Nitartha Digital Library
Tibetan
བར་དོ་ཐོས་གྲོལ་ཆེན་མོའི་ཆོས་སྐོར་ཕྱོགས་བསྒྲིགས།


   
   
   
   
   
   
   
   
   
   
   
   
ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་གྱི་ཚེ་འདས་གནས་འདྲེན་འགྲོ་དྲུག་རང་གྲོལ་གྱི་ས་བཅད་ཀྱི་ལས་འགྲིགས་བསྟན་པ་དོན་གསུམ་པ།
   
   
   
   
   
   
   
   
   
   
   
   
   


 
previousཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་གྱི་ཚེ་འདས་གནས་འདྲེན་འགྲོ་དྲུག་རང་གྲོལ་གྱི་ས་བཅད་ཀྱི་ལས་འགྲིགས་བསྟན་པ་དོན་གསུམ་པ།next

ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་གྱི་ཚེ་འདས་གནས་འདྲེན་འགྲོ་དྲུག་རང་གྲོལ་གྱི་ས་བཅད་ཀྱི་ལས་འགྲིགས་བསྟན་པ་དོན་གསུམ་པ།

ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་གྱི་ཚེ་འདས་གནས་འདྲེན་འགྲོ་དྲུག་རང་གྲོལ་གྱི་ས་བཅད་ཀྱི་ལས་འགྲིགས་བསྟན་པ་དོན་གསུམ་པ་བཞུགས་སོ། །

སྐྱེ་མེད་ཆོས་སྐུའི་ངང་ལས་མ་གཡོས་ཀྱང་། །འགགས་མེད་ལོངས་སྐུའི་རྩལ་སྣང་རོལ་པ་ལས། །རྩོལ་མེད་སྤྲུལ་སྐུའི་ཆོ་འཕྲུལ་ཅིར་ཡང་སྟོན། །ཚད་མེད་ཐུགས་རྗེས་འགྲོ་ཀུན་ཐབས་གྱིས་འདུལ། །བླ་མེད་སྟོན་པའི་སྟོན་པ་དེ་ལ་འདུད། །དེ་ལ་འདིར་ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་གྱི་ཚེ་འདས་གནས་འདྲེན་འགྲོ་དྲུག་རང་གྲོལ་གྱི་ས་བཅད་ལས་འགྲིགས་བསྟན་པ་ལ་དོན་གསུམ་ཏེ། སྔོན་འགྲོ་དངོས་གཞི། རྗེས་སོ། །དང་པོ་ནི། ལས་གཞུང་རྒྱས་བསྡུས་གང་ཡིན་ཀྱི་ཚོགས་བསྐང་ཡན་ཆད་རྫོགས་པར་བྱས་ནས། དཀྱིལ་འཁོར་གྱི་ལྷོ་མདུན་དུ་དལ་ནར་མོ་ལ་འགྲོ་བ་རིགས་དྲུག་གི་དལ་བཀྲམས། རོ་དང་རུས་པ་ཡོད་ན་དེ་ཉིད། མེད་ན་མཚན་བྱང་གྲོ་ཤོག་གང་རུང་ཚེ་འདས་ཀྱི་དྲོད་མ་ཡལ་བའི་དུས་སུ་སྙིང་གར་ལྡན་པ་ལ་ཚེ་འདས་ཀྱི་གཟུགས་བྲིས་པའི་མཐར། འཇིག་རྟེན་འདི་ནས་ཕ་རོལ་དུ་དུས་ལས་འདས་པ་ཆེ་གེ་མོ་ཞེས་བྱ་བ། སྐྱབས་གནས་དཀོན་མཆོག་གསུམ་དང་རྒྱལ་བ་ཞི་ཁྲོ་རབ་འབྱམས་ཚོགས་ལ་སྐྱབས་སུ་མཆིའོ། །འཁོར་བ་ངན་སོང་བར་དོའི་འཇིགས་པ་ཆེན་པོ་ལས་བསྐྱབས་ཏུ་གསོལ། ཅེས་པ་དང་། ཡིག་བརྒྱ་སོགས་སྒྲིབ་སྦྱོང་སྔགས་རྣམས་བྲིས་པ་དང་། མར་ལ་བཟོས་པའི་གཟུགས་ཀྱི་སྙིང་ཁར་རྣམ་

ཤེས་དང་མིང་བྱང་གཞུག །མཚན་བྱང་ཞབས་སུ་ལེབ་ཕྱིང་བཏིང་ལ་སྦ་སྨྱུག་བཏགས། དེ་ལ་འཕན་བཏགས། མེ་ལོང་གསལ་བ་གཅིག་བཞག །གོས་ཟུང་རས་དཀར་པོའམ་འཕྲུག་དཀར་པོས་དགབ། སྟེང་ན་གདུགས་ཕུབ། རོ་ཡོད་ནའང་དེས་མཚོན་པར་པདྨ་འདབ་བརྒྱད་ཀྱི་དལ་བྲིས་པའི་ཁར་ཙོག་པུར་བཞག །མདུན་དུ་ཟས་སྣ་འཚོགས་ཚད་བཤམས། རིགས་དྲུག་གི་དལ་མཚམས་སུ་ཐུབ་པ་དྲུག་གི་སྐུ་བཀྲམས། ཞལ་ཟས་དྲུག་ཐུབ་པ་རྣམས་ལ་འབུལ་ཚུལ་དུ་བཞག །གཡོན་ངོས་སུ་ཏིང་ལོ་ཆང་བུ་མར་མེ་གསུམ་དྲུག་ཚན་དུ་བྱས་ལ་བཀོད། བྲབ་རྫས་བྱེ་མ་གཟུང་སྔགས་བཏབ་པ་དང་། རྡོ་རྗེ་དྲིལ་བུ་སློབ་དཔོན་གྱི་མདུན་དུ་བཞག །སྒྲིབ་སྦྱོང་གི་དཀྱིལ་འཁོར་མ་འབྲེལ་ཞིང་རོལ་སྟེབས་དང་བསྟུན་དགོས་བྱུང་ན། སྟེགས་མཐོ་བ་གཅིག་ལ་ཞི་ཁྲོའི་དལ་བཀྲམས་ལ། དེའི་དབུས་སུ་བུམ་པ་ལྔ་བཤམས། མེད་ན་གཅིག་ལ་བྱ། དེ་ལ་རིགས་ལྔའི་ཕྱག་མཚན་དང་། ཐུབ་པ་དྲུག་གི་ཕྱག་མཚན་གྱིས་བརྒྱན། གཏོར་མ་དང་། ཙཀ་ལི་སོགས་དབང་རྫས་རྣམས་དང་། ལས་བུམ། སྐུ་གསུང་ཐུགས་ཀྱི་རྟེན་གང་འཛོམས། མར་མེ་གསལ་བ་གཅིག་བཞག་གོ །།དེ་ལྟར་བཅས་ཀྱི་རིམ་པ་རྫོགས་ནས། གཉིས་པ་དངོས་གཞི་ལ་སྤྱི་དོན་བཅུ་སྟེ། དང་པོ་ཚེ་འདས་གཤེད་དང་ཕྲལ་བ། གཉིས་པ་རིགས་དྲུག་གནས་ནས་དགུགས་པ། གསུམ་པ་རྣམ་ཤེས་རྟེན་ལ་བསྟིམ་པ། བཞི་པ་སྒྲིབ་སྦྱོང་དུག་ཁྲུས། ལྔ་པ་རྒྱུད་ལྔའི་ལྷ་ལ་སྐྱབས་འགྲོ། དྲུག་པ་དཀྱིལ་འཁོར་དུ་འཇུག་པ། བདུན་པ་དབང་བསྐུར་བ། བརྒྱད་པ་ཞིང་དུ་སྨོན་ལམ་གདབ་པ། དགུ་པ་ནད་སྒྲིབ་སྦྱང་བ། བཅུ་པ་ལམ་བསྟན་གནས་སྤར་བྱ་བའོ། །དང་པོ་ལ་གསུམ་སྟེ། རྟེན་བསྐྱེད་པ། རྣམ་ཤེས་འགུགས་པ། གཤེད་དང་ཕྲལ་བའོ། །

དང་པོ་ནི། ཚེ་འདས་ཚེ་འདས་ཤེས་པའི་སྐབས་ཏེ། ༀ་སྭ་བྷ་ཝས་སྟོང་པར་སྦྱང་པའི་ངང་ལས། རྟེན་སྣང་བ་མི་དམིགས་པའི་ངང་ལས། ཚེ་འདས་ཀྱི་གཟུགས་ཕུང་སྐྱེ་མཆེད་ཐམས་ཅད་ཡོངས་སུ་རྫོགས་པ། རྒས་ཤིང་རྒུད་པ་མ་ཡིན་པ། ལང་ཚོ་དར་ལ་བབས་པ། མཛེས་ཤིང་ཡིད་དུ་འོང་བ། གོས་དཀར་གྱོན་ནས་ལུས་ངག་ཡིད་གསུམ་ཞི་ཞིང་དུལ་བ། དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བའི་མོས་གུས་བཅས་ནས་ཡོད་པར་བསམ། གཉིས་པ་ནི། རང་ཉིད་སྐད་ཅིག་གིས་དཔལ་རྡོ་རྗེ་སེམས་དཔར་གསལ་བའི་ཐུགས་ཀར་ཧཱུྃ་དཀར་པོ་ལ་ཡི་གེ་བརྒྱ་པའི་སྔགས་ཀྱིས་བསྐོར་བ་ལས་འོད་ཟེར་ལྕགས་ཀྱུའི་དབྱིབས་ཅན་དཔག་ཏུ་མེད་པ་འཕྲོས་ནས་འགྲོ་བ་རིགས་དྲུག་གི་གནས་སུ་ཚེ་འདས་ཀྱི་རྣམ་པར་ཤེས་པ་རྣ྄ིཿ་འཁྱམས་པ་ལ་ཕོག་པ་ཙམ་གྱིས། ཨ་དཀར་པོ་གཅིག་ཏུ་གྱུར་ནས་རྡོ་ཁབ་ལེན་གྱིས་ལྕགས་བླང་པ་ལྟར་མདུན་གྱི་རྟེན་ལ་ཐིམ་པར་བསམ་ཞིང་། ཧཱུྃ་བདག་ཉིད་རྡོ་རྗེ་སེམས་དཔའི་ཐུགས་ཀ་ནས༔ ཅེས་པ་དང་། ཁུག་ཅིག༔ ཡན་ཆད་ལན་བདུན་ནམ་གསུམ་གྱི་བར་དུ་བདེན་སྟོབས་བརྗོད་ཅིང་དམིགས་པ་མ་ཡེངས་པར་ཡང་ཡང་བཀུག་པར་བྱའོ། །གསུམ་པ་ནི། རྟེན་ཀྱི་མདུན་དུ་ཏིང་ལོ་ཆང་བུ་རྣམས་བཤམས་ལ་བྱིན་གྱིས་རླབས་ཤིང་། ཧཱུྃ་ཚེ་འདས་ལུས་བརྗེས་རིགས་ཀྱི་བུ་ཁྱོད་ཀྱང་༔ ཅེས་པ་ནས། ཧཱུྃ་བཞིའི་སྔགས་ཀྱིས་བསྐྲད་པ་ཡན་ཆད་བྱ་ཞིང་ཏིང་ལོ་འཆང་བུ་རྟེན་ལ་ལན་གསུམ་བསྐོར་ཞིང་བསྐྱལ་ལོ། །ཀུ་གུལ་དང་ཐུན་གྱིས་བྲབ། རོལ་མོ་བསྒྲགས། རྗེས་སུ། ༀ་བཛྲ་རཀྵ་ཧཱུྃ་བྷྲཱུཾ༔ ཅེས་རྡོ་རྗེ་དང་བཅས་པས་སྤྱི་བོར་རེག་ཅིང་བསྲུང་བའི་འཁོར་ལོ་བསྒོམ། གཉིས་པ་རིགས་དྲུག་གནས་ནས་འགུག་པ་ནི། སློབ་དཔོན་རྡོ་རྗེ་སེམས་

དཔའི་ང་རྒྱལ་གྱིས་ལག་པ་ལྕགས་ཀྱུའི་ཕྱག་རྒྱ་བཅས་ལ། ཧཱུྃ་ཚེ་འདས་ལུས་བརྗེས་བར་དོའི་རྣམ་ཤེས་ཁྱོད༔ ཅེས་པ་ནས། ཨཾ་ཀུ་ཛ་ཛ༔ ཅེས་པའི་བར་རོ། །གསུམ་པ་རྣམ་ཤེས་རྟེན་ལ་བསྟིམ་པ་ནི། ཨེ་མ་དབང་མེད་ལས་ཀྱིས་ཕ་རོལ་ཚེ་འཕོས་ཁྱོད༔ ཅེས་པ་ནས། ཏིཥྛ་བཛྲ་ས་མ་ཡ་ལྷན༔ ཅེས་པའི་བར་རོ། །སྐབས་འདིར་ཆུ་བྱིན་རླབས་སུ་བྱ་བའི་ཕྱིར་སྐུ་གསུང་ཐུགས་ཀྱི་རྟེན་ལ་ཁྲུས་གསོལ་བ་ནི། ཧཱུྃ་ཇི་ལྟར་བལྟམས་པ་ཙམ་གྱིས་ནི་སོགས་ཀྱིས་ཁྲུས་གསོལ་ནས་རྗེས་སུ་ལས་བུམ་དུ་བླུག་གོ །།བཞི་པ་སྒྲིབ་སྦྱངས་དུག་ཁྲུས་བྱ་བ་ནི། མཚན་བྱང་མེ་ལོང་ངོས་ལ་བསྟན་ཅིང་། ལས་བུམ་ཐོགས་ལ། ཧཱུྃ་འདི་ནི་སྦྱིན་པའི་རང་བཞིན་ཆུ༔ ཅེས་པ་ནས། དུག་རྣམས་གཏན་ནས་དག་གྱུར་ཅིག །ཅེས་པ་ཡན་ཆད་ཀྱིས་དུག་ཁྲུས་བྱ་ཞིང་། སངས་རྒྱས་བདེན་པའི་དུག་བཅོམ་མོ༔ ཞེས་པའི་སྐབས་སུ་སྟོན་པའི་སྐུ་བཞག །དམ་ཆོས་བདེན་པས་དུག་བཅོམ་མོ༔ ཞེས་པའི་སྐབས་སུ་པོ་ཏི་བཞག །དགེ་འདུན་བདེན་པས་དུག་བཅོམ་མོ༔ ཞེས་པའི་སྐབས་སུ་ཕྱག་གཡས་པ་བཞག །འབྱུང་བ་བཞིའི་སྐབས་སུ་རང་རང་གིས་བྲབ་བོ། །དེ་ནས་ཡི་གེ་བརྒྱ་པ་དང་ཀཾ་ཀ་ནི་སོགས་གཟུངས་སྔགས་གང་ཤེས་བརྗོད་ལ་དུག་ཁྲུས་བྱའོ། །ལྔ་པ་རྒྱུད་ལྔའི་སྐབས་སུ་འགྲོ་བ་ནི། ཚེ་འདས་ཀྱི་ཉེ་འབྲེལ་གཅིག་གིས་མཚན་བྱང་བཟུང་ཞིང་། ཐམས་ཅད་ཀྱིས་གསོལ་བ་གདབ་རོག་གིས་རྗེས་ཟློས་བྱེད་དུ་བཅུག་ལ། ཚེ་འདས་ཉིད་ཀྱིས་གསོལ་བ་གདབ་པར་བསམ་ལ། ཨེ་མ་མགོན་པོ་ཐུགས་རྗེ་ཅན༔ ཅེས་སོགས་ཞུ་ཞིང་། སློབ་དཔོན་གྱིས་འགྱོད་ཚངས་རྒྱལ་པོའི་བྱུང་ཁུངས་དང་། བྲམ་ཟེ་དུང་ཕྲེང་གི་ལོ་རྒྱུས་དང་། བརྒྱུད་པའི་ལོ་རྒྱུས་རྣམས་ལོངས་སྐབས་དང་སྦྱར་

ཅིང་སླར་ལན་སྦྱིན་པ་ནི། ཀྱེ་མ་ཚེ་འདས་ལུས་བརྗེས་བར་དོའི་ཡིད་ལུས་ཁྱོད། ཅེས་སོགས་ཀྱི་སྦྱིན་ནོ། །དེ་ནས་རིགས་དྲུག་གི་གནས་ནས་རིམ་པ་བཞིན་དུ་དྲངས་པ་ལས། དང་པོ་དམྱལ་བའི་གནས་ནས་དྲངས་པ་ལ་དོན་བརྒྱད་དོ། །ཚེ་འདས་ཀྱི་གསོལ་བ་གདབ་པ། སློབ་དཔོན་གྱི་ལན་སྦྱིན་ནས་སྐྱབས་འགྲོ་འབོགས་པ་ཐུབ་དབང་བསྐུར་བ། བུམ་དབང་བསྐུར་བ། ལན་ཆགས་གཏོར་མ་བསྔོ་བ། རྟེན་བྱེ་མས་བྲབ་པ། ཁྲུས་གསོལ་བྱ་བ། ཕྱི་ལམ་བཅད་པ་དང་བརྒྱད་དོ། །དང་པོ་ཚེ་འདས་ཀྱི་གསོལ་བ་གདབ་པ་ནི། རྗེས་ཟློས་བྱེད་དུ་བཅུག་ལ། ཀྱེ་མ་བདག་འདྲའི་སེམས་ཅན་སོགས་ནས། བརྩེ་བ་ཆེན་པོས་བཟུང་དུ་གསོལ༔ ཅེས་པའི་བར་རོ། །གཉིས་པ་སློབ་དཔོན་གྱིས་ལན་སྦྱིན་པ་ནི། ཀྱེ་མ་ཚེ་འདས་རིགས་ཀྱི་བུ༔ ཅེས་སོགས་དང་། སྐྱབས་འགྲོ་འདི་ཡང་རྗེས་ཟློས་བྱེད་དུ་བཅུག་ལ། ཞེ་སྡང་གཟུང་འཛིན་ཀུན་སྤང་བདེ་བར་གཤེགས༔ ཅེས་པ་ནས། ཆོས་ཀྱི་རྒྱལ་པོ་ཁྱེད་ལ་སྐྱབས་སུ་མཆི༔ ཅེས་པའི་བར་རོ། །གསུམ་པ་ཐུབ་དབང་བསྐུར་བ་ནི༔ མར་མེ་ཁྲུས་བུམ་ལག་ཏུ་གཏད་ཅིང་། ཧཱུྃ་ཚ་གྲངས་སྐྱོབ་བྱེད་མེ་ཆུ་བསིལ་དྲོད་ལྡན༔ ཅེས་པ་ནས༔ ཧེ་དུན་ཧཱུྃ་ཕཊ༔ ཅེས་པའི་བར་རོ། །བཞི་པ་དབང་བསྐུར་བ་ནི། དང་པོ་སྨན་ལྔའི་བུམ་པ་ཐོགས་ལ། ཧཱུྃ་ཀུན་བཟང་ཡབ་ཡུམ་བུམ་པ་ན༔ ཅེས་པ་ནས་ཨ་བྷི་ཥིཉྩ་ཧཱུྃ༔ ཅེས་པའི་བར་རོ། །ལྔ་པ་ལན་ཆགས་གཏོར་མ་བསྔོ་བ་ནི། ལྷན་ཐབས་ལྟར་བྱིན་གྱིས་བརླབས་ལ། ཧཱུྃ་གཏོར་མ་འདོད་ཡོན་ལྔ་དང་ལྡན་པ་འདི༔ ཅེས་པ་ནས། ཐར་པའི་གེགས་མ་བྱེད༔ ཅེས་པའི་བར་རོ། དྲུག་པ་རྟེན་བྱེ་མས་བྲབ་པ་ནི། གཟུངས་སྔགས་བཟླས་པའི་བྱེ་མ་ལག་ཏུ་ཐོགས་ལ། ཧཱུྃ་འདོད་ཆགས་ཞེ་སྡང་གཏི་

མུག་གསུམ༔ ཅེས་པ་ནས། དག་གྱུར་ཅིག༔ ཅེས་པའི་བར་རོ། །དམིགས་པ་ནི། ཚེ་འདས་ཀྱི་སྤྱི་གཙུག་ཏུ་ལྷའི་ས་བོན་ཨཿདཀར་པོ། མགྲིན་པར་ལྷ་མིན་གྱི་ས་བོན་སུཿསེར་པོ། སྙིང་གར་མིའི་ས་བོན་རྣིཿལྗང་ཀུ། ལྟེ་བར་དུད་འགྲོའི་ས་བོན་དྲི༔ སྔོན་པོ། གསང་བར་ཡི་དྭགས་ས་བོན་པྲེཿདམར་ནག །རྐང་མཐིལ་དམྱལ་བའི་ས་བོན་དུཿདུད་ཁ་རྣམས་བསམ་ཏེ། སྤྱི་གཙུག་ཏུ་རྩ་བ་གསུམ་བསྐྱེད་ལ། དེ་རྣམས་ཀྱི་སྐུ་གསུང་ཐུགས་ལས་ༀ་ཨཱཿཧཱུྃ་གསུམ་བྱུང་བས། རྐང་མཐིལ་ཀྱི་དུཿདུད་ཁ་དེ་ཐུལ་གྱིས་བསྲེག་པར་བསམ། བྱེ་མས་བྲབ། བརྒྱད་པ་ཕྱི་ལམ་བཅད་པ་ནི། མཚན་བྱང་ཡི་དྭགས་ཀྱི་གནས་སུ་དྲངས་ལ། ཧཱུྃ་ས་འདི་བཅད་པ་ཡན་ཆད་ནི༔ ཅེས་པ་ནས། ཕྱིར་མི་ལྡོག་པའི་ས་ཐོབ་ཤོག༔ ཅེས་པའི་བར་བརྗོད། ཕྱི་ལམ་རྡོ་རྗེས་བཅད་དོ། །གཞན་ལྔ་པོ་ལ་ཡང་དེ་ཡི་འགྲེས་ཀྱིས་ཤེས་པར་བྱའོ། །དྲུག་པ་དཀྱིལ་འཁོར་དུ་འཇུག་པ་ལ་ནི་བཅུ་དྲུག་སྟེ། དཀྱིལ་འཁོར་དུ་འཇུག་པའི་དོན་དུ་གསོལ་བ་གདབ་པ་གཅིག །སློབ་དཔོན་གྱིས་ལན་སྦྱིན་པ་དང་གཉིས། སྡོམ་པ་ཞུ་བར་གསོལ་བ་བཏབ་པ་དང་གསུམ། སློབ་དཔོན་གྱིས་ལེན་པར་བསྐུལ་བ་དང་བཞི། སྤྲོ་བ་བསྐྱེད་པ་དང་ལྔ། ཐུན་མོང་གི་སྐྱབས་འགྲོ་འབོགས་པ་བདུན། སོ་ཐར་གྱི་སྡོམ་པ་འབོགས་པ་དང་བརྒྱད། སྨོན་སེམས་བླང་བ་དང་དགུ། འཇུག་སེམས་བླང་བ་དང་བཅུ། སྔགས་ཀྱི་དམ་ཚིག་བླངས་བ་དང་བཅུ་གཅིག །ཚེ་འདས་བསྐྱེད་པ་དང་བཅུ་གཉིས། དཀྱིལ་འཁོར་དུ་འཇུག་པ་དང་བཅུ་གསུམ། མེ་ཏོག་ཕུལ་བ་དང་བཅུ་བཞི། མིག་དར་དབྱེ་བ་དང་བཅོ་ལྔ། ལྷ་ངོ་བསྟན་པ་དང་བཅུ་དྲུག་པོ་རྣམས་ནི་དཀྱུས་ལྟར་ལྷག་ཆད་མེད་པར་བྱའོ། །བདུན་པ་དབང་བཞི་ཡོངས་སུ་རྫོགས་པར་བསྐུར་བ་ནི། དབང་རྒྱས་བསྡུས་གང་བྱེད་ཀྱང་ཐུན་མོང་

རིག་པའི་དབང་ལྔ་ནས་འཇུག་ཤིང་། མཐའ་རྟེན་གཏོར་དབང་། རྒྱལ་སྲིད་སྣ་བདུན། བཀྲ་ཤིས་རྟགས་བརྒྱད་དང་བཅས་པ་ལྷག་ཆད་ནོར་འཁྲུལ་མེད་པར་བསྐུལ་བར་བྱའོ། །སྐབས་འདིར་ཟས་བསྔོ་བྱ་བ་ནི། ༀ་བཛྲ་ཡཀྵ་ཧཱུྃ་ནས་ལྷན་ཐབས་ལྟར་བྱའོ། །བརྒྱད་པ་ཞིང་དུ་སྨོན་ལམ་གདབ་པ་ནི། མར་གྱི་རུ་པ་གཞུ་མིང་བྱང་ལ་སྡོང་བུ་ཆེ་བ་གཅིག་དང་ལྷན་ཅིག་པར་མར་མེ་སྦྱར་ནས་ཕོ་བྲང་གི་ལྟེ་བར་བཞག །མཚན་བྱང་ལག་ཏུ་བཟུངས་ལ། འདི་ནས་ཤར་གྱི་ཕྱོགས་རོལ་ནས༔ ཅེས་པ་ནས། དབང་ཕྱུག་མ་དང་གཉིས་མེད་ཤོག༔ ཅེས་པའི་བར་རོ། །དགུ་པ་ནད་སྒྲིབ་སྦྱང་བ་ནི། སེམས་དཔའ་ལྔའི་སྐུ་གཟུགས་ལག་ཏུ་ཐོགས་ནས་མཚན་བྱང་མེ་ལོང་ངོས་ལ་བསྟན། ཀྱེ་མ་མུན་པ་ལྟ་བུའི་འཇིག་རྟེན་ཁམས་སུ་འཁྱམས༔ ཅེས་པ་ནས། ཐུགས་རྗེས་ཚེ་འདས་བྱིན་གྱིས་རློབས༔ ཅེས་སོགས་ལྔ་རྫོགས་པར་བྱའོ། །བཅུ་པ་ལམ་བསྟན་གནས་སྤར་བྱ་བ་ལ་གསུམ་སྟེ། ལམ་བསྟན་པ་དང་། རྣམ་ཤེས་གནས་ནས་སྤར་པ། ཕུང་པོ་སྦྱང་བ་དང་གསུམ་ལས། དང་པོ་ནི། དཀྱིལ་འཁོར་དང་མཚན་བྱང་བར་ལ་མར་མེ་གཅིག་བཞག་ལ། མར་མེ་ཡེ་ཤེས་ཆེན་པོར་བྱིན་གྱིས་བརླབས་ཤིང་། ཧཱུྃ་རང་བཞིན་ཤུགས་ཀྱིས་དྲང་བའི་དྲན་པའི་ཉོན༔ ཅེས་པ་ནས། འབྲས་བུ་སྐུ་གསུམ་འགྲུབ་པར་ཤོག༔ ཅེས་པའི་བར་རོ། །གཉིས་པ་རྣམ་ཤེས་གནས་སྤར་ནི། མདའ་གཞུ་ལྟོར་སྦྱར་ནས་མདའི་རྩེ་མོར་མཚན་བྱང་བཏགས་ཤིང་། རང་ཉིད་རྡོ་རྗེ་སེམས་དཔར་བསྐྱེད། གཞུ་རྟ་མགྲིན་ཡི་དམ་གང་རུང་བསྐྱེད། མདའ་དེའི་ཐུགས་ཀ་ནས་བྱུང་བའི་ཡེ་ཤེས་ཀྱི་འོད་ཟེར་དུ་བསམས་ནས་མཚན་བྱང་ཚེ་འདས་དངོས་སུ་བསྐྱེད་ཅིང་། དཀྱིལ་འཁོར་བདེ་བ་ཅན་དུ་མོས་ལ། འོག་

རང་རང་གི་སྐབས་ཀྱི་ཞིང་ཁམས་དང་། ཕུང་པོ་ལྔའི་ངོ་བོ་ཡིག་འབྲུ་རྣམས་རང་རང་གིས་སྐབས་དང་བསྟུན་པ་གསལ་ཞིང་། ཧཱུྃ་ཐབས་ཀྱི་གཞུ་ལ་ཤེས་རབ་མདའ་བཀང་སྟེ༔ ཅེས་པ་ནས། སེམས་ཅན་གྱི་དོན་ཐོགས་པ་མེད་པར་བྱེད་ནུས་པར་གྱུར་ཅིག །མདའ་དེ་དལ་གྱི་དབུས་སུ་གཏད་དེ་འཕང་ངོ་། །ཅེས་པ་རྣམས་རྒྱས་པར་བྱ་བ་དང་། བསྡུས་ན། ཞིང་ཁམས་འདི་ནས་དབུས་ཀྱི་ཕྱོགས་རོལ་ན༔ ཅེས་པ་མན་ཆད་ཀྱིས་ཆོག་གོ །།གསུམ་པ་ཕུང་པོ་སྦྱིན་སྲེག་བྱ་བ་ནི། མར་མེའི་དབུས་སུ་མེ་ལྷ་བསྐྱེད་ཅིང་སྤྱན་དྲངས་ལ་བསྟིམ། མཚན་བྱང་མར་མེ་ལ་རེག་ཅིང་། ཉོན་མོངས་སྡིག་སྒྲིབ་བསྲེག་པར་བསམ་ལ། ཧཱུྃ་ཚེ་འདས་ལུས་བརྗེས་རིགས་ཀྱི་བུ་ཁྱོད་ཀྱང་༔ ཅེས་པ་ནས། འཁོར་བའི་རྒྱ་མཚོ་སྐེམ་པར་ཤོག༔ ཅེས་པ་ཡན་ཆད་བརྗོད་ཅིང་། ཡིག་བརྒྱ་དང་ཀཾ་ཀ་ནི་སོགས་གཟུངས་སྔགས་གང་ཤེས་བརྗོད། མིང་བྱང་དལ་དབུས་སུ་བསྲེག་ལ་ཚྭ་ཚྭ་གདབ། དེ་རྗེས་བསྔོ་བ་སྨོན་ལམ་བཏབ་ཅིང་འཁོར་གསུམ་མི་དམིགས་པའི་ངང་ལ་བཞག་གོ །།གསུམ་པ་རྗེས་ཀྱི་བྱ་བ་ནི། དང་པོ་གཏང་རག་མཆོད་བསྟོད་བྱ། དེ་ནས་བསྐུལ་པ་ཆད་མདོ་བརྟན་སྐྱོང་དང་། གཏོར་བྲོ་བཤགས་པ་བཟོད་གསོལ་དང་། བཀྲ་ཤིས་བརྗོད་ཅིང་དལ་བསྡུ་དགེ་བ་བསྔོ། ལས་བྱང་ཚོར་བ་རང་གྲོལ་ལྟར་དུ་བྱ། ཨེ་མ་ཧོ། རྒྱལ་བ་ཐབས་མཁས་ཐུགས་རྗེ་ཅན་རྣམས་གྱིས། །གདུལ་བྱ་འགྲོ་བ་ཐབས་ཀྱིས་འདུལ་སླད་དུ། །ཕྱི་ནང་ཆོས་སྒོ་དཔག་མེད་གསུང་ཡོད་ཀྱང་། །གནད་ཀྱི་མདོ་དྲིལ་ཟབ་ལམ་གསང་བ་དོན། །འདི་འདྲའི་གདམས་པ་ཐོས་ཆོག་འཕྲད་གྲོལ་འདི། །རང་འདོད་མེད་ཅིང་གཞན་ཕན་སྙིང་རྗེ་ཡིས། །ཕྱག་ལེན་མན་ངག་དམིགས་པའི་གོ་རིམ་རྣམས། །ལྷག་ཆད་མེད་ཅིང་སྒྲ་དག་གསལ་བརྗོད་ན། །སྡིག་ཅན་

རྣམས་ཀྱང་ཐར་པའི་ལམ་སྣ་ཟིན། །གཞན་རྣམས་གྲོལ་བ་ཐོབ་པ་སྨོས་ཅི་དགོས། །དེ་ཕྱིར་ཡེངས་མེད་སེམས་བསྐྱེད་བསམ་པ་ཡིས། །ལྷག་ཆད་མེད་ཅིང་སྒྲ་དག་གཙང་བ་གཅེས། །གཞན་ཡང་དུས་ངན་བསྐལ་པའི་མར་ཞབས་འདིར། །རྨོངས་པ་མཁས་འདོད་བླ་མ་འགའ་ཞིག་གིས། །ལག་ལེན་ཡིན་ཟེར་རྒྱུད་གཞུང་ཐམས་ཅད་དཀྲུགས། །དེ་དག་རྣམས་ལ་ཞིབ་ཏུ་མཁས་པར་ཞུས། །འདི་ནི་ནམ་མཁའ་ཆོས་ཀྱི་རྒྱ་མཚོའི་ལུགས། །ཇི་བཞིན་མ་ནོར་པདྨ་མ་ཏིས་བྲིས། །ལྕགས་མདུད་ལུགས་ཟེར་བོན་ལུགས་འཆོལ་བར་འདུག །དེ་ལ་མཁས་པས་ཞིབ་ཏུ་བརྟག་པར་བྱ། །བཀྲ་ཤིས་པར་གྱུར་ཅིག །ཨེ་མ་ཧོ། མཐའ་ཡས་སྤྲུལ་པ་པདྨ་ཞེས། །ངོ་མཚར་རྒྱལ་སྲས་པདྨ་རྒྱལ། །བདག་གི་སྐྱབས་གནས་པདྨ་འབྱུང། །སྙིགས་དུས་འགྲོ་ལ་པདྨས་གཟིགས། །ཨེ་མ་ཧོ། དེང་སང་སྙིགས་དུས་བཤེས་གཉེན་རྣམས། །སྤྱིར་སེམས་ཅན་དོན་དུ་སེམས་བསྐྱེད་ན། འགྲོ་རྣམས་མ་ལྟར་ཤེས་པར་གྱིས། །སེམས་བསྐྱེད་ཡེངས་མེད་དྲན་པ་བརྟེན། །ཚེ་འདས་གནས་འདྲེན་དུས་སུ་ཡང་། །རྡོ་རྗེ་རང་ཉིད་རྡོ་རྗེ་སེམས་དཔར་བསྐྱེད། །དེ་ཡང་གདོས་བཅས་མ་ཡིན་པར། །སྣང་ལ་རང་བཞིན་མེད་པར་བསྐྱེད། ཚེ་འདས་ཤེས་པ་བཞི་ལྡན་དགོས། །ཚེ་འདས་ཚེ་འདས་ཤེས་པ་དང་། །སློབ་མར་ཤེས་དང་ལྷ་རུ་ཤེས། །ལྷག་པའི་ལྷ་རུ་ཤེས་པ་དང་། །ཤེས་པ་བཞི་ལྡན་དེ་ལ་ཟེར། །རྣམ་ཤེས་འགུགས་པའི་སྐབས་སུ་ནི། །ཚེ་འདས་སྔོན་གྱི་ལུས་བཞིན་དུ། །རྒན་རྒོན་བཞིན་དུ་མ་ཡིན་བསྐྱེད། །དབང་བསྐུར་དུས་སུ་སློབ་མ་ནི། །དད་གུས་མོས་ཚུལ་བཞིན་དུ་བསྐྱེད། །ཚེ་འདས་ལྷ་རུ་ཤེས་པ་ནི། །རྡོ་རྗེ་སེམས་དཔར་བསྐྱེད་པའི་སྐབས། །ལྷ་བས་ལྷག་པར་ཤེས་པ་ནི། །བདེ་བ་ཅན་དུ་བསྐྱེད་པའི་སྐབས། །

དེ་ལ་མན་ངག་འདི་ལྟར་བྱ། །ཐབས་ཀྱི་གཞུ་ལ་ཤེས་རབ་མདའ། །ཅེས་པའི་དོན་ཡང་འདི་ལྟ་སྟེ། །རང་ཉིད་རྡོ་རྗེ་སེམས་དཔར་བསྐྱེད། །གཞུ་ནི་དཔལ་ཆེན་རྟ་མགྲིན་བསྐྱེད། །མདའ་དེ་རྟ་མགྲིན་ཐུགས་ཀ་ནས། །བྱུང་བའི་འོད་ཟེར་ཡེ་ཤེས་སེམས། །མཚན་བྱང་ཚེ་འདས་དངོས་སུ་བསམ། །དཀྱིལ་འཁོར་བདེ་བ་ཅན་དུ་མོས། །མདའ་དེ་དཀྱིལ་འཁོར་དབུས་སུ་འཕོངས། །ཚེ་འདས་བདེ་བ་ཅན་གྱི་ཞིང་། །སྣང་མཐའི་སྲས་སུ་གྱུར་པར་བསམ། །དར་ཅིག་སྐྱེ་མེད་དོན་ལ་ལྟོས། །ཡང་ན་འདི་ལྟར་ཤེས་པར་བྱ། །དཀྱིལ་འཁོར་ཚེ་འདས་བར་དུ་ནི། །སྣང་གསལ་བཞག་ལ་སྨོན་ལམ་གདབ། །དཀྱིལ་འཁོར་བདེ་བ་ཅན་དུ་ནི། །སྣང་མཐའི་ཐུགས་ནས་འོད་ཟེར་ནི། །དམར་པོ་ཟེར་དང་བཅས་བྱུང་ནས། །ཚེ་འདས་རྣམ་ཤེས་ཨ་ལ་ཕོག །ཁབ་ལེན་རྡོས་ལྕགས་བླང་པ་ལྟར། །སྣང་མཐའི་ཐུགས་ཀར་ཐིམ་པར་བསམ། །སྤྲོས་མེད་རྫོགས་རིམ་ངང་ལ་བཞག །ཁྱད་པར་སྒྲིབ་པ་སྦྱང་སྐབས་སུ། །མན་ངག་འདི་དང་ལྡན་པ་གཅེས། །ཚེ་འདས་སྤྱི་གཙུག་མགྲིན་པ་དང་། །སྙིང་ཁ་ལྟེ་བ་གསང་གནས་དང་། །རྐང་མཐིལ་ལ་སོགས་གནས་དག་ཏུ། །ༀ་ཨཱཿཧཱུྃ་གསུམ་བྱུང་ནས་ཀྱང་། །རྐང་མཐིལ་དུཿཡི་སྟེང་དུ་ཞུགས། །དེ་མཐར་སྒྲིབ་སྦྱང་གཟུངས་སྔགས་ཀྱིས། །བསྐུར་བར་བསམ་ནས་བཟླས་པར་བྱ། །འབྲུ་གསུམ་གཟུངས་སྔགས་དཀྱིལ་འཁོར་གྱིས། དམྱལ་བའི་ས་བོན་དུཿཡིག་ནི། །རང་བཞིན་མེད་པར་བསྲེག་པར་བསམ། །དེ་བཞིན་སྤྱི་གཙུག་ཨ་ཡི་བར། །དེ་འགྲོ་ཀུན་ལ་དེ་ལྟར་བྱ། །མཐར་ཡང་གཟུངས་སྔགས་འབྲུ་གསུམ་ལ། །འབྲུ་གསུམ་གཙོ་བོའི་ས་བོན་ལ། །ཐིམ་པར་དམིགས་ལ་བཟླས་པ་བྱ། །དེ་རྗེས་ཚེ་འདས་རླུང་སེམས་ཀྱིས། །ངོ་བོ་ཧྲཱི་དེ་ཚངས་བུག་ནས། །རྒྱང་ཀྱིས་ཐོན་ནས་སྣང་མཐའ་ཡི། །ཐུགས་ཀར་སོང་བའི་

དམིགས་པ་བྱ། །དེ་རྗེས་དམིགས་མེད་ངང་ལ་བཞག །དེ་ནི་མན་ངག་དམ་པ་ཡིན། །ཚེ་འདས་འགུགས་གཞུག་བྱེད་པའི་སྐབས། །རང་ཉིད་རྡོར་སེམས་ཐུགས་ཀ་ནས། །ཧཱུྃ་ལས་འོད་ཟེར་ལྕགས་ཀྱུ་ལྟར། །འཕྲོས་པས་ཚེ་འདས་རྣམ་ཤེས་དེ། །རིགས་དྲུག་གང་ན་ཡོད་ཀྱང་རུང་། །འོད་ཟེར་ཕོག་མ་ཐག་ཏུ་ནི། །རྣ྄ིཿདེ་ཨཿདཀར་གཅིག་ཏུ་གྱུར། །རང་དབང་མེད་པར་བཀུགས་ནས་ཀྱང་། །མདུན་དུ་མཚན་བྱང་རྟེན་ལ་བསྟིམས། །བདེན་སྟོབས་ཉེར་གཅིག་ལ་སོགས་བརྗོད། །དེ་ནས་གཤེད་དང་ཕྲལ་བར་བྱ། །རིགས་དྲུག་གནས་ནས་དྲངས་ལ་སོགས། །ཆོ་ག་གཞུང་བཞིན་ཚང་བར་བྱ། །ཀྱེ་ཧུད་དེང་སང་སྙིགས་དུས་ན། །བཤེས་གཉེན་ཚེ་འདས་འདྲེན་མཁན་རྣམས། །ལྟ་སྒོམ་སྤྱོད་པའི་དོན་མ་རྟོགས། །ལག་ལེན་ཆོ་གའི་གནད་མ་ཤེས། །དཀྱིལ་འཁོར་གཞུང་དང་དམིགས་རིམ་རྣམས། །མི་འབྱོར་གཞུང་དང་འགལ་བ་ཡི། །ཡི་གེ་བསྲེ་བསླད་དཀྲུག་བྱས་ནས། །ལག་ལེན་མཁས་པ་ཡིན་ནོ་ཞེས། །མི་ནག་ཡོངས་ཀྱི་མགོ་བོ་བསྐོར། །ལུས་ཀྱིས་ཚུལ་འཆོས་སྣ་ཚོགས་བྱེད། །ངག་ནི་ཆོས་པ་ཡིན་ཟེར་ཞིང་། །ཡིད་ཀྱིས་ཟས་ནོར་ཅི་འབུལ་རློམ། །དེ་འདྲའི་ཚེ་འདས་འདྲེན་མཁན་ཡང་། །དེང་དུས་སྙིགས་མ་འདི་ལ་མང་། །བཤེས་གཉེན་ཡོན་ཏན་མངའ་རྣམས་ལ། །ཕྲག་དོག་འགྲན་སེམས་དབང་གིས་སྨད། །ཟས་ནོར་ཅི་ལོན་ཁེ་སྤོག་དང་། །ཐབས་ཀྱི་བསོགས་འཇོག་སྣ་ཚོགས་བྱེད། །དེ་འདྲའི་བཤེས་གཉེན་མཚར་བ་ལ། །སྦྱིན་པ་ངོ་ཆེན་རྣམ་སྨིན་རེ་ལ་བཏང་། །ཚུལ་ཁྲིམས་ཟས་ནོར་བསོག་འཇོག་གཉིས་ལ་བསྲུང་། །བཟོད་པ་རང་ལ་བསྟོད་པ་རྣམ་ལ་བསྒོམ། །བརྩོན་འགྲུས་ཚོང་དང་གཡོ་རྒྱུ་རྣམས་ལ་བརྩམས། །བསམ་གཏན་ཟས་ནོར་འབུལ་བ་ཅི་འོང་སྙམས། །ཤེས་རབ་གཞན་བསླུ་ཤེས་རབ་དག་ལ་འབད། །ཕ་རོལ་ཕྱིན་དྲུག་

དེ་ལྟར་སྤྱོད་པ་མཐོང་། །ཨེ་མ་བདག་འདྲ་པདྨ་མ་ཏི་ངས། །འགྲན་སེམས་དབང་གིས་ཞུ་ཕོད་མ་ཡིན་ཏེ། །ཚེ་འདས་རྣམས་ལ་སྙིང་རྗེ་སྐྱེས་པ་ནས། །གཞན་ཀྱི་དཀྱིལ་ཆོག་གཞུང་དང་མཐུན་པ་དང་། །བསྐྱེད་རྫོགས་གཉིས་ལ་གོམ་འདྲིས་ཨི་བྱེད་བསམ། །དེ་འདྲ་བྱས་ན་བདག་ཀྱང་རབ་ཏུ་དགའ། །འོན་ཀྱང་སྙིགས་དུས་སེམས་ཅན་བསོད་ནམས་ཆུང་། །ཧ་ཧ། རྒོད་མི་བྲོད་དེ། དེ་ལས་ཐབས་ཟད། ཤུབྷཾ། ཀྱེ་མ་དེང་སོང་སྙིགས་དུས་ན། །བཤེས་གཉེན་ཚེ་འདས་འདྲེན་མཁན་རྣམས། །ཕལ་ཆེར་དམིགས་པ་མེད་པ་འདྲ། །ཤེས་པ་བཞི་ལྡན་མི་ཤེས་པས། །གཞན་དོན་བྱེད་པའི་སྟོན་པ་རྣམས། །རང་གཞན་གཉིས་ཀ་གཡང་སར་ལྟུང་། །ཐ་མ་རིགས་དྲུག་དུཿཁ་བརྒྱུད། །ཐར་དུས་མེད་པ་རྒྱལ་བས་གསུངས། །མངྒ་ལཾ། བྷཝནྟུ། ཆོ་ག་བ་མ་ཡེངས་པ་གཙོ་ཆེ་བ་ནི། ཐུགས་རྗེ་ཆེན་པོ་གསང་འདུས་ལས། འོན་ཏེ་དགེ་རྩ་ཕ་རོལ་ཕྱིན་པ་དྲུག་གི་སྣ་རེ་ཙམ་གྱི་འབྲེལ་བ་ཡོད་ཀྱང་ཐར་ལམ་མཐོ་རིས་ཐོབ། དགེ་བ་གཏན་མེད་ཀྱི་སྡིག་ཅན་ཡིན་ན། སློབ་དཔོན་དེས་སྒྲིབ་སྦྱངས་ཀྱི་བཟླས་པ་དང་། ན་རཀ་བསྐོང་བཤགས་ལ་ཅི་ཙམ་འགྲུབ་པར་འབད་པ་གལ་ཆེའོ། །མདར་ཆོ་བས། ཆང་དབང་དང་། གཉིད་དབང་དང་། ལེ་ལོ་དང་། བཞད་གད་དང་། འགུལ་འཚེར་དང་། དུག་ལྔ་རང་རྒྱུད་དུ་བསྐོར་བ་དང་། བྲེ་མོའི་གཏམ་ཕྱིར་མི་གཡེང་བར་དམིགས་པ་ཏིང་འཛིན་མ་ཡེངས་པར་སྒྲིབ་སྦྱངས་ལ་འབད་པ་གནད་དུ་ཆེའོ། །


previousཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་གྱི་ཚེ་འདས་གནས་འདྲེན་འགྲོ་དྲུག་རང་གྲོལ་གྱི་ས་བཅད་ཀྱི་ལས་འགྲིགས་བསྟན་པ་དོན་གསུམ་པ།next