Nitartha Digital Library
Tibetan
བར་དོ་ཐོས་གྲོལ་ཆེན་མོའི་ཆོས་སྐོར་ཕྱོགས་བསྒྲིགས།


   
   
   
   
   
   
   
   
   
   
   
  expand section
   
   
   
   
   
   
   
   
   
   
   
   
   
   
   
   
ཀརྨ་གླིང་པའི་ཞི་ཁྲོའི་དཀྱིལ་འཁོར་གྱི་བློས་བསླང་བཞེངས་ཚུལ་མུ་ཏིག་ཆུན་འཕྱངས།


 
previousཀརྨ་གླིང་པའི་ཞི་ཁྲོའི་དཀྱིལ་འཁོར་གྱི་བློས་བསླང་བཞེངས་ཚུལ་མུ་ཏིག་ཆུན་འཕྱངས།no next

ཀརྨ་གླིང་པའི་ཞི་ཁྲོའི་དཀྱིལ་འཁོར་གྱི་བློས་བསླང་བཞེངས་ཚུལ་མུ་ཏིག་ཆུན་འཕྱངས།

ཀརྨ་གླིང་པའི་ཞི་ཁྲོའི་དཀྱིལ་འཁོར་གྱི་བློས་བསླང་བཞེངས་ཚུལ་མུ་ཏིག་ཆུན་འཕྱངས་ཞེས་བྱ་བ་བཞུགས་སོ། །

ཁྱབ་བདག་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །འདིར་གཏེར་ཆེན་ཀརྨ་གླིང་པའི་ཐོས་གྲོལ་དཀྱིལ་འཁོར་གྱི་བློས་བསླང་བརྩེགས་ཚུལ་ནི། ཞི་ཁྲོ་གཉིས་འདུས་ཀྱི་དཀྱིལ་འཁོར་ཧེ་པ་ཆོས་འབྱུང་བུ་འབོར་བཀྲ་ཤིས་རྒྱ་མཚོ། མཆན། མདུན་བསྐྱེད་ལྟར་གཙོ་བོར་བྱས་ཏེ་བྲིས་ཐིག་གིས་མཚམས་འཛིན་བྱས་ནས་བཤད་པར་བྱ་སྟེ། དཀྱིལ་འཁོར་བརྩེགས་པའི་གཞི་སྟེགས་ལ། །ཐིག་ཆེན་བརྒྱད་པོ་སྤྱི་ལྟར་གདབ། །ཕྱི་ཡི་ཟུར་ནས་ལྟེ་བའི་བར། །ཚངས་ཐིག་སྟེང་ནས་བཅུ་གཅིག་དབྱེ། །རེ་རེ་སྒོ་ཚད་རེ་རེ་ཡིན། །དགུ་པའི་ཕྱེད་དང་བཅུ་པའི་ཕྱེད། །བཅུ་པ་དང་ནི་བཅུ་གཅིག་བཞི། །བསྐོར་བ་ནང་ནས་དུར་ཁྲོད་དང་། །རྡོ་རྭ་དང་ནི་མེ་རིའོ། །བསྐོར་ཐིག་ནང་མ་ཟུར་ཐིག་དང་། །འཕྲད་པ་ནས་ནི་གྲུ་བཞིར་གདབ། །དེ་ལྟར་གྲུ་བཞིར་གདབ་པ་དེ་ནི་བྲི་ཐིག་ལ་མདའ་ཡབ་ཀྱི་ཐིག་ཡིན་ཀྱང་། མདའ་ཐིག་དང་རྡོ་རྗེ་ལྟེ་བའི་ཕྱི་ཟུར་མཉམ་པས་བློས་བསླང་ལ་གྲུ་བཞི་པའི་ཐིག་དེ་དང་མཉམ་པར་རྡོ་རྗེའི་ལྟེ་བའི་དཔངས་སྒོ་ཚད་བཞི་དང་གསུམ་དང་ཕྱེད་གསུམ་རྣམས་གང་བདེ་ཞིག་གྱེན་དུ་བསླངས་ཏེ་བརྩེགས། དེ་ཡང་ཕྱོགས་བཞི་དང་སྟེང་འོག་རྣམས་ཅུང་ཟད་ཙམ་ཡང་མ་ཡོ་བ་ཤིན་ཏུ་སྙོམས་པར་བྱ་བ་གནད་ཆེ། རྡོ་རྗེའི་ལྟེ་བའི་སྟེང་དུ་གཞལ་མེད་ཁང་བརྩེགས་པ་ཡིན་ལ། དེ་ཡང་བྲི་ཐིག་གིས་མཚམས་འཛིན་བྱས་ནས་བརྩེགས་

ན་བྱེད་སླ་བས་དེའི་བྱེད་ཚུལ་ནི། ལྟེ་བའི་སྟེང་གི་ཕྱི་ཟུར་བཞི་ནས་ཟུར་ཐིག་བཞི་དང་། ཕྱོགས་རེའི་ཟུར་ནས་ཟུར་གྱི་བར་གྱི་དབུས་དཀྱིལ་ནས་ཐིག་སྐུད་བཟུང་སྟེ་ཚངས་ཐིག་བཞི་དང་ཐིག་ཆེན་བརྒྱད་བཏབ། དེ་ལྟར་གདབ་ཚེ་ཐིག་ཆེན་བརྒྱད་ཀྱི་བར་ལ་ཡང་དོག་དང་ལྟེ་བ་མི་སྙོམས་པ་བྱུང་ན་རྡོ་རྗེའི་ལྟེ་བ་གྲུ་བཞི་པ་ཕྱོགས་ཀུན་ཤིན་ཏུ་སྙོམས་པ་མ་འདོང་པའི་རྐྱེན་གྱིས་ཡིན་པས་རབ་ཏུ་སྙོམས་པར་བྱ། དེ་ནས་རྡོ་རྗེ་ལྟེ་བའི་ཕྱི་ཟུར་དང་བྲི་ཐིག་གི་མདའ་ཐིག་ཐད་མཉམ་ཡིན་པས་ཕྱི་ཟུར་དང་དྲང་ཐད་དུ་མདའ་ཐིག་གྲུ་བཞིར་གདབ་སྟེ། མདའ་ཐིག་དང་ནི་ལྟེ་བའི་བར། །ཟུར་ཐིག་སྟེང་ནས་གསུམ་དུ་བགོས། །ཕྱི་མའི་མཚམས་ནས་གྲུ་བཞིར་གདབ། །དཀྱིལ་འཁོར་རྩ་བའི་ཐིག་ཡིན་ཏེ། །རྩ་ཐིག་མདའ་ཐིག་བར་གྱི་ས། །གཉིས་དབྱེ་གདབ་པ་སྒོ་ཚད་རེ། །ནང་མ་ཆ་ནི་བཞིར་དབྱེ་ནས། །དབུས་མ་དོར་ལ་མཐའ་གཉིས་གདབ། །ཕྱི་མ་ཕྱེད་གདབ་ཕྱི་ཕྱེད་གདབ། །ནང་ནས་རྩིག་པ་འདོད་སྣམ་དང་། །ཕ་གུ་དྲ་ཕྱེད་ཤར་བུ་དང་། །མདའ་ཡབ་རྣམས་ཀྱི་གནས་ཡིན་ཏེ། །དེ་ལ་འཕྲེད་ཀྱི་ཐིག་བདུན་འབྱུང་། །དེ་ནས་ཚངས་ཐིག་གཡས་གཡོན་དུ། །རྩ་ཐིག་དང་ནི་མདའ་ཐིག་གི། །བར་དུ་སྒོ་ཚད་གཉིས་གཉིས་གདབ། །ནང་མ་ཕྱེད་གདབ་དེའི་ཕྱི་ཕྱེད། །སྒོ་ཚད་གཉིས་པ་བཞིར་དབྱེ་གདབ། །དེ་ཡིས་གྱེན་གྱི་ཐིག་བདུན་འབྱུང་། །དེ་དག་ཐམས་ཅད་སྐམ་ཐིག་གོ། །དེ་ནས་རློན་ཐིག་འདེབས་པ་ནི། །ཕྲེང་ཐིག་དང་པོ་ཟུར་ཐིག་ནས། །གྱེན་ཐིག་དང་པོར་རེག་པར་བྱ། །སྟེང་དུ་བཞིར་རེག་ལོགས་སུ་གསུམ། །དེ་སྟེང་ཕྲེད་ཐིག་དྲུག་པར་རེག །ཕྲེད་ཐིག་གཉིས་པ་ཟུར་ཐིག་ནས། །གྱེན་ཐིག་གཉིས་རེག་ལྟེ་ངོས་སུ། །ཕྲེད་ཐིག་གསུམ་རེག་ལོགས་སུ་ནི། །གྱེན་ཐིག་བཞིར་རེག་དེའི་རྩེ་ནས། །སྟེང་དུ་འཕྲེད་ཐིག་དྲུག་པར་རེག །དེ་ནས་ནང་གི་ཐིག་

གདབ་ཚུལ། །རྩ་ཐིག་ནང་དུ་ཚངས་སྟེང་ནས། །ཆ་ཆུང་གཅིག་དོར་མཚམས་དེ་ནས། །ཟླུམ་པོ་ཉིད་དུ་བསྐོར་བར་བྱ། །འདི་དང་ལྟེ་བའི་བར་ཆ་དྲུག །ཕྱེ་བས་ཕྱི་མ་བཞི་པོ་བསྐོར། །ཕྱི་ནས་འཁོར་རྩིབས་བཅུ་དྲུག་དང་། །པདྨ་འདབ་མ་བཅུ་པ་དང་། །པདྨ་འདབ་མ་བཅུ་དྲུག་དང་། །འདབ་མ་བརྒྱད་པའི་གནས་ཡིན་ནོ། །སྐོར་ཐིག་ནང་མ་དང་ལྟེ་བའི། །བར་དུ་གཉིས་སུ་བགོས་ཏེ་བསྐོར། །དེ་ཡི་ནང་དུ་རིམ་པ་བཞིན། །ཆ་ཆུང་བཞི་ཆ་ལྔ་བསྐོར་རོ། །ནང་ནས་རིམ་བཞིན་ལྟེ་བ་དང་། །འོད་ལྔ་དང་ནི་འདབ་མ་དང་། །ཕྱི་ནང་པདྨ་གསུམ་དང་ནི། །འཁོར་རྩིབས་རྣམས་ཀྱི་ནང་ཐིག་གི། །ཕྱི་རུ་ཆ་ཆུང་ཕྱེད་རེ་བསྐོར། །པདྨ་གསུམ་གྱི་གེ་སར་དང་། །འཁོར་ལོའི་རྩིབས་ཀྱི་ལྟེ་བ་ཡིན། །ནང་གི་པདྨ་འདབ་བཞི་ནི། །ཚངས་ཐིག་བཞི་ཡི་མཚམས་སུ་བྲི། །དེ་ནས་ཕྱི་ཡི་འདབ་མ་བརྒྱད། །ཐིག་ཆེན་བརྒྱད་ཀྱི་སྟེང་དང་ནི། །དེ་ཕྱིར་འདབ་མ་བཅུ་དྲུག་ནི། །ཐིག་ཆེན་བརྒྱད་ཀྱི་སྟེང་དང་ནི། །དེ་དག་བར་གྱི་དབུས་སུ་བྲི། །དེ་ཕྱིར་པདྨ་འདབ་བཅུ་ནི། །ལྷོ་དང་བྱང་གི་ཚངས་ཐིག་བར། །གཡས་གཡོན་གཉིས་ཀ་ལྔ་ལྔར་དབྱེ། །དེ་ཡི་མཚམས་སུ་འདབ་བཅུ་བྲི། །ཕྱི་ནང་པདྨ་ཐམས་ཅད་ལ། །པད་ཚབ་བཞག་ན་མཛེས་པ་འོང་། །དེ་ཕྱིར་འཁོར་ལོ་རྩིབས་བཅུ་དྲུག །ཐིག་ཆེན་བརྒྱད་དང་ཐིག་བརྒྱད་བར། །ཕྱི་ངོས་གཉིས་སུ་དབྱེ་བར་བྱ། །དེ་ལ་འདབ་མ་བྲི་ཚུལ་ནི། །ནང་གི་པདྨ་འདབ་བཞི་དང་། །ཕྱི་ཡི་འདབ་བརྒྱད་འདབ་བཅུ་གཉིས། །གསུམ་ག་རང་རང་ཕྱི་ནང་གི། །བར་གྱི་ཚད་ཀྱིས་བྲི་བར་བྱ། །པདྨ་འདབ་མ་བཅུ་དྲུག་ནི། །རང་གནས་ཕྱི་ནང་ཆ་གསུམ་དུ། །དབྱེས་ཏེ་སུམ་ཆ་ནང་མ་ནས། །ཕྱི་ཐིག་ལ་རེག་བསྐོར་བར་བྱ། །འཁོར་ལོའི་རྩིབས་རྣམས་རང་ཉིད་ནས། །གསུམ་པར་གསེག་འགྲོས་བཅད་པར་བྱ། །འཁོར་ལོའི་ཉག་

མཚམས་ཆ་ཕྱེད་ཀྱིས། །ལྟེ་བར་རེག་སྟེ་ཟླ་ཕྱེད་ནི། །ཁ་ནི་ཕྱིར་རུ་བསྟན་པ་བསྐོར། །དེ་ལྟར་མཚམས་འཛིན་གྱི་བྲི་ཐིག་རྣམས་གདབ་ཟིན་པ་ན་ལྷ་རྣམས་དགོད་པར་བྱ་བ་ནི། དབུས་ཀྱི་པདྨའི་ལྟེ་བ་དང་འདབ་མའི་ཆེ་ཆུང་བྲི་ཐིག་གིས་མཚམས་བཟུང་སྟེ། པདྨ་ལ་སྡོང་པོ་ཡང་ཅུང་ཟད་ཡོད་པར་བྱས་ན་ལེགས་པས་སྡོང་བུ་འདབ་མ་རྣམས་ཀྱི་དཔངས་ལ་ཆ་ཆུང་གསུམ་ཙམ་ཡོད་པ་བྱ། དེའི་ལྟེ་བའི་མཐའ་བསྐོར་དུ་འོད་ལྔའི་གུར་ཁང་རིམ་པ་ལྔ་དགོས་ལ། དེ་ཡང་འོད་ལྔ་ནི་སྟེང་འོག་ཕྱོགས་མཚམས་ཐམས་ཅད་ཟླུམ་པོར་འཁོར་བའི་གུར་ཁང་རིམ་པ་ལྔ་ཡིན་ཀྱང་། དེ་ལྟར་བྱས་ན་ནང་གི་ལྷ་རྣམས་མི་སྒྲིབ་པ་མི་འོངས་བས་ཆ་ཆུང་ཕྱེད་གཉིས་ཀྱི་དཔངས་ཡོད་པའི་ར་བ་རིམ་པ་ལྔ་བྱ། ཡང་པདྨ་གསུམ་གྱི་གེ་སར་གསུམ་དང་། འཁོར་ལོའི་རྩིབས་ཀྱི་ལྟེ་བ་དང་བཞི་གའི་དཔངས་ལ་ཆ་ཆུང་གཉིས་དང་། ཕྱི་ནང་གི་པདྨའི་འདབ་མ་ཐམས་ཅད་དང་། འཁོར་ལོའི་རྩིབས་རྣམས་ཀྱི་དཔངས་ལ་ཆ་ཆུང་རེ་རེ་ཡོད་པར་བྱ། པདྨའི་འདབ་མ་རྣམས་དང་། འཁོར་ལོའི་རྩིབས་རྣམས་ཀྱི་ཆེ་ཆུང་གི་ཚད་ནི་བྲི་ཐིག་ལྟར་ཡིན་ཞིང་། འདབ་མ་རྣམས་ཀྱི་རྩེ་མོ་སྟེང་དུ་ཅུང་ཟད་འདུད་པའི་ཚུལ་དང་། རྩིབས་རྣམས་ཀྱི་རྩེ་མོ་རྣོ་བ་དྲང་ཐད་དུ་གནས་པ་བྱའོ། །༈ དེ་ནས་ཕྱི་ཡི་གཞལ་ཡས་ཁང་བརྩེགས་ཚུལ་ནི། རྩིག་པའི་འཐུག་སྲབ་ནི་བྲི་ཐིག་ལྟར་ཆ་ཆུང་གཅིག་པ་སྟེ། དེ་ཡང་བྲི་ཐིག་གི་སྟེང་ནས་བརྩེགས་པ་ཡིན་ལ། རྩིག་པའི་དཔངས་ཆ་ཆུང་བཅུ་གསུམ། གཞལ་ཡས་ཁང་ཤིན་ཏུ་ཆེ་བ་ལ་རྩིག་པ་ར་བ་རིམ་པ་ལྔ་བྱ། ར་བ་རྣམས་ཀྱི་བར་ལ་རང་གི་འཐུག་སྲབ་ཀྱི་ཕྱེད་ཆ་རེ་ས་སྟོང་དུ་ཡོད། གཞལ་ཡས་ཁང་ཆུང་བ་ལ་རྩིག་གདོང་དུ་ར་བ་ལྔ་མཚོན་བྱེད་དུ་རི་མོ་ལྔ་བྲི། དེ་སྟེང་ཕ་གུ་གྲུ་བཞི་པ་དཔངས་ཆ་ཆུང་གཅིག་པ་ནང་མཐའ་རྩིག་པ་དང་མཉམ་པ་

ཕྱི་མཐའ་རྩིག་པ་ལས་ཆ་ཕྱེད་འཕྱར་རོ། །ངོས་སུ་རིན་པོ་ཆེའི་ཕྲ་ཟླུམ་པོ་གྲུ་བཞི་ཟླ་གམ་གྲུ་གསུམ་རྣམས་ཀྱིས་ཕྱོགས་ཀུན་ཏུ་འཁོར་བའོ། །དེ་སྟེང་ཀ་བའི་རིང་ཐུང་ཆ་ཆུང་གཉིས། ཕྲ་སྦོམ་ཆ་ཆུང་གཅིག་པ་དབྱིབས་གྲུ་བཞི་པ་ཀ་ཞུ་དང་ཆ་ཕྱེད་བཅས་པའམ། ཡང་ན་བྲེ་འདེགས་འོག་མ་ལས་སྟེང་མ་སྟེང་མ་ཕྱིར་ཇེ་གཡེར་སོང་བ་སུམ་བརྩེགས་ཅན་ཕྱོགས་ཀུན་ཏུ་ངེས་མེད་དུ་བསྐོར། ཀ་བའི་སྟེང་དུ་གསེར་གདུང་འོག་མ་དཔངས་ཆ་ཕྱེད་ཕྱི་མཐའ་དང་ནང་མཐའ་ཀ་བ་དང་མཉམ་པ། དེའི་སྟེང་དུ་གསེར་གདུང་སྟེང་མ་དཔངས་ཆ་ཕྱེད། ནང་མཐའ་འོག་མ་དང་མཉམ་པ་ཕྱི་མཐའ་འོག་མ་ལས་ཆ་ཕྱེད་གཡེར་བ་བཀལ། དེ་ནས་མདའ་ཡབ་ཀྱི་འགེབ་ཕུབ་པ་ནི། ཕ་གུའི་འོག་རྩིག་པའི་སྟེང་དང་གཉིས་ཀྱི་བར་ནས་ཕྱོགས་རེར་གདུང་འཁྱོགས་གཉིས་རེ་བརྐྱངས་པས་སྣེ་མོ་བརྒྱད། དབུས་ཀྱི་འདབ་བཞིའི་ཕྱིའི་འདབ་བརྒྱད་ཀྱི་གེ་སར་གྱི་སྟེང་ཙམ་དུ་སླེབ་པར་བྱས་ཏེ། གདུང་བརྒྱད་ཀྱི་སྣེ་མོ་ཅུང་ཟད་སྟེང་དུ་ཕྱོགས་པར་བྱས་པའི་སྟེང་ལ་ཀ་གདན་བཞག །དེའི་སྟེང་དུ་ཀ་ཞུ་དང་བཅས་པའི་ཀ་བ་བརྒྱད་གྱེན་དུ་བསླངས་པའི་སྟེང་དུ་གདུང་ཟླུམ་པོ་འཁོར་ཡུག་ཏུ་བཀལ། དེ་ཡང་ཀ་བ་བརྒྱད་ཀྱི་ཡ་མཐའ་ཕྱི་ཡི་ཀ་ཐུང་དང་མཉམ། གདུང་ཟླུམ་ནི་ཕྱི་ཡི་གསེར་གདུང་སྟེང་མ་དང་ཐད་མཉམ་ལྟ་བུ་ལས་ཅུང་ཟད་མཐོ་བར་བྱ། དེ་ནས་ཕྱི་ནང་གི་གདུང་གཉིས་ཀྱི་སྟེང་དུ་དྲལ་ཕྱམ་འཁོར་མོར་བཏང་། དེ་སྟེང་མདའ་ཡབ་ཀྱི་འགེབ་དཔངས་ལ་ཆ་ཆུང་གཅིག་གིས་ངོས་ལ་ཕྱི་ཙེ་རིམ་པ་གཉིས་སོགས་བྱ། ཕྱི་ཙེ་རྣམས་རིམ་བཞིན་ཕྱིར་གཡེར་བས་ཕྱི་ཙེ་སྟེང་མ་ཀ་བ་ལས་ཕྱི་རུ་ཆ་ཆུང་གཉིས་འཕྱར་ཏེ་འོག་གི་འདོད་སྣམ་གྱི་ཕྱི་མཐའ་དང་མཉམ་པ་འོངས་བར་བྱའོ། །མདའ་ཡབ་ཀྱི་འགེབ་སྟེང་དུ་ཕྱི་ཟུར་ནས་ནང་དུ་ཆ་ཆུང་གཅིག་བསྐུམ་པའི་

མཚམས་སུ་མདའ་ཡབ་མཆོད་རྟེན་གྱི་རྣམ་པ་ལ་རྒྱ་ཆ་གཉིས་དཔངས་ཆ་གཅིག་ཞེང་ཆ་ཕྱེད་རིམ་པ་གསུམ་མམ་བཞི་བཏོད་དོ། །མཆན། པས་འཁོར་ཡུག་ཏུ་བསྐོར། དེའི་ནང་མཚམས་ནས་ཟུར་བཞིར་གདུགས་རེ་རེ། བར་མཚམས་སུ། རྒྱལ་མཚན། བ་དན། རྔ་ཡབ། དར་དཔྱངས། ཆེ་ཆུང་ཅི་མཛེས། འཕན་རྩེ་གསུམ་སོགས་མཆོད་རྫས་ཀྱིས་བསྐོར། མདའ་ཡབ་འགེབ་འོག་ནས་སྤྱི་བླུགས་མགོ་ཐུར་བསྟན་ལྟ་བུའི་ཤར་བུ་དཔྱངས། མ་མཐའ་གསེར་གདུང་གི་མཐའ་དང་མཉམ་པར་བྱ། ཀ་ཐུང་རྣམས་ཀྱི་སྟེང་འོག་བཞིར་གསེར་གྱི་སྐ་རགས་ཀྱིས་སྦྲེལ། ཀ་བ་རྣམས་ཀྱི་བར་བར་དུ་གསེར་གདུང་གི་འོག་ཏུ་ཆུ་སྲིན་བཏགས་པའི་ཁའི་འགུགས་གཉིས་ནས་དྲ་ཆུ་སྲིན་གཞན་གྱི་ཁའི་འགུག་ཏུ་རིན་པོ་ཆེའི་ཕྲེང་བ་སུམ་གཤིབ་ལྷོད་ཅིང་དཀྱིལ་དུ་ཁུ་གདོད་པ་དེ་ལ་རིན་པོ་ཆེ་ཆེ་བ་ཞིག་བརྒྱུས་པའི་སྣེ་མོར་སྡོམ་བཞིན་དེ་ལ་དྲ་བ་མཛེས་པར་བྱེད་པ་དེ་ནི་དྲ་བའམ་དོ་ཤལ་ལོ། །ཁའི་དབུས་ན་རིན་པོ་ཆེ་ཕྲེང་བ་གསུམ་གཤིབ་འོག་ཏུ་དཔྱངས་པའི་སྣེ་མོ་ལ་ནོར་བུ་དྲིལ་བུ་མེ་ལོང་ཟླ་ཕྱེད་རྔ་ཡབ་མཚན་པ་དེ་ལ་དྲ་ཕྱེད་དམ་དོ་ཤལ་ཕྱེད་པའོ། །ཕ་གུར་རིམ་པའོ། །བ་དང་། ཁའི་དབུས་ནས་དྲ་ཕྱེད་དཔྱངས། དེ་ནས་སྟེང་གི་མཐོང་ཁ་ཟླུམ་པོའི་སྟེང་དུ་བུམ་གདན་ནང་མཐའ་གདུང་ཟླུམ་དང་མཉམ་པ་དཔངས་ཆ་ཆུང་གཅིག་པ། ཞེང་ཆ་ཆུང་གཉིས་དང་། དེ་སྟེང་བུམ་པ་སུལ་བརྒྱད་འཐུག་སྲབ་ཆ་ཆུང་གཅིག་པ། དཔངས་ཆ་ཆུང་བཅུ། འོག་གི་རྒྱར་ནང་ངོས་ཆ་ཆུང་བཅུ་པ། དེ་ནས་སྟེང་ངོས་ཕྱིར་ཅུང་ཟད་ཇེ་གཡེར་དུ་སོང་བའི་མཆོད་རྟེན་གྱི་བུམ་པའི་རྣམ་པ་ལྟ་བུ་དང་། དེ་སྟེང་བྲེ་གདན་གྲུ་བཞི་པ་དཔངས་ཆ་ཆུང་གཅིག་པ། རྒྱ་ཆ་ཆུང་བཞི། དེ་སྟེང་བྲེ་མགུལ་གྲུ་བཞི་པ་དཔངས་ཆ་ཆུང་བཞི། རྒྱར་ཆ་ཆུང་གསུམ། དེ་སྟེང་བྲེ་དངོས་གྲུ་བཞི་པ་རྒྱར་ཆ་ཆུང་བཞི་དཔངས་ཆ་ཆུང་གཉིས། དེ་སྟེང་བྲེ་དངོས་རྒྱ་ཚད་དང་མཉམ་པའི་ཡས་པད་ཟླུམ་པོ་དང་། དེ་ནས་ཆེ་ཕྲར་སོང་བའི་

ཆོས་འཁོར་རིམ་པ་བཅུ་གསུམ་དང་བཅས་པ་སྒོ་ཚད་གཉིས། ཆོས་འཁོར་གྱི་རྩེ་མོ་གྲུ་བཞི་པ་ལ་རྒྱ་དཔངས་གཉིས་ཀ་ཆ་ཆུང་གཅིག །དེ་སྟེང་གདུགས་དཔངས་ཆ་ཆུང་གཅིག་ཞེང་ཅི་མཛེས། དེ་སྟེང་ཉི་ཟླ་ནོར་གསུམ་ལ་དཔངས་ཆ་ཆུང་རེ་རེ་སྟེ་དེ་ཡང་ཟླ་བའི་དབུས་སུ་ཆ་ཕྱེད་ཙམ་ལས་གཡས་གཡོན་གྱི་རྩེ་མོ་གྱེན་དུ་ཕྱོགས་པ་མན་ཆད་ལ་ཆ་ཆུང་གཅིག་ཡིན་པ་ཤེས་པར་བྱའོ། །རྩིག་པའི་ཕྱི་ངོས་སུ་འདོད་སྣམ་འཁོར་ཡུག་ཏུ་བསྐོར་བ་སྟེ། དེའི་རྒྱར་ཆ་ཆུང་གཉིས། དཔངས་ཆ་ཆུང་གཅིག་གམ་གཉིས་སུ་བྱའོ། །དེ་ནས་སྒོ་ཁང་བརྩེགས་ཚུལ་ནི། ཕྱོགས་བཞིར་གཞལ་ཡས་ཁང་རྩིག་གདོང་རྣམས་ནས་ཕྱི་རུ་འཐེན་པའི་སྒོ་ཁྱུད་དང་། དེའི་སྣེ་ནས་གཡས་གཡོན་དུ་བཀྱེད་པ་ནི་སྒོ་འགྲམ་དང་། དེ་ནས་ཕྱི་རུ་འཐེན་པ་ནི་སྒོ་ལོགས་ཞེས་བྱ་སྟེ། དེ་ཐམས་ཅད་ཀྱི་སྤྱི་མིང་ལ་སྒོ་ཁང་ཞེས་བརྗོད། སྒོ་ཁང་འདིའི་དཔངས་ཚད་ནི་ཆ་ཆུང་བརྒྱད་ཡིན་ལ། སྒོ་རྩིག་གི་འཐུག་སྲབ་དང་། སྒོ་ཁྱུད་སོགས་ཀྱི་རིང་ཐུང་ནི་བྲི་ཐིག་ལྟར་རོ། །དེ་ནས་སྒོ་དངོས་བཏོད་པ་ནི། སྒོ་ཁྱུད་ཕྱི་རུ་འཐེན་པའི་དཀྱིལ་ཙམ་དུ་སྒོ་རུ་བཞི་བྱ་བ་སྟེ། དེ་ཡང་ཡ་མཐའ་སྒོ་རྩིག་གི་སྟེང་དང་མཉམ་པ་བྱ། སྒོའི་ཡ་རུ་མ་རུ་གཉིས་ཀྱི་དཔངས་ཚད་ལ་ཆ་ཆུང་རེ་རེ་དང་། གཡས་གཡོན་རུ་བཞི་གཉིས་ཀྱི་ཞེང་ལ་ཆ་ཆུང་ཕྱེད་རེ་ཙམ་བྱ། མ་རུ་ལ་རིམ་པ་བཞི་དང་། སྟེང་དང་གཡས་གཡོན་གྱི་རུ་ལ་རིམ་པ་གསུམ་གསུམ་བྱའོ། །དེའི་ནང་དུ་སྒོ་གླེགས་མེ་ལོང་ཉིས་ཆ་བྱེད་པ་ཡིན་ནོ། །དེ་ནས་སྒོ་ལོགས་གཡས་གཡོན་གྱི་ནང་ཟུར་བར་དེ་ཆ་གསུམ་དུ་དབྱེ་བས་མཚམས་གཉིས་སུ། དཔངས་ཆ་ཆུང་དྲུག་པའི་ཀ་བ་ཕྲ་སྦོམ་ཆ་ཆུང་གཅིག་པ། གྲུ་བཞི་པ་གཉིས་གྱེན་དུ་བསླངས། ཀ་བའི་ཕྱི་མཐའ་དང་སྒོ་ལོགས་ཀྱི་རྩིག་གདོང་ཁད་མཉམ་དུ་བྱ། དེ་ལ་མཛེས་བྱེད་ཀྱི་ཀ་བ་ཟེར། མཛེས་བྱེད་ཀ་བའི་

སྟེང་དུ་གདུང་སྲབ་མོ་བཏང་བའི་སྣེ་མོ་གཉིས་སྒོ་ཁྱུད་ཀྱི་རྩིག་གདོང་དྲུས་པའི་ཁོངས་སུ་དྲངས། གདུང་དེའི་སྟེང་དུ་རྩིག་རྒྱུན་སྟེང་འོག་རིམ་པ་ལྔ་ག་ལ། དཔངས་ཞེང་གཉིས་ཀར་ཆ་ཆུང་རེ་རེ་ཡོད་པ་བཀལ། དེ་སྟེང་འོག་གི་མཛེས་བྱེད་ཀ་བའི་དྲང་ཐད་དུ་དཔངས་ཞེང་གཉིས་ཀར་ཆ་ཆུང་རེ་རེ་ཡོད་པའི་ཀ་ཐུང་གཉིས་བཙུག །དེའི་སྟེང་ནས་གདུང་སྲབ་མོ་བཏང་སྟེ་སྣེ་མོ་གཉིས་གཡས་གཡོན་གྱི་སྒོ་རྩིག་གི་སྟེང་དུ་དྲངས། དེའི་སྟེང་དུ་ཕྱམ་བཏང་ནས་སྒོ་ཁང་གི་འགེབ་ཕུབ། དེ་ལ་མཛེས་བྱེད་ཀ་བའི་སྟེང་གི་གདུང་གི་དཔངས་དང་རྩིག་རྒྱུན་གཉིས་ཀའི་དཔངས་ལ་ཆ་ཆུང་གཅིག་དང་སྒོ་ཁང་གི་འགེབ་དཔངས་ཡང་སྒོ་རྩིག་གི་དཔངས་ཆ་ཆུང་བརྒྱད་པའི་ཁོངས་སུ་འདུ་བར་ཤེས་པར་བྱའོ། །སྒོ་ཁང་གི་འགེབ་ནི་རྩིག་པ་ལས་ཕྱིར་ཅུང་ཟད་འཕྱར་བ་ཙམ་དང་། དེའི་གཡས་གཡོན་དུ་མདའ་ཡབ་མཆོད་རྟེན་གྱི་རྣམ་པ་ཆ་ཕྱེད་ཆ། ཅན་ཅུང་ཟད་བྱའོ། །དེ་ནས་སྒོ་ཁང་གི་རྩིག་པའི་སྟེང་ཡན་ཆད་དུ། གཞལ་ཡས་ཁང་གི་རྩིག་པ་ལ་བར་སྟོང་དོད་པ་དེ་རིན་པོ་ཆེའི་སྤངས་ལེབ་ཀྱིས་བཅད་དེ་ཕྱི་ནང་ངོས་སྙོམས་པ་དང་། བར་སྲུབ་མི་མངོན་པར་བྱའོ། །དེ་ནས་རྟ་བབས་ཀྱི་ཆེད་དུ་རྡོ་རྗེའི་ལྟེ་བའི་ཕྱོགས་ངོས་བཞིའི་དཀྱིལ་དུ་འཐུག་སྲབ་ཆ་ཆུང་གཅིག་དང་། གཡས་གཡོན་གྱི་རྒྱར་སྒོ་ཚད་བཞི་ཡོད་པ་ཅན་གྱི་གྲུ་བཞི་པ་རེ་རེ་གློ་འབུར་གྱི་ཚུལ་དུ་ལྷན། དེའི་ངོས་ཀྱི་དབུས་སུ་སྒོ་ཚད་གཅིག་གི་ཞེང་ཚད་ལ་ཐེམ་སྐས་ཀྱི་རི་མོ་བཏོད། དེ་ནས་རྟ་བབས་དངོས་ནི་སྒོ་འགྲམས་གྱི་རྩིག་པ་ཕྱིར་བཀྱེད་པའི་མཚམས་གཉིས་ནས་མུན་པའི་ས་སྟོང་ཆ་ཆུང་གཅིག་བོར་བའི་མཚམས་སུ་ཀ་བ་རེ་རེ་སྟེ། ཀ་བ་འདི་གཉིས་ཀྱི་ནང་མཐའ་འདོད་རྣམས་ལ་རེག་པར་བྱ། ནང་གི་ཀ་བ་འདི་གཉིས་དྲང་ཐད་ཀྱི་ཕྱི་ངོས་སུ། སྒོ་ལོགས་ཀྱི་རྩིག་

གདོང་ནས་མུན་པའི་ས་སྟོང་ཆ་ཆུང་གཅིག་དོར་བའི་མཚམས་སུ་ཀ་བ་རེ་རེ་སྟེ་རྟ་བབས་ཀྱི་ཀ་བ་བཞི་བཙུག །ཕྱི་ཡི་ཀ་བ་གཉིས་ཀྱི་ཕྱི་མཐའ་ནི་གྲུ་བཞི་ལྷན་པ་དེའི་ཕྱི་མཐའ་དང་མཉམ་པ་འོང་ངོ་། །རྟ་བབས་ཀྱི་ཀ་བ་བཞི་ཀའི་སྦོམ་ཕྲ་ཆ་ཆུང་གཅིག་དང་། རིང་ཐུང་ཆ་ཆུང་ལྔ་སྟེ། དེ་ཡང་ཀ་གདན་གྲུ་བཞི་པ་ཆ་ཆུང་གཅིག །དེ་སྟེང་བུམ་པ་ཆ་ཆུང་གཅིག །དེ་སྟེང་ཀ་དངོས་ཆ་ཆུང་གཉིས། དེ་སྟེང་ཀ་ཞུ་ཆ་ཆུང་གཅིག་དང་ཆ་ཆུང་ལྔ་ཡིན་ནོ། །ཀ་བ་བཞི་པོའི་སྟེང་དུ་རྟ་བབས་སྣམ་བུ་བཞི་འཁོར་མོར་འགེལ་བ་སྟེ། སྣམ་བུ་བཞི་ཀ་དཔངས་དང་འཐུག་སྲབ་གཉིས་ཀ་ལ་ཆ་ཆུང་རེ་རེ་ཡིན་པར་མཉམ་ལ། མདུན་ངོས་སུ་བཞི་ངོས་སྙོམས་པ་ལ་བར་དུ་སྒྲོམ་གྱིས་བར་མཚམས་བཏོད་པའོ། །གཡས་གཡོན་དུ་ནི་རྟ་བབས་སྣམ་བུ་འོག་མ་ནང་མཐའ་ཀ་བ་དང་མཉམ་པ། ཕྱི་མཐའ་ཀ་བ་ལས་ཆ་ཆུང་གཅིག་ཕྱིར་འཕྱར་བ་དང་། སྣམ་བུ་གཉིས་པ་ནི་གཡས་གཡོན་དུ་སྣམ་བུ་དང་པོ་ལས་ཆ་ཆུང་རེ་རེ་ཆུང་བས་ཕྱི་མཐའ་ཀ་བའི་ཕྱི་མཐའ་དང་མཉམ་པ། ནང་མཐའ་སྣམ་བུ་དང་པོའི་ནང་མཐའ་དང་མཉམ་པ་དང་། སྣམ་བུ་གསུམ་པ་ནི་གཡས་གཡོན་དུ་སྣམ་བུ་གཉིས་པ་ལས་ཆ་ཆུང་རེ་རེ་ཐུང་བས་ཕྱི་མཐའ་ཀ་བའི་ནང་མཐའ་དང་མཉམ་ཞིང་། ནང་མཐའ་སྒོ་ལོགས་ཀྱི་རྩིག་པ་ལ་ཐུགས་པ་སྟེ། སྣམ་བུ་གསུམ་པ་དང་སྒོ་ཁང་གི་འགེབ་གཉིས་སྟེང་དུ་ཁད་མཉམ་དུ་འོང་ངོ་། །སྣམ་བུ་བཞི་པ་ནི་གཡས་གཡོན་དུ་སྣམ་བུ་གསུམ་པ་ལས་ཆ་ཆུང་རེ་རེ་ཐུང་བས་གཡས་གཡོན་གྱི་ཕྱི་ངོས་དང་སྒོ་ལོགས་ཀྱི་རྩིག་པའི་ཕྱི་མཐའ་དང་མཉམ་པ་དང་། ནང་ངོས་སྒོ་ལོགས་ཀྱི་རྩིག་པའི་ནང་མཐའ་དང་མཉམ་པ་འོངས་སྟེ། དེ་ཡང་ཕྱི་མཐའ་ནི་སྣམ་བུ་གསུམ་པའི་ནང་ངོས་ཀྱི་ཤིང་ལེབ་ཀྱི་སྟེང་དུ་གཟེར་བུས་བསྡམས་པ་ཡིན་ནོ། །ཡང་སྣམ་བུ་རྣམས་ནི་

ནང་ཁོང་སྟོང་པ་སྟེ། སྣམ་བུ་དང་པོ་ནི་འོག་ངོས་ལ་ཁ་གཅོད་ཡོད་ལ་སྟེང་ངོས་ཁ་གཅོད་མེད་པ་དང་། གཉིས་པ་དང་གསུམ་པ་གཉིས་ནི་སྟེང་འོག་གཉིས་ལ་ཁ་གཅོད་མེད་པ་ཅན་ཏེ། ཕྱི་ནང་གཉིས་འཁོར་མོར་འབྲེལ་བ་དང་། བཞི་པ་ནི་འོག་ངོས་ཁ་གཅོད་མེད་ལ། སྟེང་ངོས་སུ་ཁ་གཅོད་ཡོད་པ་སྟེ། དེ་ཡང་སྣམ་བུའི་གཡས་གཡོན་མདུན་ངོས་སུ་སྣམ་བུའི་ཞེང་ཚད་ཀྱི་ཁ་གཅོད་བྱས་ཏེ། དེའི་མདུན་གྱི་སྣམ་བུའི་སྟེང་དུ་པདྨ་ཆོས་འཁོར་གདུགས་རྣམས་འཇོག་པ་དང་། དེར་མི་འཇོག་པར་ནང་གི་སྒོ་ཁང་གི་འགེབ་སྟེང་དུ་དེ་གསུམ་འཇོག་པ་དང་ལུགས་གཉིས་ཡོད། ཕྱི་མ་འདི་ལ་པདྨ་ནི་སྣམ་བུ་བཞི་པའི་ཕག་ཏུ་ཡོད་པ་ཡིན། ཡང་སྣམ་བུ་བཞི་པའི་སྟེང་གི་ཁ་གཅོད་ཀྱིས་སྒོ་ཁང་གི་སྟེང་ཐམས་ཅད་བཀབ་ནས་དེའི་སྟེང་དུ་པདྨ་ཆོས་འཁོར་གདུགས་རྣམས་འཇོག་པའང་ཡོད་དོ། །དེ་ལ་སྣམ་བུ་རྣམས་ཀྱི་གཡས་གཡོན་གྱི་སྟེང་འོག་རྣམས་སུ་བར་སྟོང་ཡོད་པ་ཐམས་ཅད་རིན་པོ་ཆེའི་སྤངས་ལེབ་ཀྱིས་བཅད་ནས་མི་མངོན་པར་བྱ། ཀ་བ་ནང་མ་གཉིས་ཀྱི་སྟེང་དུ་སྣམ་བུ་བཞི་ལ་ཁ་གཅོད་དགོས་ཏེ། མདོར་ན་རྟ་བབས་འདི་མཐོང་བརྒྱུད་ལས་ཞིབ་པར་ཤེས་དགོས་ཀྱི་དཔེ་ཆ་ལ་བལྟས་པ་ཙམ་གྱིས་གནད་དུ་ཁེལ་དཀའ། དེ་ནས་གླང་རྒྱབ་མིག་གསུམ་ནི་བྲི་ཐིག་ལྟར་སྣམ་བུ་བཞི་གའི་ནང་ཁུང་བྲུས་པའི་ནང་དུ་བྱེད་པ་སྟེ། དེ་ཡང་སྣམ་བུ་འོག་མའི་མ་མཐའ་དང་། བཞི་པའི་ཡ་མཐའ་གཉིས་ལ་ཅུང་ཟད་རེ་བཞག་ནས་དེའི་བར་དུ་གླང་རྒྱབ་བྱེད་པ་ཡིན་ལ། གླང་རྒྱབ་ཀྱི་ནང་ངོས་སྣམ་བུའི་ནང་ངོས་དང་མཉམ་པ། ཕྱི་རུ་སྣམ་བུ་ལས་ཆ་ཆུང་ཕྱེད་འཕྱར་བ། ཞེང་ཚད་ལ་ཡང་ཆ་ཆུང་ཕྱེད་ཡིན་ནོ། །པདྨ་ཆོས་འཁོར་གདུགས་གསུམ་ནི། པདྨ་ལ་དཔངས་ཆ་ཆུང་གཅིག །གཡས་གཡོན་གྱི་རྒྱར་འོག་ངོས་ཆ་ཆུང་ཕྱེད་གཉིས་སྟེང་ངོས་སུ་ཆ་

ཆུང་གཉིས་པ་ལ་ཡས་པད་ཀྱི་རྣམ་པ་ཅན། དེའི་སྟེང་དུ་ཆོས་འཁོར་དཔངས་ཆ་ཆུང་གཉིས་ལྷག་གམ་གསུམ་དང་འོག་ངོས་ཀྱི་རྒྱར་ཆ་ཆུང་གཉིས་པ་ལས་སྟེང་ངོས་ཇེ་ཕྲར་སོང་བའི་རྩེ་མོར་ཆ་ཆུང་ཕྱེད་པ་རིམ་པ་བཅུ་གསུམ་པའོ། །དེའི་སྟེང་དུ་གདུགས་རྒྱ་དཔངས་གཉིས་ཀ་ལ་ཆ་ཆུང་རེ་རེའོ། །པདྨའི་གཡས་སུ་ཆ་ཕྱེད་གཞལ་མཐར་རི་དྭགས་གཉིས་ཆ་ཆུང་གཅིག །རི་དྭགས་ཕོ་རྭ་ཅན་དང་། གཡོན་དུ་རི་དྭགས་མོ་རྭ་དང་བྲལ་བ། གདོང་ཆོས་འཁོར་ལ་ཕྱོགས་པ་དང་། སྣམ་བུ་བཞི་པོའི་གཡས་གཡོན་གྱི་བང་རིམ་སྟེང་དུ་གདུགས་རྒྱལ་མཚན་སོགས་མཆོད་རྫས་སྣ་ཚོགས་བཀོད། གཞན་ཡང་གཞལ་ཡས་ཁང་གི་ཟུར་བཞིར་སྣ་ཚོགས་རྡོ་རྗེ་ལེབ་བཅགས་སུ་ལྷན་པ། ཁང་པའི་ངོས་ལ་འབུར་དུ་དོད་པ་ལྟ་བུ་དང་། འདོད་སྣམ་གྱི་ཟུར་བཞིའི་སྟེང་དང་སྒོ་ཕུག་བརྒྱད་དུ་ཟླ་ཕྱེད་རྡོ་རྗེ་གྱེན་དུ་འགྲེང་བ་རེ་རེ་བཀོད། ཟླ་ཕྱེད་རྡོ་རྗེ་ཟླ་བ་ཕྱེད་པ་ཁ་གྱེན་བསྟན་གྱི་སྟེང་དུ་རྡོ་རྗེ་རྩེ་ལྔ་པ་ཕྱེད་པས་མཚན་པའོ། །དེ་ནས་རྡོ་རྗེའི་ལྟེ་བའི་ཕྱོགས་བཞིའི་ངོས་ཀྱི་དཀྱིལ་དུ་རྭ་ལྔ་ལྔ་སྟེ། དེ་ཡང་དབུས་དཀྱིལ་དུ་དབུས་རྭ་གྲུ་བཞི་པ་རྩ་བ་ཆ་ཆུང་ཕྱེད་གསུམ། དཀྱིལ་དུ་ཆ་ཆུང་བཞི་པ། རྩེ་མོ་ཆ་ཆུང་གཅིག་སོགས་གང་འཚམས་དང་། རིང་ཐུང་ཆ་ཆུང་བཅུ་གཉིས། གཡས་གཡོན་གྱི་རྭ་བཞི་ནི་སྟེང་གི་རྟ་བབས་ཀྱི་ཀ་བའི་ཕྱི་རོལ་དུ་ཆ་ཆུང་གཅིག་དོར་བའི་མཚམས་དང་རྡོ་རྗེའི་ལྟེ་བའི་སྟེང་ཟུར་ནས་འོག་ཏུ་ཆ་ཆུང་གཅིག་དོར་བའི་མཚམས་གཉིས་དང་། དེ་གཉིས་ཀྱི་དྲང་ཐད་ཀྱི་རྡོ་རྗེའི་ལྟེ་བའི་འོག་གི་ངོས་བཞི་ནས་ཆ་ཆུང་གཅིག་གྱེན་དུ་དོར་བ་དང་བཞི་ཀ་ནས་རྩ་བ་ཆ་ཆུང་གཉིས་དང་རྩེ་མོ་རིམ་གྱིས་གཞོལ་བའི་ར་བཞིའི་རྩེ་མོ་རྣམས་དབུས་རའི་རྩེར་འཛུག་གོ། །དེ་ནས་དཀྱིལ་འཁོར་ཚོན་མདོག་ནི། ཕྱོགས་མདོག་ཤར་དཀར་ལྷོ་སེར་པོ། །ནུབ་

དམར་བྱང་ལྗང་དབུས་སྔོན་པོ། །རྩིག་པ་རིམ་ལྔ་ཕྱི་རིམ་ནས། །དཀར་སེར་དམར་ལྗང་སྔོན་པོའོ། །འདོད་སྣམ་དམར་ལ་ཕ་གུ་སེར། །ཀ་ཐུང་ཐམས་ཅད་ཕྱོགས་མདོག་ལ། །དྲ་བ་དང་ནི་དྲ་ཕྱེད་དཀར། །གསེར་གདུང་སྔོ་ལ་ཤར་བུ་དཀར། །ཕྱི་ཆ་མཛེས་ཚོན་མདའ་ཡབ་ནི། །མཆོད་རྟེན་རྣམ་པ་དཀར་རམ་སེར། །གདུགས་སོགས་མཆོད་རྫས་རང་མདོག་དང་། །གཞལ་ཡས་ཁང་གི་སྟེང་ངོས་དང་། །འགེབ་ཀྱི་འོག་དང་ནང་གི་ནི། །པདྨ་འདབ་བཞི་འདབ་བརྒྱད་སོགས། །འཁོར་ལོའི་རྩིབས་ནི་བར་རྣམས་དང་། །ནང་གི་གྲྭ་བཞི་སྒོ་བཞིའི་ནང་། །གླང་རྒྱབ་རྟ་བབས་ཀ་བ་དང་། །རྡོ་རྗེའི་ལྟེ་བའི་སྟེང་ངོས་དང་། །ཕྱོགས་བཞིའི་རྭ་དང་བཅས་པ་ནི། །ཐམས་ཅད་ཕྱོགས་མདོག་ཉིད་དུ་བྱ། །ནང་གི་ཕྱི་ནང་པདྨ་རྣམས། །སྣ་ཚོགས་མདོག་ཅན་ཅི་མཛེས་དང་། །འཁོར་ལོའི་རྩིབས་རྣམས་སྔོན་པོ་བྱ། །འོད་ལྔ་ཕྱི་ནས་དཀར་པོ་དང་། །སེར་དམར་ལྗང་གུ་སྔོན་པོའོ། །སྟེང་གི་བུམ་པའི་བུམ་གདན་སེར། །བུམ་པ་དཀར་རམ་སེར་པོ་བྱ། །བྲེ་གདན་སེར་ལ་བྲེ་མགུལ་སྔོ། །བྲེ་དངོས་སེར་པོ་པདྨ་ནི། །སྣ་ཚོགས་ཆོས་འཁོར་སེར་པོ་དང་། །གདུགས་ནི་ཅི་མཛེས་ཉི་ཟླ་དང་། །ནོར་བུ་གསུམ་ནི་རང་མདོག་གོ། །རྟ་བབས་སྣམ་བུ་བཞི་པོ་ནི། །འོག་ནས་དམར་སྔོ་ལྗང་སེར་རོ། །པདྨ་སྣ་ཚོགས་ཆོས་འཁོར་དང་། །རི་དྭགས་རྣམས་སེར་གདུགས་སྣ་ཚོགས། །རྡོ་རྗེའི་ལྟེ་བའི་ངོས་བཞི་མཐིང་། །ཕྱི་རོལ་ཚོན་ས་ཕྱོགས་མདོག་གོ། །དུར་ཁྲོད་ཕྱོགས་བཞི་གཞུ་དབྱིབས་དང་། །མཚམས་བཞི་པདྨའི་དབྱིབས་ཅན་ཏེ། །ཐམས་ཅད་གཞི་ནི་ནག་པོ་ལ། །དུར་ཁྲོད་བཀོད་པ་རྫོགས་པར་བཀོད། །རྡོ་རྗེ་རྭ་བའི་གནས་སུ་ནི། །རྡོ་རྗེ་སྔོན་པོའི་ཕྲེང་བ་ནི། །གྱེན་དུ་འགྲེང་བས་བསྐོར་བར་བྱ། །འོད་ཕྲེང་གཞི་ལ་སྒོ་ཚད་ནི། །གཅིག་

གམ་གཉིས་སོགས་ཅི་མཚམས་པའི། །དཔངས་ཚད་ཅན་ལ་འོད་ཕྲེང་གི། །རི་མོ་བསྐོས་པས་འཁོར་ཡུག་བསྐོར། །ཚོན་མདོག་སྣ་ཚོགས་མདོག་ཏུ་བྱ། །དེ་ཡན་ཆད་ནི་ཐོས་གྲོལ་གྱི་མདུན་བསྐྱེད་ཆུང་བ་སྣོད་བཅུད་རང་གྲོལ་ལྟར་སྒོམ་པས་དེ་ལྟར་བཀོད་པ་སྟེ། འདི་ལ་ཕྱི་ཀེང་རུས་ཀྱི་རྩིག་པ། ནང་རིན་པོ་ཆེའི་གཞལ་ཡས་ཁང་། ཞེས་གསུངས་ཀྱང་ཞི་ཁྲོ་གཉིས་གཞལ་ཡས་ཁང་གཅིག་ལ་བཀོད་པའི་མདུན་བསྐྱེད་ཙམ་སྒོམ་པ་ལ་རིན་པོ་ཆེའི་རྩིག་པ་ཁོ་ན་དང་ཐམས་ཅད་རིན་པོ་ཆེ་ལས་གྲུབ་པར་སྒོམ་པས་ཆོག་པས་དེ་ལྟར་བཤད་པ་ཡིན་ནོ། །དེ་ནས་ལྷ་རྣམས་བཀོད་པ་ནི། དབུས་ཀྱི་པདྨ་འདབ་བཞིའི་དབུས་སུ་ཀུན་ཏུ་བཟང་པོ་སྔོན་པོ་ལ་ཡུམ་དཀར་མོས་འཁྱུད་པ། ཤར་གྱི་འདབ་མར་བུདྡྷ་ཧེ་རུ་ཀ་ཡབ་ཡུམ་སྨུག་ནག །གཡས་སུ་རྣམ་སྣང་ཡབ་ཡུམ་དཀར་པོ། རྒྱབ་ཏུ་ཆེ་མཆོག་ཡབ་ཡུམ་སྨུག་ནག །གཡོན་གྱི་འདབ་མར་རྣམ་སྨིན་རིག་འཛིན་ཡབ་ཡུམ་དམར་སྐྱ། དེའི་ཕྱི་རོལ་གྱི་པདྨ་འདབ་བརྒྱད་ལ་ཤར་དུ་རྡོར་སེམས་ཡབ་ཡུམ་མཐིང་ག །ལྷོར་རིན་འབྱུང་ཡབ་ཡུམ་སེར་པོ། ནུབ་ཏུ་སྣང་མཐའ་ཡབ་ཡུམ་དམར་པོ། བྱང་དུ་དོན་གྲུབ་ཡབ་ཡུམ་ལྗང་གུ། ཤར་ལྷོར་བཛྲ་ཧེ་རུ་ཀ་ཡབ་ཡུམ་མཐིང་ནག །ལྷོ་ནུབ་ཏུ་རཏྣ་ཧེ་རུ་ཀ་ཡབ་ཡུམ་སེར་ནག །ནུབ་བྱང་དུ་པདྨ་ཧེ་རུ་ཀ་ཡབ་ཡུམ་དམར་ནག །བྱང་ཤར་དུ་ཀརྨ་ཧེ་རུ་ཀ་ཡབ་ཡུམ་ལྗང་ནག །དེའི་ཕྱི་རོལ་གྱི་པདྨ་འདབ་མ་བཅུ་དྲུག་ལ། ཤར་གྱི་ཚངས་ཐིག་གི་སྟེང་གི་འདབ་མ་ལ་སའི་སྙིང་པོ་དཀར་པོ། དེ་ནས་གཡས་བསྐོར་གྱིས་བར་དུ་རེ་རེ་དོར་བ་ལ་རིམ་བཞིན་བྱམས་པ་དཀར་པོ། ཀུན་ཏུ་བཟང་པོ་དམར་སེར། ནམ་སྙིང་སེར་པོ། སྤྱན་གཟིགས་དཀར་པོ། འཇམ་དཔལ་དམར་སེར། སྒྲིབ་སེལ་ལྗང་གུ། ཕྱག་རྡོར་ལྗང་གུ་རྣམས་དང་། དེ་ནས་

སའི་སྙིང་པོའི་གཡོན་ཟུར་གྱི་འདབ་མ་ནས་བརྩམས་ཏེ་གཡས་བསྐོར་གྱིས་ལ་སྱ་མ་དཀར་མོ། པུཥྤེ་མ་དཀར་མོ། མ་ལེ་མ་སེར་སྐྱ། དྷཱུ་པེ་མ་སེར་མོ། གིརྟི་མ་དམར་སྐྱ། ཨ་ལོ་མ་དམར་མོ། གནྡྷེ་མ་ལྗང་གུ། ནིརྟི་མ་ལྗང་གུ་རྣམས་སོ། །དེའི་ཕྱི་རོལ་གྱི་པདྨ་འདབ་མ་བཅུ་ལ། ཤར་གྱི་ཚངས་ཐིག་གི་གཡོན་བྱང་ཤར་ངོས་ཀྱི་འདབ་མ་ནས་བརྩམས་ཏེ་གཡས་བསྐོར་གྱིས་ལྷའི་ཐུབ་པ་དཀར་པོ། རྣམ་སྨིན་རིག་འཛིན། ལྷ་མིན་ཐུབ་པ་ལྗང་གུ། ཚེ་དབང་རིག་འཛིན། མིའི་ཐུབ་པ་སེར་པོ། དམྱལ་བའི་ཐུབ་པ་ནག་པོ། ལྷུན་གྲུབ་རིག་འཛིན། བྱོལ་སོང་ཐུབ་པ་མཐིང་ག །ཕྱག་ཆེན་རིག་འཛིན། ཡི་དྭགས་ཐུབ་པ་དམར་པོ་རྣམས་སོ། །དེའི་ཕྱི་རོལ་འཁོར་ལོ་རྩིབས་བཅུ་དྲུག་ལ་ཤར་གྱི་ཚངས་ཐིག་གི་རྩིབས་ནས་གཡས་བསྐོར་གྱིས་བར་དུ་རེ་རེ་དོར་ནས་ཀཽ་རི་དཀར་མོ། པུསྐ་སེར་མོ། ཙཽ་རི་སེར་མོ། ཀརྨ་ལྗང་གུ། པྲ་མོ་དམར་མོ། ཙནྡྷ་སེར་མོ། བཻ་ཏ་ལྗང་གུ། སྨ་ཤ་མཐིང་ནག་རྣམས་སོ། །དེ་ནས་ཀཽ་རི་དཀར་མོའི་ཟུར་གྱི་རྩིབས་ནས་བརྩམས་ཏེ་སྔར་དོར་བའི་བར་གྱི་རྩིབས་རྣམས་ལ་གཡས་བསྐོར་གྱིས་སེང་ཧ་སྨུག་ནག །ཀྲྀ་ཏ་སེར་པོ། བྱ་ཀྲྀ་དམར་མོ། ཀང་ཀ་དམར་མོ། སྲི་ལ་དམར་མོ། ཁ་ཁ་ནག་མོ། ཤྭ་ན་མཐིང་ནག །ཧུ་ལུ་མཐིང་ག་རྣམས་སོ། །ཤར་སྒོར་རྣམ་རྒྱལ་ཡབ་ཡུམ་དཀར་པོ། ལྷོ་སྒོར་གཤིན་རྗེ་གཤེད་ཡབ་ཡུམ་སེར་པོ། ནུབ་སྒོར་རྟ་མགྲིན་ཡབ་ཡུམ་དམར་པོ། བྱང་སྒོར་བདུད་རྩི་འཁྱིལ་པ་ཡབ་ཡུམ་ལྗང་གུའོ། །སྒོ་བ་བཞིའི་རྒྱབ་ཏུ་ཡང་ཤར་སྒོར་རྟ་གདོང་དཀར་མོ། ལྷོ་སྒོར་ཕག་གདོང་སེར་མོ། ནུབ་སྒོར་སེང་གདོང་དམར་མོ། བྱང་སྒོར་སྦྲུལ་གདོང་ལྗང་གུ་དང་བཞི་ནི་བརྒྱ་ཕྱག་ལས་སོ། །དེ་ནས་ཕྱིའི་འདོད་སྣམ་གྱི་ཕྱི་རོལ་དུ་བྱང་ཤར་ནས་གཡས་བསྐོར་གྱིས་དབང་ཕྱུག་མ་བདུན་བཞུགས་པ་ནི་སྒོའི་

གཡོན་དུ་སྲིན་མོ་སྨུག་ནག །ཚངས་པ་དམར་སེར། ལྷ་ཆེན་དཀར་ལྗང་། ཤར་གྱི་སྒོ་ཁང་ནང་དུ་སྒོ་མ་དཀར་མོ་ཁུ་བྱུག་མགོ། ཤར་སྒོའི་གཡས་སུ་གཏོགས་འདོད་དཀར་སྔོ། གཞོན་ནུ་དཀར་མོ། བརྒྱ་བྱིན་དཀར་མོ་རྣམས་དང་ལྷོར་གཡས་བསྐོར་གྱིས་ལྷོ་སྒོའི་གཡོན་དུ་རྡོ་རྗེ་སེར་མོ། ཞི་བ་དམར་སེར། བདུད་རྩི་དམར་མོ། ལྷོའི་སྒོ་ཁང་ནང་དུ་སྒོ་མ་སེར་མོ་ར་གདོང་མ། ལྷོ་སྒོའི་གཡས་སུ་ཕག་གདོང་སེར་མོ། གཏོགས་འདོད་དཀར་སྔོ། བེ་ཅོན་ལྗང་ནག །སྲིན་མོ་སེར་ནག་རྣམས་དང་། ནུབ་ཏུ་གཡས་བསྐོར་གྱིས་ནུབ་སྒོའི་གཡོན་དུ་ཟ་བ་དམར་ལྗང་། དགའ་བ་དམར་མོ། སྟོབས་ཆེན་དམར་སྐྱ། ནུབ་ཀྱི་སྒོ་ཁང་དུ་སྒོ་མ་དམར་མོ་སེང་གདོང་མ། ནུབ་སྒོའི་གཡས་སུ་སྲིན་མོ་དམར་མོ། འདོད་པ་དམར་མོ། ནོར་སྲུང་དམར་ལྗང་རྣམས་དང་། བྱང་དུ་གཡས་བསྐོར་གྱིས་བྱང་སྒོའི་གཡོན་དུ། རླུང་ལྷ་ལྗང་སྔོན། མི་མོ་དམར་མོ། ཕག་མོ་ལྗང་ནག །བྱང་གི་སྒོ་ཁང་དུ་སྦྲུལ་གདོང་ལྗང་གུ། བྱང་སྒོའི་གཡས་སུ་རྡོ་རྗེ་དམར་མོ། སྣ་ཆེན་ལྗང་ནག །ཆུ་ལྷ་ལྗང་གུ་རྣམས་སོ། །དབང་ཕྱུག་ཉེར་བརྒྱད་འདི་ལས་བྱང་ཆེ་བ་དང་བརྒྱ་ཕྱག་ལྟར་བཀོད་པའོ། །འདོད་སྣམ་གྱི་སྟེང་དུ་མཆོད་པའི་ལྷ་མོ་བཅུ་དྲུག་བཞུགས་སོ། །ཡང་ལས་བྱང་རང་གཞུང་གི་གཞལ་ཡས་ཁང་དང་ལྷ་རྣམས་བཞུགས་ཚུགས་སོགས་ནི་ཁྲིད་ཡིག་ལྟར་ཡིན་པས་གོང་དུ་བཤད་པ་དེ་དང་མི་འདྲ་ལ། དེའི་ཚུལ་ཡང་གོང་མ་རྣམས་བུ་འབོར་བའི་ལུགས་སོ། །ཧེ་པ་ཆོས་འབྱུང་མདུན་བསྐྱེད་ལྟར་ན་ཀྱིས་སྟེང་ཁང་ཞི་བ་དང་། འོག་ཁང་ཁྲོ་བོའི་དཀྱིལ་འཁོར་ཞེས་གཞལ་ཡས་ཁང་འོག་མའི་སྟེང་དུ་མདའ་ཡབ་ཀྱི་འགེབ་བཏང་བ་ལས་བུམ་པ་བྲེ་དང་ཆོས་འཁོར་སོགས་མེད་པར་མདའ་ཡབ་ཀྱི་འགེབ་སྟེང་དུ་རྡོ་རྗེའི་ས་གཞི་སྲབ་མོ་ཆགས་པའི་་སྟེང་དུ་གཞལ་

ཡས་ཁང་སྟེང་མ་ཡོད་ཅིང་། དེའི་སྟེང་དུ་བུམ་པ་སུལ་བརྒྱད་བྲེ་དང་ཆོས་འཁོར་ཉི་ཟླ་ནོར་བུ་དང་བཅས་པ་ཡོད་པ་ཡིན་ནོ། །སྒོམ་ཚུལ་དེ་ལྟར་ཡིན་ཀྱང་བློས་བསླང་བཞེངས་པ་ལ་ཞི་ཁྲོ་གཉིས་ཀྱི་དཀྱིལ་འཁོར་སོ་སོར་བཞེངས་ན་ལེགས་པས་དང་པོ་ཞི་བའི་དཀྱིལ་འཁོར་ནི། དཀྱིལ་འཁོར་བརྩེགས་པའི་གཞི་སྟེགས་ལ། ཐིག་ཆེན་བརྒྱད་པོ་སྤྱི་ལྟར་གདབ། ཞེས་པ་ནས། གྱེན་ཐིག་བཞིར་རེག་དེའི་རྩེ་ནས། སྟེང་དུ་འཕྲེད་ཐིག་དྲུག་པར་རེག །ཞེས་པའི་བར་གོང་ལྟར་ལས། དེ་ནས་ནང་ཐིག་རྣམས་དོར་ཏེ། དེ་ནས་ཕྱིའི་གཞལ་ཡས་ཁང་བརྩེགས་ཚུལ་ནི། བྲི་ཐིག་ནི་སྟེང་ནས། རྩིག་པའི་འཐུག་སྲབ་ནི། ཞེས་སོགས་ནས། རྩེ་མོ་རིམ་གྱིས་གཞོལ་བའི་ར་བཞིའི་རྩེ་མོ་རྣམས་དབུས་རའི་རྩེར་འཛུག་གོ། །ཞེས་པའི་བར་གོང་ལྟར་ལ་དུར་ཁྲོད་དང་བཅས་པ་ཡོངས་རྫོགས་གོང་དང་འདྲ་བ་ལ་གདུང་འཁྱོགས་བརྒྱད་ཀྱི་སྣེ་མོ་རྣམས་དབུས་ཀྱི་ལྟེ་བ་ནས་ཕྱིར་ཆ་ཆུང་ལྔ་དོར་བའི་མཚམས་སུ་སླེབ་པར་བྱའོ། །དེ་དག་གི་ཚོན་མདོག་ཀྱང་སྔ་མ་ཇི་ལྟ་བ་བཞིན་དང་། རྩིག་པ་ཕ་གུ་སོགས་ཐམས་ཅད་རིན་པོ་ཆེ་ཤ་སྟག་ལས་གྲུབ་པ་དང་། དབྱིབས་ཞི་བའི་དཀྱིལ་འཁོར་ཡིན་པ་ལ་གོང་དུ་བཤད་པའི་གཞལ་ཡས་ཁང་དང་འདྲ་བ་ཁོ་ན་ཡིན་ནོ། །དེ་ནས་ནང་གི་ལྷ་རྣམས་ནི་གཏེར་གཞུང་ལྟར་ན་ཐུན་མོང་གི་གདན་པདྨ་དང་འཁོར་ལོ་སོགས་མེད་པར་གཞལ་ཡས་ཁང་གི་ནང་ཤར་དཀར། ལྷོ་སེར། ནུབ་དམར། བྱང་ལྗང་། དབུས་ཀུན་བཟང་ཡབ་ཡུམ་བཞུགས་པའི་གནས་དེ་སྔོན་པོར་བྱས་པའི་དབུས་སུ་ཆ་ཆུང་ལྔས། སྒོ་ཚད་གཅིག་གིས་ཟླུམ་པོར་བསྐོར་བའི་ནང་དུ་ཆ་ཆུང་གི་བཞི་ཆ་ལྔ་རིམ་བཞིན་བསྐོར་བ་ནི་རང་བྱུང་འོད་ལྔ་སྟེ། ཁ་དོག་ཕྱི་ནས་དཀར་སེར་དམར་ལྗང་སྔོན་པོའོ། །འོད་ལྔའི་ནང་དུ་རིན་པོ་ཆེ་ཟུར་བརྒྱད་ཀྱི་སྟེང་པདྨ་ཉི་མ་ཟླ་བའི་

གདན་རྣམས། སྟེང་ནས་སྟེང་དུ་བརྩེགས་པའི་སྟེང་དུ་ཀུན་ཏུ་བཟང་པོ་སྔོན་པོ་ལ་ཡུམ་དཀར་མོས་འཁྱུད་པ། དེའི་མདུན་དུ་གྱི་འདབ་མའི་སྟེང་དུ་སེང་གེའི་ཁྲི་རིན་པོ་ཆེ་དང་པདྨ་ཉི་མའི་གདན་ལ་རྣམ་སྣང་ཡབ་ཡུམ་དཀར་པོ་བཞུགས། དེ་ནས་འོད་ལྔའི་ཕྱི་རུ་སྒོ་ཚད་གཅིག་སོང་བའི་མཚམས་སུ་ཤར་དུ་གླང་ཆེན་གྱི་ཁྲི་རིན་པོ་ཆེ་དང་པད་ཉི་ལ་རྡོ་རྗེ་སེམས་དཔའ་ཡབ་ཡུམ་སྔོན་པོ། རྡོར་སེམས་ཡབ་ཡུམ་གྱི་གཡས་སུ་སའི་སྙིང་པོ་དཀར་པོ། གཡོན་དུ་བྱམས་པ་དཀར་པོ། མདུན་དུ་ལ་སྱ་དཀར་མོ། རྒྱབ་ཏུ་པུཥྤེ་མ་དཀར་མོ་སྟེ་རྡོ་རྗེ་རིགས་ཀྱི་གཙོ་འཁོར་དྲུག །ལྷོ་རུ་རྟའི་ཁྲི་དང་རིན་པོ་ཆེ་དང་པད་ཉི་ལ་རིན་ཆེན་འབྱུང་ལྡན་ཡབ་ཡུམ་སེར་པོ། དེའི་གཡས་སུ་ཀུན་ཏུ་བཟང་པོ་དམར་སེར། གཡོན་དུ་ནམ་སྙིང་སེར་པོ། མདུན་དུ་མ་ལེ་སེར་སྐྱ། རྒྱབ་ཏུ་དྷུ་པེ་སེར་མོ་སྟེ་རིན་ཆེན་རིགས་ཀྱི་གཙོ་འཁོར་དྲུག །ནུབ་ཏུ་རྨ་བྱའི་ཁྲི་དང་རིན་པོ་ཆེ་དང་པད་ཉི་ལ་སྣང་བ་མཐའ་ཡས་ཡབ་ཡུམ་དམར་པོ། དེའི་གཡས་སུ་སྤྱན་གཟིགས་དཀར་དམར། གཡོན་དུ་འཇམ་དཔལ་དམར་སེར། མདུན་དུ་གིརྟི་དམར་སྐྱ། རྒྱབ་ཏུ་ཨ་ལོ་དམར་མོ་སྟེ་པདྨ་རིགས་ཀྱི་གཙོ་འཁོར་དྲུག །བྱང་དུ་ཤང་ཤང་གི་ཁྲི་སྟེང་རིན་པོ་ཆེ་ཟུར་བརྒྱད་དང་པད་ཉི་ལ་དོན་ཡོད་གྲུབ་པ་ཡབ་ཡུམ་ལྗང་གུ། དེའི་གཡས་སུ་སྒྲིབ་སེལ་ལྗང་གུ། གཡོན་དུ་ཕྱག་རྡོར་ལྗང་གུ། མདུན་དུ་གནྡྷེ་ལྗང་གུ། རྒྱབ་ཏུ་ནིརྟི་ལྗང་གུ་སྟེ་ལས་ཀྱི་རིགས་ཀྱི་གཙོ་འཁོར་དྲུག་བཞུགས། དེ་དག་གི་གཙོ་བོ་ཀུན་ཏུ་བཟང་པོ་དང་། འཁོར་རྣམས་རང་རང་གི་གཙོ་བོ་ལ་མངོན་དུ་ཕྱོགས་པའོ། །འཁོར་ཐམས་ཅད་པད་ཟླའི་གདན་ལ་བཞུགས་པའོ། །དེ་ལས་སེམས་དཔའ་བརྒྱད་དང་སེམས་མ་བརྒྱད་ཀྱི་སྐུ་མདོག་ནི་ལས་བྱང་ཆེ་བ་ལྟར་ཏེ་ལས་བྱང་ཆུང་བ་ལས་རྡོར་སེམས་ཀྱི་འཁོར་བཞི་དཀར་པོ། རིན་

འབྱུང་གི་འཁོར་བཞི་སེར་པོ། སྣང་མཐའི་འཁོར་བཞི་དམར་པོ། དོན་གྲུབ་ཀྱི་འཁོར་བཞི་ལྗང་གུར་གསུངས་སོ། །དེ་ནས་རིགས་ལྔའི་ཕྱི་རོལ་དུ་སྒོ་ཚད་ཙམ་སོང་བའི་མཚམས་སུ་པདྨའི་གདན་རེ་རེ་ལ་ཤར་དུ་སྟེང་གི་ཐུབ་པ་དཀར་པོ། ནུབ་ཏུ་འོག་གི་དམྱལ་བའི་ཐུབ་པ་ནག་པོ། ཤར་ལྷོར་ལྷ་མིན་ཐུབ་པ་ལྗང་གུ། ལྷོ་ནུབ་ཏུ་མིའི་ཐུབ་པ་སེར་པོ། ནུབ་བྱང་དུ་བྱོལ་སོང་གི་ཐུབ་པ་མཐིང་ག །བྱང་ཤར་དུ་ཡི་དྭགས་ཀྱི་ཐུབ་པ་དམར་པོའོ། །སྒོ་བཞིར་པདྨ་དང་ཉི་མའི་གདན་རེ་རེ་ལ། ཤར་སྒོར་རྣམ་རྒྱལ་ཡབ་ཡུམ་དཀར་པོ། ལྷོ་སྒོར་གཤིན་རྗེ་གཤེད་ཡབ་ཡུམ་སེར་པོ། ནུབ་སྒོར་རྟ་མགྲིན་ཡབ་ཡུམ་དམར་པོ། བྱང་སྒོར་བདུད་རྩི་འཁྱིལ་པ་ཡབ་ཡུམ་ལྗང་གུ་རྣམས་ཏེ། ཡབ་ཡུམ་ཅན་ཐམས་ཅད་སོ་སོར་བསྒྲངས་པས་ཞི་བའི་ལྷ་ཚོགས་བཞི་བཅུ་ཞེ་གཉིས་སོ། །དེ་ཡན་ཆད་ནི་ཞི་བའི་དཀྱིལ་འཁོར་རོ། །གཉིས་པ་ཁྲོ་བོའི་དཀྱིལ་འཁོར་ཡང་ནང་གི་ལྷ་རྣམས་མ་གཏོགས་སྤྱི་ཁྱོན་ཞི་བའི་དཀྱིལ་འཁོར་དང་འདྲ་བ་ལས་སྒོ་ཁང་གི་ཐོད་མཁར་ཡིན་པ་རྩིག་པ་ལས་གཞལ་ཡས་ཁང་པ་དངོས་ཀྱི་རྩིག་པ་རིམ་པ་ལྔའི་ནང་མའི་ཕྱི་རིན་པོ་ཆེ་ནང་ངོས་མི་མགོ་སྐམ་རློན་རྙིད་གསུམ་ཕྲེང་བ་སྟེང་འོག་སྤེལ་མར་བརྩེགས་པའི་རྩིག་པ་སྟེ། ཐོད་པ་རྣམས་ཕན་ཚུན་གནམ་ལྕགས་ཀྱི་གཟེར་བུས་བསྡམས་པ། བར་རྣམས་རཀྟའི་སྤྱིན་གྱིས་སྦྱར་བ་དང་། གདུང་འཁྱོགས་སྟེང་གི་ཀ་བ་བརྒྱད་ཀྱི་ཀ་གདན་རྣམས་རུས་སྦལ་ཆུ་སྲིན་གྱི་མགོ་ཅན་ཁ་ཕྱིར་བསྟན་པའི་རོ་སྟོད་ཀྱི་རྒྱབ་ཏུ་ཀ་བ་བཙུག་པ། དེའི་སྟེང་དུ་ཀ་བ་བརྒྱད་ནི་ལྷ་ཆེན་བརྒྱད་ཀྱི་གཟུགས་ཀྱི་ཀ་བ་སྟེ། རྐང་པ་གཉིས་གཤིབ་ཏེ་བརྐྱངས། ལག་པ་གཉིས་ལུས་ཀྱི་གཡས་གཡོན་གྱི་ཕྱོགས་ལ་སྦྱར་ཏེ་བརྐྱང་པ། མགོ་བོ་རྣམས་ནི་ཀ་ཞུ་རྣམས་བརྟེན་ཅིང་། གདོང་ཕྱིར་ཕྱོགས་པའོ། །

ལྷ་བརྒྱད་ཀྱི་ཀ་བ་བརྒྱད་པོའི་སྟེང་དུ་གཟའ་ཆེན་བརྒྱད་ཀྱི་ཀ་ཞུ་སྟེ་ཆ་རྒྱུ་སྐར་གྱིས་བཏེགས་པ། དེ་ཡང་གཟའ་བརྒྱད་ནི་ལུས་མི་གཟུགས་ཅན་རུས་སྦལ་གྱི་འདུག་སྟངས་ལྟ་བུས་ཀ་བའི་སྟེང་དུ་གདོང་ཕྱིར་ཕྱོགས་ནས་གནས་པ། ཀ་ཞུ་བརྒྱད་ཀྱི་སྟེང་དུ་ཡང་ལྷ་ཆེན་བརྒྱད་ཀྱི་གཟུགས་ཀྱི་གདུང་མ་བརྒྱད་ཟླུམ་པོར་བཀལ་བ་སྟེ། དེ་ཡང་ལྷ་ཆེན་བརྒྱད་གྱི་གདུང་གཡས་བསྐོར་དུ་བཀྲམ་པ་ལས་ཀ་བ་གཅིག་ལ་ལྷ་ཆེན་གྱི་གདུང་མ་གཅིག་གི་མགོ་དང་། གཅིག་ལ་རྐང་པ་སླེབ་པར་བྱས་པའི་རྐང་པའི་སྟེང་དུ་རྗེས་མའི་ལྷ་ཆེན་གྱི་གདུང་མའི་མགོས་ནོན་ཏོ། གདོང་ཕྱིར་ཕྱོགས་པར་བྱའོ། །དེ་ནས་ནང་གི་གདུང་ཟླུམ་འདི་དང་། ཕྱིའི་ཀ་ཐུང་གི་སྟེང་གི་གསེར་གདུང་གཉིས་ཀྱི་སྟེང་ནས་གྲལ་ཕྱམ་བཏང་བ་སྟེ། དེ་ཡང་ལྷ་ཕྲན་རྣམས་ཀྱི་གདུང་མ་སྟེ། གོང་གི་ཀ་བ་བརྒྱད་གཟུགས་ལྟ་བུའི་གདུང་མ་རྣམས་ཁ་སྦུབ་ཏུ་རྐང་པ་གཉིས་ཕྱིའི་གསེར་གདུང་གི་སྟེང་ནས་རྐང་མགོ་ཕྱིར་བུད་པ་མགོ་བོ་ནང་གི་གདུང་ཟླུམ་གྱི་ནང་ནས་མར་ཕྱོགས་པ་སྟེ། དེ་ལས་གཞན་པའི་སྟེང་གི་ཐོག་ཕིབས་ལ་སོགས་ཐམས་ཅད་རིན་པོ་ཆེ་ལས་བྱས་པ་ཞི་བ་ལྟར་རོ། །འདི་ནི་ལས་བྱང་ཆེ་བའི་གསུངས་ཟིན་ལྟར་རོ། །དེ་ནས་ཁྲོ་བོའི་ལྷ་ཚོགས་ཇི་ལྟར་བཞུགས་པ་ནི། དཀྱིལ་འཁོར་གྱི་དབུས་སུ་ཁྱུང་ཆེན་བརྒྱད་མགོ་ཕྱོགས་མཚམས་བརྒྱད་དུ་བསྟན་ཏེ་བསྣོལ་མར་བརྩེགས་པའི་སྟེང་དུ་རིན་པོ་ཆེའི་བྲག་རི་ཟུར་བརྒྱད། དེའི་སྟེང་དུ་པདྨ་དང་ཉི་མའི་གདན་ལ་ཆེ་མཆོག་ཧེ་རུ་ཀ་ཡབ་ཡུམ་སྨུག་ནག །དེའི་མདུན་དུ་སེང་གེ་སྟག་གཟིག་དོམ་གླང་པོ། མ་ཧེ། ཆུ་སྲིན། སྦྲུལ། ལ་སོགས་པ་བྱོལ་སོང་གཙོ་བོ་བརྒྱད་མགོ་ཕྱོགས་མཚམས་སུ་བསྟན་པའི་བསྣོལ་བའི་སྟེང་དུ་རིན་པོ་ཆེའི་བྲག་རི་ཟུར་བརྒྱད་དང་པད་ཉི་ལ་བུདྡྷ་ཧེ་རུ་ཀ་ཡབ་ཡུམ་སྨུག་ནག །དེའི་ཕྱི་རོལ་དུ་སྒོ་གཅིག་ཙམ་དོར་བའི་

ཕྱོགས་བཞིར་གོང་བཞིན་བྱོལ་སོང་གཙོ་བརྒྱད་དང་བྲག་རི་ཟུར་བརྒྱད་པད་ཉི་ལ་ཤར་དུ་བཛྲ་ཧེ་རུ་ཀ་ཡབ་ཡུམ་མཐིང་ནག །ལྷོར་རཏྣ་ཧེ་རུ་ཀ་ཡབ་ཡུམ་སེར་ནག །ནུབ་ཏུ་པདྨ་ཧེ་རུ་ཀ་ཡབ་ཡུམ་དམར་ནག །བྱང་དུ་ཀརྨ་ཧེ་རུ་ཀ་ཡབ་ཡུམ་ལྗང་ནག་གོ། །དེའི་ཕྱི་རོལ་དུ་སྒོ་ཕྱེད་ཙམ་དོར་བའི་ཕྱོགས་མཚམས་བརྒྱད་ལ་མི་རོ་ཁ་སྦུབ་མགོ་གཡས་བསྟན་བརྒྱད་ཀྱི་སྟེང་དུ་ཤར་དུ་ཀཽ་རི་དཀར་མོ། ལྷོར་ཙཽ་རི་སེར་མོ། ནུབ་ཏུ་པྲ་མོ་དམར་མོ། བྱང་དུ་བཻ་ཏ་ལྗང་གུ། ཤར་ལྷོར་པུསྐ་སེར་མོ། ལྷོ་ནུབ་ཏུ་ཀསྨ་དམར་ལྗང་། ནུབ་བྱང་དུ་ཙནྡྷ་སེར་པོ། བྱང་ཤར་དུ་སྨ་ཤ་མཐིང་ག་སྟེ་ཀཽ་རི་མ་བརྒྱད་དང་། དེ་ནས་སྒོ་ཕྱེད་ཙམ་ཕྱིར་སོང་བའི་མཚམས་སུ་ཕྱོགས་མཚམས་བརྒྱད་ལ་མི་རོའི་གདན་སྔ་མ་ལྟ་བུའི་བརྒྱད་ཀྱི་སྟེང་དུ་ཤར་དུ་སེང་ཧ་མ་སྨུག་ནག །ལྷོར་བྱ་ཀྲྀ་མ་དམར་མོ། ནུབ་ཏུ་སྲི་ལ་མ་ནག་མོ། བྱང་དུ་ཤྭ་མ་མཐིང་ནག །ཤར་ལྷོར་ཀྲྀ་ཏ་མ་སེར་མོ། ལྷོ་ནུབ་ཏུ་ཀ་ཀ་མ་དམར་མོ། ནུབ་བྱང་དུ་ཁ་ཁ་མ་ནག་མོ། བྱང་ཤར་དུ་ཧུ་ལུ་མ་མཐིང་ག་སྟེ་སེང་ཧ་མ་བརྒྱད་དང་། སྒོ་བཞིར་མི་རོ་མགོ་གཡས་གཡོན་དུ་བསྟན་ཏེ་བསྣོལ་བའི་སྟེང་དུ་ཤར་སྒོར་རྟ་གདོང་མ་དཀར་མོ། ལྷོ་སྒོར་ཕག་གདོང་མ་སེར་མོ། ནུབ་སྒོར་སེང་གདོང་མ་དམར་མོ། བྱང་སྒོར་སྦྲུལ་གདོང་མ་ལྗང་གུ་རྣམས་བཞུགས་སོ། །དབང་ཕྱུག་ཉེར་བརྒྱད་འདོད་སྣམ་གྱི་ཕྱི་རོལ་དུ་འཁོད་པ་ནི་སྔར་བཤད་པ་ལྟར་རོ། །ཞེས་ཀརྨ་གླིང་པའི་ཞི་ཁྲོའི་དཀྱིལ་འཁོར་གྱི་བློས་བསླང་བཞེངས་ཚུལ་མུ་ཏིག་ཆུན་འཕྱངས་ཞེས་བྱ་བ་འདི་ནི་ཚ་ཁོའི་བླ་མ་མཁས་མཆོག་དང་ཆོས་ཤུལ་ཡེ་ཤེས་ཟུང་གི་ངོར་ཐུབ་བསྟན་དགེ་ལེགས་རྒྱ་མཚོས་སྦྱར་བའོ། །འགྲོ་ཀུན་བདུད་ཀྱི་གཡུལ་ལས་རྒྱལ་གྱུར་ཅིག། །།

༈དེ་ནས་ཀརྨ་གླིང་པ་ཡི། །ཞི་ཁྲོའི་ཐིག་ཚོན་རྣམ་ངེས་ནི། །རས་སོགས་ཤིན་ཏུ་ཁོད་སྙོམས་གཞིར། །ཐིག་ཆེན་བརྒྱད་པོ་སྤྱི་ལྟར་གདབ། །ཕྱི་ཡི་ཟུར་ནས་ལྟེ་བའི་བར། །ཚངས་ཐིག་སྟེང་ནས་བཅུ་གཅིག་དབྱེ། །རེ་རེ་སྒོ་ཚད་རེ་རེ་ཡིན། །དགུ་པའི་ཕྱེད་དང་བཅུ་པའི་ཕྱེད། །བཅུ་པ་དང་ནི་བཅུ་གཅིག་བཞི། །བསྐོར་བ་ནང་ནས་དུར་ཁྲོད་དང་། །རྡོ་རྭ་དང་ནི་མེ་རིའོ། །བསྐོར་བ་ནང་ནས་ཟུར་ཐིག་དང་། །འཕྲད་པ་ནས་ནི་གྲུ་བཞིར་གདབ། །དེ་ནི་དཀྱིལ་འཁོར་མདའ་ཐིག་ཡིན། །མདའ་ཐིག་དང་ནི་ལྟེ་བའི་བར། །ཟུར་ཐིག་སྟེང་དུ་གསུམ་དུ་བགོ། །ཕྱི་མའི་མཚམས་ནས་གྲུ་བཞིར་གདབ། །དཀྱིལ་འཁོར་རྩ་བའི་ཐིག་ཡིན་ཏེ། །རྩ་ཐིག་མདའ་ཐིག་བར་གྱི་ས། །གཉིས་དབྱེ་གདབ་པ་སྒོ་ཚད་རེ། །ནང་མ་ཆ་ནི་བཞིར་དབྱེ་ནས། །དབུས་མ་དོར་ལ་མཐའ་གཉིས་གདབ། །ཕྱི་མ་ཕྱེད་གདབ་དེའི་ཕྱི་ཕྱེད། །ནང་ནས་རྩིག་པ་འདོད་སྣམ་དང་། །ཕ་གུ་དྲ་ཕྱེད་ཤར་བུ་དང་། །མདའ་ཡབ་རྣམས་ཀྱི་གནས་ཡིན་ཏེ། །དེ་ལ་འཕྲེད་ཀྱི་ཐིག་བདུན་འབྱུང་། །དེ་ནས་ཚངས་ཐིག་གཡས་གཡོན་དུ། །རྩ་ཐིག་དང་ནི་རྟ་བབ་རྩེའི། །བར་དུ་སྒོ་ཚད་གཉིས་གཉིས་གདབ། །ནང་མ་ཕྱེད་གདབ་དེའི་ཕྱི་ཕྱེད། །སྒོ་ཚད་གཉིས་པ་བཞིར་དབྱེ་གདབ། །དེ་ཡིས་གྱེན་གྱི་ཐིག་བདུན་འབྱུང་། །མདའ་ཐིག་ཕན་ཆད་ནང་མ་ཡང་། །གཉིས་དབྱེ་གྱེན་ཐིག་བརྒྱད་བརྒྱད་དོ། །དེ་དག་ཐམས་ཅད་སྐམ་ཐིག་གོ། །དེ་ནས་རློན་ཐིག་གཅོད་པ་ནི། །འཕྲེད་ཐིག་དང་པོ་ཟུར་ཐིག་ནས། །གྱེན་ཐིག་དང་པོར་རེག་པར་བྱ། །སྟེང་དུ་བཞིར་རེག་ལོགས་སུ་གསུམ། །སྟེང་དུ་ལྔར་རེག་གཡས་གཡོན་སྦྲེལ། །འཕྲེད་ཐིག་གཉིས་གསུམ་ཟུར་ཐིག་ནས། །གྱེན་ཐིག་གཉིས་རེག་རྩེ་མོ་སྦྲེལ། །གྱེན་ཐིག་བཞི་པ་འཕྲེད་ཀྱི་ཐིག །གསུམ་པའི་སྟེང་ནས་

འཕྲེད་ཐིག་ནི། །དྲུག་རེག་གཡས་གཡོན་རྩེ་མོ་སྦྲེལ། །གྱེན་ཐིག་ལྔ་དྲུག་བདུན་པ་གསུམ། །འཕྲེད་ཐིག་གསུམ་ནས་བདུན་པར་རེག །འཕྲེད་ཐིག་བཞི་ལྔ་དྲུག་པ་གསུམ། །ཟུར་ནས་གྱེན་ཐིག་བདུན་པར་རེག །བདུན་པ་ཟུར་ནས་ཟུར་དུ་འོ། །གྱེན་ཐིག་བར་རྣམས་བཅད་པ་ནི། །ནང་ནས་སྒོ་རྩིག་མུན་པ་དང་། །ཀ་བ་ཀ་རྒྱན་རྣམས་ཀྱི་གནས། །དེ་ནས་རྟ་བབས་མདའ་ཐིག་ཕྱིར། །སྒོ་ཚད་གཉིས་གདབ་དེའི་ནང་མ། །བཞི་རུ་བགོས་ལ་ཕྱི་མ་ནི། །དབུས་དང་མཐའ་གཉིས་གདབ་པར་བྱ། །སྣམ་བུ་བཞི་པ་པདྨ་དང་། །ཆོས་འཁོར་དང་ནི་གདུགས་ཀྱི་གནས། །དེ་ནས་རྟ་བབས་ནང་བྱེད་ནི། །གླང་རྒྱབ་མིག་གསུམ་བྱ་བ་སྟེ། །སྣམ་བུ་གཉིས་པའི་ཕྱི་ཐིག་དང་། །ཚངས་ཐིག་འཕྲད་པ་ལས་བཟུང་སྟེ། །ཆ་ཆུང་གཉིས་ཀྱི་སྟེང་ངོས་བསྐོར། །ཚངས་ལས་གཡས་གཡོན་གཉིས་པ་དང་། །སྣམ་བུ་དང་པོའི་ཕྱི་ཐིག་དང་། །འཕྲད་པ་ནས་བཟུང་ཆ་ཆུང་ནི། །གཅིག་གིས་གཡས་གཡོན་བསྐོར་བར་བྱ། །ཡང་ན་ཚང་ལས་གཉིས་པ་དང་། །མདའ་ཐིག་འཕྲད་པ་ནས་བཟུང་སྟེ། །ཆ་ཆུང་གཉིས་ཀྱིས་གཡས་གཡོན་བསྐོར། །དེ་གསུམ་ནང་དུ་ཆ་ཆུང་གི། །ཕྱེད་རེ་བསྐོར་བ་གླང་རྒྱབ་ཡིན། །དེ་ནས་རྟ་བབས་ཕྱི་བྱེད་ནི། །དང་པོ་ཀ་རྒྱན་མཐའ་དང་མཉམ། །དེ་ནས་ཆ་ཕྲན་རེ་རེས་ཐུང་། །པདྨ་ཚངས་ལས་གཡས་གཡོན་དུ། །ཆ་ཆུང་གཅིག་ནས་སྟེང་ངོས་སུ། །ཆ་ཆུང་ཕྱེད་གཉིས་གསེག་སྟེང་བཅད། །ཆོས་འཁོར་འོག་ངོས་ཆ་ཆུང་ནི། །ཕྱེད་གཉིས་སྟེང་ངོས་ཆ་ཕྱེད་བར། །གསེག་བཅད་གདུགས་ནི་རྒྱ་དང་དཔངས། །གཉིས་ཀ་ཆ་ཆུང་རེ་རེའོ། །པདྨའི་གཡས་གཡོན་རི་དྭགས་གཉིས། །གདོང་ནི་ཆོས་ཀྱི་འཁོར་ལོར་ཕྱོགས། །གཡས་གཡོན་རྭ་ཡི་བསྐོར་ཚུལ་ནི། །ཚངས་ཕྱིར་གསུམ་དང་མདའ་ཕྱིར་གཅིག །ཕྱིན་ཏེ་ཀ་རྒྱན་མཐའ་ནས་བསྐོར། །དེ་

ནས་ཕྲེད་གཉིས་གྱེན་དུ་གཅིག །ཕྱིན་ཏེ་སྔ་མའི་ཚད་ཀྱིས་བསྐོར། །དབུས་རྭ་རྩ་བ་ཚངས་ཐིག་གི། །གཡས་གཡོན་ཆ་ཆུང་ཕྱེད་གཉིས་ནས། །དཀྱུས་སུ་ཚངས་ཐིག་གཡས་གཡོན་དུ། །ཆ་ཆུང་གཉིས་ཀྱི་མཚམས་སུ་དྲངས། །དཀྱུས་ནི་སྣམ་བུ་བཞི་པ་ཡི། །ཕྱི་ཐིག་མཚམས་ཏེ་ཡིན་པར་གཟུངས། །དེ་ནས་དབུས་རྭའི་རྩེ་མོ་ནི། །གདུགས་རྩའི་བར་གྱི་ཚངས་ཐིག་ལ། །རེག་ཅིང་རྩེ་མོ་རྣོ་བར་བྱ། །ཆོས་འབྱུང་ལུགས་ཀྱི་མདུན་བསྐྱེད་ཀྱི། །ནང་ཐིག་གདབ་པའི་རིམ་པ་ནི། །རྩ་ཐིག་བར་དུ་ཚངས་སྟེང་ནས། །ཆ་ཆུང་གཅིག་དོར་མཚམས་དེ་ནས། །ཟླུམ་པོ་ཉིད་དུ་བསྐོར་བར་བྱ། །འདི་དང་ལྟེ་བའི་བར་ཆ་དྲུག །ཕྱེ་བའི་བསྐོར་ཐིག་ལྔ་རུ་བསྐོར། །ནང་ནས་རིམ་པ་ལྟེ་བ་དང་། །པདྨ་འདབ་བཞི་འདབ་བརྒྱད་དང་། །འདབ་མ་བཅུ་དྲུག་འདབ་བཅུ་དང་། །འཁོར་རྩིབས་རྣམས་ཀྱི་གནས་ཡིན་ཏེ། །བསྐོར་ཐིག་ནང་མའི་ནང་ཕྱོགས་སུ། །རིམ་བཞིན་ཆ་ཆུང་བཞི་ཆ་ལྔ། །བསྐོར་བ་རང་བྱུང་འོད་ལྔའོ། །ཕྱི་ཡི་པདྨ་གསུམ་དང་ནི། །འཁོར་རྩིབས་རྣམས་ཀྱི་ནང་ཐིག་ནི། །ཕྱི་རུ་ཆ་ཆུང་ཕྱེད་རེ་བསྐོར། །པདྨ་གསུམ་གྱི་གེ་སར་དང་། །འཁོར་ལོའི་རྩིབས་ཀྱི་ལྟེ་བ་ཡིན། །ནང་གི་པདྨ་འདབ་བཞི་ནི། །ཚངས་ཐིག་བཞི་ཡི་སྟེང་དུ་བྲི། །དེ་ནས་ཕྱི་ཡི་འདབ་མ་བརྒྱད། །ཐིག་ཆེན་བརྒྱད་ཀྱི་སྟེང་དུ་བྲི། །དེ་ཕྱིར་འདབ་མ་བཅུ་དྲུག་ནི། །ཐིག་ཆེན་བརྒྱད་ཀྱི་སྟེང་དང་ནི། །དེ་དག་བར་གྱི་དབུས་སུ་བྲི། །དེ་ཕྱིར་པདྨ་འདབ་བཅུ་ནི། །ལྷོ་དང་བྱང་གི་ཚངས་ཐིག་བར། །གཡས་གཡོན་གཉིས་སུ་ལྔ་ལྔར་དབྱེ། །དེ་ཡི་མཚམས་སུ་འདབ་བཅུ་བྲི། །ཕྱི་ནང་པདྨ་ཐམས་ཅད་ལ། །པད་ཚབ་བཞག་ན་མཛེས་པ་འོང་། །དེ་ཕྱིར་འཁོར་ལོ་རྩིབས་བཅུ་དྲུག །ཐིག་བརྒྱད་དང་ནི་ཐིག་བརྒྱད་བར། །ཕྱི་ངོས་གཉིས་སུ་དབྱེ་བྱས་ཏེ། །དེ་ལ་འདབ་མ་བྲི་ཚུལ་ནི། །ནང་གི་

པདྨ་འདབ་བཞི་དང་། །ཕྱི་ཡི་འདབ་བརྒྱད་འདབ་བཅུ་རྣམས། །གསུམ་ག་རང་རང་ཕྱི་ནང་གི། །བར་ཀྱི་ཚད་ཀྱིས་བྲི་བར་བྱ། །པདྨ་འདབ་མ་བཅུ་དྲུག་ནི། །རང་གནས་ཕྱི་ནང་ཆ་གསུམ་དུ། །དབྱེས་ཏེ་སུམ་ཆ་ནང་མ་ནས། །ཕྱི་ཐིག་ལ་རེག་བསྐོར་བར་བྱ། །འཁོར་ལོའི་རྩིབས་རྣམས་རང་ཉིད་ནས། །གསུམ་པར་གསེག་འགྲོས་བཅད་པར་བྱ། །འཁོར་ལོའི་ཉག་མཚམས་ལྟེ་བ་ལ། །རེག་ནས་ཟླ་ཕྱེད་ཕྱིར་བསྟན་བསྐོར། །གཏེར་གཞུང་ཚིག་ཟིན་ལྟར་ན་ནི། །ཞི་བའི་དཀྱིལ་འཁོར་དབུས་ཉིད་དུ། །ཆ་ཆུང་བཞི་ཡིས་ཟླུམ་པོར་བསྐོར། །དེ་ནང་ཆ་ཆུང་བཞི་ཆ་ལྔ། །བསྐོར་བ་རང་བྱུང་འོད་ལྔ་སྟེ། །དེའི་ནང་པདྨའི་གཅུས་ཐིག་གིས། །མཚམས་བཅད་རིན་ཆེན་ཟུར་བརྒྱད་བྲི། །དེ་ནང་དེ་ཡི་ཉམས་མཚམས་ལ། །རེག་ནས་ཟླུམ་པོར་བསྐོར་བར་བྱ། །དེ་ཡི་ནང་ནས་ལྟེ་བའི་བར། །གསུམ་བགོས་ནང་མ་བསྐོར་བར་བྱ། །ནང་མ་ལྟེ་བ་ཕྱི་མ་ནི། །སྣ་ཚོགས་པདྨ་འདབ་བརྒྱད་དོ། །འོད་ལྔའི་ཕྱི་རུ་ཕྱོགས་བཞི་ལ། །ཆ་ཆུང་དྲུག་རེ་སོང་བའི་མཚམས། །ཆ་ཆུང་ཕྱེད་གཉིས་ཟླུམ་པོར་བསྐོར། །ཤར་གྱི་ཟླུམ་བསྐོར་དེ་དང་ནི། །འོད་ལྔའི་བར་དུ་ཡང་ཆ་ཆུང་། །ཕྱེད་གཉིས་ཟླུམ་པོར་བསྐོར་བར་བྱ། །ཟླུམ་བསྐོར་ལྔ་པོའི་ནང་དུ་ཡང་། །ཐིག་ཆེན་བརྒྱད་ནི་རེ་རེ་འདེབས། །དེ་ཡི་ཟུར་ཐིག་ཟླུམ་ཐིག་དང་། །འཕྲད་པ་ནས་ནི་གྲུ་བཞིར་གདབ། །དེ་ནི་བཞུགས་པའི་ཁྲི་ཡིན་ཏེ། །ཁྲི་སྟེང་ཟླུམ་བསྐོར་དེ་ནང་དུ། །རིན་ཆེན་ཟུར་བརྒྱད་པདྨ་རྣམས། །སྔ་མ་བཞིན་དུ་བྲི་བར་བྱ། །ཕྱོགས་བཞིའི་བཞུགས་ཁྲིའི་མདུན་རྒྱབ་དང་། །གཡས་གཡོན་བཞི་ལ་ཆ་ཆུང་གིས། །ཟླུམ་སྐོར་དེ་ནང་པདྨ་ནི། །འདབ་མ་བརྒྱད་པ་རེ་རེ་བྲི། །ཁྲི་བཞིའི་ཕྱི་རུ་སྒོ་ཚད་གཅིག །སོང་བའི་མཚམས་སུ་ཤར་

ནུབ་དང་། །མཚམས་བཞི་དང་ནི་སྒོ་བཞི་དང་། །བཅུ་ཡི་གནས་སུའང་ཆ་ཆུང་གིས། །ཟླུམ་སྐོར་ནང་དུ་པདྨ་བྲི། །ཁྲོ་བོའི་དཀྱིལ་འཁོར་ནང་ཐིག་ནི། །དབུས་སུ་སྒོ་ཚད་གཅིག་བསྐོར་ལ། །དེ་ནང་ཆ་ཆུང་གཅིག་བསྐོར་བའི། །ནང་དུ་བྲག་རི་ཟུར་བརྒྱད་པ། །པདྨ་གཅུས་ཐིག་ལྟར་དུ་བཅད། །དེ་ནང་བྲག་རིའི་ཉམས་མཚམས་ལ། །རེག་བྱས་ཟླུམ་པོ་གཅིག་བསྐོར་ཏེ། །དེ་ནང་པདྨ་མཉམ་གསུམ་བྱ། །བྲག་རིའི་ཕྱི་རོལ་མུ་ཁྱུད་ལ། །མཁའ་ལྡིང་བརྒྱད་ཀྱི་མགོ་བོ་ནི། །ཕྱོགས་མཚམས་འཁོར་བ་བྲི་བར་བྱ། །དེ་ནས་ཕྱི་རུ་ཆ་ཆུང་དྲུག །སོང་བའི་མཚམས་ཀྱི་ཕྱོགས་བཞི་དང་། །དབུས་ཀྱི་ཤར་གྱི་བར་དང་ནི། །ལྔ་ལ་ཆ་ཆུང་གཉིས་རེ་བསྐོར། །དེ་ནས་ཆ་ཆུང་ཕྱེད་བསྐོར་ནང་། །སྔར་བཞིན་བྲག་རི་ཟུར་བརྒྱད་དང་། །པདྨ་མཉམ་གསུམ་བྲི་བར་བྱ། །བྲག་རིའི་ཕྱི་རོལ་མུ་ཁྱུད་ལ། །བྱོལ་སོང་གཙོ་བརྒྱད་མགོ་བོ་རྣམས། །ཕྱོགས་མཚམས་བརྒྱད་དང་ལུས་ཁོག་ནི། །བྲག་རིའི་ཞབས་སུ་ཚུད་པ་ཡི། །ཚུལ་དུ་བྲི་བར་བྱ་བ་སྟེ། །དེ་ཡི་ཕྱི་རུ་ཆ་ཆུང་གཅིག །དོར་བའི་ཕྱོགས་བཞིར་མཚམས་བརྒྱད་དང་། །དེའི་ཡང་ཕྱི་རུ་ཆ་ཆུང་གཅིག །དོར་བའི་ཕྱོགས་བཞི་མཚམས་བརྒྱད་ལ། །ཆ་ཆུང་ཕྱེད་གཉིས་ཚད་ཙམ་གྱིས། །མི་རོའི་གདན་ནི་རེ་རེ་བྲི། །སྒོ་བཞིར་མི་རོ་མགོ་གཡས་གཡོན། །བསྟན་ཏེ་བརྩེགས་པའི་གདན་བྲིས་སོ། །མདའ་ཐིག་ཕྱི་རོལ་རྟ་བབས་ཀྱི། །གཡས་གཡོན་རྣམས་སུ་མི་རོས་གདན། །གསུམ་གསུམ་རེ་ནི་རིམ་བཞིན་བྲི། །སྒོ་ལོགས་ནང་གི་དབུས་དཀྱིལ་དུ། །མི་རོའི་གདན་ནི་རེ་རེ་བྲི། །དེ་རྣམས་མི་རོའི་གདན་རེ་ལ། །བྲག་རི་ལ་སོགས་འབྲི་བ་མེད། །དེ་ཡི་དཀྱིལ་འཁོར་བྲི་ཐིག་རྫོགས། །དེ་ནས་དཀྱིལ་འཁོར་ཚོན་མདོག་ནི། །ཕྱོགས་མདོག་ཤར་དཀར་ལྷོ་སེར་པོ། །ནུབ་

དམར་བྱང་ལྗང་དབུས་སྔོན་པོ། །རྩིག་པ་རིམ་ལྔ་ཕྱི་རིམ་ནས། །དཀར་སེར་དམར་ལྗང་སྔོན་པོའོ། །འདོད་སྣམ་དམར་ལ་ཕ་གུ་སེར། །དྲ་ཕྱེད་གཞི་ནག་དྲ་བ་དཀར། །གསེར་གདོང་སྔོ་ལ་ཤར་བུ་དཀར། །མདའ་ཡབ་པད་དབྱིབས་ཁྲ་བོའི་རྩེ། །ནང་གི་པདྨ་འདབ་བཞི་དང་། །འདབ་བརྒྱད་འདབ་བཅུ་བཅུ་དྲུག་དང་། །འཁོར་ལོའི་རྩིབས་ཀྱི་བར་རྣམས་དང་། །ནང་གི་གྲྭ་བཞིར་སྒོ་བཞིའི་ནང་། །གླང་རྒྱབ་དང་ནི་རྡོ་རྗེའི་རྭ། །ཐམས་ཅད་ཕྱོགས་མདོག་ཉིད་དུ་བྱ། །ནང་གི་ཕྱི་ནང་པདྨ་རྣམས། །སྣ་ཚོགས་མདོག་ཅན་ཅི་མཛེས་དང་། །འཁོར་ལོའི་རྩིབས་རྣམས་སྔོན་པོར་བྱ། །འོད་ལྔ་ཕྱི་ནས་དཀར་པོ་དང་། །སེར་དམར་ལྗང་གུ་སྔོན་པོའོ། །རྟ་བབས་སྣམ་བུ་བཞི་པོ་ནི། །འོག་ནས་དམར་སྔོ་ལྗང་སེར་རོ། །པདྨ་སྣ་ཚོགས་ཆོས་འཁོར་དང་། །རི་དྭགས་རྣམས་སེར་གདུགས་སྣ་ཚོགས། །ཕྱི་རོལ་ཚོ་ནས་ཕྱོགས་མདོག་གོ། །དུར་ཁྲོད་ཕྱོགས་བཞི་གཞུ་དབྱིབས་དང་། །མཚམས་བཞི་པདྨའི་དབྱིབས་ཅན་ཏེ། །ཐམས་ཅད་གཞི་ནི་ནག་པོ་ལ། །དུར་ཁྲོད་བཀོད་པ་རྫོགས་པར་བཀོད། །རྡོ་རྭ་གཞི་ལྗང་རྡོ་རྗེ་སྔོ། །འོད་ཕྲེང་ཁ་དོག་ལྔ་པའོ། །གཏེར་གཞུང་ཞི་ཁྲོ་གཉིས་ལ་ནི། །དཀྱིལ་འཁོར་ནང་གི་འཁྱམ་ཐམས་ཅད། །ཕྱོགས་མདོག་ཉིད་ལས་ཚོན་གཞན་མེད། །ལྷག་པ་རྩིག་པ་ལ་སོགས་པ། །ཐམས་ཅད་སྔ་མ་ཉིད་དང་མཚུངས། །དེ་ནས་ལྷ་རྣམས་བཀོད་པ་ནི། །དབུས་ཀྱི་པདྨ་འདབ་བཞིའི་དབུས་སུ་ཀུན་ཏུ་བཟང་པོ་སྔོན་པོ་ལ་ཡུམ་དཀར་མོས་འཁྱུད་པ་སོགས་ནས། འདོད་སྣམ་གྱི་སྟེང་དུ་མཆོད་པའི་ལྷ་མོ་བཅུ་དྲུག་བཞུགས་སོ། །དེ་ནི་ཆོས་འབྱུང་མདུན་བསྐྱེད་དོ། །གཏེར་གཞུང་ལྟར་ན། ཞི་བ་ནི་འོད་ལྔའི་ནང་དུ་རིན་ཆེན་ཟུར་བརྒྱད་ཀྱི་སྟེང་པདྨ་

ཉི་མ་ཟླ་བའི་གདན་རྣམས་སྟེང་ནས་སྟེང་དུ་བརྩེགས་པའི་སྟེང་དུ་ཀུན་ཏུ་བཟང་པོ་སྔོན་པོ་ལ་སོགས་ནས། བྱང་སྒོར་བདུད་རྩི་འཁྱིལ་པ་ཡབ་ཡུམ་ལྗང་གུ་རྣམས་སོ། །དེ་ནས་ཁྲོ་བོའི་ལྷ་ཚོགས་ཇི་ལྟར་བཞུགས་པ་ནི། དཀྱིལ་འཁོར་གྱི་དབུས་སུ་སོགས་ནས། དབང་ཕྱུག་ཉེར་བརྒྱད་མདའ་ཡབ་ཀྱི་ཕྱི་རོལ་དུ་འཁོད་པ་སྔར་བཤད་པ་ལྟར་རོ། །༼༽མི་འདྲ་བ་ཐེ་ཚོམ་ཅན་འདམ་ངའི་རྟགས། {}ལྷག་མོ་ཡིན་ནམ་སྙམ་པའི་རྟགས། ་་་་་་་་་་་མ་དཔེ་མི་གསལ་བའི་རྟགས། []མ་དཔེ་ལས་ཆད་པ་ཡིན་སྙམ་པའི་རྟགས། ()གོ་བ་ལེན་བདེ་བའི་ཆེད་དུ་གསར་དུ་བསྣན་རྟགས། གསལ་བཤད་ཉུང་ངུ་ུ། ༈དེ་ཡང་བར་དོ་ཐོས་གྲོལ་གྱི་ཆོས་སྐོར་འདི་དག་ནི་འཛམ་གླིང་མཁས་པ་དག་གིས་གདེང་འཇོག་མཐོན་པོར་གནང་བའི་ཆོས་ཚུལ་ཁྱད་པར་ཅན་ཞིག་ཡིན་པ་དང་། འདིའི་དབང་ལུང་དང་ཁྲིད་རྒྱུན་ཆོ་གའི་ཕྱག་བཞེས་སོགས་ད་དུང་རྒྱུན་མ་ཆད་པར་དར་ཁྱབ་ཆེ་བས། ཟབ་ཆོས་འདིའི་ཕྲིན་ལས་ཕྱོགས་བཅུར་རྒྱས་པའི་ཕྱིར། གསུང་འདི་དག་གལ་ཆེ་བའི་གནས་སུ་བཟུང་ནས་མ་དཔེ་འཚོལ་སྡུད་སོགས་ལ་དཀའ་ངལ་མང་ཙམ་བྱས་ཏེ་དེབ་འདི་དག་བསྐྲུན་པ་ཡིན་ཀྱང་མ་དཔེ་ཇི་བཞིན་མ་ཆོད་པ་སོགས་སྐྱོན་དུ་མ་ཡོད་སྲིད་པས་རྒྱ་ཆེ་བའི་ཀློག་པ་པོ་རྣམས་ཀྱིས་དེ་ལུགས་ཐུགས་ངེས་དགོས་ཤིང་། གཞན་ཡང་གཏེར་ཁ་གསར་རྙིང་གི་ཐོས་གྲོལ་གྱི་ཆོ་གའི་སྐོར་གྱི་ཡི་གེ་དག་ནི་དར་ཁྱབ་ཆེ་བས་འདིར་འགྲེལ་བཤད་

དག་གི་གཞི་བྱས་པའི་ཆོ་གའི་གཞུང་ཉུང་བསྡུས་ཙམ་ལས་མ་བཀོད་ལ། དེ་མིན་དབང་དང་འགྲེལ་བཤད་ཁྲིད་ཡིག་རྒྱབ་ཆོས་ཀྱི་ཆོས་ཚན་གང་རྙེད་མཐའ་དག་ཕྱོགས་བསྡུས་བྱས་ཡོད་པ་ཡིན་ནོ། །། །བླ་རུང་སྔ་འགྱུར་དཔེ་ཚོགས་རྩོམ་སྒྲིག་པས།


previousཀརྨ་གླིང་པའི་ཞི་ཁྲོའི་དཀྱིལ་འཁོར་གྱི་བློས་བསླང་བཞེངས་ཚུལ་མུ་ཏིག་ཆུན་འཕྱངས།no next