མེད་ཅེས་པའོ། །སྦྱོངས་རྒྱུད་ལས་བྱུང་བའི་སྔགས་ནི། ༀ་སརྦ་པཱ་པཾ་ད་ཧ་ན་བཛྲ་ཧཱུྃ་ཕཊ་གཅོད་འཇོམས་ཅེས་པ་སྡིག་པ་ཐམས་ཅད་བསྲེགས་པའི་རྡོ་རྗེ་སྡིག་པ་ཐམས་ཅད་གང་གིས་བསྲེགས་ན་སངས་རྒྱས་ཀྱི་ཐུགས་རྣམ་པར་མི་རྟོགས་པའི་ཡེ་ཤེས་དེས་བསྲེགས་ཕྱིར་དེས་བསྲེགས་པར་གྱིས་ཞེས་པའམ། ཞེས་པའོ། །ༀ་སརྦ་པཱ་པཾ་བི་ཤྭ་དྷ་ན་བཛྲ་ཧཱུྃ་ཕཊ་ཞེས་པ་སྡིག་པ་ཐམས་ཅད་རྣམ་པར་སྦྱོང་བའི་རྡོ་རྗེའོ། །ༀ་སརྦ་ཀརྨཱ་ཨ་ཝ་ར་ཎ་ནི་བྷསྨི་ཀུ་རུ་ཧཱུྃ་ཕཊ་ནི། ལས་དང་སྒྲིབ་པ་ཐམས་ཅད་སེལ་བར་མཛོད་ཅིག་ཅེས་སོ། །ༀ་བྷྲཱུཾ་བི་ཤྭ་དྷ་ཡ་ཨཱ་ཝ་ར་ཎ་ནི་ཧཱུྃ་ཕཊ་ནི་སྒྲིབ་པ་ཐམས་ཅད་རྣམ་པར་འཇོམས་པའི་རྡོ་རྗེའོ། །ༀ་ཏྲུཾ་བི་ཤྭ་དྷ་ཡ་ཨཱ་ཝ་ར་ཎཱ་ནི་ཧཱུྃ་ཕཊ་ནི་སྒྲིབ་པ་ཐམས་ཅད་རྣམ་པར་སྦྱོངས། ༀ་ཛྭ་ལ་ཛྭ་ལ་དྷ་ཀ་དྷ་ཀ་ཧ་ན་ཧ་ན་ཨཱ་ཝ་ར་ཎཱ་ནི་ཧཱུྃ་ཕཊ་ནི་འབར་བ་འབར་མེའི་བྱེད་ལས་དང་ལྡན་བ་ཆོད་ཆོད། པ་རལ་གྲིས་བྱེད་ལས་དང་ལྡན་བསྣུན་བསྣུན་ཐོ་བའི་བྱེད་ལས་དང་ལྡན་པའི་སྒོ་ནས་སྒྲིབ་པ་སྦྱོངས། ༀ་སྲུཾ་ས་ར་ས་ར་པྲ་ས་ར་པྲ་ས་ར་ཨཱ་ཝ་ར་ཎཱ་ནི་ཧཱུྃ་ཕཊ་ནི། འཇོམས་འཇོམས་རབ་འཇོམས་རབ་འཇོམས་སྒྲིབ་པ་སྦྱོངས་ཞེས་པའོ། །ༀ་ཧཱུྃ་ཧ་ར་ཧ་ར་སརྦ་ཨཱ་ཝ་ར་ཎཱ་ནི་ཧཱུྃ་ཕཊ་ནི་འཕྲོག་འཕྲོག་སྒྲིབ་པ་སྦྱོངས་བའོ། །ༀ་བྷྲཱུཾ་ཕཊ་སརྦ་ཨཱ་ཝ་ར་ཎཱ་ནི་སྤོ་ཊ་ཡ་ཧཱུྃ་ཕཊ་ནི་སྒྲིབ་པ་ཐམས་ཅད་ཁོས་ཤིག་ཅེས་པའོ། །ༀ་པྲེ་ཏ་པྲེ་ཏ་སརྦ་ཨཱ་ཝ་ར་ཎཱ་ནི་ཧཱུྃ་ཕཊ་ནི་དྲལ་བར་གྱིས་དྲལ་བར་གྱིས་སྡིག་པ་ཐམས་ཅད་དྲལ་བར་བྱས་པའི་སྒོ་ནས་སྒྲིབ་པ་སྦྱོངས། ༀ་ཏྲ་ཊ་ཏྲ་ཊ་སརྦ་ཨཱ་ཝ་ར་ཎཱ་ནི་ཧཱུྃ་ཕཊ་ནི་ཆོད་ཆོད་སྒྲིབ་པ་སྦྱོངས་ཞེས་སོ། །ༀ་ཚིནྡྷ་ཚིནྡྷ་སརྦ༴གཏུབ་གཏུབ་སྒྲིབ་པ་སྦྱོངས་ཞེས་སོ། །ༀ་ད་ཧ་ད་ཧ༴

དམྱལ་བར་ན་ར་ཀ་འགྲོ་བའི་ག་ཏེ་རྒྱུ་ཧེ་དུན་ཐམས་ཅད་སརྦ་སྲེགས་ད་ཧ་སྲེགས་ཅེས་སོ། །ད་ཧ་ༀ་པ་ཙ་པ་ཙ༴ཡི་དྭགས་པྲེ་ཏ་ཀ་སུ་འགྲོ་བའི་རྒྱུ་ཐམས་ཅད་ད་ལྟ་ནས་ཆོམ་ཆོམ། །ༀ་མ་ཐ་མ་ཐ༴དུད་དུར་ཡ་འགྲོར་འགྲོ་བའི་རྒྱུ་ཐམས་ཅད་ཕྱིས་སུ་མི་འབྱུང་བའི་ཚུལ་དུ་ཆོམ་ཆོམ་ཞེས་པའོ། །ཀཾ་ཀ་ནིའི་སྔགས་དོན་ནི། ཀཾ་ཀ་ནི་སྡིག་པ་རྣམས། རོ་ཙ་ནི་འགགས་པར་གྱིས། ཏྲོ་ཊ་ནི་ཆད་པར་གྱིས། ཏྲ་ས་ནི་སྐྲག་པར་གྱིས། པྲ་ཏི་ཧ་ན་སོ་སོར་བསྣུན། སརྦ་ཀརྨ་ལས་ཐམས་ཅད། པ་རཾ་པ་རཱ་ནི་སྡིག་པ་རྣམས་ལས་ཕ་རོལ་ནས་ཕ་རོལ་ཏུ་ུཐོན་༼ཕྱིན་༽པར་གྱིས་མེ་བདག་ཡིན། སརྦ་ས་ཏྭ་ནཱཉྩ་སྭཱ་ཧཱ། སེམས་ཅན་ཐམས་ཅད་ཀྱིས་ཞེས་པའོ། །སྔགས་མཐར་ཚེ་འདས་ཆེ་གེ་མོའི་སྡིག་སྒྲིབ་ཐམས་ཅད་ཤནྟིཾ་ཀུ་རུ་སྭཱ་ཧཱ་ཞེས་པ་སྦྱར་དགོས་ཏེ། སྦྱོང་རྒྱུད་ལས། ཐལ་བ་ཡུངས་དཀར་བྱེ་མ་སོགས། རང་གིས་མིང་སྨྲོས་སྔགས་བཏབ་པས་ཞེས་གསུངས་པའི་ཕྱིར་རོ། །བཞི་པ་དྲི་མ་སྦྱངས་བ་ནི། དང་པོ་སྤྱིར་ཁྲུས་བྱེད་པ་ལ་བུམ་པ་ཞིག་བསྒྲུབ་དགོས་དེ་ཡང་ལས་བུམ་ཙམ་བསྒྲུབ་པ་ལ་བདག་བསྐྱེད་ཙམ་མ་གཏོགས་མདུན་བསྐྱེད་མི་དགོས་རྣམ་བུམ་བསྒྲུབ་པ་ལ་བདག་མདུན་བུམ་གསུམ་བསྒྲུབ་ཆོག་སོ་སོར་མེད་ན་མདུན་བསྐྱེད་ཀྱི་ཆོ་གའི་ཚིག་གཅིག་གིས་སྒོ་ནས་བསྒྲུབ་དགོས། རྣམ་བུམ་མམ་ལས་བུམ་གྱི་རྟེན་ལ་མཆོག །དཀོན་མཆོག་གསུམ་ལ་ཁྲུས་བྱས་པའི་ཆུར་སླར་ཁྲུས་བུམ་དུ་བླུགས་ལ་ཁྲུས་ཆུ་ཉིད་སྦྱིན་སོགས་ཕར་ཕྱིན་དྲུག་གི་རང་བཞིན་ཅན་གྱི་ཆུ་སེར་སྣ་སོགས་ཕྱིན་དྲུག་གི་མི་མཐུན་ཕྱོགས་དྲུག་བག་ཆགས་དང་བཅས་པ་སྦྱོངས་ཤིང་དག་ནུས་པའི་བྱེད་པ་ཅན། གཏོང་བ་ཚུལ་ཁྲིམས་སོགས་ཕྱིན་དྲུག་གི་ལམ་མཚོན་པའི་དྲི་བཟང་པོས་ལེགས་པར་བསྒོས་པའི་མཚོན་བྱེད་ཀྱི་ཁྱད་པར་སྟེ་ཁྱད་པར་གསུམ་ལྡན་གྱི་ཆུས་ཁྲུས་བྱ་བའོ། །ཁྲུས་ལེགས་མཛད་ཅེས་པ་

ནི། ཁྲུས་བྱེད་པ་པོ་རང་གི་དྲི་མ་མ་དག་ན་གཞན་ལ་ཁྲུས་བྱས་ཀྱང་གཞན་གྱི་དྲི་མ་དག་མི་ནུས་པའི་ཁྲུས་ལེགས་པར་མཛད་པ་པོ་ནི་དྲི་མ་དག་བྱེད་ཀྱི་ཡེ་ཤེས་ཀྱི་ཆུས་རང་གི་དྲི་མ་བག་ཆགས་དང་བཅས་པ་དག་ནས་གདུལ་བྱ་གཞན་གྱི་དྲི་མ་ཡེ་ཤེས་ཀྱི་ཆུས་དག་པར་བྱེད་པའི་བཅོམ་ལྡན་འདས་དེ་ལ་གོ་བར་བྱ་དགོས་པས་བཅོམ་ལྡན་འདས་དེ་ཉིད་ཀྱིས་ཁྲུས་ལེགས་པར་བགྱིའོ། །དེས་ན་རང་གི་གཞན་ལ་ཁྲུས་བྱེད་ཚེ་བཅོམ་ལྡན་འདས་ཀྱི་ང་རྒྱལ་བྱའོ། །ཆུ་བོ་དྲུག་སོགས་ཀྱི་ཚིག་བཅད་ཀྱི་དོན་ནི། ཕྱིན་དྲུག་གི་ཆུ་བོ་ལ་བརྟེན་ནས་དྲི་མ་རྣམ་དྲུག་གི་བག་ཆགས་དང་བཅས་པ་སྦྱངས་ནས་ཉེས་པའི་རྡུལ་ཕྲ་མོ་ཙམ་ཡང་མི་མངའ་བའི་སངས་རྒྱས་དེའི་གོ་འཕང་ལ་གཤིན་པོ་འགོད་ཕྱིར་ཁྲུས་བྱེད་པ་ནི་ཚིག་བཅད་དང་པོའི་པའི་དོན་ནམ་ཡེ་ཤེས་ཀྱི་ཆུ་བོ་དྲུག་གི་ཁྲུས་ལ་བརྟེན་ནས་ཉེས་པ་མ་ལུས་པ་སྤངས། ཡོན་ཏན་ཐམས་ཅད་མངོན་དུ་མཛད་པའི་སར་འགྱུར་སངས་རྒྱས་ཀྱི་གསུང་ལ་བསླུ་བའི་ཉེས་པ་མི་མངའ་བས་དེ་ལྟར་ལྷ་སྔགས་ཏིང་འཛིན་གྱིས་སྟོབས་ཀྱིས་ཉེས་པ་ཀུན་སྤང་ཞིང་ཡོན་ཏན་ཐམས་ཅད་མངོན་དུ་མཛད་པར་གསུང་པའི་སངས་རྒྱས་ཀྱི་གསུང་ལ་བསླུ་བའི་ཉེས་པ་མི་མངའ་བས། ཚུལ་འདིས་ཀྱང་ཚེ་འདས་གྲོལ་བར་འགྱུར་རོ་སྙམ་དུ་ཡིད་ཆེས་པའི་སྒོ་ནས་ཁྲུས་བྱ་བ་ནི་ཚིག་བཅད་གཉིས་པའི་དོན་ནོ། །དེ་ལྟ་བུའི་བཅོམ་ལྡན་འདས་དེ་ཉིད་ནི་རྟག་ཏུ་གཞན་དོན་ལ་དགོངས་པའི་ཐུགས་བཞེད་བསྒྲུབ་ཅིང་མཆོད་པའི་དོན་ལ་ལྷ་སྔགས་ཏིང་འཛིན་ལ་དད་ཅིང་ཡིད་ཆེས་པའི་སེམས་ཀྱི་སྒོ་ནས་ཁྲུས་བྱ་བ་ནི་ཚིགས་བཅད་གསུམ་པའི་དོན་ནོ། །དེ་ལྟར་སངས་རྒྱས་ལ་དད་པའི་སྒོ་ནས་སྒྲུབ་པ་པོ་བདག་གིས་དམིགས་ཡུལ་ལ་ཁྲུས་བྱའོ་སྙམ་པ་ནི་དད་པས་ཚེ་འདས་ཁྲུས་བགྱིའོ་ཞེས་པའོ། །དེ་ལྟར་ཁྲུས་བྱས་པས་ཚེ་འདས་ཀྱི་ཕྱིན་དྲུག་གི་མི་མཐུན་ཕྱོགས་དག་སྟེ་འཚང་རྒྱ་བའི་དམིགས་སྨོན་བྱའོ། །དེ་ནས་ཉོན་མོངས་པ་

དང་དེའི་དབང་གིས་བྱུང་བའི་དུག་སྦྱང་བ་ནི། རྨ་བྱ་ཆེན་མོ་ལས་གསུངས་པའི། འདོད་ཆགས་ཞེ་སྡང་གཏི་མུག་གསུམ་སོགས་ཀྱི་སྐབས་སུ་ཚེ་འདས་དེའི་དུག་ལྔ་དུག་གསུམ་དང་དེའི་བསྐྱེད་པའི་དུག་ཐམས་ཅད་སངས་རྒྱས་སོགས་ཀྱིས་བྱིན་རླབས་གཟི་བརྗིད་ཀྱིས་བཅོམ་མོ་མེད་པར་གྱུར་ཅིག །དམིགས་བྱའི་ཉོན་མོངས་པ་གཏི་མུག་འབྱུང་བ་སར་ཐིམ། འདོད་ཆགས་ཐིམ། ཞེ་སྡང་མེ་དང་ཕྲག་དོག་རླུང་ལ་ཐིམ་འབྱུང་བཞི་དེ་རྣམས་ཀྱི་རང་བཞིན་སྟོང་ཉིད་ཡིན་པས། དམིགས་བྱའི་ཚེ་འདས་ཀྱི་སྟོང་ཉིད་རྟོགས་ན་རྟོགས་བྱའི་ཆོས་ཀྱི་དབྱིངས་སུ་དམིགས་བྱའི་དུག་རྣམས་དེང་བར་འགྱུར་ཕྱིར་ཚེ་འདས་ཀྱིས་སྟོང་ཉིད་རྟོགས་ནས་མྱུར་དུ་འཚང་རྒྱ་བར་གྱུར་ཅིག་ཅེས་པའམ། འབྱུང་བཞི་རྣམ་པར་དག་པ་ས་རྣམ་དག་སངས་རྒྱས་སྤྱན་མ། ཆུ་རྣམ་དག་མ་མ་ཀི། མེ་རྣམ་དག་གོས་དཀར་མོ། རླུང་དག་པ་དམ་ཚིག་སྒྲོལ་མ་སྟེ་ཡུམ་བཞིའི་རང་བཞིན་དུ་སངས་རྒྱས་པར་བསམ་མོ། །སྤྱིར་དཔེར་རང་ལུས་རྒྱུ་ལས་ཉོན་གྱི་བསྐྱེད་ཀྱང་རྐྱེན་ཕ་མའི་ཁུ་ཁྲག་ལས་གྲུབ་པ་ལྟར་ལས་སྒྲིབ་ཀྱི་འབྲས་བུ་ཐམས་ཅད་ཉོན་མོངས་པ་ལས་འབྱུང་ཡང་རྐྱེན་རང་རང་གི་དམིགས་རྐྱེན་དང་བདག་རྐྱེན་གང་རུང་གི་འབྱུང་བ་བཞི་ལས་སྐྱེས་པར་གསུངས་པས་འབྱུང་བཞི་དེ་དག་ལ་ཕ་མའི་ཐ་སྙད་མཛད་པའོ། །དེས་ན་རྒྱུ་ལས་ཉོན་རྐྱེན་ཕྱི་ཡི་འབྱུང་བ་མིང་ལྟ་བུ་དང་། ནང་གི་འབྱུང་བ་བདག་རྐྱེན་དབང་པོ་ལྟ་བུ་སྟེ། འབྱུང་བ་ལྔའི་དབང་གིས་བྱུང་བའི་འབྲས་བུ་སྡུག་བདེན་གྱི་དུག་ཐམས་ཅད་ཆོས་ཉིད་སྟོང་ཉིད་ཀྱི་རང་བཞིན་ཅན་ལས་མ་འདས་པ་ཡིན་པར་ཤེས་ཏེ་རྒྱུ་འབྲས་ཐམས་ཅད་སྟོང་པར་བསྒོམ་པ་ནི་དུག་རྣམས་འབྱུང་བཞིའི་རང་བཞིན་སྟོང་པ་ཉིད་ཀྱི་དབྱིངས་སུ་དཔེར་ནམ་མཁའི་ཀློང་ལ་སྤྲིན་དེངས་པ་བཞིན་དུ་སོང་སྟེ་དེངས་པའི་དོན་ནོ། །འབྱུང་བཞིའི་དངོས་པོ་ཐོགས་ཏེ་དབྱུགས་པ་དང་ཀུ་ཤས་བྱབ་པ་ཁོ་ན་སོགས་རང་རང་གི་ཕྱག་བཞེས་

བཞིན་བྱའོ། །ལྔ་པ་བཀྲ་མི་ཤིས་པ་སྦྱངས་བ་ནི། མེ་ཏོག་འཐོར་བ་བུམ་ཆུ་བྲན་པ་དང་བཅས་ཤིས་བརྗོད་བྱ་བ་ཡིན། དེ་ཡང་གང་སེར་མ་འདི་སྔོན་ཡུལ་ཡངས་པ་ཅན་དུ་རིམ་ནད་དྲག་པོ་བྱུང་ཚེ་སྟོན་པས་ཀུན་དགའ་བོ་ལ་བཀའ་སྩལ་ཏེ། ཚིགས་བཅད་འདི་དག་འདོན་པར་བཏང་བ་ཡིན་པས་ནད་ཞི་སོགས་མི་མཐུན་པའི་རྐྱེན་ཞི་བའི་ཕན་ཡོན་དཔག་ཏུ་མེད་པར་གསུང་པས་གཤིན་པོ་ཐམས་ཅད་ལ་བཀྲ་ཤིས་པའི་དགོས་པ་ཡོད་པའོ། །གཤིན་པོ་ལ་བཀྲ་ཤིས་ཚུལ་དེའང་གཤིན་པོ་ལ་ནི་སྒྲིབ་པ་སྦྱང་ཟིན་པ་བ་དེ་ཉིད་ན་མི་འཕར་བ་བརྟན་པར་བྱ་བའི་ཕྱིར་དུ་ཤེས་པ་བརྗོད་པ་ཡིན་པས་དགོས་པ་དེ་ཤེས་པ་གལ་ཆེ། དེ་ནས་སྐྱབས་སུ་འགྲོ་བ་སེམས་བསྐྱེད་པ། སྡོམ་པ་བཟུང་བ་དབང་བསྐུར་བ་རྣམས་བྱ་བར་གསུངས་སོ། །དེའང་ཀུན་རིགས་དང་གཏེར་ཆེན་རྡོར་སེམས་དང་འགྲོ་ཀུན་ཡང་པད་འཕྲིན་གྱི་ཐུན་མོང་རིགས་པའི་དབང་ལྔ་མི་བསྐུར་བའི་ལུང་ཞིག་གསུང་པ་སོགས་ཀྱི་དབང་དུ་བཏང་ན། དཀྱིལ་འཁོར་དུ་འཇུག་པ་ཙམ་བྱ་བ་དང་། དབང་རྫོགས་པར་བསྐུར་བའི་ཚུལ་གཉིས་སུ་གསུངས་སོ། །དབང་བསྐུར་བྱས་ན་ནང་འཇུག་གི་སྐབས་སུ་དམིགས་བྱ་ཚེ་འདས་དེ་དཀྱིལ་འཁོར་གྱི་གཙོ་བོར་བསྐྱེད་ནས་ཡེ་དབབ་བྱས་པ་ལྟར་ལྷའི་སྐུ་གསལ་བཞིན་ཡིན་པ་དང་། དབང་མ་བསྐུར་བར་ཚེ་འདས་སུ་ཤེས་པ་དང་སློབ་མར་ཤེས་པ་ཙམ་ལས་ལྷར་ཤེས་པ་མེད་ཚེ། ཟས་གཏད་བྱེད་པའི་སྐབས། སྐབས་འདིར་རྡོར་སེམས་སོགས་ཀྱི་སྐུར་གསལ་ནས། ལྷར་ཤེས་པར་བྱས་ཏེ་ཟས་གཏད་བྱེད་པ་ཡིན་པས། བཟའ་བཏུང་རྣམས་ཞལ་ཟས་རོ་བརྒྱ་དང་། འདོད་པའི་ཡོན་ཏན་ལྔ་སོ་སོར་བསྔོ་ཚིག་དང་འབྲེལ་བར་བྱིན་གྱིས་བརླབས་དགོས། དེའང་སྟོང་སྦྱངས་བྱས་ཏེ། བྷྲཱུཾ་ཡོངས་སུ་གནས་གྱུར་པ་ལས་འདོད་ཡོན་གྱི་སྣོད་རིན་པོ་ཆེའི་སྣོད་དུ་ༀ་ཡིག་ཞུ་བ་ལས་འདོད་ཡོན་ལྔའི་མཆོད་པའི་ལྷ་མོ་

དུ་མར་སྤྲུལ་ཏེ་ནམ་མཁའ་མཛོད་ཀྱི་སྔགས་རྒྱས་བཏབ་ཏེ་དཀྱིལ་འཁོར་གྱི་ལྷ་ཚོགས་ལ་མཆོད་པ་ཕུལ་བའི་དགེ་རྩ་ཚེ་འདས་ལ་བསྔོ་བའམ། ཡང་ན་གཤིན་པོ་ཉིད་ལྷར་བསྐྱེད་བཞིན་པའི་ལྷ་ཉིད་ལ་མཆོད་པའི་ཚུལ་གྱིས་ཕུལ་ནས་རྣལ་འབྱོར་བའི་མོས་ཤིང་བསྒོམ་པའི་རྟེན་གྱི་ལྷ་ཁོ་ནར་ཕུལ་བ་རུ་ཤེས་དགོས། དེ་ལྟར་ཚེ་འདས་དངོས་ལ་བཟའ་བཏུང་གཏད་པ་མིན་པར་འདོད་ཡོན་རྣམས་ལྷར་ཕུལ་བར་བྱས་ནས་ལྷ་ཚོགས་མཆོད་པའི་དགེ་རྩ་ཉིད་ཚེ་འདས་ལ་བསྔོས་ན་དགེ་རྩ་འདིའི་མཐུ་ལས་ཚེ་འདས་ཉིད་སྐྱེ་སྲིད་དུ་སྐྱེ་བ་མ་བླང་ན་མཐོ་རིས་སུ་སྐྱེ་བ་དང་། སྐྱེ་བ་བླང་ཟིན་ཡིན་ནའང་དེ་ཉིད་བདེ་བའི་རྒྱུར་འགྱུར་བར་གསུངས་པས་བསྔོ་ཚུལ་ཡང་མཆོད་པའི་དགེ་བ་འདིའི་མཐུ་ལས་ཚེ་འདས་མིང་འདི་ཞེས་བྱ་བ་བདེ་འགྲོ་མཐོ་རིས་སུ་སྐྱེས་ཏེ་ཚེ་དཔལ་སྟོབས་འབྱོར་ལོངས་སྤྱོད་དང་ཐོས་བསམ་བསྒོམ་པའི་དགེ་བ་ཕུན་སུམ་ཚོགས་པའི་དཔལ་ལ་ལོངས་སྤྱོད་པར་མཛད་པར་གྱུར་ཅིག་སྙམ་པ་དང་། ལམ་གྱི་མཐུན་རྐྱེན་ཕུན་སུམ་ཚོགས་པར་གྱུར་སྙམ་པ་ལྟ་བུའི་སྨོན་འདུན་བྱའོ། །ལྷར་མཆོད་པ་ནི། རྟེན་རྣལ་འབྱོར་བ་བསྔོ་འབུལ་བྱེད་པོ་གང་ཟག་དམན་འབྲིང་ཇི་ལྟར་ཡིན་ཀྱང་ཡུལ་གྱི་དཀྱིལ་འཁོར་གྱི་གཙོ་བོ་ནི་ཚོགས་བསོག་པའི་ཞིང་ཁྱད་པར་དུ་འཕགས་པའི་སྟོབས་ཀྱི་ཕན་ཡོན་ཐོབ་པར་མི་བསླུ་བར་ངེས་པས་དེ་ལྟར་གསུངས་པ་ཡིན་མོད། རྟེན་རྣལ་འབྱོར་པའི་གང་ཟག་ཁྱད་པར་ཅན་ཡིན་ན་ལྷ་སྔགས་ཏིང་འཛིན་མཐུ་དང་བྱིན་རླབས་ཀྱི་སྟོབས་ཀྱིས་ཚེ་འདས་དངོས་ཀྱི་བཟའ་བཏུང་ལ་ལོངས་སྤྱོད་ནུས་པའི་སྐབས་ཀྱང་སྲིད་ཆོག་པར་དཔེར་ཡི་དྭགས་ལ་ཆུ་སྦྱིན་གཏོང་བ་དང་། བགེགས་ལ་ལན་ཆགས་བསྔོས་པ་སོགས་ཀྱིས་དེ་དང་དེར་ཚིམ་པར་སྤྱོད་པར་གསུངས་པས་ཤེས་པར་ནུས་སོ། །དྲུག་པ་ལམ་སྦྱངས་བ་ནི།

སྦྱང་ཆོག་བྱེད་པའི་གཞི་ལ། དཀོན་མཆོག་རིན་ཆེན་དཔལ་ཞིང་དུ་ཞེས་པའི་དོན། དཀྱིལ་འཁོར་བསྒྲུབ་མཆོད་སྔོན་དུ་འགྲོ་དགོས་ངེས་ཅན་ཡིན་པས་དེ་ལ་བདག་མདུན་གྱི་ལྷ་བསྐྱེད་པ་དང་། དཀོན་མཆོག་རིན་ཆེན་དེ་དག་ལ་མཆོད་བསྟོད་བཟླས་བརྗོད་བྱས་ན་སྔགས་ཕྱོགས་གི་ལྷ་གཅིག་བསྐྱེད་ན་མདོ་ཕྱོགས་ཀྱི་བསྐལ་བ་མང་པོའི་ཚོགས་རྫོགས་པའི་ཕྱིར་ན་ཚོགས་རྒྱ་ཆེན་པོ་བསོག་པ་ཡིན་པས་ནས་གཞན་དོན་ལ་ཞུགས་པའི་གང་ཟག་གིས་ཐོག་མར་རང་ཉིད་ཀྱི་རྒྱུད་ལ་ལྷ་སྔགས་ཏིང་འཛིན་གྱི་ནུས་པ་བསྒྲུབ་པ་དང་། དཀོན་མཆོག་རིན་ཆེན་འོད་ཟེར་གྱིས་དེ་ལྟར་བསྒྲུབ་པའི་གང་ཟག་གི་རང་རྒྱུད་ཡོངས་སུ་དག་པས་གཞན་དོན་བྱེད་པའི་ནུས་པ་གྲུབ་པ་གསུམ་ནི། གཞན་རྗེས་འཛིན་གྱི་རྒྱུ་རྐྱེན་འཚོགས་ཤིང་ཚང་བའི་ཐབས་བསྒྲིགས་པས་ཚོགས་ལམ་དུ་བཞག་པ་འམ་ཚོགས་ལམ་བཏགས་པ་བ་ཡིན་པར་བསྟན་དང་། དེ་ནས་རྟེན་བསྐྱེད་ནས་འགུགས་སྦྱངས་ཀྱི་ཆོ་ག་ནས་དབང་བསྐུར་གྱི་འཇུག་པའི་བར་གཞན་དོན་རྒྱ་ཆེན་ལ་སྦྱོར་བས་སྦྱོར་ལམ་དུ་བཞག །དེ་ནས་ལྷ་ངོ་བསྟན་སྐབས་རྟེན་བརྟེན་པའི་དཀྱིལ་འཁོར་གྱི་ལྷ་ཚོགས་མཐོང་བ་མཐོང་ལམ་དུ་བཞག །མཐོང་ཟིན་པའི་ལྷ་ཡིད་བྱེད་ཀྱི་རྒྱུན་སྒོམ་པར་བྱེད་པ་སྒོམ་ལམ་དུ་བཞག །ངོ་བོ་རྣམ་ཤེས་ཡིན་པ་ལ་རྣམ་པ་ཐིག་ལེའི་རྣམ་པ་ཅན་དེ་བདེན་སྟོང་སྒྱུ་མ་ལྟ་བུ་ཡིན་ཚུལ་གྱིས་བདག་མེད་ཀྱི་ལྟ་བའི་གདམས་པ་སྦྱིན་ནས་གང་ཟག་སྒྱུ་མ་ལྟ་བུའི་དོན་ངེས་ཏེ་སྨོན་འདུན་གྱི་མཚམས་སྦྱར་ཏེ་བདེ་བ་ཅན་སོགས་སུ་གནས་སྤོར་བ་ནི། བླ་ན་མེད་པའི་ཁྱད་པར་གྱི་ལམ་དུ་བཞག །རྣམ་ཤེས་སྤར་བའི་ཕུང་པོ་ལྷག་མར་ལུས་པའི་ཕུང་ཁམས་སྐྱེ་མཆེད་བག་ཆགས་དང་བཅས་པ་ཡེ་ཤེས་ཀྱི་མེས་བསྲེགས་ནས་རྒྱལ་བའི་སྐུ་གསུམ་ཡེ་ཤེས་ལྔ་ལྡན་དུ་བསྒྱུར་བ་ནི་བྱང་ཆུབ་བར་ཆད་མེད་པའི་ལམ་སྟེ་གཤིན་པོ་རྗེས་སུ་འཛིན་པའི་ཐབས་ཐམས་ཅད་ལམ་ལྔའམ་ལམ་དྲུག་ཏུ་

དྲིལ་ཏེ་བསྟན་པའོ། །དབང་བསྐུར་དང་མ་འབྲེལ་བར་བདེ་བ་ཅན་དུ་སྐྱེ་བའི་གནས་སྤར་ལྟ་བུ་ལ་སྦྱར་ན། ལམ་གྱི་རིམ་པ་བསྒྲིགས་ཚུལ་ཞིག་ཡོད་དེ། དེར་སྐྱེ་བའི་རྒྱུ་བཞི་ནི་ཚོགས་ལམ་ཞིང་དེར་སྐྱེ་བ་ལ་མངོན་དུ་ཕྱོགས་ཤིང་དེར་འགྲོ་བ་ལ་སྦྱོར་བ་སྦྱོར་ལམ་དམིགས་བྱ་དེས་བདེ་བ་ཅན་དུ་འགྲོ་བའི་ལམ་ཇི་བཞིན་མཐོང་བ་འམ་བདེ་བ་ཅན་ཀྱི་ཞིང་གི་རྟེན་བརྟེན་པ་དང་བཅས་པ་མཐོང་བ་མཐོང་ལམ། མཐོང་བའི་ལམ་དེ་རྩེ་གཅིག་ཏུ་ཡང་ཡང་འདྲེས་པར་བྱས་ཏེ་བསྒོམ་པ་སྒོམ་ལམ་དུ་གསུངས་པ་ལམ་བཏགས་པ་བའོ། །བསམ་བྱ་ནི་བདེ་བ་ཅན་དུ་མགོན་པོ་འོད་དཔག་མེད་བཞུགས་པའི་མདུན་དུ་པདྨའི་སྡོང་པོ་ཁྲུས་ཀྱི་རྫིང་བུ་སོགས་ཞིང་ཁམས་ཡིད་ལ་གསལ་བཏབ་སྟེ་ངོ་སྤྲད་དེར་འགྲོ་བའི་ལམ་བསྟན་རྒྱུ་དཀྱིལ་འཁོར་བསྐྱེད་བསྒྲུབ་བྱས་པའི་ཚོགས་བསགས། བར་དོ་བ་དེས་ཉིང་མཚམས་སྦྱར་བ་ཞིག་རྙེད་ན་ཅི་མ་རུང་སྙམ་དུ་སྦྱོང་བར་འདོད་པ་ན་འོད་དཔག་མེད་ཀྱི་ཐུགས་ཀ་ནས་འོད་བྱུང་གཤིན་པོ་ལ་ཕོག་པས་དེས་ཀྱང་བདེ་བ་ཅན་དུ་འགྲོ་བའི་ལམ་ཇི་བཞིན་མཐོང་རང་གིས་བརྡ་སྤྲད་པ་ལྟར་དེས་ཀྱང་བདེ་བ་ཅན་དུ་སྐྱེ་བའི་ཕྱིར་རྩེ་གཅིག་མོས་འདུན་བསྒོམ་སྟེ་དག་པའི་ཞིང་དེར་སྐྱེ་བ་གཞན་གྱི་བར་མ་ཆོད་པར་སྐྱེ་བའི་རྒྱུ་ཚོགས་ཀྱི་ནུས་པ་ཡོངས་སུ་རྫོགས་ནས་ད་ལྟ་ཉིད་དུ་སྐྱེ་རུང་གི་ཚུལ་དུ་གསལ་བར་བྱས་ནས་མཐར་རྟེན་གྱི་རྣམ་ཤེས་དང་དེ་ལྟར་གསལ་བའི་ཐུགས་དབྱེར་མེད་དུ་རྟེན་གྱི་སྤྱི་བོ་ནས་ཐོན་ཏེ་འོད་དཔག་མེད་ཀྱི་མདུན་དུ་པདྨའི་སྡོང་པོ་ལ་བརྟེན་ནས་ཐེག་ཆེན་རིགས་ཅན་དབང་རྣོན་དུ་སྐྱེ་བ་བླང་བར་བསམ་དགོས་སོ། །མིང་བྱང་བཞུ་བ་ལ་རྣམ་ཤེས་སྤར་བའི་ཕུང་པོ་ལྷག་མ་ཉིད་སྡིག་སྒྲིབ་དང་ལྷན་གཅིག་ཏུ་བསྲེགས་པའི་འདུན་པ་བཅས་བདེ་བ་ཅན་དུ་གཤེགས་ཟིན་དེ་ལ་རིགས་ཀྱི་བུ་ཞེས་འབོད་པའི་ཚིག་གིས་དགོངས་ཤིག་

ཅེས་སྙན་གསན་བསྐུལ་ཏེ་མེས་བྱང་བུ་བསྲེགས་པར་ལྟར། ཡེ་ཤེས་ལྔའི་མེས་ཟག་བཅས་ཀྱི་ཕུང་པོ་བསྲེགས་པའམ་ཆོས་ཀྱི་དབྱིངས་ཀྱི་ངོ་བོར་ཟད་དེ་རིགས་ལྔའི་ངོ་བོར་སངས་རྒྱས་པར་མོས་པའོ། །ཐལ་བ་འཇིམ་པར་བསྲེས་ཏེ་སཙྪ་གདབ་པ་སོགས་གཞན་དུ་བཤད་པ་ལྟར་རོ། །སྦྱངས་ཆོག་འདིར་དཀའ་བ་གསུམ་ལ་གནད་གསུམ་ལྡན་དང་འབྲེལ་དགོས་ཞེས་གསུངས་ཏེ། དང་པོ་རྣམ་ཤེས་འགུགས་དཀའ་བས་དེ་ལ་གོང་བཤད་ལྟར་དམིགས་པའི་གནད་ལྡན་དགོས། བར་དུ་གཤེད་དང་བྲལ་དཀའ་བས་ཕྲོལ་བ་ལ་ལས་ཀྱི་ལྷའི་ང་རྒྱལ་དང་སྔགས་དང་ཕྱག་རྒྱ་ཏིང་ངེ་འཛིན་རྣམས་ཀྱི་ནུས་མཐུའི་རྩལ་ལྡན་དགོས། ཐ་མ་རྣམ་ཤེས་འཕེན་བས་འཕེན་པ་ལ། འཕོ་བའི་དམིགས་པ་བསྒོམ་པའི་གནད་ལྡན་དགོས་པའོ། །ཡང་ཤེས་པ་གསུམ་མམ་བཞི་དང་ལྡན་པར་དགོས་པར་བསྟན་ཏེ། དང་པོ་རྟེན་བསྐྱེད་དུས་ཚེ་འདས་ཚེ་འདས་སུ་དངོས་སུ་ཤེས་དགོས། བར་དུ་སྦྱངས་བ་དང་སྐྱབས་སེམས་འབོགས་པའི་དུས་སུ་ཚེ་འདས་སློབ་མ་རུ་ཤེས་དགོས། ཐ་མ་དབང་གི་འཇུག་པའི་སྐོར་ནང་འཇུག་ཡེ་ཤེས་དབབ་པའི་སྐབས་ལ་ཚེ་འདས་ཉིད་དཀྱིལ་འཁོར་གྱི་ལྷར་ཤེས་དགོས་པ་དང་། སྤྱི་ཁྱབ་ཏུ་ཚེ་འདས་ཀྱི་ལས་ཀྱི་ལྷའི་རིགས་གང་ཡིན་གྱི་ལྷར་ཤེས་ན་དེ་དང་མིན་ན་རིགས་ལུས་རྡོ་རྗེ་སེམས་དཔའ་ལྟ་བུའི་ལྷག་པའི་ལྷར་ཤེས་དགོས་པར་གསུངས་སོ། །སྦྱང་བ་དེ་རྣམས་བསྡུས་ན་གསུམ་སྟེ། དང་པོ་བགེགས་སྦྱངས་བ། བར་དུ་སྡིག་པ་སྦྱངས་བ། ཐ་མ་དྲི་མ་སྦྱངས་བའོ། །ཡང་ན་དཀྱུས་ལྟར་སྦྱངས་བ་དྲུག་ཏུ་དབྱེ་བར་ཡང་གསུངས་པས། དེ་རྣམ་ཤེས་ཏེ་ལག་ལེན་ཉམས་ལེན་དང་སྦྱར་བ་གལ་ཆེའོ། །ཚེ་འདས་ཀྱི་ཕུང་པོ་ལ་ཇི་ལྟར་སྦྱང་བ་ནི། སྤུར་ལ་གནས་པའི་བགེགས་བསྐྲད་པ།

སྒྲིབ་སྦྱོང་གི་སྔགས་བཟླ་བའི་བྱེ་ཡུང་གིས་བྲབ་པ། སྔགས་བཟླས་པའི་བུམ་ཆུས་བཀྲུ་བ་སྔགས་ཀྱི་བྱིན་གྱིས་བརླབས་པའི་དྲི་བཟང་བྱུགས་ཤིང་དར་གྱིས་དཀྲི་བ། གནས་ཡིག་གདགས་པ་ལྟར་བྱས་ནས་མཆོད་པ་རྣམས་བྱེད་པར། སྦྱོངས་རྒྱུད་ལས། རོ་ལ་སྔགས་ཀྱིས་བཏབ་ནས་ཀྱང་། ཆུ་མཆོག་གིས་ནི་བཀྲུས་ནས་ནི། བཟླས་པའི་དྲི་ཡིས་བྱུགས་པར་བྱ། །གོས་དང་རྒྱན་གྱིས་ཀླུབ་ནས་ཀྱང་། །སྔགས་ཀྱི་བཏབ་པའི་བདུག་པས་བདུགས། །མེ་ཏོག་ཕྲེང་ལ་སོགས་པས་མཆོད། །སྙིང་ག་ལྐོག་མ་སྤྱི་བོ་རུ། །སརྦ་བིད་ༀཨཱཿཧཱུྃ་གྱིས་བྱིན་གྱིས་བརླབ། །ཅེས་གསུངས་པ་ལྟར་སྦྱོང་རྒྱུད་མཁན་རྣམས་ཀྱིས་དེ་ལྟར་བཤད་ལ། བཏགས་གྲོལ་གྱི་རྒྱུད་འདོགས་པ་ནི། སྦྱོང་རྒྱུད་ལས་མ་གསུངས་ཀྱང་། ཞི་ཁྲོ་དང་རྫོགས་ཆེན་གྱི་མན་ངག་ཡིན་པར་གསུངས། རོ་དང་བྱང་བུ་གང་ཡིན་གྱི་སྙིང་གར་ཚེ་འདས་དེའི་ཡི་དམ་གྱི་ལྷའི་སྙིང་པོའམ། ཡང་ན་སྤྱན་གཟིགས་ཡིན་ན་མ་ཎི་དང་། འོད་དཔག་མེད་ཡིན་ན་ཨ་མི་དྷེ་ཝ་སྟེ། རྩ་སྔགས་དང་། མི་འཁྲུགས་པ་ཡིན་ན། ཀཾ་ཀ་ནི་འབྲི་བ་དང་། ལྟེ་བར་གུར་གུམ་གྱིས་མིང་ཡིག་འབྲི་སོགས་སྦྱོངས་རྒྱུད་རོ་བསྲེགས་ནས་བཤད་པར་གསུངས། ཤི་ནས་ཞག་བདུན་དུ་རོ་བསྲེག་པར་མི་བྱ་བར་བཤད། ལུས་ཀྱི་སྲིན་འབུ་རྣམས་མི་ཤི་བར་བསྲེག་མི་རུང་བའི་ཕྱིར་རོ། །རོ་བསྲེགས་ཚར་ནས་བསྲེགས་ཆོག་པ་རང་ཉིད་དཀྱིལ་འཁོར་གྱི་གཙོ་བོའི་ང་རྒྱལ་ལ་གནས་ཏེ་རྡོ་རྗེ་བསྡུ་བའི་སྔགས། བཛྲ་བཾ་ཧ་ར་ཎ་ཧཱུྃ། འམ་བཛྲ་ས་མ་ཡེ་ཛ། ཞེས་པས་རུས་པའི་ཐལ་བ་བསྡུ་བར་བྱ་སྟེ། སྦྱོང་རྒྱུད་ལས། དེ་ནས་ཐལ་བར་གྱུར་པ་དང་། །ཉེ་བསྡུ་བ་ཡི་སྔགས་ཀྱིས་ནི། །ཆོ་ག་བཞིན་དུ་བསྡུ་བར་བྱ། །ཞེས་དང་། རུས་སྒྲུབ་སྐབས་རུས་བུའི་སྟེང་དུ་ཟླ་བ་ལ་གནས་པའི་ཨ་དཀར་པོ་ཞེས་པ་ནི་དཀྱིལ་འཁོར་གཙོ་བོའི་ཐུགས་སྲོགས་སུ་ཨ་ཡིག་བཞུགས་པ་ཞིག་གི་

དབང་དུ་བྱས་པ་མི་མངོན་ཏེ། ཐུགས་ཆེན་སོགས་ཀྱི་དཀྱིལ་འཁོར་དུ་རུས་བསྒྲུབ་བྱས་པའི་ཆོ་ག་ལའང་དེ་ལྟར་བྱུང་བའི་ཕྱིར་རོ། །དེས་ན་ཨ་ཡིག་ལ་ཆོས་ཀྱི་སྒོའི་ཡི་གེ་ཞེས་སྦྱོང་རྒྱུད་སྐོར་འགའ་ལས་གསུང་པ་ལྟར་ཨ་ཡིག་ལ་དམིགས་ནས་བསྒོམ་ན་དེ་ནི་སྐྱེ་མེད་སྟོང་ཉིད་མཚོན་བྱེད་ཀྱི་ཡི་གེ་ཡིན་པས་སེམས་ཅན་གྱི་རྒྱུད་དག་པར་བྱེད་པའི་ཆོས་ཀྱི་སྒོ་ནི་སྟོང་ཉིད་ཡིན་པས་དེ་མཚོན་པའི་སྔགས་ཀྱི་ཡི་གེའི་དབང་དུ་མཛད་ནས་གསུང་པའམ། ཡང་ན་སྦྱོང་རྒྱུད་མཁན་པོ་ཞི་བ་སྙིང་པོས་མཛད་པའི་མཆོད་རྟེན་གྱི་ཆོ་གར་འཇིམ་པ་བརྫི་བའམ་སྦྲུ་བའི་སྤོས་ཆུ་བྱིན་རླབས་ཀྱི་དོན་དུ་སྤོས་ཆུ་དེ་ལ་ཨ་དཀར་པོ་ལས་ཟླ་བའི་དཀྱིལ་འཁོར་དུ་གྱུར་ཏེ་དེའི་འོད་ཟེར་གྱི་སྤོས་ཆུ་ཉིད་ལ་ཁྱབ་པར་འཁྱིལ་ནས་བདུད་རྩིའི་རང་བཞིན་དུ་གྱུར་པར་བསམ་ཞེས་བཤད་པའི་རིགས་པ་དེ་སྦྱར་ན་ཨ་ཡིག་ཉིད་ནི་ཟླ་བའི་རང་བཞིན་གྱི་བདུད་རྩི་འབྱུང་བའི་ཡི་གེ་ཡིན་པས་དེ་ལས་བདུད་རྩིའི་འོད་ཟེར་སྤྲོ་བའི་ཆེད་དུ་ཨ་ཡིག་བཞག་པ་ཡིན་ནམ་སྙམ་ཡང་དཔྱོད་གསུངས་སོ། །རུས་པ་བཀྲུ་བའི་སྔགས་ལ་མ་ཎི་དང་ད་ཧ་ད་ཧ་སོགས་སྒྲིབ་སྦྱོང་གི་སྔགས་སྤེལ་བ་ཡང་པད་འཕྲིན་སོགས་ཀྱིས་མཛད་པའི་གཞུང་ཁོང་ཐུབ་དུ་མ་ནས་གསུངས་པས་དེ་ལྟར་བྱ་བར་གསུངས། ས་ཙྪའི་གཟུང་ཞུགས་འཇོག་ཚུལ་ཀྱང་རོ་དེ་རབ་ན་མཆོད་རྟེན་དུ་འཇོག་པའི་ཐད་ཀྱི་སྦྱོང་རྒྱུད་གྱི་ནང་ན་ཚེ་འདས་རང་གི་ལྷ་འམ་སློབ་དཔོན་གྱི་ལྷ་ལྟ་བུ་ལྷ་གཞན་གྱི། སྙིང་པོ་རོའི་སྙིང་གར་བྲིས་ནས་ནི། ལྷ་འདྲ་བར་ནི་སེམས་བསྐྱེད་དེ། མཆོད་རྟེན་དབུས་སུ་བཞག་པའོ། །ཁྱིམ་སོགས་ནང་དུ་བཞག་པར་བྱ། ཞེས་པའི་འགྲེལ་བ་རུ་ཚེ་འདས་ཀྱི་ལྷག་པའི་ལྷ་གང་ཡིན་ཤེས་ན་དེའམ། མ་ཤེས་ན་སློབ་དཔོན་གྱི་ལྷ་གང་ཡིན་ནམ། ཀུན་རིགས་སོགས་ཀྱི་སྔགས་རོའི་སྙིང་གར་བྲིས་ཏེ་མཆོད་རྟེན་དུ་

བཞུགས་པར་བྱ་བ་ལ་བཤད་པའི་རིགས་པ་དེ་སྦྱར་བར་བྱས་ན་སཙྪའི་གཟུང་ཞུགས་ཀྱང་ཡིག་དྲུག་དང་ངན་སོང་སྦྱོང་བ་སོགས་ཀྱི་སྔགས་ཤམ་ལྡན་བྱས་ན་ཡང་ཆོག་པར་མངོན་ལ། རྒྱ་གར་གྱི་པཎྜི་ཏ་ཀ་མ་རྡོ་ནུས་པས་ནི་ཤི་བའི་དོན་དུ་བྱས་པའི་མཆོད་རྟེན་གྱི་གཟུང་ལ་རྟེན་འབྲེལ་སྙིང་པོ་ཡང་ཡང་བསྔགས་པར་དཔུང་བཟང་གི་ལུང་ལས། འཇིམ་པའམ་ནི་བྱེ་མ་ལས་བྱས་པའི། །བདེ་གཤེགས་མཆོད་རྟེན་རྟེན་འབྲེལ་སྙིང་པོ་ཅན། །སྡིག་པ་སྦྱང་བའི་ཕྱིར་དུ་རྟག་ཏུ་གདབ། །ཞེས་པ་དྲངས་ནས་བསྒྲུབ་པས་ཡེ་དྷརྨ་གཞུགས་པར་བྱའོ། །ས་ཙྪའི་གྲངས་ནི་གཅིག་དང་གསུམ་ནས་བརྒྱ་རྩ་བརྒྱད་ཀྱི་བར་དུ་བཤད་པ་མཐའ་གཅིག་ཏུ་མ་ངེས་ཏེ། སྦྱོང་རྒྱུད་ལས། རིམ་གྱིས་འབུམ་ནི་ཚང་ཙམ་དུ། །མཆོད་རྟེན་ལས་ནི་རབ་འབད་བྱ། །ལྷག་པ་སྡིག་ཅན་དག་ལ་ནི། །བྱེ་བ་ཉིད་ནི་ཚང་བར་བྱ། །དེ་ལྟར་བྱས་ན་ངེས་པར་ནི། །དམྱལ་བར་ལས་ནི་གྲོལ་བར་འགྱུར། །ཞེས་གསུངས་སོ། །རུས་པ་བཀྲུ་བའི་ཆུ་ནི་བ་ངོར་ཚར་གསུམ་ལས་ངོར་ཀུན་དགའ་བཟང་པོས་བཞེད། ལུགས་ཀྱི་བསྲེག་ཆོག་འདིར་སྔགས་བསྒྲུབ་པའི་བུམ་ཆུའི་རྒྱུན་ཡོད་ན་དེས་བྱ་བར་བཤད་པ་ལྟར། སློབ་དཔོན་ཏིང་འཛིན་རྡོ་རྗེས་ཀྱང་། གཙོ་བོ་ལས་ཀྱི་བུམ་པ་གང་རུང་བསྒྲུབ་ཟིན་པའམ་ལྷག་གནས་བྱས་པའི་བུམ་ཆུའི་བཀྲུ་བར་བཤད་ལ་སྔར་དང་གསར་དུ་བསྒྲུབ་པ་གང་ཡང་མེད་ན། ཆོ་གས་བསྒྲུབ་པ་མིན་པར་དྲི་བཟང་གི་ཆུ་གསར་དུ་འདུ་བྱས་པ་ལ་སྔགས་ཀྱི་བཏབ་ནས་བྱིན་གྱིས་བརླབས་པས་ཀྱང་བཀྲུ་རུང་ངོ་། །སྦྱོངས་སྔགས་འབུམ་ཕྲག་བཟླས་པའི་དྲི་བཟང་དང་བ་བྱུང་གི་ཆུས་འཇིམ་པ་བརྫི་བར་བསྲེག་ཆོག་མང་པོ་ནས་བཤད་པར་གསུངས། རྒྱ་གར་པཎ་གྲུབ་ཆེན་ཞི་བའི་སྙིང་པོའི་མཆོད་རྟེན་ཆོ་གར་འཇིམ་པ་བརྫི་བ་དང་། བྱིན་གྱིས་བརླབས་པ། འཇིམ་པ་བཅད་ནས་བླང་བ། འབི་འབི་བྱ་ཚུལ།

སཱཙྪ་བྱུང་བའི་བར་ལ་སྔགས་རེ་རེ་དང་བསྒོམ་བསམ་རེ་བསྒྲགས་ནས་གསུངས་ཏེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ལྔའི་རང་བཞིན་དུ་གྱུར་པར་བསམ་ནས་བྱིན་གྱིས་བརླབས། རྡོ་རྗེའི་སྲོག་ཐོབ་པའམ་རྒྱུན་ཆད་པ་མེད་པའམ་འགྱུར་བ་མེད་པའི་ཡེ་ཤེས་སུ་གྱུར་པར་བསམ་ནས་འཇིམ་པ་བཅད། ཡེ་ཤེས་ཁྱད་པར་བ་རུ་གྱུར་པར་བསམ་ལ་འབི་འབི་བྱ། དྲི་བཅས་ཀྱི་ཆོས་དབྱིངས་མངོན་དུ་བྱས་པའི་ཡེ་ཤེས་ལྟ་བུ་མིན་པར་དྲི་བྲལ་གྱི་ཆོས་དབྱིངས་མངོན་དུ་བྱེད་པའི་རྣམ་གྲོལ་ལམ་གྱི་ཡེ་ཤེས་ལྟ་བུར་གྱུར་བསམ་ལ་སྣུམ་བྱུག །ཡེ་ཤེས་དེ་ཡང་ཆོས་དབྱིངས་དང་དབྱེར་མེད་དུ་གྱུར་པར་བསམ་ལ་བསྐོར་ཕོར་དུ་བཅུག །ཡེ་ཤེས་དེ་དབྱིངས་དང་དཔེར་ཆུ་ལ་ཆུ་ཐིམ་པའམ་མར་ལ་མར་ཐིམ་པ་བཞིན་དབྱེར་མེད་རོ་གཅིག་ཏུ་གྱུར་ཏེ་སངས་རྒྱས་ཀྱི་ཡེ་ཤེས་ལྟ་བུའི་མཉམ་བཞག་ལས་ལྡང་བ་མེད་པའི་ཡེ་ཤེས་སུ་གྱུར་པར་བསམ་ལ་བཏབ། ཡེ་ཤེས་ཀྱི་སྙིང་པོའི་གཙོ་བོ་ཐུགས་ཡེ་ཤེས་ཆོས་སྐུ་མངོན་དུ་བྱས་པའམ་ཁོང་དུ་ཆུད་པར་བསམ་ལ་གཟུངས་སུ་གཞུག །ཆོས་སྐུ་ལས་གཞན་དོན་གཟུགས་སྐུར་བཞེངས་པར་བསམ་ལ་ཕྱིར་བཏོན། སྐུ་དེ་འཁོར་བ་ཇི་སྲིད་དུ་བཞུགས་པར་བསམ་ལ་མེ་ཏོག་འཐོར་ཞིང་རབ་ཏུ་གནས་པར་བྱའོ། །ཕལ་ཆེར་ཞ་ལུ་རི་ཕུག་པའི་སཙྪ་ཆོག་ཀྱང་ཞི་བའི་སྙིང་པོའི་ཚ་ཆོག་འདི་ཁོ་ན་ལྟར་དུ་བཀོད་ཡོད་ལ་འཇིམ་པ་བྱིན་གྱིས་བརླབས་པའི་སྔགས་ལ་མི་འདྲ་བ་སྣང་བར་གསུང་པས་དེའི་ཚུལ་ཡང་ཞ་ལུའི་ཚ་ཆོག་འདིས་གཟུངས་སྐོར་ཕོར་དུ་གཞུག་པའི་སྔགས་སུ་བཤད་པའི་བཛྲ་དྷ་ཏུ་གརྦྷེ་སྭཱ་ཧཱ། ཞེས་པ་འདི་ཨ་བྷྱ་ཡ་ཀ་རས་གསུངས་པའི་དཀྱིལ་ཆོག་གི་རྡོར་ཕྲེང་ལས་གསུངས། དེ་ཡང་གཟུང་ཞབས་སྡོམ་པའི་སྔགས་སུ་བཤད་དོ། །རུས་ཚ་བསྒྲུབ་སྐབས་རོ་མཆོད་རྟེན་དུ་བཞག་པར་བྱ་བ་སྦྱོང་རྒྱུད་ཀྱི་ཚིག་ནི། ལྷ་ཡི་གཟུགས་ལ་བརྟགས་ནས་ལམ་བསྒོམ་ནས་ནི། །མཆོད་རྟེན་དབུས་སུ་བཞག་པར་བྱ། །ཞེས་པའི་མཆན་ཊིག་ན་རོ་མཆོད་རྟེན་དུ་བཞག་ནས། མཆོད་བསྟོད་བཟླས་པ་སོགས་བྱེད་པར་བཤད་པ་དང་། རུས་པའི་ཚ་ཚ་ལའང་མཆོད་བསྟོད་བྱ་རིགས་པ་ནི་རིགས་མཚུངས་ཡིན་

པར་གསུངས་སོ། །གཙུག་ཏོར་དྲི་མེད་ཀྱི་མཆོད་རྟེན་གྱི་ཆོ་གར་མཆོད་རྟེན་གྱི་ནང་དུ་སངས་རྒྱས་སྲས་བཅས་དམིགས་ནས་མཆོད་བསྟོད་གསོལ་གདབ་བྱེད་ཅིང་། དེའི་སྐུ་ལས་འོད་ཟེར་སྤྲོ་བསྡུས་ཀྱིས་དམིགས་བྱའི་གཙོས་ངན་སོང་གི་འགྲོ་བ་རྣམས་ཀྱི་རྒྱུ་སྡིག་པ་དང་འབྲས་བུ་སྡུག་བསྔལ་དང་བཅས་པ་ཐམས་ཅད་སྦྱོང་བར་བསམ་ཏེ་བཟླས་པ་བྱེད་ཚུལ་གསུངས་པ་ལ་སོགས་པ་དང་མཐུན་པར་རྡོར་སྨིན་གྱི་ཚ་སྒྲུབ་ལས་རྡོར་སེམས་ཐུགས་ཆེན་ལ་སྦྱོར་བར་མཛད་དོ། །རུས་ཆོག་འདི་དག་གི་རྩ་བའི་གཞུང་ནི་སྦྱོང་རྒྱུད་ཡིན་པས་དེ་ལས་ཐལ་བ་དེ་ཡང་རུས་པའི་རྡུལ། སྔགས་ཀྱིས་བཏབ་པའི་དྲི་བཟང་གི་ཆུ་དང་བ་སྐྱེས་འོ་མ་ལ་སོགས་ལྕི་བ་དྲི་ཆུ་ཁ་ཆུ་མར་ཞོ་ལྔས། སྦྱོང་བའི་སྔགས་ཀྱིས་གསང་བ་སྔགས་ཀྱིས་བསྐྱེད་རིམ་གྱི་བློ་ལྡན་གྱིས་གསུམ་དུ་བཟླས་པས་སྒོ་ནས་འཇིམ་པ་བརྫིས་ནས་ནི། ག་པུར་གི་དྲི་དང་བགོས་པ་ཡིས་ཆུ་དེ་འཇིམ་པ་དང་ནི་བསྲེས་ནས་ཀྱང་། །གཟུངས་༼གཟུགས་༽སུ་བྱའམ་ཡང་ན་ནི། །མཆོད་རྟེན་གྱི་ནི་ལྷར་བྱས་ལ། །གཅིག་གམ་གཉིས་སམ་གསུམ་མམ་ལྔ། །ཡང་ན་བརྒྱ་རྩ་བརྒྱད་བར་དུ། །སྔགས་དང་ཕྱག་རྒྱས་གདབ་ནས་སུ། །འབུམ་ཕྲག་གཉིས་ཀྱི་ཉིས་བརྒྱ་ཟེར་བའང་ཡོད་གསུངས་བར་དུ་བཟླས། །ཞེས་གསུངས་པའི་ཚིག་འདིས་སྐུ་གཟུགས་དང་ས་ཙྪ་གང་གདབ་འདྲ་བར་སྟོན་པའོ། །ཚ་བསྒྲུབ་ཀྱི་ཆོ་ག་རྫོགས་ནས་སཱ་ཙྪ་རྣམས་ལམ་གྱི་བཞི་མདོར་མཆོད་རྟེན་དུ་འཇོག་པའི་ཕྱོགས་ཀྱང་ཁ་ཅིག་གིས་བཤད་མོད། ཕལ་ཆེར་རྒྱ་མཚོར་འབབས་པའི་ཆུ་ཀླུང་ཆེན་པོར་གཤེགས་སུ་གསོལ་བར་བཤད་དོ། །དེའི་རྒྱུ་མཚན་ཡང་རྒྱ་མཚོའི་སྲོག་ཆགས་མང་པོ་ལ་ཕན་བཏགས་པ་དང་། དགེ་ལ་ཕན་པའི་གནད་ཀྱིས་ཚེ་འདས་ཉིད་ལ་ཕན་པ་ཆེན་པོར་འགྱུར་བར་གསུངས་པས། ཚྭ་ཚ་ཆུར་གཤེགས་པའི་འདིའི་དུས་སུ་སྨོན་ལམ་འདེབས་

ཚུལ་ཡང་ཆུ་ལ་སྤྱོད་པའི་སེམས་ཅན་ངན་སོང་ནས་ཐར་བར་དམིགས་ཏེ་བཟང་སྤྱོད་སོགས་ཀྱི་སྨོན་ལམ་བྱ་བར་རྒྱ་གར་གྱི་པཎ་སྐལ་བཟང་དགའ་བས་མཛད་པའི་རོ་བསྲེགས་ལས་གསུངས་པ་དང་། ཀ་མ་དྷེ་ནུས་ཀྱང་བཟླས་པའི་རྗེས་ཆུར་དོར་བའི་ཆོ་ག་རྒྱ་མཚོར་འབབས་པའི་ཆུ་ཀླུང་ནི་ཀླུ་རྒྱལ་མ་དྲོས་པའི་སེམས་ཅན་ལ་ཕན་པར་འགྱུར་བའི་སྨོན་ལམ་གྱིས་བརླབས་པས་ཆུ་གཞན་ལས་ཁྱད་པར་དུ་འཕགས་པས་དེར་བོར་ན་འགྲོ་བ་མང་པོའི་དོན་དུ་འགྱུར་བའི་ཕན་ཡོན་འབྱུང་བ་སྟེ་སྔགས་ཀྱིས་བརླབས་པ་དང་། སྨོན་ལམ་གྱི་སྟོབས་ཏེ་རྒྱུ་མཚན་གཉིས་ཀྱིས་བསྒྲུབ་ནས་རྒྱ་མཚོར་འབབས་པའི་ཆུར་གཤེགས་དགོས་པར་གསུངས་སོ། །འདི་རྣམས་རོ་མེད་ན་མིང་བྱང་ལ་བྱས་ན་དོན་འགྲུབ་པ་ལ་འདྲ་བར་གསུངས་ཏེ། སྦྱོང་རྒྱུད་ལས། ཡང་ན་རོ་དངོས་སུ་མེད་པར་གྱུར་ན་ཡང་། །བཟླས་ཤིང་བསྒོམ་པའི་ཚུལ་གྱིས་ནི། །མིང་ཙམ་ལེགས་པར་བྲིས་ནས་དེ་བསྲེགས་པའི་ཐལ་བའི་ཀྱང་། །མཆོད་རྟེན་ཕྲེང་བ་བྱ་བ་དང་། །ཡང་ན་ལྷའི་གཟུགས་སུ་བྱས་ཀྱང་རུང་། །སྦྱིན་བསྲེག་མ་ནོར་དབང་བསྐུར་ན། །གདོན་མི་ཟ་བར་བདེ་འགྲོར་སྐྱེས། །ཞེས་གསུངས་སོ། །གཤིན་པོ་རྗེས་འདྲེན་གྱི་ཆོ་གའི་ཁུངས་ངན་སོང་སྦྱོང་རྒྱུད་ཡིན་པས་རྣལ་འབྱོར་རྒྱུད་ཡིན་ཡང་བླ་མེད་ཀྱི་ཆོ་ག་ལ་ཡང་དེ་ཁ་སྐོང་དུ་སྦྱར་རུང་བ་ཡིན་ཏེ། སྨིན་གླིང་གཏེར་ཆེན་འགྱུར་མེད་རྡོ་རྗེའི་གཏེར་བྱོན། གུ་རུ་པདྨའི་ཟབ་གཏེར་ཐུགས་ཆེན་བདེ་གཤེགས་འདུས་པའི་རུས་ཆོག་གི་རྩ་ཐོ་ལས་སྦྱོང་རྒྱུད་ལྟར་གསུངས་པ་དང་། གཞན་ཡང་སྨིན་གླིང་རྡོར་སེམས་དང་། རྒོད་ལྡེམ་གཏེར་བྱོན་རང་ཤར་གཤིན་ཆོག་ལས་ཀྱང་། སྦྱོང་རྒྱུད་རྩ་བར་བྱས་ནས་དེ་ལྟར་གསལ་བ་དང་བར་བསྟན་པ་གསང་འདུས་ཀྱི་གཤིན་ཆོག་གི་ལས་ལའང་སློབ་དཔོན་ཏིང་འཛིན་རྡོ་རྗེས་ཀྱང་གང་ཞིག་དཔལ་

ལྡན་གསང་བ་འདུས་པར་མ་བསྟན་པ་ཞིག་བདག་གིས་བྲིས། དེ་ཡི་ཁ་སྐོང་ནི། གང་ཞིག་དཔལ་ལྡན་ངན་སོང་སྦྱོང་བའི་རྒྱུད་ལས་གསུངས་པའི་ཆོ་ག་ལ་ནི་བརྟེན་ཞེས་པ་གསུངས་པས་དཔེར་རྒྱུད་འོག་མ་དཔུང་བཟང་ལས་གསུངས་པའི་གཏོར་ཆོག་དང་། དཔལ་མཆོག་གི་རྒྱུད་ལས་བསྟན་པའི་ས་བཟུང་གི་རྐང་སྟབས་སོགས་རྒྱུད་སྡེ་གོང་མའི་སྐབས་སུ་ཡང་འཇུག་རུང་བ་ལྟར་རུས་ཆོག་གི་སྐོར་འདི་བླ་མེད་ཀྱི་ཆོས་སྐོར་མང་པོ་ནས་བྱུང་བ་ཡིན་ཡང་རྩ་བའི་ཁུངས་ངན་སོང་སྦྱོང་རྒྱུད་ཡིན་པར་གསུངས་པས་དེ་ནས་བྱུང་བ་ལྟར་བྱ་བར་གསུངས་སོ། །རུས་སྦྱངས་སྐབས་སུ་དྲི་བཟང་ཆུ་བྱིན་རླབས་ཀྱི་དམིགས་པའང་ཞི་བ་སྙིང་པོའི་ཚ་ཆོག་ལས་བཤད་པ་ལྟར་ཨ་ལས་ཟླ་བ་དེ་ལས་བདུད་རྩི་སྤྲོས་པས་དྲི་བཟང་གི་ཆུར་ཁྱབ་པར་བསམ་རྒྱུ་དེ་ཞ་ལུ་རི་ཕུག་གི་པ་བུ་སྟོན་རིན་ཆེན་གྲུབ་ཚ་ཆོག་དེར་ཡང་འདུག་པས་དེ་ལྟར་བསམ་པར་གསུངས་སོ། །ཡིག་དྲུག་སོགས་སྔགས་ཤམ་ལ་ཚེ་འདས་ཀྱི་མིང་བྲི་དགོས་པར་བཤད་ཡོད་པས་དཔེར་ཚེ་འདས་ལྷས་སྦྱིན་གྱི་ལས་སྒྲིབ་ཐམས་ཅད་བྱང་ཞིང་དག་པར་གྱུར་ཅིག་གམ་ལས་ཀྱི་སྒྲིབ་པ་ཐམས་ཅད་ཤནྟིཾ་ཀུ་རུ་སྭཱ་ཧཱ་ལྟ་བུ་བྲི་བར་གསུངས་སོ། །ཨེ་མ། ཚད་ལྡན་བླ་མའི་མན་ངག་ཟེག་མ་ལ། །བརྟེན་ནས་བྲིས་པའི་རྣམ་དཀར་གང་ལགས་པ། །འགྲོ་ཀུན་ངན་འགྲོའི་རྒྱུ་འབྲས་ལས་བརྒལ་བའི། །རྣམ་མཁྱེན་སྒྲུབ་པའི་རྟེན་བཟང་ཐོབ་ཕྱིར་སྨོོན། །ཞེས་པ་འདིའང་ཚུལ་མིང་པས་སྨྲས་པ་དགེ་ལེགས་འཕེལ། །


previousསྦྱངས་ཆོག་ཉུང་བསྡུས་འདིར་འགོད་ལ།next