Nitartha Digital Library
Tibetan
བར་དོ་ཐོས་གྲོལ་ཆེན་མོའི་ཆོས་སྐོར་ཕྱོགས་བསྒྲིགས།


   
   
   
   
   
   
   
   
   
   
   
   
   
   
ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་གྱི་གནས་འདྲེན་གྱི་སྤྱི་དོན་རྣམ་དག་ལམ་བཟང་།
   
   
   
   
   
   
   
   
   
   
   


 
previousཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་གྱི་གནས་འདྲེན་གྱི་སྤྱི་དོན་རྣམ་དག་ལམ་བཟང་།next

ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་གྱི་གནས་འདྲེན་གྱི་སྤྱི་དོན་རྣམ་དག་ལམ་བཟང་།

ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་གྱི་གནས་འདྲེན་གྱི་སྤྱི་དོན་རྣམ་དག་ལམ་བཟང་ཞེས་བྱ་བ་བཞུགས་སོ། །

བྱང་ཆུབ་བར་དུ་འབྲལ་མེད་མགོས་ཕྱག་འཚལ། །དོན་གཉིས་ཉམས་སུ་ལེན་པའི་གང་ཟག་གིས། །རིམ་གཉིས་བསྒོམ་པའི་ལམ་མཆོག་ཟབ་མོ་འདི། །བདེན་གཉིས་གར་གྱི་རོལ་རྩེད་ཕ་མཐའ་ཡས། །སྒྲིབ་གཉིས་རྨོངས་པའི་གཡུལ་ལས་འདི་ན་རྒྱལ། །དེ་ལྟར་མཆོད་པར་བརྗོད་པ་ཚུལ་ཙམ་གྱིས་སྤྲོས་ཏེ། འདིར་རྒྱལ་བ་རྣམས་ཐབས་མཁས་ལ་ཐུགས་རྗེ་མྱུར་བ་འཁོར་འདས་ཡོངས་ཀྱི་སེམས་ཅན་ལ་མ་ནོར་བའི་ལམ་མཆོག་དམ་པ་རྫོགས་བྱང་དུ་བཀྲི་བའི་ཆེད་དུ་ཆོས་སྒོ་བསམ་གྱིས་མི་ཁྱབ་པར་བསྟན་པའི་ནང་ནས་ཀྱང་ཚེ་འདས་ངན་སོང་གནས་ནས་འདྲེན་པའི་ཆོས་ཟབ་མོ་འདི་ལ་ལམ་ཁྱེར་གྱི་ཆོ་གའི་རིམ་པ་སྤྱི་དོན་མདོ་ཙམ་བསྟན་པ་ནི། དང་པོ་དབང་བསྐུར་བའི་སློབ་དཔོན་གྱི་མཚན་ཉིད་དང་། གཉིས་པ་བསྐུར་བྱ་སློབ་མའི་མཚན་ཉིད་དང་། གསུམ་པ་སྐུར་བྱེད་ཆོ་གའི་ལས་རིམ་སོགས་མདོ་ཙམ་སྨོས་ན་ཡང་། ཐོག་མར་སློབ་དཔོན་མཚན་ཉིད་ནི། བླ་མ་དམ་པའི་མདུན་ནས་དབང་ལུང་ཐོབ་ཅིང་བསྙེན་པ་ཚད་ལ་ཕེབས་པ་རིམ་གཉིས་ཟབ་མོའི་ལམ་ལ་དབང་འབྱོར་བ་ཕྱི་ནང་གི་དེ་ཉིད་སོགས་ཚང་བ་དག་ནི་སངས་རྒྱས་མིའི་གཟུགས་སུ་སྤྲུལ་བ་གོར་མ་ཆག་སྟེ། འཇམ་དཔལ་རྩ་རྒྱུད་ལས། གང་ཕྱིར་སངས་རྒྱས་ཐམས་ཅད་ནི། །འདས་དང་མ་བྱོན་ད་ལྟར་གྱི། །

ཐམས་ཅད་མི་ཡི་གཟུགས་སུ་གནས། །མི་ཡི་ལུས་སུ་ཡང་དག་འབྱུང་། །ཞེས་དང་། གུར་ལས། གང་ཞིག་རྡོ་རྗེ་སེམས་དཔའ་ཞེས། །རྡོ་རྗེ་སློབ་དཔོན་གཟུགས་སུ་གནས། །ཞེས་གསུངས་པ་དེ་ལྟར་ཡིན་མོད་ཀྱང་། སྙིགས་མའི་དུས་འདིར་བླ་མ་ལ་སྐྱོན་ཕྲ་མོ་ཙམ་གྱིས་ཀྱང་མི་འགལ་ཏེ། དཔལ་དོན་དམ་བསྙེན་པ་ལས། སྙིགས་དུས་དབང་གི་བླ་མ་སྐྱོན་དང་ཡོན་ཏན་འདྲེས། །རྣམ་པ་ཀུན་ཏུ་སྡིག་དང་བྲལ་བ་ཡོད་མ་ཡིན། །གང་གི་ཡོན་ཏན་ལྷག་པར་ཡང་ནི་ལེགས་ཤར་བས། །བུ་རྣམས་ཀྱིས་ནི་བསྟེན་པར་བྱ་བ་འོས་ཉིད་དོ། །ཞེས་གསུངས་པ་{དེ་}བཞིན་སྒྱིད་མི་ལུག་པར། ཆོ་ག་ལ་འཇུག་པའི་དུས་སུ་ཡང་རྣམ་གཡེང་ལེ་ལོའི་དབང་དུ་མ་ཤོར་བ་གལ་ཆེ་སྟེ། སློབ་དཔོན་ཆེན་པོའི་ཞལ་ནས། མདོར་ན་ཆོ་ག་པས་ཀྱང་། ཆགས་དབང་དང་། གཉིད་དབང་དང་། ལེ་ལོ་དང་། བྲེ་མོའི་གཏམ་ཕྱིར་མི་གཡེངས་པར་དམིགས་པ་ཏིང་ངེ་འཛིན་མ་ཡེངས་པ་ནི་གནད་ཆེའོ། ཞེས་གསུངས་པ་དེ་ལྟར་རོ། །གཉིས་པ་བསྐུར་བྱ་སློབ་མའི་མཚན་ཉིད་ནི། རིགས་དྲུག་གནས་འདྲེན་གྱི་ཁྲུས་ཆོག་འདི་གཤིན་པོའི་ཆོ་ག་ཡིན་ཀྱང་གསོན་པོ་ལ་བསྐུར་དུ་རུང་སྟེ། རྒྱུད་སྡེའི་དགོངས་པ་མ་ལོན་པ་ཕལ་གྱིས་གཤིན་ཆོག་འདི་ཀ་གསོན་ལ་བསྐུར་དུ་རུང་བར་མ་སེམས་ཞེས་སྨྲ་བ་ཡོད་དེ། དེ་དག་མ་ཡིན་ཏེ། མདོ་ཁམས་དང་བྱང་འབྲོག་གི་ཕྱོགས་འདིར་མཁས་ཤིང་གྲུབ་པའི་དབང་པོ་དུ་མས་སྦྱིན་བདག་གསོན་པོ་རྣམས་ལ་འཆད་པས། གནས་སྐབས་དང་མཐར་ཐུག་གི་ཕན་པ་ཆེན་པོ་འགྲུབ་པ་དོན་གྱིས་གསལ་མོད། ལར་སྦྱིན་བདག་རྣམས་ལ་འགྲོ་དྲུག་གི་སེམས་ཅན་ལས་འབྲས་ཀྱི་རྗེས་སུ་འབྲང་བ་ལ་གསོན་ལ་ཆགས་སེམས་དང་ལུས་ཀྱི་ལན་ཆགས་ལས་ངན་

གྱི་ལྷག་མ་སོགས་སྦྱང་བྱ་ཡོད་དེ། རྫོགས་པ་རང་བྱུང་གི་གཤིན་ལུང་ལས། གཤིན་གྱི་བརྩེ་གདུང་གསོན་ལ་ཆགས་པའི་འདྲེར་ཆེ་ཞེས་གསུངས་པ་དང་། གསོན་ལ་འཆད་པར་འོས་པ་ནི། ལྷའི་བུའི་ཞུས་པའི་མདོ་ལས། ཀྱེ་མ་ལྷའི་བུ་རྣམས་ངན་སོང་དུ་སྐྱེས་ཟིན་པའི་འགྲོ་བ་གང་ཡང་། གོས་སམ་རུས་བུའམ་མིང་ལ་དབང་བསྐུར་བར་བྱོས་ཤིག །གང་དག་གཟུགས་བརྙན་ལ་ཡང་དབང་བསྐུར་བྱོས་ཤིག །མཆོད་རྟེན་ལ་ཡང་དབང་བསྐུར་བར་བྱོས་ཤིག །ཆུང་ངུ་ནས་དེ་དང་རིགས་མཐུན་པ་དང་། དེའི་བུ་དང་དེའི་རིགས་གཅིག་པ་དང་། བྲན་ལ་ཡང་དབང་བསྐུར་བར་བྱོས་ཤིག །ཅེས་གསུངས། ལར་གསོན་གཤིན་གང་ལའང་ཁྲུས་ཆོག་འཆད་ཀྱང་ཅི་འགལ། སྦྱང་བྱ་ཉོན་མོངས་པ་མ་དག་པའི་ཆ། སྦྱོང་བྱེད་ཁྲུས་དབང་གི་རིམ་པ་སློབ་མ་སྨིན་ཅིང་གྲོལ་བ། སྦྱངས་འབྲས་སངས་རྒྱས་སྐུ་གསུམ་གྱི་གོ་འཕང་ལ་འགོད་པ་སྟེ། མདོ་ལས། ལུས་ཅན་དག་གི་ལས་རྣམས་ནི། །བསྐལ་བ་བརྒྱར་ཡང་ཆུད་མི་ཟ། །ཚོགས་ཤིང་དུས་སུ་བབ་གྱུར་ན། །འབྲས་བུ་ཉིད་དུ་སྨིན་པར་འགྱུར། །ཞེས་གསུངས་པས། དེ་བཞིན་སློབ་མ་ལ་ཐོག་མའི་དུས་ནས་ད་ལྟའི་བར་དུ་གསོན་གྱི་དུས་སུ་བདུད་དང་། གཤིན་གྱི་དུས་སུ་ལྕགས་སུ་བཅུག་པའི་མཐོ་རིས་ཐར་བའི་ལམ་ལ་གེགས་བྱེད་པ་རྣམས་ལྷ་སྔགས་ཏིང་ངེ་འཛིན་གྱི་ནུས་པའི་སྒོ་ནས་དགུག་སྟེ་བྱང་བུ་ལ་བསྟིམ། དམ་ཆོས་བསྒྲུབ་པ་ལ་བར་དུ་གཅོད་པའི་ཚོགས་རྣམས་ལ་བརྔན་རྫས་བྱིན་ཏེ་ཕྱིར་བསྐྲད། བྱང་བུ་དང་སྦྱིན་བདག་གཉིས་ཤིན་ཏུ་ཉེ་བའི་མཆེད་ཀྱི་ཚུལ་དུ་བྱས་ནས་ཁྲུས་དབང་གི་སྒོ་ནས་སྨིན་ཅིང་གྲོལ་བར་བྱས་ཏེ། དམ་ཚིག་གཏད་དེ་སྦྱིན་བདག་ལ་ཤིས་པ་སོགས་བརྗོད། བྱང་བུ་ལ་འདོད་ཡོན་བསྔོ་བ་སོགས་བྱས་ཏེ་རྣམ་ཤེས་རང་བཞིན་ཡེ་ཤེས་ཀྱི་གནས་སུ་སྤར་

ཏེ་རྒྱལ་བའི་གོ་འཕང་ལ་བཀོད། བསྔོ་བ་དང་སྨོན་ལམ་གྱིས་རྒྱས་གདབ་པར་བྱ། ལར་ད་ལྟའི་གསར་ཕྱོགས་བླ་མ་ཕལ་ཆེར་གྱིས་འོ་བརྒྱལ་དུ་འདོད་ནས་གཤིན་པོ་ལ་ཁྲུས་ཆོག་ཙམ་མ་གཏོགས་དབང་མཛད་པ་ཆེར་མ་མཐོང་སྟེ། དེ་རྣམས་གྱིས་ཕྱག་བཞེས་ལ་གོ་བ་མ་ཆགས་ཏེ། སྐབས་དང་མཐུན་པའི་གཤིན་པོ་ལ་དབང་རེ་བསྐུར་ན་ཡང་ཤིན་ཏུ་ལེགས་མོད། དུས་འཁོར་རྩ་རྒྱུད་ལས། །རྡུལ་ཚོན་དཀྱིལ་འཁོར་བྲིས་ནས་ནི། །གཤིན་ལ་གསོན་བཞིན་དབང་བསྐུར་ན། །ངན་སོང་གསུམ་དུ་སྐྱེས་ན་ཡང་། །དེ་ཉིད་གྲོལ་བར་ཐེ་ཚོམ་མེད། །ཅེས་གསུངས་པ་དེ་བཞིན་ཡོངས་སུ་གྲགས་པའི་རྒྱུད་ལུང་དང་། མཁས་གྲུབ་རྣམས་ཀྱི་ཞལ་ལུང་སོགས་དུ་མ་བཞུགས་པས་ཐུགས་ལ་འཇོག་པར་འཚལ། གསུམ་པ་དབང་བསྐུར་ཆོ་གའི་ལས་རིམ་ནི། ཞིི་ཁྲོ་དགོངས་པ་རང་གྲོལ་གྱི་ཆ་ལག་ཚེ་འདས་རྣམ་ཤེས་རིགས་དྲུག་གནས་ནས་དྲངས་ཏེ་ལས་སྒྲིབ་སྦྱངས་ནས་དག་པའི་ཞིང་དུ་བགྲོད་པའི་ཆོ་ག་ཟབ་མོ་འདི་ལ་སྤྱི་དོན་རྣམ་པ་བཅུ་སྟེ། དང་པོ་ཚེ་འདས་གཤེད་དང་ཕྲལ་བ། གཉིས་པ་རིགས་དྲུག་གནས་ནས་འགུགས་པ། གསུམ་པ་རྣམ་ཤེས་རྟེན་ལ་བསྟིམ་པ། བཞི་པ་སྒྲིབ་སྦྱང་དུག་ཁྲུས་བྱ་བ། ལྔ་པ་རྒྱུད་ལྔའི་ལྷ་ལ་སྐྱབས་སུ་འགྲོ་བ། དྲུག་པ་དཀྱིལ་འཁོར་དག་དུ་འཇུག་པ། བདུན་པ་དབང་བཞི་ཡོངས་རྫོགས་བསྐུར་བ། བརྒྱད་པ་ཞིང་དུ་སྨོན་ལམ་གདབ་པ། དགུ་པ་ནད་དང་སྒྲིབ་པ་སྦྱང་བ། བཅུ་པ་ལམ་བསྟན་གནས་སྤར་བྱ་བའོ། །དེ་ལ་ཞོར་དུ་བཤད་པ་ནི། བུམ་ཆུའི་ཚིག་ཟིན། བྱ་རྒྱུད་རྡོ་རྗེའི་རྩེ་མོ་ལས། བུམ་རྫས་བསྲེ་བའི་ཆུ་ཡང་། ཆུ་བོ་མགོ་ལྷུམ་གྱི་བསོད་ནམས་ཀློང་རྟ་ལ་གནོད་པ་དང་། མཇུག་ཟད་ཀྱི་ཚེ་སོགས་ལ་གནོད་པར་བཤད་པས། ཆུ་བོ་རྒྱུན་རིང་བ་ཆུ་ཤི་བདུན་ལས་མ་ཡིན་པའོ། །ཅེའི་ཕྱིར་ནའང་། ཆུ་བོ་ཡན་ལག་བརྒྱད་ལྡན་རྒྱུད་གཞུང་རྣམས་སུ་དགོས་པར་བཤད། དེ་ཡང་ཅི་སྐད་དུ། བསིལ་དང་འཇམ་དང་ཞིམ་དང་ཡང་། །དྭངས་ཤིང་དྲི་མ་མེད་པ་དང་། །འཐུང་ན་ལྟོ་ལ་བྱམས་པ་

དང་། །མགྲིན་པ་ལའང་མི་གནོད་པ། །ཡན་ལག་བརྒྱད་ལྡན་ཆུར་བཤད་དོ། །འདིར་བུམ་པ་དང་བུམ་པའི་ཆོས་རྣམས་ཅུང་ཟད་ཙམ་བརྗོད་པ་ནི། བུམ་པའི་ངོ་བོ་དང་། ངེས་ཚིག་དབྱེ་བ་སོགས་བྱས་ན་ཡང་། ངོ་བོ་ནི་སྣང་སྟོང་ཟུང་འཇུག་ཐབས་དང་ཤེས་རབ་དབྱེར་མེད་པའི་སྐུ་གསུམ་རང་ཆས་ཀྱི་ཆ་ལ་བཞག་སྟེ། ཞི་ཁྲོ་དབང་ཆེན་ལས། བུམ་པ་འདི་ནི་ཆོས་ཀྱི་སྐུ། །བུམ་བཅུད་འདི་ནི་ལོངས་སྤྱོད་རྫོགས། །གཟུངས་ཐག་ཁ་རྒྱན་སྤྲུལ་པའི་སྐུ། །ཞེས་གསུངས་པ་དེ་བཞིན་ནོ། །ངེས་ཚིག་ནི་སྒྲ་ལས་གུམ་བྷའི་བུམ་པ་ཞེས་གཞལ་ཡས་ཁང་གི་ནང་དུ་ལྷ་ཚོགས་གསལ་བ། ཆུ་སྙོམས་འཇུག་གི་ཆུ་རྒྱུན། བྱེད་ལས་ཀྱི་སྒོ་ནས་མ་སྨིན་པ་སྨིན་པར་བྱེད་པའོ། །དབྱེ་བ་ནི། རྟེན་བྱེད་དང་། མཚོན་བྱེད་དང་། རང་བཞིན་དང་། རྣམ་རྒྱལ་དང་། ལས་ཐམས་ཅད་ཀྱི་བུམ་པ་ཞེས་མང་དུ་མཆིས་སོ། །དེ་ཡང་ནང་གསེས་སུ་བུམ་པའི་ཚད་དང་མཚན་ཉིད་བསྟན་པ་ནི། དཔལ་དུས་ཀྱི་འཁོར་ལོ་ལས། །བུམ་པའི་ཚད་དང་། རྒྱུ་དང་། ཁ་དོག་དང་དབྱེ་བ་སོགས་བྱས་ན་ཡང་། ཚད་ནི་ཞི་བའི་བུམ་པ་དཔང་དུ་སོར་ཉི་ཤུ། ལྟེ་བའི་ཁྱོན་སོར་བཅུ་དྲུག །མགྲིན་པའི་དཔང་སོར་དྲུག །ཁའི་བུ་གའི་རྒྱ་ལ་སོར་བརྒྱད། དེའི་མཐར་སོར་བཞི་ཐུར་དུ་འཕྱང་བ། རྒྱས་པའི་ཚད་ནི་དཔང་དུ་སོར་བཞི་བཅུ། ལྟེ་བའི་རྒྱ་ལ་སོར་སུམ་ཅུ་རྩ་གཉིས། མགྲིན་པའི་དཔང་ལ་སོར་བཅུ་གཉིས། ཁའི་བུ་གའི་ཚད་ལ་སོར་བརྒྱད། དེའི་མཐར་སོར་བཞི་མཐུར་དུ་འཕྱང་བ་སོར་བཞི། བུམ་པའི་མཐའི་ཚད་ནི། རང་གི་བྲེ་ཕུལ་དགུ་ཤོང་བ་མཐའ་ཚད་ལ་བཞེད་དོ། །དབང་དྲག་གཉིས་ལ་བུམ་པའི་ཚད་མ་མཐོང་སྟེ་བུམ་པའི་རྒྱུ་ནི། ཞི་བ་ལ་དངུལ། རྒྱས་པ་ལ་གསེར། དབང་ལ་ཟངས། དྲག་པོ་ལ་ལྕགས་སོ། བྱ་བའི་རྒྱུད་ལས། ཆུ་ཡི་གསེར་རམ་ཡང་ན་ནི། །དངུལ་གྱི་བུམ་པ་དག་ཀྱང་རུང་། །ཞེས་གསུངས་ཀྱང་

འབྱོར་བ་དམན་པའི་རྣམ་པ་ཡང་། རྒྱུད་ལས། ས་ལས་བྱས་པའི་བུམ་པ་ལ་ཞི་བའི་ལས་བྱེད་ན་དཀར་རྩི་བྱུག་ཏེ། བུམ་པ་དཀར་པོ་ལྟོ་བ་ཆེ་བ་ཞེས་དང། རྒྱས་པ་ལ་ཁ་དོག་སེར་པོ་བྱའོ། །དབང་ལ་དམར་པོ། དྲག་པོ་ལ་ནག་པོ་ཞེས་གསུངས་སོ། །བུམ་པའི་མཚན་ཉིད་དག་པ་དང་སྦྱར་བ་ཡང་། །བུམ་པའི་རྒྱུ་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་ཉོན་མོངས་པའི་དྲི་མས་མ་གོས་པ། ཞབས་ཞུམ་པ་ནི་འཁོར་བའི་མཐའ་ལ་མི་གནས་པའོ། །ལྟོ་བ་ལྡིར་བ་ནི་ཆོས་ཀྱི་དབྱིངས་ཟབ་ཅིང་རྒྱ་ཆེ་བའོ། །མགྲིན་པ་ཕྲ་བ་ནི་ཆོས་ཀྱི་དབྱིངས་གཏིང་དཔག་དཀའ་བའོ། །མཆུ་འཕྱང་བ་ནི་ཐུགས་རྗེས་སེམས་ཅན་འཁོར་བའི་གནས་ནས་འདྲེན་པའོ། །ཁ་གཡེལ་བ་ནི་སེམས་ཅན་གྱི་དོན་འབད་མེད་དུ་འགྲུབ་པའོ། །པཉྩ་ལི་ཀ་ནི་ཡེ་ཤེས་ལྔ་རུ་མཚོན་པའོ། །དཔག་བསམ་ཤིང་གི་ཁ་རྒྱན་ནི་བྱང་ཆུབ་རྣམ་པ་གསུམ་གྱི་འབྲས་བུ་མཚོན་པའོ། །ཞེས་སོ། ཡང་སྔོན་ཚེ་ཀླུའི་བུ་མོས་མགུལ་ཆིངས་ཁ་དོག་སྣ་ལྔ་ཕུལ་བ་ནི། ཉོན་མོངས་ལྔ་ཡུལ་སྣང་དག་པའི་རྟགས་སོ། །དམུའི་བུ་མོས་གཟུངས་ཐག་རིགས་ལྔ་བུམ་བཅུད་རྒྱན་དང་བཅས་པ་ཕུལ་བ་ནི། རང་རིག་ཆོས་སྐུ་འགྱུར་བ་མེད་པའི་བརྡའོ། དེ་ལྟར་སྤྲོས་ན་ཡང་། བུམ་པ་ལྔ་བྱེད་ན་དབུས་ཀྱི་བུམ་པ་སྨན་ལྔས་བཀང་བ་ནི། སླེ་ཏྲེས། རྒྱ་མཚོའི་སྦུ་བ། ཀཎྜ་ཀ་རི། དབང་ལག །ཤུ་དག་དཀར་པོ་སྟེ་སེམས་ཅན་ཀྱི་ཉོན་མོངས་པ་ལྔའི་ནད་སེལ་བའི་དགོས་པའོ། །ནུབ་ཀྱི་བུམ་པ་དྲི་ལྔས་བཀང་བ་ནི་ཙནྡན། ག་བུར། གུར་གུམ། ཛ་ཏི། གླ་རྩི་རྣམས་སེམས་ཅན་ཐམས་ཅད་ཚུལ་ཁྲིམས་བལྟམས་པའི་དྲི་དང་ལྡན་པའི་དོན་ནོ། །ཤར་གྱི་བུམ་པ་འབྲུ་ལྔས་བཀང་བ་ནི། ནས། གྲོ། འབྲས། ཏིལ། སྲན་མ་རྣམས་སེམས་

ཅན་ཐམས་ཅད་དགེ་བ་བཅུའི་ལོ་ཏོག་འཕེལ་ཞིང་རྒྱས་ནས་མུ་གེའི་བསྐལ་པ་ལས་ཐར་བའི་དོན་ནོ། །བྱང་གི་བུམ་པ་སྙིང་པོ་ལྔས་བཀང་བ་ནི། ལན་ཚྭ། འོ་མ། མར། སྦྲང་རྩི། ཀ་ར་རྣམས་སེམས་ཅན་ཐམས་ཅད་བདེ་བའི་སྙིང་པོ་དང་ལྡན་པའི་དོན་ནོ། །ལྷོ་ཡི་བུམ་པ་རིན་ཆེན་ལྔས་བཀང་བ་ནི། གསེར། དངུལ། ཟངས། ལྕགས། བྱི་རུ་རྣམས་ནི་སངས་རྒྱས་རྟོག་པ་མེད་{པ་}བཞིན་དུ་སེམས་ཅན་གྱི་དོན་བྱེད་པའོ། །དེ་ལྟར་བུམ་བཅུད་རྒྱན་གོས་སོགས་འཚགས་ཏེ་སྔགས་ཀྱིས་བཏབ་ཅིང་ཆས་སུ་བཅུག །ཡང་བུམ་པ་གཅིག་པུ་ཡིན་ནའང་རྫས་ཉེར་ལྔས་བཀང་བར་བྱས་སྟེ་སྔ་མ་ལྟར་རོ། །རྫས་ཉེར་ལྔ་ཙམ་མ་འབྱོར་ནའང་དྲི་བཟང་པོ་བླུགས་པས་ཡོང་ཙམ་ཡིན་པ། བྲག་ནག་པ་བསམ་གཏན་དཔལ་བ་ལ་སོགས་པའི་མཁས་གྲུབ་དུ་མས་དེ་ལྟར་བཞེད། རྒྱུད་ལས། ཐ་ནའང་ཆུ་བོ་ཡན་ལག་བརྒྱད་ལྡན་དགོས་ཀྱི། ཇི་སྐད་དུ། བསིལ་དང་ཞིམ་དང་ཡང་དང་འཇམ། །དྭངས་དང་དྲི་མ་མེད་པ་དང་། །འཐུང་ན་ལྟོ་ལ་བྱམས་པ་དང་། །མགྲིན་པ་ལའང་མི་གནོད་པ། །ཆུ་བོ་ཡན་ལག་བརྒྱད་ལྡན་ནོ། །དེ་ཡང་བུམ་ཆུ་ནི། ཆུ་ཤི་མ་ཡིན་པའི་ཆུ་བོ་རྒྱུན་འབབ་སྲོག་ཆགས་མི་གནས་པ་ལ་བྱ་དགོས་ཏེ། རྒྱུད་ལས། ཆུ་ཤི་བདུན་ལས་བུམ་ཆུ་མིན། །ཞེས་གསུངས། དེ་བཞིན་ཆུ་ཤི་བདུན་ནི། སེར་བ། ཁུ་འཕང་། ཁ་བ། ཆར་སོགས། ཁྱམ་ཆུ་མཚོ་དང་། རྫིང་བུར་འཁྱིལ་བ། ཁྲོན་པ་ཀོ་མོག་བོང་མའི་ཆུ། །ཆུ་མིག་ཞབས་ཟད་རྒྱུན་ཆད་དང་། །ཞེས་སོགས་བཤད་པ་ནི། ཁྱམ་ཆུ་མཚོ་དང་ཞེས་པ་ནི། འདབ་རྒྱུན་མི་འབབ་པ། རྫིང་བུ་འཁྱིལ་བ་ནི་བཟོས་པའི་ཆུ་བསྐྱིལ་བ། ཁྲོན་པ་ནི་ས་འོག་གི་དོང་བརྐོས་པའི་ཆུ། ཀོ་མོག་ནི་ན་བའི་ནང་དུ་ཆུ་འཁྱིལ་བ། བོང་མའི་ཆུ་ནི་ཆུ་ཆེན་སྐྱེས་ནས་མར་འགྲིབ་པའི་ས་འོབ་ལ་ཆུ་འཁྱིལ་

པ། ཆུ་མིག་མཇུག་ཟད་རྣམས་སོ། །ཆུ་ཤི་དེ་རྣམས་ཀྱིས་བུམ་ཆུ་མི་བྱེད། གལ་སྲིད་བྱེད་དགོས་བྱུང་ན་ཡང་རྡོ་རྗེའི་ར་བར་ནས་དྲངས་ཏེ་བླུགས་ན་ཉེས་པ་མི་འབྱུང་སྟེ། བུམ་ཆུ་བླུགས་ཚེ་ཡང་སུམ་ཆ་གཉིས་གང་བར་བྱ། བུམ་ཆུ་ཁ་སབ་བྱེད་པའི་དུས་སུ་བུམ་ཆུ་ཚུར་ཆུ་རྒོད་ལ་ཅུང་ཟད་བསྲེས་ནས་མ་བླུགས་ན་བུམ་ཆུའི་ནུས་པ་གཏན་ནས་ཉམས་པ་ཡིན་པས་ལས་སློབ་རྣམས་ཀྱི་ཐུགས་ལ་བཅག་པར་འཚལ། དེ་ལ་ཐོག་མར་དབང་རྫས་བུམ་པ་ལྔའམ་གཅིག་གམ་གང་རྙེད་ལ་ཁ་རྒྱན་མགུལ་ཆིངས་གཟུངས་ཐག་རྫས་ཉེར་ལྔ་ཡོངས་རྫོགས་གཞུང་བཞིན་བཤམས་ཏེ། ཆོ་ག་ལེགས་པར་བསྒྲུབས་ཏེ། ལས་བུམ་ཚར་རྗེས་སུ། མདུན་དུ་རིགས་དྲུག་གི་སྟེགས་བུ་ས་བཅད་རིམ་དྲུག་བྱས་ལ། རིམ་པ་བཞིན་དུ་ཐུབ་པ་དྲུག་གི་ཙ་ཀ་ལི་བུམ་པ་གང་འཛོམས་བགེགས་གཏོར་དྲུག །རིགས་དྲུག་གི་ས་བོན། བྱང་བུ་འདོད་ཡོན་སོགས་ལས་ཀྱི་སློབ་དཔོན་གྱིས་བཀྲམ། ཡང་བླ་མའི་མདུན་དུ་རྡོར་དྲིལ་ཌཱ་མ་རུ་ཁྲུས་ཆས་ལས་བུམ་སྦྱང་ཆས་འཐོར་ནས་བྱེ་མ་སོགས་འཚགས་པར་བྱས་ལ། དེ་ནས་དང་པོ་གཤེད་དང་བྲལ་བ་ལ་གཉིས་ཏེ། སློབ་དཔོན་ཀྱིས་ཀུ་ཤས་ལས་གྱི་ཆུས་བྲན་ཏེ། ཧཱུྃ་བདག་ཉིད་རྡོ་རྗེ་སེེམས་དཔའི༴ རྟེན་ལ་བསྟིམས། ཞེས་པའི་བར་བདག་ཉིད་རྡོ་རྗེ་སེམས་དཔའ་སྣང་སྟོང་མེ་ལོང་གི་གཟིགས་བརྙན་ལྟར་གསལ་བའི་ཐུགས་སྲོག་ཧཱུྃ་ཡིག་ལས་འོད་དཀར་པོ་དྲི་མ་མེད་པ་འཕྲོས་པས་སྲིད་པ་བར་མ་དོ་དང་འཁོར་འདས་ཡོངས་ལ་སྐད་ཅིག་གིས་ཁྱབ་པས། ཚེ་འདས་ཀྱི་རྣམ་ཤེས་ནྲྀཿ་ཡིག་འཁྱམས་པོ་དེ་ལ་ཕོག་པས་ཨ་དཀར་པོར་གནས་འགྱུར་ནས་ཨ་ཡིག་དུ་གནས་འགྱུར་དགོས་པ་ནི་ཚེ་འདས་གར་གནས་གྱི་ཆ་མ་མཆིས་པའི་ཕྱིར་འཁོར་འདས་གཉིས་ཀྱི་སྤྱིའི་ས་བོན་ཨཱཿཡིག་ལ་

བཞག་པ་མཆན། བྱང་བུར་ཐིམ་པར་བསམས་ནས། །ཡིག་བརྒྱ་བཟླས་པའི་ཐུགས་ཀའི་སྔགས་ཕྲེང་ལས་འོད་ཟེར་འཕྲོས་པས་{ས་བོན་འཕྲོས་པའི་}ས་བོན་རྟེན་གཞིའི་མ་དག་པའི་ཆ་ཐམས་ཅད་དག་པར་བསམ། སླར་ནྲྀཿཡཾཿཛཿབཛྲ་ཨཾ་ཀུ་ཤ་ཛཿན་མོ་སངས་རྒྱས༴ སོགས་ཁུག་ཅིག་ཅེས་པས་སྟོང་ཉིད་སྙིང་རྗེ་དབྱེར་མེད་ཀྱི་ངང་ནས་མཆོག་གསུམ་རྩ་གསུམ་རབ་འབྱམས་རྒྱ་མཚོའི་བདེན་པའི་སྟོབས་ཟབ་མོ་བརྗོད་པས་ཚེ་ལས་འདས་པའི་རྣམ་པར་ཤེས་པ་ཁམས་གསུམ་རིགས་དྲུག་གི་གནས་གང་དང་གང་ན་གནས་ཀྱང་ལྷ་སྔགས་ཏིང་ངེ་འཛིན་གྱི་ནུས་པས་རྡོ་ཁབ་ལེན་གྱིས་ལྕགས་ཕྱེ་བསྡུས་པ་ལྟར་སྐད་ཅིག་གིས་དམིགས་དམིགས་རྟེན་དེ་ཉིད་ཚེ་འདས་ཀྱི་ཕུང་ཁམས་སྐྱེ་མཆེད་ཐམས་ཅད་ཡོངས་སུ་རྫོགས་པ་གསོན་པོའི་རྣམ་པ་ཅན་དུ་གསལ་བར་མཆན། རྟེན་ལ་བསྟིམས་ནས་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་རྒྱས་གདབ་པར་བྱ། དེ་ལྟར་འགུགས་པ་གཅིག་གམ་གསུམ་མམ་གང་འོས་བྱ། གཉིས་པ་གཤེད་དང་ཕྲལ་བ་ནི། ཧཱུྃ་ཚེ་འདས་ལུས་བརྗེས་༴ འདིར་ཁུག་ཅིག །ཅེས་པའི་བར་སྔར་བཞིན་གཤེད་མ་དང་གཤིན་པོ་གཉིས་མཉམ་དུ་བཀུག་ལ་སྦྱོང་ཆས་རྣམས་ལ་བྲན་ཏེ། བཛྲ་ཨ་མྲྀ་ཏ༴ སོགས་སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབས་ཏེ། སརྦ་བུདྡྷ་ཨ་ཀརྵྱ་ཡ༴ སོགས་ཀྱིས་བགེགས་འགུགས་ལ། རང་ཉིད་རྡོ་རྗེ་ཧེ་རུ་ཀའི་ང་རྒྱལ་དང་ལྡན་པའི་ངང་ནས་བགེགས་སྦྱང་བ་ནི། དེ་ལ་རྣམ་པ་གསུམ་མོ། །རྫས་ཞི་བ་མཐེབ་ཀྱུ་དང་སྔགས་ནམ་མཁའ་མཛོད་ཀྱིས་ཕོ་གདོན་སྦྱངས། རྫས་ཞི་བ་མེ་ཏིང་སྔགས་དྲག་པོ་ཧཱུྃ་བཞི་ཞི་དྲག་ཕྱེད་{མར་གྱིས་}མས་མོ་གདོན་སྦྱངས། རྫས་སྔགས་ཡོངས་འདུས་དྲག་པོ་མ་ནིང་གིས་ཀླུ་གདོན་སྦྱང་བ་ནི་རྣམ་པ་གསུམ་གྱིས་སྦྱང་བ་སྟེ། ཞི་བ་ལ་གཡས་བསྐོར་ལ་རྗེས་སུ་གཡོན་བསྐོར། ཞི་དྲག་ཕྱེད་མ་

གཡོན་བསྐོར་ལ་རྗེས་སུ་གཡས་བསྐོར་བྱ། ཧཱུྃ་རང་ཉིད་ལྷ་ཡི༴ སོགས་གཞན་དུ་དེངས། ཞེས་པའི་བར་ཚིག་རིས་ལྟར་གྱེར་བསྒོམ་བྱ་ཞིང་། ལྷ་ཡི་ང་རྒྱལ་དང་ལྡན་པའི་ངང་ནས་བདེན་པའི་སྟོབས་ཀྱིས་བགེགས་ལ་རྫས་བརྔན་བྱིན་ཏེ་དྲག་སྔགས་བརྗོད་ཅིང་གུ་གུལ་བདུག་ཡུངས་དཀར་གྱིས་བྲབ་སྟེ། ཧེ་རུ་ཀའི་ཐུགས་ཀའི་ཁྲོ་ཚོགས་དང་མཚོན་ཆ་མེ་དཔུང་གི་ཚོགས་བསམ་གྱིས་མི་ཁྱབ་པར་འཕྲོས་པས་ཚེ་སྲོག་དང་། ས་ལམ་ལ་བར་དུ་གཅོད་པའི་གདོན་བགེགས་ལོག་འདྲེན་ཐམས་ཅད་ཕུར་མ་རླུང་གིས་གཏོར་བ་བཞིན་དུ་མཐར་རྒྱ་མཚོ་ཆེན་པོའི་ཕྱི་རོལ་ཏུ་བསྐྲད་པར་བསམ། དེ་ལྟར་གསང་བ་ཐམས་ཅད་གཅོད་པའི་རྒྱུད་ལས། བགེགས་རྣམས་ཚིམས་བྱས་བརྔན་ཅིང་གཟིར། །ཤིན་ཏུ་གཟིར་ཞིང་བསྡིགས་ཏེ་བསྐྲད། །ཅེས་གསུངས། མཐར་བགེགས་ཕྱིར་མི་འཇུག་པའི་ཆེད་དུ་གཉིས་འཛིན་རྟོག་པ་དབྱིངས་སུ་བསྒྲལ་ཏེ་སྟོང་ཉིད་མི་འགྱུར་མི་ཤིགས་པའི་གུར་ཁང་རྒྱས་གདབ་པར་བྱ། སྒྱུ་འཕྲུལ་མེ་ལོང་ལས། རྣམ་རྟོག་འདུ་བྱེད་ཀུན་སྤངས་ནས། །བགེགས་ཀྱི་སྦྱོར་བ་ཡོངས་མི་འགྱུར་༼འཇིགས༽། །ཡང་དག་རིག་པ་ཉིད་ཀྱིས་གསུངས། ཞེས་སོ། །གཉིས་པ་རིགས་དྲུག་གི་གནས་ནས་འགུགས་པ་ནི། ཚེ་འདས་ལུས་བརྗེས་བར༴ སོགས་ཚིག་རྐང་ལྔའི་མཚམས་ནས་མིང་བཞིའི་ཕུང་པོ་ཞེས་པ་འདི་ཡང་གཟུགས་ཕུང་དོར་བའི་ཚོར་བ་འདུ་ཤེས་འདུ་བྱེད་རྣམ་པར་ཤེས་པ་དང་བཞི་ལས་མིང་བཞི་འདུ་བའི་ཕུང་པོ་བར་དོའི་ཡིད་ལུས་སྐྱེ་མཆེད་མུ་བཞི་ལྟར་རོ། །དེ་ནས་བཟུང་སྟེ་ཨཿནྲྀཿསུཿཏྲིཿཔྲེཿདུཿམ་མ་ཨཾ་ཀུ་ཤ་ཛཿཞེས་པས་ནི་སྤྲོ་བ་བསྐྱེད་ཅིང་སོ་སོའི་གནས་ནས་སྙིང་རྗེའི་ངང་ནས་འགུགས་པར་བྱ།

གསུམ་པ་རྟེན་ལ་བསྟིམ་པ་ནི། ཀྱེ་མ་དབང་མེད༴ སོགས་ནས། ཚེ་འདས་ཏིཥྛ་བཛྲ་ས་མ་ཡ་ལྷན། ཞེས་པའི་བར་རྟེན་གནས་སོགས་ངོ་སྤྲད་ཅིང་རྟེན་ལ་བསྟིམ་པར་བྱ་ཞེས་ཡང་ནས་ཡང་དུ་འགུགས་པར་བྱེད་པ་ནི་མིང་བཞི་འདུས་པའི་ཕུང་པོ་ལས་རླུང་གིས་བསྐྱོད་པས་གང་ལའང་རང་ས་མི་ཟིན་ཅིང་བྱ་སྒྲོ་རླུང་གིས་བདས་པ་ལྟར་སྐད་ཅིག་ཙམ་དུ་སྡོད་པའི་དབང་མེད་དེ། འཇིགས་པའི་སྒྲ་བཞི། མ་ངེས་པའི་རྟགས་དྲུག །ཡ་ང་བའི་གཡང་ས་གསུམ། འཇིགས་པའི་མུན་ནག་གི་སྔུན་ནས་བསུ་བ་དང་། དབང་མེད་དུ་གཤིན་རྗེའི་ཕོ་ཉས་ཁྲིད་ཅིང་དེད་པ་དང་། སྡུག་བསྔལ་སྣ་ཚོགས་ཀྱིས་གཟིར་ཞིང་ཤིན་ཏུ་མི་བཟོད་པས་མནར་བ་ལ། བྱ་བའི་ཐབས་ནི་ཟད། སྡུག་བསྔལ་གྱི་སྨྲེ་སྔགས་ཕྱོགས་བཅུར་འདོན་ཡང་ར་མདའ་ནི་མཐོང་ཐོས་ཙམ་ཡང་མེད་པ་སྟེ། དེ་ལྟར་ཡིན་པའི་རྣམ་ཤེས་ཡང་ཡང་འགུགས་༼དགུག་༽པར་བྱའོ། །སློབ་དཔོན་ཆེན་པོས། བདག་གི་མདུན་དུ་ཚེ་འདས་ཡང་ཡང་བཀུགས་ཅིང་གསལ་བར་བྱ། ཞེས་གསུངས་པ་དེ་བཞིན་འདྲེན་མཆོག་མཁན་རྣམས་ཀྱིས་ཀྱང་རིམ་གཉིས་ཀྱི་རྣལ་འབྱོར་གནད་དུ་བསྣུན་པ་གལ་ཆེའོ། །ལས་རིམ་གསུམ་པ་ཡན་ཆད་རྣམ་ཤེས་འགུགས་པའི་དགོས་ཆེད་ཡིན་པ་ཚིག་གིས་གསལ། ཞར་བྱུང་མཆོག་ཁྲུས་གོས་ཟུང་འབུལ་བ་སོགས་ནི་ཡེ་ཤེས་ལྷའི་སྐུའི་དྲི་མ་དང་བསིལ་བ་ཡོད་པ་མ་ཡིན་ཏེ་སློབ་མའི་ཚོགས་བསགས་དང་སྒྲིབ་སྦྱོང་གི་ཆེད་ཡིན་ཀྱང་། མཐར་ཁྲུས་ནང་ནས་ཁྲུས་ཆུ་དངོས་གྲུབ་ཚུལ་དུ་བུམ་ནང་དུ་ཚུར་བླུག །བཞི་པ་དུག་ཁྲུས་ནི། བུམ་ཆུ་ལམ་ཁྱེར་དམིགས་པས་དཀྱིལ་འཁོར་གྱི་ལྷ་ཚོགས་ཐུགས་རྗེ་རྗེས་སུ་ཆགས་པའི་འོ་ཁུ་བདུད་རྩིའི་ཆ་ལུགས་བཞག་པ་ནུས་ལྡན་གྱིས་ཐུག་ཕྲད་གང་གི་དྲི་མ་འཁྲུད་པ་འདོན་པ་ཡིན་ཏེ། ལར་

ཕར་ཕྱིན་དྲུག་གི་ཁྲུས་གསར་རྙིང་ཡོངས་གྲགས་སུ། དག་བྱ་ཉོན་དྲུག་དག་བྱེད་ཕར་ཕྱིན་དྲུག་གི་ཁྲུས་ཀྱི་ནུས་པས་ཕ་རོལ་ཏུ་ཕྱིན་པ་དྲུག་གི་ཡོན་ཏན་དང་ལྡན་པར་བཞེད་ཅིང་། འདིར་གཞུང་བཞིན་ཕར་ཕྱིན་བཅུའི་ཁྲུས་ཀྱི་དགོས་པ་བསྟན་པ་ནི། སྦྱང་གཞི་སློབ་མའི་རྒྱུད། སྦྱང་བྱ་རྩ་ཉོན་དྲུག་སོགས་ཉོན་སྒྲིབ་དང་། ཤེས་བྱའི་སྒྲིབ་པ་རྣམས་སྦྱང་། སྦྱོང་བྱེད་ཐབས་ཁྱད་པར་ཅན་གྱི་སྒོ་ནས་བུམ་ཆུ་ནུས་ལྡན་གྱིས་སློབ་མའི་རྣམ་རྟོག་གློ་བུར་གྱི་དྲི་མ་སྦྱོང་། སྦྱངས་འབྲས་ས་བཅུའི་རྟེན་འབྲེལ་དང་བག་ཆགས་རྒྱུད་ལ་བཞག་པ་སྟེ། ཀུན་བྱེད་རྒྱལ་པོ་ལས། དོན་དམ་ཀུན་རྫོབ་བདེན་པ་རྣམ་གཉིས་ཀྱི། །སྦྱིན་དང་ཚུལ་ཁྲིམས་ཕ་རོལ་ཕྱིན་པ་བཅུས། །ས་བཅུ་ལམ་ལ་སྦྱངས་དེ་བགྲོད་པ་ཡིན། །ཆོས་ཉིད་མ་མཐོང་སྦྱོང་བའི་ས་ལ་གནས། །ཞེས་གསུངས་པ་ལྟར་རོ། །སློབ་དཔོན་གྱི་བརྗོད་བྱའི་ཚིག །འདི་ནི་སྦྱིན་པའི༴ སོགས་ཡེ་ཤེས་ཀྱི་བར་དུ་གནས་ལུགས་མ་བཅོས་པའི་ངང་ནས་ཆུ་རྒྱུན་སྦྲེང་བས་སློབ་མའི་སྒྲིབ་གཉིས་བག་ཆགས་དང་བཅས་པ་དག་པར་བསམ། མདོ་ཏིང་འཛིན་རྒྱལ་པོ་ལས། སེམས་ཉིད་སྟོང་པ་ཉིད་ལས་མ་གཡོས་ན། །ཕ་རོལ་ཕྱིན་པ་དྲུག་དང་ལྡན། །ཞེས་གསུངས་སོ། །འདོད་ཆགས་ཞེ་སྡང་གཏི་མུག་གསུམ། །འདི་དག་འཇིག་རྟེན་དུག་གསུམ་སྟེ། །ཞེས་པ་འདི་ཀུན་འབྱུང་གི་བདེན་པའི་སེམས་ཅན་ཐམས་ཅད་ལ་ཡེ་ནས་གཞི་ཀ་དག་ཆོས་སྐུའི་དགོངས་པ་ཡོད་དེ། ལྷན་སྐྱེས་ཀྱི་མ་རིག་པའི་རྐྱེན་གྱིས་བསྒྲིབས་ཏེ། དུག་གསུམ་འབྱུང་བའི་རྐྱེན་གྱིས། ཡུལ་མཐུན་པ་ལ་བརྟེན་ནས་འདོད་ཆགས། སྐྱེ་ཡུལ་མི་མཐུན་པ་ལ་བརྟེན་ནས་ཞེ་སྡང་སྐྱེ། ཡུལ་བར་མ་ལ་བརྟེན་ནས་གཏི་མུག་འབྱུང་། དུག་འདོད་ཆགས་ལ་བརྟེན་ནས་འབྱུང་བ་ཆུའི་རྐྱེན་གྱིས་གྲང་ནད་དང་མོ་གདོན་འབྱུང་། དུག་ཞེ་སྡང་ལ་བརྟེན་

ནས་མེའི་རྐྱེན་གྱི་ནད་མཁྲིས་ནད་དང་ཕོ་གདོན་འབྱུང་། དུག་གཏི་མུག་ལས་འབྱུང་བ་ས་ཡི་ནད་བད་ཀན་དང་ས་བདག་གི་གདོན་འབྱུང་། དུག་དེ་གསུམ་ལས་དུག་ལྔ་འབྱུང་། དུག་ལྔ་ལས་ཉེ་བའི་ཉོན་མོངས་པ་ཉི་ཤུ་མཆེད། དེ་ལས་མཆེད་པ་ཉོན་མོངས་པ་བརྒྱད་ཁྲི་བཞི་སྟོང་འབྱུང་སྟེ། རྐྱེན་དེ་ལས་འབྱུང་བ་ནད་རིགས་བཞི་བརྒྱ་རྩ་བཞི་སོགས་འབྱུང་བའི་རྐྱེན་གྱིས་གནས་སྐབས་སུ་བདེ་སྐྱིད་ལ་བར་དུ་གཅོད་ཅིང་མི་འདོད་པ་སྣ་ཚོགས་ཀྱི་འཚེ་བ་དང་། མཐར་ཐུག་རྒྱུ་མཐུན་གྱི་འབྲས་བུ་ཞེ་སྡང་ལས་དམྱལ་བ། འདོད་ཆགས་ལས་ཡི་དྭགས། གཏི་མུག་ལས་དུད་འགྲོ་སོགས་འཁོར་བའི་སེམས་ཅན་ཐམས་ཅད་སྡུག་བསྔལ་བཟོད་མེད་མྱོང་དགོས་པས། དུག་དེ་རྣམས་བསལ་བའི་ཐབས་ནི། ཀུ་ཤས་དག་བྱེད་ཀྱི་ཆུ་བྲན་ལ། རྡོ་རྗེ་སེམས་དཔའ་དུག་མི་མངའ། ཞེས་སོགས་རང་བཞིན་མེད་པར་དག་གྱུར་ཅིག །ཅེས་པའི་བར་བརྗོད། སྦྱང་བྱ་སློབ་མའི་རྒྱུད་ལ་གནས་པའི་ཉོན་མོངས་པ་ལྔ། སྦྱོང་བྱེད་སངས་རྒྱས་རིགས་ལྔའི་བདེན་སྟོབས་ཀྱིས་དུག་ལྔ་ཆོས་ཉིད་ཀྱི་ཀློང་དུ་གྲོལ་ནས། འབྲས་བུ་ཡེ་ཤེས་ལྔའི་རང་བཞིན་དུ་གྲོལ་བའོ། །འདོད་ཆགས་ཞེ་སྡང་གཏི་མུག་གསུམ༴ དྲག་པོའི་དུག་ནི་དུག་བཅོམ་མོ། །ཞེས་པའི་ཚིག་རྐང་ཉེར་དྲུག་བར་མཆོག་གསུམ་གྱི་བདེན་སྟོབས་ཀྱིིས་དུག་གསུམ་བཅོམ་ཞིང་སྦྱང་བ་ནི། དེ་བཞིན་གཤེགས་པས་ཁྱིམ་བདག་དཔལ་སྐྱེས་ཀྱི་ཁ་ཟས་དུག་ཅན་བདེན་སྟོབས་ཀྱིས་བསལ་བ་མདོ་སྡེ་ལས་བྱུང་བའོ། །དེ་དུག་གསུམ་གྱི་རྟོག་པ་དབྱིངས་སུ་དག་པའི་ངང་ལ་མཉམ་པར་བཞག །ལར་སངས་རྒྱས་ཆོས་དགེ་འདུན་གསུམ་རང་ཆས་སུ་ཡོད་ལ། སམ་བུ་ཊ་ལས། སྟོང་ཉིད་སྙིང་རྗེ་དབྱེར་མེད་པའི། །གང་དུ་སེམས་ནི་རྣམ་སྒོམ་པ། །དེ་ནི་སངས་རྒྱས་

དང་ནི་ཆོས། །དགེ་འདུན་ཞེས་སུ་བསྟན་པ་ཡིན། །ཞེས་གསུངས་སོ། །ས་ནི་དུག་གི་ཕ་ཡིན་ཏེ༔ ཞེས་སོགས་འབྱུང་བཞིའི་དུག་སྦྱང་བ་ས་ཆུ་མེ་རླུང་སོགས། ཁྱོད་ཀྱི་དུག་ནི་དུག་མེད་ཤོག །ཅེས་པས་བར་སྦྱང་བ་ནི། དགེ་སློང་པ་རི་ཤིང་རུལ་བའི་གསེང་ནས་སྦྲུལ་ནག་གི་སོ་དུག་བཏབ་པ་ལ་བཅོམ་ལྡན་འདས་ཀྱིས་འབྱུང་བའི་དུག་སྦྱངས་ས་ཆུ་སོགས་བཞེད་དེ་བདེན་ཚིག་བརྗོད་དེ་སྦྱངས་པས་པ་རི་དུག་ནད་ལས་གྲོལ་བའི་གསུངས་ཚིག་ཁྱད་པར་ཅན་ནོ། །དུག་འབྱུང་བའི་གནས་ནི་རྣམ་ཤེས་དྲི་ཟ་ཉེར་ལེན་གྱི་སེམས་ཕ་མའི་ཁུ་རྡུལ་རླུང་གསུམ་ལ་འཇུག་པའི་སྐབས་ས་བོན་འཛིན་པ་ས་ཁམས། བསྐྱེད་པ་ཆུ་ཁམས། སྨིན་པ་མེ་ཁམས། འཕེལ་བ་རླུང་ཁམས། གོ་འབྱེད་ནམ་མཁའི་ཁམས་དང་ལྔར་སློབ་དཔོན་ཆེན་པོས་བསྟན། ཕྱིར་བཙས་པའི་དུས་ནས་ཀྱང་འབྱུང་བཞིས་བསྡུས་པའི་ལུས་ལ་བརྟེན་ནས་དུག་གསུམ་བསྐྱེད་པ༼པས་༽ཕ་མ་ཡིན་ཏེ། དེ་བཞིན་སྦྱང་པ་ནི། ས་ཆུ་སོགས་རྫས་ཀྱིས་བྱབ་ཏེ་གྱེར་ཚིག་ལྟར་ལམ་ཁྱེར་དམིགས་པ་ནི་སས་རྫས་ཀྱིས་བྱབ་པས་གཏི་མུག་ལས་གྱུར་པའི་ཉོན་མོངས་པ་འབྱུང་བ་སའི་ངང་དུ་ཐིམ། ས་ཡང་ཡུམ་སངས་རྒྱས་སྤྱན་མའི་རང་བཞིན་དུ་དག །ཆུའི་རྫས་ཀྱིས་བྱབ་པས་ཞེ་སྡང་ལས་གྱུར་བའི་ཉོན་མོངས་པ་ཆུའི་ངང་དུ་ཐིམ། ཆུ་ཡང་མཱ་མ་ཀཱའི་རང་བཞིན་དུ་དག །མེས་བྱབ་པས་འདོད་ཆགས་ཀྱི་རྟོག་པ་ཉོན་མོངས་པ་མེའི་ངང་དུ་ཐིམ། མེ་ཡང་ཡུམ་གོས་དཀར་མོའི་རང་བཞིན་དུ་དག །རླུང་གིས་བྱབ་པས་ཕྲག་དོག་གི་རྟོག་པ་ཉོན་མོངས་པ་རླུང་གི་ངང་དུ་ཐིམ། རླུང་ཡང་ཡུམ་དམ་ཚིག་སྒྲོལ་མའི་རང་བཞིན་དུ་དག་ནས་དམིགས་མེད་ཀྱི་དོན་ལ་མཉམ་པར་བཞག་གོ །རྫས་སྟོན་པ་ནི། མཚོན་བྱ་དང་མཚོན་བྱེད་ཀྱི་དོན་ཡིན་བཀག་པར་མི་ནུས་ཏེ། མདོ་དགོངས་པ་འདུས་པ་ལས།

དངོས་པོས་དངོས་པོ་འགྲོལ་བ་དང་། །དུག་གིས་དུག་ནད་བསལ་བའི་ཕྱིར། །ཐབས་མཆོག་དཔག་གི་མི་ལང་བའི། །མཛད་པ་གར་གྱི་ཕྱག་རྒྱར་མཛད། །ཅེས་གསུངས་པ་དེ་བཞིན་ནོ། །དེ་ནས། སངས་རྒྱས་རྣམས་ཀྱིས་དུག་བཅོམ༴ སོགས་ནས། དུག་རྣམས་གཏན་ནས་དག་གྱུར་ཅིག །ཞེས་པའི་བར་མཆོག་གསུམ་གྱི་བདེན་སྟོབས་ཀྱིས་དུག་བཅོམ་སྟེ། སངས་རྒྱས་ཆོས་དགེ་འདུན་གསུམ་ལ་ཞེ་ཐག་པ་ནས་སྐྱབས་སུ་སོང་ལ། {རིག་སྔགས་ཀྱིས་སྦྱོང་བ་ནི། }དེ་ནས་སྔགས་ཀྱིས་སྦྱང་བ་ནི། བྱེ་མའམ་ཏིལ་སོགས་ཀྱིས་བྲབས་ཏེ་རྩ་སྔགས་དང་ཡིག་བརྒྱ་ཀཾ་ཀ་ནི༴ སོགས་བདག་ཉིད་ལྷའི་ཐུགས་ཀའི་སྔགས་ཕྲེང་ལས་འོད་ཟེར་འཕྲོས་པས་ཚེ་འདས་ཀྱི་ཚེ་རབས་ཐོག་མེད་ནས་བསགས་པའི་ལས་དང་ཉོན་མོངས་པའི་སྡིག་སྒྲིབ་ཐམས་ཅད་མུན་ཁུང་དུ་སྒྲོན་མེ་བཏེག་པ་བཞིན་དུ་སྐད་ཅིག་གིས་དག་པར་བསམ། ངན་སོང་སྦྱོང་རྒྱུད་ལས། སའམ་ཏིལ་ལམ་ཉུང་དཀར་རམ་ཆུའམ་གང་རུང་ལ་བཟླས་བརྗོད་བྱས་ཏེ་རུས་པའམ་ཤི་བའི་ལུས་ལ་གཏོར་རམ་ཁྲུས་བྱས་ན་ངན་སོང་དུ་མི་སྐྱེ་བར་ཞག་བདུན་གྱིས་གདོན་མི་ཟ་བར་ཐར་ཏེ་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་དུ་སྐྱེ་བར་འགྱུར་རོ་ཞེས་གསུངས། ལྔ་པ་རྒྱུད་ལྔའི་ལྷ་ལ་སྐྱབས་སུ་འགྲོ་བ་ནི། ཀྱཻ་མ་མགོན་པོ་ཐུགས་རྗེ༴ ཞེས་རྐང་པ་བཞིས་ཚེ་འདས་ཞི་ཚུལ་དད་གུས་ཀྱི་ངང་ནས་དགའ་བ་དང་སྤྲོ་བའི་སེམས་ཀྱིས་བུ་ཆུང་མ་ལ་འཕྲད་པ་ལྟ་བུས་ལྷ་དང་སློབ་དཔོན་དབྱེར་མེད་ལ་ཐུགས་རྗེ་འཛིན་པའི་གནང་བ་ཞུ། ཞེས་ལྷ་དང་སློབ་དཔོན་ཡང་རང་གི་སེམས་སློབ་མ་ཡང་རང་གིས་བྱས་པ་ཡིན་ཏེ་སེམས་ཉིད་ཆོས་སྐུ་ཉག་གཅིག་གི་རོལ་རྩལ་ལས་ཤར་བ་ལ་གོར་མ་ཆག་སྟེེ། ཀུན་བྱེད་རྒྱལ་པོ་ལས། བྱང་ཆུབ་སེམས་ནི་ཀློང་ཆེན་ཡུལ་ཆེ་བས། །སངས་རྒྱས་

སེམས་ཅན་སྣོད་བཅུད་ཀུན་ཀྱང་འདུས། །ཞེས་དང་། ཀློང་ཆེན་ལས། རང་སྣང་ཉིད་ལ་རང་གིས་སྤྱོད། །སྟོན་བྱེད་གཙོ་དང་སྡུད་བྱེད་འཁོར། །བསྒྲུབ་བྱའི་ཆོས་དང་སྒྲུབ་བྱེད་ཀུན། །རང་ལས་ལོགས་སུ་མ་ཡིན་ཏེ། །ཞེས་གསུངས་པ་དེ་བཞིན་ནོ། །འདིར་ཁྲུས་རྐྱང་ཁོ་ན་ཡིན་ནའང་ངོ་སྤྲོད་དང་ལོ་རྒྱུས་བརྗོད། སློབ་དཔོན་གྱིས། ཀྱེ་མ་ཚེ་འཕོས་ལུས་བརྗེས༴ ཅེས་སོགས་སྔོན་ཆད་མ་རིག་པའི་ལས་ཀྱི་ངན་སོང་གསུམ་དུ་མནར་ཏེ། དེ་ལས་ཐར་བའི་ཕྱིར་དད་པའི་ཤུགས་བསྐྱེད་ལ་གསོལ་བ་གདབ། ཐུབ་པ་དྲུག་གི་ཞེས་ཚིག་གིས་བསྟན་ཀྱང་བདག་ཉིད་རྡོ་རྗེ་སེམས་དཔའ་ཉིད་ལ་གསོལ་བ་བཏབ་པས་ཁྱབ་སྟེ། རྣམ་སྣང་མངོན་བྱང་ལས། རིགས་ཀྱི་བདག་པོ་ཡིན་པའི་ཕྱིར། །རྡོ་རྗེ་སེམས་དཔའ་རིགས་རྣམས་ཀུན་གྱི་བདག །ཅེས་གསུངས་པ་ལྟར་རོ། །སློབ་མས་ཀྱང་། ཀྱེ་མ་བདག་འདྲའི་སེམས་ཅན༴ སོགས་རིམ་པ་དྲུག་ལ། ཞེ་སྡང་འདོད་ཆགས་གཏི་མུག་སོགས་ཉོན་མོངས་པ་དྲུག་གི་རྐྱེན་གྱིས་རིགས་དྲུག་གི་སྡུག་བསྔལ་ཚ་གྲང། བཀྲེས་སྐོམ། བཀོལ་སྤྱོད། འཐབ་རྩོད། འཕོ་ལྟུང་། སྐྱེ་རྒ་ན་འཆིའི་སྡུག་བསྔལ་རྣམས་བརྗོད་ལས་འདས་པ་འདི་ལས་ཐུགས་བརྩེ་བ་ཆེན་པོའི་སྒོ་ནས་བསྒྲལ་དུ་གསོལ། ཞེས་པའི་བར་དཀྱུས་བཞིན་གནང་བར་ཞུ། དེ་ནས་སློབ་དཔོན་གྱིས། ཀྱེ་མ་ཚེ་འདས་ལུས་བརྗེས་རིག་ཀྱིས་བུ༔ ཞེས་ཉོན་མོངས་པ་དྲུག་{གི་}ཀུན་རྫོགས་ཀྱིིས་རིགས་དྲུག་གནས་སུ་སྐྱེ་སྲིད་པ་ལ། དེ་ལས་སྐྱོབ་ཕྱིར་སློབ་དཔོན་གྱིས་ཐུབ་པ་དྲུག་ལ་བསྐུལ་ཚིག་སྨྲ་བ་འདི་སྔ་མའི་མངོན་བྱང་གི་ལུང་གིས་གྲུབ་པ་ལྟར་རོ། །དེ་ནས་ཕྱག་མཚན་དང་བུམ་པ་སོགས་ནི། ཧཱུྃ་ཚ་གྲང་སྐྱོབ་བྱེད༴ སོགས་ཕྱག་

མཚན་དྲུག་དང་། ཧཱུྃ་ཀུན་བཟང་ཡབ་ཡུམ་བུམ་པ༴ སོགས་བུམ་དབང་དྲུག་གིས་རིགས་དྲུག་སོ་སོའི་སྡུག་བསྔལ་བྲལ་བར་བསམས་ནས་རང་སེམས་ལ་རང་དབང་ཐོབ་པའི་དོན་ལ་མཉམ་པར་བཞག །ཀུན་འདུས་རིག་པའི་མདོ་ལས། ཚིག་དང་རྫས་དང་གང་ཟག་གི །ཀུན་རྫོབ་དབང་ནི་མ་ཐོབ་ཀྱང་། །སེམས་ལ་ཆོས་དབང་ཐོབ་གྱུར་ན། །རྒྱལ་བ་རིག་འཛིན་ཐམས་ཅད་དང་། །སྲིད་གསུམ་དབང་བྱེད་ཐམས་ཅད་ཀྱིས། །དེ་ལ་དབང་ནི་བསྐུར་བར་བྱ། །ཞེས་པ་ལྟར་རོ། །ལན་ཆགས་བསྔོ་བ་ནི། ཨ་ཀ་རོ༴ སོགས་ཀྱིས་སྦྱངས་ལ་གཏོར་མ་འདོད་པའི་ཡོན་ཏན་ལྔ་ལྡན་ཟད་མི་ཤེས་པའི་གཏེར་དུ་དམིགས་ཏེ། གདོད་མ་ནས་ད་ལྟའི་བར་དུ་སྲོག་བཅད་པ་དང་། མ་བྱིན་ལེན་པ་སོགས་གྱི་ལན་ཆགས་བསྔོས་པས་ཚིམས་ཏེ་ཕྱིན་ཆད་ཀྱང་གསོན་གྱི་བདུད་དང་གཤིན་གྱི་ལྕགས་སུ་མི་བཅུག་ཅིང་གེགས་སུ་མི་འགྱུར་བར་བསམ། ས་བོན་བསྲེག་པ་ནི། ལར་ས་བོན་ནི་བག་ཆགས་ཀྱི་ལུས་འདི་གྲུབ་པ་ཙམ་ནས་རིགས་དྲུག་དུ་འཕེན་བྱེད་ཀྱིས་ས་བོན་ཡི་གེའི་རང་བཞིན་དུ་གནས་ཏེ། འདས་རྗེས་ལས། ལས་འདི་མ་རིག་རྒྱུས་བསྐྱེད་ཕྱིར། །རིགས་དྲུག་ས་བོན་ཉིད་དུ་གནས། །ཞེས་གསུངས་ཏེ། དེ་སྦྱོང་བའི་ཐབས་ནི། འདོད་ཆགས་ཞེ་སྡང་གཏི་མུག་གསུམ། ཞེས་བྱེ་མས་བྲབ་ལ་དཀྱུས་བཞིན། བདག་ཉིད་ལྷའི་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས་དུཿཔྲེཿསོགས་ཡི་གེ་དྲུག་ལ་ཕོག་པས་སྐད་ཅིག་གིས་དུག་ཐམས་ཅད་སྟོང་པ་ཆོས་ཉིད་ཀྱི་ཀློང་དུ་དག་པའི་ངང་ལ་མཉམ་པར་བཞག །དྲི་མ་བཀྲུ་བ་ནི། འདི་ནི་བཟོད་པའི༴ སོགས་དྲུག་གི་ནུས་ལྡན་གྱི་ཆུས་དྲི་མ་དྲུག་སྦྱང་བར་བྱ། ཉི་ཟླ་ཁ་སྦྱོར་ལས། དེ་ཉིད་ཤི་བར་གྱུར་བའི་ཚེ། །ཟག་པར་བཅས་པའི་ཕུང་པོ་ལ། །བུམ་པ་སྤྱི་བོར་བཞག་ནས་ནི། །

ཡི་གེ་ཡི་ནི་འབྲུ་ཉིད་དང་། །ཡེ་ཤེས་ཆུ་རྒྱུན་གྱིས་སྦྱངས་ནས། །དམྱལ་བའི་གནས་རྣམས་སྟོངས་ནས་ནི། །དེ་ཡི་རྟགས་སུ་དེ་བཞིན་ནོ། །ཞེས་གསུངས་པ་ལྟར་རོ། །དེ་བཞིན་བྱང་བུ་ཡར་ལ་གནས་སྤར་བ་ནི། ཧཱུྃ་ས་འདི་བཅད་པ་མན་ཆད༴ ཞེས་པ་ནི་བཙོན་རྭ་ནང་ནས་ཤོར་བ་ལྟ་བུར་རིགས་དྲུག་གི་གནས་ལ་ཕྱི་མིག་མི་ལྟ་བར་དག་པའི་ཞིང་ཁམས་ཡིད་ལ་དྲན་ཏེ་བདག་ཉིད་ཀྱི་དགོངས་པའི་ཀློང་དུ་དམིགས་ཡུལ་རྣམ་ཤེས་དབྱེར་མེད་དུ་བསྟེན་༼བསྟིམ་༽ནས་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལ་མཉམ་པར་བཞག །མཚོན་བྱེད་བྱང་བུའི་ཕྱི་ལམ་རྡོ་རྗེས་བཅད། དེ་ནས་དྲུག་པ་དཀྱིལ་འཁོར་དུ་འཇུག་པ་ནི། མཎྜལ་དང་ལོ་རྒྱུས་བཤད་ནས། ཨེ་མ་མགོན་པོ་ཐུགས་རྗེ་ཅན༴ ཞེས་ཚིག་རྐང་བཞི་པ་ཚེ་འདས་ཀྱི་ཉམ་ཐག་ང་རོའི་དབྱངས་ཀྱིས་བདག་ཅག་ལོག་པའི་ལམ་དུ་ཞུགས་པ་ལ་འཁྲུལ་མེད་ཐར་བ་ཆེན་པོའི་ལམ་བསྟན་དུ་གསོལ་ཞེས་ཞུ། འདི་སྐབས་སློབ་དཔོན་ཀྱིས། ཨེ་མ་ཚེ་འདས་བུ་ཁྱོད་ལེགས་པར་ཉོན༴ ཞེས་པ་འཁོར་བ་ལ་ཞེན་པ་ལོག་ལ་མཐར་ཐུག་དོན་གཉིས་འབྲས་བུ་ལ་བརྩོན་དགོས་པར་(གདམས་པ་)གཞུང་བཞིན་ནོ། །ཞེས་སློབ་མའི་གསོལ་བ་འདི་བཞིན། ཀུན་བཟང་ཞི་ཁྲོའི་ལྷ་ཚོགས༴ སོགས་རྐང་པ་བརྒྱད་ལ་ཐུན་མོང་དང་བྱང་སེམས་སྔགས་སྡོམ་སོགས་གནང་བ་ཞུས་ཏེ་དཀྱིལ་འཁོར་ལ་འཇུག་པར་བྱེད། རྟོག་པ་ཐམས་ཅད་ལེགས་པར༴ སོགས་དེ་བཞིན་སྤྲོ་བའི་སེམས་ཀྱིས་ལེགས་པར་ཉོན། ཞེས་པས་དཀྱིལ་འཁོར་གྱི་ཆེ་བ་བརྗོད་ཅིང་སློབ་མ་སྤྲོ་བ་བསྐྱེད། དེ་ནས་ཐོག་མར་ཐུན་མོང་སྐྱབས་སུ་འགྲོ་བའི་སྡོམ་པ་བཟུང་བ་རྗེས་བཟློས་ཚུལ་དུ། ཕྱོགས་བཅུའི་སངས་རྒྱས་བྱང་སེམས༴ སོགས། ཚེ་འདས་གུས་པས་སྐྱབས་སུ་མཆི། བར། མཆོག་གསུམ་ལ་བྱང་ཆུབ་མ་ཐོབ་བར་དུ་སྐྱབས་སུ་འགྲོ་བའི་དམ་བཅའོ། །

མྱང་འདས་ལས། གང་ཞིག་སངས་རྒྱས་སྐྱབས་འགྲོ་བ། །དེ་ནི་ཡང་དག་དགེ་བསྙེན་ཏེ། །ནམ་དུའང་ལྷ་ནི་གཞན་དག་ལ། །སྐྱབས་སུ་འགྲོ་བ་མ་ཡིན་ནོ། །དམ་པའི་ཆོས་ལ་སྐྱབས་འགྲོ་བ། །འཚེ་ཞིང་གནོད་པའི་སེམས་དང་བྲལ། །དགེ་འདུན་ལ་ཡང་སྐྱབས་འགྲོ་བ། །མུ་སྟེགས་ཅན་དང་འགྲོགས་མི་བྱ། །ཞེས་གསུངས། བསླབ་བྱ་ནི། སངས་རྒྱས་ཀྱི་སྐུའི་རྟེན་ཆག་དུམ་ཙམ་དང་། ཆོས་ཀྱི་རྟེན་གསུང་རབ་ཀྱི་རས་མ་ཙམ་དང་། དགེ་འདུན་གྱི་གཟུགས་ལྷན་པ་སེར་པོ་བཏབ་པ་ཡན་ཆད་དཀོན་མཆོག་གསུམ་དང་དེའི་འདུ་ཤེས་བཞག་ནས་གུས་པར་བྱའོ། །ཁྱད་པར་སྐྱབས་སུ་འགྲོ་བ་ནི། ཀུན་བཟང་ཞི་ཁྲོའི་ལྷ་ཚོགས༴ ནས། ཚེ་འདས་གུས་པས་སྐྱབས་སུ་མཆི། །ཞེས་པའི་བར་གཞུང་བཞིན་བྱ། དེ་ནས་ཐོག་མར་སོ་ཐར་སྡོམ་བཟུང་ནི་རྗེས་ཟློས་ཚུལ་དུ། བླ་མ་ཀུན་བཟང་སྤྱན་སྔ༴ ནས། སྡོམ་པ་ཡོངས་སུ་བཟུང་བར་བགྱི། ཞེས་སོ་ཐར་སྡོམ་པ་ལ་རྒྱུན་དུ་གནས་པར་བྱ་དགོས་ཏེ་རྩ་བ་བཞི་སོགས་ཉིས་བརྒྱ་ལྔ་བཅུ་བཤད་ཀྱང་རྩ་བ་བཞི་བསྲུང་བ་ཙམ་གྱིས་ཆོག་པར་བཞེད་དོ། །ཇི་སྐད་དུ། རྩ་བཞི་སྡོམ་པ་རྟག་ཏུ་བསྲུང་གྱུར་ན། །འདུལ་བ་སོ་ཐར་སྡོམ་པ་དེ་ཡིས་འཐུས། །ཞེས་གསུངས་པ་དེ་བཞིན་ནོ། །སྨོན་པ་སེམས་བསྐྱེད་ནི། ཧོ་བླ་མ་ཀུན་བཟང་དགོངས་སུ༴ ཞེས་དང་། སྨོན་པའི་བྱང་ཆུབ་སེམས་བསྐྱེད་དོ། །ཞེས་སྨོན་སེམས་བསྐྱེད། འཇུག་སེམས་ནི། སྔོན་གྱི་རྒྱལ་བ་ཐམས་ཅད༴ ཞེས་སོགས། དབུགས་དབྱུང་མྱ་ངན་འདས་ལ་འགོད། །ཅེས་པའི་བར་བྱ། འདིར་བྱང་ཆུབ་སེམས་དཔའི་སྡོམ་པ་ལ་ཚུལ་ཁྲིམས་རྣམ་པ་གསུམ་ལ་བརྟེན་ནས་སེམས་ཅན་ཐམས་ཅད་ལ་མ་དང་བུའི་སེམས་བཟུང་ནས་རང་དོན་དོར་ནས་གཞན་ཕན་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དེ། དེ་ཡང་ཚུལ་ཁྲིམས་རྣམ་

པ་གསུམ་གང་ཞེ་ན། ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས། དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས། སེམས་ཅན་དོན་བྱེད་ཀྱིི་ཚུལ་ཁྲིམས་གསུམ་མོ། ༡། དེར་ཉེས་སྤྱོད་སྡོམ་པ་ལ་ཉི་ཤུ་སྟེ། དེ་ཡང་གང་ཞེ་ན་རྒྱལ་པོ་ལ་ངེས་པ་ལྔ། བློན་པོ་ལ་ངེས་པ་ལྔ། ཕལ་བ་ལ་ངེས་པ་བརྒྱད་དེ། སྨོན་འཇུག་གི་གཉིས་དང་ཉི་ཤུའོ། ༢། དགེ་བ་ཆོས་སྡུད་ནི་ཕར་ཕྱིན་དྲུག་ལ་བསླབ་པར་བྱ། ༣སེམས་ཅན་དོན་བྱེད་ནི་བསྡུ་དངོས་བཞི་སྟེ། དེ་ཡང་གང་ཞེ་ན། སྡོམ་གསུམ་རྣམ་ངེས་ལས། ཐོག་མར་སྦྱིན་པས་གདུལ་བྱ་རབ་བསྡུས་ནས། །སྙན་པར་སྨྲ་བའི་གཏམ་གྱིས་ཡིིད་རབ་དྲངས། །ཐེག་པ་རིམ་དགུར་དཀྲི་བ་དོན་སྤྱོད་དེ། །དེ་དག་འཇུག་ཕྱིར་རང་ཡང་དོན་དེ་སྤྱོད། །ཅེས་གསུངས་སོ། །བྱང་སྡོམ་ཚུར་བསྡུ་ན་སྨོན་པ་དང་འཇུག་པ་གཉིས་སོ། དེ་ཡང་རྒྱལ་བའི་དབང་པོ་ཀློང་ཆེན་པས། སྨོན་པའི་བསླབ་བྱ་ཚད་མེད་བཞི་བསྒོམ་ཞིང་། །འཇུག་པའི་བསླབ་བྱ་ཕ་རོལ་ཕྱིན་དྲུག་བསླབ། །ཅེས་གསུངས་པ་བཞིན། སེམས་ཅན་མ་གྲོལ་བ་རྣམས་གྲོལ་བ་དང་། །མ་བསྒྲལ་བ་རྣམས་བསྒྲལ་བར་བྱས་ཏེ་སེམས་ཅན་རྣམས་མྱ་ངན་ལས་འདས་པའི་ས་ལ་འགོད་པའི་ཐབས་ལ་འབད་པར་བྱའོ། །རྗེས་སུ་སྔགས་སྡོམ་རིགས་ལྔའི་དམ་ཚིག་ལ་འཇུག་པ། དཀོན་མཆོག་གསུམ་ནི་མི་སྤོང༴ ཞེས་པ་ནས། མ་ལུས་བདག་གིས་ཡོངས་སུ་བཟུང་། །ཅེས་པའི་བར་སྔགས་སྡོམ་བླངས་ཏེ། སྔགས་སྡོམ་ལ་རྩ་བ་དང་ཡན་ལག་གི་དམ་ཚིག་ཇི་སྙེད་ཡོད་ཀྱང་ཡི་གེ་མང་ལ་དོགས་ནས་མ་སྤྲོས་ཏེ། སྤྱི་ཙམ་དུ་བཤད་པ་ནི་ལུས་ངག་ཡིད་ཀྱིི་དམ་ཚིག་ལ་འདུས་ཏེ། རིག་འཛིན་ཆེན་པོ་མངའ་རི་པས། མདོར་ན་རང་ལུས་རྡོ་རྗེ་གསུམ་ཤེས་ན། །སྔགས་ཀྱི་དམ་ཚིག་ས་ཡ་འབུམ་སྡེ་འདུས། །ཞེས་གསུངས་སོ། །ཚུལ་བཞིན་བསྲུང་དགོས་པ་ནི། ཧེ་རུ་ཀ་འདུས་པའི་རྒྱུད་ལས། མི་འདའ་དམ་རྫས་

༼པ༽མཆོག་གྱུར་པ། །འདའ་བར་གྱུར་ན་འཚིག་པར་བཤད། །ཅེས་གསུངས་སོ། །སློབ་མ་ལ་དགོས་པ་རྒྱུའི་ཐེག་པ་ཐུན་མོང་དང་། ཁྱད་པར་གཉིས་ཀྱི་སྡོམ་པ་འོག་མ་སོར་བྱང་གཉིས། འདིར་བླ་མེད་དབང་གི་ཡན་ལག་ཏུ་འགྲོ་དགོས་ཏེ། ཕུར་བ་ཞེ་སྡང་ཁྲོས་པའི་རྒྱུད་ལས། སོ་སོར་ཐར་བ་དང་པོ་སྦྱིན། །དེ་ལ་ཉན་ཐོས་ཆོས་རྣམས་བསྟན། །དེ་ནས་བྱང་ཆུབ་སྡོམ་ཆེན་སྦྱིན། །དེ་ལ་དབུ་མའི་ཆོས་རྣམས་བཤད། །མཐར་ནི་འབྲས་བུ་ཐེག་ཆེན་གྱི། །དབང་སྦྱིན་འབྲས་བུའི་རྒྱུད་འདི་བཤད། །ཅེས་དང་། རྣམ་ངེས་ལས། དེ་ལྟར་ཐུན་མོང་སྡོམ་པ་འོག་མ་གཉིས། །འདིར་ནི་བླ་མེད་དབང་གི་ཡན་ལག་ཏུ། །རྒྱུད་སྡེ་རྒྱ་མཚོར་བཤད་ལྟར་འདིར་འཆད་དོ། །ཞེས་གསུངས་པ་བཞིན་ནོ། །དེ་ནས་མིག་རས་དང་མེ་ཏོག་གཏད་ལ་སློབ་མ་ལྷར་བསྐྱེད་པ་ནི། ཤྲཱྀ་ཧེ་རུ་ཀའི༴ ང་རྒྱལ་གྱིས་བགེགས་བསྐྲད་པ་ནི། རྗེས་འབྲང་གི་བགེགས་སོ། །བདེ་མཆོག་མཁའ་འགྲོ་རྒྱ་མཚོའི་རྒྱུད་ལས། །གང་དུ་བཅོམ་ལྡན་ལྷན་ཅིག་ཏུ། །འོང་བའི་ཕྱོགས་ཀྱི་བདག་པོ་རྣམས། གང་ཡང་རྗེས་སུ་འབྲང་བཅས་འདིར། །ཞེས་བཤད་པས་ཕྱིར་བསྐྲད། དེ་ནས་སློབ་མ་ལྷར་གསལ་ཏེ། རང་བཞིན་ཡེ་ཤེས་ཀྱི་ཞིང་ནས་ཡེ་ཤེས་པ་སྤྱན་དྲངས་ལ་བསྟིམ་མོ། །དེ་ནས་དཀྱིལ་འཁོར་དུ་འཇུག་པ་ནི། ཧཱུྃ་དཀྱིལ་འཁོར་ཆེན་པོ་ཤར་གྱི་སྒོ༴ སོགས་ཞེས་པ་ནི་ལྷ་དང་སློབ་དཔོན་དབྱེར་མེད་རིག་པ་ཉམས་ཀྱི་དཀྱིལ་འཁོར་གྱི་རྩལ་ལས་རིག་འཛིན་སྤྲུལ་པའི་དཀྱིལ་འཁོར་ལམ་གྱིས་ཤར་ཏེ་དཀྱུས་ཚིག་ལྟར་དལ་དུ་འཇུག་པར་བྱ། དེ་ཡང་རིག་པ་ཉམས་ཀྱི་དཀྱིལ་འཁོར་ནི། རྒྱུད་ལས། རང་རིག་མཐའ་དབུས་མེད་པའི་དཀྱིལ། །ཡེ་ཤེས་བཞི་འཕྲོ་འཁོར་༼གྱི་༽ལོའི་ཚུལ། །ཞེས་གསུངས་པ་དེ་བཞིན་ནོ། །རྗེ་ཁྱབ་བདག་འཁོར་ལོའི་མགོན་པོས་ཀྱང་། འཁོར་

འདས་ཀྱི་ཆོས་ཐམས་ཅད་སེམས་ཉིད་རང་བྱུང་གི་ཡེ་ཤེས་སྐྱེ་བ་མེད་པའི་ཀློང་དུ་རོ་གཅིག་པ་ནི་རང་བཞིན་སྐྱེ་མེད་ཀྱི་ངང་ལས་རྣམ་རོལ་འགགས་མེད་ཀྱི་དཀྱིལ་འཁོར་འཁོར་ལོའི་ལྷ་ཚོགས་ཞེས་གསུངས་པ་དེ་བཞིན་ནོ། །མེ་ཏོག་དོར་བ་ནི། མཚོན་བྱ་ལས་དཀྱིལ་སྟེང་དུ། ཚེ་འདས་རིག་པའི་མེ་ཏོག༴ སོགས་ཞེས་པ་ལ་ལས་དང་ཐུགས་རྗེ་མཐུན་པའི་རྟེན་ཅིང་འབྲེལ་འབྱུང་ལ་བརྟེན་ནས་ཡི་དམ་གྱི་ལྷ་ངོས་འཛིན་པའི་ཆེད་དུ་དཀྱུས་བཞིན་མེ་ཏོག་དབུས་སུ་འཕངས་ལ་ཕོག་པའི་ལྷ་ངོ་སྤྲད་ལ་གསང་མཚན་བཏག་གོ །རྒྱུད་ལས། དེ་ནས་མིག་དར་བཅས་པ་ཡིས། །ཕྱག་འཚལ་ཐལ་མོ་སྙིང་གར་སྦྱར། །མེ་ཏོག་དཀྱིལ་འཁོར་དབུས་སུ་དོར། །རིགས་ཀྱི་མཚན་བཏགས་མིག་དར་དབྱེ། །བླ་མས་གཟེངས་བསྟོད་བསྒྲུབ་ལུང་འབོགས། །ཞེས་གསུངས་པ་ལྟར་བྱ། སློབ་མའི་མིག་དར་ནང་ནས་ཁ་དོག་གི་རིགས་བརྟག །དེ་བཞིན་སློབ་དཔོན་གྱིས་ངོ་སྤྲད། མིག་དར་དབྱེ་བ་ནི། ཧཱུྃ་ཀུན་བཟང་རིགས་ལྔ་རྡོ་རྗེ༴ སོགས་མིག་རས་བསལ་ལ། སྔོན་ཆད་སྒྲིབ་གཉིས་མ་རིག་པའི་ལིང་ཏོག་བསལ་ཏེ་རིག་པའི་ཡེ་ཤེས་བྱ་རྩོལ་བློ་འདས་དང་བྲལ་བའི་ངང་ལ་མཉམ་པར་བཞག །དེ་ནས་སློབ་དཔོན་གྱིས། ཀྱེ་མ་ཚེ་འདས་རིགས་ཀྱི་བུ༴ ཞེས་སློབ་མ་གཟེངས་བསྟོད་ནས་སྤྲོ་བ་བསྐྱེད་ནས་དངོས་གྲུབ་ཐོབ་པར་བཤད། དེ་ནས་རྟེན་དང་བརྟེན་པ་རྣམས། རྣམ་དག་མཐོང་བ་རང་གྲོལ་ལྟར་ངོ་སྤྲད། དེ་ལྟར་སློབ་མ་དབང་པོ་ཡང་རབ་ལ་ཏིང་ངེ་འཛིན་སྤྲུལ་བའི་དཀྱིལ་འཁོར་དུ་ངོ་སྤྲད། སྔོན་སློབ་དཔོན་པདྨས་སྟག་ཚང་ཕུག་ཏུ་རྡོ་རྗེ་གཞོན་ནུའི་དཀྱིལ་འཁོར་ནམ་མཁའ་དང་མཉམ་པར་བསྟན་ནས་མཚོ་རྒྱལ་ལ་དབང་བསྐུར་བ་ལྟ་བུའོ། །སློབ་མ་དབང་པོ་ཐ་མ་རྫས་ཀྱི་དཀྱིལ་འཁོར་དུ་ངོ་སྤྲད། དེ་ཡང་ཡེ་

ཤེས་རྔམ་པ་གློག་གི་འོད་ཟེར་ལས། མི་ཤེས་པ་ཡི་འགྲོ་བ་ལ། །མཚོན་པར་གསལ་བའི་དོན་སྟོན་ཕྱིར། །གཟུགས་བརྙན་དཀྱིལ་འཁོར་བཤད་པར་བྱ། །ཞེས་གསུངས་པ་བཞིན་ངོ་སྤྲད་དོ། །བདུན་པ་དབང་ལ་འཇུག་པ་ནི། རིགས་དྲུག་གནས་འདྲེན་གྱི་ལས་རིམ་བདུན་པའི་ཡིག་ཆུང་ལས། ཐོག་མར་སྐུ་གསུང་ཐུགས་ཀྱི་དབང་གསུམ་བསྐུར། །དེ་རྗེས་ཆུ་དང་དབུ་རྒྱན་རྡོར་དྲིལ་མིང་། །ཞེས་དང་། དེ་ནས་གསང་དབང་ཤེས་རབ་ཚིག་དབང་བསྐུར། །དེ་ནས་ཞི་ཁྲོ་མངའ་གསོལ་རྟགས་ཀྱི་དབང་། །ཞེས་གསུངས་པ་འདི་དག་གཏེར་ཚིག་འཁྲུལ་མེད་རང་གཞུང་ནས་སློབ་དཔོན་པདྨའི་བཞེད་པར་གསལ་བཞིན་མངོན་སུམ་དུ་ཡོད་པ་འདི་དག་ལ་མི་འཇུག་པར་ཞི་ཁྲོ་དབང་ཆོག་གི་ཐོག་མར་སྐུ་གསུང་ཐུགས་དབང་སོགས་བསྐུར་ཞིང་། དེ་ནས་དབང་ལྔ་རྫོགས་ཏེ་གསང་དབང་སོགས་བཤད་པ་འདི་ལ་དཔྱད་ན་ཡང་། གཏེར་མ་དངོས་ཅིག་ཡོད་པ་འདྲ་སྟེ། རྗེ་གྲུབ་པའི་དབང་པོ་པདྨ་རིག་འཛིན་གྱིས་བཀའ་མ་དེ་དག་མ་གཏོགས་ཕྲན་གྱིས་མ་མཐོང་། ད་ལྟའི་ཕྱག་ལེན་དེ་དང་མི་བསྟུན་པ་འདྲ་བས་ཅུང་ཟད་འཆུག་པས་སྐྱེས་བུ་བློ་ལྡན་རྣམས་ཀྱིས་དཔྱད་པར་ཞུ། ཐུན་མོང་རིག་པའི་དབང་ལྔ་ནི། དེ་ལྟའི་མཁས་དབང་རྣམས་ཀྱིས་རྣམ་རྒྱལ་བུམ་པ་སྟོན་པར་འདུག་ཀྱང་། ཆུའི་དབང་བསྐུར་ཚུལ་དང་། ལུང་གི་འབྱུང་ལ། ལས་བུམ་བསྟན་ཀྱང་འགལ་བར་མ་སེམས་སོ། །མཆན། སྤྲོ་ན་སློབ་དཔོན་མདུན་དུ་གདན་གསུམ་ཚང་བའི་དབང་ལྷ་སྤྱན་དྲངས་ཏེ་བུམ་པ་དབུ་རྒྱན་རྡོར་དྲིལ་སོགས་བཤམས་ཏེ། སྭ་བྷ་ཝ༴ བརྗོད་དེ་བུམ་ཆུ་ཀུ་ཤས་གཏོར་ནས་རང་གི་ཕུང་པོ་ལྔ་དག་པར་སྦྱངས་ནས། དབང་ལྷ་སྤྱན་དྲངས་ནས་མཆོད་ཅིང་བསྟོད་ལ་དབང་རྫས་རྣམས་བྱིན་གྱིས་བརླབས་ནས་རིགས་སོ་སོའི་ངོ་བོར་གྱུར་ནས་རང་རང་གི་དབང་རྫས་རྣམས་

ཐོགས་ནས་སློབ་མ་ལ་རིམ་པ་བཞིན་དུ་དབང་བསྐུར་ནས་རིག་མ་རྣམས་ཀྱིས་རྡོ་རྗེའི་གླུ་བླང་། བྱང་སེམས་རྣམས་ཀྱིས་བཀྲ་ཤིས་བརྗོད། ཁྲོ་བོ་རྣམས་ཀྱིས་བགེགས་བསྐྲད། ལྷ་མོ་རྣམས་ཀྱིས་མཆོད་པ་འབུལ་བར་དམིགས་ཏེ། གདན་གསུམ་ཚང་བའི་ལྷ་ནི། ཀློང་ཆེན་ལས། ཕུང་ཁམས་དག་པ་གཤེགས་པ་གཤེགས་མའི་གདན། །དབང་ཤེས་དག་པ་སེམས་དཔའ་སེམས་མ་སྟེ། །ལས་ཀྱི་བདག་པོ་ཁྲོ་བོའི་ཁྲོ་མོའི་ཚོགས། །གདན་གསུམ་ཡོངས་རྫོགས་ལྷ་ལ༴ ཞེས་གསུངས་པ་དེ་བཞིན་ནོ། །དེ་ཡང་རྒྱས་བསྡུས་སྐབས་དང་བསྟུན་ལ་མ་བྱས་ཀྱང་འགལ་བར་མ་སེམས་སོ། །དེ་ནས་སློབ་མ་མི་བསྐྱོད་པར་གསལ་ལ། བུམ་པ་གང་མོས་ཐོགས་ཏེ། ཧཱུྃ་སྐུ་གསུམ་དམ་ཚིག༴ སོགས་མི་བསྐྱོད་པ་ཆུའི་དབང་བསྐུར་བས་རྣམ་ཤེས་ཕུང་པོ་དག་ཅིང་ཞེ་སྡང་ཡིད་ཀྱི་སྒྲིབ་པ་ཐམས་ཅད་དག །ཐུགས་ཀྱི་དབང་ཐོབ། རྣམ་པར་ཤེས་པ་རྡོ་རྗེ་མི་བསྐྱོད་པ་དང་ཆུའི་ཁམས་མཱ་མ་ཀཱིར་སངས་རྒྱས། དབང་ཆེན་རྣམས་སྤྱན་མ་དང་མཱ་མ་ཀཱི་གོ་ས་འཕོ་བ་ནི། མེ་ཁམས་ཞེ་སྡང་དང་། ས་ཁམས་ང་རྒྱལ་གྱི་རྟོག་པ་རང་རང་གི་དག་བྱ་དང་དག་བྱེད་གཉེན་པོ་ལ་འཇུག་པའི་དོན་ནོ། །མཆན། ཞེ་སྡང་ཆོས་དབྱིངས་ཡེ་ཤེས་སུ་གྲོལ་ཏེ། སངས་རྒྱས་རིགས་ཀྱི་ཐུགས་འཁྲུལ་བ་མེད་པའི་སེམས་ཅན་ཐམས་ཅད་ཀྱི་དོན་བྱེད་པར་འགྱུར་རོ། །སློབ་མ་རིན་འབྱུང་དུ་གསལ་ལ་དབུ་རྒྱན་ཐོག །ས་ནས། ཧཱུྃ་སངས་རྒྱས་ཀུན་གྱི༴ ཞེས་སོགས་ཚོར་བའི་ཕུང་པོ་དག་ཅིང་ང་རྒྱལ་དང་ཤེས་བྱའི་སྒྲིབ་པ་དག །ཡོན་ཏན་གྱི་དབང་ཐོབ། ཚོར་ཕུང་རིན་འབྱུང་དང་ས་ཁམས་སྤྱན་མར་དག །ང་རྒྱལ་མཉམ་ཉིད་ཡེ་ཤེས་སུ་གྲོལ། སངས་རྒྱས་རིན་ཆེན་རིགས་ཀྱི་ཡོན་ཏན་ཐམས་ཅད་རྟོགས་ནས་སེམས་ཅན་ཐམས་ཅད་ཀྱི་དོན་བྱེད་པར་འགྱུར་རོ། །སློབ་མ་སྣང་མཐར་གསལ་ཏེ་རྡོ་རྗེའི་དབང་བསྐུར་བ་ནི། ཧཱུྃ་སངས་རྒྱས་ཀུན་གྱི༴

འདུ་ཤེས་ཕུང་པོ་དག་ཅིང་འདོད་ཆགས་དང་ངག་སྒྲིབ་དག །གསུང་གི་དབང་ཐོབ། འདུ་ཤེས་ཕུང་པོ་སྣང་མཐའ་དང་། མེ་ཁམས་གོས་དཀར་དུ་གྲོལ། འདོད་ཆགས་སོར་རྟོག་ཡེ་ཤེས་སུ་གྲོལ་ཏེ། སངས་རྒྱས་པདྨ་རིགས་ཀྱི་གསུང་འགག་པ་མེད་པའི་ཆོས་ཀྱི་སྒྲ་དབྱངས་ཀྱི་འགྲོ་བའི་དོན་བྱེད་པར་འགྱུར་རོ། །སློབ་མ་དོན་གྲུབ་ཏུ་གསལ་ཏེ་དྲིལ་བུ་བཟུང་ལ། ཧཱུྃ་ཐབས་དང་ཤེས་རབ༴ འདུ་བྱེད་ཕུང་པོ་དག་ཅིང་ཕྲག་དོག་དང་། ཀུན་གཞིའི་སྒྲིབ་པ་དག །ཕྲིན་ལས་ཀྱི་དབང་ཐོབ། འདུ་བྱེད་ཕུང་པོ་དོན་གྲུབ་དང་རླུང་ཁམས་སྒྲོལ་མར་སངས་རྒྱས། ཕྲག་དོག་བྱ་གྲུབ་ཡེ་ཤེས་སུ་གྲོལ། ལས་ཀྱི་རིགས་ཀྱི་འཕྲིན་ལས་ཐོགས་པ་མེད་པར་འགྲུབ་ནས་འགྲོ་དོན་བྱེད་པར་འགྱུར་རོ། །སློབ་མ་རྣམ་སྣང་དུ་གསལ། ཐབས་ཤེས་དྲིལ་བུ་ཐོགས་ལ། ཧཱུྃ་རྡོ་རྗེ་མིང་གི༴ སོགས་གཟུགས་ཕུང་དག་ཅིང་གཏི་མུག་དང་ལུས་ཀྱི་སྒྲིབ་པ་དག །སྐུའི་དབང་ཐོབ། གཟུགས་ཕུང་རྣམ་སྣང་དང་ནམ་མཁའ་དབྱིངས་ཕྱུག་མར་དག །གཏི་མུག་མེ་ལོང་ཡེ་ཤེས་སུ་གྲོལ། དེ་བཞིན་གཤེགས་པའི་སྐུ་འགྱུར་བ་མེད་པ་ཐོབ་ནས་འགྲོ་བའི་དོན་བྱེད་པར་འགྱུར་རོ། །ཞེས་བཤད། དེ་བཞིན་རིགས་དབང་ལྔའི་སྦྱང་བྱ་སྦྱོང་བྱེད་སྦྱངས་འབྲས་ན ི་གར་དབང་འཇིགས་མེད་གླིང་པའི་བཞེད་པ་ལྟར་རོ། །འོ་དེ་ལྟར་ཐུན་མོང་རིག་པའི་དབང་ལྔ༴ སོགས་གོང་དུ་སོང་བས་འཐུས་སོ། །ལུང་གིས་ཀྱང་འགྲུབ་ལ། རྒྱུད་ལས། ཞེ་སྡང་མེ་གསོད་ཆུ་ཡི་དབང་། །ང་རྒྱལ་རི་སྙིལ་དབུ་རྒྱན་དབང་། །འདོད་ཆགས་དུག་འཇོམས་རྡོ་རྗེའི་དབང་། །ཕྲག་དོག་ཞེན་གྲོལ་དྲིལ་བུའི་དབང་། །གཏི་མུག་མུན་སེལ་མིང་གི་དབང་། །ཞེས་གསུངས་པ་དེ་བཞིན་ནོ། །དེ་ནས་བུམ་དབང་ཞུ་བའི་ཆེད་དུ་སློབ་མའི་ཐལ་མོ་སྦྱར་ལ་རྗེས་ཟློས་ཚུལ་གྱིས།

ཀྱེ་ཧོ་བླ་མ་རྡོ་རྗེ་འཛིན་པ༴ སོགས་ཞུ་བ་ཕུལ་ལ། སློབ་དཔོན་གྱིས་བུམ་པ་ཐོགས་ལ་སེམས་ཉིད་གསལ་སྟོང་འཛིན་མེད་ཀྱི་ངང་ནས། འོ་རིགས་ཀྱི་བུ་རྣམས་བུམ་པ་འདི་སྤྱི་བོར་བཞག་པ༴ སོགས་བརྗོད་ལ། ཧཱུྃ་རིན་ཆེན་བུམ་པ༴ སོགས་ཀྱིས་སློབ་མའི་སྤྱི་བོར་བཞག་པ་ཙམ་གྱིས་རིགས་ལྔ་ཞི་ཁྲོའི་ལྷ་ཚོགས་རྟེན་དང་བརྟེན་པར་བཅས་པ་འོད་དུ་ཞུ་ནས་སྤྱི་བོ་ཚངས་པའི་བུ་ག་ནས་ལུས་ལ་ཞུགས་པས་ནང་ཐམས་ཅད་བདུད་རྩིས་གང་། ལུས་ངག་ཡིད་གསུམ་ལྷ་སྔགས་ཡེ་ཤེས་སུ་གྲོལ་ནས་ཚེ་རབས་ཐོག་མ་མེད་པ་ནས་ལུས་ཀྱི་སྒོ་ནས་བསགས་པའི་སྡིག་སྒྲིབ་དག་ནས། ལུས་ལྷ་བསྒོམ་པ་ལ་དབང་། འབྲས་བུ་སྐུ་གསུམ་ལྷུན་གྱིས་གྲུབ་ཅིང་། དོན་གཉིས་མཐར་ཕྱིན་ནས་སྟོང་ཉིད་སྙིང་རྗེ་དབྱེར་མེད་ཀྱི་ངང་ནས་འགྲོ་བ་སེམས་ཅན་ཐམས་ཅད་འདྲེན་པའི་དཔལ་མགོན་དམ་པར་གྱུར་པའི་སྐལ་བ་ཅན་དུ་བྱས་སོ། །དེ་ནི་རང་གཞུང་གི་དགོངས་པའོ། །ཐུགས་ཕྱག་མཚན་གྱི་དབང་བསྐུར་བ་ནི། པར་བུ་སྲེགས་ཤིང་ཐོགས་ལ། ཧཱུྃ་རིན་ཆེན་པར་བུ་ལྷུང་བཟེད་ན༴ ཞེས་ཐབས་ཤེས་ཟུང་འཇུག་གི་དབང་རྒྱུད་ལ་བཞག་པའི་དོན་ལ་མཉམ་པར་བཞག །དེ་ནས་རིགས་ལྔའི་ཕྱག་མཚན་མགོ་ཐོག་ཏུ་བཞག་ལ། ཧཱུྃ་རྡོ་རྗེ་འཁོར་ལོ༴ ཞེས་ཕྱག་མཚན་ལྔའི་དབང་བསྐུར་བས་འཁོར་བ་ལས་ལྡོག་སྟེ་ཡེ་ཤེས་ལྔའི་འཁོར་ལོའི་རང་བཞིན་དུ་གྱུར་པར་བསམ། འོ་རིགས་ཀྱི་བུ་ཐོག་མར་ལུས་སྨིན་པར་བྱེད་པ་བུམ་པ་ལྷའི་དབང་བསྐུར་བས་བུམ་པ་འདིའི་ནང་ན་སྨན་ལྔ་སོགས། ལྔ་ལྔ་བཤད་པ་ནི། སྙིང་རྗེ་ལྔ་ནི། རང་བཞིན་སྐྱེ་བའི་སྙིང་རྗེ། སེམས་ཅན་ལ་དམིགས་པའི་སྙིང་རྗེ། ཆོས་ལ་དམིགས་པའི་སྙིང་རྗེ། དམིགས་པ་མེད་པའི་སྙིང་རྗེ། མི་སྐྱེ་བའི་སྡུག་བསྔལ་ཅན་གྱི་སྙིང་རྗེ་ཡུལ་ཡིན་ནོ། །བཏང་སྙོམས་ལྔ་ནི། མཐོ་དམན་མི་སེམས་

པའི་བཏང་སྙོམས། རང་གཞན་སྲུང་བའི་བཏང་སྙོམས། དུས་དང་དུས་མིན་པའི་བཏང་སྙོམས། དགག་སྒྲུབ་མེད་པའི་བཏང་སྙོམས། ལས་སུ་རུང་བའི་བཏང་སྙོམས་དང་ལྔའོ། །སེམས་ཅན་ལ་ཉེ་རང་མེད་པའི་བཏང་སྙོམས་ཞེས་གསུངས་སོ། །བྱམས་པ་ལྔ་ནི། ཁོང་ཁྲོ་མེད་པའི་བྱམས་པ། འདོད་སྲེད་མེད་པའི་བྱམས་པ། གཏི་མུག་མེད་པའི་བྱམས་པ། ང་རྒྱལ་མེད་པའི་བྱམས་པ། ཕྲག་དོག་མེད་པའི་བྱམས་པ་དང་ལྔའོ། །རིགས་དྲུག་སྡུག་བསྔལ་བདག་ལེན་གྱི་བྱམས་པ་དང་ལྔ་གསུངས། དགའ་བ་ལྔ་ནི། འཕགས་པ་རབ་ཏུ་དགའ་བ། མོས་གུས་དང་བཅས་པའི་དགའ་བ། བཙལ་དཀའ་རྙེད་པའི་དགའ་བ། ཞི་བར་གནས་པའི་དགའ་བ། མི་ཐུབ་པའི་དགའ་བའོ། །བདག་བདེ་གཞན་ལ་ཕན་ན་དགའ་བདེའི་རྒྱུ་གསུངས་སོ། །སྐུ་ལྔ་ནི། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་དང་ལྔའོ། །སླར་སློབ་མའི་ལྷ་དབང་ཆེན་མོ་ཞུ་བའི་ཆེད་དུ་ཐལ་མོ་སྦྱར་ནས། ཀྱེ་ཧོ་བླ་མ་རྡོ་རྗེ་འཛིན་པ༴ ཞེས་རྗེས་ཟློས་ཚུལ་དུ་བརྗོད། དེ་ནས་སློབ་དཔོན་གྱིས་སྐུ་ཙག་བཟུང་ལ། ཧཱུྃ་སྐལ་ལྡན་རིགས་ཀྱི༴ རང་སྣང་དག་པ་ཆོས་ཀྱི་དབྱིངས་སྣང་སྟོང་ཟུང་འཇུག་སྤྲོས་བྲལ་བདེ་བ་ཆེན་པོའི་ངང་ལ་མཉམ་པར་བཞག་སྟེ་དབང་བསྐུར་བར་བྱ། ལུང་ལས། རང་བྱུང་རོལ་བའི་དབྱིངས་ཀློང་ནས། །འཁོར་འདས་ཆོས་རྣམས་དབང་གི་དཀྱིལ། །བདག་འཛིན་བྲལ་བའི་གནས་ཏེ་རུ། །བྱང་ཆུབ་དབང་གི་ཆུ་རྒྱུན་འབེབས། །ཞེས་གསུངས་པ་དེ་ལྟར་དུ་བྱའོ། །འདིར་ལྷ་དབང་གི་བཤད་པ་ངོ་སྤྲོད་སྐབས་གསལ་བས་འགྲེལ་ཞུས་མི་དགོས་སྟེ། སྐལ་ལྡན་རིགས་ཀྱི་བུ་རྣམས་ལ། །རྒྱལ་བ་རིགས་ལྔ༴ ཞེས་སོགས། སྦྱང་བྱ་ཕུང་

པོ་ལྔ་སྦྱོང་བྱེད་རིགས་ལྔའི་དབང་། སྦྱངས་འབྲས་རིགས་ལྔའི་གོ་འཕང་ལ་འགོད་པར་བཞེད་དོ། །དེ་བཞིན་ཡུམ་ལྔ༴ བྱང་སེམས་བཅུ་དྲུག །ཐུབ་དྲུག །སྒོ་བ་ཡབ་ཡུམ་བརྒྱད་དང་བཅས་པ་རང་གཞུང་ནས་ངོ་སྤྲོད་གསལ་བས་ཁྱབ་སྟེ་མ་སྤྲོས་སོ། །ཡང་ཁྲག་འཐུང་སྐབས་སུ་སྦྱང་བྱ་སྦྱོང་བྱེད་སྦྱངས་འབྲས་སོགས་ཞི་བའི་སྐབས་དང་མི་མཐུན་པ་ཆེར་མེད་དེ། སེམས་ཅན་རྣམས་ལ་དབང་པོ་ཞི་དྲག་གཉིས་ཀྱི་ཆེད་དུ་བསྟན་པ་ལ་དབང་པོ་དུལ་བ་ཞི་བས་འདུལ་བ། དབང་པོ་རགས་པ་ཁྲོ་བོས་འདུལ་བར་བསྟན་ལ། ཡེ་ཤེས་རོལ་བའི་རྒྱུད་ལས། གཞི་མ་གྲུབ་པའི་སངས་རྒྱས་ནི། །ཞི་དང་ཁྲོ་བོའི་རང་བཞིན་ལས། །མ་རིག་དུག་གསུམ་རྒྱུ་མཐུན་པའི། །དབང་པོ་ཞི་དྲག་གཉིས་སུ་སྣང་། །ཞེས་གསུངས་པ་དེ་བཞིན་ནོ། །གཏོར་དབང་ནི། རྩ་གསུམ་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པའི་སྐུ་གསུང་ཐུགས་ལས་བདུད་རྩི་འོད་ཟེར་དང་བཅས་པ་བྱུང་བས་སློབ་མའི་སྒོ་གསུམ་གྱི་སྒྲིབ་གཉིས་བག་ཆགས་དང་བཅས་པ་བྱང་ཞིང་དག་ནས་ལུས་ངག་ཡིད་གསུམ་རྡོ་རྗེ་གསུམ་དང་ལྡན་པར་བསམ། མཐའ་རྟེན་རྒྱལ་སྲིད་སྣ་བདུན་དང་རྟགས་བརྒྱད་རྣམས་དཀྱུས་བཞིན་དུ་རྟོགས་སླའོ། །འདོད་ཡོན་བྱིན་རླབས་ལ། བདག་པོས་ཡོངས་སུ་བཟུང་བ་དང་མ་བཟུང་བའི་འདོད་པའི་ཡོན་ཏན་ལྔས་ནམ་མཁའ་ཁྱབ་པར་སྤྲུལ་ནས་དཀྱིལ་འཁོར་གྱི་ལྷ་ལ་ཚོགས་བསགས་ཏེ་ཕུང་ལྔ་གནས་སུ་དག་ནས་འདོད་ཡོན་ལྔ་ལ་ལོངས་སྤྱོད་ནས་རིགས་ལྔའི་གོ་འཕང་ལ་སྨོན་པའོ། །བརྒྱད་པ་ཞིང་དུ་སྨོན་ལམ་གདབ་པ་ནི། འདི་ནས་ཤར་གྱི་ཕྱོགས་རོལ༴ སོགས་ཤར་ལྷོ་ནུབ་བྱང་དབུས་དང་ལྔར་ཡུམ་ཆེན་ལྔའི་མཁའ་ཀློང་རྣམ་དག་ཡངས་པ་ཆེན་པོས་མ་ཁྱབ་པ་མེད་པ་གཡོ་མེད་འཕོ་འགྱུར་དང་བྲལ་བའི་ངང་དུ་གནས་པ་དེ་

ལྟར། དམིགས་ཡུལ་གྱི་ཁམས་ལྔ་ཡང་དེ་ལ་རྟེན་ཅིང་འབྲེལ་བར་འབྱུང་བའི་ས་བོན་གྱི་ཡི་གེ་སུཾཿབཾཿརཾཿཡཾཿཨེཿརྣམས་རྟེན་བྱེད་དུ་གནས་པ་ལ། དཔེར་ན་ཕྱིའི་ནམ་མཁའ་དང་བུམ་ནང་གི་ནམ་མཁའ་ལྟ་བུ་ཡིན་ཏེ། སྨོན་ལམ་སྟོབས་པོ་ཆེ་བཏབ་པའི་མཐུས་དབྱེར་མེད་དུ་སངས་རྒྱས་པར་འགྱུར་རོ། །དགུ་པ་ནད་དང་སྒྲིབ་པ་སྦྱངས་པ་ནི། མཚོན་བྱེད་སྐུ་གཟུགས་ལྔ་མེ་ལོང་ངོགས་སུ་བསྟན་ཏེ། །ཀྱེ་མ་མུན་པ་ལྟ་བུའི་འཇིག་རྟེན༴ ཞེས་སོགས། དཀྱུས་བཞིན་བརྗོད་དེ། །དམིགས་ཡུལ་གྱི་ཡེ་ནས་ལྷན་སྐྱེས་ཀུན་བཏགས་ལོག་པར་རྟོག་པའི་རྗེས་སུ་འབྲངས་ནས་གཞན་དབང་དུ་གྱུར་པའི་དབང་པོ་ལྔའི་ཡུལ་ལ་བརྟེན་ནས་ནད་ལྔ་འབྱུང་བ་ལ། སློབ་དཔོན་གྱིས་ཡོངས་གྲུབ་མཉམ་ཉིད་རོལ་པ་ཆེན་པོའི་སྐུར་སྤྲུལ་ནས་སློབ་མའི་དབང་པོ་ལྔའི་ནད་རྣམས་དབྱིངས་སུ་དག་ནས་བྱིན་གྱིས་བརླབས་པར་བསམས་ལ། བཅུ་པ་གནས་སྤར་བྱ་བ་ནི། མཚོན་བྱ་འོད་གསལ་གྱི་བརྡ་རྟགས་སུ་མར་མེ་ཐོགས་ལ་བྱིན་རླབས་བྱས་ཏེ། ཧཱུྃ་རང་བཞིན་ཤུགས་ཀྱིས་དྲངས༴ སོགས་བརྗོད་དེ། དམིགས་ཡུལ་དེ་ཉིད་འཁོར་བའི་གནས་སུ་མ་རིག་མུན་པར་དབང་མེད་དུ་འཁྱམས་པའི་རྦ་རླབས་དོས་དྲག་པོ་ཆེ་འདི་ལ་སློབ་དཔོན་གྱི་ཐུགས་རྗེ་ཡེ་ཤེས་འོད་ཟེར་སྣང་བ་ཆེན་པོས་ཁྱབ་པར་བྱས་ཏེ་རང་སྣང་དག་པ་ཆོས་ཀྱི་དབྱིངས་རང་རིག་ཡེ་ཤེས་གྱི་ལྷ་དང་དབྱེར་མེད་དུ་ངོ་སྤྲོད་ནས་སངས་རྒྱས་པ་ལ་བཞེད་དོ། །འདི་ནས་ཤར་ཀྱི་ཕྱོགས་རོལ་ན༴ ཞེས་སོགས་གཞུང་བཞིན་བརྗོད་དེ། རང་བཞིན་ཡེ་ཤེས་ཀྱི་ཞིང་ལྔའི་གནས་སུ་རྫོགས་པའི་སངས་རྒྱས་ལོངས་སྐུ་རིགས་ལྔ་བཞུགས་པའི་མཚན་ནས་བརྗོད་ཅིང་རྗེས་སུ་བཟུང་ནས་ཞིང་དེར་སྨོན་ལམ་བཏབ་སྟེ།

དམིགས་ཡུལ་གྱི་ཕུང་ལྔ་ཚོགས་བསགས་པའི་ཆེད་དུ་འབུལ་ནས། མ་ནོར་བའི་ལམ་བསྟན་ནས་བྱང་ཆུབ་གནས་སུ་འདྲེན་པའི་རྟེན་འབྲེལ་རྒྱུད་ལ་བཞག་གོ །ཐབས་ཀྱི་གཞུ་ལ་ཤེས་རབ༴ སོགས་ཚིག་རྐང་བཞི་དཔེར་ན་མཐེབ་དང་གཞུའི་རྩོལ་བས་མདའ་ཕ་རོལ་དུ་སྐད་ཅིག་གིས་ཕྱིན་པ་ལྟར་བཙན་ཐབས་སུ་མྱུར་ལམ་ཁྱད་པར་ཅན་གྱི་དཔེ་ཡིན་ལ་མཚོན་བྱེད་དུ་བསྟན་ནས། ལམ་ཐབས་མཆོག་སྔགས་ཀྱི་ཆོ་ག་བླ་ན་མེད་པ་འདི་གཞུ་ལྟ་བུ་ལ། ཤེས་རབ་རིག་པས་མ་རིག་སྒོ་ལྔའི་སྦུབ་རྒྱ་འདྲལ་བྱེད་ཀྱི་མདའ་སྦྱར་ཏེ། ཟུང་འཇུག་དམིགས་པའི་འཕྲུལ་འཁོར་གྱིས་ཡེ་ཤེས་ཐུགས་རྗེའི་ཤུགས་ཀྱིས་དམིགས་ཡུལ་གྱི་སེམས་ཉིད་ཡི་གེ་ལྔར་གྱུར་པ་ཞིང་མཆོག་ཁྱད་པར་ཅན་དུ་འཕེན་པ་ནི་མཚོན་བྱ་སྒོམ་དོན་ནོ། །ཞེས་གསུངས་སོ། །ཞིང་ཁམས་འདི་ནས་ཤར་གྱི་ཕྱོགས་རོལ་ན། །མངོན་པར་དགའ་བའི༴ སོགས་རང་བཞིན་ཡེ་ཤེས་ཀྱི་ཞིང་ཁམས་ལོངས་སྐུ་ངེས་པ་ལྔ་ལྡན་ཏེ། དེ་ཡང་གནས་ངེས་པ་རང་སྣང་རྣམ་པར་དག་པ་ཁྱབ་བརྡལ་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་། སྟོན་པ་ངེས་པ་ལོངས་སྐུ་རྒྱལ་བ་རིགས་ལྔ། འཁོར་ངེས་པ་ཉིད་ལས་མི་གཞན་པ་ས་བཅུའི་སེམས་དཔའ་དང་སེམས་མ། ཆོས་ངེས་པ་འོད་གསལ་རྫོགས་པ་ཆེན་པོ། དུས་ངེས་པ་རྟག་པ་རྒྱུན་གྱི་འཁོར་ལོའོ། །དེ་ལྟ་བུའི་ཞིང་ཁམས་སོ་སོའི་མཚན་ཉིད་དང་དགའ་བདེའི་ཡོན་ཏན་སོགས་བསྔགས་པ་བརྗོད་ནས་ཁ་ཙམ་ཚིག་ཙམ་མ་ཡིན་པ་ཐེ་ཚོམ་མེད་པར་ཡང་དག་པའི་ངེས་ཤེས་ངང་ནས་དཀྱུས་བཞིན་བློ་ལ་གསལ་ཏེ་ཤར་ཕྱོགས་མངོན་པར་དགའ་བའི་ཞིང་ནས་སངས་རྒྱས་རྣམ་པར་སྣང་མཛད་དང་ཡུམ་སངས་རྒྱས་སྤྱན་མ་གཉིས་ཐབས་ཤེས་ཟུང་འཇུག་བདེ་བ་ཆེན་པོའི་ངང་དུ་གནས་པ་ལ་དམིགས་ཡུལ་

རྣམ་ཤེས་བྱང་བུར་གནས་པ་དེ་ཉིད་གཟུགས་ཕུང་ༀ་གྱི་ངོ་བོར་གནས་གྱུར་ནས་སྐྱེས་བུ་རྩལ་ལྡན་གྱིས་མདའ་འཕངས་པ་ལྟར་ཕཊ་ཀྱིི་སྒྲ་ཡིས་ཐོགས་མེད་དུ་སྤར་ནས་སངས་རྒྱས་སྤྱན་མའི་མཁའ་ཀློང་དུ་ཐིམ་པས་རྒྱལ་བའི་གོ་འཕང་ལ་འགོད་པར་བྱ། དེ་ལྟར་ལྷོ་དང་ནུབ་དང་བྱང་དབུས་རྣམས་དེ་བཞིན་རིམ་གྱིས་ཚོར་ཕུང་སོགས་ཡི་གེ་ལ་བརྟེན་སངས་རྒྱས་ཀྱི་ཞིང་དུ་སྤར་བར་བྱའོ། །དེ་ལ་ལམ་ཁྱེར་ནི། གནས་ལུགས་མཉམ་པ་ཉིད་ཀྱི་ངང་ནས། ལམ་རིག་རྩལ་འགག་མེད་དམིགས་རིམས་སུ་ཤར་བའི་ཞིང་ཁམས་དང་སངས་རྒྱས་བྱང་སེམས་རྒྱན་དང་བཀོད་པ་མཚན་ཉིད་སོགས་གཞུང་བཞིན་གསལ་བར་བྱ། དེ་ལྟར་རིམ་གཉིས་ཟུང་འཇུག་གི་ལམ་མཆོག་བླ་ན་མེད་པ་འདི་ཉིད་རྫོགས་པའི་སངས་རྒྱས་ཀྱིས་ཀྱང་འདི་ལས་ལྷག་པའི་ཆོས་ཤིག་མ་གསུངས་སོ། །སློབ་དཔོན་ན་ག་རྫུ་ནའི་ཞལ་ནས། སངས་རྒྱས་མཆོག་གིས་ཆོས་བསྟན་པ། །རིམ་པ་གཉིས་ལ་ཡང་དག་འདུས། །གཅིག་ནི་བསྐྱེད་པའི་རིམ་པ་དང་། །གཞན་ཕྱིར་རྫོགས་པའི་རིམ་པའོ། །ཞེས་གསུངས་པ་བཞིན་ནོ། །དེའི་དགོངས་དོན་ནི། རྡོ་རྗེ་ནམ་མཁའ་དང་མཉམ་པའི་རྒྱུད་ལས། འདིས་ནི་འཁོར་བའི་ཕ་རོལ་ཏུ། །སྐྱེས་བུ་མདའ་འཕང་ཅི་བཞིན་འགྲོ། །ཞེས་དང་། ཡང་ཟབ་ལེའུ་བརྒྱད་མ་ལས། འཕོ་བ་སྐར་ཁུང་མདའ་འཕངས་ནི། །འོད་ཀྱི་གོང་བུ་སྒྲ་ཡིས་འཕོ། །ཡང་ཡང་སྦྱངས་པའི་རྟགས་མྱུར་ཐོན། །ཞེས་གསུངས་པ་བཞིན་དུ་ལན་མང་དུ་སྤར་བ་དང་། ཞིང་ཁམས་སོ་སོའི་གནས་སུ་ཐ་དད་དུ་སྤར་བ་ལ་མི་འགལ་ཏེ། ཞིང་ཁམས་ཐམས་ཅད་རྣམ་རོལ་ཐ་དད་ཡིན་ཀྱང་། དོན་ལ་ངོ་བོ་གཅིག་དུ་དྲིལ་ནས་དབྱེར་མེད་དུ་གནས་པའོ། །ཐེག་བསྡུས་ལས། བདག་ཏུ་འཛིན་པ་མེད་པའི་ཕྱིར། །གནས་ལ་ཐ་དད་ཡོད་མ་ཡིན། །སྔོན་གྱི་རྗེས་སུ་

འབྲངས་བས་ཀྱང་། །དེ་ལ་གདགས་པ་ཐ་དད་མེད། །ཅེས་གསུངས་སོ། །དེ་ལྟར་ཡང་རྒྱལ་བའི་སྲས་སུ་གྱུར་ནས་སངས་རྒྱས། སླར་ཡང་སངས་རྒྱས་ཀྱི་མཛད་པ་ལྟ་བུར་བྱས་ནས་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་བྱེད་པར་སྨོན་ནོ། །དེ་ཡང་ཀུན་མཁྱེན་བློ་བཟང་གྲགས་པས། །བདེ་བ་ཅན་དུ་སྐྱེས་ནས་སླར་ཡང་ནི། །མ་དག་ཞིང་གི་འགྲོ་བ་འདྲེན་པར་ཤོག །ཅེས་གསུངས་པ་བཞིན་གསར་རྙིང་གི་དགོངས་པ་མཐུན་ནོ། །དེ་ནས་བྱང་བུ་བསྲེགས་པ་ནི། ཧཱུྃ་ཚེ་འདས་རིགས་ཀྱི༴ སོགས་གཞུང་བཞིན་བརྗོད་པ་ནི། སྦྱང་བྱ་ཚེ་འདས་ཀྱི་གློ་བུར་མ་དག་པའི་ཆ། སྦྱོང་བྱེད་དཀྱིལ་འཁོར་གྱི་ཐུགས་ཀ་ནས་ཡེ་ཤེས་ཀྱི་མེ་བྱུང་བས་དམིགས་ཡུལ་གྱི་སྒྲིབ་གཉིས་བག་ཆགས་དང་བཅས་པ་བྱང་ཞིང་དག་ནས། འབྲས་བུ་ལྷུན་གྲུབ་གདོད་མའི་བཙན་ས་ལ་འགོད་པའོ། །དེ་ནས་བསྔོ་སྨོན་གྱི་མཐའ་བརྒྱན་ཏེ་རྗེས་ཀྱི་རིམ་པ་རྣམས་བྱའོ། །བསྲུང་བྱ་སློབ་མའི་དམ་ཚིག་ནི་སྤྱི་ལྟར་ཡིན་ཏེ། དེ་ལྟར་བྱས་པས་ཆོ་གའི་ཕན་ཡོན་བསྟན་པ་ནི། སྦྱིན་བདག་རྣམས་ལ་གནས་སྐབས་དང་མཐར་ཐུག་གི་ཕན་ཡོན་ཐོག་མའི་ཚིག་གིས་འགྲུབ་པར་བསྟན་ལ། གཤིན་པོ་རྣམས་ལ། ལས་ཀྱི་རྣམ་པར་སྨིན་པ་དག་པ་རྣམས་སྨོས་ཅི་དགོས། ཤིན་ཏུ་ལས་ངན་པ་རྣམས་ཀྱང་ངན་སོང་གསུམ་གྱི་གནས་སུ་ཡོད་ཀྱང་ཆོ་ག་ཟབ་མོའི་རྩིས་ཟིན་པའི་བྱིན་རླབས་ཀྱིས་བདེ་འགྲོའི་འབྲས་བུ་ཐོབ་པ་ལ་ཐེ་ཚོམ་མེད་དེ། ཉི་ཟླ་ཁ་སྦྱོར་ལས། དེ་ཉིད་ཤི་ནས་ཞག་གྲངས་ནི། །ཉི་ཤུ་རྩ་གཅིག་བར་དུ་ཡང་། །བདུན་པའི་ཚེ་ན་ཆོ་ག་འབད། །དམིགས་པའི་ཏིང་འཛིན་ལྡན་པ་གཅེས། །ཡང་ན་བདུན་ཕྲག་བདུན་དུ་བྱ། །དེ་ཚེ་དེ་ལ་ལམ་ཡང་བསྟན། །ཆོས་ནི་སྣ་ཚོགས་བཤད་པར་བྱ། །དེ་ལྟར་ཆོ་ག་སུ་ལྡན་པ། །དེ་ཉིད་ལ་ཡང་ཐེ་ཚོམ་མེད། །

ངེས་པར་འབྲས་བུ་ཐོབ་པའོ། །ཞེས་གསུངས་པ་དེ་བཞིན་ཤུལ་མི་རྣམས་ཀྱིིས་རང་གི་ཡོ་བྱད་དང་བསྟུན་པའི་མཆོད་འོས་རྣམས་སྤྱན་དྲངས་ནས་ལོག་ལྟ་དང་སེར་སྣ་སོགས་དུག་ཅན་གྱིས་མ་བསླད་དེ་མོས་གུས་ཁྱད་པར་ཅན་གྱི་སྒོ་ནས་འདྲེན་ཆོག་འདི་དང་འདི་ལྟ་བུ་བསྒྲུབས་ཏེ་ཚོགས་བསགས་པས་ཀྱང་གཤིན་པོ་ལ་ཕན་ཤིན་ཏུ་ཆེ་སྟེ། བར་དོ་དང་སྡུག་བསྔལ་གྱི་གནས་སོགས་གང་དུ་གནས་ཀྱང་། རྒྱལ་བུ་དགེ་མཐོང་དང་ལྷའི་བུ་ནོར་བུ་དྲི་མ་མེད་པ་ལྟར་སྡུག་བསྔལ་གྱི་ཚེ་ཚད་མྱུར་དུ་རྫོགས་ཏེ་རྨི་ལམ་ཟད་པ་ལྟར་བདེ་འགྲོ་མཐོ་རིས་མི་ལུས་མཆོག་ལྡན་ཐོབ་པའོ། །དེ་ཉིད་ལས། དེ་ལྟར་རྗེས་སུ་བཟུང་བ་ཡིས། །རིག་པའི་གནས་རྣམས་འཕོ་བྱས་ནས། །རིམ་པའི་ཚེ་ཚད་ཉུང་གྱུར་ནས། །མི་ཡི་གནས་ཀྱི་བདེ་བ་ཐོབ། ཅེས་དང་། ཁྱད་པར་དུ་གླང་པོ་རབ་འབོག་གི་ཀལྤ་དུམ་བུའི་དྲི་མེད་བཤགས་རྒྱུད་ལས། །གང་གིས་སྒྱུ་འཕྲུལ་ཞི་ཁྲོ་ཡི། །དཀྱིལ་འཁོར་ལྷ་ལ་ཕྱག་འཚལ་ན། །ཉམས་ཆགས་ཀུན་ཀྱང་བྱང་གྱུར་ཏེ། །མཚམས་མེད་ལྔ་ཡི་སྡིག་ཀྱང་བྱང་། ན་རཀ་གནས་ཀྱང་དོང་སྤྲུགས་ཏེ། །རིག་འཛིན་རྒྱལ་བའི་ཞིང་དུ་གྲགས། ཞེས་གསུངས་པ་དེ་བཞིན་གནས་སྐབས་དང་། མཐར་ཐུག་གི་ཕན་ཡོན་བསམ་གྱིས་མི་ཁྱབ་བོ། །སྨྲས་པ། (རིམ་གཉིས་ལམ་ལ་དབང་འབྱོར་ཇི་སྙེད་ལ། །བདག་འདྲའི་ངན་ལྐུག་ཚིག་གིས་སུ་ཞིག་སྤྲོ། །འདི་བྲིས་ལས་ལ་འགལ་བ་ཅི་མཆིས་པ། །ཡོངས་འཛིན་མཁས་དབང་རྣམས་ཀྱི་སྤྱན་སྔར་བཤགས། །

འོན་ཀྱང་བཤེས་གཉེན་ཟུང་གི་བཀའ་ཕེབས་ནས། །རྒྱ་བོད་མཁས་གྲུབ་ཡོངས་ཀྱི་རྒྱུད་དང་ལུང་། །གཙོ་བོར་བཟུང་ནས་ཅུང་ཟད་བཀོད་པ་འདི། །རང་བཟོ་མུན་པའི་གླིང་དུ་མདའ་འཕང་མིན། ༡། སྔོན་སྦྱངས་བག་ཆགས་ཕྲ་མོ་ལས་ཀྱི་འཕྲོ། །མ་དོར་བླ་མའི་དྲིན་གྱིས་ལེགས་བསྐྱངས་ནས། །ཐོས་བསམ་བསྒོམ་པའི་འབྲས་བུ་སྲིད་པ་ཙམ། །བསྟན་དང་འགྲོ་ལ་སྨན་པའི་ཆེད་དུ་དམིགས། ༢། ཡོ༷ངས་འདུས་ལེགས་པར་བཀྲ་བའི་ལྷ་ལམ་ངོགས། །ཡོ༷ངས་ཤར་རྟ་བདུན་དབང་པོ་གསར་བསྐྲུན་པས། །ཡོ༷ངས་ཀྱི་བློ་ཡི་པདྨོ་ཁ་འབྱེད་ནས། །ཡོ༷ངས་འཛིན་དམ་པའི་ཚོགས་རྣམས་དགྱེས་གྱུར་ཅིག༣། དེང་དུས་འདྲེན་པ་ཕལ་ཆེར་ཚིག་མི་སྤྲོས། །ཆུ་སྐྱེས་བརྒྱན་དང་ཆོས་བརྒྱད་རོ་ཡིས་མྱོས། །བསྟན་འགྲོའི་དོན་ལ་གྱ་གྱུའི་སྣང་ཚུལ་བཞིན། །འདི་ལ་བསམས་ན་མིག་ནས་མཆི་མ་དཀུ། ༤། མནར་མེད་གནས་སུ་ཤ་ཐང་ཆད་པའི་ཚོགས། །རྣམ་དག་ལམ་བཟང་ཟབ་མོ་འདིར་ཞུགས་ནས། །མཐོ་རིས་གནས་སུ་བདེ་བའི་ངལ་བསོས་ཏེ། །སྐུ་བཞིའི་འབྲས་བུ་མྱུར་དུ་ཐོབ་པར་ཤོག༥། རྣམ༵་འདྲེན་དམ་པ་དུ་མའི་གཞུང་ལུགས་འདིར། །དག༵་པའི་ཞིང་ཁམས་བགྲོད་པ་ཤིང་རྟའི་འཕྲུལ། །ལམ༵་ལྔ་མྱུར་རྫོགས་ས་བཅུ་མཐར་ཕྱིན་ནས། །བཟང༵་པོ་སྤྱོད་པའི་བཀྲ་ཤིས་ཡོངས་ཁྱབ་ཤོག །དགེའོ། །སརྦ་མངྒ་ལམ། ཅེས་པ་འདི་ཟབ་ཆོས་ཞི་ཁྲོའི་གནས་འདྲེན་གྱི་དོན་རྣམ་དག་ལམ་བཟང་ཞེས་བྱ་བ་འདི་ཉིད་བསྟན་པ་དང་སེམས་ཅན་གྱི་དོན་ལ་ཐུགས་བསྐྱེད་ཕུལ་དུ་བྱུང་བ་རྣམ་འདྲེན་དམ་པ་མགོན་པོ་སྲུང་དང་། བླ་མ་དབང་ལྡན་

གཉིས་ཀྱིས་དར་དཀར་གྱི་རྟེན་བྱས་ནས་ཡུན་རིང་མོ་ནས་བཀའ་ཕེབས་གསུངས་མི་ལྡོག་ཙམ་དུ་ཕྲན་བུ་ཀརྨ་ཆོས་དབྱིངས་དུ་འབོད་པས་ཟླ་ཀླུང་ཆུ་བོ་གསེར་ལྡན་དལ་གྱིས་འབབ་པའི་གཡོན་ཕྱོགས། དཔལ་ཨོ་རྒྱན་ཆེན་པོའི་ཐུགས་ཀྱི་སྤྲུལ་པ་རླངས་སྲོན་༼སྟོན་༽ཨ་མི་བྱང་ཆུབ་འདྲེ་ཁོལ་གྱི་བྱིན་གྱིས་བརླབས་པའི་དབེན་གནས་དྲེའུ་དཀར་གྱིི་རི་ངོགས་གསང་ཆེན་བཤད་སྒྲུབ་གླིང་ནས་བྲིས་པའོ། །


previousཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་གྱི་གནས་འདྲེན་གྱི་སྤྱི་དོན་རྣམ་དག་ལམ་བཟང་།next