Nitartha Digital Library
Tibetan
བར་དོ་ཐོས་གྲོལ་ཆེན་མོའི་ཆོས་སྐོར་ཕྱོགས་བསྒྲིགས།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཀར་གླིང་ཞི་ཁྲོའི་འདོན་འགྲིགས་ལ་དོགས་སེལ་ཉུང་བསྡུས།
   
   
   
   


 
previousཀར་གླིང་ཞི་ཁྲོའི་འདོན་འགྲིགས་ལ་དོགས་སེལ་ཉུང་བསྡུས། next

ཀར་གླིང་ཞི་ཁྲོའི་འདོན་འགྲིགས་ལ་དོགས་སེལ་ཉུང་བསྡུས།

ༀ་སྭ་སྟི། འདིར་ཀར་གླིང་ཞི་ཁྲོའི་འདོན་འགྲིགས་ལ་དོགས་སེལ་ཉུང་བསྡུས་སྤྲོ་བ་ལ། སྤྱིར་ལུགས་མང་ཡང་ཕྱོགས་འདིར་སྔགས་ཆོག་འདི་རིགས་ཀཿཐོག་པའི་ཕྱག་བཞེས་དར་སྲོལ་ཆེ་ཡང་། བར་སྐབས་ནས་མཁས་གྲུབ་དུ་མས་རང་འདོད་ཕྱོགས་འཐེན་བྱས་པའི་ལུགས་སྣ་ཚོགས་ཀྱིས་དེང་སང་གཞོན་གྲབ་རྣམས་མགོ་འཁོར་འདུག་པས། གནའ་བོའི་བླ་རྒན་རང་དགོན་ངོ་མཐོང་བ་ལས་ཕྱག་ལེན་གྱི་ཁུངས་རྙེད་པ་མ་གཏོགས་སྙན་སྙན་འགྲིགས་འགྲིགས་ཁོ་ན་ལ་བློ་རྩེ་མི་གཏད་པ་རྣམས་ཀྱི་སྲོལ་དེ་ཅུང་ཟད་བརྗོད་ན། ཐོག་མར་བཱི་མའི་ཆོས་སྤྱོད་སོགས་ཆོས་སྤྱོད་ཀྱི་རིགས་རྣམས་སྔོན་དུ་བཏང་ལ། མཆོད་པ་བྱིན་རླབས་སོགས་ཟིན་མཚམས། སྔོན་འགྲོ་གཏི་མུག་གཉིད་དཀྲོག་ལྷན་ཐབས་ཀྱི་སྐྱབས་སེམས་དང་འབྲེལ་བའམ། སོ་སོར་བྱེད་པ་གང་བདེ་འོས་ཤིང་། ལྷན་ཐབས་སྐབས་མཚམས་ལྷ་བསྐྱེད་པ་གཞུང་དུ་གསལ་བ་ལྟར་རྟ་མགྲིན་བསྐྱེད་པ་ལ་ཞི་ཁྲོས་{གླེང་བར་དེ་}རཱུ་ཏྲ་བཏུལ་ཚུལ་དང་འབྲེལ་བའི་གནད་རེ་ཡོད་པར་འདུག་པས། ཕྱག་རྡོར་གྱི་ཁ་འཕངས་ཞིག་ཡོད་པ་རུང་ཙམ་ཡིན་ཡང་ཉ་དང་ཉུང་མ་(མི་)བསྲེ་བར་ཆོས་འབྱུང་རིང་ལུགས་གཞིར་བཞག་བྱས་ན་ལེགས་སོ། །དེ་ནས་བགེགས་གཏོར་སྦྱིན་པ་དང་། བསྲུང་འཁོར་དང་། རྡོར་དྲིལ་བྱིན་རླབས། ཡན་ལག་བདུན་པ། སྨན་རཀ་གཏོར་གསུམ་བྱིན་རླབས་རྣམས་ཌཱ་དྲིལ་དཀྲོལ་འཇོག་སོགས་མཐོང་བརྒྱུད་ལྟར་ལ། ཞི་ཁྲོའི་སྒོམ་ཁོག་གི་བདག་བསྐྱེད་བྱས་ནས། གཞུང་གི་མངོན་རྟོགས་རྣམས་མདུན་བསྐྱེད་དུ་བྱེད་པ་འདྲ་བས་སྒོམ་ཁོག་སྔ་ཕྱི་

ཆད་ལྷག་མེད་པར་གཏོང་ཞིང་། སྐབས་དེ་དག་ཏུ་ཚིགས་བཅད་རྣམས་ཀྱིས་ལྷའི་གསལ་སྣང་དང་། མཚམས་སྔགས་རྣམས་ཀྱིས་ང་རྒྱལ་འཛིན་པ་གསང་སྔགས་རྙིང་མའི་ལུགས་སྲོལ་ཐུན་མོང་མིན་པ་ཞིག་ཏུ་སྣང་ཡང་། དེ་མི་ཤེས་པར་སྔགས་རྣམས་ལྷུག་འདོན་བྱས་ན་ཚིག་མགོ་བསྐུལ་ཏུ་ཁོ་ན་ལ་དགའ་བ་ནི་ཀཿདཔེ་སྔ་མའི་རིག་འཛིན་བརྒྱུད་པའི་ཕྱག་སྲོལ་ལ་མི་བལྟ་བར་ཅོལ་ཆུང་གི་མཛེས་ཆོས་སོ། །བུམ་བསྐྱེད་ལ་ད་ལྟའི་བུམ་བསྐྱེད་འདི་ག་ལྷ་བཀོད་ལུགས་ལ་གཞལ་ན་རྒྱུད་སྡེ་དང་མི་མཐུན་པས་བླུན་པོ་ཞིག་གིས་བཅུག་པ་ལས་ཆོས་འབྱུང་རང་གཞུང་གི་ལྷན་ཐབས་ཞིག་མིན་པར་འདུག་པས་བུམ་བསྐྱེད་ཆུང་ངུ་དེ་ཤིན་ཏུ་འཐད་དེ། མཁས་གྲུབ་དམ་པ་གླིང་སྤྲུལ་བའི་སྐུའི་ཞལ་ནས་གསུངས་པ་དངོས་སློབ་དུ་མས་ཐོས་འདུག་པས་དེ་ལྟར་འཐད་སྙམ་མོ། །དེ་ནས་ཌཱ་དྲིལ་བཅས་སྤྱན་འདྲེན་བཞུགས་གསོལ་དག་འདོན་ཞིང་། ཉེར་སྤྱོད་ཀྱི་རོལ་མོའི་མགོ་ནས་ཌཱ་དྲིལ་སྒྲོག་བཞིན་འདོད་ཡོན་ལྔ་འབུལ་ཞིང་། གསང་མཆོད་རྡོར་གསོར་དྲིལ་འཛིན་གྱིས་གཏོང་བ་དང་། མཇུག་ཏུ་མཆོད་རོལ་བྱེད་པ་གནའ་བོའི་ལུགས་ཡིན་ཞིང་། མཆོད་པ་སོ་སོའི་མཚམས་ཕྱེད་པས་དེ་ལེགས་ལ། གཞུང་གི་ཡིག་ཆུང་དང་མཐུན་པར་སྨན་རཀ་གཏོར་གསུམ་རྒྱས་པར་གཏོང་བ་ཆོས་འབྱུང་རང་གཞུང་ཡིན་པས། དོང་སྤྲུག་གི་ཆ་ལག་ཡིན་སྙམ་པ་ནི་མཐོང་རྒྱ་ཆུང་བ་ཡིན་པས་ཉིན་སྔ་མ་གཉིས་ཙམ་ལ་དེ་བཏགས་ན། གསང་སྔགས་ཐུན་མོང་མིན་པའི་མཆོད་ཕྲེང་ལེགས་པས་བསོད་ནམས་ཀྱི་ཚོགས་ཆེར་གསོག་གོ །དེ་ནས་བསྟོད་པའི་སྐབས་ཁྲོ་བསྟོད་ལ་འུར་མེད་པའི་ཌཱ་དྲིལ་དང་། མཇུག་ཏུ་ཇ་བཏུང་ཚེ་འབོད་ལན་དང་། མིན་ཚེ་བདུན་བརྡུང་བྱའོ། །དེ་ནས་གསོལ་འདེབས་དང་། འཛབ་

དགོངས་རྣམས་བྱས་ལ། རྩ་སྔགས་བརྒྱ་རྩ་བརྒྱད་ལས་མི་ཉུང་བ་དང་། བུམ་སྔགས་ཤམ་སྦྲེལ་ཡང་བརྒྱ་རྩ་ལས་མི་ཉུང་བ་དང་། ཨ་ལི་ཀ་ལི་དང་སྦྲེལ་བའི་རིགས་ལྔའི་ཡིག་བརྒྱ་དང་། ཁྲོ་བོ་རིགས་ལྔའི་ཡིག་བརྒྱ་ཤམ་སྦྲེལ་རྣམས་བཏགས་ནས་བཟླ་ཞིང་། མཐར་ལྷག་ཆད་སྐོང་ཕྱིར་དབྱངས་གསལ་ཡིག་བརྒྱ་རྟེན་སྙིང་རྣམས་ལན་གསུམ་རེ་དང་། མཆོད་བསྟོད་དགེ་བསྔོ་བཅས་སོང་མཚམས་ཌཱ་དྲིལ་འུར་དང་འབོད་ལན་བྱ་ཞིང་། བུམ་ལྷ་འོད་ཞུའམ་བདུད་རྩིའི་བཅུད་དུ་བཞུགས་པར་མོས་པ་གང་བདེ་བྱའོ། །སྐབས་འདིར་ཌཱ་དྲིལ་འུར་མེད་པར་བཞག་ནས་དགེ་བསྔོ་ཐལ་སྦྱར་གྱིས་འདོན་པ་ནི་སྤྲོས་པ་ལ་དགའ་ཞིང་ཌཱ་རོལ་གྱི་རྣམ་བཞག་བྱ་ཐབས་ཆེ་བ་འབོད་ལན་དུ་གྲགས་པ་བརྡུང་འོས་པའི་ཕྱིར། དེ་ལྟ་བུ་ལ་བཞག་ཐབས་མི་བརྡུང་ན་གཞུང་གི་བར་སྐབས་རྣམས་སུ་གང་ལ་ཡང་བཞག་ཐབས་བརྡུང་ས་མི་རྙེད་པར་འགྱུར་བའི་ཕྱིར་རོ། །དེས་ན་དེ་འདྲ་དེ་རོལ་མོ་གང་ལ་གང་བརྡུང་གི་རྒྱུ་མཚན་མ་ཤེས་པ་ཡིན་པས་དེ་འདྲའི་རྗེས་སུ་འབྲངས་ནས་རིག་འཛིན་བརྒྱུད་པའི་ཕྱག་བཞེས་ཉམས་པར་མི་བྱའོ། །དེ་ནས་ཨ་ཀ་རོའི་སྔགས་ཚིག་གིས་བྱིན་རླབས་བྱས་ཏེ། དམ་ཅན་སྡེ་བདུན་གྱི་ལས་བྱང་རང་གཞུང་བསྲངས་ནས་ཌཱ་རོལ་བཞག་ཐབས་བྱའོ། །དེ་ནས་མདུན་བསྐྱེད་ཀྱི་དཀྱིལ་འཁོར་ལ་དམིགས་པའི་ཞི་ཁྲོ་བརྒྱ་ཕྱག་གི་ཐོག་མར་བླ་མ་བརྒྱུད་པའི་ཕྱག་འཚལ་བྱ་དགོས་ལ། དེ་དག་གི་སྐབས་ཤྭ་ལོ་ཀ་རེ་བཞིན་རྡོར་ཐལ་དྲིལ་བསིལ་བྱའོ། །ཉམས་ཆགས་སྡིག་སྒྲིབ་སྦྱོང་བ་ལ་གསང་སྔགས་རྙིང་མའི་ལུགས་འདིར་བཤགས་པ་དང་། བསྐང་བའི་སྒོ་ནས་སྦྱོང་བའི་ཚུལ་ཤིན་ཏུ་རྒྱས་པ་ལས། དང་པོ་ཞི་ཁྲོའི་ཀློང་བཤགས་བྱེད་པ་ལ། ཐོག་མར་སྡིག་སྒྲིབ་སྦྱོང་བའི་ལྷར་བསྔགས་པས་རྡོར་

སེམས་བསྒོམ་བཟླས་བཏང་ནས། མདུན་བསྐྱེད་ཞི་ཁྲོའི་སྤྱན་སྔར་ཀློང་བཤགས་ཀྱི་རྣམ་གྲངས་དམིགས་ཕྱེད་པའི་སྒོ་ནས་ཉམས་ཆགས་སྦྱང་བ་དང་། གཉིས་པ་ཞར་བྱུང་ཚོགས་དང་སྦྲེལ་ཏེ་སྐོང་བཞི་རྒྱས་པར་བྱེད་དགོས་པས། དེ་ལ་བསྐང་རྫས་རྣམས་ཚོགས་རྫས་དང་ལྷན་ཅིག་བགེགས་བསྐྲད་དང་བྱིན་རླབས་བྱས་ལ། ཌཱ་འུར་དང་བཅས་ཏེ་སྐོང་བཞི་མར་མེའི་སྨོན་ལམ་བཅས་བཏང་ནས། ཚོགས་སྤྱན་འདྲེན་བྱས་ལ་ཚོགས་ཕུད་དང་བཤགས་པ་ཕུལ་ནས་བླ་བརྒྱུད་བསྐང་བ་བྱའོ། །དེ་མཐར་ཚོགས་བསྒྲལ་གྱི་འགུགས་པ་ཀཿཐོག་གནའ་ལུགས་ལྟར་ལ། བསྒྲལ་བའི་ཚིག་མཚམས་སུ་འུར་མེད་པར་ཌཱ་རུ་དཀྲོལ་གཅོད་བྱེད་ཅིང་ཕོ་ཉ་བསྐུལ་བ་དང་ཞལ་བསྟབས་ཡན་ཌཱ་རོལ་བཅས་བྱའོ། །དེ་ནས་ཞི་ཁྲོའི་མདངས་བསྐངས་དང་། སྡེ་བདུན་བསྐང་བ་བཅས་གྲུབ་ནས་ཚོགས་ལ་རོལ་ཅིང་ལྷག་མ་བསྔོ་བ་དང་། དེ་ཁོ་ན་ཉིད་ཀྱི་བསྐང་བས་ལྟ་བས་རྒྱས་གདབ་པ་བྱས་ནས་བཞག་ཐབས་བྱ་ལ། ཡང་ན་ཚོགས་ལ་རོལ་བའི་མགོར་དེ་ཁོ་ན་ཉིད་ཀྱི་བསྐང་བ་བྱས་ཀྱང་ཤིན་ཏུ་ལེགས་སོ། །ཚོགས་ཀྱི་སྐབས་སུ་མདུན་བསྐྱེད་ཀྱི་ལྷ་ཚོགས་བརྗོད་ནས་ཚོགས་སྤྱན་འདྲེན་གྱི་མཇུག་ཏུ་གཟོད་བསྐང་བ་བྱེད་པ་ཚོགས་ཀྱི་བསྐང་བ་མ་གཏོགས་བསྐང་བ་ཡོད་པ་མི་ཤེས་པ་དང་། སྤྱིར་འཁྲུལ་མེད་ཕྱག་ལེན་ལ། ཚོགས་ཀྱི་ཡར་གནས་ལ་ཚོགས་དང་པོ་བསྟོད་དེ་འབུལ་བ། ཚོགས་གཉིས་པ་བཤགས་ཏེ་འབུལ་བ། ཚོགས་ཐ་མ་བསྒྲལ་ཏེ་འབུལ་བ་ཞེས་གསུམ་ཡོད་པ་ལས། ཚོགས་ཐ་མས་བླ་མའི་བསྐང་བ་མི་བྱེད་པ་ཡིན་པ་ལ། དེ་མི་ཤེས་པར་བླ་བསྐང་བསྒྲལ་བའི་མཇུག་ཏུ་འདོགས་པ་དང་། བསྒྲལ་བ་ལ་ཁྲག་འཐུང་རིགས་ལྔའི་སྒོ་ནས་འགུགས་དབྱེ་བྱད་བཅུག་སོགས་ཡོད་

པའི་མཚམས་རྣམས་སུ་མཆོད་རོལ་{མོ་}མང་པོ་བྱེད་པ་ནི། ཞི་ཁྲོའི་ལས་བྱང་གཞུང་གི་མཆོད་ཕྲེང་ལ་མཆོད་རོལ་གཅིག་ཀྱང་མེད་པར་བསྒྲལ་བ་ལ་མཆོད་རོལ་མང་པོ་དགོས་པའི་རྒྱུ་མཚན་མེད་པས་ལྷག་སྐྱོན་དང་། ཁྲག་འཐུང་རིགས་ལྔའི་བསྒྲལ་བའི་ཚིག་བཅད་རྣམས་རོལ་མོའི་འཚམས་རྔམས་བཅས་བྱེད་རྒྱུ་ཡིན་པ་ལ་དེ་ཆད་པའི་སྐྱོན་བཅས་ཡོད་པས་ཕྱག་ལེན་རྣམ་དག་ཞིག་བསམ་ཚེ་གནའ་བོའི་ལུགས་དེ་བྱེད་དགོས་པར་མངོན་ཡང་། དེང་སང་ཟ་ཆོག་འུར་འུར་བ་ཞིག་འོང་ཚེ་ཕྱག་ལེན་ལ་རྟོག་དཔྱོད་མི་གཏོང་བ་ནི་ཡོན་བདག་གི་མགོ་བསྐོར་བ་ལ་དགྱེས་པ་ལགས་སོ། །དེ་ནས་ཞི་ཁྲོའི་གནས་འདྲེན་དང་། དབང་བསྐུར་བྱེད་པ་ལ། གནས་འདྲེན་དང་དབང་གཉིས་གཏན་ནས་མི་གཅིག་པ་ཤེས་དགོས་ཤིང་། དབང་དང་གནས་འདྲེན་གཉིས་ཀ་ལ། ཐོག་མར་ལས་བུམ་བསྒྲུབ་དགོས་ལ། དེའི་རྗེས་སུ་དབང་བསྐུར་ཚེ་ཐོག་མར་བདག་དབང་ལེན་པ་མེད་མི་རུང་ཡིན་པས། རིག་རྩལ་ལྷུན་གྲུབ་སོགས་ཀྱིས་བདག་དབང་ལེན་པ་ཀཿདཔེའི་བླ་མ་སྔ་མའི་ཕྱག་བཞེས་ཡིན་པར་ལྡེབ་ཤར་གཏེར་གཞུང་དང་ལྷན་ཐབས་ཀྱི་རང་གཞུང་མིན་ཀྱང་ཤིན་ཏུ་ལེགས་སོ། །དེང་སང་གཞུང་གི་གསོལ་འདེབས་ཆུང་ངུ་ལ་བུམ་དབང་དང་ལྷ་དབང་གི་གསོལ་འདེབས་ཚིག་བཞི་རེ་སྦྱོར་བ་ནི། བདག་དབང་ཟེར་བ་ཅི་ཡིན་མ་ཤེས་པའི་ནང་རྟགས་ཕྱིར་བསྟན་པ་ཡིན་པས་དགོད་བྲོའོ། །གནས་འདྲེན་མ་ཏིའི་ཆོག་བསྒྲིགས་ལྟར་ལ། ལྷ་ཁྲུས་གནས་འདྲེན་གྱི་དུག་ཁྲུས་མགོར་བྱེད་པ་ཕྱག་ལེན་ཡིན་ཞིང་ལས་བུམ་བསྒྲུབ་མ་ཐག་ཏུ་བྱས་ཀྱང་རུང་ཙམ་ཡིན་མོད། སྔ་མ་ལྟར་ལེགས་སོ། །དེ་ནས་རིགས་དྲུག་གནས་འདྲེན་གྱི་མཇུག་ཏུ་མཎྜལ་མདོར་བསྡུས་སྔོན་དུ་འགྲོ་བས། སྐྱབས་འགྲོ་དང་། སྡོམ་གསུམ་སྦྱིན་པ། མིག་རས་མེ་ཏོག་

གཏད་ནས་ཡེ་ཤེས་པ་དབབ་སྟེ་དཀྱིལ་འཁོར་དུ་བཅུག་ནས་ལྷ་ངོ་བསྟན་ལ་དགའ་སྤྲོ་བསྐྱེད་པ་རྣམས་རིམ་བཞིན་སོང་ནས། འགྲོ་དྲུག་རང་གྲོལ་གྱི་བུམ་དབང་དང་། མཐའ་རྟེན་ལྷ་དབང་ངོ་སྤྲོད་བཅས་སྐབས་དང་བསྟུན་ཏེ་རྫོགས་པར་བྱས་ནས། འདོད་ཡོན་བསྔོ་བ་དང་ལམ་བསྟན་གནས་སྤར་སོགས་ཆོས་འབྱུང་རང་གཞུང་མི་དཀྲུག་པར་མཐར་ཆགས་སུ་བཏོན་ནས་བྱང་བུ་བསྲེགས་པའི་བར་བྱའོ། །སྐབས་འདིར་ཡང་མི་ཤེས་ཤེས་མདོག་གི་སེམས་དཔའ་ལྔ་ལ་བརྟེན་ནས་ཚེ་འདས་ཀྱི་དབང་པོ་སྦྱོང་བའི་འདོན་ཚིག །ཀྱེ་མ་མུན་པ་སོགས་འདོད་ཡོན་བསྔོ་བའི་སྐབས་སུ་ཡར་ལེན་པ་ནི་ལག་པས་བསྐོར་རྒྱུ་ལ་ཤིན་ཏུ་དགའ་བ་ཙམ་ཞིག་ཏུ་ཟད་དོ། །སངས་རྒྱས་ལྔ་ལ་བརྟེན་ནས་ཕྱི་སྣོད་ཀྱི་འཇིག་རྟེན་ཁྱད་པར་ཅན་ལ་སྨོན་པ་དང་། སེམས་དཔའ་ལྔ་ལ་བརྟེན་ནས་ནང་གི་དབང་པོ་ལྔའི་སྐྱོན་སྦྱང་ཏེ་དབང་པོ་དང་ལོངས་སྤྱོད་རྣམ་པར་དག་པ་ལ་སྨོན་པ་འདི་ལ་རྒྱུད་སྡེ་དང་མཐུན་པའི་གནད་ཁྱད་པར་ཅན་ཡོད་ཀྱང་། དེ་བས་ཡོན་བདག་གི་མཐོང་སར་གང་མཛེས་གང་སྒྲོས་ཞིག་དགོངས་ན། འདོད་ཡོན་བསྔོ་བའི་སྐབས་ཨོ་རྒྱན་པད་ཞྭ་ཞིག་ཀྱང་མནབས་ན་ཡོན་བདག་གིས་ཐལ་མོ་རེ་སྦྱར་ཤས་ཆེའོ། །དེ་ནས་ཕྱི་ཆོག་གཏོང་ཚེ་མཆོད་བསྟོད་བྱ་ཞིང་། མིན་ཚེ་མི་དགོས་སོ། །གཏོར་མ་རྒྱས་བསྡུས་སྐབས་སྦྱར་གྱི་ཆད་ཐོ་དང་བསྟན་སྐྱོང་རྟ་བྲོ་ཚེ་འགུགས་བཅས་བྱ་ཞིང་། མཆོད་བསྟོད་བྱ་ལ། དངོས་སུ་འབྱོར་དང་སོགས་ཀྱིས་མཆོད་ཅིང་། ཉིན་ཐ་མ་ལྟ་བུ་ལ་བསྟོད་པ་རྒྱས་པ་བྱ་ཞིང་། མཆོད་བསྟོད་གཉིས་ལ་མཆོད་རོལ་རེ་རེ་བྱའོ། །དེ་ནས་ཆོ་ག་ཆད་ལྷག་གསོ་བའི་ཆེད་དུ་རྡོར་སེམས་བསྒོམ་བཟླས་དང་། ཀུན་གཞི་མ་བཅོས་སོགས་ཀྱིས་ལྟ་བའི་བཤགས་པ་བྱས་མཐར། ཌཱ་དྲིལ་བཅས་གང་ཡང་བདག་བློའི་མཐར་

བཞག་ཐབས་ཆེ་བ་བཅས་བྱས་ནས་བཀྲ་ཤིས་དགེ་བསྔོ་བསྡུ་རིམ་སོགས་འདི་སྐབས་རྟེན་བཞུགས་བྱས་རྗེས་གཤེགས་གསོལ་བྱེད་རྒྱུ་ཡིན་པས་རྟེན་ཡོད་མེད་དང་བསྟུན་ཏེ་གང་བདེར་བྱ་དགོས་སོ། །མཆོད་བསྟོད་སྐབས་བྷོ་དྷི་ཙིཏྟ་འདོན་པ་ནི་མཆོད་ཡུལ་གྱི་ལྷ་གསལ་འདེབས་ཁུལ་བྱེད་པ་ཡིན་ཀྱང་། མདུན་བསྐྱེད་ཀྱི་དཀྱིལ་འཁོར་བརྗེད་སོང་ན་སྨྱོན་པ་དངོས་གནས་སུ་སོང་བས་དེ་ཡང་རང་བཟོའོ། །ཡིག་བརྒྱའི་མཚམས་སུ་མཆོད་རོལ་བྱེད་པ་སོགས་མདོར་ན་དེང་སང་གི་འདོན་སྟངས་དེ་རྒྱུ་མཚན་མེད་པར་སྣང་བ་གང་དྲན་གྱི་ལག་ལེན་ལས། འདི་ལ་འདི་དགོས་པའི་རྒྱུ་མཚན་འདི་ཡོད་དོ་ཞེས་བཤད་རྒྱུ་སྤུ་ཙམ་མེད་པས། ཀཿདཔེ་སྔ་མའི་ཕྱག་བཞེས་རྣམ་པར་དག་པ་མདོ་རྒྱུད་དང་མཐུན་པའི་ཕྱག་སྲོལ་གཙང་སིང་ངེ་བ་རེ་ཨེ་ཤེས་བལྟས་ན་ལེགས་སོ། །དྷརྨ་སཱ་རས་སོ། །དགེའོ།། །།


previousཀར་གླིང་ཞི་ཁྲོའི་འདོན་འགྲིགས་ལ་དོགས་སེལ་ཉུང་བསྡུས། next