Nitartha Digital Library
Tibetan
བར་དོ་ཐོས་གྲོལ་ཆེན་མོའི་ཆོས་སྐོར་ཕྱོགས་བསྒྲིགས།


   
   
ས་བཅད་ལྡེའུ་མིག་རང་གྲོལ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousས་བཅད་ལྡེའུ་མིག་རང་གྲོལ།next

ས་བཅད་ལྡེའུ་མིག་རང་གྲོལ།

ཟབ་ཆོས་ཉམས་ཁྲིད་དགོངས་པ་རང་གྲོལ་གྱི་ས་བཅད་ལྡེའུ་མིག་རང་གྲོལ་ཞེས་བྱ་བ་བཞུགས་སོ༔

ཞི་ཁྲོ་སྐུ་གསུམ་ལྷ་ལ་ཕྱག་འཚལ་ལོ༔ ཆོས་ཐམས་ཅད་ཀྱི་དགོངས་པ་ལ་ཕྱོགས་ལྷུང་མེད་པས༔ ཉམས་ཁྲིད་དགོངས་པ་རང་གྲོལ་འདི་ལ་གསུམ་སྟེ༔ སྔོན་འགྲོ༔ དངོས་གཞི༔ རྗེས་དང་གསུམ་མོ༔ དང་པོ་སྔོན་འགྲོ་ལ་གཉིས་ཏེ༔ རང་རྒྱུད་སྦྱོང་བ་དང་༔ འདུལ་བ་གཉིས་སོ༔ སྦྱོང་བ་ལ་བཞི་སྟེ༔ ངན་སོང་གི་གནས་སྤང་ཞིང་ཐར་བའི་ལམ་བསྒྲོད་པའི་ཕྱིར༔ སྐྱབས་འགྲོ་སེམས་བསྐྱེད་ཀྱི་ཁྲིད༔ སྡིག་སྒྲིབ་མྱུར་དུ་དག་པར་བྱེད་པ་ཡི་གེ་བརྒྱ་པའི་ཁྲིད༔ བྱིན་རླབས་མྱུར་དུ་འཇུག་པར་བྱེད་པ་བླ་མའི་རྣལ་འབྱོར་གྱི་ཁྲིད༔ ཚོགས་གཉིས་མྱུར་དུ་རྫོགས་པར་བྱེད་པ་མཎྜལ་ཆོས་སྤྱོད་ཀྱི་ཁྲིད་དང་བཞིའོ༔ ༈ གཉིས་པ་རང་རྒྱུད་འདུལ་བ་ལ་གསུམ་སྟེ༔ དལ་འབྱོར་རྙེད་པར་དཀའ་བ་ལ་བསམ་པ༔ འཁོར་བའི་སྡུག་བསྔལ་ལ་བསམ་པ༔ འཆི་བ་མི་རྟག་པ་བསྒོམ་པ་དང་གསུམ་སྟེ༔ སྔོན་འགྲོ་ཡན་ལག་བདུན་ལྡན་དུ་ཉམས་སུ་བླང་ངོ་༔ ༈ གཉིས་པ་དངོས་གཞི་ལ་སྤྱི་དོན་དྲུག་སྟེ༔ སྐྱེ་གནས་བར་དོའི་ཁྲིད་ཡིག་ཀུན་གཞི་རང་གྲོལ༔ ཕྱི་ནང་གི་ཐོས་བསམ་གྱིས་སྒྲོ་འདོགས་གཅོད་པ༔ ཐི་བྱ་ཚང་དུ་འཇུག་པ་ལྟ་བུའི་གདམས་ངག་དང་གཅིག༔ རྨི་ལམ་བར་དོའི་ཁྲིད་ཡིག་འཁྲུལ་བ་རང་གྲོལ༔ བག་ཆགས་ཀྱི་མཚམས་སྦྱོར་ཞིང་༔ འོད་གསལ་ལམ་དུ་ཁྱེར་བ་མུན་ཁང་དུ་སྒྲོན་མེ་བཏེགས་པ་ལྟ་བུའི་གདམས་ངག་དང་གཉིས༔ བསམ་གཏན་བར་

དོའི་ཁྲིད་ཡིག་རིག་པ་རང་གྲོལ༔ དྭ་ཕྲུག་མ་དང་འཕྲད་པ་ལྟ་བུའམ༔ སྒེག་མོས་མེ་ལོང་ལ་ལྟ་བ་ལྟ་བུའི་གདམས་ངག་དང་གསུམ༔ འཆི་ཁ་བར་དོའི་ཁྲིད་ཡིག་འཕོ་བ་དྲན་པ་རང་གྲོལ༔ མི་གསལ་པ་གསལ་གདབ་པ་རྒྱལ་པོའི་བཀའ་ཐེམ་བསྐུར་བ་ལྟ་བུའི་གདམས་ངག་དང་བཞི། ཆོས་ཉིད་བར་དོའི་ཁྲིད་ཡིག་མཐོང་བ་རང་གྲོལ༔ རང་སྣང་ལ་ཡིད་ཆེས་པ་མ་པང་དུ་བུ་འཇུག་པ་ལྟ་བུའི་གདམས་ངག་དང་ལྔ༔ སྲིད་པ་བར་དོའི་ཁྲིད་ཡིག་སྲིད་པ་རང་གྲོལ༔ ཡུར་བ་རྐང་ཆད་པ་ལ་ཝ་འཛུགས་པ་ལྟ་བུའི་གདམས་ངག་དང་དྲུག་གོ༔ དང་པོ་ལ་གཉིས་ཏེ༔ ཞི་གནས་དང་ལྷག་མཐོང་གི་ཁྲིད་གཉིས་སོ༔ ཞི་གནས་ལ་གཉིས་སྟེ༔ སྒོ་གསུམ་རྣལ་དུ་དབབ་པ་དང་༔ ཞི་གནས་དངོས་སོ༔ དང་པོ་ལུས་རྣལ་དུ་དབབ་པ་ལ་གསུམ༔ ཕྱི་ནང་གསང་གསུམ་མོ༔ གཉིས་པ་ངག་ལའང་གསུམ༔ གསུམ་པ་ཡིད་ལ་གསུམ་སྟེ༔ བྱ་བ་དགུ་ཕྲུགས་སུ་བཏང་བའོ༔ གཉིས་པ་ཞི་གནས་དངོས་ལ་གཉིས་ཏེ༔ མཚན་མ་དང་བཅས་པའི་ཞི་གནས་ཀྱི་ཁྲིད་དང་༔ མཚན་མ་མེད་པའི་ཞི་གནས་ཀྱི་ཁྲིད་དང་གཉིས་སོ༔ དང་པོ་ལ་གསུམ་སྟེ༔ མ་དག་པ་ཤིང་བུ་རྡེའུ་ལ་སེམས་འཛིན་པ་དང་༔ དག་པ་ལྷ་ལ་སེམས་འཛིན་པ་དང་༔ རླུང་རྩོལ་ལ་སེམས་འཛིན་པ་དང་གསུམ་མོ༔ མ་དག་པའི་སེམས་འཛིན་པ་ལ་གསུམ་སྟེ༔ ཤིང་བུ་རྡེའུ༔ སྨིན་མཚམས་ཐིག་ལེ༔ སྙིང་ཁའི་ཐིག་ལེ་ལ་སེམས་འཛིན་པ་དང་གསུམ་མོ༔ དག་པ་ལྷ་ལ་སེམས་འཛིན་པ་ལ་གསུམ་སྟེ༔ རྡོ་རྗེ་སེམས་དཔའ་ལ་སེམས་འཛིན་པ༔ ཐུབ་པ་ཆེན་པོ་ལ་སེམས་འཛིན་པ༔ སྤྱན་རས་གཟིགས་ལ་སེམས་འཛིན་པ་དང་གསུམ་མོ༔ རླུང་རྩོལ་ལ་སེམས་འཛིན་པ་ལ་གསུམ་སྟེ༔ རླུང་སེམས་གཉིས་མེད་རྣམ་རྟོག་ཁོ་རང་ལ་སེམས་འཛིན་པ་དང་༔ རླུང་བུམ་པ་ཅན་ལ་སེམས་འཛིན་པ་དང་༔ འབྲུ་གསུམ་སྐྱེ་མེད་རྡོ་རྗེའི་བཟླས་པ་

ལ་སེམས་འཛིན་པ་དང་གསུམ་མོ༔ གཉིས་པ་མཚན་མ་མེད་པའི་ཞི་གནས་ཀྱི་ཁྲིད་ལ་གསུམ༔ བསྒྲིམ་པ༔ ཀློད་པ༔ བསྒྲིམ་ཀློད་སྤེལ་མ་དང་གསུམ་མོ༔ དེ་ཡན་ཆད་ཞི་གནས་ཀྱི་ཁྲིད་དོ༔ གཉིས་པ་ལྷག་མཐོང་གི་ཁྲིད་ལ་གསུམ་སྟེ༔ རིག་པ་ངོ་བསྟན་པ༔ སེམས་བཙལ་བ༔ སེམས་ངོ་སྤྲད་པ་གསུམ་མོ༔ སེམས་ངོ་སྤྲད་པ་གཉིས༔ ཚིག་གིས་ངོ་སྤྲད་པ་དང་༔ ལུང་གིས་རྒྱབ་སྐྱོར་བ་གཉིས་སོ༔ ཚིག་གིས་ངོ་སྤྲད་པ་ལ་བཞི་སྟེ་སྟོང་ཆ་ངོ་སྤྲད་པ༔ གསལ་ཆ་ངོ་སྤྲད་པ༔ རིག་ཆ་ངོ་སྤྲད་པ༔ དབྱེར་མེད་དུ་ངོ་སྤྲད་པ་དང་བཞིའོ༔ དེ་ཡན་ཆད་སྐྱེ་གནས་བར་དོའི་ཁྲིད་ཡིག༔ ཀུན་གཞི་རང་གྲོལ༔ ཐི་བྱ་ཚང་དུ་འཇུག་པ་ལྟ་བུའི་གདམས་ངག༔ གཞི་ཁྲེགས་ཆོད་ཀྱི་གདམས་ངག་ཐལ་ལོ༔ ས་མ་ཡ༔ སྤྱི་དོན་གཉིས་པ་རྨི་ལམ་བར་དོའི་ཁྲིད་ལ་གསུམ་སྟེ༔ ཉིན་པར་སྒྱུ་ལུས་ཀྱི་ཁྲིད་སྣང་བ་རང་གྲོལ༔ ནུབ་མོ་རྨི་ལམ་གྱི་ཁྲིད་འཁྲུལ་བ་རང་གྲོལ༔ རྗེས་སུ་འོད་གསལ་གྱི་ཁྲིད་གཏི་མུག་རང་གྲོལ་དང་གསུམ་མོ༔ དང་པོ་སྒྱུ་ལུས་ལ་གཉིས་ཏེ༔ མ་དག་པའི་སྒྱུ་ལུས་དང་༔ དག་པའི་སྒྱུ་ལུས་གཉིས་སོ༔ དང་པོ་ལ་གསུམ༔ ལུས་སྣང་སྟོང་མེ་ལོང་གི་གཟུགས་བརྙན་ལ་སྦྱང་བ༔ ངག་གྲགས་སྟོང་བྲག་ཆའི་སྒྲ་ལ་སྦྱང་བ༔ ཡིད་གཡོ་བ་སྨིག་རྒྱུ་ལ་སྦྱང་བ་དང་གསུམ་མོ༔ གཉིས་པ་ལ་གཉིས་ཏེ༔ སྣང་སྟོང་འཇའ་ལུས་ཤེལ་རྡོ་ལ་སྦྱང་བ་དང་༔ སྣོད་བཅུད་སྣང་སྟོང་ལྷ་དང་ལྷ་མོ་ལ་སྦྱང་བ་དང་གཉིས་སོ༔ གཉིས་པ་རྨི་ལམ་ལ་གསུམ་སྟེ༔ རྨི་ལམ་བཟུང་བ་དང་༔ སྤྲུལ་ཞིང་བསྒྱུར་བ༔ རྨི་ལམ་གྱི་གེགས་སེལ་བ་དང་གསུམ་མོ༔ ༈ དང་པོ་ལ་བཞི་སྟེ༔ འདུན་པས་བཟུང་བ་དང་༔ ཡི་དམ་དུ་བཟུང་པ་དང་༔ ཡིག་འབྲུ་ལ་བཟུང་བ་དང་༔ ཐིག་ལེ་ལ་བཟུང་བ་དང་བཞིའོ༔ གཉིས་པ་ལ་བཞི་སྟེ༔ ཡི་དམ་ལ་སྦྱང་བ་དང་༔ ཞིང་ཁམས་ལ་སྦྱང་བ་དང་༔ རྩལ་སྦྱང་ལ་བསླབ་པ༔ ཐོག་རྫིས་

ཀྱི་ལས་ལ་བསླབ་པ་དང་བཞིའོ༔ གསུམ་པ་ལ་བཞི་སྟེ༔ སད་འབྱམས༔ བརྗེད་འབྱམས༔ འཁྲུལ་འབྱམས༔ སྟོང་འབྱམས་ཀྱི་གེགས་བསལ་བ་དང་བཞིའོ༔ གསུམ་པ་རྗེས་སུ་འོད་གསལ་གྱི་ཁྲིད་ལ་བཞི་སྟེ༔ རྟོགས་པའི་འོད་གསལ་འཛིན་པ༔ ཁམས་ཀྱི་འོད་གསལ་ལ་འཛིན་པ༔ བླ་མ་ལ་འོད་གསལ་འཛིན་པ༔ ཐིག་ལེ་ལ་འོད་གསལ་འཛིན་པ་དང་བཞིའོ༔ དེའང་གཉིས་སུ་འདུ་སྟེ༔ ཉམས་ཀྱི་འོད་གསལ་དང་༔ རྟོགས་པའི་འོད་གསལ་གཉིས་སོ༔ དེ་ཡན་ཆད་གྱིས་རྨི་ལམ་བར་དོའི་ཁྲིད་ཡིག༔ འཁྲུལ་བ་རང་གྲོལ་མུན་ཁང་དུ་སྒྲོན་མེ་བཏེགས་པ་ལྟ་བུའི་གདམས་ངག་གཉིས་པ་ཐལ་ལོ༔ ས་མ་ཡ༔ ༈ སྤྱི་དོན་གསུམ་པ་བསམ་གཏན་བར་དོའི་ཁྲིད་ལ་གཉིས༔ མཉམ་གཞག་ནམ་མཁའ་སུམ་སྤྲུགས་དང་༔ རྗེས་ཐོབ་ཅིར་སྣང་རང་གྲོལ་གྱི་ཁྲིད་དང་གཉིས་སོ༔ གཉིས་པ་ལ་བཞི་སྟེ༔ ཡེ་གྲོལ༔ རང་གྲོལ༔ ཅེར་གྲོལ༔ ཡོངས་གྲོལ་དང་བཞིའོ༔ དེ་ཡན་ཆད་བསམ་གཏན་བར་དོའི་ཁྲིད་ཡིག་རིག་པ་རང་གྲོལ༔ སྒེག་མོས་མེ་ལོང་ལ་བལྟ་བ་ལྟ་བུའི་གདམས་ངག་གསུམ་པ་ཐལ་ལོ༔ ས་མ་ཡ༔ སྤྱི་དོན་བཞི་པ་འཕོ་བ་དྲན་པ་རང་གྲོལ་གྱི་ཉམས་ཁྲིད་ལ་གཉིས་ཏེ༔ སྦྱང་བ་དང་༔ ལས་ལ་སྦྱར་བ་གཉིས་སོ༔ དང་པོ་ལ་གསུམ་སྟེ༔ འཆི་བ་བརྟག་པ༔ བསླུ་བ༔ འཕོ་བ་སྦྱང་བ་དང་གསུམ་མོ༔ གཉིས་པོ་གཞན་དུ་ཤེས༔ གསུམ་པ་སྦྱང་བ་ལ་གསུམ་སྟེ༔ ལུས་ཀྱི་འཁྲུལ་འཁོར༔ ངག་གི་རླུང་༔ སེམས་ཀྱི་དམིགས་པ་དང་གསུམ་མོ༔ གཉིས་པ་ལ་ལྔ་སྟེ༔ ཆོས་སྐུའི་འཕོ་བ༔ ལོངས་སྐུའི་འཕོ་བ༔ སྤྲུལ་སྐུའི་འཕོ་བ༔ བཙན་ཐབས་ཀྱི་འཕོ་བ༔ ཐ་མལ་པའི་འཕོ་བ་དང་ལྔའོ༔ དེ་ཡན་ཆད་འཆི་ཁ་བར་དོའི་ཁྲིད་ཡིག་འཕོ་བ་དྲན་པ་རང་གྲོལ༔ རྒྱལ་པོའི་བཀའ་ཐེམ་བསྐུར་བ་ལྟ་བུའི་གདམས་ངག་

བཞི་པ་ཐལ་ལོ༔ ས་མ་ཡ༔ སྤྱི་དོན་ལྔ་པ་ཆོས་ཉིད་བར་དོའི་ཁྲིད་ལ་བཞི་སྟེ༔ སྔོན་དུ་ལུས་ངག་ཡིད་གསུམ་གྱི་གནད་གཟིར་བ་དང་གཅིག༔ གནད་གསུམ་ལ་བརྟེན་ནས་མངོན་སུམ་རང་ཐོག་ཏུ་དབབ་པ་དང་གཉིས༔ ཉམས་སུ་བླངས་བས་སྣང་བ་བཞིའི་འཆར་ཚུལ་བསྟན་པ་དང་གསུམ༔ མཐའ་རྟེན་རྗེས་ཀྱི་མན་ངག་དང་བཞིའོ༔ དང་པོ་ལ་གསུམ་སྟེ༔ ལུས་ཀྱི་གནད་དང་༔ ངག་གི་གནད་དང་༔ ཡིད་ཀྱི་གནད་དང་གསུམ་མོ༔ དང་པོ་ལུས་ཀྱི་གནད་གཟིར་བ་ལ་གསུམ་སྟེ༔ སྤྲུལ་སྐུའི་བཞུགས་སྟངས་དང་༔ ལོངས་སྐུའི་བཞུགས་སྟངས་དང་༔ ཆོས་སྐུའི་བཞུགས་སྟངས་དང་གསུམ་མོ༔ གཉིས་པ་ངག་ལ་གསུམ་སྟེ༔ བསླབ་པར་བྱ་བ་དང་༔ གནས་པར་བྱ་བ་དང་༔ བརྟན་པར་བྱ་བ་དང་གསུམ་མོ༔ གསུམ་པ་སེམས་ཀྱི་གནད་ལ་གསུམ་སྟེ༔ སེམས་བཞག་ཐབས་དང་༔ འབེན་དང་༔ གནད་གཟིར་བ་དང་གསུམ་མོ༔ གཉིས་པ་རང་ཐོག་ཏུ་དབབ་པ་ལ་གསུམ་སྟེ༔ སྒོའི་གནད་དང་༔ ཡུལ་གྱི་གནད་དང་༔ རླུང་གི་གནད་དང་གསུམ་མོ༔ དང་པོ་ལ་གསུམ་སྟེ༔ བཟློག༔ ཕབ༔ ཟུར་གྱིས་བལྟ་བ་དང་གསུམ་མོ༔ གཉིས་པ་ལ་གཉིས་ཏེ༔ ཕྱིའི་དབྱིངས་དང་༔ ནང་གི་དབྱིངས་གཉིས་སོ༔ གསུམ་པ་ལ་གསུམ་སྟེ༔ བཟུང་པ་དང་༔ འཕང་བ་དང་༔ དལ་བར་བརྟན་པ་དང་གསུམ་མོ༔ གསུམ་པ་འཆར་ཚུལ་བསྟན་པ་ལ་བཞི་སྟེ༔ ཆོས་ཉིད་མངོན་སུམ༔ ཉམས་སྣང་གོང་འཕེལ༔ རིག་པ་ཚད་ཕེབས༔ ཆོས་ཉིད་ཟད་པའི་སྣང་བ་དང་བཞིའོ༔ བཞི་པ་རྗེས་ཀྱི་མན་ངག་ལ་བཞི་སྟེ༔ མི་འགུལ་བ་གསུམ་གྱིས་གཞི་བཅའ༔ སྡོད་པ་གསུམ་གྱིས་ཚད་བཟུང་༔ ཐོབ་པ་གསུམ་གྱིས་གཟེར་གདབ༔ གདེང་བཞི་མཐར་ཕྱིན་པ་དང་བཞིའོ༔ དེ་ཡན་ཆད་ཆོས་ཉིད་བར་དོའི་ཁྲིད་ཡིག་མཐོང་བ་རང་གྲོལ༔ མ་པང་དུ་བུ་འཇུག་པ་ལྟ་བུའི་གདམས་ངག་ལྔ་

པ་ཐལ་ལོ༔ ས་མ་ཡ༔ སྤྱི་དོན་དྲུག་པ་སྲིད་པ་བར་དོའི་ཁྲིད་ལ་དྲུག༔ གདམས་ངག་དྲུག་གིས་མངལ་སྒོ་བཀག་སྟེ༔ ཡི་དམ་གྱི་ལྷས་མངལ་སྒོ་བཀག་པ༔ བླ་མ་ཡབ་ཡུམ་ཀྱིས་མངལ་སྒོ་བཀག་པ༔ དགའ་བ་བཞིས་མངལ་སྒོ་བཀག་པ༔ སྤོང་སེམས་ཀྱིས་མངལ་སྒོ་བཀག་པ༔ འོད་གསལ་ཀྱིས་མངལ་སྒོ་བཀག་པ༔ སྒྱུ་ལུས་ཀྱིས་མངལ་སྒོ་བཀག་པ་དང་དྲུག་གོ༔ དེའང་གཉིས་སུ་འདུས་ཏེ༔ འཇུག་བྱའི་མངལ་སྒོ་བཀག་པ་དང་༔ འཇུག་བྱེད་ཀྱི་གང་ཟག་དགག་པ་དང་གཉིས་སོ༔ དེ་ཡན་ཆད་སྲིད་པ་བར་དོའི་ཁྲིད་ཡིག་སྲིད་པ་རང་གྲོལ༔ ཡུར་བ་རྐང་ཆད་པ་ལ་ཝ་འཛུགས་པ་ལྟ་བུའི་གདམས་ངག་དྲུག་པ་ཐལ་ལོ༔ ས་མ་ཡ༔ སྤྱི་དོན་གསུམ་པ་མཇུག་གི་དོན་ལ་གསུམ་སྟེ༔ ཆོས་ཐམས་ཅད་ཀྱི་དགོངས་དོན་འདུས་པར་བསྟན་པ་དང་༔ ཟབ་པས་རྩིས་ཆེ་བར་གདམས་པ་དང་༔ རྗེས་སྨོན་ལམ་གྱིས་རྒྱས་བཏབ་པ་དང་གསུམ་མོ༔ ཟབ་ཆོས་ཉམས་ཁྲིད་དགོངས་པ་རང་གྲོལ་གྱི་ས་བཅད༔ ལྡེའུ་མིག་རང་གྲོལ་ཞེས་བྱ་བ༔ འཁོར་བ་མ་སྟོངས་བར་དུ་མ་རྫོགས་སོ༔ སྤྲེལ་ལོ་ཟླ་བ་བརྒྱད་པའི་ཚེས་བཅུ་གསུམ་ལ༔ ཀོང་ཡུལ་ཐང་འབྲོག་དགོན་པའི་གཟིམས་ཁང་དུ༔ བླ་མ་ནམ་མཁའི་མིང་ཅན་གྱིས་བསྐུལ་ནས༔ བན་ཆུང་ཉི་ཟླའི་མིང་ཅན་ཁོ་བོས་སྦྱར་རོ༔ ཕྱོགས་དུས་གནས་སྐབས་ཐམས་ཅད་དུ་དར་ཞིང་རྒྱས་པར་གྱུར་ཅིག༔ དགེའོ། དགེའོ། དགེའོ། །


previousས་བཅད་ལྡེའུ་མིག་རང་གྲོལ།next