Nitartha Digital Library
Tibetan
བར་དོ་ཐོས་གྲོལ་ཆེན་མོའི་ཆོས་སྐོར་ཕྱོགས་བསྒྲིགས།


   
   
   
   
   
   
   
   
   
   
   
   
   
དམ་ཆོས་བདེ་ཆེན་ལམ་མཆོག་ལས་གཤིན་པོར་དགུང་ཞག་བཟུང་ཚུལ་གྱི་རྣམ་བཤད་མ་དག་པའི་རྙོགས་མ་བཀྲུ་བྱེད་ནོར་བུ་ཀེ་ཏ་ཀ
   
   
   
   
   
   
   
   
   
   
   
   


 
previousདམ་ཆོས་བདེ་ཆེན་ལམ་མཆོག་ལས་གཤིན་པོར་དགུང་ཞག་བཟུང་ཚུལ་གྱི་རྣམ་བཤད་མ་དག་པའི་རྙོགས་མ་བཀྲུ་བྱེད་ནོར་བུ་ཀེ་ཏ་ཀnext

དམ་ཆོས་བདེ་ཆེན་ལམ་མཆོག་ལས་གཤིན་པོར་དགུང་ཞག་བཟུང་ཚུལ་གྱི་རྣམ་བཤད་མ་དག་པའི་རྙོགས་མ་བཀྲུ་བྱེད་ནོར་བུ་ཀེ་ཏ་ཀ

དམ་ཆོས་བདེ་ཆེན་ལམ་མཆོག་ལས་གཤིན་པོར་དགུང་ཞག་བཟུང་ཚུལ་གྱི་རྣམ་བཤད་མ་དག་པའི་རྙོགས་མ་བཀྲུ་བྱེད་ནོར་བུ་ཀེ་ཏ་ཀ་ཞེས་བྱ་བ་བཞུགས་སོ། །

དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་བརྗོད་ཀྱང་། །ཀུན་སྣང་ཏིང་འཛིན་སྟོང་ཉིད་སྙིང་རྗེར་འབྲེལ། །དེ་མཆེད་རྒྱུ་ཡིི་ཏིང་འཛིན་གཤིན་པོ་ལ། །ཕན་བྱེད་དགུང་ཞག་རྣམ་བཤད་འདི་རུ་སྤེལ། །དེ་ཡང་གཤིན་པོའི་ཆེད་དུ་དགུང་ཞག་བཟུང་ཚུལ་གྱི་རྣམ་བཤད་འདི་ལ་གསུམ་སྟེ། དང་པོ་ཁུངས་དང་ལོ་རྒྱུས། གཉིས་པ་ཇི་ལྟར་བཟུང་ཚུལ། གསུམ་པ་རྗེས་སུ་དགོས་ཚུལ་དང་གསུམ་མོ། །དང་པོ་ནི། ངན་སོང་སྦྱོང་བའི་རྒྱུད་ལས་གསུངས་པའི་དོན་མདོར་བསྡུས་ཏེ་འཆད་ན། དེ་ནས་ལྷའི་དབང་པོ་བརྒྱ་བྱིན་རང་གི་སྟན་ལས་ལངས་ཏེ་སྟོན་པ་ལ་གསོལ་བ། བཅོམ་ལྡན་འདས་སུམ་ཅུ་རྩ་གསུམ་པའི་ལྷའི་རིས་འདི་ནས་ལྷའི་བུ་ནོར་བུ་དྲི་མ་མེད་པའི་འོད་ཅེས་བྱ་བ་ཞིག་ཤི་འཕོས་ནས་དགུང་ཞག་བདུན་ལོན་པ་ལགས་ན། བཅོམ་ལྡན་འདས་དེ་གང་དུ་སྐྱེ། བདེའམ་སྡུག་བསྔལ་ཅི་ཞིག་མྱོང་བར་འགྱུར། བཅོམ་ལྡན་འདས་ཀྱིས་ལུང་བསྟན་དུ་གསོལ། ཞེས་ཞུས་པས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལྷའི་བུ་ནོར་བུ་དྲི་མ་མེད་པའི་འོད་ཅེས་བྱ་བ་དེ་ཉིད་འདི་ནས་འཆི་འཕོས་ཏེ་མཚམས་མེད་པའི་དམྱལ་བ་ཆེན་པོ་དེར་སྐྱེས་ནས་ལོ་སྟོང་ཕྲག་བཅུ་གཉིས་ཀྱི་བར་དུ་སྡུག་བསྔལ་མི་

བཟོད་པ་མྱོང་ནས་སེམས་ཅན་དམྱལ་བ་ཆུང་ངུ་རྣམས་སུ་ལོ་བརྒྱ་ཕྲག་བརྒྱར་སྡུག་བསྔལ་མྱོང་ཞིང་། བྱོལ་སོང་དང་ཡི་དྭགས་ཀྱི་གནས་སུ་ཡང་ལོ་བརྒྱ་ཕྲག་བརྒྱར་སྡུག་བསྔལ་མྱོང་ཞིང་། ལོ་སྟོང་ཕྲག་བརྒྱད་ཅུ་རྩ་བཞིའི་བར་དུ་ནད་རྣག་ཁྲག་འཛག་པ་དང་མཛེ་དང་ཕོལ་མིག་རྣམས་ཀྱིས་གཟིར་བ་སྐྱེ་བོོ་མང་པོས་སྨད་པ། དེ་ནས་མཐའ་འཁོབ་ཀྱི་མིར་སྐྱེས་ནས་ཀྱང་། འོན་པ་དང་། དིགས་པ་དང་། ལྐུགས་པའི་རང་བཞིན་ཅན་དང་། སྨྲ་བ་མི་གསལ་བ་ལ་སོགས་ལོ་སྟོང་ཕྲག་དྲུག་ཏུ་སྡུག་བསྔལ་མྱོང་ཞིང་། རིགས་དམན་པའི་རིགས་སུ་སྐྱེས་ནས་ཀྱང་སྡུག་བསྔལ་དང་སྡུག་བསྔལ་བརྒྱུད་པ་དང་། ལས་ཀྱི་སྒྲིབ་པ་སྣ་ཚོགས་པ་དང་། གཞན་ཡང་སྡུག་བསྔལ་གཅིག་ནས་གཅིག་ཏུ་བརྒྱུད་པ་མང་ཞིང་མྱོང་བར་འགྱུར་རོ། །ཞེས་གསུངས་པ་བརྒྱ་བྱིན་ལ་སོགས་པ་ལྷའི་བུ་ཐམས་ཅད་ཀྱིས་ཐོས་པས་ཤིན་ཏུ་སྔངས་ཤིང་སྐྲག་ཏེ་འགྱེལ་ནས་ཁ་སྦུབ་ཏུ་འགྲེ་ལོག་གོ །དེ་ནས་ཡང་ལངས་ཏེ་འདི་སྐད་ཅེས་གསོལ་ཏེ། སྡུག་བསྔལ་ཆེན་པོ་འདི་ལས། བཅོམ་ལྡན་འདས། ཇི་ལྟར་ཐར་བར་འགྱུར། བདེ་བར་གཤེགས་པ། ཇི་ལྟར་ཐར་བར་འགྱུར། བཅོམ་ལྡན་འདས་ཅི་ནས་ཀྱང་སྡུག་བསྔལ་གྱི་ཕུང་པོ་འདི་ལས་རྣམ་པར་གྲོལ་བར་བསྐྱབ་ཏུ་གསོལ། བདེ་བར་གཤེགས་པ་འདི་ལས་བསྐྱབ་ཏུ་གསོལ། ཞེས་བཅོམ་ལྡན་འདས་ལ་མཆོད་ཅིང་གསོལ་བ་བཏབ་པས། བཅོམ་ལྡན་འདས་ཀྱིས་འཁོར་དེ་དག་གི་རྒྱུད་བྱིན་གྱིས་བརླབས་ནས་ཀུན་རིགས་ཀྱི་རྩ་བའི་དཀྱིལ་འཁོར་གསུངས་པ་ལ་བརྟེན་ནས་བརྒྱ་བྱིན་ལ་སོགས་པས་ཆོ་ག་ཇི་ལྟ་བ་བཞིན་བྱས་པས་ལྷའི་བུ་ནོར་བུ་དྲི་མ་མེད་པ་ངན་སོང་ལས་ཐར་ཏེ་དགའ་ལྡན་གྱི་ལྷར་སྐྱེས་ནས། བཅོམ་ལྡན་འདས་ཀྱི་མདུན་དུ་འོང་ཏེ་འདི་སྐད་ཅེས་གསོལ་ཏོ། །ཀྱཻ་མ་ཤཱཀྱ་མགོན་པོ་

ཡིས། །སངས་རྒྱས་མཛད་པ་ཡ་མཚན་ཆེ། །གང་ཕྱིར་ངན་སོང་ལྟུང་བ་ཡི། །སེམས་ཅན་བདག་བཞིན་མྱུར་དུ་སྒྲོལ། །ཞེས་ཆེད་དུ་བརྗོད་པ་དང་བརྒྱ་བྱིན་ལ་སོགས་པའི་འཁོར་གྱི་ལྷ་རྣམས་ཀྱིས་ཀྱང་ནོར་བུ་དྲི་མ་མེད་པའི་འོད་མཐོང་བའི་ཚུལ་རྣམས་རྒྱས་པར་གསུངས་སོ། །གཞན་ཡང་སྦྱོང་རྒྱུད་ལས། ཞག་བདུན་དུ་དཀྱིལ་འཁོར་དུ་གཞུག་ཅིང་དབང་བསྐུར་ན། གདོན་མི་ཟ་བར་ངན་སོང་གི་སྒྲིབ་པ་ལས་ངེས་པར་གྲོལ་བར་འགྱུར་རོ། །ཞེས་དང་། ལྷའི་བུས་ཞུས་པའི་མདོ་ལས། ཀྱེ་མ་ལྷའི་བུ་རྣམས་ངན་སོང་དུ་སྐྱེས་ཟིན་པའི་འགྲོ་བ་གང་ཡང་གོས་སམ་རུས་པའམ་མིང་ལ་ཡང་དབང་བསྐུར་བར་གྱིས་ཤིག །གཟུགས་བརྙན་ལ་ཡང་དབང་བསྐུར་བར་གྱིས་ཤིག །མཆོད་རྟེན་ལ་ཡང་དབང་བསྐུར་བར་གྱིས་ཤིག །ལྷའི་སྐུ་ལ་ཡང་དབང་བསྐུར་བར་གྱིས་ཤིག །ཆུང་ངུ་ནས་དེ་དང་རིགས་མཐུན་པ་དང་དེའི་མིང་འཛིན་པ་ལ་ཡང་དབང་བསྐུར་བར་གྱིས་ཤིག །བྲན་ལ་ཡང་དབང་བསྐུར་བར་གྱིས་ཤིག །ཅེས་པ་དང་། ལས་ཐམས་ཅད་སྦྱོང་བའི་རྒྱུད་ལས། བསྙེན་པ་དང་བཟླས་པ་དང་ཆོ་ག་འདོན་པས་ནི་མཚམས་མེད་པ་ལྔ་བྱང་བར་འགྱུར་ན་སྡིག་པ་ཆུང་ངུ་རྣམས་ལ་ལྟ་ཅི་སྨོས་ཀྱང་ཅི་དགོས་ཞེས་དང་། ལས་ཐམས་ཅད་སྦྱོང་བའི་རྒྱུད་ལས། གང་ཞིག་སྙིང་རྗེས་ཟིན་ཏེ་རི་དྭགས་དང་། ལྷ་དང་མི་དང་མི་མ་ཡིན་དག་ཀྱང་རུང་སྟེ། འཆི་བའི་རྣ་བར་བརྗོད་ན་ངན་སོང་དུ་འགྲོ་བར་མི་འགྱུར་རོ། །དུས་ལས་འདས་ནས་ཀྱང་ཤི་བའི་མིང་ནས་སྨོས་ཏེ་བྱམས་དང་སྙིང་རྗེའི་ངང་ནས་ལན་བརྒྱའམ་སྟོང་ངམ་འབུམ་བརྗོད་ན། སེམས་ཅན་དེ་དམྱལ་བར་སྐྱེས་ཀྱང་དེའི་མོད་ལ་ཐར་བར་འགྱུར་རོ། །ཞེས་དང་། ཡང་སྦྱོང་རྒྱུད་ལས། སའམ། ཏིལ་ལམ། ཆུའམ། ཡུང་དཀར་རམ།

གང་ཡང་རུང་བ་ལ་བཟླས་བརྗོད་བྱས་ཏེ། རུས་པའམ་ཤི་བའི་ལུས་ལ་གཏོར་རམ། ཁྲུས་བྱས་ན་ངན་སོང་དུ་སྐྱེས་པ་ཞག་བདུན་གྱིས་ཐར་ཏེ་གདོན་མི་ཟ་བར་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་དུ་སྐྱེ་བར་འགྱུར་རོ། །ཞེས་དང་། སྨན་ཆོག་གི་སྐྱབས་གྲོལ་གྱི་སྐབས་སུ། མཛའ་བཤེས་དང་། ཉེ་དུ་དང་སྣག་གི་གཉེན་མཚམས་ངུ་བ་རྣམས་ཀྱིས་ནི་བསྐོར། ཕྱོགས་རྣམས་ནི་མུན་པར་མཐོང་། གཤིན་རྗེའི་མི་རྣམས་ཀྱིས་ནི་དྲངས་ཏེ། དེའི་ལུས་འདི་ན་ཉལ་ཡང་རྣམ་པར་ཤེས་པ་ཆོས་ཀྱི་རྒྱལ་པོ་གཤིན་རྗེའི་མདུན་དུ་ཁྲིད་ཅིང་མི་དེ་དང་ལྷན་ཅིག་སྐྱེས་པའི་ལྷ་སླད་བཞིན་འབྲང་བ་གང་ལགས་པ་དེས་དགེ་བའམ་མི་དགེ་བ་ཇི་ལྟར་བགྱིས་པ་དེ་དག་ཐམས་ཅད་ལེགས་པར་ཡི་གེར་བྲིས་ནས་ཆོས་ཀྱི་རྒྱལ་པོ་གཤིན་རྗེ་ལ་ཕུལ་བ་དང་། ཆོས་ཀྱི་རྒྱལ་པོ་གཤིན་རྗེས་དེ་ལ་དྲིས་ཤིང་བརྟགས་ནས་དགེ་བའམ་མི་དགེ་བ་ཇི་ལྟར་བགྱིས་པ་དེ་བཞིན་དུ་བསྒོ་བ་ལ་གང་དག་ནད་པ་དེའི་དོན་དུ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྨན་གྱི་བླ་བཻཌཱུཪྻ་འོད་ཀྱི་རྒྱལ་པོ་དེ་ལ་སྐྱབས་སུ་མཆི་ཞིང་འདི་འདྲ་བའི་སྦྱོར་བས་མཆོད་པར་བགྱི་ན་དེའི་རྣམ་པར་ཤེས་པ་སླར་ལྡོག་ཅིང་རྨི་ལམ་རྨིས་པ་བཞིན་དུ་བདག་ཉིད་ཀྱི་འཚལ་བའི་གནས་དེར་མཆིས་ཏེ། ཡང་ན་ནི་གདུགས་བདུན། ཡང་ན་ནི་གདུགས་ཉི་ཤུ་རྩ་གཅིག །ཡང་ན་ནི་གདུགས་སུམ་ཅུ་རྩ་ལྔ། ཡང་ན་ནི་གདུགས་བཞི་བཅུ་རྩ་དགུ་ལ་དེའི་རྣམ་པར་ཤེས་པ་སླར་ལྡོག་ཅིང་དྲན་པ་རྙེད་ལ་དགེ་བ་དང་མི་དགེ་བའི་ལས་ཀྱི་རྣམ་པར་སྨིན་པ་བདག་ཉིད་ཀྱི་མངོན་སུམ་དུ་འགྱུར་ཏེ་སྲོག་གི་སླད་དུའང་སྡིག་པའི་ལས་མི་བགྱིད་དོ། །ཞེས་བདུན་ཕྲག་བདུན་དུ་ཆོ་ག་བྱས་པའི་རྣམ་པར་ཤེས་པ་སླར་ཁུག་ནས་གསོན་པོར་འགྱུར་བར་གསུངས་པ་དང་། དུས་ཀྱི་འཁོར་ལོ་ལས། རྣམ་པར་ཤེས་པ་བར་

དོ་སོགས་ན་གནས་པ་ཆོ་གའི་ནུས་པས་མི་ལུས་ཐོབ་པར་བཤད་པ་སོགས་མང་ཞིང་། ཁྱད་པར་དཔལ་ཀུན་ཏུ་བཟང་པོས། གང་ཞིག་སྒྱུ་འཕྲུལ་ཞི་ཁྲོ་ཡི། །དཀྱིལ་འཁོར་ལྷ་ལ་ཕྱག་འཚལ་ན། །ཉམས་ཆགས་མ་ལུས་ཀུན་བྱང་ཞིང་། །མཚམས་མེད་ལྔ་ཡི་སྡིག་ཀྱང་དག །ན་རཀ་གནས་ཀྱང་དོང་སྤྲུགས་ཏེ། །རིག་འཛིན་རྒྱལ་བའི་ཞིང་དུ་གྲགས། །ཞེས་བྲམ་ཟེ་དུང་ཕྲེང་དཔོན་སློབ་ཀྱི་རྣམ་ཐར་བཞིན་དང་། རྒྱུད་ཆེན་ཉི་ཟླ་ཁ་སྦྱོར་ལས། གལ་ཏེ་ཕུང་པོ་མེད་པ་ན། །དེ་ཉིད་ཤི་བའི་ཞག་གྲངས་ནི། །ཉི་ཤུ་རྩ་གཅིག་བར་དུའམ། །བདུན་པའི་ཚེ་ན་ཆོ་ག་འབད། །དམིགས་པའི་ཏིང་འཛིན་ལྡན་པ་གཅེས། །ཡང་ན་བདུན་ཕྲག་བདུན་དུ་བྱ། །དེ་ཚེ་དེ་ལ་ལམ་ཡང་བསྟན། །ཆོས་ནི་སྣ་ཚོགས་བཤད་པར་བྱ། །དེ་ལྟར་ཆོ་ག་སུས་ལྡན་པ། །དེ་ཉིད་ལ་ཡང་ཐེ་ཚོམ་མེད། །ངེས་པར་འབྲས་བུ་ཐོབ་པའོ། ཞེས་གསུངས་པ་བཞིན་ཆོ་ག་ཟབ་མོའི་བྱིན་རླབས་ཀྱིས་རེ་ཞིག་གནས་ངན་པར་སྐྱེས་ཟིན་ནའང་། དེའི་ཚེ་ཚད་རྨི་ལམ་རྨིས་པ་བཞིན་ཟད་ནས་བདེ་འགྲོ་ཁྱད་པར་ཅན་ཐོབ་པ་ཡིན་ཏེ། རྒྱུད་གོང་གསལ་ལས། དེ་ལྟར་རྗེས་སུ་བཟུང་བ་ཡིས། །རིམ་པས་གནས་རྣམས་འཕོས་ནས་ནི། །རིམ་པས་ཚེ་ཚད་ཉུང་གྱུར་ནས། །མི་ཡི་གནས་ཀྱི་བདེ་བ་ཐོབ། །ཞེས་སོ། །གཉིས་པ་ཇི་ལྟར་བཟུང་ཚུལ་ནི། ཐུགས་རྗེ་ཆེན་པོ་གསང་བ་འདུས་པའི་བདུན་ཚིགས་ཀྱི་ཞལ་གདམས་ལས། དེའི་ཕྱིར་ཉེ་བ་ཤུལ་ཡོད་རྣམས་ཀྱིས་ཞག་ཞེ་དགུའི་བར་དུ་བདུན་ཚིགས་ལ་འབད་དགོས་ཏེ། ཚེ་འདས་དེ་ཤིན་ཏུ་སྙིང་རྗེ་སྟེ། ལས་ཀྱིས་རླུང་གིས་ནི་བདས། འཇིགས་པའི་མུན་ནག་གིས་བསུས། ལས་ཀྱི་གཤིན་རྗེས་ཁྲིད། སྡུག་བསྔལ་དཔག་ཏུ་མེད། བྱ་བའི་ཐབས་ནི་རྡུག །སྡུག་བསྔལ་གྱི་སྨྲེེ་སྔགས་ཕྱོགས་བཅུར་བཏོན། ཡང་ར་མདའ་ནི་

མེད། ཉེ་འབྲེལ་ཚོ་དང་སྐབས་སྐབས་སུ་འཕྲད་པ་ལྟར་སྙམ་སྟེ། ཡད་ཡུད་རེ་ལ་ལས་རླུང་གིས་བདས་པས་ག་ཤེད་དུ་སླེབ། དགའ་སྐྱིད་ཀྱི་གཏམ་ནི་ཐོས་པ་མེད། ཤི་བའི་མིང་ནས་བོས་ཤིང་ངུ་། སྨྲེ་སྔགས་བཏོན་ན་ནི་སྙིང་རླུང་བྱུང་བ་ལས་ཀྱང་སྡུག་བསྔལ་ཆེ། གསོན་པོ་བཞིན་བཟའ་རྒྱུ་གང་ཡང་མེད། ཟས་སུ་དྲི་ལས་ཟ་རྒྱུ་མེད། གསོན་པོ་རྣམས་ཀྱིས་ཅི་བྱེད་ཀྱི་ལད་མོ་བྱེད། གསོན་པོ་རྣམས་ཀྱིས་ངོ་ནག་པ་དང་། ཐབ་གྲལ་དང་ཟས་སྐལ་བཅད་ན་སྔུག་བསྔལ་ཤིན་ཏུ་ཆེ། སྙིང་མི་དགའ། མ་ངུ་ཟེར། ང་འདི་ན་ཡོད་ཟེར། སྐེ་ལ་འབྱར་ནས་བློ་གསོས་ཀྱང་གསོན་གཤིན་གཉིས་བརྡ་མི་འཇལ། བདུན་ཚིག་བྱེད་པ། ཆོས་འདོན་པ། ཆོས་བཤད་པ། སྟོན་མོ་དཀར་པོའི་དགེ་བ་བྱེད་པ་མཐོང་ན་དགའ་བ་ཆེན་པོ་བྱེད། ཕྱག་འཚལ། སྐོར་བ་བསྐོར། གསོལ་བ་འདེབས་པ་ལ་སོགས་མཐོང་ན་དགའ་བ་སྐྱེ། ལད་མོ་བྱེད། ཤི་བའི་སྡུག་བསྔལ་སྙིང་མི་དགའ་བ་དེ་བདེ་འབོལ་ལེ་འགྲོ། ལས་དགེ་བ་བྱས་པ་རྣམས་ཀྱང་ལྷན་ཅིག་སྐྱེས་པའི་ལྷས་ཁྲིད་ནས་ཡར་འགྲོ། སྡིག་པ་བྱས་པ་ནི་འདྲེས་ཁྲིད་ནས་མར་འགྲོ། བདུན་ཚིག་སོགས་ལ་དཀོན་མཆོག་ལ་གསོལ་བ་བཏབ་ན་སྡིག་ཅན་མར་འགྲོ་བ་རྣམས་ཀྱང་སྐད་ཅིག་ལ་ཡར་ཐོན། ལར་ནི་བར་དོའི་ཡིད་ལུས་དེ་རྐྱེན་ཁ་ནི་ཡང་བས། ཤི་ཐོན་ནས་ཞེ་དགུའི་བར་ལ་དགེ་བ་བདུན་ཚིགས་རྣམས་བྱས་ན་ལས་ངན་ཡང་ཐབས་རྟེན་འབྲེལ་གྱི་ཆེ་བས་ངེས་པར་མཐོ་རིས་དང་ཐར་བ་ཐོབ་པས་དེས་ན་ཉེ་བ་སྙིང་དུ་སེམས་པ་ཡོད་ན་དགེ་རྩ་ལ་འབད་པ་ནི་ཤིན་ཏུ་གལ་ཆེ། ཚེ་འདས་ཏེ་ཡར་འགྲོ་མར་འགྲོ་དེར་ཐུག་ཡོད་པས། དེ་ཡང་གཤིན་པོ་དེ་གསོན་དུས་དབང་ཆོས་ཞུས་པའམ། སེམས་ངོ་འཕྲོད་ཙམ་ཡིན་ན་ངེས་པར་ཐར་ལམ་དུ་དྲངས་ལ། འོན་ཏེ་དགེ་བ་ཕ་རོལ་ཏུ་ཕྱིན་པ་དྲུག་གིས་སྣ་རེ་

ཙམ་གྱི་འབྲེལ་པ་ཡོད་ཀྱང་ཐར་ལམ་དང་མཐོ་རིས་འཐོབ་བོ། །དགེ་བ་གཏན་མེད་ཀྱི་སྡིག་ཆེན་ཡིན་ན། སློབ་དཔོན་དེས་སྒྲིབ་སྦྱངས་ཀྱི་བཟླས་པ་དང་། ན་རཀ་གི་བཤགས་བསྐང་ལ་ཅི་ཙམ་འགྲུབ་པ་གལ་ཆེའོ། །མདོར་ན་ཆོ་ག་བས་ཀྱང་ཆགས་དང་གཉིད་དབང་ལེ་ལོ་བྲེ་མོའི་གཏམ་ཕྱིར་མི་ཡེངས་བར་དམིགས་པ་ཏིང་ངེ་འཛིན་མ་ཡེངས་པ་ནི་གལ་ཆེའོ། །ཞེས་སོ། །སྡོམ་འབྱུང་གི་རྒྱུད་ལས་ཀྱང་། ཚོགས་པ་མ་རྙེད་དེ་སྲིད་དུ། །ཞག་བདུན་བར་དོའི་སྲིད་པར་གནས། །ཞེས་གསུངས་པས་ཞག་ཞེ་དགུའི་བར་ཆོ་ག་ལ་འབད་དགོས་པ་ཡིན་ཏེ། ཆོས་རྗེ་ས་སྐྱ་པཎྜི་ཏས། ཞེ་དགུའི་བར་དུ་གཤིན་པོ་ལ། །བདུན་ཚིགས་ཆོ་ག་བཤད་པ་སྟེ། །རྣམ་ཤེས་བཀུག་ནས་མཛད་པར་གདའ། །ཞེས་དང་། ཆོས་རྒྱལ་འཕགས་པ་རིན་པོ་ཆེས། ཡུན་ནི་ཕལ་ཆེར་ཞག་བདུན་རེ། །བདུན་ཕྲག་བདུན་དུའང་ཡོད་ཅེས་གྲགས། །ལོ་དང་བསྐལ་བར་གནས་པའང་ཡོད། །དེས་ན་གཅིག་ཏུ་ངེས་པ་མེད། །ཅེས་གསུངས་ཤིང་། ཆོས་མངོན་པ་ལས། བར་དོའི་གནས་སྐབས་སུ་སྔོན་འབྲེལ་བའི་གནས་གྲོགས་ལ་སོགས་པ་རྨི་ལམ་གྱི་ཚད་ཙམ་དུ་མཐོང་བར་བཤད་པས་ཆོ་ག་སོགས་བྱེད་པ་གལ་ཆེ་བར་སྣང་ངོ་། །དེ་ཡང་སྲིད་པ་བར་དོའི་སྐབས། སྔོན་འབྱུང་སྲིད་པའི་ཤ་གཟུགས་ཅན། །དབང་པོ་ཀུན་ཚང་ཐོགས་མེད་རྒྱུ། ལས་ཀྱི་རྫུ་འཕྲུལ་ཤུགས་དང་ལྡན། མི་ལྡོག་དེ་ནི་དྲི་ཟའོ། །ཞེས་ཚིག་རྗེས་མ་འདི་ལ་ཉན་ཐོས་པས་དམྱལ་བའི་བར་དོ་གྲུབ་ནས་མཐོ་རིས་སོགས་འགྲོ་བ་གཞན་དུ་མི་ལྡོག་པར་འདོད་ཀྱང་། མངོན་པ་གོང་མ་ལས། ཅི་སྟེ་ན་ཟློག །དེ་ན་གནས་པ་ཡང་ལས་གསོག་གོ །ཞེས་དམྱལ་བའི་བར་དོའི་ལུས་གྲུབ་ཟིན་ཀྱང་དགེ་བའི་རྩ་བའི་མཐུས་དམྱལ་བའི་སྐྱེ་སྲིད་ལས་བཟློག་ནས་མཐོ་རིས་སུ་སྐྱེ་བ་ཡོད་པ་དང་། རྣལ་འབྱོར་

བླ་མེད་ཀྱི་རྒྱུད་དང་གདམས་ངག་རྣམས་ལས་བར་དོར་ལམ་བསྒོམས་པས་འཁོར་བ་ལས་གྲོལ་བར་གསུངས་པ་སོགས་དུ་མ་ཡོད་དོ། །དེ་ཡང་གཤིན་པོའི་འདྲེན་སྟོན་དགུང་ཞག་བཟུང་མཁན་ནི། རབ་སྨིན་གྲོལ་གྱི་རྒྱུད་བརླན་ནས་ལྟ་སྒོམ་ལ་དྲོད་ཐོན་ཅིང་བསྐྱེད་རྫོགས་བཟླས་བསྒོམ་སོགས་དང་། ཁྱད་པར་སྟོང་ཉིད་སྙིང་རྗེ་ཟུང་དུ་འབྲེལ་བ། འབྲིང་སྡོམ་པ་དང་དམ་ཚིག་རྣམ་པར་དག་ཅིང་གཤིན་ཆོག་སོགས་ཀྱི་ཕྱག་ལེན་ལ་མཁས་པ། ཐ་མ་དགེ་ཚུལ་སློང་ངམ་དགེ་བསྙེན་བྱང་སེམས་ཀྱི་བསླབ་པ་དང་སྔགས་ཀྱི་དབང་སྐུར་ཐོབ་ཅིིང་སྙིང་རྗེ་ཆེ་བ་ཞིག་གལ་ཆེ་ཞིང་། དེ་ལྟར་མ་ཡིན་པའི་རང་གི་ཉེ་དུ་སོགས་མཛའ་བཤེས་ཀྱི་བན་དྷེེ་ཐོས་བསམ་སྒོམ་གསུམ་གང་ཡང་མེད་པའི་རིགས་འཚོགས་ནས་ཁ་ལན་ལྟ་བུའི་མྱོས་པར་བྱས་ནས་གཤིན་པོར་ཕན་ཐོགས་དཀའ་ཞིང་དགུང་ཞག་གི་ཟས་ནོར་ལ་སྤྱོད་མཁན་ཡང་གང་རུང་གིས་ཆོག་པ་མ་ཡིན་སྟེ། འདུལ་བ་མེ་ཏོག་ཕྲེང་རྒྱུད་ལས། མི་སློབ་པ་ནི་བདག་པོར་སྤྱད། །སློབ་པ་སྦྱིན་པར་སྤྱོད་པ་སྟེ། །བསམ་གཏན་ཀློག་དང་ལྡན་པ་ནི། །རྗེས་གནང་སྤྱོད་ལ་ཉེས་པ་མེད། །ལྷག་མ་ལེ་ལོས་བཅོམ་པ་ཡི། །བདག་ཉིད་རྣམས་ནི་བུ་ལོན་སྤྱོད། །ཁྲིམས་འཆལ་རྣམས་ནི་ནམ་དུ་ཡང་། །གཙུག་ལག་ཁང་སོགས་ཉེར་སྤྱོད་བཀག །ཅེས་གསུངས་པས། མི་སློབ་པ་འཕགས་པ་ཉན་རང་དགྲ་བཅོམ་སངས་རྒྱས་རྣམས་རྫས་ལ་རང་ནོར་ལྟར་ལོངས་སྤྱོད། སྤོང་བ་བསམ་གཏན་པ་དང་ཀློག་པ་ཐོས་བསམ་པ་རྣམས་ལ་སངས་རྒྱས་ཀྱི་རྗེས་སུ་གནང་པའི་ཚུལ་གྱིས་ལོངས་སྤྱོད་ཆོག །ཚུལ་ཁྲིམས་དང་མི་ལྡན་པའི་རིགས་དང་། ལྡན་ཡང་ཐོས་བསམ་སྒོམ་གསུམ་ལ་མི་བརྩོན་པ་རྣམས་རྫས་སྤྱད་ཆོག་པ་མ་གསུངས་ཀྱང་། མཛོད་ལས། འཕགས་པ་མིན་ཡང་ཕ་མ་དང་། །ནད་པ་དང་ནི་

ཆོས་སྨྲ་དང་། །སྐྱེ་མཐའི་བྱང་ཆུབ་སེམས་དཔའ་ལ། །ཡོན་ནི་གཞལ་དུ་མེད་པར་འགྱུར། །ཞེས་གསུངས་པས། མཐའ་གཅིག་ཏུ་མ་ངེས་པ་ལྟར་འདུག །དད་པ་དག་སྣང་ལྡན་པའི་སྦྱིན་བདག་གིས་ཕྱོགས་ལྷུང་དང་རིས་གཅོད་མེད་པ་གལ་ཆེ་སྟེ། དཀོན་མཆོག་བརྩེགས་པ་ལས། འོད་སྲུང་ང་དང་ང་འདྲས་གང་ཟག་གི་ཚོད་བཟུང་དུ་རུང་གིས་གཞན་དག་གིས་ནི་{ལས་}མ་ཡིན་ཏེ་ལོག་པར་ལྟུང་བའི་ཕྱིར་རོ། །ཞེས་གསུངས་པ་བཞིན་ནོ། །སྤྱིར་དགེ་སྡིག་འཆོལ་ཉོག་ཏུ་མི་སྤྱོད་པར་མཐའ་གཅིག་ཏུ་དཀར་བ་ལས་དཀར་ལ་རྣམ་སྨིན་དཀར་བའི་ཐབས་ལ་བརྩོན་པ་གལ་ཆེ་ཞིང་། ཁྱད་པར་གཤིན་པོར་དགུང་ཞག་བཟུང་སྐབས་བསྔོས་ཤ་ཅུང་ཟད་ཀྱང་མི་རུང་སྟེ་སྡིག་པ་གང་བྱས་ཀྱི་འབྲས་བུ་ཚེ་འདས་ཀྱི་རྗེས་སུ་འབྲངས་ཤིང་དགེ་འབྲས་སྲོག་གཅོད་ཀྱི་སེམས་ཅན་དེ་ལ་ཐོབ་པར་གསུངས་པས་བླང་དོར་ཞིབ་ཏུ་བྱེད་པ་གལ་ཆེ་སྟེ། རྒོད་ཚངས་སྣ་ཚོགས་རང་གྲོལ་མནལ་ལམ་དུ་བར་དོར་བྱོན་པའི་ཉམས་སྣང་ལ་གཤེད་མ་བན་དྷེའི་གཟུགས་ཅན་འཇིགས་སུ་རུང་བ་ཞིག་ན་རེ། །དེང་སངས་ཁྱེད་ཅག་བླ་མ་མཁན་སློབ་དང་། །དགེ་འདུན་མིང་བཏགས་ཆོས་པའི་གཟུགས་བཟུང་ནས། །ཤི་གསོན་ཀུན་གྱི་སྐྱབས་ཡུལ་བྱེད་མཁན་ཚོ། །ཕ་མར་གྱུར་བའི་སེམས་ཅན་སྲོག་བཅད་པའི། །ཤ་ལ་ལྟོ་ཡི་དངས་མ་བྱེད་ནུས་པའི། །སྙིང་སྟོབས་འདི་འདྲའི་ཆེ་ལུགས་ཨ་ལ་ལ། །གློ་བ་ཁྲག་གི་བརྒྱངས་པའི་ཞིམ་ཤ་དང་། །མཆིན་པ་འཁྱགས་ལ་བོར་བའི་མཚར་ཟས་དང་། །གསོན་ཁྲག་ཚོད་མར་བྱས་པའི་བཞེས་སྤྲོ་སོགས། །ཁྱེད་ཅག་བཙུན་པ་རྣམས་ཀྱིས་ཟ་ལུགས་ལ། ཤ་ཁྲག་ཟས་ལ་གཅན་ཟན་བས་ཀྱང་ཧབ། །ཆང་རག་འཐུང་ལ་སྦུར་གོག་བས་ཀྱང་སྲེད། །དཀོར་ཆས་འཚོལ་ལ་ཡི་དྭགས་བས་ཀྱང་མུག །ད་རུང་དགེ་སློང་ཡིན་པར་

ཁས་ལེན་ནམ། །ལྷུང་བཟེད་ཐོགས་བཞིན་ཤ་ཁྲག་ཟ་ལུགས་དང་། །ཆོས་གོས་ཤམ་ཐབས་ཆང་གི་སྦགས་ལུགས་དང་། །ཚོངས་ཁེ་ནོར་རྫས་བུད་མེད་འཚོལ་ལུགས་ནི། །དཀོན་མཆོག་གསུམ་ལ་ངོ་ཡང་མི་ཚ་འམ། །སྦྱིན་བདག་རྣམས་ཀྱི་དཀོར་ལ་ཟ་དུས་སུ། །ཤ་ཟ་ཆང་འཐུང་བྱེད་པའི་སྐྱིད་བུ་དེ། །ལས་ཀྱིས་ཁྲིམས་ར་འདི་རུ་སླེབས་དུས་སུ། །སྐྱིད་སྡུག་ཅི་འདུག་ལྟོས་དང་དཀོར་ཟན་ཚོ། །མ་གི་ཤ་ཁང་ནག་པོའི་བཙོན་ཁང་ན། །ཁྱེད་རང་རྣམས་ཀྱིས་ཤ་ཡི་ཟ་ལུགས་དང་། །བྱེད་ལུགས་མཐུན་པའི་བཀོད་པ་དུ་མར་བཅས། །ཁྱེད་རང་བཙུན་པ་ཚོ་ལ་བྱེད་ཀྱིན་ཡོད། །ལ་ལ་གཙབས་ཡོད་ལ་ལ་གཏུབ་ཅིང་ཡོད། །ལ་ལ་འཚོད་ཅིང་ལ་ལ་འཁྱགས་ལ་བོར། །ལ་ལ་ཁྲག་ཉག་ཚ་བླུགས་སྲེག་ཅིང་ཡོད། །ཅེས་ཟེར་ཞིང་། དེ་དག་ཇི་ལྟ་བར་གཟིགས་པ་དང་། ཉིད་ཀྱི་ཤུལ་གླ་ལ་ཡང་སྔར་ནས་ཤི་བའི་གཉེར་ལས་བྱེད་དང་གྲྭ་རྒན་གྲོང་ཆོག་འབའ་ཞིག་ལ་འགྲོ་མཁན་མང་བར་འདུག་གསུངས་པ་སོགས་འགྲོ་དོན་དུ་མིང་བཏགས་ཀྱང་རང་ཉིད་ལ་ནོམ་པ་ཅུང་ཟད་གྱི་ཆེད་དང་བསམ་པ་རྣམ་པར་མ་དག་པའི་སྐྱོན་ཁོ་ན་ཡིན་ཕྱིར། དེ་ལྟ་བུའི་མྱོང་འགྱུར་གྱི་འབྲས་བུས། ཇི་སྐད་དུ། ལས་ནི་ས་ལ་མི་སྨིན་རྡོ་ལ་མི་སྨིན་ཟིན་པའི་ཕུང་པོ་འབའ་ཞིག་ལ་སྨིན། ཞེས་གསུངས་པ་བཞིན་ནོ། །མྱོས་བྱེད་ཀྱང་ཆོ་ག་ལ་བར་ཆད་དུ་འགྲོ་བས་བཏུང་མི་རུང་བ་དང་། དམིགས་བསལ་དུ་བསྔོས་ཤ་མིན་ངེས་ཀྱི་ཤ་འཁྱར་དང་། མི་བཟི་ཙམ་གྱི་ཆང་ཚོགས་འཁོར་ལྟར་བྱིན་གྱིས་བརླབས་ནས་ཐ་མལ་དུ་མ་ཤོར་བའི་ངང་ནས་སྤྱོད་ན་ཆོག་པས་དེ་ལྟར་ངེས་པར་བྱ་ཞིང་། ཆོ་ག་པ་རྣམས་བསམ་སྤྱོད་མཐུན་ཞིང་དམ་ཚིག་དག་པ་དང་། ཆོ་ག་ཆོས་སྤྱོད་རྣམ་༼རྣམས་༽གཡེངས་འཁྲུལ་མེད་པའི་ངང་ནས་སྒྲུབ་

པ་གལ་ཆེ། དེ་ལྟར་སྦྱོར་དངོས་རྗེས་གསུམ་ཚང་བའི་དགུང་ཞག་གཤིན་པོར་གལ་ཆེ་བར་སྣང་སྟེ། སྡོམ་གསུམ་ཁ་སྐོང་ལས། ཁྱད་པར་གཤིན་པོ་རྗེས་འཛིན་ན། །ངན་སོང་སྦྱོང་རྒྱུད་ལ་སོགས་ལས། །བྱུང་བའི་ཆོ་ག་ཚུལ་བཞིན་དུ། །བྱ་བར་རྫོགས་པའི་སངས་རྒྱས་གསུངས། །དེ་ཕྱིར་འདི་ལ་གཟབ་པར་བྱ། །ཞེས་གསུངས་པས། བདུན་ཚིགས་ཀྱི་ཆོ་ག་སྒྲུབ་མཁན་རྣམས་གོང་དུ་བཤད་པ་ལྟར་སྟོང་ཉིད་སྙིང་རྗེ་ཟུང་འབྲེལ་གྱིས་ཡེངས་འཁྲུལ་མེད་པའི་ངང་ནས་སྒྲུབ་པ་གལ་ཆེ་ཞིང་། དེ་ལས་ལྡོག་པའི་དབྱངས་རོལ་ཕྱག་རྒྱ་སོགས་མཛེས་ཆ་སྙན་ཆ་ཁོ་ན་དོན་དུ་གཉེར་བ་ནི་ཚུལ་འཆོས་ཀྱིས་མི་མགོ་བསྐོར་ཐབས་ལས་མ་འདས་པས། དེས་གསོན་གཤིན་སུ་ལ་ཡང་ཕན་ཐོགས་པར་མི་འགྱུར་བ་དང་། རང་གི་ཚེ་ལ་ཡང་གནོད་ཅིང་ལྡན་གྲོལ་གཉིས་པོ་མ་གཏོགས་པའི་གང་ཟག་གཤིན་ཆོག་ལ་རྒྱུན་དུ་རྒྱུག་པ་རྣམས་རབ་གནས་སོགས་བཀྲ་ཤིས་པའི་ལས་ལ་འཛེམ་དགོས་པར་བཤད་པ་དང་། གཤིན་རྫས་བག་མེད་སྤྱོད་ན་ཡོན་ཏན་སྔར་ཡོད་འགྲིབ་བཞིན་ཕྱིས་མི་སྐྱེ་བར་བཤད་པ་སོགས་མང་དུ་ཡོད་ཅིང་། དཀོན་བརྩེགས་ལས། སྟོན་པས་དཀོར་ཀྱི་ཉེས་པ་གསུངས་པས་ཉན་ཐོས་མང་པོ་ཁྲག་བསྐྱུགས་ཏེ་ཤི་ཞིང་གཞན་འགའ་དཀོར་མི་ཟ་བའི་ཆེད་དུ་སྡོམ་པ་ཕུལ་བས་སྟོན་པས་རྗེས་སུ་ཡི་རང་གནང་བ་སོགས་མདོ་སྔགས་གཉིས་ཀར་གསུངས་པ་ཆེས་མང་ཡང་། ཕལ་ཆེར་དྲང་ངེས་དགོངས་ལྡེམ་སྤྱིར་མདོའི་གནས་རྣམས་དྲང་དོན་ངེས་དོན་གཉིས། དགོངས་པ་དང་ལྡེམ་དགོངས་གཉིས་ཏེ་ཚུལ་བཞིས་བཅིངས་ལ། རྒྱུད་སྡེའི་གནས་རྣམས་དེའི་སྟེང་དུ་སྒྲ་ཇི་བཞིན་པ་དང་། ཇི་བཞིན་པ་མ་ཡིན་པ་གཉིས་ཏེ་མཐའ་དྲུག་གིས་བཅིངས་པར་བྱའོ། །དང་། མཐའ་དྲུག་ཚུལ་བཞིའི་ལུགས་སུ་བཤད་ཡོད་པས་རྟོན་པ་རྣམ་པ་བཞི་ལྟར་གོ་བའི་བླངས་ཕྱོགས་མི་འཛོལ་བ་ཞིག་གལ་ཆེའོ། །སྒྲུབ་མཁན་གྱི་སྐྱོན་ཡོན་

རགས་ཙམ་ཞིག་ཤན་འབྱེད་གྲུབ་ནས། རྗེས་ལ་ཚེ་འདས་འདྲེར་སྐྱེས་ནས་གསོན་པོར་གནོད་དོ་ཞེས་པའི་རྫུན་ཕུག་རྡིབ་པ་དང་། རྩོམ་པ་མཐར་ཕྱིན་ཚེ་དེའི་དགོས་ཆེད་སོགས་ཞར་འབྱུང་དུ་བརྗོད་པའོ། །དང་པོ་ཚེ་འཕོས་ཇི་ལྟར་འགྱུར་བའི་མདོ་ལས་ཤཱཀྱ་དགའ་སྐྱེས་ཚེ་འཕོས་དུས། རྒྱལ་པོ་ཟས་གཙང་དང་ཤཱཀྱ་མིང་ཆེན་རྣམས་ཀྱིས་ཞུས་པའི་ལན་རྒྱས་པར་གསུངས་པ་དང་། མོའུ་འགལ་གྱིས་ཞུས་པའི་ལན་དུ་གསུངས་པ་གང་ལ་ཡང་གཤིན་པོ་འདྲེར་སྐྱེ་ཟེར་བ་མེད་ཅིང་། སྔོན་ཆོས་ཀྱི་རྒྱལ་པོ་ཚངས་པ་ལྷའི་མེ་ཏོག་གིས་སློབ་དཔོན་པདྨ་འབྱུང་གནས་སྤྱན་དྲངས་ནས་བསམ་ཡས་དབུ་རྩེ་ན་བཞུགས་ཚེ། བློན་ཆེན་ཏ་ར་ཀླུ་གུང་ཚེ་འཕོས་དུས་བོན་བླ་རྣམས་ཀྱིས་མཚན་བྱང་ལ་བཀུག་དུས་བློན་པོ་དངོས་སུ་དེར་འོངས་ཤིང་འདོད་ཡོན་གྱི་བཟའ་བཏུང་སྤྱོད་པ་ལ་བོད་རྣམས་ངོ་མཚར་སྐྱེས་ནས་བསྟོད་བསྔགས་བརྗོད་ཚེ། རྒྱལ་པོས་དེ་ཚུལ་སློབ་དཔོན་ལ་ཞུས་པས། འོ་ན་གསང་མིང་དྲིས་ལ་བཤད་རྒྱུ་མེད་ན་འདི་སྟོན་ཞེས་ཕྱག་མཚན་རྡོ་རྗེ་རྒྱལ་པོ་ལ་བསྐུར་བས་རྒྱལ་པོས་དེ་ལྟར་བྱས་ཚེ་དབང་བསྐུར་གྱི་སྐབས་སློབ་དཔོན་གྱིས་ཁོ་རང་རྒྱ་མཚོའི་ཕར་ཁར་བསྐྲད་ནས་མེད། དེ་མིན་བློན་པོ་དང་འབྲལ་མེད་དུ་ཡོད་དོ་ཟེར་བར་རྒྱལ་པོས་གུ་རུའི་ཕྱག་མཚན་བསྟན་པས་དེ་མ་སྟོན་དེས་ང་རང་བརྡུང་བ་ཡིན་ཟེར་བཞིན་བློན་པོ་རྒད་པོ་སློག་ཧྲུལ་གྱོན་པ་ཞིག་ཏུ་གྱུར་ནས་ང་རང་བློན་པོའི་སྲོག་གཅོད་ཀྱི་འདྲེ་ཡིན་ཟེར་ནས་སླར་སྦྲུལ་ནག་ཞིག་ཏུ་གནས་གྱུར་ནས་རླུང་འཚུབས་དང་བཅས་ཏེ་བསམ་ཡས་ཀྱི་ཕུ་རུ་བྲོས་ཞེས་གྲགས་སོ། །དེ་རྗེས་རྒྱལ་པོས་སློབ་དཔོན་ལ་བློན་པོ་གར་སྐྱེས་ཡོད་ཞུས་པས་བྱང་ཕ་གིར་ཡོད་གསུངས་བཞིན་མཆོད་ཡོན་ཀུན་ཕེབས་ཚེ་དེར་དུད་འགྲོའི་ལྕི་བ་ཆེ་བ་ཞིག་གི་འོག་

ན་ཡོད་ཚུལ་དང་། གསང་མིང་ནས་བོས་གསུངས་བཞིན་བྱས་པས་འབུ་སྦུར་ཞིག་ཐོན་བྱུང་བ་ལ་གནས་སྤར་དང་བསྲེགས་བླུགས་གནང་ཕྲལ་ཐར་བ་ཐོབ་པའི་ལོ་རྒྱུས་ལྟར་རོ། །དེ་བཞིན་ཏུ་མཉམ་མེད་དྭགས་པོ་རིན་པོ་ཆེའི་འདྲེ་བཞི་རྩད་གཅོད་ཀྱི་གདམས་པ་ལས། ལྷུན་གྱིས་གྲུབ་པའི་འདྲེ། སྲིད་པ་ཁུངས་ཀྱི་འདྲེ། རྣམ་པར་རྟོག་པའི་འདྲེ། མི་ལས་གྱུར་བའི་འདྲེ་དང་བཞིར་གསུངས་ནས་དང་པོ་གསུམ་ནི། ལུང་དང་རིགས་པ་ཚད་མས་རྫུན་ཕུག་རྡིབ་པ་བཞིན་དང་། མི་ལས་གྱུར་པའི་འདྲེ་ནི་མོ་མ་ལ་སོགས་པ་ན་རེ་ཤི་བ་ཐམས་ཅད་ཕན་གནོད་བྱེད་པའི་འདྲེ་རུ་སྐྱེས་པ་ཡིན་ཟེར་ཏེ། དེ་ལྟར་ཡིན་ན་ལྷ་ཤི་བའི་འདྲེ་དང་། ཡི་དྭགས་དང་དུད་འགྲོ་ལ་སོགས་ཀྱང་འདྲེར་སྐྱེས་དགོས་ཏེ། དེ་སྐད་ཟེར་བ་མི་འདུག་པ་དང་། ཡང་མི་ཤི་བ་ཐམས་ཅད་འདྲེར་སྐྱེས་ན་འགྲོ་བ་རིགས་དྲུག་གཞན་ཡོད་པར་མི་རིགས་ཏེ། ཐམས་ཅད་འདྲེ་ཡི་རིགས་སུ་འགྲོ་བར་རིགས་ཏེ་མི་བདེན། ངེས་པར་འདྲེ་གཟུགས་སུ་གྲུབ་པ་ཅན་ཞིག་ཡིན་ན། སུས་མཐོང་། གཟུགས་མེད་ཅིག་ཡིན་ན་ནམ་མཁའ་༼འདྲ་བས་༽དེས་སུ་ལ་གནོད། གང་ལ་གནོད། དེ་ལྟར་ན་འདྲེ་བས་སངས་རྒྱས་ཀྱང་མིང་དུ་བཏགས་པ་ཙམ་ལས་དངོས་པོར་གྲུབ་པ་མེད་དོ། །དེ་ཡང་ལུང་ལས། སེམས་ཉིད་ཀུན་ཏུ་བཟང་པོ་ལ། །གནོད་པར་བྱ་བའི་རྒྱུ་ཡང་མེད། །མཐོ་རིས་མེད་ཅིང་ངན་སོང་མེད། །སངས་རྒྱས་མེད་ཅིང་སེམས་ཅན་མེད། །ལྷ་ཡང་མེད་ཅིང་འདྲེ་ཡང་མེད། །བདུད་ཀྱང་མེད་ཅིང་བགེགས་ཀྱང་མེད། །གལ་ཏེ་དོན་འདི་མ་རྟོགས་ན། །དཔེར་ན་ནམ་མཁའི་སྐར་མ་འདྲ། །ནམ་མཁའ་ཉིད་ལས་མ་གཡོས་ཀྱང་། །ཉི་ཟླ་གཟའ་སྐར་བཀྲམ་པ་འདྲ། །ཆོས་ཀྱི་དབྱིངས་ལ་བཟང་ངན་མེད། །ཀུན་བཟང་གནས་ལ་ཡངས་དོག་མེད། །ཡེ་ཤེས་ཐུགས་ལ་འཕེལ་འགྲིབ་

མེད། །ཅེས་གསུངས་པ་བཞིན། གཤིན་པོ་དེ་བར་དོ་ནས་ཕྱིར་ལོག་སྟེ། གསོན་པོར་གབ་ནས་གནོད་པ་སྐྱེལ་བའི་རང་དབང་ཅུང་ཟད་ཀྱང་ཡོད་པ་མ་ཡིན་མོད། འོན་ཀྱང་དེང་སྐབས་གཏེར་སྟོན་དང་མངོན་ཤེས་བཤད་མཁན་མང་པོ་ཞིག་འདུག་ཀྱང་བཟང་ངན་གྱི་ཁ་ཚོན་ཆོད་དཀའ་བས་བཏང་སྙོམས་སུ་བཞག་ནས་འདས་ལོག་པ་རེ་ཟུང་བྱུང་བ་ལ་གོ་ཚུལ་གསོང་པོར་བརྗོད་ན་འདི་ལྟ་སྟེ། སྤྱིར་རྒྱལ་བ་ཐབས་མཁས་ཤིང་ཐུགས་རྗེ་ཆེན་པོའི་མངའ་བདག་དེ་རྣམས་ཀྱིས་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་མཛད་པ་བསམ་གྱིས་མི་ཁྱབ་པ་བསྟན་པའི་ཚད་ནི་སུས་ཀྱང་བཟུང་མི་ནུས་ཏེ། བཟང་སྤྱོད་ལས། ནམ་མཁའི་མཐར་ཐུག་གྱུར་པ་ཅི་ཙམ་པར། །སེམས་ཅན་མ་ལུས་མཐའ་ཡང་དེ་བཞིན་ཏེ། །ཅི་ཙམ་ལས་དང་ཉོན་མོངས་མཐར་གྱུར་པ། །བདག་གི་སྨོན་ལམ་མཐའ་ཡང་དེ་ཙམ་མོ། །ཞེས་དང་། འཕགས་པ་ཀླུ་སྒྲུབ་ཀྱི་གཏམ་བྱ་རིན་ཆེན་འཕྲེང་བ་ལས། སེམས་ཅན་ཁམས་ནི་ཚད་མེད་ལ། །ཕན་འདོད་དེ་ནི་དེ་འདྲའོ། །ཞེས་གསུངས་པས། ཕན་སེམས་ལན་གཅིག་སྐྱེས་པ་ཡང་བསམ་ཀྱིས་མི་ཁྱབ་བོ། །དེ་ཡང་ནམ་མཁས་གར་ཁྱབ་ཆོས་སྐུ་དང་ལོངས་སྐུས་ཁྱབ་ཅིང་། སེམས་ཅན་གྱིས་གར་ཁྱབ་སྤྲུལ་སྐུ་དང་འཕྲིན་ལས་ཀྱིས་ཁྱབ་ཅེས་གསུངས་པ་བཞིན། སེམས་ཅན་རྣམས་གང་ལ་གང་འདུལ་གྱི་ཚུལ་དུ་སྤྲུལ་པའི་ཟློས་གར་སྣ་ཚོགས་སྟོན་པ་ཡིན་ཏེ། གང་ལ་གང་འདུལ་དེ་ལ་དེར་སྟོན་པ། ཞེས་གསུངས་པ་བཞིན་ནོ། །བྱེ་བྲག་འདས་ལོག་དངོས་ཀྱི་ལུང་དང་སྒྲུབ་བྱེད་ཡོད་དེ། སྨན་ཆོག་གི་སྐྱབས་གྲོལ་སྐབས་ཆོ་གའི་ནུས་པས་གཤིན་པོ་ཕྱིར་ལྡོག་པར་གསུངས་པ་གོང་དུ་བསྟན་པ་བཞིན་དང་། སྟོན་པའི་ཉན་ཐོས་མཆོག་གཉིས་དམྱལ་བར་གཟིགས་སུ་བྱོན་དུས་མུ་སྟེགས་ཀྱི་སྟོན་པ་འགའ་ཞིག་དམྱལ་

བར་སྐྱེས་ནས་སྡུག་བསྔལ་མྱོང་བ་དང་འཕྲད་ནས་མི་ཡུལ་དུ་ཕྱི་རོལ་བའི་ལུགས་ཀྱིས་ངན་འགྲོར་སྐྱེས་ཚུལ་དང་། ནང་པ་སངས་རྒྱས་ཀྱི་རྗེས་སུ་འཇུག་པར་མཛོད་ཅེས་འཕྲིན་བསྐུར་བ་དང་ཚུལ་མཐུན་ཞིང་། འདུལ་བ་ལུང་ལས། སྔོན་རྒྱ་གར་གྱི་ཡུལ་དུ་གྲོང་ཁྱེར་རྡོ་འཇོག་ཅེས་པར་འཕགས་པ་ཀ་ཏ་ཡ་ན་བྱོན་པ་ལ། ཤན་པ་གཅིག་ལ་སྲོག་གཅོད་སྤང་བར་གདམས་པས་ཤན་པ་དེས་མཚན་མོ་སྲོག་མི་གཅོད་པར་ཁྲིམས་མནོས་པ་ལས། དེ་ཡང་དུས་ལས་འདས་པའི་འོག་ཏུ་སྔར་གྱི་མི་དགེ་བའི་ལས་ཀྱི་རྣམ་པར་སྨིན་པས་ཉེ་ཚེ་བའི་དམྱལ་བར་སྐྱེས་ཏེ་ཉིན་མོ་སྡུག་བསྔལ་ཞིང་མཚན་མོ་ལྷའི་ལོངས་སྤྱོད་དང་ལྡན་པ་གཅིག་ཏུ་སྐྱེས་པ་ལ། ཚེ་དང་ལྡན་པ་གྲོ་ཞུན་སྐྱེས་ཀྱིས་འདི་ལྟར་ཡོང་བའི་རྒྱུ་མཚན་དྲིས་པས་ཤན་པ་དེ་ན་རེ། །ངས་ཉིན་མོ་སྲོག་གཅོད་པས་སྡུག་བསྔལ་ལ། མཚན་མོ་སྡོམ་པ་མནོས་པས་བདེའོ། །ཁྱེད་འཛམ་བུ་གླིང་དུ་འགྲོ་ན་ངའི་བུ་ཀུན་ལ་སྲོག་གཅོད་སྤོངས་ལ་བསྔོ་བ་ཞུས་ཤིག །ཅེས་ཟེར་རོ། །དེ་ནས་ཚེ་དང་ལྡན་པ་གྲོ་ཞུན་སྐྱེས་ཀྱིས་ཤན་པ་དེ་ཡི་བུ་ལ་འཕྲིན་དེ་སྐད་དུ་བཤད་པ་ལས། ཤན་པ་དེའི་བུས་ཀྱང་དེ་བཞིན་ཏུ་ཉན་ཏེ་འཕགས་པ་ཀ་ཏ་ཡ་ན་ལ་ཕ་ཡི་དོན་དུ་བསྔོ་བ་ཞུས་པས་ཉི་ཚེ་བའི་དམྱལ་བ་ལས་ཐར་ཏེ་སུམ་ཅུ་རྩ་གསུམ་པའི་ལྷར་སྐྱེས་ནས་བདེན་པ་མཐོང་བར་གསུངས་སོ། །དེ་བས་ན་ཚེ་འདས་ཀྱི་དོན་དུ་བསྔོ་བ་བསྒྲུབ་པ་གལ་ཤིན་ཏུ་ཆེའོ། །ཡང་སློབ་དཔོན་པདྨའི་དངོས་སློབ་འབྲེ་རྒྱལ་བའི་བློ་གྲོས་ཀྱི་མ་ཡུམ་ཚེ་དུས་བྱས་ཚེ་བར་དོར་གཤིན་རྗེ་ཆོས་རྒྱལ་གཙོ་འཁོར་གྱི་དྲུང་དུ་གཤིན་རྗེའི་ཕོ་ཉས་ཁྲིད་ཚེ། བུས་ཏིང་འཛིན་གྱིས་མའི་རྣམ་ཤེས་བཀུག་པས་གཤིན་རྗེའི་ཁྲིིམས་ར་ནས་ཕྱིར་བཟློག །དེ་རོ་ལ་ཞུགས་ནས་གསོན་པོར་གྱུར་ཏེ་སྡུག་བསྔལ་མྱོང་ཚུལ་གྱི་ལོ་རྒྱུས་བཤད་པ་

སོགས་བདེན་པའི་ལུང་གིས་གྲུབ་སྟེ། རྗེ་ཆོས་ཀྱི་གྲགས་པས། ལུང་ནི་ཡིད་ཆེས་ཚིག་ཡིན་ཏེ། །ཉེས་པ་ཟད་པ་རྫུན་གྱི་ཚིག །སྨྲ་བར་མི་འགྱུར་རྒྱུ་མེད་ཕྱིར། །ཉེས་ཟད་ལུང་དུ་ཤེས་པར་བྱ། །ཞེས་གསུངས་པའི་ཕྱིར་རོ། །འདས་ལོག་པ་རྣམས་ཀྱིས་ལུང་ལ་མཉན་ཏེ་དགེ་སྒྲུབ་སྡིག་སྤོང་བྱེད་པ་གལ་ཆེ་སྟེ། མདོ་ལས། སྡིག་པ་ཅི་ཡང་མི་བྱ་སྟེ། །དགེ་བ་ཕུན་སུམ་ཚོགས་པར་སྤྱད། །རང་གི་སེམས་ནི་ཡོངས་སུ་འདུལ། །འདི་ནི་སངས་རྒྱས་བསྟན་པ་ཡིན། །ཞེས་གསུངས་པ་བཞིན་ལགས་མོད། དེ་ཡང་དེང་སྐབས་གཤིན་པོར་གྱུར་ཚད་འདྲེ་ཡིན་ཞེས་གླེངས་སྐུར་འདེབས་པ་འདི་འདྲ་སྔོན་དུས་ཀྱི་འདྲེ་མོ་ཚོས་སྨོན་ལམ་དུས་སུ་སྨིན་འབྲས་ཀྱིས་སྙིགས་དུས་འདིར་བུད་མེད་ཕལ་ཆེར་གསོན་འདྲེར་སྐྱེས་ཏེ་སྨྱོས་འཁྲུལ་གྱིས་ཆོས་དང་གང་ཟག་ལ་ལོག་ལྟ་བསྐྱེད་དུ་བཅུག་པར་གོར་མ་ཆག་པས། བསྟན་འཛིན་གྱི་སྐྱེས་བུ་དམ་པ་རྣམས་ཀྱིས་ལུང་དང་རིགས་པ་རྣོན་པོས་འདྲེ་མོ་རྣམས་ཀྱི་རྫུན་ཕུག་རྡིབ་པར་མཛད་པ་གལ་ཆེ་ཞིང་། དེ་ཡང་ཚེ་འདས་དང་ཟ་འདྲེ་གཉིས་གཞི་གཅིག་ཏུ་ཁས་ལེན་པ་མགྲིན་བཟང་མི་སྐད་སྨྲ་བའི་ལུགས་སུ་ངེས་པར་བྱས་ནས། སོ་སོར་དབྱེ་ཚུལ་ནི། བཀའ་བརྒྱད་ཀྱི་ལས་ཆེན་ལྔའི་འདུལ་བ་གྲིའི་ལས་ཚོགས་ལས། ཟུག་རྔུའི་མཚོན་དང་ནད་ཀྱིས་སྲོག་གཅོད་པས། །བླ་ནི་གཤེད་མ་འདྲེ་ཡིས་ཁྱེར་ཏེ་མནར། །ལུས་ནི་མཚོན་གྱིས་རྒྱུ་མཐུན་མཚོན་གྲིར་འཆི། །སེམས་ནི་འགྲོ་དྲུག་ལས་ཀྱིས་འབྲས་བུ་སྐྱེས། །ཞེས་གསུངས་པས། སློབ་དཔོན་དུས་གསུམ་མཁྱེན་པའི་གསུང་ཚད་མ་འདིའི་ཕ་རོལ་ན་བདེན་པར་སྨྲ་བ་གཞན་མེད་དོ། །འདིའི་དོན་གཞན་རྣམས་གོ་སླ་ཡང་། བླ་ཟེར་བ་དེ་ལ་འདོད་ཚུལ་མི་གཅིག་པ་སྣ་ཚོགས་འདུག་ཀྱང་། འདིར་རང་གི་གོ་ཚུལ་ཙམ་ཞིག་བརྗོད་ན་གཉིས་ཏེ། ཕྱིར་བླ་གནས་

བརྩི་རྒྱུ་དང་བླ་ཉམས་པ་བཀུག་རྒྱུ་རྣམས་གསོན་དུས་དང་། བླ་གཤེད་མས་ཁྱེར་བ་སོགས་ཤི་དུས་ཀྱི་སྐབས་ཡིན་ཞིང་། ལར་བླ་ཞེས་པ་ལུས་སེམས་མ་བྲལ་བའི་ཕུང་ཁམས་སྐྱེ་མཆེད་ཀྱི་ཚོགས་པ་དེ་ལྷན་ཅིག་སྐྱེས་པའི་ལྷ་འདྲེའི་རྟེན་ནམ་གནས་ཡིན་བཞིན། ལྷ་འདིས་འདི་ཕྱི་གཉིས་ཀར་ཕན་པ་བསྒྲུབས་ཅིང་འདྲེས་གནོད་པ་སྐྱེལ་བ་ཡིན་ཕྱིར། ཚེས་གཅིག་རྐང་པའི་མཐིལ་ལམ་མཐེ་བོང་ལ་གནས་ཚུལ་སོགས་གོ་འཕོ་ཚུལ་གྱིས་གསུངས་པ་ལྷ་ཁོ་ན་ཡིན་པས་གཏར་བསྲེགས་སོགས་འཛེམ་པ་ཡང་དེའི་རྟེན་འབྲེལ་གྱིས་ཡིན་ནོ། །བསྒྲལ་ལས་ཀྱི་དུས་ལྷ་དང་དབྱེ་ཞིང་། བླ་བཀུག་བསྒྲལ་བྱེད་རྒྱུ་ལུས་སེམས་མ་བྲལ་དུས་ཀྱི་རྟེན་དེ་ཡིན་ཞིང་། དུར་སར་གནས་རྒྱུ་གཤིན་པོས་ཚུལ་བཟུང་བའི་གཤེད་མའམ་ལྷན་སྐྱེས་ཀྱི་འདྲེས་འཆི་ཁ་དབུགས་འཕྲོག་ཅིང་སེམས་ལ་ཞུགས་འབྲས་གཤིན་པོ་དེའི་ལོ་རྒྱུས་ཇི་བཞིན་བཤད་རྒྱུ་རྙེད་པ་ཡིན་ཏེ། ཨོ་རྒྱན་ཆེན་པོས། དེས་ན་གཤེད་དང་བྲལ་བ་ཁག་ཆེ་སྟེ། དེ་ཡང་དྲི་ཟ་འཆི་ཁ་མའི་ཡིད་ལ་མངོན་པར་རྒྱུག་པ་ཞེས་བྱ་བ་འཆི་ཁར་འོང་སྟེ། དེའི་དབུགས་ལེན་མདངས་སྡུད་ཕུང་པོ་དེ་བདག་ཏུ་འཛིན་པ་ཚེ་འདས་དེའི་གཟུགས་བཟུང་ནས་གསོན་པོ་རྣམས་ལ་གནོད་ཅིང་འཚེ་བ་དང་འདྲེར་སྐྱེས་ཟེར་དུ་འོང་། ལན་ཆགས་ཀྱི་དབང་གིས་ཚེ་འདས་ཉིད་ལ་བར་དོ་དང་ཕྱི་མའི་མལ་དུ་སྐྱེས་ནས་ཀྱང་གནོད་པར་བྱེད། ཡང་ལྷན་ཅིག་སྐྱེས་པའི་ལྷའི་སྟོབས་ཞན་ཏེ་ལྷན་ཅིག་སྐྱེས་པའི་འདྲེ་དེའི་སྟོབས་ཆེ་ན་ཚེ་འདས་ཀྱི་ལུས་སུ་སྤྲུལ་ནས་གསོན་པོ་ལ་གནོད། གཤིན་ལ་ཡང་དེ་ཉིད་ཀྱི་བར་དོར་ཡང་བདེར་མི་སྟེར་བར་འཕྱངས་ནས་ལྕགས་སུ་བྱེད་པས་བདེ་འགྲོ་མི་སྟེར་ངན་སོང་དུ་ཁྲིད་པས་ཚེ་འདས་གཤེད་དང་མ་བྲལ་བའི་༼བར་༽བདུན་ཚིགས་དང་

ཁྲུས་ཆོག་ཡིན་ཟེར་བ་ནི་གང་ཡང་ཕན་པ་མེད་དོ། །དེ་ཡང་ཟ་འདྲེ་ཤི་གཤེད་ཟེར་བ་འདི་སྤྱིར་བགེགས་རིགས་སྟོང་ཕྲག་བརྒྱད་ཅུར་མ་འདུས་པ་མེད་ཅིང་ཁྱད་པར་ཡི་དྭགས་མཁའ་ལ་རྒྱུ་བ་ཕལ་མོ་ཆེས་གཤིན་པོ་༼པོའི་༽སྲོག་གཅོད་དབུགས་ལེན་མདངས་ཕྲོག་སོགས་བྱེད་པ་ཡིན་ཏེ་གསོན་གྱི་དུས་སུ་ཚེ་གནས་པ་ལ་བར་དུ་གཅོད་ཅིང་། གཤིན་གྱིས་དུས་སུ་སྡིག་པ་སྦྱངས་བ་ལ་བར་དུ་གཅོད་པ་ཞེས་གཤིན་ཆོག་རྣམས་ལས་གསུངས་པ་བཞིན་དང་། གཞན་ཡང་ཟ་འདྲེ་ཤི་གཤེད་ཀྱི་འབྱུང་ཁུངས་བཤད་སྐབས་སུ་ལྷན་ཅིག་སྐྱེས་པའི་ལྷ་འདྲེའི་བྱུང་ཚུལ་དང་དེས་ཕན་གནོད་བྱེད་ཚུལ་གསུངས་པ་ལྟར་ལགས་པས་གྲིར་ཤི་བ་སོགས་ཤི་ལུགས་ངན་ན་གཅོད་འདུལ་ལམ་གྲི་འདུལ་ལྕགས་འདུལ་སོགས་སྐབས་ཐོབ་དང་བསྟུན་ཤེས་པར་བྱ་ཞིང་། དེ་ཡང་ལོ་གྲངས་དྲུག་ཅུ་བརྒལ་ནས་ཕུང་ཁམས་སྐྱེ་མཆེད་རྒུད་པས་གཤེད་འཇུག་ཡུལ་གྱི་རྩ་རླུང་ཞན་སྐྱོན་གྱིས་བསྡོང་ཟླ་དམན་པར་གྱུར་བའི་ཕྱིར་གཤེད་འཇུག་རྒྱུའི་དོགས་པ་མི་དགོས་པར་ཡང་གསུངས་སོ། །འདིར་སྨྲས་པ། དུས་གསུམ་བྱོན་དང་འབྱོན་གྱུར་རྒྱལ་རྣམས་ཀྱིས། །མདོ་སྔགས་བཀའ་གཏེར་ཇི་སྙེད་གསུངས་པ་ཀུན། །སེམས་ཅན་དོན་ལས་གཞན་དུ་མ་གྱུར་ན། །བདག་གི་རྩོམ་པ་འདི་ཡང་དེ་རྗེས་འབྲངས། །འོན་ཀྱང་སྙིགས་དུས་སེར་སྐྱ་ཕོ་མོ་ཀུན། །རང་སྐྱོན་སྦེད་ཅིང་གཞན་སྐྱོན་སྒྲོགས་ལ་བརྩོན། །ལོང་བས་མིག་ལྡན་འཕྱ་བཞིན་འོས་མིན་ངོམ། དེ་ཕྱིར་ཁ་རོག་འདུག་ལ་སྤྲོ་ན་ཡང་། །རང་ནུས་ཚོད་ཀྱི་གཞན་ཕན་མི་སྤོང་བ། །བྱང་སེམས་སྔགས་ཀྱི་དམ་བཅའ་ཡིན་པའི་ཕྱིར། །གསོན་གཤིན་ཡོངས་ལ་ཕན་པའི་བྱང་ཆུབ་སེམས། །ཟླ་ལྟར་དཀར་བའི་སེམས་ཀྱིས་འདི་བརྩམས་དགེས། །མ་ལུས་འགྲོ་བ་སྤྱི་དང་ཁྱད་པར་དུ། །འཇིག་རྟེན་ཕྱི་མའི་ལམ་

ཞུགས་གཤིན་པོ་ཀུན། །སྒྲིབ་ཚོགས་ཀུན་དག་ཐར་ལམ་མཆོག་ཐོབ་ཤོག །ཅེས་གཤིན་པོར་དགུང་ཞག་བཟུང་ཚུལ་གྱི་རྣམ་བཤད་མ་དག་རྙོགས་མ་བགྲུངས་བྱེད་ནོར་བུ་ཀེ་ཏ་ཀ་ཞེས་བྱ་བ་འདི་ནི་སོ་སྐྱེས་འཕགས་པའི་རིགས་སུ་ལུང་བསྟན་པ་རྡོ་རྒན་བྱ་བྲལ་ཀུན་བཟང་གཞན་ཕན་གྱིས་སྤེལ་བས་ཡི་གེ་པ་ནི་དད་དང་ཐོས་པའི་བག་ཆགས་བཟང་པོ་འཇོག་པ་མགོན་པོ་བསམ་འགྲུབ་ཀྱིས་བགྱིས་པས་དགེ་བའི་སེམས་ཅན་ཡོངས་ལ་ཕན་པའི་རྒྱུར་གྱུར་ཅིག་གུ། །དགེའོ། །དགེའོ། །དགེའོ། །


previousདམ་ཆོས་བདེ་ཆེན་ལམ་མཆོག་ལས་གཤིན་པོར་དགུང་ཞག་བཟུང་ཚུལ་གྱི་རྣམ་བཤད་མ་དག་པའི་རྙོགས་མ་བཀྲུ་བྱེད་ནོར་བུ་ཀེ་ཏ་ཀnext